Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་དྲུག་པ།  ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་རྩ་བ་མདོ་ཡི་ལུང་དང་སྦྱར་བ།
   
   
   


 
previousགདམས་ངག་མཛོད་པོད་བཅུ་དྲུག་པ། ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་རྩ་བ་མདོ་ཡི་ལུང་དང་སྦྱར་བ།next

གདམས་ངག་མཛོད་པོད་བཅུ་དྲུག་པ།
ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་རྩ་བ་མདོ་ཡི་ལུང་དང་སྦྱར་བ།


LT25_Page_277A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་རྩ་བ་མདོ་ཡི་ལུང་དང་སྦྱར་བ་བཞུགས་སོ། །


LT25_Page_277B
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉིད་ངལ་གསོའི་ངོ་སྤྲོད་བརྒྱད་སྟོང་པའི་ཆོས་འཕགས་ཀྱི་ལེའུ་ལས་གསུངས་པ། ཨེ་མ་ཧོ་གདོད་ནས་མ་སྐྱེས་པ། །འཁོར་དང་འདས་པའི་བྱེད་རྒྱུ་ཅན། །གཞན་མིན་རང་གི་སྙིང་དབུས་གནས། །བླ་མའི་ཞལ་ལས་ཤེས་པར་བྱ། །ཞེས་པའི་དོན། འདི་ལྟ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །དེ་བཞིན་དུ། གང་སྐྱེ་གཉུག་མ་ཉིད་ཡིན་ཕྱིར། །གང་ཤར་དྲན་པས་མ་བརྗེད་ན། །དེ་ཤར་སྟོང་པ་ཉིད་བདག་ཏུ། །རྣལ་འབྱོར་རྒྱལ་པོ་གདོན་མི་ཟ། །ཆོས་ཐམས་ཅད་དབེན་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པ་ཉིད་དོ། །གང་ཤར་ཐམས་ཅད་དེ་ཡིན་ཏེ། །དེ་ནི་གང་དུའང་མ་ཤར་བའོ། །དེ་ཕྱིར་གང་སྐྱེས་དེ་མ་སྐྱེས། །མ་སྐྱེས་པ་ཉིད་སྐྱེ་བའི་ཚུལ། །ཆོས་ཐམས་ཅད་གཡོ་བ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཡོ་བ་མེད་པ་ཉིད་དོ། །གཡས་བརྐྱང་གཡོན་བསྐུམ་སྡིགས་མཛུབ་གཏད། །རྡོ་རྗེའི་ལྟ་བས་བལྟས་ནས་


LT25_Page_278A
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རྟ་མཆོག་དལ་བུས་འགྲོ་འོང་ལ། །གནས་ནས་དུ་མ་གཅིག་ཏུ་བྱ། །ཆོས་ཐམས་ཅད་རློམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རློམ་པ་མེད་པ་ཉིད་དོ། །རྐང་པ་རྒྱ་མཚོ་ཆེ་ལ་བཞག །ལག་པས་ས་སྟེང་ཀུན་ཏུ་ཉུལ། །མིག་གཉིས་ནམ་མཁར་བལྟ་བྱ་སྟེ། །ཡིད་ནི་གང་དུའང་མི་གཡོ་བའོ། །ཆོས་ཐམས་ཅད་ཁེངས་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁེངས་པ་མེད་པ་ཉིད་དོ། །སྒེག་མོ་མེ་ལོང་སྟོབས་ཀྱི་གྱད། །ཁྲི་བཙུན་རྒྱལ་པོའི་བཙུན་མོ་དང༌། །ཕྱགས་དར་བ་དང་སྨད་འཚོང་བཞིན༌། །གཅིག་པུ་གྲོགས་དང་འགྲོགས་པར་བྱོས། །ཆོས་ཐམས་ཅད་རོ་གཅིག་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རོ་གཅིག་པ་ཉིད་དོ། །སྟག་དང་སེང་གེ་གླང་ཆེན་དང༌། །རྔ་མོ་ཁྲི་སྙན་སྤྲེའུ་དང༌། །ཙན་དན་སྡོང་པོ་མི་རོ་ལྟར། །མཁས་པས་སྟོང་གཉིད་རྣལ་འབྱོར་བྱ། །ཆོས་ཐམས་ཅད་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །རི་གཟར་


LT25_Page_278B
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་དང་རྒྱ་མཚོ་ཆེ། །བུ་གཅིག་མ་དང་གླང་པོ་སྐྱོང། །གངས་རི་དང་ནི་ཤེལ་དག་བཞིན། །དམིགས་བྲལ་གྱུར་ནས་གཞི་ཚུགས་པའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་པ་ཉིད་དོ། །ཐོག་མ་བར་དང་མཐར་རིམ་བཞིན། །རྩ་བ་ངོ་བོ་བྱེད་བྲལ་བ། །རྨི་ལམ་གྱི་ནི་མར་མེ་བཞིན། །སྙིང་བརྩེ་མི་གཡོ་གོམས་པས་འགྲུབ། །ཆོས་ཐམས་ཅད་འགགས་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགགས་པ་མེད་པ་ཉིད་དོ། །འགྲོ་འོང་གནས་ནི་སྐྱེ་གནས་འགགས། །རྣམ་དག་སྟོང་པ་ཉིད་རྣམ་གསུམ། །བདེ་ཆེན་འོད་གསལ་རྣམ་མི་རྟོག །བློ་བཟང་རྣམས་ཀྱིས་མཉམ་པར་བཞག །ནམ་མཁའ་མུ་མེད་པ་ཉིད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །སྙིང་རྗེ་ཆེན་པོ་མདུན་བཞག་སྟེ། །དེ་ཉིད་མ་ཡེངས་རྟག་བལྟ་ཞིང། །ལྷ་དང་བླ་མའི་སྦྱོར་བ་ཡིས། །སྒྲུབ་པ་པོ་ནི་ངལ་བསོ་བྱ། །རྒྱ་མཚོ་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །བུ་ཉོན་ཁྱོད་གང་རྣམ་པར་རྟོག །འདིར་བདག་མ་བཅིངས་མ་གྲོལ་ཕྱིར། །མ་ཡེངས་མ་བཅོས་རང་དགར་ནི། །ཀྱེ་ཧོ་དུབ་པ་ངལ་བསོས་ཤིག །རི་རབ་སྣ་ཚོགས་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྣ་ཚོགས་པ་ཉིད་དོ། །གཟུགས་བརྙན་གཟུགས་དང་བྲག་ཆ་འདྲ། །དངོས་དང་རྨི་ལམ་དྲན་པའི་ཡིད། །ཏིང་ངེ་འཛིན་དང་འབྲེལ་བ་དང༌། །ཟད་པར་བསྒོམ་པའི་སྦྱོར་བའོ། །ནམ་མཁའ་རྟོག་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོག་པ་མེད་པ་ཉིད་དོ། །སོ་སོར་རྟོག་དང་རྟེན་བྲལ་དང༌། །རྟག་ཏུ་རྒྱུན་མི་འཆད་བསྒོམ་པ། །གསེར་བཞིན་མེ་བཞིན་ནམ་མཁའ་བཞིན། །ཤེས་བྱེད་ཞི་བྱེད་དག་པར་བྱེད། །གཟུགས་མུ་མེད་པ་ཉིད་པས་ཤེས་


LT25_Page_279A
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱི་ཕ་རོལ་ཏུ་མུ་མེད་པ་ཉིད་དོ། །སྣང་མེད་དེ་སྣང་རྐྱེན་གྱིས་སྣང། །ནམ་མཁའ་མེ་ལོང་ཤེལ་བཞིན་ཏེ། །ཏིང་ངེ་འཛིན་དང་ཡེ་ཤེས་དང༌། །གཟུངས་ཀྱི་སྒོ་ཡིས་དེ་རྟོགས་བྱེད། །དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །མཐོང་བ་མཉམ་བཞག་འོད་གསལ་ཏེ། །དེ་ཚེ་དེ་མཐོང་དེ་མ་སྐྱེས། །ཤིན་ཏུ་མི་རྟོག་རྩེ་གཅིག་གནས། །གཡེང་བའི་རྡུལ་དང་བྲལ་བ་ཉིད། །སའི་ཁམས་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །རླུང་ནི་གར་འགྲོ་དེར་སེམས་འགྲོ། །དེ་ལུས་ཁྱིམ་ནང་བཙན་བཟུང་སྟེ། །ཡིད་ཀྱི་སྐྱེས་བུ་བསད་བྱས་ན། །དེ་མེད་སེམས་ནི་གང་དུ་འགྲོ། །དེ་བཞིན་དུ་ཆུའི་ཁམས་དང༌། མེའི་ཁམས་དང༌། རླུང་གི་ཁམས་དང༌། ཐམས་ཅད་རང་བཞིན་མ་བཅོས་པ། །ཀུན་རྟོག་ཐམས་ཅད་རྐྱེན་གྱི་དབང༌། །རང་བཞིན་གསུམ་གྱི་དེ་ཤེས་ན། །ཀུན་རྟོག་ཀུན་རྟོག་མེད་པར་བྱེད། །ནམ་མཁའི་ཁམས་དང༌། མཐོང་བས་གྲུབ་དང་གཞིག་པ་ན། །མེད་ཅེས་རྣམ་པར་རྟོག་པར་ཟད། །འདི་ལ་གདོད་ནས་ཅི་ཡང་མེད། །བུ་ཀྱེ་ནམ་འཁར་བསྒོམ་པར་བྱོས། །རྣམ་པར་ཤེས་པའི་ཁམས་མུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་དོ། །ག་བུར་དང་ནི་དེ་ཡི་དྲི། །ཕན་ཚུན་དེ་མེད་དེ་ཡང་མེད། །དེ་བཞིན་རྐྱེན་དང་རྐྱེན་བྲལ་བ། །སོ་སོར་མ་ཡིན་རང་དགར་བསྒོམ། །རྡོ་རྗེ་ལྟ་བུའི་ཆོས་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །མཉམ་པའི་སེམས་ཀྱིས་གཡོ་བ་འགོགས། །མི་མཉམ་དྲན་པས་འཆིང་བར་བྱེད། །དེ་ཚེ་དེ་དང་


LT25_Page_279B
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་མཉམ་བཞག །རྣམ་པར་རྟོག་པ་གསོད་པར་བྱེད། །ཆོས་ཐམས་ཅད་མ་འདྲེས་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འདྲེས་པ་ཉིད་དོ། །ཁྲུས་བྱས་ནམ་མཁའི་གོས་གྱོན་ལ། །རྣམ་པར་རྟོག་པ་སྦྱིན་སྲེག་བྱ། །དྲན་པའི་ཐལ་བ་འཇུག་ངོགས་སུ། །ཆུ་ཀླུང་ལྷན་ཅིག་སྦྱོར་བར་བྱོས། །ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དམིགས་སུ་མེད་པ་ཉིད་དོ། །སྣོད་བཅུད་རླུང་རྒྱུན་བརྟན་གཡོ་མཁའ། །ཉི་མ་ཟླ་བ་སྒྲ་གཅན་འཛིན། །མེ་ཁྱེར་ཆར་དང་བུང་བའི་དཔེས། །དམ་ཚིག་ཕྱག་རྒྱ་དབང་དུ་འགྱུར། །ཆོས་ཐམས་ཅད་རྣམ་པར་འཇིག་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཇིག་པ་མེད་པ་ཉིད་དོ། །སྣ་ཚོགས་ཡིད་ནི་མེ་ཏོག་ལ། །དགའ་བ་བཞི་ཡི་བཅུད་བླངས་ཏེ། །ལྷན་ཅིག་སྐྱེས་པའི་རོ་མྱོང་ན། །ཡིད་ཀྱི་སྐྱེས་བུ་ཚིམ་པར་བྱེད། །ཆོས་ཐམས་ཅད་བྱེད་པ་མེད་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱེད་པ་མེད་པ་ཉིད་དོ། །ལུས་རླུང་རྩ་ཆེན་ཕྱག་རྒྱ་ཡིས། །ལུས་ངག་ཡིད་ནི་བཅིང་བར་བྱ། །དྲོད་ཐོབ་པ་ལ་ཐོགས་པ་མེད། །ཀུན་སྤྱོད་ངེས་པར་མི་བྱའོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་མི་ཁྱབ་ཉིད་དུ་རིག་པར་བྱའོ། །ཞེས་མདོ་ལས་གསུངས་སོ། །སེམས་ཉིད་ངལ་གསོའི་རྩ་བ་རྒྱུད་ཀྱི་ལུང་དང་སྦྱར་བར་བཞུགས་སོ། །ཨེ་མ་ཧོ། གསང་འདུས་རྒྱུད་ཕྱི་མར། ཨེ་མ་ཧོ། འདི་རབ་ངོ་མཚར་ཆེ། །ཨེ་མ་ཧོ་ཞི་བ་དབང་པོ་འདས། །ཨེ་མ་ཧོ་འཁོར་བ་དག་པའི་རྒྱུན། །ཨེ་མ་ཧོ་མཆོག་ཏུ་མྱ་ངན་འདས། །གདོད་ནས་མ་སྐྱེས་པ། གསང་འདུས་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་


LT25_Page_280A
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང་སྐྱེ་མཆེད་དང༌། །གཟུགས་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །འཁོར་དང་བཅས་པའི་བྱེད་རྒྱུ་ཅན། །སམ་བུ་ཊི་ལས། །སྡུག་བསྔལ་ཕུང་པོ་དུ་མའི་མཚན་གྱུར་པ། །ཀུན་རྟོག་མང་པོའི་མུན་པས་ཁྱབ་གྱུར་པའི། །རབ་ཏུ་འཇོམས་པས་སྨྱོ་ཞིང་གློག་འགྱུ་བ། །ཆགས་སོགས་དགག་དཀའི་དྲི་མས་གོས་གྱུར་པའི། །སེམས་ནི་རྡོ་རྗེ་ཅན་གྱིས་འཁོར་བར་གསུངས། །རང་བཞིན་འོད་གསལ་རྟོག་ལས་རྣམ་པར་གྲོལ། །འདོད་ཆགས་ལ་སོགས་དྲི་མས་གོས་བྲལ་བའི། །གཟུང་བ་དང་ནི་འཛིན་མེད་སེམས་དཔའ་མཆོག །དེ་ཉིད་མྱ་ངན་འདས་པ་མཆོག་ཏུ་གསུངས། །གཞན་མིན། སམ་བུ་ཊ་ལས༌། སྡུག་བསྔལ་ཕུང་པོ་དུ་མའི་མཚན་གྱུར་པ། །འདི་ལས་གཞན་དུ་ཅུང་ཟད་ཡོད་མ་ཡིན། །བདེ་བ་མཐའ་ཡས་འབྱུང་བའི་རྒྱུར་འགྱུར་པ། །དེ་ལས་གཞན་དུ་འགྲོ་བ་ཡོད་མ་ཡིན། །སྡུག་བསྔལ་མ་ལུས་ཟད་པར་འདོད་པ་དང༌། །རྫོགས་སངས་རྒྱས་ཀྱི་བདེ་མཆོག་ཐོབ་འདོད་པ། །སེམས་ནི་བརྟན་པར་བྱས་ནས་འབད་པས་དཔྱད། །དེ་ཡི་རང་བཞིན་དངོས་པོ་མེད་པར་བྱ། །ཇི་སྲིད་རྟོག་པའི་མུན་པའི་ཡོལ་སྡུག་པོས། །སྐྱེ་རྒུའི་ཡིད་སྒྲིབ་དེ་སྲིད་སྡུག་མཐའ་ཡས། །ཇི་སྲིད་དེ་ནས་དེ་ནི་བྲལ་ཡིན་པས། །དེ་སྲིད་བདེ་བ་རྒྱ་ཆེན་ཐ་དད་མིན། །མཉམ་པ་ཀུན་གྱི་མཐར་ཐུག་འཕགས་དགྱེས་པའི། །དེ་ཡིས་བྲད་ཕྱིར་རང་གི་བྱ་བ་ཡང༌། །རྒྱས་པ་དེ་ཡི་གང་དག་འགྲོ་བ་ལྟ། །རང་གི་སྙིང་དབུས་གནས། །སམ་བུ་ཊ་ལས། དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །


LT25_Page_280B
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་རྣམ་པའི་གཟུགས་ཅན་ལ། །དེ་ཉིད་ཡུལ་ལས་རྣམ་པར་འདས། །སྲོག་ཆགས་ཀུན་གྱི་སྙིང་ལ་གནས། །བླ་མའི་ཞལ་ལས་ཤེས་པར་འགྱུར། །ཇི་ལྟར་ནང་དུ་རྣམ་གནས་པས། །བླ་མའི་ཞལ་ལས་རྙེད་པར་འགྱུར། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཇི་ལྟར་མར་མེ་བུམ་ནང་གནས། །ཕ་རོལ་ཏུ་ནི་འོད་མི་གསལ། །བུམ་པ་དེ་ཉིད་ཆག་པར་གྱུར། །དེ་འོག་མར་མེ་གསལ་བར་འགྱུར། །དེ་བཞིན་རང་ལུས་བུམ་པ་ཉིད། །དེ་ཉིད་མར་མེ་ཉིད་ལྟ་བུ། །བླ་མའི་ཁ་ཡིས་ལེགས་བཅག་ནས། །སྦྱོར་བ་དེ་ཉིད་སྟོན་པ་ཡིན། །གང་སྐྱེས་གཉུག་མ་ཉིད་ཡིན་ཕྱིར། །གསང་འདུས་ལས། དངོས་པོ་འདི་རྣམས་མ་སྐྱེས་པས། །ཆོས་དང་ཆོས་ཉིད་མེད་པ་སྟེ། །ནམ་མཁའ་ལྟ་བུ་བདག་མེད་པ། །བྱང་ཆུབ་ཚུལ་འདི་བསྟན་པའོ། །གང་ཤར་ཐམས་ཅད་དེ་ཡིན་ཏེ། །གསང་འདུས་ལས། ཆོས་རྣམས་རང་བཞིན་འོད་གསལ་བ། །གདོད་ནས་དག་པ་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །གཡས་བརྐྱང་གཡོན་བསྐུམ་སྡིགས་མཛུབ་གཏད། །སམ་བུ་ཊ་ལས། སྙིང་རྗེ་ལྡན་པས་སེམས་ཅན་ལ། །རྒྱབ་ཀྱིས་ཕྱོགས་པར་མི་བྱ་སྟེ། །སེམས་ཅན་ཡོད་དང་ཡོད་མིན་ཞེས། །དེ་ལྟར་ཡོངས་སུ་བརྟག་མི་བྱ། །སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་རབ་ཏུ་གྲགས། །ཡིད་བཞིན་ནོར་བུ་མ་ལུས་པའི། །ཐམས་ཅད་དོན་བྱེད་སྙིང་རྗེ་ཉིད། །དམིགས་མེད་གནས་སུ་ཤེས་རབ་དང༌། །དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པ། །ནམ་མཁར་ནམ་མཁའ་ཇི་ལྟ་བའོ། །རྐང་པ་རྒྱ་མཚོ་ཆེ་ལ་བཞག །


LT25_Page_281A
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ལུང་སྟོན་ལས། ཕ་ནི་ཞི་གནས་ཡིན་ཞེས་བྱ། །མ་ནི་ལྷག་མཐོང་ཡིན་པར་བཤད། །དེ་བཞིན་ཉིད་ཤེས་ལུས་སུ་གྱུར། །ཞི་བ་རྣལ་འབྱོར་པ་ཡི་ཟས། །གཅིག་པུ་གྲོགས་དང་འགྲོགས་པར་བྱོས། །སམ་བུ་ཊ་ལས། གཟུགས་རྣམས་ཐམས་ཅད་ལྟ་བ་དང༌། །སྒྲ་རྣམས་ཉིད་ཀྱང་མཉམ་པ་དང༌། །སྨྲ་བ་དང་ནི་དགོད་པ་དང༌། །སྣ་ཚོགས་རོ་ནི་ཟ་བ་དང༌། །ལས་རྣམས་ཐམས་ཅད་བྱེད་པ་དང༌། །གཞན་དུ་སེམས་ནི་མི་འཕྲོ་བས། །དེ་ཉིད་རིག་པའི་རྣལ་འབྱོར་པའི། །རྣལ་འབྱོར་རྟག་ཏུ་སྐྱེ་བར་འགྱུར། །མཁས་པས་སྟོང་ཉིད་རྣལ་འབྱོར་བྱ། །སམ་བུ་ཊ་ལས། རྣམ་པ་མེད་ཅིང་རྟོག་པ་མེད། །འདོད་པ་མེད་ཅིང་སྡིག་པ་བྲལ། །ཐོག་མ་ཐ་མའི་རྟོག་ལས་གྲོལ། །ནམ་མཁའ་ལྟ་བུར་མཁས་པས་བསྒོམ། །དམིགས་བྲལ་གྱུར་ན་གཞི་ཚུག་པའོ། །གསང་འདུས་ལས། དངོས་པོ་མེད་པ་བསྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །རྨི་ལམ་དང་ནི་མར་མེ་བཞིན། །གསང་འདུས་ལས། ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང༌། །རང་བཞིན་དག་པ་དེ་ཉིད་ལ། །འཁྲུལ་པའི་རྡོ་རྗེ་རབ་ཏུ་གསུངས། །འགྲོ་འོང་ནས་ནི་སྐྱེས་གནས་འགགས། །དེ་བཞིན་འགྲོ་འོང་གནས་པ་རྣམས། །ཅུང་ཟད་ཙམ་ཡང་ཡོད་མ་ཡིན། །གནས་མེད་གནས་པའི་སྦྱོར་བ་ཡིས། །གནས་པ་ནམ་མཁའི་མཚན་ཉིད་ཡིན། །དེ་ཉིད་མ་ཡེངས་རྟག་བལྟ་ཞིང༌། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། འགྲོ་དང་འདུག་དང་གནས་པ་ན། །མཆོག་ཏུ་ཟབ་པའི་གནས་ལ་བརྟག །འོད་གསལ་ཡེ་ཤེས་ལམ་མཁན་ལ། །མཚན་ཉིད་རྟོགས་པའི་


LT25_Page_281B
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་པའི། །བསམ་གཏན་སྦྱོར་བ་འདི་ཡིས་ནི། །སེམས་ཀྱི་རིན་ཆེན་བརྟན་པར་འགྱུར། །མ་ཡེངས་མ་བཅོས་རང་དགར་ནི། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དེ་ལྟར་གྱུར་པས་ཞུགས་ནས་ཀྱང༌། །ཇི་སྲིད་སེམས་ནི་མི་སྐྱོ་བར། །མཉམ་བཞག་ཡིད་ནི་བཟང་པོ་དང༌། །དེ་ལ་འབད་པས་བསྒོམ་པར་བྱ། །དེ་འོག་ལ་ནི་ཅི་དགའ་བའི། །སྤྱད་པ་ཡིས་ནི་གཅིག་བྱས་ན། །ཅུང་ཟད་སྤྱན་ཕྱེ་བ་ཡིས་མཚན། །བྱང་ཆུབ་རྒྱ་ཆེན་འཐོབ་པར་འགྱུར། །དགོད་དམ་སྨྲའམ་འགུགས་པ་འམ། །ལ་ལར་རབ་ཏུ་གར་བྱེད་པར། །ཇི་སྲིད་སྐྱེ་བར་མི་འགྱུར་བས། །བསྒོམ་པའི་སེམས་ལ་ཞེན་པར་བྱ། །དེ་ལྟའི་དམ་ཚིག་ལྡན་གྱུར་ཅིང༌། །རྣམ་པར་མི་རྟོག་སྔགས་པ་ཡིས། །དུས་ཀྱི་ངེས་པ་ཡོངས་སྤངས་ནས། བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །གཟུགས་བརྙན་གཟུགས་དང་བྲག་ཆ་སྒྲ། །དགོངས་པ་ལུང་སྟོན་ལས། བྲག་ཆ་དང་ནི་གཟུགས་བརྙན་དང༌། །སྒྱུ་མ་དང་ནི་སྨིག་རྒྱུ་དང༌། །དེ་བཞིན་ཆུ་ཟླ་རྨི་ལམ་སྟེ། །ཆོས་རྣམས་ཐམས་ཅད་དེ་དང་འདྲ། །སོ་སོར་རྟོག་དང་རྟེན་བྲལ་དང༌། །དགོངས་པ་ལུང་སྟོན་ལས། །འདི་ལྟར་དཔེར་ན་རིག་ཀྱི་བུ། །རྩུབ་ཤིང་རྩུབ་སྟན་བཅས་པ་དང༌། །སྐྱེས་བུའི་ལག་པ་བསྐྱོད་པ་ཡིས། །རྐྱེན་ལས་དུ་བ་འབྱུང་བར་འགྱུར། །དེ་ལས་མེ་ཡང་འབྱུང་མོད་ཀྱི། །རྩུབ་ཤིང་ལ་སོགས་རེ་རེ་ནས། །འདི་ལྟར་སོ་སོར་བརྟགས་ན་ཀོ། །མེ་དེ་གང་ནའང་མི་གནས་སོ། །སྣང་མེད་དེ་སྣང་རྐྱེན་གྱིས་སྣང༌། །ཕག་མོ་མངོན་འབྱུང་ལས། སྣང་བ་མེད་པའི་གནས་ལ་གནས། །སྣང་བ་མེད་པར་ཡང་དག་བརྟེན། །དཔྱོད་པ་མེད་པའི་ཆོས་རྣམས་ལ། །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །རྟེན་འབྲེལ་


LT25_Page_282A
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དང་མཉམ་པའི་ཆོས། །དངོས་མེད་མཚན་མ་མེད་པའོ། །མཐོང་བ་མཉམ་བཞག་འོད་གསལ་དེ། །སམ་བུ་ཊ་ལས། དབང་པོ་གང་དང་གང་ལམ་ཉིད། །དེ་དག་དེའི་རང་བཞིན་ལས། །མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་པར་ཤིན་ཏུ་མཉམ་བཞག་ཉིད། །རླུང་ནི་གར་འགྲོ་དེར་སེམས་འགྲོ། །དགོངས་པ་ལུང་སྟོན་ལས། རླུང་རྣམས་ཕྲ་བའི་གཟུགས་ཀྱིས་སུ། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་སྒོ་ནས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་འཇུག་པར་འགྱུར། །ཐམས་ཅད་རང་བཞིན་མ་བཅོས་པ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཆོས་རྣམས་རང་བཞིན་འོད་གསལ་བ། །གཟོད་ནས་དག་ཅིང་རྙོག་པ་མེད། །སེམས་ཅན་མེད་ཅིང་སྲོག་ཀྱང་མེད། །སངས་རྒྱས་ཉིད་དང་བྱང་ཆུབ་མེད། །རྨི་ལམ་སྒྱུ་མ་ལྟར་སྣང་བའི། །བྱང་ཆུབ་སེམས་ནི་བརྟན་པ་ཡིན། །བུ་ཀྱེ་ནམ་མཁའ་སྒོམ་པར་བྱོས། །དཔལ་མཆོག་དང་པོ་ལས། ཐམས་ཅད་ནམ་མཁའི་མཚན་ཉིད་ལས། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་བ་ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །སོ་སོར་མ་ཡིན་རང་དགར་བསྒོམ། །སྡོམ་འབྱུང་ལས། དེ་བཞིན་སེམས་དེ་སེམས་མེད་ལ། །གཅིག་དང་སྣ་ཚོགས་རྟོག་པར་བྱེད། །དངོས་པོ་དངོས་མེད་བྱེ་བྲག་དག །རྣམས་སྤངས་གང་ན་རང་ཉིད་ནི། །ལྷན་སྐྱེས་དགའ་བའི་རང་བཞིན་གསལ། །རྣམ་པར་རྟོག་པ་གསོད་པར་བྱེད། །སམ་བུ་ཊ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །རྣམ་པར་རྟོག་པ་སྦྱིན་སྲེག་བྱ། །རྡོ་རྗེ་མཁའ་འགྲོར། ཕུང་སོགས་ཡམ་ཤིང་ཡེ་ཤེས་མེ། །ལས་ཀྱི་རླུང་གི་མེ་སྤར་བས། །ལྟེ་


LT25_Page_282B
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དཀྱིལ་འཁོར་འདིར་ནི་བསམ། །ཚངས་པའི་མེ་ནི་སུམ་མདོར་གནས། །དགང་གཟར་ལ་ལ་ནཱར་ནི་གསུངས། །བླུགས་གཟར་ཁ་ནི་ར་ས་ནཱར། །དབྱུག་པ་རིན་ཆེན་རྡོ་རྗེའི་མཐར། །ཇི་སྲིད་རང་གི་རྡོ་རྗེའི་བར། །ཐོད་པ་སྲོག་རྫས་སྣོད་ཡིན་ཏེ། །བསྲེག་བྱ་རྫས་རྣམས་ཐམས་ཅད་དོ། །རིམ་པར་དེ་ལྟར་བརྗོད་པར་བྱ། །སྦྱིན་སྲེག་བླ་ན་མེད་པ་སྟེ། །ལྷ་མོ་ཁྱོད་ལ་བཤད་པ་ཡིན། །དགའ་བ་རྣམ་བཞིའི་བཅུད་བླངས་ཏེ། །སམ་བུ་ཊ་ལས། དགའ་བ་དང་པོ་དཔའ་བོ་སྟེ། །མཆོག་ཏུ་དགའ་བ་རྣལ་འབྱོར་བདག །ཤིན་ཏུ་བདེ་དགའ་ཐམས་ཅད་ངེས། །དེ་བདེ་ཐབས་ལས་ཐམས་ཅད་རིག །དམ་ཚིག་ཕྱག་རྒྱ་དབང་དུ་འགྱུར། །སམ་བུ་ཊ་ལས། དང་པོའི་ལང་ཚོ་ཕུན་སུམ་ཚོགས། །མིག་མཛེས་ཕྱག་རྒྱ་རྙེད་ནས་ནི། །རིག་མ་དེ་ཉིད་བླངས་ནས་ནི། །སྐྱབས་སུ་འགྲོ་བའི་རིམ་པ་ནི། །སྦྱངས་ནས་དེ་ཉེད་གསང་བ་དང༌། །སྔགས་དང་རྒྱུད་ཀྱི་རིམ་ཀུན་བསྒྲགས། །སྒྲ་འམ་འོག་གི་ལམ་དུ་ལྕེས། །དེ་ཉིད་དེ་བཞིན་སྟེང་དུ་གཞུག །ཀུན་གྱི་ཆ་རིགས་སྣ་ཚོགས་བྱེད། །རིམ་པ་གཉིས་ཀྱིས་རྣ་ཆ་དང༌། །སྐ་རགས་ཆ་དང་སེ་མོ་དོ། །རྐང་གདུབ་དང་ནི་ལག་གདུབ་ལྡན། །དེ་ལྟར་དངོས་གྲུབ་དམ་པ་སྟར། །ཀུན་སྤྱོད་ངེས་པར་མི་བྱའོ། །སམ་བུ་ཊ་ལས། གང་ཡང་ཟ་བ་ཡོད་མིན་འདིར། །བཟའ་བྱ་ཉིད་ཀྱང་ཡོད་མ་ཡིན། །བྱེད་པོ་བཟའ་ལས་རྣམ་པར་གྲོལ། །དོན་དམ་རྣམ་པར་བསྒོམས་པ་ནི། །འདི་ལ་སྒྲུབ་པོ་གང་ཡང་མེད། །གང་ཡང་བསྟོད་པར་བྱེད་པ་མེད། །དོར་བ་ཅུང་ཟད་མེད་པར་བརྗོད། །བླ་མའང་ཡིད་ལ་ཡོད་མ་ཡིན། །དྲི་ཟའི་གྲོང་ཁྱེར་ལྟ་དང༌། །སྒྱུ་མ་སྨིག་རྒྱུ་འདྲ་བ་དང༌། །འཕྲོག་པའི་ཟླ་བའི་གྲོགས་དང་མཚུངས། །རྨི་ལམ་བརྩེ་བ་ལྟ་བུ་བལྟ། །ཞེས་སོ། །སེམས་ཉིད་ངལ་གསོའི་རྩ་བ་ཚིགས་བཅད་རེའི་སྟེང་དུ། རྒྱུད་སྡེའི་ལུང་དང་སྦྱར་བ་དགེ་


LT25_Page_283A
[མ་དཔེ་གཟིགས་ན་འདིར་གནོན།]

སློང་རིན་ཆེན་གྲུབ་ཀྱིས་བཀོད་པའོ། །སརྦ་དྭ་མངྒ་ལམ། ༈ སེམས་ཉིད་ངལ་གསོའི་ཁྲིད་ཀྱི་ཟིན་བྲིས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ་བཞུགས་སོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྗེ་བཙུན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། །འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་པ་གྲུབ་ཆེན་མི་ཏྲ་ཛོ་ཀི་ཞེས་བྱ་བ་དེ་ཉིད་ཀྱིས་ལོ་བཅུ་གཉིས་སུ་སྒྲུབ་པ་མཛད་པའི་མཐར། རྡོ་རྗེའི་ཤིང་སྟན་མེ་ལོང་ལྟར་འཇམ་པའི་སྟེང་དུ་འཕགས་པ་ཐུགས་རྗེ་ཆེན་པོ་ཁ་སར་པ་ཎིའི་ཞལ་མངོན་སུམ་དུ་བསྟན་ཏེ། སེམས་ཅན་ཐམས་ཅད་ཀྱིས་སེམས་ཐོག་མ་མེད་པ་ནས་སྡུག་བསྔལ་གྱིས་དུབ་པར་གྱུར་པ་ངལ་གསོ་བར་བྱེད་པའི་ཐབས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྗོད་བྱ་ཐམས་ཅད་སྒོ་ཉི་ཤུ་རྩ་ལྔར་འདུས་པ་བཞིན། དོ་ཧ་རྡོ་རྗེའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་བཀའ་སྩལ་པ་གསན་པས་མཆོག་གི་གྲུབ་པ་བརྙེས་པའི་རྣལ་འབྱོར་གྱི་དབང་པོ་དེ་ཉིད་ལ། ཁྲོ་ཕུ་ལོ་ཙཱ་བ་ཆེན་པོས་ལེགས་པར་གསན་ཅིང༌། ཐུགས་ཉམས་སུ་བཞེས་པའི་མན་ངག །སེམས་ཉིད་ངལ་གསོ་ཞེས་གྲགས་པའི་ཁྲིད་ཀྱི་རྣལ་འབྱོར་ཉམས་སུ་ལེན་པར་བྱེད་པའི་ཚུལ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱིས་བསྡུས་པར་གྱུར་པ་ལས། དང་པོ་ལའང༌། ཐུན་མོང་དང༌། ཐུན་མོང་མ་ཡིན་པ། ཁྱད་པར་གྱི་སྔོན་འགྲོ་གསུམ་ཡོད་པའི། དང་པོ་ནི། རང་ཉིད་བདེ་བའི་གདན་ལ་བསམ་གཏན་གྱི་རོལ་པས་བདུག་སྟེ། ལུས་ངག་ཡིད་གསུམ་རང་སོར་མ་ཚུད་བར་དུ་ཆད་དེ་ངལ་གསོ། །དེ་ནས་རང་ཉིད་གང་དུ་གནས་པའི་ཕྱོགས་དེ་ཉིད་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་དག་པའི་ཞིང་ཁམས་ཐ་གྲུ་ཡངས་པའི་དབུས་


LT25_Page_283B
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་ཡངས་ཤིང་རྒྱ་ཆེ་ལ་དཔང་མཐོ་བའི་སྟེང་ན་སྣ་ཚོགས་པདྨ་ཁྲ་ཤིག་གེ་བའི་ལྟེ་བར་ཟླ་བར་དཀྱིལ་འཁོར་ཉ་གང་བ། དེའི་མཐའ་སྐོར་དུ་རིན་པོ་ཆེའི་ཁྲི་པདྨ་ཟླ་བའི་གདན་དང་བཅས་པ་ཅུང་ཟད་དམའ་བའི་རྣམ་པ་གྲངས་མེད་པས་ཁྱེར་ཏེ་བསྐོར་བ། དབུས་ཀྱི་གདན་གྱི་སྟེང་དུ། རང་གི་རྩ་བའི་བླ་མ་སྐུའི་རྣམ་པ་ཇི་ལྟ་བ་ལང་ཚོ་དར་ལ་བབ་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་ལས་ཅུང་ཟད་བརྐྱང་པ་རྒྱལ་པོ་རོལ་པའམ། གཞོན་ནུ་རོལ་པའི་འདུག་སྟངས་ཀྱི་བཞུགས་པ། དེའི་ཕྱི་རིམ་གྱི་གདན་ལ་མགོན་པོ་ཁ་སར་པ་ཎི་ནས། རྗེ་བཙུན་རྡོ་རིང་པ་ཆེན་པོའི་བར་དུ་བྱོན་པའི་ངལ་གསོ་རྒྱུད་པའི་བླ་མ་རྣམས་སྐུའི་རྣམ་པ་ཇི་ལྟ་བ་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་གཡས་སྐོར་དུ་ཁྱེར་གྱི་བཞུགས་པ། དེའི་ཕྱི་རིམ་གྱི་གདན་ལ་རིམ་བཞིན་གདན་གྱི་སྟེང་དུ་རང་གི་དུས་གསུམ་དང་འབྲེལ་བའི་རྩ་བརྒྱུད་ཀྱི་བླ་མ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། ལོངས་སྤྲུལ་གྱི་སངས་རྒྱས། དམ་པའི་ཆོས་པུ་ཏི་བྲག་རི་བརྩེགས་པ་ལྟ་བུ་གདོང་དར་ནང་དུ་བསྟན་པའི་རྣམ་པ་ཅན། བྱང་སེམས་ཉན་ཐོས། རང་རྒྱལ་གྱི་ཚུལ་བཟུང་བའི་དགེ་འདུན། མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་གཡས་སྐོར་དུ་ཁྱེར་གྱིས་བཞུགས་པར་བསམ། དེ་དག་གི་མདུན་ཐད་ཀྱི་ས་གཞིའི་དབུས་སུ་རང་ཉིད། གཡས་གཡོན་དུ་ཕ་མ། མདུན་དུ་བདུད་སྡིག་ཅན་གྱིས་གཙོས་བྱས་པའི་བདུད་དགྲ། མཐར་རིགས་དྲུག་བར་དོ་དང་བཅས་པའི་སེམས་ཅན་ཐམས་ཅད་འཁོད་དེ། དེ་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ནས་སྐྱབས་འགྲོ་བྱེད་པར་བསམས་ལ་ངག་ཏུ། བདག་དང་འགྲོ་བ་མ་རྒན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མ་མཆིས་ཀྱི་བར་དུ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་


LT25_Page_284A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལ༴ ཆོས་ལ༴ དགེ་འདུན༴ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ༴ མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་བརྒྱུད་པ་འདི་ཁ་རང་གི་སྐྱབས་འགྲོ་དྲུག་སྐོར་འབྱུང་བ་ལྟར་རམ། བསྡུ་ན་བཞི་སྐོར་ཀྱང་རུང༌། དེ་ལྟ་བུའི་ཚུལ་གྱིས་བརྒྱ་ཕྲག་སོགས་ལུས་སེམས་ལ་འགྱུར་བ་མ་བྱུང་གི་བར་དུ་བྱ། །མཐར་རྡོ་རྗེ་ཐལ་མོ་སྙིང་ཁར་སྦྱར། སྐྱབས་གསོལ་གྱི་ཆོ་ག་བརྗོད། སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཡིད་ཡུལ་དུ་བྱས་ཏེ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སོགས་ཚར་གསུམ་བརྗོད། དེ་ནས་བདག་གཞན་ཐམས་ཅད་ཀྱི་ལུས་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པར་སྤྲུལ་ནས། མཇལ་བ་དོན་ཡོད་པའི་ཡན་ལག་ཏུ་ཕྱག་འཚལ་བ། ལོངས་སྤྱོད་དོན་ཡོད་པའི་ཡན་ལག་ཏུ་མཆོད་པ་འབུལ་བ། སྔར་བྱས་ཀྱི་སྡིག་པ་ལ་དུག་བྱུང་བ་ལྟ་བུའི་འགྱོད་པ། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་པའི་སྡོམ་སེམས་སོགས་སྟོབས་བཞི་ཚང་བའི་སྒོ་ནས་སྡིག་པ་བཤགས་པ། བསོད་ནམས་ཀྱི་ཕུང་པོ་རྒྱ་ཆེར་འཕེལ་བའི་ཕྱིར་རྗེས་སུ་ཡི་རང་བ། བསྟན་པ་ཡུན་དུ་གནས་པའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ། དེས་མཚོན་པའི་དགེ་བའི་རྩ་བ་དུས་གསུམ་དང་འབྲེལ་བར་གྱུར་པ་ཐམས་ཅད་རྫོགས་པའི་བྱང་ཆུབ་བསྔོ་བ་རྣམས་དོན་དྲན་བཞིན་པས། བཟང་སྤྱོད་ལས་འབྱུང་བའི་ཡན་ལག་བདུན་པ་ཚར་གྲངས་གསུམ་མམ། མི་ཤེས་ན་ཕྱག་འཚལ་བ་དང་སོགས་ཚར་གསུམ་བརྗོད། དངོས་སམ་ཡིད་ཀྱིས་མཎྜལ་ཚོམ་བུ་བདུན་པ་དང༌། ས་གཞི་སྤོས་ཆུས་བྱུགས་པ་སོགས་ནས། ནིརྻཱ་ཏ་ཡཱ་མིའི་བར་བརྗོད་པ་ཅི་མང་དབུལ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་


LT25_Page_284B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས་སོ། །བདག་གིས་གཞི་གཉུག་མའི་དོན་ངོས་ཟིན་པར་མཛད་དུ་གསོལ། ཞེས་གསོལ་བ་སྙིང་གི་དཀྱིལ་ནས་གྲངས་མང་དུ་བཏབ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་པ་ཐམས་ཅད་དག་གོ་ཞེས་གསུང་ལྷང་གིས་གནང་བར་མཛད་པར་བསམ། ཐུན་དེ་ལས་ལྡང་བར་འདོད་ན། སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་སོང་བས། དེ་ཐམས་ཅད་ཟག་མེད་ཀྱི་འོད་ལུས་འབའ་ཞིག་ཏུ་གྱུར། སྐྱབས་ཡུལ་དེ་རྣམས་ཀྱང་མཐའ་ནས་རིམ་བཞིན་འོད་དུ་ཞུ། རྩ་བའི་བླ་མ་ལ་ཐིམ། དེ་ཡང་ཞབས་གཡས་པའི་མཐེ་བོང་ནས་རིམ་བཞིན་འོད་དུ་ཡལ་ལ་སོང་སྟེ་དབུའི་གཙུག་གཏོར་གྱི་བར་དུ་ཐིམ། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་བུན་གྱིས་སོང་བར་བསམ་ལ་རིག་པ་བརྗོད་མེད་དུ་གནས་ཚད་བཞག མཐར་དགེ་བ་བསྔོ་བ་སོགས་ཚུལ་བཞིན་དུ་བྱས་ཏེ་ཐུན་བཞི་ལ་སོགས་པར་འབད་གསུངས། གཉིས་པ་རྒྱུད་ལ་བྱིན་རླབས་འབེབས་པ་ཡི་གེ་བརྒྱ་པའི་སྒོམ་བཟླས་ནི། སྐྱབས་སེམས་ཡན་ལག་བདུན་པ་ཡན་གོང་བཞིན་བྱས་པའི་མཐར། རང་གི་སྤྱི་བོར་པྃ་ལས་པདྨ་དཀར་པོ་དང༌། ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ཧཱུྃ་དཀར་པོ། དེ་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ། གཡོན་གསེར་གྱི་རྡོ་རྗེ་ཕྱེད་པས་ཡུ་བ་བྱས་པའི་དངུལ་གྱི་དྲིལ་བུ་དཀུར་བསྟེན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང༌། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། ཞབས་གཞོན་ནུ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པའི་མཐེ་བོང་བདག་གི་ཚངས་བུག་ལ་རེག་པའི་རྣམ་པར་བསམ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོའི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་ཁ་དོག་དཀར་པོ། མགོ་གྱེན་བསྟན་གཡས་སྐོར་དུ་ཁྱེར་ཏེ་བཞུགས་


LT25_Page_285A
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསལ་བཏབ་པའི་སྔགས་ཕྲེང་ལས་འོད་འཕྲོས། ཧཱུྃ་ལ་ཕོག །ཧཱུྃ་ལས་འོད་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐགས་ཀྱི་བྱིན་རླབས་ཐམས་ཅད་འོད་དཀར་པོའི་རྣམ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་ཐིབ་ཐིབ་བྱོན། རྡོ་རྗེ་སེམས་དཔའི་དབུ་གཙུག་ནས་ཞུགས། ཐུགས་ཀའི་ཧཱུྃ་ལས་སིབ་སིབ་ཐིམ་པས། ཧཱུྃ་དེ་ཇེ་ཆེ་ལ་བདུད་རྩིའི་རང་བཞིན་མཐེ་བོང་གི་སོར་ཚིགས་ཙམ་དུ་གྱུར་བ་རྡོལ་བའི་རྣམ་པས་ཞབས་ཀྱུ་ནས་བདུད་རྩིའི་རྒྱུན་སྐྱ་ཁྲལ་གྱིས་བབས། སྐུ་ལུས་ཐམས་ཅད་མེར་གྱིས་ཁེངས། ཞབས་གཡས་པའི་མཐེབ་ཆེན་གྱི་རྩེ་ནས་ཐེམ་བུ་བཏང་བ་བཞིན་སྐྱ་ནར་གྱིས་བབས། བདག་གི་ཚངས་བུག་ནས་ཞུགས། ལུས་ཐམས་ཅད་གང་བས། སྡིག་སྒྲིབ་ཉེས་ལྟུང་དམ་ཚིག་ཉམས་པ་ཐམས་ཅད་ཉི་མ་ཤར་བས་མུན་པའང་སངས་ལ་སོང་བ་བཞིན་སངས་ཀྱིས་དག་པར་བསམས་ལ་ཡི་གེ་བརྒྱ་པ་བརྗོད། བདུན་བདུན་ཙམ་སོང་བ་དང་འོད་ཟེར་སྤྲོ་བསྡུ་གོང་བཞིན་བསྐྱར་ཞིང་བྱས་པའི་བརྒྱ་སྟོང་སོགས་ཅི་འགྲུབ་བརྗོད་མཐར། བདག་ནི་མི་ཤེས་སོགས་བཤགས་སྡོམ་སྤྱི་དང་མཐུན་པར་བརྗོད་ཀྱང་རུང༌། འདིར་མ་གསུངས་པས་མ་བྱས་ཀྱང་ཆོག །བདག་གི་སྡིག་སྒྲིབ་དག་པ་ལ་རྡོ་རྗེ་སེམས་དཔའ་མཉེས་ཏེ་ལེགས་སོ་སྦྱིན་པའི་ཚུལ་དུ་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་གོ །ཉམས་ཆགས་ཐམས་ཅད་བསྐངས་སོ། །ཞེས་གསུངས་ལྷང་གིས་བཏོན་ནས་འོད་དུ་ཞུ་རང་ལ་ཐིམ་པས། ལུས་ཤེལ་གོང་ཕྱིས་པ་ལྟར་གྱུར། ངག་ནུས་པ་དང་ལྡན་པས་སེམས་བདེ་སྟོང་གཉིས་མེད་དུ་གྲོལ། རང་གཞན་གྱི་དོན་ཐམས་ཅད་འགྲུབ་པ་ཡིན་སྙམ་དུ་སེམས་འཛིན་མེད་དུ་ཇི་ཙམ་གནས་ཀྱི་བར་དུ་འཇོག་པར་བྱེད། གསུམ་པ་ཁྱད་པར་གྱི་སྔོན་འགྲོ་ཡི་གེ་ལྔ་བཅུ་པས་ཤེས་རྒྱུད་དབང་དུ་བྱ་བ་ནི། རང་གི་སྤྱི་བོར་སེངྒེས་


LT25_Page_285B
[མ་དཔེ་གཟིགས་ན་འདིར་གནོན།]

བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་མཚར་ཆེན་རྡོ་རྗེ་འཆང་སྐུ་མདོག་དམར་སྨུག །ཞལ་ཁྲོ་འཛུམ། ཟིལ་ཤིན་ཏུ་ཆེ་བ་ན་བཟའ་ཕྱར་བུ་སྐབས་རེ་བཙེམས་པ་གསོལ་བ། ཕྱག་པུས་མོ་ལ་བཀབ་པའི་མཉམ་བཞག །སྐུ་ཤིན་ཏུ་ཆེ་བ་ཁྲི་ཁར་ཤོང་ཚད་ལྟ་བུ། དེའི་དབུ་གཙུག་ཏུ་རྗེ་བཙུན་རྡོ་རིང་པ་སྐུ་མདོག་དམར་ལ་སྨུག་པའི་མདངས་ཆགས་པ། ཞལ་ཁྲོ་ཞིང་འཛུམ་ལ་ཡིད་དུ་འོང་བ། སྤྱན་ནམ་མཁའ་ལ་ཆེ་རེ་གཟིགས་པ། དབུ་ལ་སྤྱི་ཐེར་ཡོད་པ། ན་བཟའ་བེར་ཐུལ་གསོལ་བ། དེའི་སྤྱི་བོར་དྲིན་ཅན་མཁྱེན་རབ་ཆོས་རྗེ་སྐུ་མདོག་དཀར་ལ་དམར་པོའི་མདངས་ཆགས་པ། དབུས་ཡེ་རེ་བ། དེའི་སྤྱི་བོར་འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན་སྐུ་སྒེག་པ། སྤྱན་ཟུར་གསུམ་མེ་བ། དེའི་སྤྱི་བོར་མཁས་མཆོག་ཙནྡྲ་ཤྲི་སྐུ་ཕྲལ་རིང་བ། མགུལ་ཅུང་ཟད་རིང་ཞིང་དབུས་སྐྱ་ཡི་རེ་བ། དེའི་སྤྱི་བོར་ཆོས་རྒྱལ་ནམ་མཁའི་མཚན་ཅན་སྐུ་ཤིན་དུ་སྤོམ་པ། དེའི་སྤྱི་བོར་ཐུགས་སྲས་སེམས་དཔའ་ཆེན་པོ་སྐུ་ཤ་རྒྱས་ཤིང་མཚར་བ། དབུ་གས་ཆེ་བ། དེའི་སྤྱི་བོར་ཆོས་རྗེ་ཐམས་ཅད་མཁྱེན་པ་སྐུ་མདོག་ཅུང་ཟད་དམར་བ། ཕྱག་གཡས་ཆོས་འཆད་གཡོན་མཉམ་བཞག །དེའི་དབུ་གཙུག་ཏུ་བླ་མ་ཡང་རྩེ་བ་རིན་ཆེན་སེང་གེ་སེར་སེང་ངེ་བ་སྐུ་རིད་པའི་རྣམ་པ། དེའི་སྤྱི་བོར་ཚད་མའི་སྐྱེས་བུ། དེའི་སྤྱི་བོར་ཁྲོ་ཕུ་སེམས་དཔའ་ཆེན་པོ་སྐུ་མདོག་དཀར་དམར་སྐུ་ཤ་རྒྱས་ཤིང༌། ཞལ་སྐྱོང་བའི་རྣམ་པ། དེའི་སྤྱི་བོར་བླ་ཆེན་བསོད་ནམས་དབང་ཕྱུག་སྐུ་མདོག་དམར་སྨུག་ཕྱར་བུ་གསོལ་བ། དེའི་སྤྱི་བོར་ཁྲོ་ཕུ་ལོ་ཙཱ་བ་སྐུ་མདོག་དཀར་དམར་ཅུང་ཟད་ཐུང་ལ་སྒེག་པ། དེ་རྣམས་རབ་བྱུང༌། ཕྱག་དམིགས་བསལ་ཅན་མ་གཏོགས་པ་མཉམ་བཞག་དང༌། དེའི་སྤྱི་བོར་གྲུབ་ཆེན་མི་ཏྲ་ཛོ་ཀི་ལོ་བཅུ་དྲུག་ལོན་པའི་ན་ཚོད། སྐུ་མདོག་དཀར་ལ་དམར་


LT25_Page_286A
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མདངས་ཆགས་པ་རྣལ་འབྱོར་པའི་ཆ་ལུགས། རས་སེར་པོའི་སྨད་གཡོགས་ཅན་མེ་ཏོག་གི་ཕྲེང་བས་བརྒྱན་པ་ཞེས་དཔེ་རྙིང་ན་འདུག །ཕྱག་གཡས་ཆོས་འཆད། གཡོན་མཉམ་བཞག་གི་སྟེང་ན་བདུད་རྩིས་གང་བའི་ཐོད་པ། མཆན་ཁུང་ན་རྡོ་རྗེའི་ཤིང་སྟན་འཛིན་པ། དེའི་སྤྱི་བོར་གྲུབ་ཆེན་རོལ་པའི་རྡོ་རྗེ་པཎྜི་ཏའི་ཆ་ལུགས། གཡས་ཆོས་འཆད་གཡོན་པོ་ཏི། དེའི་སྤྱི་བོར་ཏེ་ལོ་ཤེས་རབ་བཟང་པོ་སྐུ་མདོག་དུད་ཁ་རལ་པའི་ཐོར་ཚུགས་དང་རུས་པའི་རྒྱན་ཅན། གཡས་ཆོས་འཆད། གཡོན་མཉམ་བཞག་མཛད་པ། དེའི་སྤྱི་བོར་བྱང་སེམས་བློ་གྲོས་རིན་ཆེན་སྐུ་མདོག་གསེར་བཙོ་མ་ལྟ་བུའི་ལྷ་བུའི་ཆ་བྱད་ཕྱག་གཡས་ཆོས་འཆད། གཡོན་རིན་པོ་ཆེའི་སྙེ་མ་འོད་འབར་བའི་ཡུ་བ་ཐུགས་ཀར་བཟུང་ནས་སྙན་གྱི་ཐད་དཀར་འོད་ལམ་མེ་བ། དེའི་སྤྱི་བོར་འཕགས་པ་ཁ་སར་ཎི་སྐུ་མདོག་དཀར་པོ། གཡས་མཆོག་སྤྱིན་གཡོན་པདྨ་ཐུགས་ཀར་འཛིན་པ། གཞོན་ནུ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པ། དེ་རེ་རེའི་ཐུགས་ཀར་ཡང་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་དབུས་ན་ཧཱུྃ་དཀར་པོ་རེ་རེའི་མཐར་ཡི་གེ་ལྔ་བཅུ་པས་གཡས་སྐོར་དུ་ཁྱེར་གྱིས་བསྐོར་བའི་ཡི་གེ་རེ་རེ་བཞིན་མགོ་བོ་གྱེན་བསྟན་ཞབས་ཟླ་བའི་སྟེང་ན་རེག་ལ་མ་འབྱར་བའི་རྣམ་པ་འོད་ཀྱི་རང་བཞིན་རེ་གསལ་འདེབས་པར་བྱེད། དེ་ནས་སྤྱན་རས་གཟིགས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། ཕྱོགས་བཅུའི་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་སྤྱན་དྲངས། དབུ་གཙུག་ནས་ཞུགས། ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསམས་ལ།


LT25_Page_286B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿབཛྲ་སྭཱ་ཧཱ། རྡོ་རྗེ་སེམས་དཔའ། གུ་རུ་ཤྲི། དཔལ་ལྡན་བླ་མ། ཁ་སར་པ་ཎི། ཁ་སར་པ་ཎི། ལོ་ཀ་ནཱ་ཐ། འཇིག་རྟེན་མགོན་པོ། སརྦ་བུདྡྷ། སངས་རྒྱས་ཐམས་ཅད་དང༌། བོ་དྷི་ས་ཏྭ། བྱང་ཆུབ་སེམས་དཔས། སྭབྷ་ཝ། རང་བཞིན་གྱིས། ཨ་དྷིཥྛ་ནཾ། བྱིན་གྱི་རླབས་པས། མ་མ་ཙིཏྟཾ། བདག་གི་སྙིང་ལ། བཛྲ་ཏྲཊ། རྡོ་རྗེ་ཕོབ། ཛྙ་ན་ཛྭ་ལ་ཛྭ་ལ། ཡེ་ཤེས་འབར་ཞིང་འབར། སྥ་ར་ཎ་སྥ་ར་ཎ། འཕྲོ་ཞིང་འཕྲོ་བའི། ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གཞིི་ཚུགས། ཞེས་ལན་བདུན་ནམ་ཉེར་གཅིག་བརྗོད། གསོལ་འདེབས་ནི། འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་བརླབ་ཏུ་གསོལ། །ཞེས་མོས་གུས་དྲག་པོས་གསོལ་བ་ལན་གསུམ་བཏབ་པས། ཐུགས་ཀའི་ཟླ་བ་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་སྐུའི་ཆ་ཤས་ཐམས་ཅད་མེར་གྱིས་ཁེངས། སྤྲིན་ལས་ཆར་བབས་པ་འམ། གངས་རི་ལས་ཆུ་རྒྱུན་འབབ་པ་བཞིན་དུ་སྐུའི་ཆ་ཤས་ཐམས་ཅད་ལས་བདུད་རྩིའི་རྒྱུན་ཁྲལ་ལ་བབས། བྱང་སེམས་བློ་གྲོས་རིན་ཆེན་གྱི་དབུ་གཙུག་ནས་ཞུགས། ཐགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཐམས་ཅད་འདུས་པར་བསམ། ཡང་ཧཱུྃ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་སྨིན་གྲོལ་ལ་བཀོད། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྤྱན་དྲངས། ཧཱུྃ་ལ་ཐིམ། དེ་ལ་སེམས་གཏད་དེ་ཡི་གེ་ལྔ་བཅུ་པའི་བཟླས་བརྗོད་དང༌། བྱང་སེམས་བློ་གྲོས་རིན་ཆེན་ལ་ཞེས་སོགས་ཀྱི་གསོལ་འདེབས་ལན་གསུམ་བྱས་པས། ཐུགས་ཀའི་ཟླ་བ་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་འོད་དུ་ལྟེམ་


LT25_Page_287A
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཞུ་བའི་བདུད་རྩིས་སྐུ་ཐམས་ཅད་ཁེངས། སྐུའི་ཆ་ཤས་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས། ཏེ་ལོ་ཤེས་རབ་བཟང་པོའི་དབུ་གཙུག་ནས་ཞུགས། ཐུགས་ཀའི་ཧཱུྃ་ལ་ཐིམ། ཡང་འོད་ཟེར་སྤྲོ་བསྡུ་སོགས་རྩ་བའི་བླ་མ་དམ་པ་ལ་ཐུག་གི་བར་གོང་བཞིན་ཁ་ཙམ་ཚིག་ཙམ་མ་ཡིན་པར་ལུས་ངག་ཡིད་གསུམ་འཇུག་པ་གཅིག་ཏུ་དྲིལ་ནས་གསོལ་བ་འདེབས་བར་བྱེད། དེ་མཐར་རྩ་བའི་བླ་མའི་ཐུགས་ཀའི་ཟླ་བ་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་འོད་དུ་ཞུ་ནས་སྐུའི་ཁྱོན་ཐམས་ཅད་ཁེངས། སྤྲིན་ལས་ཆར་གངས་རི་ལས་ཆུ་རྒྱུན་འབབས་པ་ལྟར། སྐུའི་ཆ་ཤས་ཐམས་ཅད་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་བདེ་བ་ཆེན་པོའི་རང་བཞིན་སྐྱ་ཁྲལ་གྱིས་བབས། རང་གི་སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་ཁེངས། སྡིག་སྒྲིབ་ཐམས་ཅད་ཉི་མ་ཤར་བས་མུན་པ་རང་སངས་ལ་སོང་བ་བཞིན་དུ་སངས་ཀྱི་དག །བླ་མ་བརྒྱུད་པ་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རྒྱུད་ལ་ཞུགས་བྱུང་སྙམ་པ་བྱས། དེ་ཀའི་ངང་དུ་འཛིན་པ་མ་ཞུགས་པར་ཆད་དེ་འཇིག་པར་བྱེད། མཐར་བླ་མ་བརྒྱུད་པ་དང་བཅས་པའི་ཞལ་ནས། རིགས་ཀྱི་བུ་ཁྱོད་ནི་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ནོ། །ཞེས་གསུང་ལྷང་གིས་བཏོན་བྱུང་པས་རང་གི་རྒྱུད་ལ་སྤྲོ་དགའ་ཁྱད་པར་ཅན་བསྐྱེད་དེ་དགའ་ཡལ་ལེ་བཞག །དེ་ནས་བླ་མ་བརྒྱུད་པ་དང་བཅས་པ་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་ཡལ་གྱིས་སོང༌། རང་སེམས་སྟོང་པ་དང་དབྱེར་མེད་དུ་འདྲེས་སོང་སྙམ་པའི་ངང་ལ་ཆད་དེ་ཇི་ཙམ་གནས་ཀྱི་བར་འཇོག མཐར་དགེ་བ་བསྔོ་བ་སོགས་ཚུལ་བཞིན་དུ་བྱ། གལ་ཏེ་ཡི་གེ་ལྔ་བཅུ་པ་ཡེ་མི་ཤེས་ན་ཐུགས་ཀའི་ཧཱུྃ་གི་མཐར། ཨོཾ་ཨཱ་ཧྲཱིཿཧཱུྃ། ཞེས་པས་བསྐོར་བར་བསམ་ཞིང་བཟླས་པས་ཀྱང་གོ་ཆོད་པ་བླ་མ་བརྒྱུད་པའི་གསུང་སྒྲོས་ཡིན་གསུངས། དེ་


LT25_Page_287B
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྔོན་འགྲོ་དེ་ཐམས་ཅད་དང༌། ཁྱད་པར་བླ་མའི་རྣལ་འབྱོར་ནན་ཏན་ཆེན་པོས་ཉམས་སུ་མ་བླངས་ན་དངོས་གཞིའི་དགེ་སྦྱོར་ཡེ་མི་སྐྱེ་ཞིང༌། ཡུན་རིང་པོ་ནས་ཆ་ཙམ་སྐྱེ་སྲིད་ཀྱང་མི་བརྟན་པ་སོགས་མདོར་ན་ཇི་ལྟར་བ་བཞིན་མི་འབྱུང་བས་སྔོན་འགྲོ་ལ་འབད་པ་དྲག་པོས་ཉམས་སུ་ལེན་པ་གལ་ཆེ་གསུངས་སོ། །དགོས་མེད་ཚེ་འདིའི་ཟར་ཟིར་བུན་ལོང་རྣམས། །རྒྱངས་སུ་དོར་ཏེ་མི་མེད་ལུང་སྟོང་དུ། །འཁྲུལ་མེད་ཕ་རྒོད་བླ་མའི་གསུང་འདི་དག །འབད་པས་བསྒོམ་པའི་དུས་གཅིག་ནམ་ཡོང་ན། །གཉིས་པ་དངོས་གཞི་ལ། རྡོ་རྗེའི་ཚིག་ཉི་ཤུ་རྩ་ལྔའི་ནང་ནས་གཉུག་མ་ངོ་སྤྲོད་པའི་ཐབས་ཚིགས་བཅད་ལྔའི་དོན། གཞུང་ལས། བུ་ཉོན་ཁྱོད་གང་རྣམ་པར་རྟོགས་ནས། གཡེང་བའི་རྡུལ་དང་བྲལ་བ་ཉིད། བར་རོ། མཆན། ཉམས་སུ་ལེན་པ་སྟེ། དེའང་སེམས་ཉིད་གཉུག་མ་ཞེས་པའི་དོན། དགོན་པར་རྒྱུན་བཞུགས་ཀྱི་དགེ་འདུན་ལ་གཉུག་མར་གནས་པའི་དགེ་འདུན་ཟེར་བ་ལྟར། སེམས་ཉིད་ཡེ་གདོད་མ་ནས་མ་བཅོས་ཤིང་རང་བཞིན་གྱིས་དག་པར་གནས་པས་གཉུག་མ་ཞེས་པའམ་མ་བཅོས་པའམ། སོ་མའམ། ཐ་མལ་གྱི་ཤེས་པ་ཞེས་བྱ་ལ། དེའང་ངོ་བོ་ལ་ལྟོས་ཏེ་གནས་འགྱུར་མེད་ལ། རྣམ་པ་ལ་ལྟོས་ཏེ་གནས་འགྱུར་ཡོད་པ་སྟེ། ཟངས་གཅིག་ཉིད། ཁྱི་སྣོད་དང༌། རྒྱན་ཆ་དང༌། ལྷའི་སྐུ་གཟུགས་ཀྱི་གནས་སྐབས་གསུམ་ན། ཟངས་ཀྱི་ངོ་བོ་ལ་བཟང་ངན་དུ་སོང་བ་ཏིལ་འབྲུ་ཙམ་མེད་མོད། གནས་སྐབས་ཀྱི་རྣམ་པ་མི་འདྲ་བ་ལ་བརྟེན་ནས་སྐྱུགས་བྲོ་བ་དང༌། རྒྱན་ཆར་ཤེས་པ་དང༌། ཐམས་ཅད་ཀྱི་མཆོད་པའི་གནས་སུ་བྱེད་པ་ལྟར། སེམས་ཀྱང་དམྱལ་བ་མནར་མེད་ནས་སངས་ཀྱི་བར་ཁོ་རང་གི་ངོ་བོ་བཟང་ངན་དུ་སོང་བ་མེད་ནའང༌། རང་ངོ་མ་ཤེས་པའི་སྐབས་སུ་འཁོར་བ། བླ་མ་དམ་པའི་མན་ངག་གིས་དྲི་མ་ཅུང་ཟད་སྲབ་པའི་དུས་ལམ་པ། དྲི་མ་མཐའ་དག་སྤངས་པའི་ཚེ་སངས་རྒྱས་ཞེས་ཁྱད་


LT25_Page_288A
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་པ་ཙམ་ཡིན། དེའང༌། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །ཤེས་སེམས་ཀྱི་རང་བཞིན་འོད་གསལ་བ་གཞི་དུས་ཀྱི་སངས་རྒྱས་ཡིན་ཀྱང༌། ཡིན་པ་ལ་ཡིན་པར་ངོ་མ་ཤེས་པས་སྣང་བ་སྣ་ཚོགས་སུ་ཤར། ཤར་བ་ལ་བདེན་ཞེན་ཞུགས་པས་མེད་བཞིན་དུ་འཁོར་བའི་འཁྲུལ་སྣང་ཉམས་སུ་མྱོང་སྟེ། སངས་རྒྱས་ཀྱིས་སངས་རྒྱས་ཀྱི་བྱ་བ་བྱེད་མ་ནུས་པ་ནི་རྒྱུའི་རྒྱུད་ཅེས་བྱ་སྟེ། རྒྱུ་ནི་འཁོར་འདས་གཉིས་ཀའི་རྒྱུན་དུ་གྱུར་པ་ཡིན་ལ། དེ་ཉིད་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རྒྱུན་མ་ཆད་པར་གནས་པས་རྒྱུད་ཅེས་བྱ། དེ་བསལ་ནས་ནི་ཞེས་བླ་མ་དམ་པའི་མན་ངག་གིས་གློ་བུར་གྱི་དྲི་མ་སྦྱོང་བའི་ཐབས་ཉམས་སུ་བླངས་པས་འཁྲུལ་པའི་སྣང་བ་བསྲབས་པར་གྱུར་པ་ནི་ཐབས་རྒྱུད་ཡིན་ལ། སངས་རྒྱས་ཉིད་ཅེས་ལམ་དེས་སྤང་བྱ་མཐའ་དག་སྤངས། ཐོབ་བྱ་མཐའ་དག་ཐོབ་སྟེ། དག་པ་གཉིས་ལྡན་གྱི་སངས་རྒྱས་མངོན་དུ་གྱུར་པ་ནི་འབྲས་བུའི་རྒྱུད་ཅེས་བྱ་བ་ཡིན་པས། མངོན་དུ་བྱེད་པའི་ཐབས་ཉམས་སུ་ལེན་པ་ལ། ཤེས་རབ་ལྟ་བས་ཐག་བཅད་པ་དང༌། ཐབས་བསྒོམ་པས་ཉམས་སུ་བླང་བ་གཉིས་ཀྱི། དང་པོ་ལ། ཡུལ་རང་བཞིན་ཉམས་དགའ་བར་བཞག་པ་དང༌། ཡུལ་ཅན་གཉིས་མེད་ཡེ་ཤེས་ལྟ་བར་བཞག་པ་གཉིས་འབྱུང་བ་ལས། འདིར་ཕྱི་མ་སྟེ། དེའང་གོང་དུ་བསྟན་པ་ལྟར། རང་གི་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་མངོན་དུ་བྱེད་པའི་ཐབས་ལ། གློད་པ་ལ་བསླབ་པ་དང༌། དེའི་གེགས་བསལ་བ་གཉིས། དང་པོ་ལ། དབེན་པ་གསུམ་དང༌། མི་གཡོ་བ་གསུམ་མམ། འདི་པས་ཕྱག་རྒྱ་གསུམ་ཞེས་པའི་ཐ་སྙད་མཛད་པ་ལྟར་ན། ལུས་ཀྱི་ཕྱག་རྒྱ་རྣམ་སྣང་གི་ཆོས་བདུན། ལག་པ་མཉམ་བཞག །མཐེ་བོང་ལྟོ་སྦྱར་བ་དང་བཅས་པ་ལེགས་པར་བཅས། ངག་གི་ཕྱག་རྒྱ་


LT25_Page_288B
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་འགྲོ་འོང་རང་སོར་བཞག །སེམས་ཀྱི་ཕྱག་རྒྱ་དུས་གསུམ་ཡིད་བྱེད་ཀྱི་རྟོག་པ་ཐམས་ཅད་སྤངས་ཏེ་སྨིན་མཚམས་མཐོ་བདུན་ཙམ་འདས་པའི་སར་མིག་གཏད་དེ། ཆད་དེ་འཇོག་ཅིང༌། དེའང་གཙོ་བོར་སེམས་ཁོངས་གློད་དེ་འཇོག །མ་ཀློད་པའི་སྐྱོན་ནི། སྒོམ་ཡོང་ལ་རེ་བ་ལྟ་བུའི་ཚབ་ཚུབ་ཀྱིས་སླར་སེམས་གཡེངས་རྐྱེན་དུ་འགྱུར་ལ། གློད་པའི་ཡོན་ཏན་ནི། དེ་ལྟར་ལྷོད་ཀྱིས་གློད་ནས་བཞག་པའི་ཚེ་ན། སེམས་ཁོ་རང་གི་རང་ངོ་རྗེན་ནེ་ཝལ་གྱི་ཤེས་ཡོང་བ། དཔེར་ན་ཆུ་རྙོག་མ་ཅན་དྭངས་སུ་རེ་བའི་བཅས་བཅོས་མང་ན་སླར་རྙོག་མ་འཕེལ་ཞིང༌། རང་བབས་སུ་བཞག་པས་མྱུར་དུ་དྭངས་འགྲོ་བ་དང་འདྲ་བ་ཡིན། དེའང། ཕྱག་རྒྱ་གསུམ་པོ་དྭངས་སིང་ངེ་བཅས་ཏེ། སྒོམ་ཡོང་ངམ་མི་ཡོང་ངམ་སྙམ་པ་ལ་སོགས་པའི་རེ་དོགས་ཀྱི་རྟོག་པ་ཅི་ཡང་ཡིད་ལ་མི་བྱ་བར། སེམས་ཁོ་རང་རང་བབས་སུ་ཀློད་ནས་ལྷན་ནེར་འཇོག །དེ་ལྟར་བཞག་པའི་ཆོ་མི་སྡོད་པར། རྣམ་རྟོག་ཐོལ་ཐོལ་སྐྱེ་བ་ཆོས་ཉིད་ཡིན་པས་གང་སྐྱེས་ཀྱང་རྟོག་པ་དེའི་རྗེས་སུ་མི་འབྲང་བར་རྦད་ཀྱིས་བཅད་ལ། སྔ་མའི་རྟོག་པ་འདས། ཕྱི་མའི་རྟོག་པ་མ་སྐྱེས་ཀྱི་བར་དེར། སེམས་ཐ་མལ་གྱི་ཤེས་པ་རྗེན་གྱིས་ཆར་བ་དེ་ཁའི་ངང་དུ་འཇོག་པར་བྱེད། དེ་ལྟར་སྐད་ཅིག་ཀྱང་མ་ཡེངས་པར་ཉམས་སུ་བླངས་པས། ཇི་ཞིག་ནས། ཕྱི་རོལ་གྱི་སྣང་བ་སྣ་ཚོགས་ལ་བདེན་པར་ཞེན་པ་ཞིག་ནས། སྣང་བ་འདི་ཐམས་ཅད་རང་སེམས་སུ་རྟོགས་པ་ཞིག་བྱུང་དེ་ལྟ་ན་སེམས་ཙམ་པའི་ལྟ་བ་རྒྱུད་ལ་སྐྱེས་པ་ཡིན་པ། འདིར་སེམས་དུབ་པ་ངལ་གསོ་བའི་གནས་དང་པོ་ངོ་འཕྲོད་པ་ཡིན་གསུངས། དེ་ལྟར་སྣང་སེམས་དབྱེར་མེད་དུ་ཤེས་པ་དེའི་ངོ་བོ་ལ་ཆེར་གྱིས་བལྟས་པའི་ཚེ་ན། དང་པོ་ཡུལ་འདི་ནས། དབྱིབས་འདི་འདྲས། དུས་འདི་ཙམ་ན་སྐྱེས་ཞེས་བྱ་བ་མི་དམིགས། བར་དུ་རང་གི་སྤྱི་བོ་ནས་རྐང་མཐིལ་གི་བར་དུ་ལུས་ཕྱི་ནང།


LT25_Page_289A
[མ་དཔེ་གཟིགས་ན་འདིར་གནོན།]

དེས་མཚན་པའི་སྣོད་བཅུད་འཁོར་འདས་འདི་འདྲ་ཞིག་ལ་གནས་ཞེས་བྱ་བའམ། དབྱིབས་ཁ་དོག །མཚན་མ་འདིའོ་ཞེས་མི་རྙེད་པས་བར་དུ་གནས་པ་མ་གྲུབ། དེ་ལྟར་སྐྱེ་བ་དང་གནས་པ་མ་གྲུབ་པས། དེ་ལ་ལྟོས་པའི་འགགས་པའང་མི་འགྲུབ་སྟེ། དུས་འདི་ཙམ་ན། འདི་འདྲ་ཞིག་ཏུ་འགགས་པའམ་ཟད་སོང་ཞེས་མི་རྙེད་དེ། མདོར་ན་སྐྱེ་འགགས་གནས་གསུམ་གྱིས་སྟོང་ཞིང༌། དེས་མཚོན་བྱར་གྱུར་པའི་ཡོད་མེད་རྟག་ཆད་སོགས་མཐའ་བཞིའམ་བརྒྱད་དང་བྲལ་བར་རྟོགས་པ་འབྱུང་སྟེ། དེ་ནི་དབུ་མའི་ལྟ་བ་རྒྱུད་ལ་སྐྱེས་པའམ་དུབ་པ་ངལ་གསོ་བའི་གནས་གཉིས་པ་ངོ་འཕྲོད་པ་ཡིན་ནོ་གསུངས། དེ་ལྟར་མཉམ་བཞག་པའི་དུས་ན། རྣམ་རྟོག་གི་འཕྲོ་རྒོད་དུ་མ་འབྱུང་བ་སོགས་སེམས་ཇི་ལྟ་བར་གནས་སུ་མ་གཏུབ་ན། ཡང་གོང་དུ་བཤད་པ་ལྟ་བུའི་བླ་མའི་རྣལ་འབྱོར་བསྒོམ་ཏེ། ལུས་སེམས་ཐང་མ་ཆད་ཀྱི་བར་དུ་གསོལ་བ་བཏབ། བླ་མ་རང་སེམས་དབྱེར་མེད་དུ་ནམ་མཁར་ཡལ་བ་དེ་ཁའི་ངང་དུ་མ་བཅོས་པར་གློད་ལ་བཞག མདོར་ན་བླ་མ་ལ་མོས་གུས་དྲག་པོས་ལན་གཅིག་མ་ཡིན་པར་སྙིང་ཐག་པ་ནས་གསོལ་བ་བཏབ་ན་བྱིན་རླབས་རྒྱུད་ལ་ཞུགས་ཏེ། རང་སེམས་གཉུག་མའི་གནས་ལུགས་ནང་ནས་རང་ལ་ཤར་བའི་ཚུལ་དུ་རྗེན་པར་རྟོགས་པ་ཞིག་འབྱུང། བླ་མའི་བྱིན་རླབས་མ་ཞུགས་ན་ཇི་ཙམ་བསྒོམས་ཀྱང་དོན་སྤྱིའི་རྣམ་པ་གོ་ཡུལ་ཙམ་དུ་ཡུལ་ལེ་བ་འཆར་གྱིས། རྟོགས་པ་ཕྱིན་ཅི་མ་ལོག་པར་མི་སྐྱེ་བས་བླ་མའི་མོས་གུས་ཁོ་ན་ལ་ནན་ཏན་དུ་བྱ་བ་གལ་ཆེའོ་གསུངས། ལམ་གི་མཐར་ཐུག་བླ་མའི་མོས་གུས་ལ། །ཁ་ཙམ་མིན་པའི་ཉམས་ལེན་ཁོར་ཡུག་གིས། །རང་སེམས་མ་བཅོས་གཉུག་མའི་ཞལ་བཟང་མཆོག །རང་བྱུང་རྗེན་པ་མཐོང་དུས་ནམ་ཡོང་ན། །གཉིས་པ་ཐབས་བསྒོམ་པས་ཉམས་སུ་བླང་བ་ནི་དེ་ལྟར་སེམས་ཀྱི་ངོ་བོ་མཐོང་ཡང་


LT25_Page_289B
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱུན་མ་བསྐྱངས་ན། འཁོར་བ་ཐོག་མ་མེད་པ་ནས་གོམས་པའི་བག་ཆགས་ཀྱིས་གནས་ལུགས་རང་ངོ་ཤེས་པ་སྤྲིན་བར་གྱི་ཉི་བུར་བཞིན་དུ་འགྲིབ་པར་འགྱུར་བས་ན། དེ་མི་འབྱུང་བའི་ཆེད་དུ་དུས་གནས་སྐབས་ཀུན་ཏུ་མ་ཡེངས་པར་བསྐྱང་དགོས་ལ། ཇི་ལྟར་སྐྱོང་བའི་ཚུལ་ལའང་གསུམ་ལས། དང་པོར་མི་གནས་པ་གནས་པར་བྱེད་པའི་ཐབས་མ་ཡེངས་པར་སྦྱོར་བ་ལ་མཁས་པ་རལ་བསྐོར་མཁན་གཡུལ་དུ་ཞུགས་པ་ལྟ་བུ་ཞེས་བྱ་བ། རྒྱ་གར་ནས་འཐབ་མོ་བྱེད་པ་ན། རལ་གྲི་བཟུང་བ་ནས། འུར་རྡོ་ཐོགས་པའི་བར་སོ་སོར་འཐབ་བར་བྱེད་པས་ན། རལ་བསྐོར་མཁན་དེའང་ཐེ་ཚོམ་ཡེངས་པ་མེད་ཅིང་མ་ཡེངས་པར་རལ་གྲི་བསྐོར་བས་ཚུལ་སུས་ཀྱང་མི་ཚུགས་ལ། ཕར་ཐམས་ཅད་བཅོམ་ཏེ་གཡུལ་ལས་རྒྱལ་ངེས་པ་ཞིག་འབྱུང་ལ། གལ་ཏེ་སེམས་གཡེང་བའམ་ཐེ་ཚོམ་དུ་ལུས་ན། དེའི་བར་གཞན་གྱིས་ཚུར་བསྣུན་ཏེ་རང་ཉིད་འཆིང་བར་མ་ཟད་ཡུལ་ཡང་ཕམ་པར་འགྱུར་བ་བཞིན་དུ། རྣལ་འབྱོར་པ་སེམས་ཀྱི་ངོ་བོ་མཐོང་བ་དེས། དེ་ཁའི་ཐོག་ཏུ་སྐད་ཅིག་ཀྱང་མ་ཡེངས་པར་ཉམས་སུ་བླང་ན། ཚུར་རྣམ་རྟོག་གིས་མི་ཚུགས་པར་མ་ཟད། ཕར་རྣམ་རྟོག་ཐམས་ཅད་འཇོམས་པར་འགྱུར་ལ། ཐེ་ཚོམ་དང་གཡེངས་བས་དེ་ཐོག་ཏུ་འཇོག་མ་ནུས་ན། ཡེངས་འཁྲུལ་རྒྱ་འབྱམས་ཀྱི་དབང་དུ་གྱུར་ཏེ། འཁོར་བའི་རྒྱ་མཚོ་འདིར་ལྟུང་ནས་ཐར་པའི་དུས་མེད་པ་ཞིག་འབྱུང་བས་དུས་དང་རྣམ་པ་ཐམས་ཅད་དུ་མ་ཡེངས་པའི་དྲན་པ་གལ་ཆེ་གསུངས། དེའང་སྐྱབས་འགྲོ་ནས་བཟུང་སྟེ་རང་སེམས་སྤྲོས་བྲལ་གྱི་ངང་དུ་འཇོག་པའི་བར་གོང་བཞིན་ལ། དེ་ཁའི་ངང་དུ་ཡེ་མ་ཡེངས་པར་ཆད་དེ་འཇོག་པར་བྱེད། རྣམ་རྟོག་གང་སྐྱེས་ཀྱང་རྦད་ཀྱིས་བཅད་ལ། ཡང་འཛིན་མེད་དུ་འཇོག་པ་དེ་ལྟ་བུ་ཡང་ཡང་གོམས་པས། སེམས་སྤྲོས་བྲལ་དུ་ལྷན་ནེར་གནས་པ་ཞིག་འབྱུང་སྟེ། དུབ་པ་ངལ་གསོ་བའི་གནས་


LT25_Page_290A
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ངོ་འཕྲོད་པ་ཡིན་གསུངས། གཉིས་པ་གནས་པ་བརྟན་པར་བྱེད་པའི་ཐབས། བར་དུ་མ་བཅོས་པར་བཙའ་བ་ལ་མཁས་པ་གླང་རྫི་མཁས་པས་གླང་པོ་ཆེ་སྐྱོང་བ་ལྟ་བུ་ནི། དཔེར་ན་གླང་པོ་ཆེ་སེམས་ཅན་སྟོབས་ཆེ་ཞིང་མ་རུངས་པ་ཞིག་ཡིན་པས། དེ་བསྐྱང་པ་ན། འགྲོ་ལྡོག་ལ་མཁས་པ་ཞིག་དགོས་ཀྱི། ལྕག་དང་ལྕགས་ཀྱུ་སོགས་ཙབ་ཙོབ་མང་ན། ཁོ་ཁྲོས་ནས་གང་དགར་ཁྱེར། མ་འཆུན་ན་ལམ་དུ་མི་ཆུག །དེས་ན་ཁོ་རང་ལམ་ལ་འགྲོ་བ་ན་སོར་བཞག །ལམ་མིན་དུ་འཇུག་པ་ན། ལྕག་དང་ལྕགས་ཀྱུ་སོགས་ཀྱིས་བཏུལ་བས། འདོད་པར་ཕྱིན་པ་བཞིན་དུ། སེམས་འདིའང་གང་དགར་བཞག་ན་འཁྲུལ་པ་རྒྱ་འབྱམས། གཉེན་པོ་ཙབ་ཙོབ་མང་ན་སླར་འཁྲུལ་པའི་བསྣོན་ཁར་འགྱུར་བས། ཕྱི་ལྷོད་ལ་ཁོངས་གྲིམ་པའི་ཚུལ་དུ་ཧ་ཀྱང་ཅུར་ཅུར་དུའང་མ་སོང་བ་མ་ཡེངས་པའི་རྒྱངས་སོ་བཙུགས་ནས། སེམས་ཁོ་རང་རང་བབས་སུ་གནས་ཀྱི་འདུག་ན། དེ་ཀའི་ངང་ལ་ཆམ་མེ་འཇོག །འགྱུ་ཡི་འདུག་ན་དྲན་པས་ཚིར་གྱིས་བཟུང་ལ་རྣམ་རྟོག་གང་ཤར་བ་དེ་ཀའི་ཐོག་ཏུ་འཛིན་མེད་དུ་ཆམ་གྱིས་འཇོག །དེ་ལྟར་བཞག་པས་རྣམ་རྟོག་གཅིག་ཤར། དེ་ཀའི་ངོ་བོ་ལ་བལྟས་པས་འཛིན་མེད་དུ་ལྷང་ངེ༌། སེམས་གཉུག་མའི་ཞལ་གཅིག་མཐོང་བ་ཡིན་མོད། དེས་མཚོན་རྣམ་རྟོག་གི་འགྱུ་བ་དགག་པར་མི་ནུས་པས། གང་ཤར་བ་དེ་ཐོག་ཏུ་འཛིན་པ་མ་ཞུགས་པར་ཆམ་ཆམ་འཇོག་པར་བྱེད། དེ་ལྟ་བུ་གོམས་པས་རྣམ་རྟོག་གང་སྐྱེས་ཀྱང་རང་ངོ་རྗེན་པར་ཤེས་པ་ནི་འགྱུ་བ་རང་སར་གྲོལ་བ་ཞེས་བྱ་སྟེ། དུབ་པ་ངལ་གསོ་བའི་གནས་བཞི་པ་ངོ་འཕྲོད་པ་ཡིན་ནོ་གསུངས། གསུམ་པ་བརྟན་ནས་བོགས་འབྱིན་པར་བྱེད་པ། ཐ་མ་ཅི་དགར་བཏང་བ་ལ་མཁས་པ་གཟིངས་ཐོག་ནས་འཕུར་བའི་བྱ་རྒྱ་གར་ན་ཚོགས་པ་རྒྱ་མཚོར་འགྲོ་བ་རྣམས་རི་དང་ཆུ་


LT25_Page_290B
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་བརྟགས་པའི་ཆེད་དུ། ཕུག་རོན་དང་བྱ་རོག་སོགས་ཁྱེར་བ་ན་འཛམ་བུ་གླིང་དང་ཉེ་བའི་ཕྱོགས་རྣམས་སུ། བྱ་རྫི་སོགས་ཀྱིས་ཉེར་ཅག་ལེགས་པོ་བྱས། གང་བྱུང་ལ་མ་ཤོར་བ་མ་བྱས་ན། ཁོ་འཛམ་བུ་གླིང་དུ་ལོག་ན་རི་དང་ཆུ་སྲིན་བརྟག་པ་སོགས་མི་ཡོང་བས་ཁྱེར་བ་དོན་མེད་དུ་འགྱུར་བས་མི་ཕུར་བའི་ཐབས་བྱ་དགོས་ལ། རྒྱ་མཚོའི་དབུས་སུ་སླེབས་ན་རྒྱ་མཚོ་དང་ནམ་མཁའ་གཉིས་པ་སྦྱར་བ་ལྟ་བུའི་མཐའ་བྱས་རྙེད་པར་མི་ནུས་པས། དེ་ཙམ་ན་ཉེར་ཅག་མི་དགོས་པར་རང་དགར་འཕུར་བཏང་བས། ཁོ་རང་གང་དུའང་འགྲོས་མི་རྙེད་ལ། ཆུ་ལ་སྡོད་མི་ཚུགས་པས་སླར་གཟིངས་ཐོག་ཏུ་ཁྱིར་ཏེ་བབས་ཡོང་བ་ལྟར། སེམས་ཀྱང་འགྱུ་བར་གྲོལ་དུ་མ་སོང་གི་བར་མ་ཡེངས་པར་གཅུན། རྣམ་རྟོག་གང་སྐྱེས་ཀྱང་དེ་ཐོག་ཏུ་འཛིན་པ་མ་ཞུགས་པར་མ་བསྐྱངས་ན། སེམས་ཡུལ་ལ་འབྱམས་ན་དགེ་སྦྱོར་བྱས་བློ་ཙམ་མ་གཏོགས། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྒྲུབ་པར་མི་ནུས་པས་དོན་མེད་དུ་འགྱུར་བ་ཡིན་པས། འགྱུ་བ་རང་གྲོལ་དུ་ཤེས་པ་ན་དེ་བརྟན་མི་བརྟན་བརྟག་པའི་ཆེད་དུ། སེམས་འདོད་ཆགས་ཞེ་སྡང་སོགས་ཉོན་མོངས་སྐྱེས་པའི་ཡུལ་ལ་ཆེད་དུ་སྤྲོས་ཏེ་ཆམ་གྱིས་བཏང་ནས། དེ་དང་དེའི་རྩལ་རྫོགས་སུ་བཅུག་པས། རྣམ་པ་ཉོན་མོངས་དེ་དང་དར་ལམ་མེར་གནས་ཀྱང༌། ངོ་བོ་གཉིས་མེད་ཀྱི་ཡེ་ཤེས་སུ་རྗེན་ནེ་གནས་པ་སྟེ། ཡུལ་དེར་མི་གནས་པར་སེམས་ཁོ་རང་བརྗོད་ཕྲལ་གྱི་ངང་དུ་ལྷོད་དེ་གནས་པ་ཞིག་འབྱུང༌། དེ་གོམས་ན། གནས་གཉེན་པོར་ཕྱིན་ལ་བགེགས་ཀྱི་ཆོ་འཕྲུལ་དང་བསྲེ། རིམ་གྱིས་མེ་དང༌། ཆུ་དང༌། མཚོན་ལ་སོགས་པའི་ཐོག་ཏུ་བསྲེས་པས། དེ་དང་དེས་གནོད་པར་མི་ནུས་ཀྱི་སྟེང་དུ་ཉམས་དང་རྟོགས་པ་ལ་ཕོགས་རྒྱངས་རྒྱངས་ཐོན་ཡོང་བ་ཡིན་ཏེ། དེ་ནི་དུབ་པ་དང་ངལ་བ་གསོ་བའི་གནས་ལྔ་པ་ངོ་ཕྲོད་པ་ཡིན་གསུངས། མ་ཡེངས་དྲན་པའི་


LT25_Page_291A
[མ་དཔེ་གཟིགས་ན་འདིར་གནོན།]

མ་མས་རིང་དུ་བསྐྱང༌། །མ་བཅོས་གཉུག་མའི་ཀློང་དུ་ཆོས་ཀུན་གྲོལ། །མ་བཅིངས་རང་ངོ་ཤེས་པའི་རྒྱ་ལན་གྱིས། །མ་ནོར་གནས་ལུགས་རྟོགས་དུས་ནམ་ཡོང་ན། །གཉིས་པ་གེགས་བསལ་བ་ནི། དེ་ལྟར་ཤེས་རབ་ལྟ་བས་ཐག་བཅད་པའི་དོན་དེ་ཐབས་བསྒོམ་པའི་གནས་གསུམ་པོ་དེས་སྐད་ཅིག་ཀྱང་ཡེངས་པར་མེད་པར་ཉམས་སུ་བླངས་པས། ཇི་ཞིག་ན་བདེ་གསལ་མི་རྟོག་པའི་ཉམས་སྐྱེ་ཞིང༌། དེ་དག་ལ་ཞེན་ན་ཁམས་གསུམ་འཁོར་བའི་རྒྱུར་འགྱུར་གྱི། ཐམས་ཅད་མཁྱེན་པའི་ལམ་དུ་མི་འགྲོ་བས། གེགས་དེ་བསལ་དགོས་ལ། དེའང་ཉམས་དེ་མ་སྐྱེས་ནའང་ལམ་དུ་མི་འགྱུར་བས་ཐོག་མར་མ་སྐྱེས་ཀྱི་བར་དུ་བསྐྱང༌། ཉམས་དེ་དག་ལ་ཞེན་ནའང་ལམ་དུ་མི་འགྱུར་བས། ལམ་དུ་བསྲེལ་དགོས་ཏེ། དཔེར་ན་རྒྱ་གར་རྡོ་རྗེ་གདན་དུ་འགྲོ་བའི་ལམ་ན། དཔལ་མོ་དཔལ་ཐང་ལྟ་བུ་ཐང་བདེ་ཞིང་ཡིད་ཆགས་པའང་ཡོད། གཅན་ཕྲང་དང་གཡང་ས་སོགས་ལམ་འཇིགས་པའང་ཡོད་མོད། དེ་དག་ལ་མ་ཕྱིན་པར་ཡང་རྡོ་རྗེ་གདན་དུ་སླེབས་མི་ནུས་ན། དེ་དག་ལ་ཆགས་ནས་དེར་བསྡད་པའམ་འཇིགས་ནས་འགྲོ་མ་ནུས་པར་ལོག་ནའང་རྡོ་རྗེ་གདན་དུ་སླེབ་པའི་གེགས་སུ་འགྱུར་བ་དང་ཚུལ་མཚུངས་པ་ཡིན་ཏེ། དེའང་དེ་ལྟར་མཉམ་པར་བཞག་པའི་དུས་ན། རྣམ་རྟོག་གི་འགྱུ་བ་ཐམས་ཅད་འགགས་ཀྱང་སེམས་ཀྱི་རང་ངོ་རྗེན་པར་མ་ཤེས་པའི་མུན་ནེ་པ་ནི་ཞིག་ནས་ལྟེངས་པོ་ཞེས་བྱ་བའམ། མི་རྟོག་པའི་ཉམས་ཞེས་བྱ་བ་ཡིན་ལ། དེ་ལ་ཞེན་ན་གཟུགས་མེད་ཀྱི་ལྷར་སྐྱེ་བ་མ་གཏོགས་པར་ཐམས་ཅད་མཁྱེན་པའི་ལམ་དུ་མི་འགྱུར་བས་དེ་བསལ་བ་ནི། ལུས་གནད་བསྒྲིམ། ལྟ་སྟངས་དབང་བསྟོད། རིག་པ་ཧུར་ཕྱུངས། ཤེས་པ་གཟེངས་བསྟོད་དོ། །སལ་ལེ་སིང་ངེ༌། ཡེ་རེ། སེམས་མ་བཅོས་པའི་ངང་དུ་བཞག་པས་གསལ་སྟོང་ཟུང་འཇུག་ཏུ་འགྱུར། དེ་ལྟར་ཡང་ཡང་


LT25_Page_291B
[མ་དཔེ་གཟིགས་ན་འདིར་གནོན།]

གོམས་པས། གསལ་བའི་ཉམས་ཧྲིག་གེ་བ། ཡེ་རེ་བ། གསལ་ཆ་ལ་བདེན་འཛིན་དང་བཅས་པ། སེམས་གསལ་བདེ་ལས་འབྲལ་མི་ཕོད་པ་ལྟ་བུ་འབྱུང་ཞིང༌། དེ་ལ་ཞེན་ན་གཟུགས་ཁམས་ཀྱི་ལྷར་སྐྱེ་བས། དེ་བསལ་བ་ནི། ལུས་གནད་ཁོང་ལྷོད་དང༌། ལྟ་སྟངས་སྨད། ཤེས་པ་ཁོང་ཀློད་དེ་རང་བབས་སུ་ཆམ་མེ་བཞག་པས། མི་རྟོག་པ་དང་གསལ་བ་ཟུང་འཇུག་ཏུ་འགྱུར། དེ་ལྟར་གསལ་སྟོང་ཟུང་དུ་འཇུག་པ་ན། ཐབས་ཤེས་རབ་ཀྱི་རྟེན་འབྲེལ་གྱིས་བརྗོད་མེད་ཀྱི་བདེ་བ་ལྷང་གིས་སྐྱེས། བདེ་ཉམས་གང་ལའང་ཞེན་པ་མི་བྱེད། ཞེན་ན་འདོད་ཁམས་ཀྱི་གནས་ཅི་རིགས་པར་སྐྱེ་བ་ལས་ཐམས་ཅད་མཁྱེན་པའི་ལམ་དུ་མི་འགྱུར་བས། བདེ་བ་དེའི་ངོ་བོ་ལ་མི་ཞེན་པར་སེམས་ནམ་མཁའི་མཐའ་ཀླས་སུ་ཆམ་གྱིས་བཏང་ཤེས་པ་རྒྱ་བསྐྱེད། འཛིན་མེད་དུ་བཞག་པས་བདེ་སྟོང་ཟུང་འཇུག་ཏུ་འགྱུར་ཏེ། མདོར་ན་ཁལ་ཁལ་བསྲེལ་བ་བཞིན་དུ། གསལ་བ་ཤས་ཆེ་ནི་མི་རྟོག་པ་ཤས་ཆེན་གསལ་བའི་ཐབས་བདེ་བ་ཤས་ཆེན་སྟོང་ཉིད་ཀྱི་ངང་དུ་བསྲེལ་བས་ཞེན་འཛིན་ཐམས་ཅད་དག་སྙེ། སེམས་གཉུག་མའི་ངང་ཐོག་ཏུ་གནས་པ་ཞིག་འབྱུང༌། དེ་ལྟར་གཞི་དུས་ཀྱི་ཆོས་སྐུ་སེམས་མ་བཅོས་གཉུག་མར་གནས་པ་དེ་ཉིད། ལམ་དུས་ཀྱི་ཆོས་སྐུ་སེམས་མ་བཅོས་པར་བཞག་པའི་ཐབས་ཀྱིས་ཉམས་སུ་བླང་བས། འབྲས་དུས་ཀྱི་ཆོས་སྐུ་སེམས་ཉིད་མ་བཅོས་པའི་རང་ངོ་རྗེན་པར་ཤེས་པ་ཉིད་ལས་སངས་རྒྱས་ཞེས་བྱ་བ་ཡིན་གྱི། སེམས་ལས་གཞན་པའི་ཆོས་སྐུ་གཤེད་ན་ཡོད་ན། རང་རེ་རྣམས་ཀྱིས་ལེན་ཀྱང་མི་ཐུབ་ལ། བླངས་ཀྱང་འདྲེ་བ་དཀའ། མདོར་ན་རང་སེམས་རང་ངོ་མ་ཤེས་པའི་བློ་བུར་གྱི་དྲི་མ་མཐའ་དག་དབྱིངས་སུ་ཐིམ། སེམས་ཉིད་དག་པ་གཉིས་ལྡན་མངོན་དུ་གྱུར་བ་སངས་རྒྱས་ཞེས་ཐ་སྙད་བྱས་ཡིན་གསུངས། དེ་དག་ནི་


LT25_Page_292A
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞིའི་རིམ་པའི་བསྒོམ་བྱ་གང་ཟིན་བྲིས་པའོ། །གསལ་སྟོང་བདེ་བའི་ཉམས་མྱོང་རྒྱུད་ལ་སྐྱེས། །སོ་སོར་མ་ཞེན་ཟུང་འཇུག་ཉམས་སུ་ལོངས། །བློ་འདས་གཉུག་མ་རང་སེམས་ཕྱག་རྒྱ་ཆེ། །དག་པ་གཉིས་ལྡན་རྟོགས་དུས་ནམ་ཡོད་ན། །གསུམ་པ་རྗེས་ལ། ཡུན་དུ་གནས་པའི་ཐབས་ནི། གོང་དུ་བསྟན་པ་ལྟ་བུའི་སྤྲོས་བྲལ་གྱི་དོན་ལ་མ་ཡེངས་པའི་དྲན་པས། སྐད་ཅིག་ཀྱང་མ་ཡེངས་པར་ཉམས་སུ་བླངས་བས། ནུབ་མོ་རྨི་ལམ་དུ་ཡང་དགེ་སྦྱོར་ཟིན་པ་འབྱུང༌། མདོར་ན་ཉིན་མཚན་འཁོར་ཡུག་ཏུ་འབད་པ་དྲག་པོས་ཉམས་སུ་ལེན་པ་ཉིད་ཡིན་ལ། སྣང་བ་ལམ་དུ་ཁྱེར་བའི་ཐབས་ཀྱང་ནད་གདོན་ཉོན་མོངས་སོགས་གང་བྱུང་ཡང་དེ་ཐོག་ཏུ་སེམས་ཆེར་གྱིས་གཏད་དེ། གང་ཡིན་པ་དེའི་རྩལ་རྫོགས་པ་ན། རིག་པ་བཟོ་མེད་དུ་ཆམ་ཆམ་འཇོག་པ་སོགས། མདོར་ན་སྣང་བ་གང་ཤར་དེ་ཁའི་སྣང་བ་ལ་མི་དཔྱོད་པར། ངོ་བོའི་ཐོག་ཏུ་ཀློད་ཀྱིན་འཇོག་པར་བྱེད། ཅི་བྱས་འགྲོ་དོན་དུ་འགྱུར་བའི་ཐབས་ནི། དེ་ལྟར་སེམས་ཀྱི་གནས་ལགས་སྤྲོས་པ་ཐམས་ཅད་དང་བྲལ་བ་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་བཞུགས་ཀྱང༌། གློ་བུར་གི་དྲི་བས་བཞུགས་པ་ལ་བཞུགས་པར་ངོ་མ་ཤེས་པས་འཁྲུལ་སྣང་འབའ་ལ་ལོངས་སྤྱོད་པ་འདི་རྣམས་སྙིང་ཏེ་རྗེ་ན། བདག་གིས་ཇི་ལྟར་ཕན་ཕན་བྱ་སྙམ་དུ། ཅི་བྱས་སེམས་ཅན་གྱི་དོན་དུ་འགྱུར་བའི་ཐབས་ལ་འབད་པ་ཡིན་ནོ་གསུངས། མཉམ་རྗེས་བྲལ་བའི་དགེ་སྦྱོར་ཁོར་ཡུག་གིས། །སྣང་སྲིད་བདེ་ཆེན་ཆོས་སྐུར་ཤར་བའི་ངང༌། །དངོས་དང་བརྒྱུད་པས་དྲིན་ཅན་མ་རྣམས་ལ། །ཕན་བདེ་རབ་འབྱམས་སྩལ་དུས་ནམ་ཡོང་ན། །དེ་སྐད་རྒྱལ་བ་ཀུན་དངོས་ཚར་པ་རྗེའི། །ཞགས་སེན་ནོར་བུའི་ཅོད་པན་སྤྱི་གཙུག་ཏུ། །འབྲལ་མེད་བཅིངས་པས་ཆོས་ཀྱི་རྒྱལ་སྲིད་ལ། །དབང་ཐོབ་མཁྱེན་བརྩེའི་མིང་དེས་ཡི་གེར་


LT25_Page_292B
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད། །དགེ་འདིས་སྲིད་ལམ་འཁྱམས་པས་ཆེས་དུབ་པའི། །མ་རྣམས་གཉུག་མའི་མལ་དུ་ངལ་གསོས་ནས། །ཟག་མེད་བདེ་བ་ནམ་མཁའི་ཁྱོན་འདས་པ། །ཟུང་འཇུག་འཇིག་རྟེན་དབང་ཕྱུག་ཐོབ་པར་ཤོག །སརྦ་དཱ་མངྒ་ལཾ། ༈ ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་ཁྲིད་ཀྱི་ཉམས་གླུ་དྲན་པས་སྙིང་གི་གདུང་སེལ་ཟླ་བའི་ཟིལ་དངར་ཞེས་བྱ་བ་བཞུགས་སོ། །ཨེ་མ་སྙིང་རྗེའི་རང་གཟུགས་ཕྱག་ན་པདྨོ་འཆང་བ། །བསིལ་ལྗོངས་བསྟན་པའི་བདག་པོ་ཀུན་མཁྱེན་བུ་སྟོན་ཆོས་རྗེ། །སྤྲང་བཙུན་བདག་གི་གཙུག་ན་དྲིན་ཆེན་རྩ་བའི་བླ་མ། །སྙིང་ནས་གསོལ་བ་འདེབས་སོ་ཐུགས་རྗེས་འབྲལ་མེད་སྐྱོངས་ཤིག །གྲུབ་བརྙེས་མི་ཏྲ་ཛོ་ཀིའི་ཐུགས་བཅུད་ཟབ་རྒྱས་སྙིང་ཁུ། །དྲན་པས་སྙིང་གི་གདུང་སེལ་སེམས་ཁྲིད་ཟླ་བའི་ཟིམ་དངར། །ཀུན་མཁྱེན་བུ་སྟོན་སྙན་བརྒྱུད་ཐོས་གྲོལ་སེམས་ཀྱི་ངལ་གསོ། །རྣལ་འབྱོར་བདག་གི་བགོ་སྐལ་རྣ་བའི་བདུད་རྩིར་བྱས་སོ། །ཐུན་མོང་ལམ་གྱིས་བཏུལ་བས་དད་པའི་ཞིང་ས་གཤིན་པོར། །སྐྱབས་སེམས་ཡིག་རྒྱའི་རྣལ་འབྱོར་ས་བོན་བཞིན་དུ་བཏབ་ནས། །དག་པས་སེམས་ཀྱི་མྱུ་གུ་ཕུན་སུམ་ཚོགས་པའི་འདུ་བྱེད། །སྒོ་གསུམ་བརྟུན་པ་བྱེད་པའི་ཉམས་ལེན་ཚད་མས་བྱས་སོ། །བྱིན་རླབས་འོད་ཕུང་འཕྲོ་འཕྲོ་རྩ་བརྒྱུད་བླ་མའི་ཞིང་ཁམས། །མོས་གུས་འདབ་སྟོང་བཞད་བཞད་སྐལ་ལྡན་བདག་གི་སྙིང་དབུས། །གསོལ་འདེབས་བུང་བ་སྒྲོགས་སྒྲོགས་ཡི་གེ་ལྔ་བཅུའི་འཛབ་དབྱངས། །ཉམས་རྟོགས་སྦྲང་རྩི་སྐྱུག་སྐྱུག་ཕ་རྒོད་བླ་མ་མཁྱེན་ནོ། །ཕྱག་རྒྱ་གསུམ་གྱི་བཅའ་བས་རྩ་རླུང་སེམས་གནད་བསྲངས་ཏེ། །སྣང་སྲིད་འཁོར་འདས་ཆོས་ཀུན་རང་སེམས་རོལ་པར་བལྟ་ཞིང༌། །སེམས་ཉིད་མཐའ་བཞི་བྲལ་བ་བདེ་སྟོང་ནམ་མཁའི་དབྱིངས་བཞིན། །ཐག་ཆོད་ལྟ་བའི་རྒྱལ་པོ་དབུ་མའི་གྲོལ་


LT25_Page_293A
[མ་དཔེ་གཟིགས་ན་འདིར་གནོན།]

ས་བསྙེགས་སོ། །རལ་བསྐོར་གླང་རྫི་མཁས་དང་གཟིངས་ནས་བྱ་རོག་འཕུར་པའི། །དཔེ་ཚུལ་བསྒྲིམ་གློད་གནད་ཀྱིས་ཞི་གནས་རྩལ་གསུམ་རྫོགས་ཤིང། །བློས་བྱས་སྤྲོས་པ་ཀུན་བྲལ་སྟོང་སངས་ལྷག་གེར་མཐོང་ནས། །གནས་དང་མི་གནས་བླ་མེད་ནམ་མཁའི་རྣལ་འབྱོར་བསྒོམ་མོ། །བརྗོད་བྲལ་བདེ་ཆེན་ཉམས་མྱོང་མི་འབྲལ་དྲན་པས་བཟུང་སྟེ། །གང་ཤར་སྤང་བླང་བྲལ་བ་ཆོས་ཉིད་ལམ་དུ་བསླང་ཞིང༌། ཅི་བྱས་གཞན་དོན་འགྱུར་བ་དམིགས་མེད་སྙིང་རྗེའི་སྤྱོད་པ། །ཤུགས་འབྱུང་འགགས་མེད་སྤྱོད་པས་སངས་རྒྱས་སེམས་སུ་བརྡོལ་ལོ། །རྒྱ་གར་པཎ་གྲུབ་རྣམས་ཀྱིས་གསང་གྲོས་བྱ་ཤོར་བཏང་བས། །མཚོ་ལ་གཟའ་སྐར་བཀྲམ་བཀྲམ་ཟབ་ཁྲིད་འདེབས་ཚུལ་མང་ཡང༌། །ཡིད་ཆེས་གསུམ་དང་ལྡན་པ་བུ་སྟོན་བླ་མའི་སྙིང་གཏམ། །ཟབ་མོ་སེམས་ཀྱི་ངོ་སྤྲོད་ངལ་གསོ་འདི་ཀོ་ཡིན་འདུག །དེང་སང་བསྟན་པའི་སྙིགས་མར་གསེར་ལས་ར་གན་བྲིན་བྲིན། །དུས་ཀྱི་འགྱུར་པར་བསམས་ནས་སྐྱོ་བ་སྙིང་ནས་འཕྱོ་འཕྱོ། །བྱ་བ་གང་ལ་བརྟག་ཀྱང་སྙིང་པོ་ཅུང་ཟད་མི་འདུག །ང་ཀོ་དབེན་པའི་རི་ལ་སྒྲུབ་པ་སྙིང་པོ་བྱས་གཏོང༌། །ཞེས་སེམས་ཉིད་ངལ་གསོའི་ཁྲིད་ཀྱི་ཉམས་གླུ་འདིའང༌། བཙུན་པ་བློ་གསོལ་བསྟན་སྐྱོང་གིས་སྨྲས་སོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། ༈ ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་འཁྲིད་ཀྱི་འཆད་ཐབས་བླ་མའི་ཞལ་ལུང་བདུད་རྩིའི་སྣང་བ་བཞུགས་སོ། །སྲས་བཅས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །བླ་མ་ཕྱག་ན་པདྨོར་གུས་བཏུད་ནས། །གང་དེའི་ཞལ་ལུང་སེམས་ཉིད་ངལ་གསོ་ཡི། །འཆད་ཐབས་བདུད་རྩིའི་སྣང་བ་ཅུང་ཟད་སྤྲོ། །དེ་ལ་འདིར་གྲུབ་ཆེན་མི་ཏྲ་ཛོ་ཀིའི་ཐུགས་བཅུད་ཕྱག་རྒྱ་ཆེན་པོས་སེམས་ཉིད་ངལ་གསོའི་ལམ་གྱི་རིམ་པས་སྐལ་ལྡན་གྱི་སློབ་མ་སངས་རྒྱས་ཀྱི་སར་འཁྲིད་པའི་ཚུལ་ལ། ཐོག་མར་


LT25_Page_293B
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་རང་ཉིད་སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་ནས་དེ་རིང་སློབ་མ་ལ་འཕོགས་རྒྱུའི་དམིགས་ཐུན་རྣམས་ཇི་ལྟར་རིགས་པས་བསྒོམས་རྗེས། ལམ་ཐུན་མོང་པས་བློ་སྦྱངས་ནས་རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་གང་ཡང་རུང་བའི་དབང་བཞི་རྫོགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པའི་སློབ་མ་རྣམས་ཁྲུས་བྱས། ཕྱག་དང་ཡོན་ཕུལ་ནས་རང་རང་གི་གྲལ་ལ་འཁོད་པ་དང༌། སློབ་དཔོན་གྱིས་བསྐུལ་ནས་བརྒྱུད་འདེབས་དང་ལས་རྡོར་གྱིས་བསྐུལ་ནས་མཎྜལ་ཚོམ་བུ་སོ་བདུན་མ་ཕུལ་བའི་བར། སློབ་མ་དཔོན་གྱིས་བདུད་ཚར་གཅོད་པའི་སྔགས་ལན་གསུམ་ཤུབ་བུར་བཟླ། དེ་ནས་ཟང་ཟིང་མེད་པའི་བྱམས་པ་དང༌། འཁོར་བ་ལས་སྒྲོལ་འདོད་ཀྱི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་འདི་སྐད་ཅེས་གདམས་པར་བྱའོ། །འོ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་གོ་འཕང་སྐུ་ཚེ་འདི་ཉིད་ལ་དུས་མྱུར་བ་ཉིད་དུ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་པའི་ཁྲིད་ཀྱི་རིམ་པ་ཟབ་པོ་གསན་ལ་དོན་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམས་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང༌། སྐྱེས་པ་རབ་ཀྱི་རྒྱུད་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་ཉེ་བར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་ནི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་དྭངས་ལ་དྲི་མེད་བློས། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོར་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར། ཆོས་ཀྱི་ཚིག་དོན་ལ་ཡིད་མི་གཏོད་པ་སྣོད་ཁ་སྦུབས་པ་ལྟ་བུའི་སྐྱོན་དང༌། ཡིད་གཏོད་ཀྱང་དྲན་པ་དང་ཤེས་བཞིན་གིས་མི་འཛིན་པ་སྣོད་ཞབས་རྡོལ་ལྟ་བུའི་སྐྱོན་དང༌། དྲན་པ་དང་ཤེས་བཞིན་གྱིས་


LT25_Page_294A
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ཡང༌། རྣམ་བཤད་རིགས་པ་ལས། ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་གཡེངས་ཡིད་བསྡུས་དང༌། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་གསུངས་པའི་དྲི་མ་དྲུག་པོ་གང་རུང་དང་ལྡན་པ་སྣོད་དྲི་མ་ཅན་གྱི་སྐྱོན་ཏེ་སྣོད་ཀྱི་སྐྱོན་གསུམ་སྤངས་ལ། དེ་དག་གི་གཉེན་པོར་རང་ལ་ནད་པ། ཆོས་སྨྲ་བ་ལ་སྨན་པ། ཆོས་ལ་སྨན། ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་གསོ་བའི་འདུ་ཤེས་ཏེ་འདུ་ཤེས་བཞི་ལ་དྲན་པ་ཉེ་བར་བཞག་སྟེ་གསན་པ་དང༌། ཁྱད་པར་དུ་རྡོ་རྗེ་ཐེག་པ་བླ་མེད་ཀྱི་སྐབས་འདིར་ནི་ཐ་མལ་གྱི་སྣང་ཞེན་དང་བཅས་པས་ཆོས་གསན་པའི་སྣོད་དུ་མི་རུང་བས་ན། སྐུ་ལུས་ཀྱི་འདུག་སྟངས་དྲངས་པོར་གནས་པ་དང༌། ཐུགས་ཀྱི་བསམ་པར་གནས་ཁང་འདི་ཉིད་ཀྱང་ཐ་མལ་གྱི་གནས་ཁང་འདི་ལྟ་བུ་མ་ཡིན་པར་དག་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ད་ལྟ་ཆོས་སྟོན་པའི་རྡོ་རྗེ་སློབ་དཔོན་ཀྱང་ཐ་མལ་གྱི་རྣམ་པ་ཅན་མ་ཡིན་པར་དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་སྙིང་རྗེ་ཆེན་པོའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་དངོས་ཡིན་སྙམ་པ་དང༌། ཁྱེད་རང་རྣམས་ཀྱང་ཐུན་མཚམས་ཀྱི་ལྷག་པའི་ལྷ་གང་ཡང་རུང་བའི་ང་རྒྱལ་དང་ལྡན་པའི་སྒོ་ནས། ཆོས་ཀྱི་སྒྲ་དབྱངས་གྲགས་སྟོང་སྐྱེ་བ་མེད་པར་སྒྲོགས་པས་སྲིད་ཞིའི་རྒུད་པ་ཐམས་ཅད་སེལ་བར་མཛད་པའི་སྒྲ་ལྷང་ལྷང་ཡོད་སྙམ་པ་དང་བཅས་ཏེ་གསལ་སྟོང་འཛིན་མེད་ཀྱི་ངང་དུ་ཡེངས་པ་མེད་པའི་ཚུལ་གྱི་གསན་པ་གནང་བར་ཞུ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི་གྲུབ་ཆེན་མི་ཏྲ་ཛོ་ཀི་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་ལམ་གྱི་རིམ་པ་ཟབ་མོ་འདི་ཉིད་ཡིན་ལ། དེ་ཇི་ལྟར་


LT25_Page_294B
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པའི་ཚུལ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ལོ་རྒྱུས་དང༌། ལོ་རྒྱུས་དེ་ལྡན་གྱི་གདམས་པ་དངོས་གཉིས་ལས། དང་པོ་ལའང་བཤད་བྱ་ཆོས་ཀྱི་ལོ་རྒྱུས་དང༌། བླ་མ་བརྒྱུད་པའི་ལོ་རྒྱུས་གཉིས་ཀྱི། དང་པོ་ནི། བདག་ཅག་གི་སྟོན་པ་ཐབས་མཁས་ཤིང་ཐུགས་རྗེ་ཚད་མེད་པ་དེ་ཉིད་ཀྱིས་གདུལ་བྱ་སེམས་ཅན་རྣམས་ཀྱི་ཁམས་དང༌། དབང་པོ་དང༌། བསམ་པ་དང༌། བག་ལ་ཉལ་བའི་རིམ་པ་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ཐམས་ཅད་ཀྱང་བསྡུ་ན། བརྗོད་བྱའི་ངང་ནས་བསླབ་པ་གསུམ་དང་རྗེད་བྱེད་ཀྱི་ངོས་ནས་སྡེ་སྣོད་གསུམ་དུ་འདུ་ཞིང༌། དེ་ཡང་བསྡུ་ན་ཐེག་པ་དམན་པ་དང༌། ཐེག་པ་ཆེན་པོ་གཉིས་སུ་འདུ་བ་ལས་ཁྱད་ཆོས་བདུན་གྱིས་ཁྱད་པར་དུ་འཕགས་པའི་ཐེག་པ་ཆེན་པོ་ཡིན། དེ་ལྟ་བུའི་ཐེག་པ་ཆེན་པོ་དེ་ལ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། འབྲས་བུ་སྔགས་ཀྱི་ཐེག་པ་རྣམ་གཉིས་སུ་ཡོད་པ་ལས། འདིར་འབྲས་བུ་སྔགས་ཀྱི་ཐེག་པ་ཡིན། དེ་ལའང་རྒྱུད་སྡེ་ཆེན་པོ་རྣམ་པ་བཞིར་ཡོད་པ་ལས། རྒྱུད་སྡེ་ཐམས་ཅད་ཀྱི་མཐར་ཐུག་པ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་དཔལ་བདེ་ཆེན་རལ་པ་གཅིག་པའི་སྐོར་ལ་སྨིན་བྱེད་ཀྱི་དབང་དང༌། གྲོལ་བྱེད་བསྐྱེད་རྫོགས་ཀྱི་ལམ་གཉིས་སུ་ཡོད་པ་ལས། འདིར་ཤིན་ཏུ་ཟབ་པའི་རྫོགས་རིམ་ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་སྐོར་ཡིན་ལ། གཉིས་པ་བླ་མ་བརྒྱུད་པའི་ལོ་རྒྱུས་ནི། དེ་ལྟ་བུའི་ལམ་སྲོལ་ཁྱད་པར་དུ་འཕགས་པ་འདི་ཉིད། སྤྱིར་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གིས་མངོན་སུམ་དུ་རྗེས་སུ་བཟུང་བ་ལྷའི་རིགས་ཀྱི་བྱང་སེམས་བློ་གྲོས་རིན་ཆེན་ཞེས་བྱ་བ་དེས་གྲུབ་ཆེན་ཏེ་ལོ་པ་རྗེས་སུ་བཟུང༌། དེས་གྲུབ་ཆེན་རོལ་པའི་རྡོ་རྗེ་རྗེས་སུ་བཟུང༌། དེས་རྗེ་མི་ཏྲ་ཛོ་ཀི་རྗེས་སུ་བཟུང་བ་ཡིན་ཏེ་


LT25_Page_295A
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་འཕགས་པ་སྤྱན་རས་གཟིགས་རྣམ་པར་འཕྲུལ་པ་གྲུབ་ཆེན་མི་ཏྲ་ཛོ་ཀི་ཞེས་ཡོངས་སུ་གྲགས་པ་འདི་རྒྱ་གར་ཤར་ཕྱོགས་སུ་རྒྱལ་པོ་ཞིག་གི་སྲས་སུ་བཞེས་པའི་ཚུལ་བསྟན། འཁྲུངས་མ་ཐག་ནས་དད་པ་དང༌། ངེས་འབྱུང་དང༌། སྙིང་རྗེ་ཆེན་པོས་ཐུགས་རྒྱུད་བསྐུལ་ཏེ་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་སྤངས་ནས་བྷ་ག་བྷི་ཊ་རའི་གྲོང་དུ། གྲུབ་ཆེན་རོལ་པའི་རྡོ་རྗེ་ལས་ཁྱད་པར་གྱི་གདམས་པ་གསུམ་གསན་ནས། ཁ་སར་པ་ཎིའི་རི་བོར་སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་ནས་ལོ་བཅུ་གཉིས་སོང་བའི་མཐར། མདུན་གྱི་རྡོ་རྗེའི་ཤིང་སྟན་མེ་ལོང་ལྟར་འཇམ་པའི་སྟེང་དུ་འཕགས་པ་ཐུགས་རྗེ་ཆེན་པོ་ཁ་སར་པ་ཎིའི་ཞལ་མངོན་སུམ་དུ་བསྟན་ཏེ་ད་ནི་འདོད་ཅེས་གསུངས་པ་ལ། རང་གི་སེམས་ཉིད་ཐོག་མ་མེད་པ་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་དུབ་པར་གྱུར་པ་འདི་ངལ་གསོ་བར་བྱེད་པའི་ཐབས་ཤིག་བསྟན་དུ་གསོལ་ཅེས་ཞུས་པས། ཨེ་མ་ཧོ་གདོད་ནས་མ་སྐྱེས་པ། ཞེས་སོགས་སེམས་ཅན་ཐམས་ཅད་ཀྱི་སེམས་ཐོག་མ་མེད་པ་ནས་འཁོར་བ་སྡུག་བསྔལ་གྱི་དུབ་པར་གྱུར་པ་ངལ་གསོ་བར་བྱེད་པའི་ཐབས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བརྗོད་བྱ་ཉི་ཤུ་རྩ་ལྔར་འདུས་པ་བཞིན། དོ་ཧ་རྡོ་རྗེའི་ཚིགས་སུ་བཅད་པ་ཉི་ཤུ་རྩ་ལྔ་བཀའ་སྩལ་པ་གསན་པས་མཆོག་གི་དངོས་གྲུབ་བརྙེས་པ་སོགས་ངོ་མཚར་བའི་རྣམ་ཐར་ཉི་ཤུ་དང་ལྡན་པའི་རྣལ་འབྱོར་གྱི་དབང་པོ་དེ་ཉིད་ལ་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོ་གནུབས་བྱམས་པའི་དཔལ་གྱིས་ལེགས་པར་གསན་ཅིང་ཐུགས་ཉམས་སུ་བཞེས་པ་ནས་རིམ་པར་བརྒྱུད་དེ། ཕྱིས་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ལ་བཀའ་བབས་ཤིང༌། རང་གི་ཐུགས་སྲས་རྣམས་ལ་སྙིང་གཏམ་གྲོས་འདེབས་གྱི་ཚུལ་དུ་གནང་བ་ནས་བཟུང༌། བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པ་ལགས། གཉིས་


LT25_Page_295B
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལོ་རྒྱུས་དེ་ལྡན་གྱི་གདམས་པ་དངོས་ཀྱི་སློབ་མ་བཀྲི་བའི་ཚུལ་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱིས་བསྡུས་པར་གྱུར་པ་ལས། དང་པོ་སྔོན་འགྲོའི་རྣལ་འབྱོར་འཆད་ཅིང་ཉམས་སུ་བླང་བའི་ཚུལ་ལའང༌། ས་བཅད་ཀྱི་སྒོ་ནས་མདོར་བསྟན་པ། ཉམས་སུ་བླང་བའི་ཚུལ་གྱིས་རྒྱས་པར་བཤད་པ། ཉམས་ལེན་སྙིང་པོར་དྲིལ་བའི་ཚུལ་གྱིས་དོན་བསྡུ་བ་སྟེ། གསུམ་ལས། དང་པོ་ནི། ཐུན་མོང་གི་སྔོན་འགྲོ་སྐྱབས་སེམས་ཚོགས་བསགས་ཀྱི་རྣལ་འབྱོར་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྒྱུད་ལ་བྱིན་རླབས་འབེབས་པར་བྱེད་པའི་ཡི་གེ་བརྒྱ་པའི་སྒོམ་བཟླས། ཁྱད་པར་གྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་ཡི་གེ་ལྔ་བཅུ་པས་ཤེས་རྒྱུད་དབང་དུ་བྱ་བ་སྟེ་གསུམ་དུ་ཡོད་པ་ལས། དེ་རྣམས་ཉམས་སུ་བླང་བའི་ཚུལ་རྒྱས་པར་བཤད་པའི་དབང་དུ་བྱས་ན་དང་པོ་ཐུན་མོང་གི་སྔོན་འགྲོ་ལ། ཐོག་མར་སྐྱབས་སུ་འགྲོ་བ་ནི་རང་ཉིད་བདེ་བའི་སྟན་ལ་བསམ་གཏན་གྱི་རོལ་པས་འདུག་སྟེ་ཞེས་སོགས་ནས། དྲུག་སྐོར་འབྱུང་བ་ལྟར་རམ། ཞེས་པའི་བར་ཁྲིད་ཡིག་གི་དཀྱུས་བཞིན་ལ། བསྡུ་ན་བཞི་སྐོར་ཀྱང་རུང་སྟེ། དེ་ཡང་ཡི་དམ་ནི་སངས་རྒྱས་དཀོན་མཆོག་དང༌། མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་རྣམས་དགེ་འདུན་དཀོན་མཆོག་གི་ཁོངས་སུ་འདུ་བའི་ཕྱིར་རོ། །གང་ལྟར་ཡང་དེ་ལྟ་བུའི་ཚུལ་གྱིས་བརྒྱ་ཕྲག་སོགས་ལུས་སེམས་ལ་འགྱུར་བ་མ་བྱུང་གི་བར་དུ་བྱ། མཐར་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། བླ་མ་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་མ་ཐོབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་དུ་འགྲུབ་པར་ཤོག །ཅེས་སྐྱབས་གསོལ་གྱི་ཚིག་ལན་གསུམ་བརྗོད། དེ་ནས་སེམས་བསྐྱེད་པ་ནི། མཐའ་སྐོར་གྱི་སེམས་ཅན་ཐམས་ཅད་དམིགས་ཡུལ་དུ་བྱས་ཏེ། སེམས་


LT25_Page_296A
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འདི་རྣམས་ཐམས་ཅད་ནི་བདག་གི་ཕ་མ་དྲིན་ཅན་ཤ་སྟག་ཡིན་ལ། ཕ་མ་ཡང་ལན་རེ་ཙམ་བྱས་པ་མ་ཡིན་གྱིས་འདིའོ། །ཞེས་ཚད་གྲངས་བཟུང་དུ་མེད་པར་བྱས། ཕ་མ་བྱས་རེས་ཀྱིས་ད་ལྟའི་ཕ་མ་རྣམས་ཀྱིས་ཇི་ལྟར་བྱེད་པ་བཞིན་ཕན་པ་དཔག་ཏུ་མེད་པ་བཏགས། གནོད་པ་དཔག་ཏུ་མེད་པ་ལས་བསྐྱབས་པའི་དྲིན་ཅན་འདི་རྣམས་འཁོར་བ་མུ་མཐའ་མེད་པར་འབྱམས་པ་སྙིང་རེ་རྗེ་ན། སྙིང་རྗེའོ་སྙམ་ནས་བཞག་པས་མི་ཕན་པས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱའོ་སྙམ་པ་སྨོན་པ་དང་དེའི་ཆེད་དུ་ཟབ་ལམ་ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་རྣལ་འབྱོར་ཟབ་མོ་ཉམས་སུ་བླངས་ཏེ། དུས་རིང་པར་མ་ཡིན་པར་མྱུར་བ་ཁོ་ནར་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱའོ་སྙམ་པ་འཇུག་པ་སྟེ། དེ་ལྟ་བུའི་སྨོན་འཇུག་གི་སེམས་དུང་བ་རེ་བསྒོམ་ཞིང༌། སྐྱབས་ཡུལ་རྣམས་དབང་དུ་བཞུགས་པའི་ཚུལ་གྱིས། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད་ཀྱི་རྟེན་དུ་གྱུར་པའི་སྐྱབས་འགྲོ་དང༌། ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ཞེས་ལན་ཇི་ལྟར་རིགས་པས་སེམས་བསྐྱེད་པའི་རྗེས་ཚོགས་བསགས་པ་དངོས་ནི། སྔར་གསལ་བཏབ་པའི་སྐྱབས་ཡུལ་དེ་རྣམས་ཀྱི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པར་སྤྲུལ་ནས་སོགས་དཀྱུས་བཞིན་ལ། ཡན་ལག་བདུན་པ་ཚར་གསུམ་མམ། ཞེས་པའི་མཚམས། མི་ཤེས་ན་ཡན་ལག་བདུན་པ་བསྡུས་པ་གཞན་ཇི་ལྟར་རིགས་པ་ཚར་གསུམ་བརྗོད། རང་གི་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་


LT25_Page_296B
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་རྒྱུར་བྱས་པ་ལས་བྱུང་བའི་གླེང་བཞི་རི་རབ་ལྕགས་རི་མུ་ཁྱུད་དང་བཅས་པ་ལྷ་དང་མིའི་འདོད་ཡོན་མ་ཚང་བ་མེད་པས་ཕྱུར་བུར་གཏམས་པས་མཆོད་པར་བསམས་ལ། དངོས་སམ་ཡིད་ཀྱིས་མཎྜལ་ཚོམ་བུ་བདུན་པ་དང༌། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །ཞེས་སོགས་ཀྱི་མཐར། ཨི་དཾ་གུ་རུ་རཏྣ་མཎྜལ་ལ་ཀཾ་ནིར་ཡཱ་ཏ་མི། ཞེས་བརྗོད་ཅིང་ཅི་མང་དབུལ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་སོགས་ནག་སྔོན་འགྲོ་ལ་འབད་པ་དྲགས་པོས་ཉམས་སུ་ལེན་པ་གལ་ཆེ་གསུངས་སོ་ཞེས་པའི་བར་དཀྱུས་བཞིན་ལ། བླ་མའི་རྣལ་འབྱོར་གྱི་སྐབས་བླ་མ་བརྒྱུད་པའི་ཁ་སྐོར་ཟུར་གསལ་ལྟར་སྦྱར། དེ་རྣམས་ཀྱི་ཉམས་སུ་བླང་བའི་ཚུལ་རྒྱས་པར་བཤད་ནས། སླར་ཡང་དམིགས་རིམ་སྙིང་པོར་དྲིལ་བའི་ཚུལ་གྱིས་ལན་ཅིག་བསྐྱར་ན། དོ་ནུབ་ནས་བརྩམས་ཏེ་རང་རང་གི་གནས་མལ་རྣམས་སུ་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། རླུང་རྔམས་བག་ཅན་རང་ཞིར་མ་སོང་གི་བར་དུ་ཅུང་ཟད་རེ་ངལ་གསོ། རྣམ་རྟོག་ཞིག་ཐོལ་གྱིས་སྐྱེས་ན་དེའི་དབང་དུ་མི་བཏང་བར་དམིགས་པ་ལ་འཇུག །དེ་འང་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ཉམས་སུ་བླང་བར་བྱ་སྟེ། དེ་ལ་དང་པོ་ཐུན་མོང་གི་སྔོན་འགྲོ་ལ་སྐྱབས་སུ་འགྲོ་བ་ནི། རང་ཉིད་གང་དུ་གནས་པའི་ས་ཕྱོགས་སོགས་ནས། སྐྱབས་འགྲོ་བྱེད་པར་བསམས་ལ་བར་དཀྱུས་བཞིན་ལ། སྐྱབས་འགྲོ་དྲུག་སྐོར་རམ། བཞི་སྐོར་ལན་བརྒྱ་ཕྲག་སོགས་ལུས་སེམས་ལ་འགྱུར་བ་མ་བྱུང་གི་བར་དུ་བྱ། མཐར་རྡོ་རྗེ་ཐལ་མོ་སྙིང་ཁར་སྦྱར་ལ་སྐྱབས་གསོལ་གྱི་ཚིག་བརྗོད། སེམས་བསྐྱེད་པ་ནི། མཐའ་སྐོར་གྱི་མར་གྱུར་སེམས་ཅན་ཐམས་ཅད་ཡིད་ཡུལ་དུ་བྱས་ལ། དེ་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་སླད་ལམ་བཟང་པོ་ཚུལ་བཞིན་ཉམས་སུ་བླང་བར་བྱའོ་སྙམ་པས། འགྲོ་རྣམས་


LT25_Page_297A
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་འདོད་སོགས་ལན་གསུམ་སོགས་བརྗོད། དེ་ནས་སྐྱབས་ཡུལ་རྣམས་ཀྱི་སྤྱན་སྔར། བདག་གཞན་སེམས་ཅན་ཐམས་ཅད་ཀྱི། ནས་ཡན་ལག་བདུན་པ་ཚར་གསུམ་མམ། མི་ཤེས་ན་ཚིག་བསྡུས་པ་གཞན་གྱིས་ཀྱང་རུང༌། དངོས་སམ་ཡིད་ཀྱིས་མཎྜལ་ཚོམ་བུ་བདུན་མ་དང་ནས་བརྗོད་མེད་དུ་གནས་ཚད་བཞག །བར་དཀྱུས་ལྟར་གཉིས་པ་རྒྱུད་ལ་བྱིན་རླབས་འབེབས་པར་བྱེད་པ་ཡི་གེ་བརྒྱ་པའི་སྒོམ་བཟླས་ནི། རང་གི་སྤྱི་བོར་པྃ་ལས་པདྨ་དཀར་པོ་དང༌། ནས། བླ་མ་བརྒྱུད་པའི་གསུང་སྒྲོས་ཡིན་གསུངས། བར་དཀྱུས་ལྟར། དེར་མ་ཟད་བླ་མ་རྣམས་ཀྱི་མངོན་རྟོགས་གསལ་མ་ཐེབས་པའམ་སྤྲོས་པ་མདོར་བསྡུས་པའི་དབང་དུ་བྱས་ན། རང་གི་སྤྱི་བོར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་སྐུའི་རྣམ་པ་ཇི་ལྟ་བ་ལང་ཚོ་དར་ལ་བབ་པ། ཕྱག་གཡས་ཆོས་འཆད་དང༌། གཡོན་མཉམ་བཞག་མཛད་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་ལས་གཡས་ཅུང་ཟད་བརྐྱང་བ་རྒྱལ་པོ་རོལ་པའི་གཞོན་ནུ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་དབུས་སུ་ཧཱུྃ་དཀར་པོའི་མཐར། ཨོཾ་ཨཱཿཧྲཱིཿཧཱུྃ། ཞེས་པའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་བརྒྱུད་པའི་བླ་མ་རྣམས་སྤྱན་དྲངས། རྩ་བའི་བླ་མ་ལ་ཐིམ་པས་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་འདུས་པའི་ངོ་བོར་མོས་ལ། སྔགས་ཡི་གེ་ལྔ་བཅུ་རྩ་དྲུག་པའི་ཚབ་ཏུ། ཨོཾ་ཨཱཿཧྲཱིཿཧཱུྃ་ཞེས་བཟླ་བ་མ་གཏོགས། གཞན་ཡེ་ཤེས་ཀྱི་བདུད་རྩི་བསྡུ་ཞིང་བསྟིམ་པ་དང༌། དེ་ལས་བདུད་རྩིའི་རྒྱུན་འབེབས་སྦྱང་བྱ་བ་སོགས་རྒྱས་པའི་སྐབས་ལྟར་ཉམས་སུ་བླང་བས་ཀྱང་རུང་བར་གསུངས་སོ། །དེ་ལྟར་བླ་མའི་རྣལ་འབྱོར་རྒྱས་བསྡུས་གང་ཡང་རུང་བ་ཉམས་སུ་བླང་


LT25_Page_297B
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཐར། ཐུན་དེ་ལས་ལྡང་བར་འདོད་ན། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །སོགས་དང༌། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །སོགས་ཀྱིས་དགེ་བའི་རྩ་བ་སངས་རྒྱས་ཀྱི་སར་བསྔོ་ཞིང་སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ། ཐུན་མཚམས་ཐམས་ཅད་དུའང་དྲན་དང་ཤེས་བཞིན་ལྡན་པའི་སྒོ་ནས་བླ་མ་དཀོན་མཆོག་ལ་མོས་གུས་ལམ་འཁྱེར་གྱི་རིམ་པ་དང་བྲལ་བ་ལ་བསླབས་པས་མཚོན་སྤྱོད་ལམ་དགེ་བའི་བྱ་བས་དུས་འདའ་བར་བྱ་ཞིང༌། དེ་ལྟ་བུའི་ཉམས་ལེན་གྱི་རིམ་པ་དེ་རྣམས་དོ་ནུབ་ཐུན་གཅིག་དང༌། སང་ཐུན་གཅིག་སྟེ་ཐུན་གཉིས་སུ་ཉམས་སུ་མ་བླངས་ན་ཉམས་ཁྲིད་ཐོབ་པའི་གོ་མི་ཆོད་པའི་ཕྱིར་ངེས་པར་ཉམས་ལེན་ལ་འབད་དགོས། དོ་ནུབ་དང་སང་སྔ་དྲོའི་ཐུགས་དམ་དམིགས་པའི་རིམ་པ་དེ་རྩམ་ལ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་གྲོལ། ཉིན་གཉིས་པ་ལ། སློབ་དཔོན་གྱིས་ཉམས་བཞེས་གྲུབ་ནས། སློབ་མ་རྣམས་འདུས་པ་དང་བརྒྱུད་འདེབས། མཎྜལ་སོགས་སྔར་བཞིན་རྗེས། འོ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སོགས་ནས། རྗེས་གསུམ་གྱིས་བསྡུས་པར་གྱུར་བ་ལས། ཞེས་པ་ཡན་ཉིན་དང་པོ་བཞིན་ལ། དང་པོ་ལའང་ཐུན་མོང་དང༌། ཐུན་མོང་མ་ཡིན་པ་དང༌། ཁྱད་པར་གྱི་སྔོན་འགྲོ་སྟེ་གསུམ་གྱི། དང་པོ་ཐུན་མོང་གི་སྔོན་འགྲོ་ལ། ནས འབད་པ་དྲག་པོས་ཉམས་སུ་ལེན་པ་གལ་ཆེ་གསུངས་སོ། །ཞེས་པའི་བར་ཉིན་དང་པོའི་རྒྱས་བཤད་བཞིན་བསྐྱར་ལ། དེ་རྣམས་ནི་ནམ་མཁར་སང་གི་ཁྲིད་ཀྱི་རིམ་པ་ཡང་བསྐྱར་གྱི་ཚུལ་དུ་ཕུལ་བ་ཡིན། ད་དེ་རིང་གི་འཁྲིད་ཀྱི་རིམ་པ་གསར་དུ་འབུལ་བ་ནི། གཉིས་པ་དངོས་གཞི་ལའང་ས་བཅད་ཀྱི་སྒོ་ནས་མདོར་བསྟན་པ། ཐོས་བསམ་གྱི་སྒྲོ་འདོགས་གཅོད་ཅིང་བསྒོམ་པས་ཉམས་སུ་བླང་བའི་ཚུལ་རྒྱས་པར་


LT25_Page_298A
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ། ཉམས་ལེན་སྙིང་པོར་དྲིལ་བའི་ཚུལ་གྱིས་དོན་བསྡུས་པ་སྟེ་གསུམ་ལས། དང་པོ་ལའང་བསྒོམ་བྱའི་དོན་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད་པ་དང༌། དཔྱད་དོན་དམིགས་པར་བསྒྲིལ་ནས་ཉམས་སུ་བླང་བའི་ཚུལ་གཉིས། ཕྱི་མ་ལའང༌། ཤེས་རབ་ལྟ་བས་ཐག་བཅད་པ། ཐབས་བསྒོམ་པས་ཉམས་སུ་བླང་བ། དེ་དག་གི་གེགས་བསལ་བ་རྣམས་སུ་ཡོད་པ་ལས། དེ་རྣམས་ཉམས་སུ་བླང་བའི་ཚུལ་རྒྱས་པར་བཤད་པའི་དབང་དུ་བྱས་ན། དང་པོ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ་ནི། སེམས་ཉིད་ངལ་གསོའི་རྩ་བ་རྡོ་རྗེའི་ཚིག་ཉི་ཤུ་རྩ་ལྔའི་ནང་ནས་གཉུག་མ་ངོ་སྤྲོད་པའི་ཐབས། བུ་ཉོན་ཁྱོད་གང་རྣམ་པར་རྟོག །འདིར་བདག་མ་བཅིངས་མ་གྲོལ་ཕྱིར། །མ་ཡེངས་མ་བཅོས་རང་དགར་ནི། །ཀྱེ་ཧོ་དུབ་པ་ངལ་གསོས་ཤིག །གཟུགས་བརྙན་གཟུགས་དང་བྲག་ཆ་འདྲ། །དངོས་དང་རྨི་ལམ་དྲན་པའི་ཡིད། །ཏིང་ངེ་འཛིན་དང་འབྲེལ་བ་དང༌། །ཟད་པར་བསྒོམ་པའི་སྦྱོར་བའོ། །སོ་སོར་རྟོག་དང་རྟེན་འབྲེལ་དང༌། །རྟག་ཏུ་རྒྱུན་མི་འཆད་བསྒོམ་པ། །གསེར་བཞིན་མེ་བཞིན་ནམ་མཁའ་བཞིན། །ཤེས་བྱེད་ཞི་བྱེད་དག་པར་བྱེད། །སྣང་མེད་དེ་སྣང་རྐྱེན་གྱིས་སྣང༌། །ནམ་མཁའ་མེ་ལོང་ཤེལ་བཞིན་ཏེ། །ཏིང་ངེ་འཛིན་དང་ཡེ་ཤེས་དང༌། །གཟུགས་ཀྱི་སྒོ་ཡིས་དེ་རྟོགས་བྱེད། །མཐོང་བ་མཉམ་བཞག་འོད་གསལ་ཏེ། །དེ་ཚེ་དེ་མཐོང་དེ་མ་སྐྱེས། །ཤིན་ཏུ་མི་རྟོག་རྩེ་གཅིག་གནས། །གཡེང་བའི་རྡུལ་དང་བྲལ་བ་ཉིད། །ཅེས་ཚིགས་སུ་བཅད་པ་ལྔའི་དོན་ཉམས་སུ་ལེན་པ་སྟེ། ཞེས་པ་ནས། འབྲས་བུའི་རྒྱུད་ཅེས་བྱ་བ་ཡིན་པས། ཞེས་པའི་བར་དཀྱུས་ལྟར་ལ། དེ་ལྟ་བུའི་དོན་ལ་ལུང་རིགས་མན་ངག་གསུམ་གྱི་སྒོ་ནས་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པར་བྱས་ནས། དེ་མངོན་དུ་བྱེད་པའི་


LT25_Page_298B
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཉམས་སུ་ལེན་པ་ལ། ནས་ ནན་ཏན་དུ་བྱ་བ་གལ་ཆེའོ་གསུངས་བར། གཉིས་པ་ཐབས་བསྒོམ་པས་ཉམས་སུ་བླང་བ་ནི། ནས་ལྔ་པ་ངོ་འཕྲོད་པ་ཡིན་གསུངས། གཉིས་པ་གེགས་བསལ་བ་ནི། ནས་ ཐ་སྙད་བྱས་པ་ཡིན་ནོ་གསུངས་པ་དཀྱུས་ལྟར། དེ་རྣམས་ཀྱིས་དངོས་གཞིའི་དོན་ལ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་ཚུལ་དང༌། དཔྱོད་དོན་ཉམས་ལེན་གྱི་རིམ་པ་རྒྱས་པར་བཤད་ནས། སླར་ཡང་ཉམས་ལེན་སྙིང་པོར་དྲིལ་པའི་ཚུར་གྱིས་ལན་གཅིག་བསྐྱར་ན། དོ་ནུབ་ནས་བརྩམས་ཏེ། ནས་དམིགས་པ་ལ་འཇུག །དེའང་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་སྐྱབས་འགྲོ་ནས་བཟུང་བླ་མའི་རྣལ་འབྱོར་ཡན་སྔར་བཞིན་ཉམས་སུ་བླངས་རྗེས། གཞི་ལམ་འབྲས་བུའི་རྣམ་པར་བཞག་པ་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས། དེ་མངོན་དུ་བྱེད་པའི་ཐབས་ཉམས་སུ་ལེན་པ་ལ། ཤེས་རབ་ལྟ་བས་ཐག་བཅད་པ་དང༌། ཐབས་བསྒོམ་པས་ཉམས་སུ་བླང་བ་གཉིས་ཀྱི། དང་པོ་ལའང་གློད་པ་ལ་བསླབ་པ་དང༌། གལ་ཆེའོ་གསུངས་པར་གཉིས་པ་ཐབས་བསྒོམ་པས། ནས གནས་གསུམ་པ་ངོ་འཕྲོད་པ་ཡིན་གསུངས་བར་ཁྲིད་ཡིག་གི་དཀྱུས་ལྟར་ལ། དེ་ལྟར་སེམས་གནས་པའི་ཐབས་ལ་གོམས་པ་ན། རིམ་གྱིས་གནས་པ་བརྟན་པར་བྱ་བ་དང༌། བརྟན་པ་བོགས་འབྱིན་པར་བྱེད་པ་དང༌། དེ་རྣམས་ཀྱི་གེགས་བསལ་བའི་ཚུལ་སོགས་སྔར་ཇི་སྐད་བཤད་པ་བཞིན་ཉམས་སུ་བླང་བར་བྱ་ཞིང༌། མཉམ་བཞག་དངོས་གཞིའི་ཐུན་ལས་ལྡང་བར་བརྩམས་པ་ན། དེ་ལྟ་བུའི་གནས་ལུགས་མ་རྟོགས་པའི་སེམས་ཅན་རྣམས་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་ཀྱིས་དགེ་བའི་རྩ་བ་རྣམས་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བས་མཚམས་སྦྱར་ཏེ་སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ་པ་དང༌། ཐུན་


LT25_Page_299A
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཐམས་ཅད་དུའང་དྲན་དང་ཤེས་བཞིན་ལྡན་པའི་སྒོ་ནས་ཚོགས་དྲུག་གི་སྣང་བ་གང་ཤར་ཡང༌། དེའི་རྗེས་སུ་མི་འབྲང་བར་དངོས་གཞིའི་ཉམས་མྱོང་གི་རྩི་དང་མ་བྲལ་ལ་བསླབ་པ་སོགས་སྦྱོང་ལམ་དགེ་བའི་བྱ་བས་དུས་འདའ་བར་བྱ་ཞིང༌། ཉམས་ལེན་གྱི་རིམ་པ་དེ་རྣམས་ཀྱང་སོགས་ཉིན་དང་པོ་བཞིན་བརྗོད་ལ་གྲོལ། ཉིན་གསུམ་པ་ལ་སློབ་དཔོན་གྱི་བྱ་བ་སོགས་སྔར་བཞིན་ལ། འོ་མ་གྱུར་ནམ་མཁའི་ནས། ལོ་རྒྱུས་དེ་ལྡན་གྱི་གདམས་པ་དངོས་གཉིས་ཀྱི། ཕྱི་མ་ལའང་སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱིས་བསྡུས་པ་གྱུར་པ་ལས། སྔོན་འགྲོའི་རིམ་པ་རྣམས་ལེགས་པར་ཕུལ་ཟིན་ནས། གཉིས་པ་དངོས་ལའང༌། ཐོས་བསམ་གྱི་སྒྲོ་འདོགས་གཅོད་པ་དང༌། དཔྱད་དོན་ཉམས་སུ་བླང་བ་གཉིས་ལས། དང་པོ་ནི། སེམས་ཉིད་ངལ་གསོའི་རྩ་བ་ནས། ཐ་སྙད་བྱས་པ་ཡིན་ནོ། །བར་ཉིན་གཉིས་པའི་རྒྱས་བཤད་བཞིན་དང། གསུམ་པ་རྗེས་ལ་ཡུན་དུ་གནས་པའི་ཐབས་ནི། ནས། འབད་པ་ཡིན་ནོ་གསུངས། བར་ཁྲིད་ཡིག་གི་དཀྱུས་ལྟར། དེས་ཁྲིད་ཀྱི་དངོས་གཞི་ལེགས་པར་གྲུབ་ནས། རྒྱབ་རྟེན་ལུང་གི་རིམ་པ་འབུལ་བ་ནི། ཞེས་མཚམས་སྦྱར་ལ། འདིའི་རྩ་བ་རྡོ་རྗེའི་ཚིག་རྐང༌། མདོ་རྒྱུད་ཀྱི་ལུང་སྦྱོར། མཁྱེན་རབ་རྗེས་མཛད་པའི་བརྒྱུད་འདེབས་དང༌། མཁྱེན་བརྩེས་མཛད་པའི་ཁྲིད་ཡིག །རྗེ་བླ་མས་མཛད་པའི་སེམས་ཉིད་ངལ་གསོའི་ཉམས་གླུ་སོགས་ཀྱི་ལུང་བཀླགས་རྗེས། དེ་རྣམས་ཀྱིས་ཉམས་ཁྲིད་ལུང་དང་བཅས་པ་ལེགས་པར་གསན་པ་ཡིན་པས་བཀའ་དྲིན་གཏང་རག་གི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་ལས་རྡོར་གྱིས་བསྐུལ་ཏེ་ཕུལ། དེ་ལྟར་དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་སྙིང་རྗེ་ཆེན་པོའི་ཡེ་ཤེས་


LT25_Page_299B
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བསྡུས་པའི་རང་གཟུགས། འཕགས་མཆོག་ཕྱག་ན་པདྨོའི་རྣམ་པར་འཕྲུལ་པ་གྲུབ་པའི་དབང་ཕྱུག་ཆེན་པོ་མི་ཏྲ་ཛོ་ཀི་ནས་བརྒྱུད་པ་བར་མ་ཆད་པ་ལས་ལེགས་པར་བྱོན་པའི་ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་ཁྲིད་ཀྱི་རིམས་པ་ལུང་དང་བཅས་པ་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ། འདི་ཞེས་བྱ་བའི་ཞལ་སྔ་ནས་ཇི་ལྟར་ཐོབ་པ་བཞིན་ཁྱེད་རང་རྣམས་ལ་ལྷག་ཆད་མེད་པར་ལེགས་པར་ཕུལ་གྲུབ་པ་ཡིན་པས། ཆོས་ཉན་བཤད་བྱས་པ་ལས་བྱུང་བའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་རང་གཞན་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་པ་མེད་པའི་བསྔོ་བས་རྒྱས་གདབ་པ་དང༌། འདི་ལྟ་བུའི་ལམ་ཟབ་མོ་རང་རང་གིས་ཐུགས་ཉམས་སུ་བཞེས་པ་དང༌། གཞན་དག་ལ་འཆད་སྤེལ་ལ་སོགས་པའི་སྒོ་ནས་ཀྱང་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་རེ་མཛད་པར་ཞུ། ཞེས་དང༌། བསྔོ་བ་རྒྱས་བསྡུས་ཇི་ལྟར་རིགས་པ་དང༌། བསྟན་པ་རྒྱས་པའི་སྨོན་ལམ་སོགས་གདབ་ལ་གྲོལ་ལོ། །གྲུབ་པའི་དབང་ཕྱུག་བྱེ་བའི་ཐུགས་ཀྱི་བཅུད། །སེམས་ཉིད་ངལ་གསོ་བདུད་རྩིའི་སྣང་བ་ཡིས། །རྣམ་གྲོལ་སྐུ་བཞིའི་པདྨོ་འཛུམ་པའི་དཔྱིད། །འཇིག་རྟེན་གསུམ་ན་རྟག་ཏུ་མཛེས་གྱུར་ཅིག །ཅེས་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་ཁྲིད་ཡིག་གི་འཆད་ཐབས་འདིའང༌། རང་ཉིད་ཀྱིས་མོས་པའི་རྒྱུ་དང༌། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཚུངས་མེད་བསྟན་པའི་ཉི་མ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོའི་གསུང་གིས་བསྐུལ་བའི་རྐྱེན་ལ་བརྟེན་ནས། དྲན་པས་སྙིང་གི་གདུང་སེལ་ཁྱབ་བདག་ཞ་ལུ་བློ་གསལ་བསྟན་སྐྱོང་གི་བཞེད་པ་ཇི་ལྟ་བ་ཚིག་སྦྱོར་བརྗོད་བདེ་བའི་ལམ་དུ་དྲངས་ཏེ། འཁོས་མེད་ཀྱི་བྱ་བྲལ་མ་ཎི་


LT25_Page_300A
[མ་དཔེ་གཟིགས་ན་འདིར་གནོན།]

པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་ཞི་བ་ཞེས་པ་ས་མོ་བྱའི་ལོའི་དབོ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་གྲུབ་པར་བགྱིས་པའི་དགེ་བས་ཟབ་ལམ་འདི་ཉིད་བསྐལ་བ་རྒྱ་མཚོར་འཚོ་ཞིང་གཞེས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལམ།


previousགདམས་ངག་མཛོད་པོད་བཅུ་དྲུག་པ། ཕྱག་རྒྱ་ཆེན་པོ་སེམས་ཉིད་ངལ་གསོའི་རྩ་བ་མདོ་ཡི་ལུང་དང་སྦྱར་བ།next