གདམས་ངག་མཛོད་པོད་བཅུ་དྲུག་པ།
འཕགས་པ་སྤྱན་རས་གཟིགས་ཀྱི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཀྱི་ཆ་ལག་མན་ངག་གསེར་ཀྱི་ཐུར་མ་རིན་པོ་ཆེའི་སྒྲོན་མེ།


LT25_Page_182A
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་ཀྱི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཀྱི་ཆ་ལག་མན་ངག་གསེར་ཀྱི་ཐུར་མ་རིན་པོ་ཆེའི་སྒྲོན་མེ་བཞུགས་སོ། །


LT25_Page_182B
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་སྣང་བྱེད་རྒྱལ་བ་མཆོག་གི་སྐུ། །མ་རིག་མུན་འཇོམས་ཤེས་བྱ་གསལ་བྱེད་གསུང༌། །ཆོས་ཀུན་གནས་ལུགས་གཟིགས་པ་ཀུན་མཁྱེན་ཐུགས། །འདྲེན་མཆོག་བླ་མ་རྣམས་ཀྱི་ཞབས་ལ་འདུད། །སེམས་ཅན་ཀུན་གྱི་གཟུང་འཛིན་འཁྲུལ་པ་ཡི། །མི་ཤེས་རབ་རིབ་ཀུན་སེལ་བྱེད་པའི་ཕྱིར། །མན་ངག་གསེར་གྱི་ཐུར་མ་རིན་ཆེན་འདི། །བླ་མའི་གསུངས་བཞིན་བདག་གིས་བརྗེད་ཐོར་བྲི། །དེ་ལ་ཐོག་མར་སྐྱབས་འགྲོའི་མན་ངག་ནི། ནམ་ཐོ་རེངས་ཀ་ལ་སོགས་པར། རང་ཉིད་སྐད་ཅིག་གིས་པད་ཟླའི་སྟེང་དུ་གནས་པའི་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཤེལ་ཕྲེང༌། གཡོན་པད་ཀར། ཞལ་འཛུམ་པ། སྙན་དཀྱུས་ཤངས་དཀྱུས་སྤྱན་དཀྱུས་རིང་པོ་གསུམ་དང་ལྡན་པ། དབུ་སྐྲ་རལ་པའི་ཅོད་པན་གྱི་སྤྱི་བོར་འོད་དཔག་མེད་བཞུགས་པ། ཡུམ་གསང་བ་ཡེ་ཤེས་དམར་མོ་བུ་མོ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། དབུ་སྐྲ་ཕྱེད་བཅིངས་ཕྱེད་གྲོལ། ཕྱག་གཡས་ཌཱ་མ་རུ་སྒྲ་དང་བཅས་པ། གཡོན་པས་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། ཞབས་གཉིས་ཡབ་ཀྱི་རྐེད་པར་འཁྲིལ་བ། སྣང་ལ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ་སྐད་ཅིག་གིས་བསྐྱེད་པའི་སྤྱི་བོར་མི་ཏྲ་ཛོ་ཀི་སྐུ་མདོག་དཀར་དམར་གཡས་ཌཱ་མ་རུ། གཡོན་དངུལ་དྲིལ། རུས་པའི་རྒྱན་དྲུག་དང་ལྡན་པ། སྤྱན་ནམ་མཁར་གཟིགས་པ་གསལ་བར་བསྐྱེད་པའི་ཐུགས་ཀར་འོད་ཟེར་འཕྲོས། སྤྱན་རས་གཟིགས་ཡབ་ཡུམ་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་ལ་མདུན་གྱི་ནམ་མཁར་སྤྱན་


LT25_Page_183A
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ཅེས་སོགས། སྤྱན་རས་གཟིགས་ལ་གུས་པས་འདུད། །དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །བླ་མ་སྤྱན་རས་གཟིགས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པས་མཆོད། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་འདའ་བཞུགས་གསོལ་འདེབས། །སྤྱན་རས་གཟིགས་ཀྱི་གོ་འཕང་མཆོག །འགྲོ་བའི་དོན་དུ་ཐོབ་བགྱི་ཞིང༌། །འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་དང་ནི་བྲལ་བ་དང༌། །བདེ་ལ་རྟག་ཏུ་གནས་པ་དགའ། །མཉམ་ཉིད་བཏང་སྙོམས་ལ་གནས་བགྱི། །ཞེས་སྐྱབས་ཡུལ་ཐམས་ཅད་འོད་ཀྱི་ཕུང་པོར་རང་ལ་ཐིམ་པར་བསྒོམ་པ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་མན་ངག་གོ །མཎྜལ་གྱི་སྐབས་སུ། དེ་ཁོ་ན་ཉིད་ཀྱི་མཎྜལ་ནི། ཆོས་ཉིད་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི། སྣ་ཚོགས་སྣང་བ་ལྕགས་རིའི་འཁོར་ཡུག །གཏི་མུག་རྣམ་པར་དག་པས་རི་བོ་མཆོག་རབ། །ཞེ་སྡང་རྣམ་པར་དག་པས་ཤར་ལུས་འཕགས་པོ། ང་རྒྱལ་རྣམ་པར་དག་པས་ལྷོ་འཛམ་བུ་གླིང༌། འདོད་ཆགས་རྣམ་པར་དག་པས་ནུབ་བ་ལང་སྤྱོད། ཕྲག་དོག་རྣམ་པར་དག་པས་བྱང་སྒྲ་མི་སྙན། ཚོགས་བརྒྱད་རྣམ་པར་དག་པས་གླིང་གཡོག་བརྒྱད། ཐབས་ཤེས་གཉིས་ཉི་མ་ཟླ་བ། གཟུང་འཛིན་རྣམ་པར་དག་པས་སྒྲ་གཅན་དང་དུས་མེ། མཐའ་བརྒྱད་དང་བྲལ་བས་བཀྲ་ཤིས་རྟགས་བརྒྱད། ཚོགས་བདུན་རྣམ་པར་དག་


LT25_Page_183B
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྒྱལ་སྲིད་སྣ་བདུན། ཚད་མེད་བཞིའི་སྒེག་མོ་བཞི། དགའ་བ་བཞི་ནང་གི་སྒེག་མོ་བཞི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་འདི་དག་སྐུ་གསུམ་གྱི་བདག་ཉིད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་འབུལ་ལོ། །དབྱེར་མེད་མཉམ་པ་ཉིད་ཀྱི་ངང་ནས་བཞེས་སུ་གསོལ། ཅེས་པ་དེ་ཁོ་ན་ཉིད་ཀྱི་མཎྜལ་འབུལ་ལོ། །བླ་མའི་རྣལ་འབྱོར་གྱི་ཁྲིད་ཀྱི་སྐབས་སུ། སྤྱི་གཙུག་གི་ནམ་མཁར། བླ་མ་མཁའ་འགྲོའི་ཚོགས་ཐོ་རྩེགས་ཀུན་འདུས་སུ་བསྒོམ་ལ། འོག་ཏུ་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཕྱོགས་གཅིག་ཏུ་གསོལ་བ་གུ་དི་རི་རི་འདེབས་ཤིང་ཡོད་པར་བསྒོམ་ལ། རབ་མཆི་མ་འཁྲུགས་པ། འབྲིང་གདུང་ཤུགས་དང་ལྡན་པ། ཐ་མ་ཡང་བ་སྤུ་ཟིང་བ་ཙམ་དུ་མོས་གུས་བྱས་ལ། མཐར་བླ་མ་འོད་ཕུང་དུ་རང་ལ་ཐིམ། འདིའི་ལས་ཚོགས་ཀྱང༌། མཆོག་འདོད་པས་རྡོ་རྗེ་འཆང༌། ཤེས་རབ་འདོད་པས་བླ་མ་འཇམ་དབྱངས་སུ་བསྒོམ། བྱམས་སྙིང་རྗེ་འདོད་པས་སྤྱན་རས་གཟིགས་སུ་བསྒོམ། མཐུ་སྟོབས་ཆེ་བར་འདོད་པས་ཕྱག་ན་རྡོ་རྗེ། འཇིགས་སྐྱོབ་ལ་སྒྲོལ་མ། ཚེ་རིང་བར་འདོད་པས་ཚེ་དཔག་མེད། ནད་ཞི་བར་འདོད་པས་སྨན་བླ། ལོངས་སྤྱོད་ཆེ་བར་འདོད་པས་རྣམས་སྲས་སམ་རིན་འབྱུང༌། ཞི་བ་ལ་རྡོ་རྗེ་སེམས་དཔའ། རྒྱས་པ་ལ་རིན་འབྱུང༌། དབང་ལ་འོད་དཔག་མེད་དང་ཀུ་རུ་ཀུལླེ། དྲག་པོ་ལ་རྡོ་རྗེ་འཇིགས་བྱེད་དང་ཆོས་སྐྱོང་དུ་བསྒོམས་ནས་འདོད་པའི་གསོལ་འདེབས་བྱས་པས། སོ་སོའི་ལས་འགྲུབ་པ་ཡིན་གསུངས༌། འདི་དག་ནི་པཎྜི་ཏའི་གསུང་ལས་འབྱུང༌། གཞུང་ལ་མེད་དོ་གསུངས་སོ། །བསྐྱེད་རིམ་གྱི་སྐབས་སུ་བདག་


LT25_Page_184A
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབ་པ་ནི། རང་ཉིད་སྐད་ཅིག་གི་ཐུགས་རྗེ་ཆེན་པོ་ཡབ་ཡུམ་བཞུགས་པའམ། འགྲོ་དུས་བཞེངས་པར་བསྒོམ་པའི་ཐུགས་ཁར་ཟླ་བའི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ། ཡུམ་གྱི་ཐུགས་ཁར་པད་ཟླའི་སྟེང་དུ་བཾ་དམར་པོ་ལས་འོད་ཟེར་དཀར་དམར་འཕྲོས་པས། འོད་དཀར་པོས་སེམས་ཅན་ཕོ་ཐམས་ཅད་ལ་ཕོག་པས་སྤྱན་རས་གཟིགས། འོད་དམར་པོས་མོ་ཐམས་ཅད་ཕོག་པས་གསང་བ་ཡི་ཤེས་སུ་བྱིན་གྱིས་བརླབས། སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དུ་གྱུར་ནས། མ་ཎི་དི་རི་རི་བགྲང་བར་བསམ་ལ་བཟླས་པ་བྱ། གཉིས་པ་གནས་བྱིན་གྱིས་བརླབ་པ་ནི། བདག་གི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཧྲཱིཿདང་བཅས་པ་ལས་འོད་འཕྲོས། རང་གི་གནས་ཁང་ལ་ཕོག་པས་རིན་པོ་ཆེ་དུ་མ་ལས་གྲུབ་པའི་གཞལ་ཡས་ཁང་ཕྱི་གསལ་ནང་གསལ་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མདའ་ཡབ་ཡུ་ཤུའི་དབུས་ཕྱུར་བུར་གྱུར་པ། སྟེང་ཐོག་དང་བཅས་པ་གྱུར་པར་བསམ། འོད་ཟེར་ཕྱིར་འཕྲོས། ཡུལ་དང་གླིང་བཞི་སྟོང་གསུམ་ནམ་མཁའི་མཐའ་ཁྱབ་པར་རིམ་གྱིས་ཕོག་པས། མ་དག་པའི་འབྱུང་བ་མཐའ་དག་སྦྱངས། དག་པ་སངས་རྒྱས་ཀྱི་ཞིང་ཁམས་རིམ་པོ་ཆེ་དུ་མ་ལས་གྲུབ་པ་བདེ་བ་ཅན་དུ་གྱུར་པར་སྒོམ་པ་ནི། གནས་བྱིན་གྱིས་བརླབས་པའོ། །གསུམ་པ་གོས་བྱིན་གྱིས་བརླབ་པ་ནི། རང་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དུ་གྱུར་པ་ལ། ལྷའི་བ་བཟའ་སྣ་ཚོགས་ཕྱི་ནང་སྒྲིབ་པ་མེད་པ་ཡང་ཞིང་འཇམ་ལ་དྲོ་བས་སྟོད་གཡོགས་དང་སྨད་གཡོག་གསོལ་བར་བསམ། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས་ལ་འབུལ། དེ་ལྟར་ལུས་དང་ཕྱི་སྣོད་ཀྱི་


LT25_Page_184B
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཐམས་ཅད་ལ་ན་བཟའ་ཕུལ་བར་བསམ་ལ། གོས་གྱོན་ཚོགས་རྫོགས་པས་འགྱུར་རོ། །བཞི་པ་བཟའ་བ་བྱིན་གྱིས་བརླབ་པ་ནི། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་ཐོད་པའི་སྒྱེད་པོ་གསུམ་གྱི་སྟེང་དུ་ཨ་ལས་ཀ་པཱ་ལ་མཚན་ལྡན་དུམ་བུ་གཅིག་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱ་ལི་ཀཱ་ལི། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་ར་ཤུ་མ་ཧ་ལས་བདུད་རྩི་ལྔ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿམུ་ཡེ་ཤེས་ལྔ། དེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེ་ཕྱེད་པ་ལ། ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས། མེ་སྦར། ཐོད་པ་དྲོས། རྫས་ཁོལ། རླངས་པ་ཟླ་ཕྱེད་རྡོ་རྗེ་ལ་ཕོག །བདུད་རྩིར་ཞུ། ལྦུ་བ་ཨོཾ་ལས་འོད་ཟེར་འཕྲོས། ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་དབྱེར་མེད་དུ་གྱུར། ཨོཾ་ཨཱཿཧཱུྃ། ཨོཾ་མ་ཎི་པདྨེ་ཧཱུྃ། ཌཱ་ཀི་ནི་ཧ་རི་ནི་ས་ཧཱུྃ། ཞེས་ལན་གསུམ་བརྗོད་དོ། །དེ་ཉིད་རང་ཉིད་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པའི་སྤྱི་བོར་རྣམ་པར་སྣང་མཛད་སྤྱན་རས་གཟིགས་ལ་མི་ཏྲ་ལ་སོགས་པ་བརྒྱུད་པའི་བླ་མས་བསྐོར་བ། མགྲིན་པར་པདྨ་རིགས་ཀྱི་སྤྱན་རས་གཟིགས་ལ། མདུན་དུ་ཡི་དམ། གཡས་སུ་ཐུབ་པ། རྒྱབ་ཏུ་ཡུམ་ཆེན་མོ་ལ་ཆོས་དང༌། གཡོན་དུ་རིགས་གསུམ་མགོན་པོ་ལ་དགེ་མདུན་དཔག་ཏུ་མེད་པས་བསྐོར་བ། སྙིང་གར་མི་བསྐྱོད་རིགས་ཀྱི་སྤྱན་རས་གཟིགས་ལ་ཡི་དམ་རྒྱུད་སྡེ་བཞིའི་སངས་རྒྱས་ཀྱིས་བསྐོར་བ། ལྟེ་བར་རིན་ཆེན་འབྱུང་ལྡན་རིགས་ཀྱི་སྤྱན་རས་གཟིགས་ལ། ཕྱག་དྲུག་པ་དང་བྲག་ལྷ་མགོན་པོ་སོགས་ཆོས་སྐྱོང་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། གསང་གནས་སུ་དོན་ཡོད་གྲུབ་པ་རིགས་ཀྱི་སྤྱན་རས་གཟིགས་ལ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་བསྐོར་བར་


LT25_Page_185A
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། ཡུམ་གྱི་སྤྱི་བོར་སངས་རྒྱས་མཁའ་འགྲོ་ལ་སངས་རྒྱས་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར་བ། མགྲིན་པར་པདྨ་མཁའ་འགྲོ་ལ་པདྨ་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར་བ། སྙིང་ཁར་རྡོ་རྗེ་མཁའ་འགྲོ་ལ་རྡོ་རྗེ་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར་བ། ལྟེ་བར་རིན་ཆེན་མཁའ་འགྲོ་ལ་རིན་ཆེན་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར་བ། གསང་གནས་སུ་ལས་ཀྱི་མཁའ་འགྲོ་ལ་ལས་ཀྱི་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར་བ། ཡབ་ཀྱི་མིག་ལ་སོགས་སྐྱེ་མཆེད་རྣམས་བྱང་ཆུབ་སེམས་དཔའ་དྲུག །ཡུམ་གྱི་སྐྱེ་མཆེད་དྲུག་རྡོ་རྗེ་དྲུག །ཡན་ལག་བཞི་ལ་སྒོ་མ་བཞི། ཡུམ་གྱི་ཡན་ལག་བཞི་ཡུམ་བཞི། ཡབ་ཡུམ་གྱི་སྐྲ་དང་བ་སྤུ་རྣམས་སངས་རྒྱས་བྱང་སེམས་སུ་བསྐྱེད། སོར་མོ་བཅུ་ཕྱི་ནང་གི་ལྷ་མོ་བཅུར་གསལ་ལ། ལྷས་ལྷ་མཆོད་པར་བསམ་ལ་བཟའ་བ་བདུད་རྩི་ཚོགས་ཀྱི་འཁོར་ལོར་དམིགས་ལ་རོལ། དེ་ནི་བཟའ་བ་ཟས་ཀྱི་རྣལ་འབྱོར་གྱི་མན་ངག་གོ །གཞན་ཡང་སྤྱོད་ལམ་ཐམས་ཅད་འགྲོ་ཚེ་སྤྱན་རས་གཟིགས་ལ་མཇལ་འགྲོ་བ་དང་བསྐོར་བ་བྱ་བར་བསྒོམ། འདུག་པའི་ཚེ་བསྐྱེད་རིམ་བསྒོམ། ལང་བའི་ཚེ་སྤྱན་རས་གཟིགས་ལ་ལྡང་བ་དང༌། ཕྱག་འཚལ་བར་བསྒོམ། ཉལ་བའི་ཚེ་སྤྱན་རས་གཟིགས་འཁོར་དང་བཅས་པར་དམིགས་ལ་གཉིད་དོ། །དེ་ཡང་མདོར་ན་འགྲོ་འཆག་ཉལ་འདུག་ཐམས་ཅད་སྤྱན་རས་གཟིགས་ཀྱི་རོལ་པ་ལམ་དུ་འཁྱེར་བ་ཡིན་གསུངས། དེ་དག་གིས་སྐུ་མངོན་བྱང་ལྔས་བསྐྱེད་པའི་མན་ངག་གི་རིམ་པའོ། །བཟླས་པའི་སྐབས་སུ། བསྐྱེད་རིམ་ཁྲིད་ཀྱི་རིམ་པ་གསལ་ཞིང༌། རྫོགས་རིམ་ནི། ནམ་


LT25_Page_185B
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྟོང་པ་ལ་བྲག་ཅ་གྲགས་པ་ལྟར། དམིགས་མེད་ཀྱི་ངང་ནས་བསྒོམ་གསུངས། ཐུགས་འོད་ཟེར་སྤྲོ་བསྡུ་ལ་བརྟེན་ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་ནི། སྙིང་རྗེ་མ་འབྱོངས་ན་འབྱོངས་ཐབས་ནི་དོན་ལྔ་སྟེ། ཐོག་མར་རང་གི་ཕ་མ་བསྒོམ་སྟེ། མ་འདི་དག་གི་ལྟོ་བར་བདག་གནས་པའི་ཚེ་ན། སྡུག་བསྔལ་མང་པོ་མྱོང༌། བདག་སྐྱེས་མ་ཐག་གོས་འཇམ་པོས་གཡོགས། ཟས་ཞིམ་ཚད་བྱིན། བདག་གྲང་བས་ཉེན་པ་ན་དྲོ་བ་དང༌། ནུ་ཞོ་བླུད་པ་དང༌། ཁ་སྣབ་ཡན་ཆོད་ཁས་ཕྱིས་པ་དང༌། ཆེར་སྐྱེས་ནས་རང་ཟ་མི་ཕོད་པའི་ཟས་སྟེར། བཏུང་མི་ཕོད་པའི་སྐོམ་བླུད། རང་གིས་གྱོན་མི་ཕོད་པའི་གོས་བསྐོན། ལོངས་སྤྱོད་མ་ནུས་པའི་ལོངས་སྤྱོད་རྣམས་ཕོངས་པ་མེད་པར་བཏང༌། སྤྱོད་ལམ་བཟང་པོ་དང་འགྲོ་ཚུལ་འདུག་ཚུལ་སྨྲ་ཚུལ་ཚུན་ཆད་བསླབ། བདག་ལ་སྡུག་བསྔལ་བྱུང་ན་མི་བཟོད་པའི་རྣམ་འགྱུར་སྟོན། ན་བ་ལ་སྨན་དཔྱད། ཤི་དོགས་ནས་རིམ་གྲོ། བདག་གི་ཕྱིར་སྡུག་བསྔལ་མང་པོ་མྱོང་བའི་མ་རྒན་འདི་རྣམས་སྙིང་རེ་རྗེ་སྙམ་དུ་གདུང་ཤུགས་དྲག་པོས་མཆི་མ་འཁྲུགས་པའི་སྒོ་ནས་བདག་གི་ལུས་ལོངས་སྤྱོད་ངེས་པར་བཏང་ནས་སྙིང་རྗེ་དུང་དུང་མ་སྐྱེས་ཀྱི་བར་དུ་སྒོམ་གསུངས། དེ་ནས་ཕ་དང་གཉེན་འདུན་ལ་སྒོམ་པ་ནི། སྐྱེ་སླ་བ་ལ་བསྒོམ་པའོ། །དེ་ནས་གཉིས་པ་སྡུག་བསྔལ་ཆེ་བ་ལ་བསྒོམ་པ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་ཀྱི་སྡུག་བསྔལ་བསམ་ལ། འདི་རྣམས་ཚེ་འདིའི་མ་ལྟར་ཐོག་མ་མེད་པ་ནས་གྲངས་མེད་པ་བྱས་པ་ཡིན་ལ། འདི་རྣམས་སྙིང་རེ་རྗེ་སྙམ་དུ་བསམ། ཧྲཱིཿལས་འོད་ཟེར་འཕྲོས་པས་མདུན་དུ་བཀུག་


LT25_Page_186A
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཏོང་ལེན་སྦྱང་ངོ༌། །གསུམ་པ་སྡིག་པ་ཆེ་བ་ལ་བསྒོམ་པ་ནི། ཁ་དྲག་བཙན་ཕྱུགས་འཛོམ་ཡང་མི་ལ་གནོད་པ་དུ་མ་སྐྱེལ་བ་ལ། སྙིང་རྗེ་མེད་ཅིང་སྡིག་པ་རླབས་ཆེན་བྱེད་པས། རང་གཞན་གཉིས་ཕུང་གི་ལས་ལ་འཇུག་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་སྙིང་རྗེ་བསྒོམ། འདི་ལ་དངོས་སམ་བསམ་པས་ཕན་གདག་གོ །དེ་ཡང་ཧྲཱིཿའི་སྦྱོང་ཐབས་གཏོང་ལེན་དྲག་ཏུ་བྱའོ། །བཞི་པ་སྐྱེ་དཀའ་བ་ལ་བསྒོམ་པ་ནི། བདག་གིས་ཕན་བཏགས་པའི་ལན་དུ་གནོད་པ་ཆེན་པོ་སྐྱེལ་བའི་དགྲ་ལ། སྔོན་གྱི་ལས་ཀྱིས་བསྐུལ་བའི་གདོན་དང༌། དེ་བཞིན་དུ་གནོད་བྱེད་གང་ཡང་རུང་བ་དང༌། སྔོན་གྱི་ལས་ཀྱིས་སྐྱེ་དཀའ་བ་རྣམས་ལ་དམིགས་ནས། གནོད་བྱེད་འདི་རྣམས་ཐོག་མེད་ཀྱི་ཕ་མ་དྲིན་ཅན་ཡིན་ཡང༌། བདག་གི་སྔོན་ཕར་གནོད་པ་བསྐྱལ་བས་ལམ་ཆགས་བདས་པ་ཡིན། འདི་དག་ཕ་མ་བྱས་པའི་དྲིན་ཅན་ཤ་སྟག་ཡིན་པས། གནོད་ལེན་ཕན་གྱིས་འཇལ་དགོས། འདི་ངོ་མ་ཤེས་ནས་བདག་ལ་གནོད་པར་བྱེད་པ་ལ་སྙིང་རྗེ་དྲག་ཏུ་སྒོམ། གནོད་བྱེད་འདི་བྱང་ཆུབ་ལམ་གྱི་གྲོགས་དང༌། བཟོད་པ་སྒོམ་པའི་གྲོགས་བྱས་པས་དྲིན་རེ་ཆེ་སྙམ་དུ་གནོད་པ་ལ་དགའ་བ་བསྒོམ་ལ་ཕན་ཅི་ཐོགས་བྱའོ། །ལྔ་པ་རིགས་དྲུག་ནམ་མཁས་ཁྱབ་ཚད་ལ་ཧྲཱིཿཡིག་གི་སྦྱོར་བས་མདུན་དུ་བཀུག་ལ་གཏོང་ལེན་བསྒོམ་མོ། །སྐབས་སུ་ནི། ཤར་ལྷོ་ནུབ་བྱང་མཚམས་བཞི་སྟེང་འོག་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཧྲཱིཿའི་འོད་ཟེར་ལ་བརྟེན་ནས་བཀུག་ཅིང་གཏོང་ལེན་ཡང་བྱའོ། །དེ་དག་གིས་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་གོ །དེ་ནི་ཤིན་ཏུ་བསོད་ནམས་ཆེ་བ་ཡིན་གསུངས་སོ། །སྙིང་རྗེ་སྐྱེས་ཀྱང་གཏོང་


LT25_Page_186B
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་མ་ནུས་ན། ནད་པ་ལ་སོགས་སྡུག་བསྔལ་ཅན་གྱི་རྩར་ཕྱིན་ནས། ནད་པའི་སྣ་བུག་གཡས་པ་དང་རང་གི་གཡོན་པ་གཉིས་གཏུགས་ལ། གཞན་གྱི་སྡུག་བསྔལ་རང་ལ་བྱུང་བར་བསྒོམ། རླུང་རྔུབ་ཅིང་བུམ་པ་ཅན་བཟུང་བས་ཧྲཱིཿལ་ཐིམ་པར་བསམ་མོ། །རང་གི་དགེ་བ་དེ་རང་གི་སྣ་བུག་གཡོན་ནས་ཕ་རོལ་ཁོའི་གཡས་སུ་སོང་ནས་ཁོའི་རྒྱུད་ལ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེས་ནས། བདེ་ཕྱམ་ཕྱམ་སྐྱེས་སོང་བར་བསྒོམ། དེས་གཏོང་ལེན་ནུས་སོ། །རླུང་བུམ་པ་ཅན་བཟུང་ནས་མགོན་པ་ལ་སོགས་བྱུང་ན། ཤེས་པ་ལྟེ་བའི་འོག་ཏུ་གསེར་གྱི་རྡོ་རྗེ་རྒྱ་གྲམ་ལ་གཏད། རྐང་སོར་རྣམས་བསྐུམ། འོག་སྒོ་སློང༌། སྐབས་སུ་འབེབ་བྱའོ། །ཡང་སྙིང་མི་དགའ་བ་དང༌། ཤེས་པ་མ་བདེ་བ་བྱུང་ན། རང་གི་སྙིང་པདྨ་འདབ་མ་བརྒྱད་པའི་སྟེང་དུ། རྩ་བའི་བླ་མ་སྤྱན་རས་གཟིགས་སྐུ་མདོག་སེར་པོ་བརྗིད་པའི་རང་བཞིན་ཅན་དུ་བསམ་ལ་འབེབས་བྱས་པས། དབང་ཆེན་གསེར་གྱི་ས་གཞི་ལ་སྙིང་དང་བཅས་པ་ཐིམ་པར་བསམ་ལ་ཤེས་པ་མར་ལ་ཕབ་པས་སེལ་ལོ། །ཡང་འོག་གི་གེགས་རྩ་ཆུ་བསྡམ་པ་བྱུང་བ་རྩ་ཆུ་གཉིས་ཀྱི་མཚམས་ནས་རླུང་གི་ལྷ་མོ་ཞིག་གིས་རྩ་ཁ་བྱེད་པར་བསྒོམ་ལ། འོག་སྒོ་འབྱེད་འཛུམ་དྲག་ཏུ་བྱའོ། །དེས་ཕན་པར་འགྱུར་རོ། །དེས་མ་ཕན་ན། བུད་མེད་ཡིན་ན་རྩ་ཆུ་གཉིས་ཀྱི་བར་དུ་དབྱུག་བཅོས་བྱའོ། །ཕོ་ལ་ལྟེ་འོག་ཏུ་དབྱུག་པས་རྡུངས་ཤིག །དེས་གེགས་སེལ་ལོ། །དེ་ནི་བུམ་པ་ཅན་གྱི་གེགས་སེལ་ལོ། །སྒྱུ་མ་རྨི་ལམ་ལྟར། ཞི་ལྷག་ཟུང་འཇུག་ཕྱག་རྒྱ་ཆེན་པོ་བསྒོམ་པའི་བོགས་འདོན་ཡུལ་སྣ་ཚོགས་ལ་བསྲེ་བའི་མན་ངག་ནི།


LT25_Page_187A
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་དཀར་དམར་སྔོ་སེར་ལྗང་ཁུ་ལ་སོགས་ཁ་དོག་དང༌། ཟླུམ་པོ་གྲུ་བཞི་ཟླ་གམ་ནར་མོ་གྲུ་གསུམ་ལ་སོགས་པའི་དབྱིབས་བཟང་ངན་བར་མ་ལ་སོགས་གང་མཐོང་ཡང་ཐམས་ཅད་སེམས་སྣང་འཁྲུལ་པའི་རང་བཞིན་ཡིན་པར་ཤེས་པར་བྱས་ལ། བློ་འདས་ཡིད་ལ་མི་བྱེད་པའི་ངང་ནས་དེ་ཐོག་ཏུ་མཉམ་པར་བཞག་གོ །སྒྲ་སྙན་མི་སྙན་བར་མ། ཚིག་འཇམ་རྩུབ་ལ་སོགས་པའི་གང་ཚོར་ཡང་བྲག་ཅ་ལྟར་བུར་གྲགས་སྟོང་ཕྱག་རྒྱ་ཆེན་པོར་ངོ་ཤེས་པར་བྱས་ལ། རྟོག་མེད་ཀྱི་ངང་དུ་མཉམ་པར་བཞག་གོ །དེ་བཞིན་དྲི་ཞིམ། རོ་མངར། རེག་བྱ་འཇམ་རྩུབ། རྣམ་རྟོག་བཟང་ངན་གང་སྐྱེས་ཀྱང་དེ་ཉིད་ངོས་བཟུང་ལ་རྟོག་མེད་ཀྱི་ངང་དུ་མཉམ་པར་བཞག་གོ །གཞན་ཡང་སྤྱོད་ལམ་རྣམ་བཞི་དང༌། འགྲོ་འཆག་ཉལ་འདུག་དུས་ཐམས་ཅད་གང་ཤར་བའི་སྟེང་དུ་བླང་དོར་དགག་སྒྲུབ་འཛིན་ཆགས་མེད་པར་མ་བཅོས་པར་སལ་ལེ་བུན་ནེ་ཤིག་གེ་མཉམ་པར་བཞག་གོ །གཞི་དག་པ་བསྐྱེད་རིམ་དང༌། ཆོས་སྤྱོད་ཕྱག་རྒྱ་ཆེན་པོ་བསྲེ་བ་ནི། ལྷ་སྐུ་འཇའ་ཚོན་ལྟ་བུར་གསལ་བར་བསྒོམ་ནས། དེ་ཐོག་ཏུ་མེ་ལོང་གི་གཟུགས་བརྙན་དང༌། ཆུ་ཟླ་ལྟར་གསལ་སྟོང་འཛིན་མེད་དུ་མཉམ་པར་བཞག །གཞན་ལོང་གཏམ་དང་མཆོངས་རྒྱུག་དང༌། དུག་ལྔའི་རྟོག་པ་སྐྱེས་པ་དང༌། ཆོས་བརྒྱད་ལ་འཇུག་པའི་ཚུལ་བྱས་ལ་མཉམ་བཞག་ཕྱག་རྒྱ་ཆེན་པོ་དང་བསྲེ། འདྲེས་མ་ཐུབ་ན་སྤར་ཡང་བསྒོམ་མོ། །ངག་ཏུ་སྔགས་ཐུང་བ་དང་རིང་བ་དང༌། མདོ་འདོན་པ་ལ་སོགས་བྱས་ཏེ། རྟོག་མེད་གྲགས་སྟོང་དུ་རང་ངོ་ཤེས་པའི་ངང་ནས་བཟླས་པ་བྱའོ། །དེ་བཞིན་དུ་ཡན་ལག་བདུན་པ་བྱ་བ་དང༌། བསྐོར་


LT25_Page_187B
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱ་བ་དང༌། གཏོར་མ་གཏོང་བ་དང༌། སཱཙྪ་འདེབས་པ་དང༌། ཆོས་སྤྱོད་ཀྱི་རིམ་པ་གང་བྱེད་ཀྱང་འཛིན་མེད་གསལ་སྟོང་བློ་འདས་ཀྱི་ངང་ནས་ཆོས་སྤྱོད་ཐམས་ཅད་བྱའོ། །དེས་ནི་ཚོགས་གཉིས་ཟུང་འཇུག་ཏུ་འགྱུར་རོ། །གལ་ཏེ་མ་འབྱོར་བར་མཐོང་ན། དབེན་པར་བསྡད་ལ་མཉམ་པར་བཞག་ལ་ནན་ཆེར་བྱའོ། །ཡང་སླར་ཡང་བསྲེ་ནུས་པར་འདུག་གམ། མི་འདུག་བལྟ་བར་བྱའོ། །བསྲེ་ནུས་ན་ཚོགས་གཉིས་ཟུང་འཇུག་ཏུ་བསྒྲུབ་ནས་དོན་གཉིས་ལྷུན་འགྲུབ་ཏུ་འགྱུར་རོ། །མདོར་ན་སྤྱོད་ལམ་གྱི་རྣམ་པ་གང་བྱེད་ཀྱང་དེ་རང་ངོ་རང་གིས་ཤེས་ནས་གསལ་སྟོང་དུ་གསལ་ལེ་བ་དང༌། སྣང་སྟོང་དུ་བུན་ནེ་བ་དང༌། རྟོག་མེད་དུ་ལྷང་ངེ་བ་བྱུང་ན་འབྱོང་པ་ཡིན་ནོ་གསུངས། དེ་དག་ནི་ཞི་ལྷག་གི་བོགས་འདོན་ཡིན་ནོ། །སྒྱུ་ལུས་ཀྱི་མན་ངག་ནི། མིའི་གནས་ལ་སོགས་སུ་ཕྱིན་ལ་མི་ལ་རྒྱབ་པ་ལ་སོགས་བྱས་པས་སླར་བརྡུང་ལན་བྱུང༌། དེ་ལ་ཆགས་སྡང་དང་བདག་འཛིན་འདུག་གམ་མི་འདུག་བལྟ། འདུག་ན་ད་རུང་སྒྱུ་ལུས་སྦྱང་ངོ༌། །དེ་བཞིན་དུ་སྒྲ་སྙན་མི་སྙན་སྨྲར་འཇུག་ལ། བྲག་ཅ་ལྟར་སྦྱང༌། དེ་བཞིན་དུ་དྲི་ཞིམ་མི་ཞིམ་པ་དང༌། རོ་མི་གཙང་པ་དང་བུ་རམ་ལ་ཆགས་སྡང་འདུག་གམ་མི་འདུག་བལྟ། འདུག་ན་སྒྱུ་ལུས་སྦྱང༌། གོས་རེ་བ་དང་དར་གོས་ལ་ཁྱད་པར་འདུག་གམ་མི་འདུག་བལྟ། གཡས་ནས་མེ་འཐོར་བ་དང་གཡོན་ནས་སྤོས་བྱུགས་པ་ལ་ཁྱད་པར་འདུག་གམ་འདུག་བལྟ། སེམས་རྣམ་རྟོག་ཆོས་སུ་སྣང་བ་དང༌། སྡིག་པའི་རྣམ་རྟོག་ལ་ངོས་བཟུང་འདུག་གམ་མི་འདུག་བལྟ། དེ་དག་ཐམས་ཅད་སྒྱུ་མ་རྨི་ལམ་བྲག་ཅ་ལ་སོགས་སྒྱུ་མའི་དཔེ་བརྒྱད་ལྟར་བདག་མེད་


LT25_Page_188A
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཆགས་ཀུན་དང་བྲལ་བར་རོ་སྙོམས་ནས་ཉམས་བསྐྱང༌། མ་འབྱོང་ན་སླར་ཡང་དབེན་པར་སྦྱང་ངོ༌། །དེའི་གནས་སྐབས་སུ་ཡང་གླུ་ལེན་པ་དང༌། གར་བྱེད་པ་དང༌། རོལ་མོ་དང་ཆོས་སྤྱོད་ཐམས་ཅད་སྒྱུ་མ་རྨི་ལམ་གྱི་ཉམས་ལེན་བྱའོ། །དེས་འབྱོང་བར་འགྱུར་རོ། །རྨི་ལམ་གྱི་གནས་སྐབས་སུ། འབྱམས་གཞི་གཅོད་པའི་མན་ངག་ནི། སད་འབྱམས་ནི། རྨི་ལམ་ཟིན་ཙམ་ན་གཉིད་སད་པ་དང༌། དེ་སེལ་བ་ནི་རྐང་ཞབས་སམ་གསང་གནས་སུ་ཐིག་ལེ་ནག་པོ་ལ་ཤེས་པ་གཏད། གློད་ལ་ཉལ་བས་སེལ་ལོ། །འཁྲུལ་འབྱམས་ནི། རྨི་ལམ་དུ་མ་རེ་ཟིན་པའི་མོད་ལ་འཁྲུལ་པ་ལ་ཟེར་ཏེ། འདི་དངོས་འཛིན་འཐས་པ་ལ་བྱུང་བས། སྒྱུ་མ་རྨི་ལམ་ལ་ནན་ཆེར་སྦྱངས་པ་དང༌། ཁྱད་པར་རྨི་ལམ་ཟིན་དུས་དྲན་པ་མ་ཡེངས་པ་གལ་ཆེའོ། །བརྗེད་འབྱམས་ནི། རྨི་ལམ་དུ་མ་རེ་ཟིན་པའི་འཕྲོས་ལ་སད་ནས་སླར་བརྗེད་པ་ཡིན་ཏེ། དེ་སེལ་བ་ནི། སྒྱུ་མ་དྲན་པ་བརྟན་པར་བྱེད་པ་དང༌། སྨིན་མཚམས་སུ་ཐིག་ལེ་དཀར་པོ་ལ་དྲན་པ་གཏད་པས་སེལ་ལོ། །དྲེད་འབྱམས་ནི། སྒྲུབ་པ་གཡེལ་ཞིང་ཆོས་ཀྱི་དྲེད་པས་ལན་པ་ཡིན་ཏེ། དེ་ནི་མི་རྟག་པ་གཙོ་བོར་སྒོམ་ནས་འཇིག་རྟེན་གྱི་འཁྲི་བ་བཙན་ཐབས་སུ་བཅད་ནས་སྒྲུབ་པ་ལ་ནན་ཏན་བྱེད་པ་གལ་ཆེའོ། །འོད་གསལ་གྱི་མན་ངག་ལ། ལུས་རྩའི་གནད་བསྲང་བ་དང༌། རླུང་བཟུང་བ་དང་ཁམས་བརྟན་པ་དང༌། སེམས་རྣམ་རྟོག་གཟུང་འཛིན་གྱི་སྒྲིབ་གཡོགས་དང་བྲལ་བས་འོད་གསལ་འཆར་བའི་གནད་བཞི་ཡིན་གསུངས། འཕོ་བའི་གནད་ནི་གང་ལ་ཡང་མ་ཆགས་པ་དང༌། སྤྱི་བོར་རིག་


LT25_Page_188B
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཏད་ལ་མ་ཡེངས་པ་གཉིས་ཡིན་ནོ་གསུངས། བར་དོའི་གནད་ནི། བསྐྱེད་རིམ་བརྟན་པ་དང༌། དག་པའི་ཞིང་དུ་འདུན་པ་གཏད་པ་དང༌། རང་ངོ་ཤེས་པ་གསུམ་ཡིན་ནོ་གསུངས། ཐམས་ཅད་ཀྱི་གནད་ནི་ཉམས་ལེན་ཡིན་ཏེ། དགེ་ལུང་བྱེད་དུ་མི་རུང་པའི་བཀའ་རྒྱ་དང༌། ཚོགས་འཁོར་གསེར་གྱི་མཎྜལ་མེད་པ་ལ་མི་སྦྱིན་པའི་བཀའ་རྒྱ་དང༌། ཆོས་འདི་ཞུས་ནས་སྒྲུབ་པ་བྱེད་པའི་དམ་བཅའ་བའི་བཀའ་རྒྱ་དང༌། གདམས་པ་འདི་སྣོད་མིན་ལ་མི་སྦྱིན་པའི་བཀའ་རྒྱ་ཡོད་དོ་གསུངས། མི་ཏྲ་ཛོ་ཀིའི་ཞལ་གྱི་གདམས་པ་ནི། པཎ་ཆེན་ཤྲཱི་པུ་ཏྲ་ལ་གནང་ཞིང་དེས་གཱིརྟི་རཏྣ་ལ་གནང༌། དེས་མན་ངག་ལྷག་ཆད་མེད་པར་བདག་ལ་གནང༌། བདག་གིས་གཞན་ལ་ཕན་པ་ཁོ་ནའི་བློས། །མན་ངག་གསེར་གྱི་ཐུར་མ་ཡི་གེར་བཀོད། །དགེ་བ་འདི་ཡིས་བདག་དང་སེམས་ཅན་རྣམས། །སྤྱན་རས་གཟིགས་ཀྱི་གོ་འཕང་མཆོག་ཐོབ་ཤོག །མན་ངག་གསེར་གྱི་ཐུར་མ་རིན་པོ་ཆེའི་སྒྲོན་མེ་རྫོགས་སོ།། ཤུབྷཾ།