Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
གདམས་ངག་མཛོད་པོད་བཅུ་དྲུག་པ།  གནོད་སྦྱིན་མོའི་རྟོགས་པ་རིན་ཆེན་ཕྲེང་བའི་ཞལ་གདམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་དྲུག་པ། གནོད་སྦྱིན་མོའི་རྟོགས་པ་རིན་ཆེན་ཕྲེང་བའི་ཞལ་གདམས།next

གདམས་ངག་མཛོད་པོད་བཅུ་དྲུག་པ།
གནོད་སྦྱིན་མོའི་རྟོགས་པ་རིན་ཆེན་ཕྲེང་བའི་ཞལ་གདམས།


LT25_Page_097A
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་མོའི་རྟོགས་པ་རིན་ཆེན་ཕྲེང་བའི་ཞལ་གདམས་བཞུགས་སོ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་ཕྱག་རྒྱ་ལ། བདག་བྱིན་གྱིས་བརླབས་པའི་ཆོས་བཞི་ལས། དང་པོ་རྨི་ལམ་ལམ་དུ་འཁྱེར་བའོ། །དེ་ལ་སྦྱོར་བ་དང་དངོས་གཞི་གཉིས་ལས། དང་པོ་སྦྱོར་བ་ནི། བླ་མ་དང་དཀོན་མཆོག་ལ་དད་གུས་བྱ་བ་དང༌། ཡི་གེ་བརྒྱ་པ་བཟླས་པ་ལ་སོགས་པ་དམ་ཚིག་ཉམས་པ་བཤགས་པར་བྱའོ། །དངོས་གཞི་ལ་བཞི་སྟེ། དང་པོ་རྨི་ལམ་བཟུང་བ་དང༌། གཉིས་པ་སྦྱང་བ་དང༌། གསུམ་པ་སྒྱུ་མར་བསླབ་ཅིང་ཡང་བསླང་པ་དང༌། བཞི་པ་དེ་ཁོ་ན་ཉིད་བསྒོམ་པའོ། །དེ་ལ་བཟུང་བའི་དུས་སུ་སྔོན་དུ་དད་པ་དང་འདུན་པ་དྲག་པོ་ཡིད་ལ་བྱའོ། །


LT25_Page_097B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་མལ་སྟན་འབོལ་བ་སྔས་འབོལ་བ་མཐོ་བར་བྱས་ལ། གཞོགས་གཡས་པ་ས་ལ་ཕབ་སྟེ། ལག་པ་གཡོན་པ་བརླའི་སྟེང་དུ་བརྐྱང་ལ། ལག་པ་གཡས་པ་འགྲམ་པ་ལ་སྦྱར་ལ་ཉལ་ལོ། །མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པ་བསྒོམ། དེའི་ལྟེ་བ་ལ་ཨ་དཀར་པོ་གཅིག་བསམ་སྟེ། དེ་ཡང་སྲོད་ལ་སྨིན་པར་དུ་ཐིག་ལེ་དཀར་པོ་གཅིག་ལ་ཤེས་པ་གཏད་ལ་གཉིད་ཉལ་ལོ། །དེ་ནས་ཐོ་རངས་ཀྱི་དུས་སུ་ཨ་ལ་སེམས་བཟུང་སྟེ། རྨི་ལམ་ལ་རྨི་ལམ་དུ་མ་ཤེས་ན་སད་པ་དང༌། ད་ཅི་རྨི་ལམ་ལ་རྨི་ལམ་དུ་མ་ཤེས་སྙམ་པའི་འདུན་པ་དྲག་པོ་བྱའོ། །ནང་པར་གྱི་དུས་སུ་ཡང༌། སྣང་སྲིད་ཐམས་ཅད་རྨི་ལམ་དང་འདྲ་བར་ཤེས་པར་བྱ་སྟེ། མདང་གི་རྨི་ལམ་དང་ཁྱད་མེད་སྙམ་དུ་བསམ་ཞིང་ཉིན་པར་གྱི་དུས་སུ། དོ་ནུབ་རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱ་སྙམ་པའི་འདུན་ཡང་དང་ཡང་དུ་བྱའོ། །དེ་ལྟར་ཉིན་མཚན་དུ་བྱས་པས་རྨི་ལམ་ཟིན་ཏེ་འོང༌། ཟིན་པའི་རྟགས་ནི་རྨི་ལམ་དུ་མི་འཚམ་པ་ལ་སོགས་པ་འབྱུང་སྟེ། དེ་ཡང་ཆུ་ཆེན་པོ་དང༌། གཡང་ལ་མི་ཐར་བ་དང༌། ཁྱིས་དེད་པ་དང༌། ལུས་ལ་འོད་འབྱུང་བ་དང༌། དེ་ལ་སོགས་པ་སྣ་ཚོགས་པ་རྨི་བ་འབྱུང་སྟེ། དེའི་རྐྱེན་གྱིས་རྨི་ལམ་ཡིན་སྙམ་པའི་ཤེས་པ་འགའ་འབྱུང་ངོ༌། །དེ་ལྟར་འབྱུང་བ་དང་རྨི་ལམ་གྱི་དུས་སུ་ཆོས་ཐམས་ཅད་རྨི་ལམ་དང་འདྲ་ཞེས་བཤད་པ་དེའི་བདེན་སྙམ་པའི་འདུན་པའམ་མོས་པ་དྲག་པོ་བྱའོ། །ནང་པར་མདང་གི་རྨི་ལམ་དྲན་པར་བྱ་སྟེ། མདང་གི་རྨི་ལམ་དེ་དག་ད་ལྟར་གྱི་ཤེས་པ་འདི་ལ་ཁྱད་ཅི་ཡོད་སྙམ་པའི་འདུན་པ་དྲག་ཏུ་བྱའོ། །རྨི་ལམ་ཟིན་ནོ། །དེ་ནས་ཟིན་ནས་སྲོད་ཀྱི་དུས་རང་ནས་རྨི་ལམ་རྨི་ལམ་དུ་ཤེས་པར་བྱའོ་སྙམ་པའི་འདུན་པ་དྲག་པོ་བྱའོ། །དེ་ནས་


LT25_Page_098A
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་སྦྱང་བ་ནི། རྨི་ལམ་ཡིན་པས་ཇི་ལྟར་ཡང་བྱར་བཏུབ་སྙམ་པའི་འདུན་པ་དྲག་པོ་བྱ་སྟེ། རྨི་ལམ་གྱི་དུས་སུ་ཆུར་མཆོང་བ་དང༌། མེར་མཆོང་བ་དང༌། གཡང་ལ་འཛེགས་པ་དང༌། སུམ་ཅུ་རྩ་གསུམ་གྱི་གནས་བལྟ་བ་དང༌། རྒྱ་གར་གྱི་ཡུལ་ཐམས་ཅད་བལྟ་བ་དང༌། ཉི་ཟླ་རྐང་པས་མནན་པ་དང༌། ཡི་དམ་ལྷའི་ཞལ་ལྟ་ཞིང་ཆོས་ཉན་པ་དང༌། དེ་བཞིན་གཤེགས་པའི་ཞིང་ཁམས་ལྟ་ཞིང་དེ་དག་ལ་ཆོས་ཉན་པ་དང༌། རང་གི་སེམས་ཅི་མནོ་བ་ཐམས་ཅད་བྱའོ། །དེ་བཞིན་དུ་གོམས་པས་བསླབ་པ་ནི་རྨི་ལམ་སྦྱོང་བའོ། །དེ་ནས་རྨི་ལམ་སྒྱུ་མར་ཤེས་པར་བྱ་ཞིང་ཡ་ང་བ་སྤང་བ་ནི། སྦྱོར་བའི་དུས་སུ་ཆུར་མཆོང་བ་བྱས་པས། ད་རུང་དུ་ཡ་ང་དང་བག་ཚ་བའི་འཇིགས་པ་ཡོད་པ་སྙམ་བྱེད་ན། རྨི་ལམ་ཡིན་སྒྱུ་མ་ཡིན་པས་དེ་འཇིགས་རྒྱུ་ག་ལ་ཡོད་སྙམ་དུ་བསྒོམ་པས་ཡ་ང་བ་མེད་པར་བྱའོ། །དེ་ནི་རྨི་ལམ་སྒྱུ་མར་ཤེས་པར་བྱའོ། །དེ་ནས་དེ་ཁོ་ན་ཉིད་བསྒོམ་པ་ནི། རྨི་ལམ་ཡིན་པས་སྦྱང་དུ་ཡང་ཅི་ཡོད་དེ་རང་སེམས་ཀྱི་འཁྲུལ་པར་ཤེས་པར་བྱ་སྟེ། དེ་ཁོ་ན་ཉིད་བསྒོམ་པའོ། །དེ་བསྒོམ་ཐབས་ནི་རང་གིས་སྔར་གང་བསྒོམས་པ་དེ་བསྒོམ་ལ། དེ་མིན་ན་རང་གི་དཔྲལ་བའི་ཐིག་ལེའམ་གསང་བའི་ཐིག་ལེ་གང་ཡང་རུང་བར་ཤེས་པ་གཏད་དེ་བདེ་སྟོང་ལ་མོས་པ་བྱས་པ་ཙམ་གྱིས་ཤིན་ཏུ་བདེ་བ་ཆེར་འབྱུང་ངོ༌། །དེ་ནི་རྨི་ལམ་དུ་དེ་ཁོ་ན་ཉིད་བསྒོམ་པའོ། །དེ་ནི་རྨི་ལམ་དུ་འཁྱེར་བ་སྟེ་ཚེ་འདི་ལ་བསླབ་པའོ། ། ༈ གཉིད་འཐུག་པོར་འོད་གསལ་དུ་གཞུག་པའི་མན་ངག་ནི། དང་པོར་གཉིད་ཉལ་བ་སྟེ། དེ་ཡང་དང་པོ་ཞག་གསུམ་ཙམ་དུ་ལུས་ཐང་ཆད་དུ་བཅུག་ལ། དེའི་དུས་སུ་ནུབ་མོ་གཉིད་བསྲུང་སྟེ། དགེ་སྦྱོར་ཅི་ནུས་ཀྱང་བྱ། དེ་ནས་ལུས་ལ་བསྐུ་མཉེ་ཡང་


LT25_Page_098B
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། ཁམས་བརྟས་སུ་ཡང་བཅུག་ལ། ལུས་ཀྱི་གཞོག་གཡས་པ་ས་ལ་ཕབ་ལ་ཉལ་བར་བྱའོ། །དུས་ནི་གཉིད་ཀྱི་དུས་སོ། །ཡུལ་ནི་སྙིང་ཁ་སྟེ། སྙིང་གའི་འཁོར་ལོ་པདྨ་བཞི་ལ་ཨ་ནུ་ཏ་ར་བཞི་བསྒོམ། ཧཱུྃ་དབུས་སུ་བསམ་ཏེ་ཐ་མལ་གྱི་དུས་སུ་མདུན་གྱི་ཨ་ལ་སེམས་གཏད་དོ། །དེ་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རྟོག་པ་རགས་པ་ནུབ་པར་གྱུར་ནས། གཉིད་ཧྲི་བ་ཡོང་དུས་སུ་ནུ་ལ་སེམས་བཟུང་སྟེ་སེམས་སྣང་བ་ཞེས་བྱའོ། །དེ་ནས་རྣམ་རྟོག་ཕྲ་བ་ནུབ་དུས་སུ་ཏ་ལ་དམིགས་ཏེ་སེམས་སྣང་བ་མཆེད་པ་སྟོང་པ་ཆེན་པོའོ། །དེ་ནས་རྟོག་པ་ཤིན་ཏུ་ཕྲ་བ་ནུབ་དུས་གཉིད་ཧྲི་བ་བྱུང་དུས་ན་ར་ལ་དམིགས་ཏེ་སྣང་བ་ཐེབ་པ་ཞེས་བྱ་སྟེ། ཤིན་ཏུ་སྟོང་པའོ། །དེ་ནས་གཉིད་ཧྲུལ་གྱིས་འགྲོ་དུས་སུ་ཤེས་པ་ཧཱུྃ་ལ་བསྡུ་སྟེ། དེར་བདེ་སྟོང་གི་ངོ་བོ། ལྷན་གྱིས་ཉལ་བས་གཉིད་ཀྱི་རོ་བདེ་སྟོང་དུ་སྐྱེད་པའི་བདེ་སྟོང་འོད་གསལ་གྱི་ཉམས་འོང་ངོ༌། །དེའི་དུས་སུ་རྨི་ལམ་ནི་བསྲུང་སྟེ་འདིའི་འགལ་རྐྱེན་དུ་བཞེད་དོ། །དེ་ནས་གཉིད་ཐུན་གཅིག་ལོག་ལ་སློང་དུ་བཅུགས་མ་རིག་པའི་གཉིད་དུ་སོང་ངམ་མ་སོང་བལྟ་བར་བྱས་ལ་སྔར་བཞིན་ཉལ་ལོ། །དེའི་ནུབ་མོ་ཐུན་བཞིའམ་ལྔ་ཅི་རིགས་པར་ཉལ་ལོ། །དེ་ནས་ཕྱིས་ཐུན་གཉིས་སམ་གསུམ་ལ་སོགས་པར་བསྒོམ་པར་བྱ་ཞིང་ཉལ་ཏེ། སྔར་བཞིན་དུ་ཕུང་པོ་ལ་སོགས་ནི་ཁམས་ཕྲ་བ་འཇུག་གོ །ཁམས་ཕྲ་བ་སེམས་ལ་གཞུག་གོ །སེམས་ནི་ཡང་སེམས་ལ་གཞུག་གོ །སེམས་པ་ཡང་མ་རིག་པ་ལ་གཞུག་སྟེ། དེ་ལྟར་གཉིད་ལོག་པས་མ་རིག་པ་ངང་གིས་འགགས་ཤིང་རྣམ་རྟོག་གི་དྲན་པ་བརྗེད་པ་འོང་ངོ༌། །དེའི་འབྲས་བུ་ནི་ཡེ་ཤེས་ཀྱི་རང་བཞིན་འོད་གསལ་བར་འཆར་བར་འོང་ངོ༌། །མ་རིག་པའི་


LT25_Page_099A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་ལྕགས་ཀྱུ་དང་འདྲ་བ་དེ་བཟུང་ནས་བདེ་སྟོང་གི་ངང་དུ་ཉལ་བས་རྣམ་པར་ཤེས་པ་གང་ལ་ཡང་འདྲེ་བར་མི་བྱེད། འོད་གསལ་གཉིད་མངོན་སུམ་དུ་ཉམས་སུ་མྱོང་བར་འགྱུར་ཞེས་སོ། །དེ་ནས་གཉིས་སད་པའི་རྗེས་ཐོབ་ནི་འདི་ལྟར་བསྒོམ་སྟེ། མདུན་དུ་ཡི་དམ་ལྷའི་ཐང་ཀ་བཀྲམ་ལ། དེ་ལ་སེམས་རྩེ་གཅིག་པས་བལྟས་ལ། དེ་རང་ཉིད་ལ་ཚུལ་གསལ་བར་བསྒོམ་མོ། །གསལ་བར་འདུག་ན་གསལ་བ་དེ་ཉིད་བདེ་སྟོང་དུ་ལྷན་གྱིས་མི་དམིགས་པར་བསྒོམ་ལ། ཡང་སླར་གསལ་བར་བྱ་བ་སྟེ་ཐད་ཀ་ལ་བལྟ། དེ་ནས་ཐད་ཀ་ཁོ་ན་བཞིན་གསལ་བར་བསྒོམ་ལ་དེ་ཉིད་བདེ་སྟོང་དུ་ལྷན་གྱིས་བསྒོམ་སྟེ། དེ་ཡང་སྟོང་ཉིད་ངང་ལས་རོ་བདེ་བར་ཕྲིལ་ཕྲིལ་ཤར་བར་བསྒོམ་མོ། ད་ལྟར་དེ་རང་བདེ་སྟོང་དུ་བསྒོམས་པས། གོམས་པའི་ཚད་ནི་རང་ཉིད་བདེ་སྟོང་སྐྱེ་མེད་དུ་གནས་ལ་རོ་བདེ་བར་ཤར་བའོ། །དེའི་དུས་སུ་ནུབ་མོ་ལ་སོགས་པ་གཉིད་ཉལ་དུས་སུ་གཉིད་ལ་བསྒོམ། རྗེས་ཐོབ་ལ་དེ་ལྟར་བསྒོམས་པས་ལུས་ཡངས་བདེ་བ་ལ་སོགས་པའི་རྟགས་ཡོང༌། སྣང་བ་ཐམས་ཅད་བདེ་སྟོང་དུ་ལྷང་ལྷང་ཤར་བ་འོང་ངོ༌། །ཚེ་འདི་ཉིད་ལ་འོད་གསལ་དུ་གནས་ཏེ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །གལ་ཏེ་ཚེ་འདི་ལ་མ་ཐོབ་ཀྱང་བར་དོར་ཤེས་པ་འོད་གསལ་དུ་ཟིན་པ་འོང༌། དེ་ནས་བར་དོ་ནས་སངས་རྒྱས་ཏེ། རང་ལ་དབང་མེད་པར་མངལ་དུ་འཇུག་མི་སྲིད་དོ། །གལ་ཏེ་མངལ་དུ་ཞུགས་ཏེ་ལུས་ལན་དུས་ན་ཡང་གཞན་གྱི་དོན་དུ་རང་ལ་དབང་ཡོད་པས་རང་དགར་ཞུགས་ཏེ་ལུས་ལེན་པ་ནི་སྒྱུ་ལུས་བསྒོམ་པའི་གང་ཟག་དང་གཉིད་འོད་གསལ་དུ་བསྒོམ་པའི་གང་ཟག་དང་ལྡན་པ་གཉིས་སྲིད་ཀྱིས་དེ་མ་ཡིན་ན་ལུས་ལེན་མི་སྲིད་གསུངས། སློབ་


LT25_Page_099B
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ལྭ་བ་པས་ཀྱང་ལོ་བཅུ་གཉིས་ཀྱི་བར་དུ་གཉིད་ལོག་པས་མཆོག་ཐོབ་གསུངས། དེ་ནི་སྒྱུ་ལུས་དང་གཉིད་འོད་གསལ་དུ་གཞུག་པ་གཉིས་ཆར་གྱི་བསྒོམ་པའོ། ། ༈ ན་མོ་གུ་རུ། བར་དོ་གསུམ། སྒྱུ་ལུས་གསུམ། མངོན་དུ་བྱ་བ་གསུམ། བསྲེ་བ་གསུམ། མཚམས་སྦྱོར་གསུམ། དེ་ལ་སྐྱེ་ཤི་བར་དོ། ལུས་རྣམ་སྨིན་གྱི་ལུས། མངོན་དུ་འོད་གསལ་བྱ། བསྲེ་བ་ནི་འདོད་ཆགས་དང་བསྲེའོ། །དེ་ལས་འདོད་ཆགས་དང་བསྲེ་བ་ནི། གྲོལ་ལམ་པས་གཏུམ་མོ་ལ་བརྟེན་ནས་བསྒོམ་པས་ལུས་བདེ་བས་རྒྱས་ཏེ། དེ་ལ་མ་ཞེན་པར་འོད་གསལ་དུ་འཁྱེར་བའོ། །མཚམས་ནི་བླ་མའི་གདམས་ངག་གི་སྦྱར་བའོ། །བར་དོ་རྨི་ལམ་གྱི་བར་དོ། ལུས་བག་ཆགས་ཀྱི་ལུས། མངོན་དུ་རྨི་ལམ་བྱ། བསྲེ་བ་གཏི་མུག་དང་བསྲེ་བའོ། །གཏི་མུག་དང་བསྲེ་བ་ནི་གཉིད་ཐུག་པོའམ། ཟང་ཟིང་དུ་བཏང་བར་སྲ་བ་འཐུག་དྲན་པ་ལ་རྨི་ལམ་སྦྱང་ངོ༌། །མཚམས་ནི་དྲན་པ་དང་འདུན་པས་སྦྱར་རོ། །བར་དོ་ནི་སྲིད་པའི་བར་དོ། ལུས་ནི་ཡིད་ཀྱི་ལུས། མངོན་དུ་འོད་གསལ་བྱ༌། བསྲེ་ན་ཞེ་སྡང་དང་བསྲེ། ཞེ་སྡང་དང་བསྲེ་བ་ནི་བར་དོ་ཐ་མའི་དུས་སུ། ཕ་ལ་ཞེ་སྡང་མི་བསྐྱེད། མ་ལ་འདོད་ཆགས་མི་བསྐྱེད་པར་འོད་གསལ་དུ་འཁྱེར་བའོ། །བླ་མ་དང་ཡི་དམ་སྔར་བཞིན་ནོ། །མཚམས་ནི་ཕ་མ་ཡབ་ཡུམ་གཉིས་ཀྱིས་སྦྱར་རོ། ། ༈ ན་མོ་གུ་རུ། ཤོར་ས་བཞི་དང་གོལ་ས་གསུམ་སྤངས་ནས། བཞག་པར་མ་ལྟེངས། བཏང་བར་མ་འབྱམས། བཏང་སྙོམས་ཀྱི་ཤེས་པ་ལས་ལོག་པའི་ཤེས་པ་མ་བཅོས་པ་ལ་གཡར་བ་བག་ཐོན་པར་བྱས་ལ་བསྒོམ་པས་རྣལ་འབྱོར་རྣམ་པ་བཞི་བསྐྱེད་གསུངས་ཏེ། དེ་ལ་དང་པོ་ཤོར་ས་གཞི་ལ་


LT25_Page_100A
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ཤེས་བྱའི་གཤིས་ལ་ཤོར་བ་ན། མཚན་ཉིད་པའི་ལུགས་གཅིག་དང་དུ་བྲལ་གྱིས་སྟོང་ཉིད་དུ་གཏན་ལ་ཕབ་ནས། སྟོང་པ་ཉིད་ནམ་མཁའི་དཀྱིལ་ལྟ་བུ་དེ། རྣམ་རྟོག་གིས་བྱས་པས་རྟོག་པ་བསྒོམ་པ་ཡིན། སྔགས་པས་ཕྱི་སྣོད་ནང་བཅུད་ལ་རིམ་གྱིས་བསྡུས་པའམ། སྭ་བྷཱ་ཝ་ལ་སོགས་པ་སྔགས་ཀྱི་སྒོ་ནས་བློས་སྟོང་པ་ཉིད་ནམ་མཁའ་རྣམ་པར་དག་པ་ལྟ་བུར་བྱས་ནས་དེ་ལ་བློས་འཇོག་པའོ། །དེ་གཉིས་ཀ་བློས་བྱས་ཡིན་པས་ཤོར་ས་ཡིན་ནོ། །གཉིས་པ་སྟོང་པ་ཉིད་རྒྱས་འདེབས་སུ་ཤོར་བ་ནི། སྦྱིན་པ་ལ་སོགས་པ་གཏོང་བའི་ཡུལ་དང༌། གཏོང་མཁན་དང༌། དངོས་པོ་ཐམས་ཅད་མི་དམིགས་པར་སྟོང་པ་ཉིད་དུ་རྒྱས་བཏབ་ནས་བསྒོམ་པ་ཡིན་ཏེ། དེ་ཡང་བློས་བྱས་ཡིན་པས་སོ། །གསུམ་པ་སྟོང་པ་ཉིད་ཉོན་མོངས་པའི་གཉེན་པོར་ཤོར་བ་ནི། འདོད་ཆགས་ལ་སོགས་པ་གང་སྐྱེས་ཀྱང༌། དེ་དང་པོ་གང་ནས་མ་སྐྱེས། ད་ལྟ་ཅིའི་ངོ་བོར་ཡང་མ་གྲུབ། ཐ་མ་འདིར་འགགས་བྱ་བའི་འགགས་པ་མེད་པར་སྟོང་པ་ཉིད་དུ་བློ་ཡིས་འཇོག་པའོ། །བཞི་པ་སྟོང་པ་ཉིད་ལམ་དུ་ཤོར་བ་ནི། གང་ཚེ་སྟོང་པ་ཐབས་ཡིན་ན། །དེ་ཚེ་སངས་རྒྱས་ཉིད་མི་འབྱུང༌། །རྒྱུ་ལས་འབྲས་བུ་གཞན་ཡིན་ཕྱིར། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ཞེས་པ་སྟེ། འབྲས་བུ་ཆོས་སྐུ་བཟང་པོ་གཅིག་གུད་ན་ཡོད་པར་བྱས་ནས། དེའི་ལམ་དུ་སྟོང་པ་ཉིད་བློ་ཡིས་བྱས་ནས་བསྒོམ་པས་ཀྱང་ཆོས་སྐུ་དེ་མི་ཐོབ་པའོ། །ཤོར་ས་དེ་བཞི་སྤངས་བའི་གནས་ལུགས་ནི་རྟོག་པ་ཐམས་ཅད་དང་བྲལ་བའི་བློའི་ཡུལ་ལས་འདས་པའོ། །གོལ་ས་བཞི་ནི། བླ་མ་དམ་པ་གཅིག་གིས་སྤྱན་སྔར་བསྒོམ་ཁྲིད་པས། བདེ་བ་ཉམས་སུ་མྱོང་བ་སྐྱེས་ནས། བླ་མ་འདི་བསྒོམ་ལགས་སམ་མ་ལགས་ཞུས་པས།


LT25_Page_100B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡིན་པས་སྐྱོང་ཤིག་གསུངས་ནས་སྐྱོང་བའི་ཚེ། བདེ་བ་ཕྲིལ་ཕྲིལ་བྱུང་ན་དགའ་མི་དགའ་གཉིས་དང་བཅས་པའི་ཚུལ་གྱིས་ཉམས་སུ་བླངས་པས་འདོད་ཁམས་སུ་གོལ། དེ་བཞིན་དུ་མི་རྟོག་པ་གོང་མ་བཞིན་དུ་ཉམས་སུ་བླངས་པས་གཟུགས་མེད་དུ་གོལ། དེ་བཞིན་དུ་གསལ་བ་སྐྱེས་ནས་ཉམས་སུ་བླངས་པས་གཟུགས་ཁམས་སུ་གསོལ། དེ་གསུམ་དབྱེར་མེད་ལ་ཆགས་ཤིང་ཞེན་ན་ཉན་ཐོས་དང་རང་སངས་རྒྱས་སུ་གོལ་ཏེ་བློས་བྱས་པ་ཡིན་པས་སོ། །དེ་རྣམས་སྤངས་པའི་ཤེས་པ་མ་བཅོས་པ་ལ་བཞག་པས་བཞག་པར་ལྟེངས་པ་ནི་མི་རྟོག་པ་ལྟེང་ངེ་འདུག་གོ །བཏང་སར་འབྱམས་པ་ནི། རྟོག་པ་གཅིག་རྟིང་ནས་བརྒྱུད་མར་བྱུང་བའོ། །བཏང་སྙོམས་གནོད་སྦྱིན་རྟོག་པའི་ཞལ་གྱི་གདམས་ངག། དགེའོ། །


previousགདམས་ངག་མཛོད་པོད་བཅུ་དྲུག་པ། གནོད་སྦྱིན་མོའི་རྟོགས་པ་རིན་ཆེན་ཕྲེང་བའི་ཞལ་གདམས།next