Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་དྲུག་པ།  ཆོས་སྐྱོང་བྲག་ལྷ་མགོན་པོའི་མངོན་རྟོགས།
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་དྲུག་པ། ཆོས་སྐྱོང་བྲག་ལྷ་མགོན་པོའི་མངོན་རྟོགས།next

གདམས་ངག་མཛོད་པོད་བཅུ་དྲུག་པ།
ཆོས་སྐྱོང་བྲག་ལྷ་མགོན་པོའི་མངོན་རྟོགས།


LT25_Page_245A
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་བྲག་ལྷ་མགོན་པོའི་མངོན་རྟོགས་བཞུགས་སོ། །


LT25_Page_245B
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བསྟན་པའི་ཞིང་དུ་བསྟན་སྲུང་ལེགས་ལྡན་མཆོག །སངས་རྒྱས་བསྟན་ལ་བྱ་ར་རྒྱུན་དུ་མཛད། །མགོན་པོའི་གཙོ་བོ་མ་ཧཱ་ཀཱ་ལ་ཆེ། །ལེགས་ལྡན་བྲག་མགོན་བསྟན་སྲུང་ནག་པོར་བསྟོད། །དེ་ཉིད་སྤྲུལ་པའི་མངོན་རྟོགས་རིམ་པ་རྣམས། །བླ་མའི་གསུངས་ལས་ཇི་ལྟར་བྱུང་བ་ལྟར། །མ་ནོར་མ་འཆུག་མུ་ཏིག་ཕྲེང་མཛེས་ལྟར། །གཞན་ལ་ཕན་ཕྱིར་འདིར་ནི་འགོད་པར་བྱ། །ནག་པོ་ཆེན་པོ་སྒྲུབ་པར་འདོད་པ་དག་གིས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་རང་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་མདུང་དང་རང་གྲི་གཤིབ་པ། མ་མོ་དུ་མའི་ཚོགས་འཁྲུགས་པ། རླུང་ནག་དགུ་ཀློང་འཁྱིལ་བའི་དབུས། གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ཁང༌། དེའི་དབུས་སུ་དགྲ་བགེགས་ཕོ་མོ་བསྣོལ་བའི་སྟེང་དུ། གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། དེའི་དབུས་སུ་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཧཱུྃ་ལས་གྲི་གུག་མར་ནག་ལྟེ་བ་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་རེ་བ་ཚུལ་བཞིན་དུ་བསྐང༌། གདུག་པ་ཅན་ཐམས་ཅད་ཚར་བཅད། འོད་ཟེར་ཚུར་འདུས་གྲི་གུག་ཧཱུྃ་ལ་ཐིམ་པས། དེ་ཉིད་ཡོངས་སུ་གྱུར་པ་ལས། ཡེ་ཤེས་ཀྱི་མགོན་པོ། སྐུ་མདོག་དམར་ནག་ཞལ་གཅིག་པ་ཁྲོ་གཉེར་དང་ལྡན་པ། སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ། མཆེ་བ་བཞི་རབ་ཏུ་གཙིགས་པ། འཇིགས་པའི་ཞལ་གདངས་ཤིང་ལྗགས་གློག་ལྟར་དུ་འཁྱུག་པ། དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པ། གཡས་ཀྱི་ཕྱག་ན་དགྲ་བགེགས་ཀྱི་མགོ་བོ་འགེམས་པའི་བིང་རྩེ་མོ་ནོར་བུས་མཚན་པ་ཟུར་བཞི་དང་ལྡན་པ་མེ་སྟག་འཕྲོ་བ་འཛིན་པ། གཡོན་པས་སྤར་བུའི་


LT25_Page_246A
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་དགྲ་སྙིང་དང་བཅས་པ་འཛིན་པ། ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང༌། རློན་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། སྦྲུལ་ནག་གདུག་པ་ཅན་གྱིས་སེ་རལ་ཁ་དང་ཡན་ལག་ཐམས་ཅད་བརྒྱན་པ། སྐུ་སྨད་ལ་སྟག་ལྤགས་རློན་པའི་ཤམ་ཐབས་གསོལ་བ། ཞབས་གཡས་བསྐུམ། གཡོན་བརྐྱང་བ། དར་ནག་པོའི་འཇོལ་བེར་གསོལ་བ། མེའི་ཚྭ་ཚྭ་འཕྲོ་བ། གདུག་པ་ཅན་ཐམས་ཅད་བསྲེག་པའོ། །དེའི་མདུན་དུ་ལས་མཁན་མོན་པ་ནག་པོ། སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས། སྤྱན་གསུམ་བསྒྲད་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྗེས་པ། ཕྱག་གཡས་ཀྱིས་གྲི་གུག་ནམ་མཁར་འཕྱར་བ། གཡོན་པས་ཐོད་པ་དགྲ་སྙིང་གིས་བཀང་བ་འཛིན་པས་གཙོ་བོའི་ཞལ་དུ་སྟོབས་བཞིན་པ་དང་བཅས་པའོ། །གཞན་ཡང་ཡེ་ཤེས་ཀྱི་མགོན་པོ་སྤྲིན་ལྟ་བུ་གཏིབས་པ། ལས་ཀྱི་མགོན་པོ་དང་འཇིག་རྟེན་གྱི་མགོན་པོ་རླུང་ལྟར་དུ་འཚུབ་པ། གཞན་ཡང་མ་མོ་དང་གཤིན་རྗེའི་ཚོགས་དཔག་ཏུ་མེད་པ་ཤ་ལ་དགའ་བ། ཁྲག་ལ་རྔམས་པ། སྙིང་རྗེ་མེད་པ། གཟུགས་འཇིགས་པ། མདོག་མི་སྡུག་པའི་ཚོགས་དཔག་ཏུ་མེད་པས་སྐོར་བ་རྣམས་དང་བཅས་པར་གྱུར། མགོན་པོའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་དེ་རྣམས་ལས་འོད་ཟེར་འཕྲོས་པས། བསིལ་བ་འཚལ་ནས་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱས་ལ། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །དཔལ་ལྡན་ཡེ་ཤེས་མགོན་པོ་སྤྱན་དྲངས་ན། །ཐུགས་དམ་ཐུགས་རྗེའི་དབང་གིས་ནི། །


LT25_Page_246B
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨརྒྷཱཾ་ལ་སོགས་པས་མཆོད། ཛ༔ཧཱུྃ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར། ཆུའི་ལྷག་མ་ཡར་ལུད་པས་མི་བསྐྱོད་པས་དབུ་བརྒྱན། མགོན་པོའི་ཐུགས་ཀར་པདྨ་དང་ཉི་མའི་གདན་གྱི་སྟེང་དུ། ཧཱུྃ་མར་ནག་བསམ། དེའི་གཡས་བསྐོར་དུ། ཨོཾ་མ་ཧཱ་ཀཱ་ལ་དུ་རུ་སྭ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཅེས་པ་རྩ་བའི་བསྙེན་པ་དང༌། ཤཱ་ས་ཎའི་སྔགས་རིང་སྤྱི་དང་མཐུན་པར། གྲུབ་པའི་རྟགས་མ་བྱུང་གི་བར་དུ་བསྐྱལ་ལོ། །དམ་ཚིག་ཏུ་ཁྱི་དང་བྱ་ནག་རྡོ་མི་རྒྱབ། མགོན་པོ་ལ་གཏོར་མ་ཕུལ་བའི་རིམ་པ་ནི། རང་གི་མདུན་དུ་ཐོད་པའི་སྣོད་དམ། རིན་པོ་ཆེ་སྣོད་དུ་གཏོར་མ་བཤམས་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཀཾ་ལས་མི་མགོའི་སྒྱེད་པོ་གསུམ། ཨ་ལས་ཀ་པཱ་ལའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། མི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། ཧཱུྃ་བྷཱུྃ་ཨཾ་ཛྲིཾ་ཁཾ་ལས་ཡེ་ཤེས་ལྔ། དེ་རྣམས་ཀྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཐོད་པའི་ཁ་ཆོད་ཀྱི་ཚུལ་དུ་ཡོད་པའི་དབུས་སུ། རྡོ་རྗེ་ཕྱེད་པ་གྱེན་དུ་འགྲེངས་པའི་ཁོང་སེང་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར། རང་ཉིད་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གཏོར་མ་ལ་ཕོག །རླུང་གཡོས་མེ་སྦར། ཐོད་པ་དྲོངས། མི་གཙང་བ་སྤུ་བའི་ཚུལ་དུ་ཕྱིར་ལུད། རླངས་པ་འོད་ཟེར་གྱི་ཚུལ་དུ་ཡར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་མར་བཀུག་ནས། དམ་ཚིག་གི་བདུད་རྩི་དང་འདྲེས། སླར་ཡང་རྡོ་རྗེ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ཟླ་བའི་ཁ་ཆོད་དང་བཅས་


LT25_Page_247A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐོད་པའི་ནང་དུ་ལྷུང་བས། གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། མགོན་པོ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གཏོར་མ་ལ་ཟུག་ཅིང་གསོལ་བར་བསམ་ལ། རྩ་བའི་སྔགས་དང༌། ཤཱ་ས་ཎའི་སྔགས་ཀྱི་ཤམ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པ་གསུམ་མམ་བདུན་གང་རུང་གི་འབུལ། མཐར་ཨརྒྷཱཾ་ལ་སོགས་པས་མཆོད་ཅིང་བསྟོད་པ་ནི། ཧཱུྃ། རབ་འཇིགས་དུར་ཁྲོད་ཀེང་རུང་གཞལ་ཡས་ནས། །མདུང་དང་རང་གྲི་གཤིབ་པའི་གུར་ཁང་དུ། །མ་མོ་མཁའ་འགྲོ་རླུང་ལྟར་འཚུབས་པའི་དབུས། །གྲུ་གསུམ་དམར་ནག་འབར་བའི་གཞལ་ཡས་སུ། །དགྲ་བགེགས་བསྣོལ་ཞིང་གནམ་ལྕགས་འཁོར་ལོའི་སྟེང༌། །པདྨ་ཉི་ཟླ་བརྩེགས་པའི་གདན་སྟེང་དུ། །ཧཱུྃ་ལས་བྱུང་བའི་ནག་པོ་མཐུ་བོ་ཆེ། །སྤྱན་རས་གཟིགས་མགོན་བཀའ་སྲུང་དམ་ཚིག་ཅན། །བྲག་ལྷ་མགོན་པོ་མགོན་པོ་འབུམ་གྱི་རྗེ། །སངས་རྒྱས་བསྟན་སྲུང་ནག་པོ་ཁྱོད་ལ་འདུད། །ཧཱུྃ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། །ཆོས་ཉིད་མི་འགྱུར་ཐབས་དང་ཤེས་རབ་ལྡན། །ཞལ་གདམས་མཚེ་གཙིགས་སྤྱན་གསུམ་སྡང་མིག་གཡོ། །སྐྱེ་འདི་རྩད་གཅོད་དུས་གསུམ་ས་ལེར་གཟིགས། །ལེགས་ལྡན་ནག་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །དབུ་སྐྲ་གྱེན་བརྫེས་ཐོད་སྐམ་ལྔ་ཡིས་བརྒྱན། །ལྷ་མིན་གཡུལ་བཟློག་ཡེ་ཤེས་ལྔ་ཡིས་མཚན། །ཁྲོ་གཉེར་གཡོ་ཞིང་ཤངས་ནས་རླུང་སྒྲ་འབྱིན། །དམ་ལ་གནས་ཤིང་འབྱུང་པོ་འདུལ་བར་བྱེད། །ནག་པོ་བསྟན་སྲུང་ཁྱོད་ལ་ཕྱག་འཚལ་བསྟོད། །ལྗགས་འདྲིལ་འགྱུར་གྱིས་གསང་བའི་ཆོས་སྒྲ་སྒྲོགས། །གནོད་བྱེད་སྒྲོལ་


LT25_Page_247B
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དམ་ཚིག་ཅན་ལ་སྐྱོབ། །ཐོད་རློན་དོ་ཤལ་གདུག་པ་སྦྲུལ་གྱིས་བརྒྱན། །དུར་ཁྲོད་ཆས་ལྡན་ཀླུ་རིགས་བཞི་པོ་འདུལ། །རྣལ་འབྱོར་དགྲ་ལྷ་ནག་པོ་ཁྱོད་ལ་བསྟོད། །ཕྱག་གཡས་རིན་ཆེན་བིང་དང་གཡོན་པར་བུ། །ལོག་འདྲེན་འདུལ་ཞིང་སེམས་ཅན་རེ་བ་བཀང༌། །སྟག་ལྤགས་ཤམ་ཐབས་དར་ནག་འཇོལ་བེར་གསོལ། །མ་མོ་འདུ་ཞིང་དམ་ཅན་དབང་དུ་སྡུད། །བཀའ་ཡི་བསྟན་སྲུང་ནག་པོ་ཁྱོད་ལ་བསྟོད། །ཞབས་གཉིས་དོར་སྟབས་སྐུ་ནི་འགྱིང་བའི་ཚུལ། །དགྲ་བགེགས་སྒྲོལ་ཞིང་བདུད་དཔུང་མ་ལུས་འདུལ། །ལྷ་ཡི་ལྷ་མཆོག་ནག་པོ་ཁྱོད་ལ་བསྟོད། །རྣལ་འབྱོར་གང་ཞིག་དམ་ཚིག་ལྡན་པ་ལ། །ཚུལ་བཞིན་རེ་བ་བསྐོང་བའི་ནག་པོ་ཆེ། །ཕུད་གཏོར་གཙང་མ་ཤ་ཁྲག་དམར་གྱིས་བརྒྱན། ལེབ་རྒན་དམར་ནག་པཎ་ འབར་པའི་འཕན་དང་བཙུག །ཟེར་བའང་དར་མཛེས་པར་བརྒྱན། །བདུད་རྩི་ཆང་མཆོག་ཕུད་རྒོད་བྲན་པ་འདི། །དཔལ་ལྡན་བྲག་མགོན་འཁོར་དང་བཅས་ལ་འབུལ། །སངས་རྒྱས་བསྟན་པ་སྲུང་ཕྱིར་བཞེས་སུ་གསོལ། །རྣལ་འབྱོར་ཕྲིན་ལས་བསྒྲུབ་ཕྱིར་བཞེས་སུ་གསོལ། །སྔོན་ཚེ་སྤྱན་རས་གཟིགས་མགོན་སྤྱན་སྔ་རུ། །ཁས་བླངས་དམ་བཅས་དམ་ཚིག་དྲན་གྱིས་ལ། །རྣལ་འབྱོར་བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབས། །ཞེས་པས་མཆོད་ཅིང་བསྟོད་ལ། ཚོགས་ཀྱི་ཡོ་བྱད་ལ་སོགས་པ་རྒྱ་ཆེར་བྱའོ། །མཐར་གཤེགས་བསྡུ་བསྔོ་བ་སྨོན་ལམ་བཀྲ་ཤིས་ལ་སོགས་པ་རྗེས་ཀྱི་བྱ་བ་ལ་བརྩོན་པར་བྱའོ། །དཔལ་ལྡན་བྲག་ལྷ་མགོན་པོའི་མངོན་པར་རྟོགས་པ་གཏོར་བསྔོས་མཆོད་བསྟོད་དང་བཅས་པ་འདི། རྗེ་བཙུན་མི་ཏྲའི་མན་ངག་སྙན་དུ་བརྒྱུད་པ་སློབ་མ་གཅིག་བརྒྱུད་དུ་


LT25_Page_248A
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པའི་མན་ངག །རིན་པ་ཆེ་གསེར་ཞུན་མ་འདྲིལ་བ་ལྟ་བུ་འདི་ཡི་གེ་རིས་སུ་སྡེབ་ཏུ་མེད་པ་ལ། གཞན་མ་འགའ་ལ་ཕན་པའི་ཕྱིར་དུ་རྗེ་བཙུན་གྲགས་པ་རིན་ཆེན་གྱི་དྲུང་དུ། མང་དུ་ཐོས་པའི་སློབ་དཔོན་སངས་རྒྱས་འོད་ཟེར་གྱིས་ཡང་ཡང་གསོལ་བ་བཏབ་ཅིང་བསྐུལ་བའི་ངོར། མགོན་པོ་མཆོག་གི་རྣལ་འབྱོར་པ་གྷིར་ཏི་རཏྣས་དབེན་གནས་མདོ་ཆེན་དགོན་པར་ལེགས་པར་སྦྱར་བའི་ཡི་གེ་པ་ནི་བུདྡྷ་བཛྲས་བགྱིས་པའོ།། དགེ་བས་འགྲོ་བ་འདྲེན་པར་ཤོག །ཤིན་ཏུ་དག་པ་སྦྱར་བ་འདི་སུ་ལ་མི་བསྟན་སྦ་བར་བྱའོ། །མངྒ་ལཾ།


previousགདམས་ངག་མཛོད་པོད་བཅུ་དྲུག་པ། ཆོས་སྐྱོང་བྲག་ལྷ་མགོན་པོའི་མངོན་རྟོགས།next