Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་དྲུག་པ།  གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་སྙིང་པོ་དོན་གསུམ་གྱི་མན་ངག་གི་རྩ་བ་རྡོ་རྗེའི་ཚིག་རྐང་།


 
previousགདམས་ངག་མཛོད་པོད་བཅུ་དྲུག་པ། གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་སྙིང་པོ་དོན་གསུམ་གྱི་མན་ངག་གི་རྩ་བ་རྡོ་རྗེའི་ཚིག་རྐང་།no next

གདམས་ངག་མཛོད་པོད་བཅུ་དྲུག་པ།
གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་སྙིང་པོ་དོན་གསུམ་གྱི་མན་ངག་གི་རྩ་བ་རྡོ་རྗེའི་ཚིག་རྐང་།


LT25_Page_303A
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་སྙིང་པོ་དོན་གསུམ་གྱི་མན་ངག་གི་རྩ་བ་རྡོ་རྗེའི་ཚིག་རྐང་བཞུགས་སོ། །


LT25_Page_303B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཝེ། གདམས་པ་འདི་འཆད་པ་ལ་དོན་གསུམ་སྟེ། དང་པོ་མདོར་བསྟན་པ་ནི། ཚེ་འདིར་རྒྱུན་གྱི་ཡི་དམ་བསྒོམ། །འཆི་ཁར་འཕོ་བའི་གདམས་ངག་བསྒོམ། །བར་དོར་བསྲེ་བ་བསྒོམ་བྱ་སྟེ། །རྒྱུན་དུ་བསྒོམས་པ་ཀུན་གྱི་གནད། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། ཚེ་འདིའི་ཉམས་ལེན་གྱི་སྙིང་པོ་རྒྱུན་གྱི་ཡི་དམ་བསྒོམ་པ། འཆི་ཀའི་ཉམས་ལེན་གྱི་སྙིང་པོ་འཕོ་བ་བསྒོམས་པ། བར་དོའི་ཉམས་ལེན་གྱི་སྙིང་པོ་བསྲེ་བ་བསྒོམ་པའོ། །དང་པོ་ལའང་བཞི་ལས། དང་པོ་རྐྱེན་བསྐུལ་མ་གདབ་པའི་མན་ངག་ནི། མི་རྟག་སྡུག་བསྔལ་དྲན་བྱས་ནས། །གཉིས་པ་རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། སྙིང་རྗེ་ཆེན་པོ་རབ་བསྐྱེད་དེ། །གསུམ་པ་བླ་མ་ཡི་དམ་ལ་གསོལ་བ་འདེབས་པའི་མན་ངག་ནི། སྤྱི་བོར་བླ་མ་སྙིང་གར་ལྷ། །བཞི་པ་ངོ་བོ་རང་སེམས་སྐྱེ་མེད་དུ་བསྒོམ་པའི་མན་ངག་ནི། རང་སེམས་སྐྱེ་མེད་བསྒོམ་པར་བྱ། །གཉིས་པ་ལའང་བཞི་ལས། དང་པོ་སྒྱུ་ལུས་ཚོགས་སུ་འབུལ་བ་ནི། རང་ལུས་མཆོད་སྦྱིན་བྱས་ནས་ནི། །གཉིས་པ་ཡིད་ཀྱི་འབྲེལ་ཐག་བཅད་པ་ནི། ལྟོས་པ་ཐམས་ཅད་རང་སྤངས་ཏེ། །གསུམ་པ་ཐར་པའི་ལམ་ཆེན་དབྱེ་བ་ནི། འོད་ཀྱི་སྦུ་གུའི་སྦྱོར་བ་ཡིས། །


LT25_Page_304A
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་རྣམ་ཤེས་གོང་དུ་འཕོ་བ་ནི། སེམས་ནི་དགའ་ལྡན་གནས་སུ་འཕོང༌། །གསུམ་པ་ལའང་བཞི་ལས། དང་པོ་བར་དོ་ངོ་མི་ཤེས་པའི་གཉེན་པོ་ཡིད་ལ་བྱེད་པ་ནི། འདི་ཉིད་བར་དོར་ཤེས་བྱས་ལ། །གཉིས་པ་བར་དོ་ཐ་མལ་དུ་ཞེན་པའི་གཉེན་པོ་ཡིད་ལ་བྱ་བ་ནི། ཕྱི་ནང་གསང་བ་བསྒྱུར་བྱས་ཏེ། །གསུམ་པ་ཆགས་སྡང་གིས་ཉིང་མཚམས་སྦྱོར་བའི་གཉེན་པོ་ཡིད་ལ་བྱེད་པ་ནི། སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་གྱིས། །བཞི་པ་སྐྱེ་བ་ངེས་པ་མེད་པའི་གཉེན་པོ་ཡིད་ལ་བྱ་བ་ནི། མཁས་པས་ཉིང་མཚམས་སྦྱར་བ་ནི། །གསུམ་པ་ལྟ་སྒོམ་སྤྱོད་གསུམ་གྱི་མན་ངག་གིས་མཇུག་བསྡུ་བ་ནི། གང་ཤར་ངོས་འཛིན་ལྟ་བའི་གནད། །དེ་ལ་མ་ཡེངས་སྒོམ་པའི་གནད། །དྲན་པ་རོ་སོམ་སྤྱོད་པའི་གནད། །གྲུབ་ཐོབ་ཆེན་པོའི་གདམས་ངག་གོ །ཞེས་གདམས་པའི་བྱུང་ཚུལ་དང་བཅས་ཏེ་སྟོན་པ་ཡིན་ནོ། །འདིའི་ཤོ་ལོ་ཀ་དང་པོ་ཐུབ་ཆེན་གྱི་གསུང་དངོས་ཡིན་ལ། ལྷག་མ་རྣམས་ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱིས་དོན་འགྲེལ་གྱི་ཚུལ་དུ་མཛད་པའོ། །ཤུ་བྷམ། ༈ སྙིང་པོ་དོན་གསུམ་གྱི་བརྒྱུད་འདེབས་བྱིན་རླབས་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ། །ཐུགས་རྗེ་ཆེན་པོ་བླ་ོ་གྲོས་རིན་ཆེན་དང༌། །


LT25_Page_304B
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་ཏེ་ལོ་པ་དང་ལ་ལི་ཏ། །མི་ཏྲ་ཛོ་ཀི་ཁྲོ་ཕུ་ལོ་ཙཱ་བར། །གསོལ་བ་འདེབས་སོ་དངོས་གྲུབ་རྣམས་གཉིས་སྩོལ། །བསོད་ནམས་དབང་ཕྱུག་བསོད་ནམས་སེང་གེ་དང༌། །རིན་ཆེན་སེང་གེ་ཀུན་མཁྱེན་རིན་ཆེན་གྲུབ། །བྱང་ཆུབ་རྩེ་མོ་གྲགས་པ་རྒྱལ་མཚན་ལ། །གསོལ་བ༴ །ཕྱོགས་ལས་རྣམ་རྒྱལ་འཇམ་དབྱངས་གྲགས་པའི་ཞབས། །ཟླ་བ་རྒྱལ་མཚན་མཁྱེན་རབ་ཆོས་ཀྱི་རྗེ། །ཀུན་སྤངས་ཆེན་པོ་བློ་གསལ་རྒྱ་མཚོ་ལ། །གསོལ་བ༴ །མཁྱེན་བརྩེའི་དབང་ཕྱུག་བྱམས་པ་སྐལ་བཟང་དང༌། །དབང་ཕྱུག་རབ་བརྟན་ཁྱབ་བདག་ཞྭ་ལུ་པ། །འཇམ་དབྱངས་གྲགས་པ་དགེ་ལེགས་རྒྱ་མཚོ་ལ། །གསོལ་བ༴ །བྱམས་མགོན་བླ་མ་ཀུན་མཁྱེན་འཇིག་མེད་དབང༌། །དཀོན་མཆོག་རྒྱལ་མཚན་བསྟན་པ་རབ་རྒྱས་ཞབས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་རྣམ་གཉིས་རྩོལ། །ཞེས་པའམ། ཡང་ན་རིན་ཆེན་གྲུབ་ཀྱི་རྗེས། གཞོན་ནུ་བསོད་ནམས་འཇམ་མགོན་ཡབ་སྲས་ལ། །གསོལ་བ༴ །ཆོས་ཀྱི་རྒྱལ་མཚན་ལེགས་པ་ཆོས་འབྱོར་དང༌། །དགེ་འདུན་རྒྱ་མཚོ་བསོད་ནམས་གྲགས་པའི་སྡེ། །བསོད་ནམས་རྒྱ་མཚོ་བསོད་ནམས་དཔལ་བཟང་ལ། །གསོལ༴ ཆོས་དཔལ་བཟང་པོ་དཔལ་འབྱོར་ལྷུན་གྲུབ་དང༌། །ཕྲིན་ལས་རབ་རྒྱས་བློ་བཟང་རྒྱ་མཚོའི་ཞབས། །འཇམ་དབྱངས་གྲགས་པ་མན་འདྲ། གང་ལྟར་ཡང་མཐར། མི་རྟག་སྡུག་བསྔལ་དྲན་པའི་ངེས་འབྱུང་གིས། །སྐྱབས་སུ་འགྲོ་བ་བྱང་ཆུབ་སེམས་བསྐྱེད་ནས། །ཟབ་གསལ་བླ་མ་ལྷ་ཡི་རྣལ་འབྱོར་དང༌། །སེམས་ཉིད་སྐྱེ་མེད་གནས་ལུགས་མངོན་གྱུར་ཤོག །ཟག་བཅས་ཕུང་པོའི་མཆོད་སྦྱིན་བྱས་ནས་ཀྱང༌། །གཉེན་འཁོར་ལོངས་སྤྱོད་ལུས་ཀྱི་ཞེན་པ་སྤངས། །འོད་ཟེར་ལྕགས་ཀྱུས་རང་སེམས་སྤྱན་


LT25_Page_305A
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས། །མ་ཕམ་མགོན་པོའི་ཐུགས་ཀར་འཕོ་བར་ཤོག །འདིར་སྣང་རྨི་ལམ་བར་དོ་རྗེས་དྲན་ཅིང༌། །སྣོད་བཅུད་རྣམ་དག་སྣང་སྟོང་ཆེན་པོར་ཤར། །སྟོང་ཉིད་སྙིང་རྗེས་ཆགས་སྡང་རང་གྲོལ་ནས། །མྱུར་དུ་ཟུང་འཇུག་གོ་འཕང་ཐོབ་པར་ཤོག །ཅེས་པ་འདིའང་རིས་མེད་པའི་བསྟན་པ་ལ་མཆོག་ཏུ་དད་པའི་བློ་གྲོས་ཀྱི་ཨུཏྤལ་ཁ་ཡོངས་སུ་བྱེ་བ་ཤཱཀྱའི་དགེ་སློང་གཞོན་ནུ་མཁྱེན་བརྩེའི་མིང་ཅན་གྱིས་གསོལ་བ་བཏབ་པ་སིདྡྷི་རསྟུ། ༈ འཕགས་མཆོག་ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྙིང་པོ་དོན་གསུམ་གྱི་ཉམས་ལེན་མདོར་བསྡུས་པ་གྲུབ་པ་མཆོག་གི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་པད་དཀར་འཆང༌། །ངུར་སྨྲིག་གར་གྱིས་རྣམ་རོལ་ཆོས་ཀྱི་རྗེ། །དཔལ་ལྡན་བླའི་ཞབས་ལ་གུས་བཏུད་ནས། །གང་དེའི་སྙིང་པོའི་རྣལ་འབྱོར་ཅུང་ཟད་དབྱེ། །དེ་ལ་འདིར་གྲུབ་པའི་དབང་ཕྱུག་མི་ཏྲ་ཛོ་ཀི་ནས་བརྒྱུད་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་དམར་ཁྲིད་སྙིང་པོ་དོན་གསུམ་གྱི་གདམས་པ་ཟབ་མོ་མདོར་བསྡུས་ཏེ་ཉམས་སུ་ལེན་པའི་ཚུལ་ལ་གཞུང་རྩ་བ་ལས། ཚེ་འདིར་རྒྱུན་གྱི་ཡི་དམ་བསྒོམ། །འཆི་ཀར་འཕོ་བའི་གདམས་ངག་བསྒོམ། །བར་དོར་བསྲེ་བ་བསྒོམ་བྱ་སྟེ། །རྒྱུན་དུ་བསྒོམ་པ་ཀུན་གྱི་གནད། །ཅེས་གསུངས་པ་ལྟར། ཚེ་འདིའི་ཉམས་ལེན་གྱི་སྙིང་པོ་རྒྱུན་གྱི་ཡི་དམ་བསྒོམ་པ། འཆི་ཀའི་ཉམས་ལེན་གྱི་སྙིང་པོ་འཕོ་བ་བསྒོམ་པ། བར་དོའི་ཉམས་ལེན་གྱི་སྙིང་པོ་བསྲེ་བ་བསྒོམ་པའོ། །དང་པོ་ནི། མི་རྟག་སྡུག་བསྔལ་དྲན་བྱས་ནས། །སྙིང་རྗེ་ཆེན་པོ་རབ་བསྐྱེད་དེ། །སྤྱི་བོར་བླ་མ་སྙིང་གར་ལྷ། །རང་སེམས་སྐྱེ་མེད་བསྒོམ་པར་བྱ། །ཞེས་པའི་དོན་ཉམས་སུ་ལེན་པ་ལ། བདེ་བའི་སྟན་ལ་བསམ་


LT25_Page_305B
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་འདི་ལྟ་བུ་ཐོབ་ཀྱང་དོ་ནུབ་ཙམ་ཡང་མི་འཆི་བའི་གདིང་མེད། ཤི་བའི་འོག་ཏུ་དཀར་ནག་གི་ལས་འབའ་ཞིག་གི་རྗེས་སུ་འབྲང་ནས་ཁམས་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ལས་མ་འདས་པས། ད་རེས་ཐར་པའི་ལམ་སྣེ་ཟིན་པ་ཞིག་ཅི་ནས་ཀྱང་བྱའོ་སྙམ་དུ་ངེས་འབྱུང་ཤུགས་དྲག་པོ་བསྐྱེད་བཞིན་པའི་ངང༌། མདུན་གྱི་ནམ་མཁར་དཔག་བསམ་གྱི་སྡོང་པོས་བཏེགས་པའི་པདྨ་དཀར་པོ་འདབ་མ་བཞི་པའི་གཡས་སུ་བླ་མ། མདུན་དུ་སངས་རྒྱས། གཡས་སུ་ཆོས། གཡོན་དུ་དགེ་འདུན། རྒྱབ་ཏུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་བསྐོར་བ་མངོན་སུམ་ལྟ་བུར་དམིགས་ཏེ་འདུན་པ་རྩེ་གཅིག་པས། འགྲོ་རྣམས་བསྒྲལ་འདོད་སོགས་སམ། །བདག་སོགས་འགྲོ་ཀུན་བྱང་ཆུབ་སྙིང་པོའི་བར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །གཞན་ཕྱིར་སངས་རྒྱས་ཐོབ་པར་འདོད་པའི་བློས། །འཕགས་པ་སྤྱན་རས་གཟིགས་དབང་བསྒོམ་པར་བགྱི། །ལན་གསུམ། །རང་གི་སྤྱི་བོར་ཤེལ་དཀར་ལས་གྲུབ་པའི། །བྱང་ཆུབ་མཆོད་རྟེན་མཚན་ཉིད་ཡོངས་རྫོགས་པ། །བང་རིམ་བཞི་ལ་སྒོ་སྟོང་ལྡན་པའི་དབུས། །པད་ཟླའི་སྟེང་དུ་འཕགས་པ་སྤྱན་རས་གཟིགས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བསྐལ་བཟང་སངས་རྒྱས་སྟོང་ནི་སྒོ་སྟོང་ལ། །རིགས་བཞིའི་དེ་བཞིན་གཤེགས་པའི་རྣམ་པར་བཞུགས། །སྙིང་ཁར་པདྨ་འདབ་སྟོང་ལྟེ་བ་རུ། །རང་སེམས་འཕགས་མཆོག་ཁ་སར་པ་ཎི་དང༌། །འདབ་མ་སྟོང་ལ་ཨ་ཡིག་དཀར་པོ་སྟོང༌། །མུ་ཏིག་ཕྲེང་བ་ལྟ་བུར་གསལ་བ་ཡི། །ལྷ་རྣམས་གནས་


LT25_Page_306A
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡིག་འབྲུ་གསུམ་གྱིས་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། །བརྒྱུད་འདེབས་རྒྱས་པའམ། བསྡུ་ན། དུས་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་འདུས་པའི་དངོས། །བླ་མ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཅི་ནུས་མཐར། །ཞེས་པས་གསོལ་བ་བཏབ་སྤྱི་བོའི་བླ་མ་ཡི། །སྐུ་ལས་བདུད་རྩི་དཀར་པོའི་རྒྱུན་བབས་ཏེ། །ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་དག །བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར། །དེ་ཡི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །པད་དཀར་ཟླ་སྟེང་རང་ཉིད་སྤྱན་རས་གཟིགས། །སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་བཞི་པ། །དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །གཡས་གཡོན་འོག་མས་ཤེལ་ཕྲེང་བད་དཀར་བསྣམས། །ཡིད་འཕྲོག་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྣང་སྟོང་ཟུང་འཇུག་ཆེན་པོར་གསལ་བ་ཡི། །ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ། །ཟླ་སྟེང་ཧྲཱིཿམཐར་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་འཕྲོས་རིགས་དྲུག་ཁམས་ཀུན་ཁྱབ། །སོ་སོའི་སྡུག་བསྔལ་རྒྱུ་བཅས་ཡོངས་སྦྱངས་ནས། །ཕྱི་སྣོད་རྣམ་དག་རི་བོ་གྲུ་འཛིན་ཞིང༌། །ནང་བཅུད་འགྲོ་ཀུན་ཐུགས་རྗེ་ཆེན་པོའི་སྐུ། །སྒྲར་གྲགས་ཡི་གེ་དྲུག་མའི་སྔགས་ཀྱི་སྒྲ། །དྲན་རྟོག་འོད་གསལ་ཆོས་སྐུར་རོ་གཅིག་གྱུར། །ཅེས་བརྗོད་ཅིང་བསམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃཿ ཞེས་ཅི་ནུས་བཟླ། སྤྱི་བོའི་བླ་མ་སྙིང་གའི་ཡི་དམ་དང༌། །རྫོགས་སངས་རྒྱས་རྣམས་ཨ་ཡིག་སྟོང་ལ་ཐིམ། །མཆོད་རྟེན་ནམ་


LT25_Page_306B
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འཇའ་ཚོན་བཞིན་དུ་ཡལ། །སྣོད་བཅུད་འོད་ཞུ་རང་ཐིམ་རང་ཉིད་ཀྱང༌། །རིམ་གྱིས་འོད་ཞུ་སྟོང་པ་ཉིད་དུ་གྱུར། །ཞེས་པའི་རྗེས་སུ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་ཞི་ལྷག་གཟུང་འཇུག་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག །ཐུན་དེ་ལས་ལྡང་བར་བརྩམ་པ་ན། སླར་ཡང་རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་གསལ། སྣང་སྲིད་སྣོད་བཅུད་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པས། དེ་ལྟར་རྟོགས་པའི་འགྲོ་བ་ཀུན་ལ་སྙིང་རྗེ་ཆེན་པོའི་བློས། དགེ་བའི་རྩ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོའི་གོ་འཕང་འགྲུབ་གྱུར་ནས། །མཁའ་ཁྱབ་འགྲོ་ཀུན་གཅིག་ཀྱང་མ་ལུས་པ། །ཐམས་ཅད་དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་བྱ། ཐུན་མཚམས་ཐམས་ཅད་དུའང་སྣང་གྲགས་རིག་གསུམ་འཕགས་པའི་གསང་བ་གསུམ་གྱི་རྣམ་རོལ་དུ་ལྟ་བ་དང་མ་བྲལ་བ་ལ་བསླབ་པར་བྱའོ། །གཉིས་པ་ནི། རང་ལུས་མཆོད་སྦྱིན་བྱས་ནས་ནི། །ལྟོས་པ་ཐམས་ཅད་རབ་སྤངས་ཏེ། །འོད་ཀྱི་སྦུ་གུའི་སྦྱོར་བ་ཡིས། །སེམས་ནི་དགའ་ལྡན་གནས་སུ་འཕང༌། །ཞེས་པའི་དོན་ཉམས་སུ་ལེན་པ་ལ། མདུན་མཁར་ཚོགས་ཞིང་བླ་མའི་རྣལ་འབྱོར་ལྟར་གསལ་བཏབ། རང་སེམས་ཐུགས་རྗེ་ཆེན་པོའི་རྣམ་པ་དེ་ཉིད་རྒྱང་ཀྱིས་འཐོན། སྤྱི་བོའི་བླ་མ་ཐུགས་རྗེ་ཆེན་པོའི་མདུན་དུ་འཁོད་ནས་བདག་གི་ཕུང་པོ་འདི་ལ་བརྟེན་ནས་ཚོགས་རྒྱ་ཆེན་པོ་རྫོགས་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕུང་པོ་རྙིང་པ་ལ་ཕོག་པས་ཚོ་ཞིང་ཆེ་ལ་སྣུམ་བག་དང་ལྡན་པར་གྱུར། མགོ་བོ་གཅིག་ཤུལ་གཅིག་སྐྱེས་ཀྱི་ཚུལ་གྱིས་ལན་གསུམ་དུ་ཚང་པས་ཐོད་པའི་སྒྱེད་པུ་གསུམ་དུ་གྱུར་པའི་ཁར། བླ་མའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་གྲི་གུག་ཐོགས་པ་ཞི་ལ་ཆད། ཕུང་པོའི་ཐོད་པ་སྨིན་འཚམས་ནས་བྲེགས་ཏེ་བཞག་པའི་ནང་དུ་ལུས་དུམ་བུར་གཏུབ། བླ་མའི་ཞལ་ནས་ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་གསུངས་པས་མ་དག་པ་ཐམས་ཅད་སྦྱངས་ཤིང༌། དག་པ་ཡེ་ཤེས་ཀྱི་བདུད་རྩི་ནམ་མཁའ་དང་མཉམ་པར་སྤེལ། སླར་ཡང་ཕྱག་གཡས་ཐོད་པ་ཐོགས་པའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ་བདུད་རྩིའི་རྒྱུན་ལ་བཅུས་ནས་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་


LT25_Page_307A
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་ཐམས་ཅད་ལ་མཆོད། ཚོགས་གཉིས་རྫོགས། སྒྲིབ་གཉིས་བྱང༌། བདུད་རྩིའི་ལྷག་མ་རིགས་དྲུག་གི་མགྲོན་རྣམས་ལ་བྱིན་པས་གང་ལ་གང་འདོད་པའི་ཡོ་བྱད་དུ་གྱུར་ནས་ལོངས་སྤྱོད་པས་ལུས་སེམས་ཟག་མེད་ཀྱི་བདེ་བས་ཚིམ་པར་བསམས་ལ། ཨོཾ་ཨཱཿཧཱུྃ། ཅི་མང་བརྗོད་ཅིང་དམིགས་རྣམ་ནན་ཏན་དུ་གསལ་བཏབ་ནས་མཐར་མི་དམིགས་པའི་ངང་དུ་བཞག །དེ་ནས་དགྲ་གཉེན་ལ་ངེས་པ་མེད་པ་དང་ནོར་རྫས་དང་ལུས་ལ་སྙིང་པོ་མེད་པར་ཤེས་པས་དེ་དང་དེའི་འབྲེལ་ཐགས་རྦད་ཀྱིས་བཅད། རི་རབ་ཀྱི་སྟེང་གི་སུམ་ཅུ་རྩ་གསུམ་གྱི་ནམ་མཁར་དགའ་ལྡན་གྱི་ཞིང་ཁམས་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་རྒྱལ་བ་བྱམས་པ་མགོན་པོ་ཞལ་རང་རེ་ཛམ་བུའི་གླིང་ལ་ཕྱོགས་པ་དང༌། རང་ལུས་སྟོང་སང་ངེ་བའི་དབུས་སུ་རྩ་དབུ་མའི་མར་སྣེ་ལྟེ་འོག་སོར་བཞིའི་ཚང་ཙམ་དུ་ཁ་ཟུམ་པ། ཡར་སྣ་ཚངས་བུག་ཧར་རེ་ཡོད་པ། སྙིང་ཁའི་ཐད་དུ་རླུང་སེམས་དབྱེར་མེད་ཀྱི་ངོ་བོ་ཡི་དམ་སྤྱན་རས་གཟིགས་དང་བཅས་པ་རྣམས་གསལ་བཏབ་ལ། སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་ཉིད། །བླ་མ་བྱམས་པ་མགོན་པོར་གསོལ་བ་འདེབས། །བདག་འཛིན་འཁྲི་བ་རྩད་ནས་ཆོད་པ་དང༌། །རྣམ་ཤེས་དགའ་ལྡན་འཕོ་བར་བྱིན་གྱི་རློབས། །ཞེས་གསོལ་བ་བཏབ་པས་རྒྱལ་བ་བྱམས་པའི་ཐུགས་ཀ་ནས་འོད་ཀྱི་སྦུ་གུ་སེར་པོ་ཞིག་བྱུང་ནས་རང་གི་སྤྱི་བོར་ཟུག་པ་དང་མཉམ་དུ། དེའི་ནང་ནས་འོད་ཀྱི་ལྕགས་ཀྱུ་ཞིག་ནར་གྱིས་བྱུང་ནས་དབུ་མའི་ལམ་བརྒྱུད། སྙིང་གའི་རང་སེམས་ཐུགས་རྗེ་ཆེན་པོའི་རལ་པ་ལ་བཏབ་པས། འོད་དེ་ལ་ལམ་གྱི་འདུ་ཤེས། རང་ཉིད་ལམ་དེར་འགྲོ་བའི་འདུ་ཤེས། རྗེ་བཙུན་གྱི་ཐུགས་ཀར་འཕོ་བའི་


LT25_Page_307B
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་ཏེ། འདུ་ཤེས་གསུམ་ལྡན་གྱི་ངང་ནས་གསོལ་བ་དྲག་ཏུ་བཏབ་པས་ཧྲིལ་གྱིས་དྲངས་ཏེ་ཐུགས་ཀར་རེག་པའི་མོད་རྒྱལ་བའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་སོང་སྙམ་པ་དྲན་ཙམ་གྱི་ངང༌། སླར་རང་གནས་སུ་འཁོད་པར་མོས། དེ་ལྟར་ཡང་ཡང་སྦྱང་ཞིང་ཐུན་བསྡུ་བ་ན། འོད་ཀྱི་སྦུ་གུ་རྦད་ཀྱིས་ཆད་དེ་རང་གི་ཚངས་བུག་སེར་འཁྱིལ་ལེ་བཀག་པར་བསམ། ནམ་ཞིག་ལས་ལ་སྦྱར་བའི་ཚེ། མར་འབེབས་པའི་དམིགས་པ་མི་བྱེད་པར་རྒྱལ་བ་བྱམས་པའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་པ་དེ་ཀའི་དང་དུ་མཉམ་པར་བཞག་གོ །གསུམ་པ་ནི། འདི་ཉིད་བར་དོར་ཤེས་བྱས་ལ། །ཕྱི་ནང་གསང་བ་བསྒྱུར་བྱས་ཏེ། །སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་གྱིས། །མཁས་པས་ཉིང་མཚམས་སྦྱར་བར་བྱ། །ཞེས་པའི་དོན་ཉམས་སུ་ལེན་པ་ལ། ཐོག་མར་ཉིན་པར་གྱི་སྣང་བ་ཐམས་ཅད་རྨི་ལམ་ཡིན་སྙམ་དུ་བསམ། དེ་འབྱོངས་ནས་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པ་བྱུང་བ་དང༌། ཉིན་སྣང་ཐམས་ཅད་བར་དོར་དྲན་པའི་འདུན་པ་དྲག་རུ་བྱ། དེ་ལ་གོམས་པ་ན། ཕྱི་སྣོད་ཐམས་ཅད་དག་པའི་ཞིང་ཁམས་དང༌། ནང་བཅུད་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་དང༌། དེ་དག་ཀྱང་སྣང་ལ་རང་བཞིན་མ་གྲུབ་པར་ཆུ་ཟླའམ་འཇའ་ཚོན་ལྟ་བུར་གནས་བསྒྱུར་ནས། ཐ་མལ་གྱི་སྣང་ཞེན་བཙན་ཐབས་སུ་སྤང༌། ཁྱད་པར་བར་དོའི་སྐབས་སུ་ཕ་མ་ལ་ཆགས་སྡང་གི་རྟོག་པས་སྐྱེ་གནས་བཟང་པོར་སྐྱེས་པའི་གེགས་བྱེད་པས་ན་ཆགས་པའི་གཉེན་པོར་སྐྱེ་འགགས་གནས་གསུམ་གྱི་རྩ་གདར་བཅད་དེ་བདེ་སྟོང་གི་རྒྱས་འདེབས་དང༌། སྡང་བའི་གཉེན་པོར་འགྲོ་ཀུན་ཕ་མར་རྗེས་སུ་དྲན་པའི་སྙིང་རྗེ་ཆེན་པོའི་བློས་བླངས་ཏེ་བསམ་བཞིན་དུ་


LT25_Page_308A
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་ཉིད་ཉེ་བར་བཟུང་བ་དང༌། སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་ཐོབ་ཅིང༌། ལམ་འདི་སྟོན་པའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པས་རྗེས་སུ་བཟུང་ནས་ཚུལ་བཞིན་དུ་ཉམས་སུ་བླངས་པ་ལ་བརྟེན་ནས་ཚེ་གཅིག་གིས་ཟུང་འཇུག་གི་གོ་འཕང་ཐོབ་པ་ཞིག་ཅི་ནས་ཀྱང་བྱའོ་སྙམ་པའི་འདུན་པ་དང༌། དེ་ལྟར་བྱེད་ནུས་པར་གྱུར་ཅིག་སྙམ་པའི་སྨོན་ལམ་དང༌། དེ་ལྟར་བྱེད་ནུས་པར་བླ་མ་དང་དཀོན་མཆོག་མཁྱེན་སྙམ་པའི་གསོལ་བ་འདེབས་པ་གསུམ་ལ་ཆིག་བསྒྲིལ་དུ་འབད་པར་བྱ་བ་དང༌། མདོར་ན། གང་ཤར་ངོས་འཛིན་ལྟ་བའི་གནད། །དེ་ལ་མ་ཡེངས་སྒོམ་པའི་གནད། །དྲན་པ་རོ་སྙོམས་སྤྱོད་པའི་གནད། །གྲུབ་ཐོབ་ཆེན་པོའི་གདམས་ངག་གོ །ཞེས་གསུངས་པའི་དོན་དུས་དང་རྣམ་པ་ཀུན་ཏུ་གང་ཤར་གྱི་རྟོག་པ་ངོས་བཟུང་སྟེ་བདེན་མེད་ནམ་མཁའ་ལྟ་བུར་ཤེས་པར་བྱ་བ་ནི་ལྟ་བའི་གནད། དེའི་ངང་དུ་བྱིང་རྒོད་སོགས་ཀྱི་སྐྱོན་སྤངས་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ནི་སྒོམ་པའི་གནད། རྗེས་ཐོབ་ཏུའང་སྣང་བ་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུར་དྲན་པས་བདེ་སྡུག་རོ་སྙོམས་པ་ནི་སྤྱོད་པའི་གནད་དེ། ཚུལ་དེ་ལྟ་བུའི་ཉམས་ལེན་གྱིས་སྒྲུབ་པ་སྙིང་པོར་བྱ་བ་ནི་འཕགས་པ་སྤྱན་རས་གཟིགས་མི་ཡི་གཟུགས་སུ་སྣང་བ་ངོ་མཚར་བའི་རྣམ་ཐར་ཉི་ཤུས་མཛེས་པའི་གྲུབ་ཐོབ་ཆེན་པོ་མི་ཏྲ་ཛོ་ཀིའི་གདམས་ངག་ཟབ་མོ་སངས་རྒྱས་སྒྲུབ་པའི་ལམ་ཚང་ལ་མ་ནོར་བ་ཡིན་པས་དལ་བའི་རྟེན་ལ་སྙིང་པོ་ཅི་ནུས་སུ་བླངས་བར་བྱའོ། །སྨྲས་པ། དེ་ལྟར་འཕགས་བོད་གྲུབ་པ་མཆོག་རྣམས་ཀྱི། །ལམ་བཟང་གཅིག་ཏུ་གྱུར་བའི་ཤིང་རྟ་འདིར། །མཐའ་ཀླས་ཡིད་ཅན་བརྩེ་དགའ་རོལ་པའི་


LT25_Page_308B
[མ་དཔེ་གཟིགས་ན་འདིར་གནོན།]

མོད། །བྱང་ཆུབ་སྙིང་པོའི་གྲོང་དུ་གཤེགས་གྱུར་ཅིག །ཅེས་པའང་རང་སློབ་སྤང་བ་བསམ་གཏན་གྱི་འཁོར་ལོ་ལ་རྩེ་གཅིག་ཏུ་གཞོལ་བའི་དགེ་སློང་འཇམ་དཔལ་བསྟན་འཛིན་སོགས་དོན་གཉེར་ཅན་རྣམས་ལ་ལམ་འདིའི་ཁྲིད་སྨིན་པར་བགྱིས་སྐབས་སྐལ་བཟང་མཁྱེན་བརྩེའི་མིང་ཅན་གྱིས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་སྤར་བའི་དགེ་བས་འགྲོ་ཀུན་འཕགས་མཆོག་ཕྱག་ན་པདྨོའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ། ༈ ཐུགས་རྗེ་ཆེན་པོའི་དམར་ཁྲིད་མི་ཏྲ་ལུགས་ཀྱི་རྒྱུན་གྱི་རྣལ་འབྱོར་ངག་འདོན་སྙིང་པོ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷི། འཕགས་པ་སྤྱན་རས་གཟིགས་དངོས་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་མི་ཏྲ་ཛོ་ཀིའི་ཐུགས་བཅུད། མཁས་པ་དང་གྲུབ་བའི་སྐྱེས་བུ་བར་མ་ཆད་པ་ལས་འོངས་པའི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྙིང་པོ་དོན་གསུམ་དུ་གྲགས་པ་ལས། ཚེ་འདིའི་ཉམས་ལེན་གྱི་སྙིང་པོ་རྒྱུན་གྱི་ཡི་དམ་བསྒོམ་པའི་ཚུལ་མདོར་བསྡུས་པ་ནི། སྐྱབས་ཡུལ་གསལ་བཏབ་ལ། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ལན་ཇི་ལྟར་རིགས་པས་སྐྱབས་སུ་འགྲོ། ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་བླ་མ་དང་ལྷའི་རྣལ་འབྱོར་ལ་འཇུག་པར་བྱ་སྟེ། རང་གི་སྤྱི་བོར་ཤེལ་དཀར་ལས་གྲུབ་པའི། །བྱང་ཆུབ་མཆོད་རྟེན་མཚན་ཉིད་ཡོངས་རྫོགས་པ། །བང་རིམ་བཞི་ལ་སྒོ་སྟོང་ལྡན་པའི་དབུས། །པད་ཟླའི་སྟེང་དུ་བླ་མ་སྤྱན་རས་གཟིགས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་ཀྱིས་བསྐོར། །བསྐལ་བཟང་སངས་རྒྱས་སྟོང་ནི་


LT25_Page_309A
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་སྟོང་ལ། །རིགས་བཞིའི་དེ་བཞིན་གཤེགས་པའི་རྣམ་པར་བཞུགས། །སྙིང་གར་པདྨ་འདབ་སྟོང་ལྟེ་བ་རུ། །རང་སེམས་འཕགས་མཆོག་ཁ་སར་པ་ཎི་དང༌། འདབ་མ་སྟོང་ལ་ཨ་ཡིག་དཀར་པོ་སྟོང༌། །མུ་ཏིག་ཕྲེང་བ་ལྟ་བུར་གསལ་བ་ཡི། །ལྷ་རྣམས་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། །བརྒྱུད་འདེབས་རྒྱས་པའམ་བསྡུ་ན། དུས་གསུམ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་འདུས་པའི་དངོས། །བླ་མ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །བདག་ལ་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཅི་ནུས་མཐར། ཞེས་པས་གསོལ་བཏབ་སྤྱི་བོའི་བླ་མ་ཡི། །སྐུ་ལས་བདུད་རྩི་དཀར་པོའི་རྒྱུན་བབས་ཏེ། །ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་དག །བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར། །དེའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །པད་དཀར་ཟླ་སྟེང་རང་ཉིད་སྤྱན་རས་གཟིགས། །སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་བཞི་པ། །དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །གཡས་གཡོན་འོག་མས་ཤེལ་ཕྲེང་པད་དཀར་བསྣམས། །ཡིད་འཕྲོག་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །སྣང་སྟོང་ཟུང་འཇུག་ཆེན་པོར་གསལ་བ་ཡི། །ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ། །ཟླ་སྟེང་ཧྲཱིཿམཐར་སྔགས་ཕྲེང་གཡས་སུ་འཁོར། །དེ་ལས་འོད་འཕྲོས་རིགས་དྲུག་ཁམས་ཀུན་ཁྱབ། །སོ་སོའི་སྡུག་བསྔལ་རྒྱུ་བཅས་ཡོངས་སྦྱངས་ནས། །ཕྱི་སྣོད་རྣམ་དག་རི་བོ་གྲུ་འཛིན་ཞིང༌། །ནང་བཅུད་འགྲོ་ཀུན་ཐུགས་རྗེ་ཆེན་པོའི་


LT25_Page_309B
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །སྒྲར་གྲགས་ཡི་གེ་དྲུག་མའི་སྔགས་ཀྱི་སྒྲ། །དྲན་རྟོག་འོད་གསལ་ཆོས་སྐུར་རོ་གཅིག་གྱུར། །ཅེས་བརྗོད་ཅིང་བསམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་སུ་བཟླ། སྤྱི་བོའི་བླ་མ་སྙིང་གའི་ཡི་དམ་དང༌། །རྫོགས་སངས་རྒྱས་རྣམས་ཨ་ཡིག་སྟོང་ལ་ཐིམ། །མཆོད་རྟེན་ནམ་མཁའ་འཇའ་ཚོན་བཞིན་དུ་ཡལ། །སྣོད་བཅུད་འོད་ཞུ་རང་ཐིམ་རང་ཉིད་ཀྱང༌། །རིམ་གྱིས་འོད་ཞུ་སྟོང་པ་ཉིད་དུ་གྱུར། །ཞེས་པའི་རྗེས་སུ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་ཞི་ལྷག་ཟུང་འཇུག་སྤྲོས་བྲལ་སྟོང་ཉིད་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག །ཐུན་དེ་ལས་ལྡང་བར་བརྩམ་པ་ན། སླར་ཡང་རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་གསལ། སྣང་སྲིད་སྣོད་བཅུད་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་པས། དེ་ལྟར་མ་རྟོགས་པའི་འགྲོ་བ་ཀུན་ལ་སྙིང་རྗེ་ཆེན་པོའི་བློས། དགེ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པའི་གནས་སྐབས་ཐམས་ཅད་དུའང་སྣང་གྲགས་རྟོག་གསུམ་འཕགས་པའི་གསང་བ་གསུམ་གྱི་ལམ་གྱི་ལམ་ཁྱེར་དང་མ་བྲལ་བ་ལ་བསླབ། འཕོ་བ་དང་བསྲེ་བའི་རྣལ་འབྱོར་བསྒོམ་པར་འདོད་ན་ཁྲིད་ཡིག་ལས་ཤེས་པར་བྱའོ། །ཞེས་པའང་བྱ་བྲལ་མ་ཎི་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཤིན་ཏུ་བློ་དམན་ནམས་ལ་ཕན་པའི་བསམ་པས་ངག་འདོན་སྙིང་པོར་དྲིལ་ཏེ་སྦྱར་བའི་དགེ་བས་འགྲོ་ཀུན་ཐུགས་རྗེ་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག། །།སརྦ་མངྒ་ལཾ།


previousགདམས་ངག་མཛོད་པོད་བཅུ་དྲུག་པ། གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་སྙིང་པོ་དོན་གསུམ་གྱི་མན་ངག་གི་རྩ་བ་རྡོ་རྗེའི་ཚིག་རྐང་།no next