cover

གདམས་ངག་མཛོད།

གླེགས་བམ་བཅུ་བདུན་པ།

འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། 'jam mgon kong sprul blo gros mtha' yas, Lodro Thaye

Nitartha Publication

ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ཕྱོགས་ཀྱི་ཐ་གྲུ་ཀུན་དུ་གྲགས་གྱུར་ཏེ། །བློ་གྲོས་པདྨོ་རབ་ཏུ་རྒྱས་བྱེད་ཅིང༌། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །
—ཀློང་ཆེན་པ།

གདམས་ངག་མཛོད་པོད་བཅུ་བདུན་པ།
ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་བརྒྱུད་འདེབས།


LT26_Page_001A
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ།། །།


LT26_Page_001B
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཐའ་སྤྱན་རས་གཟིགས་དབང་རཱ་ཧུ་ལ། །མཉམ་མེད་ཇོ་བོ་ནག་ཚོ་ཕྱག་སོར་བ། །ཤེས་རབ་ཚུལ་ཁྲིམས་ཤེས་རབ་རྒྱལ་མཚན་དཔལ། །འཕགས་པ་ལྕེ་སྒོམ་རྣམས་ལ་གསོལ་བ་འདེབས། །གྲུབ་མཆོག་སྐྱེར་སྒང་པ་དང་གཉན་སྟོན་ཆེ། །སངས་རྒྱས་སྟོན་པ་ཤངས་སྟོན་རྒྱལ་མཚན་འབུམ། །བྱམས་དཔལ་སྨོན་ལམ་བསོད་ནམས་རྒྱལ་མཚན་དཔལ། །ཤེས་རབ་བཟང་པོ་རྣམས་ལ༴ གཉུག་ལ་པཎ་ཆེན་ངག་དབང་གྲགས་པའི་ཞབས། །ཆོས་གྲགས་རྒྱལ་མཚན་ནམ་མཁའ་དབང་ཕྱུག་དང༌། །སངས་རྒྱས་རྒྱལ་མཚན་ཀུན་དགའ་བསོད་ནམས་དཔལ། །བསོད་ནམས་དབང་ཕྱུག་རྣམས་ལ༴ བསོད་ནམས་མཆོག་གྲུབ་བློ་བཟང་རྒྱ་མཚོའི་སྡེ། །དགེ་འདུན་དོན་གྲུབ་བསྟན་འཛིན་ཕྲིན་ལས་དཔལ། །བློ་བཟང་ཆོས་འཛིན་ཕུན་ཚོགས་རྒྱ་མཚོ་དང༌། །བློ་བཟང་དོན་གྲུབ་རྣམས་ལ༴ ངག་དབང་བློ་བཟང་སྐལ་བཟང་ཐུབ་བསྟན་རྗེ། །བློ་བཟང་བསྟན་འཛིན་དཀོན་མཆོག་རྒྱལ་མཚན་དཔལ། །འཇམ་པའི་དབྱངས་དངོས་བསྟན་པ་རབ་རྒྱས་དང༌། །རྩ་བའི་བླ་མ་རྣམས་ལ༴ སྔོན་འགྲོའི་རིམ་པས་རང་


LT26_Page_002A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལེགས་སྦྱངས་ཤིང༌། སྒོ་གསུམ་ལྷ་སྔགས་གཉུག་མའི་ཡེ་ཤེས་དང༌། །མཁའ་ཁྱབ་སྟོང་ཉིད་སྙིང་རྗེའི་རྣལ་འབྱོར་གྱིས། །འཕགས་པའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་འཇམ་མགོན་བླ་མ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞལ་སྔ་ནས་འདིའི་བཀའ་དྲིན་ཐོབ་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་བ་དགེའོ།། ༈ །ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་ངག་འདོན་སྙིང་པོར་དྲིལ་བ་ཟུང་འཇུག་གྲུབ་སྟེར་ཅེས་བྱ་བ་བཞུགས་སོ།། །ཨོཾ་སྭ་སྟི་སིདྷཾ། །མཐའ་ཡས་འགྲོ་བའི་གཉེན་གཅིག་པུ། །སྤྱན་རས་གཟིགས་ལ་གུས་བཏུད་ནས། །གང་དང་དབྱེར་མེད་སྐྱེར་སྒང་བའི། །ཐུགས་བཅུད་ཟབ་དོན་སྙིང་པོ་འདྲི། །འདི་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་བར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་སྒོམ་དུ་མ་ནས་ཡིད་ལ་བྱེད་པས་མཚམས་སྦྱར་ལ། ཐུན་མོང་མ་ཡིན་པའི་སྔོན་འགྲོའི་དང་པོ་སྐྱབས་སུ་འགྲོ་བ་ནི། སྐྱབས་ཡུལ་གསལ་བཏབ་སྟེ་འདུན་པ་རྩེ་གཅིག་པས། བདག་དང་སེམས་ཅན་ཐམས་ཅད་ལེགས་པའི་ལམ་སྟོན་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ་ལ༴ སྐུ་གསུམ་ངོ་བོ་སངས་རྒྱས་རྣམས་ལ༴ ཟབ་ཞི་སྤྲོས་བྲལ་དམ་ཆོས་རྣམས་ལ༴ སར་གནས་ལམ་ཞུགས་དགེ་འདུན་རྣམས་ལ༴


LT26_Page_002B
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་རྐྱེན་ཀུན་སེལ་སྲུང་མ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་བྱ། །གཉིས་པ་སེམས་བསྐྱེད་པ་ནི། །སྨོན་འཇུག་གི་དོན་དྲན་བཞིན་པས། དེང་ནས་བཟུང་སྟེ་འགྲོ་རྣམས་སངས་རྒྱས་བར། །རང་ཉིད་ཞི་བདེ་སྐད་ཅིག་མེད་པར་ནི། །སྨོན་པ་དང་ནི་འཇུག་པའི་བདག་ཉིད་དུ། །ཉིན་མཚན་དགེ་བའི་ལས་ལ་བསྐུལ་བར་བགྱི། །ཞེས་ལན་གསུམ། བསྟུན་སྐྱབས་སེམས་གཉིས། སངས་རྒྱས་ཆོས་དང་སོགས་བརྗོད་ཀྱང་རུང༌། གསུམ་པ་མཎྜལ་ནི། དངོས་སུ་བཤམས་པའི་མཎྜལ་སྒྱུར་བྱས་པ་ལས་རང་གི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་སྣོད་བཅུད་ཀྱི་འབྱོར་པ་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོར་སྤྲུལ་ཏེ། །ས་གཞི་སྤོས་ཆུས་བྱུག་ཅིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་འབུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨི་དཾ་གུ་རུ་རཏྣ་མཎྜལ་ཀཾ་ནིརྻཱ་ཏ་ཡཱ་མི། །ཞེས་ཅི་ནུས་དབུལ། མཐར་ཚོགས་ཞིང་རྣམས་རང་ལ་བསྟིམ། །བཞི་པ་རྡོར་སེམས་སྒོམ་བཟླས་ནི། སྟོང་པའི་ངང་ལས་པད་ཟླའི་གདན་ལ་ཧཱུྃ་དཀར་པོའི་འོད་ཀྱི་འཕྲོ་འདུས་རང་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྣང་ལ་རང་བཞིན་མེད་པའི་སྐུ་ཅན་དུ་གསལ་བའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་གི་མཐར་ཡི་གེ་བརྒྱ་པས་བསྐོར་བ་ལས་འོད་འཕྲོས། ལུས་གང༌། སྡིག་སྒྲིབ་དག །འོད་ཟེར་ཕྱིར་འཕྲོས། རིགས་དྲུག་གི་སྡུག་བསྔལ་དང་སྡིག་སྒྲིབ་སྦྱངས། ཚུར་འདུས་རང་ལ་ཐིམ་པར་མོས་ཏེ། གསལ་སྣང་ལ་མཉམ་པར་འཇོག་པ་དང༌། ཡི་གེ་བརྒྱ་པ་བཟླ་བ་ཅི་ནུས་བྱ། མཐར་མི་དམིགས་པར་བཞག །ལྔ་པ་བླ་མའི་རྣལ་འབྱོར་ནི། །རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོད་སྦྱིན་དང༌། གཡོན་པདྨ་དཀར་པོ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༌། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འོད་ཟེར་མུ་མེད་པར་འཕྲོས་པའི་གནས་གསུམ་ཡིག་འབྲུ་


LT26_Page_003A
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལས་འོད་ཟེར་འཕྲོས། མཆོད་འོས་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པར་བསམ། །ཡིད་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། །མོས་གུས་ཀྱི་ཡིད་རྩེ་གཅིག་པས་བརྒྱུད་པའི་གསོལ་འདེབས་དང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་བསྐྱར། །མཐར་བླ་མའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་བརྩིའི་རང་བཞིན་ཅན་གྱི་རྒྱུན་བབ། རང་གི་གནས་གསུམ་དུ་ཐིམ། ལུས་ཐམས་ཅད་འོད་ཟེར་བདུད་རྩིའི་རྒྱུན་གྱིས་གང༌། སྒོ་གསུམ་གྱི་དྲི་མ་དག །སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཞུགས། མཐར་བླ་མ་འོད་དུ་ཞུ། རང་ལ་ཐིམ་པས་བླ་མའི་གསང་གསུམ་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པར་གྱུར་པར་མོས་ལ་རང་ངོ་བསྐྱང༌། རྒྱུན་གྱི་རྣལ་འབྱོར་ལ་སྐྱབས་སེམས་རྩམ་གྱི་རྗེས་དངོས་གཞི་ལ་འཇུག་ཀྱང་དོན་གྲུབ་པ་ཡིན་ནོ། །གཉིས་པ་དངོས་གཞི་ལ་གཉིས། །མཚན་བཅས་དང་མཚན་མེད་ཀྱི་ཏིང་ངེ་འཛིན་ནོ། །དང་པོ་ནི། །རང་ཐ་མལ་དུ་གནས་པའི་ལྟེ་བར་ཨ་དཀར་པོ། དེ་འོད་དུ་ཞུ་ལུས་ཀྱི་ནང་གང༌། འོད་ཟེར་ཕྱི་རོལ་དུ་འཕྲོས། བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། བཅུད་ལ་ཐིམ། དེའང་རང་ལ་ཐིམ། རང་ལུས་ཀྱང་མཐའ་ནས་དབུས་སུ་ཡལ་བར་མོས་ཏེ་སྟོང་ཉིད་ཀྱི་ངང་དུ་བཞག་ལ། །ཨོཾ་སྭ་བྷཱ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾཿ སྟོང་པའི་ངང་ལས་རང་ཉིད་གང་དུ་གནས་པའི་ཕྱོགས་བཞི་དང་སྟེང་འོག་ཏུ་ཧྲཱིཿདམར་པོ་རེ་རེ་འོད་དུ་ཞུ་བ་ལས་འོད་ཟེར་དམར་པོའི་དྲྭ་བ་དང་ཁོར་ཡུག་ཅན་གྱི་གཞལ་ཡས་ཁང་ཆེན་པོའི་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་དབུས་སུ་པད་ཟླའི་གདན་ལ་རང་གི་སེམས་ཉིད་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་འོད་དུ་ཞུ་བ་ལས་ཐིག་ལེ་དཀར་པོ་གསུམ་དུ་གྱུར་ཏེ། །དེའང་དབུས་ཆེ་བ། གཡས་གཡོན་གཉིས་ཆུང་བ། དེ་རྣམས་ཡོངས་སུ་གྱུར་པ་ལས་གཙོ་འཁོར་གསུམ་དུ་གྱུར་པ་ནི། དབུས་སུ་རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟར་ཀུན་ནས་དཀར་


LT26_Page_003B
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མདངས་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། ཞལ་འཛུམ་པའི་མདངས་དང་ལྡན་པ་རལ་པའི་ཐོར་ཚུགས་དང་འོད་དཔག་མེད་པའི་དབུ་རྒྱན་ཅན། དབུ་སྐྲ་ཕྱེད་དཔུང་པ་གཡས་གཡོན་གྱི་སྟེང་ན་མར་འཕྱང་བ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་མུ་ཏིག་གི་ཕྲེང་བ་འདྲེན་ཅིང༌། གཡོན་གཉིས་པས་ཨུཏྤལ་དཀར་པོ་སྙན་གྱི་ཐད་ཀར་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་ཇོ་བོ་ནོར་བུ་འཛིན་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་རིན་པོ་ཆེ་དབང་གི་རྒྱལ་པོ་ཡུ་བ་དང་བཅས་པ་བསྣམས་པ། གཡོན་གཉིས་པས་རིན་པོ་ཆེའི་འབྲས་ཀྱི་སྙེ་མ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། པུས་མོ་བཙུགས་ནས་སྤྱན་གཉིས་ཇོ་བོའི་སྨིན་ཕྲག་ཏུ་གཟིགས་པ། གཡོན་དུ་ཇོ་མོ་ཡི་གེ་དྲུག་མ་དཀར་མོ་ཡི་གེ་ཞལ་གཅིག་ཕྱག་བཞི་མ། རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པ། པུས་མོ་བཙུགས་ཤིང་སྤྱན་གཉིས་ཇོ་བོའི་ཐུགས་ཀར་གཟིགས་པའོ། གཙོ་བོའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཇོ་བོ་གཙོ་འཁོར་གསུམ་མདུན་གྱི་ནམ་མཁའི་གནས་སུ་ཨོཾ་བཛྲ་ས་མ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྻ་ཨཱ་ཝ་ལོ་ཀི་ཏེ་ཤྭ་ར་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔་ནས། ཤབྡའི་བར་གྱིས་མཆོད། ཐལ་མོ་སྦྱར་ཏེ། ཇོ་བོ་ཐུགས་རྗེ་ཆེན་པོས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་པས་དམ་ཚིག་པ་སོ་སོ་ལ་ཐིམ་པར་བསམས་ལ་ལྷ་སྐུ་སྣང་སྟོང་ཟུང་འཇུག་གི་གསལ་སྣང་ཕྲ་རགས་ལ་ཡུན་རིང་དུ་སེམས་བཟུང༌། དེ་ནས་ཅུང་ཟད་གོམ་པ་བརྟན་པས་སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་བསྒོམ་པར་འདོད་ན་རྒྱས་པར་ཁྲིད་ཡིག་ལས་ཤེས། མདོར་བསྡུ་ན། རང་ཐུགས་རྗེ་ཆེན་པོར་གསལ་བའི་སྐུས་ཞིང་ཁམས་ཐམས་ཅད་ཁྱབ་ཅིང༌། ཞིང་ཁམས་


LT26_Page_004A
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་སྐུ་ལ་རྫོགས་པར་གསལ་བའི་བ་སྤུའི་ཁུང་བུ་རེ་རེ་ཞིང་ཡང་དག་པའི་ཞིང་མཐའ་ཡས་པ་ན་དུས་གསུམ་ཚད་སྙེད་ཀྱི་སངས་རྒྱས་བྱང་སེམས་རྣམས་བཞུགས་ནས། ལ་ལས་ནི་དམ་པའི་ཆོས་ཀྱི་འགྲོ་བ་མཛད། ལ་ལས་ནི་ཕར་ཕྱིན་དྲུག་དང་ལྡན་པའི་ཆོས་འཆད། ལ་ལས་ནི་རྫུ་འཕྲུལ་རྣམ་པར་རྩེ་བའི་ཆོ་འཕྲུལ་སྟོན་པ་རྣམས་ཀྱང་ཡི་གེ་དྲུག་པའི་སྒྲ་དབྱངས་སྒྲོགས་ཤིང་དེ་དག་ལས་བྱུང་བའི་འོད་ཟེར་བྱེ་བ་ཁྲག་ཁྲིག་བ་སྤུའི་སྒོ་བྱེ་བ་ཕྲག་བརྒྱ་ནས་བྱུང་སྟེ་འགྲོ་དྲུག་གི་སྡིག་སྒྲིབ་བག་ཆགས་མ་ལུས་པ་སྦྱངས། ཀུན་ཀྱང་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་འབའ་ཞིག་ཏུ་སོང་ནས་ཡི་གེ་དྲུག་མའི་སྔགས་དི་རི་རི་བཟླ་བར་མོས་ཏེ་རྩེ་གཅིག་པས་དམིགས་པའི་ངང་དང་མ་བྲལ་བར་མཉམ་པར་འཇོག །དེ་ལྟར་བསྒོམས་པས་ཏིང་ངེ་འཛིན་ལ་གསལ་སྣང་ཐོན་པའམ། སྒོམ་པས་སྐྱོན་བཟླས་པ་ལ་འཇུག་སྟེ། །རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་བརྒྱད་ཁ་སྟེང་འོག་ཏུ་བལྟ་བའི་ལྟག་སྤྲོད་གྱེན་ལྟའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿཡིག་དཀར་པོ། དེའི་མཐའ་སྐོར་དུ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་སྔགས་ཕྲེང་དཀར་པོ་གཡས་སྐོར་དུ་འཁོད་པར་མོས་པ་ལ་རང་ཉིད་ཀྱིས་བཟླས་པ་བྱས་པས། སྔགས་ཀྱི་སྒྲ་སེམས་ཅན་ཐམས་ཅད་ཀྱི་རྣ་བར་ལྷང་ལྷང་བྱུང༌། དོན་སྐྱེ་མེད་ཀྱི་ངང་དུ་འཇོག་བཞིན་དུ་ཡི་གེ་དྲུག་པ་ཅི་ནུས་སུ་བགྲང་མཐར། ཐུགས་ཀའི་སྔགས་ཕྲེང་འོད་དུ་ཞུ། ངོ་བོ་ཡིག་འབྲུ་ལ་རྣམ་པ་འོད་ཟེར་གྱི་ཚུལ་གྱིས་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་སང་དག །འོད་ཟེར་ཕྱིར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས་པར་བསམ། སླར་ཡང་སྔགས་ཕྲེང་སྔར་ལྷར་གསལ་བཏབ་ཅིང་བཟླས་པ་དང་འོད་དུ་ཞུ་བའི་དམིགས་པ་སྤེལ་མ་ཇི་ཙམ་ནུས་པ་བྱ། མཐར་གོང་དུ་བཤད་པའི་སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་བསྒོམས་ལ་བཟླས་པ་ཅི་ནུས་བྱ་སྟེ། ཐུན་འཇོག་པའི་ཚེ། རང་གི་སྙིང་གའི་སྔགས་ཕྲེང་པདྨའི་གདན་ལ་ཐིམ། དེ་ས་བོན་ཧྲཱིཿལ་ཐིམ་པར་བསམ། གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། །ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། བཅུད་ཀྱི་སེམས་ཅན་ལ་ཕོག །དེ་འོད་དུ་ཞུ། དེ་ལས་འོད་འཕྲོས་སྣོད་ཀྱི་འཇིག་རྟེན་ལ་ཕོག །དེ་དག་འོད་དུ་ཞུ། མཐའ་ནས་འདུས་ཏེ་འཁོར་


LT26_Page_004B
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་ཐིམ། དེ་གཉིས་རང་ལ་ཐིམ། རང་ཉིད་ཡས་མར་ནས་ཞུ། ཐུགས་ཀའི་ཧྲཱིཿལ་ཐིམ་དེའང་རིམ་གྱིས་འོད་དུ་ཞུ་ནས་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་བསམས་ལ། གནས་ལུགས་མ་བཅོས་པའི་དབྱིངས་སུ་བློ་ལྷོད་ཀྱིས་གློད་དེ་ཅི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག །གསུམ་པ་རྗེས་ཀྱི་རྣལ་འབྱོར་ལ་གཉིས། དངོས་དང༌། ཞར་བྱུང་ངོ༌། དང་པོ་ནི། ཐུན་དེ་ལས་ལྡང་བ་ན། །སླར་ཡང་རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པར་བསམས་ལ། དགེ་བ་འདི་ཡིས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ། ཐུན་མཚམས་རྣམས་སུ། གནས་གཞལ་ཡས་ཁང༌། ཟས་ཡེ་ཤེས་ཀྱི་བདུད་བརྩི། གོས་ལྷ་རྫས་ཀྱི་ན་བཟར་བསམས་ལ་ཞེན་པ་མེད་པར་ལོངས་སྤྱོད། སྣང་གྲགས་རྟོག་གསུམ་འཕགས་པའི་གསང་བ་གསུམ་གྱི་ལམ་ཁྱེར་དང༌། བྱང་ཆུབ་སེམས་གཉིས་ཀྱི་རྩིས་ཟིན་པར་སྤྱོད་ལམ་དགེ་བའི་བྱ་བས་དུས་འདའ་བར་བྱའོ། །གཉིས་པ་ནི། ཁྱད་པར་བདེ་སྟོང༌། ཐུན་མོང་བྱང་སེམས། ལམ་གྱི་ཆད་མཐུད་འཕོ་བའི་རྣལ་འབྱོར་རྣམས་ཏེ། བསྒོམ་པར་འདོད་ན་ཁྲིད་ཡིག་ཏུ་ཤེས། བསྙེན་པ་བྱེད་ན། ཁྲུས་དང་གཙང་སྦྲ་ལ་གནས་པས་ཡི་གེ་དྲུག་པ་འབུམ་ཕྲག་སོ་གཉིས་སམ། ཐ་མའང་འབུམ་ཕྲག་བདུན་བཟླ་བ་གྲངས་བསྙེན། ཟླ་བ་གསུམ་ནས་ཟླ་བ་གཅིག་གི་བར་དུ་བསྙེན། རབ་དངོས་སམ། འབྲིང་ཉམས་སུ་འཕགས་པའི་སྐུ་མཐོང་བ། ཡི་གེ་དྲུག་པའི་སྒྲ་ཐོབ་པ། ཐ་མའང་རྨི་ལམ་དུ་དེ་ལྟ་བུའི་རིམ་པ་རྨི་བ་དང༌། གཞན་ཡང་ཁྲུས་བྱས་པ། གོས་དཀར་གོན་པ། ཉི་ཟླ་ཤར་བ། མེ་ཏོག་དཀར་པོ་འཐུབ། ཤེལ་དཀར་གྱི་ཕྲེང་བ་རྙེད་པ་སོགས་དགེ་བའི་རྟགས་ཅི་རིགས་པ་མཐོང་བ་ནི་མཚན་མའི་བསྙེན་པའོ། །འཇམ་དབྱངས་ལ་སོགས་ཕྱོགས་བཅུ་ཡི། །འཕགས་རྣམས་དགྱེས་པའི་བཤེས་གཉེན་ཆེ། མཁྱེན་བརྩེའི་དབང་པོ་སྐྱེར་སྒང་པའི། །ཐུགས་བཅུད་སྙིང་པོའི་མན་ངག་གོ །ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྐྱེར་སྒང་ལུགས་ཀྱི་ངག་འདོན་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ།། ༈ །།མངྒ་ལམ།།

གདམས་ངག་མཛོད་པོད་བཅུ་བདུན་པ།
ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་ཀྱི་ཁྲིད་ཡིག


LT26_Page_005A
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་སྐྱེར་སྒང་ལུགས་ཀྱི་ཁྲིད་ཡིག་བཞུགས་སོ།། །།ཨོཾ་སྭ་སྟི་སིདྡྷཾ། །སྙིགས་མ་ལྡན་པའི་ཞིང་སྤྱི་དང༌། །ཁྱད་པར་གངས་རིའི་མགོན་གཅིག་པུ། །ཐུགས་རྗེའི་མངའ་བདག་དེར་བཏུད་ནས། །དེ་ཡི་རྣལ་འབྱོར་འདུས་གསལ་སྤེལ། །གཉིས་པ་ཇོ་བོ་བཀའ་གདམས་པའི་མན་ངག་གྲུབ་ཐོབ་སྐྱེར་སྒང་པའི་བཀའ་སྲོལ་དང་འབྲེལ་པ་སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ་ཀྱི་ཁྲིད་ལ། སྔོན་འགྲོ། དངོས་གཞི། རྗེས་གསུམ། དང་པོ་སྔོན་འགྲོ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། ཐུན་མོང་བ་ཐུབ་པའི་ལྟ་ཁྲིད་ལྟར་འཆད། ཐུན་མོང་མ་ཡིན་པ་ལ་ལྔ་ལས། དང་པོ་སྐྱབས་འགྲོ་ནི། །དབེན་པའི་གནས་སུ་བདེ་བའི་གདན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད་དེ། ས་ཕྱོགས་དག་པའི་ཞིང་ཁམས་སུ་གྱུར་པའི་དབུས་སུ་དཔག་བསམ་གྱི་ལྗོན་ཤིང་རྩེ་མོ་ལྔར་གྱེས་པའི་དབུས་མར་སེང་ཁྲི་པད་ཟླའི་གདན་ལ་བླ་མ་སྤྱན་རས་གཟིགས་ཁ་སར་པ་ཎིའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མའི་ཚོགས་ཀྱིས་བསྐོར་བ། མདུན་གྱི་ཡལ་གར་སྤྱན་རས་གཟིགས་ཕྱག་བཞི་པ་ལ་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ། གཡས་ཀྱི་ཡལ་གར་སངས་རྒྱས། རྒྱབ་ཏུ་དཀོན་མཆོག་པུསྟིའི་རྣམ་པ། གཡོན་དུ་ཐེག་པ་ཆེ་ཆུང་གི་དགེ་འདུན། བར་མཚམས་རྣམས་སུ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་མ་ལུས་པ་བཞུགས་པར་མོས་ལ། རང་དང་སེམས་ཅན་ཐམས་ཅད་ལུས་ངག་ཡིད་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་བློ་རྩེ་གཅིག་པས་སྐྱབས་འགྲོའི་ཚིག་རྒྱས་པ། བདག་དང་སེམས་ཅན་ཐམས་ཅད་ལེགས་པའི་ལམ་སྟོན་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། །དངོས་གྲུབ་འབྱུང་གནས་ཡི་དམ་ལྷ་ལ༴ སྐུ་གསུམ་ངོ་བོ་སངས་རྒྱས་རྣམས་ལ༴ ཟབ་ཞི་སྤྲོས་བྲལ་དམ་ཆོས་རྣམས་ལ༴ སར་གནས་ལམ་ཞུགས་དགེ་འདུན་རྣམས་ལ༴ འགལ་རྐྱེན་ཀུན་སེལ་སྲུང་མ་རྣམས་ལ༴ ཞེས་པའམ། བསྡུ་ན། སངས་རྒྱས་ཆོས་ཚོགས་མ་ལན་བརྒྱ་སྟོང་དུ་བསགས། གཉིས་པ་སེམས་བསྐྱེད་ནི། །སེམས་ཅན་ཐམས་ཅད་ཡིད་ཡུལ་དུ་བྱས་ཏེ། ནམ་མཁའ་དང་མཉམ་པའི་སེམས་ཅན་


LT26_Page_005B
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བཞག་པར་བྱ། དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་ལམ་གྱི་རྣལ་འབྱོར་ཟབ་མོ་ཉམས་སུ་བླང་བར་བགྱིའོ་སྙམ་པས། དེང་ནས་བཟུང་སྟེ་འགྲོ་རྣམས་སངས་རྒྱས་བར། །རང་ཉིད་ཞི་བདེ་སྐད་ཅིག་མེད་པར་ནི། །སྨོན་པ་དང་ནི་འཇུག་པའི་བདག་ཉིད་དུ། །ཉིན་མཚན་དགེ་བའི་ལས་ལ་བསྐུལ་བར་བགྱི། །ཞེས་སམ་བསྡུ་ན། བདག་གིས་སྦྱིན་སོགས་བརྗོད། གསུམ་པ་མཎྜལ་ནི། །ལག་ལེན་ལྟར་ལེགས་པར་བཤམས་ཏེ། རྒྱས་པར་ན་ཆོས་ཆུང་བརྒྱ་རྩ་ལས་འབྱུང་བ་ཛེ་ཏཱ་རི་དང་གཉིས་མེད་རྡོ་རྗེའི་གོ་ཆ་ལ་སོགས་པ་ལྟར་རམ། དེ་ཙམ་མི་ནུས་ན་ཚོམ་བུ་སོ་བདུན་མ་ནས། བདུན་མའི་བར་དངོས་སུ་བཤམས་པ་དེ་ཉིད་རྒྱུར་བྱས་པ་ལས་བྱུང་བའི་ཀུན་བཟང་མཆོད་པའི་སྤྲིན་ཕུང་ལྟ་བུར་དམིགས་པ་ལན་གྲངས་མང་པོར་ཕུལ་བས་བདག་གཞན་གྱི་ཚོགས་རྫོགས། སྐུ་ལས་འོད་ཟེར་བྱུང་སྡིག་སྒྲིབ་དག །འགྲོ་ཀུན་དག་པའི་ཞིང་དུ་གཤེགས། སླར་ཡང་མོས་གུས་ཀྱི་རྐྱེན་གྱིས་སྐྱབས་ཡུལ་འོད་ཞུ་རང་ལ་ཐིམ་པར་མོས། །བཞི་པ་རྡོར་སེམས་སྒོམ་བཟླས་ནི། །སྟོང་པའི་ངང་ལས་པད་ཟླའི་གདན་ལ་ཧཱུྃ་དཀར་པོའི་འོད་ཀྱི་འཕྲོ་འདུས་རང་ཉིད་རྡོ་རྗེ་སེམས་དཔའི་སྐུ་སྣང་ལ་རང་བཞིན་མེད་པར་གསལ་བའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་གི་མཐར་ཡི་གེ་བརྒྱ་པས་བསྐོར་བ་ལས་འོད་འཕྲོས། ལུས་གང༌། སྡིག་སྒྲིབ་དག །འོད་ཟེར་ཕྱིར་འཕྲོས། རིགས་དྲུག་གི་སྡུག་བསྔལ་དང་སྡིག་སྒྲིབ་སྦྱངས། ཚུར་འདུས་རང་ལ་ཐིམ་པར་མོས་ཏེ་གསལ་སྣང་ལ་མཉམ་པར་འཇོག་པ་དང༌། ཡི་གེ་བརྒྱ་པ་བཟླ་བ་ཅི་ནུས་བྱ། མཐར་མི་དམིགས་པར་བཞག །ལྔ་པ་བླ་མའི་རྣལ་འབྱོར་ནི། །རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན། གཡོན་པད་དཀར། ཞབས་སེམས་སྐྱིལ། དར་དང་རིན་པོ་ཆེས་བརྒྱན་པ་འོད་ཟེར་མུ་མེད་པར་


LT26_Page_006A
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་བའི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས། མཆོད་འོས་ཐམས་ཅད་སྤྱན་དྲངས་ཏེ་ཐིམ་པར་བསམ། ཡིད་ཀྱིས་མཆོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད། མོས་གུས་ཀྱི་ཡིད་རྩེ་གཅིག་པས་བརྒྱུད་པའི་གསོལ་འདེབས་དང༌། །ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་བསྐྱར། མཐར་བླ་མའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རང་བཞིན་ཅན་གྱི་རྒྱུན་བབ། རང་གི་གནས་གསུམ་དུ་ཐིམ། ལུས་ཐམས་ཅད་འོད་ཟེར་བདུད་རྩིའི་རྒྱུན་གྱིས་གང༌། སྒོ་གསུམ་གྱི་དྲི་མ་དག །སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཞུགས། མཐར་བླ་མ་འོད་དུ་ཞུ། རང་ལ་ཐིམ་པས་བླ་མའི་གསང་གསུམ་དང་རང་གི་སྒོ་གསུམ་དབྱེར་མི་ཕྱེད་པར་གྱུར་པར་མོས་ལ་རང་ངོ་བསྐྱང་ངོ༌། །གཉིས་པ་ལ་གཉིས་ཏེ། མཚན་བཅས་ལྷ་བསྒོམ་པ་དང༌། མཚན་མེད་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པའོ། །དང་པོ་ལ་གཉིས་ཏེ། རྣལ་འབྱོར་ལ་འཇུག་པའི་སྦྱོར་བ་དང༌། དངོས་གཞི་རྣལ་འབྱོར་ཇི་ལྟར་བསྒོམ་པའི་ཚུལ་ལོ། །དང་པོ་བདེ་བའི་སྟན་ལ་ལུས་རྣམ་སྣང་ཆོས་བདུན་ནམ་རང་ལུགས་ཀྱི་སྐྱིལ་ཀྲུང་སོགས་མདོར་ན་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད། རླུང་ཆེད་དུ་སྩོལ་བ་མེད་བར་རང་བབས་སུ་བཞག །སེམས་གཡོ་མེད་དངས་གསལ་གྱི་ངང་ལ་གནས། གཉིས་པ་ལ་བཞི་སྟེ། རྟེན་སྲུང་འཁོར་བསྒོམ་པ། བརྟེན་པ་ལྷ་བསྒོམ་པ། ལྷའི་གསལ་སྣང་འདོན་པ། བཟླས་པས་ཐུགས་རྒྱུད་བསྐུལ་བའོ། །དང་པོ་ནི། རང་གི་མལ་གྱི་ཕྱོགས་བཞིར་ཧྲཱིཿདམར་པོ་མགོ་གྱེན་བསྟན་རེ་རེ། སྟེང་འོག་གཉིས་སུ་ཧྲཱིཿདམར་མགོ་གྱེན་དང་མཐུར་བསྟན་རེ་གསལ། མདུན་གྱི་ཧྲཱིཿའོད་ཀྱི་མིག་མང་རིས་སུ་ཡོལ་བ་ལྟ་བུར་ཞུ། དེ་ལས་འོད་ཟེར་གཡས་ཀྱི་ཧྲཱི་ལ་ཕོག །དེའང་སྔར་ལྟར་ཞུ། དེའི་འོད་ནུབ། དེའི་འོད་གཡོན་དུ་འཕོག་པས་ཧྲཱིཿཞུ་བ་སོགས་སྔར་ལྟར་དང༌། སྟེང་འོག་གི་ཧྲཱིཿཡང་འོད་དུ་ཞུ། འགེབས་པ་དང་ས་


LT26_Page_006B
[མ་དཔེ་གཟིགས་ན་འདིར་གནོན།]

གཞིའི་རྣམ་པར་གྱུར་ཏེ། འོད་ཟེར་གྱི་དྲྭ་བ་དང་ཁོར་ཡུག་ཅན་གྱི་གཞལ་ཡས་ཁང་བསྐལ་པའི་རླུང་གིས་ཀྱང་མི་ཐར་པའི་ཕྱི་རོལ་ཏུ་མེ་རི་རྩེ་མོ་ཁ་དོག་སྣ་ལྔ་པ་ཅན་གྱི་གུར་ཁང་གསལ་ལ་བརྟན་པ་ཡུན་རིང་དུ་བསྒོམ། གཉིས་པ་ནི། རང་ཐ་མལ་དུ་གནས་པའི་ལྟེ་བར་ཨ་དཀར་པོ། དེ་འོད་དུ་ཞུ་ལུས་ཀྱི་ནང་གང་འོད་ཟེར་ཕྱི་རོལ་དུ་འཕྲོས། བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སྣོད་ཀྱི་འཇིག་རྟེན་འོད་དུ་ཞུ། བཅུད་ལ་ཐིམ། དེའང་རང་ལ་ཐིམ། རང་ལུས་ཀྱང་མཐའ་ནས་དབུས་སུ་ཡལ་པར་མོས་ཏེ་སྟོང་ཉིད་ཀྱི་ངང་དུ་བཞག་ལ། ཨོཾ་སྭ་བྷཱ་ཝ་སོགས་ཆོས་ཉིད་རྣམ་པར་དག་པའི་སྔགས་བརྗོད། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་རང་གི་སེམས་ཉིད་ཧྲཱིཿདཀར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་འོད་དུ་ཞུ་བ་ལས་ཐིག་ལེ་དཀར་པོ་གསུམ་དུ་གྱུར་ཏེ། དེའང་དབུས་ཆེ་གཡས་གཡོན་གཉིས་ཆུང་བ། དེ་རྣམས་ཡོངས་སུ་གྱུར་བ་ལས་གཙོ་འཁོར་གསུམ་དུ་གྱུར་པ་ནི། དབུས་སུ་རང་ཉིད་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟར་ཀུན་ནས་དཀར་བའི་མདངས་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། ཞལ་འཛུམ་པའི་མདངས་དང་ལྡན་པ། རལ་པའི་ཐོར་ཚུགས་དང་འོད་དཔག་མེད་པའི་དབུ་རྒྱན་ཅན། དབུ་སྐྲ་ཕྱེད་དཔུང་པ་གཡས་གཡོན་གྱི་སྟེང་ན་མར་འཕྱང་བ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པས་མུ་ཏིག་གི་ཕྲེང་བ་འདྲེན་ཅིང༌། གཡོན་གཉིས་པས་ཨུཏྤལ་དཀར་པོ་སྙན་གྱི་ཐད་ཀར་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་ཇོ་བོ་ནོར་བུ་འཛིན་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི། དང་པོ་གཉིས་ཐལ་མོ་སྦྱར་བ་གཡས་འོག་མས་རིན་པོ་ཆེ་དབང་གི་རྒྱལ་པོ་ཡུ་བ་དང་བཅས་པ་བསྣམས་པ། གཡོན་གཉིས་པས་རིན་པོ་ཆེའི་འབྲས་ཀྱི་སྙེ་མ་བསྣམས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན་པུས་མོ་བཙུགས་ནས་སྤྱན་གཉིས་ཇོ་བོའི་སྨིན་ཕྲག་ཏུ་


LT26_Page_007A
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པ། གཡོན་དུ་ཇོ་བོ་ཡི་གེ་དྲུག་མ་དཀར་མོ་ཞལ་གཅིག་ཕྱག་བཞི་མ། རྒྱན་ཆ་ལུགས་གཙོ་བོ་དང་མཚུངས་པ། པུས་མོ་བཙུགས་ཤིང་སྤྱན་གཉིས་ཇོ་བོའི་ཐུགས་ཀར་གཟིགས་པའོ། །གཙོ་བོའི་ཐུགས་ཀར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཇོ་བོ་གཙོ་འཁོར་གསུམ་མདུན་གྱི་ནམ་མཁའི་གནས་སུ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་ཝ་ལོ་ཀེ་ཏེ་ཤྭ་ར་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱ༔ཧཱུྃ་ནས་ཤབྡའི་བར་གྱིས་མཆོད། ཐལ་མོ་སྦྱར་ཏེ། ཇོ་བོ་ཐུགས་རྗེ་ཆེན་པོས་བདག་གི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། ཞེས་གསོལ་བ་ལན་གསུམ་བཏབ་པས་དམ་ཚིགས་པ་སོ་སོ་ལ་ཐིམ་པར་བསམ། །གསུམ་པ་ལ་གཉིས། རྩ་བའི་ལྷ་ལ་གསལ་སྣང་འདོན་པ་དང༌། སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་བསྒོམ་ཚུལ་ལོ། །དང་པོ་ནི། །དེ་ལྟར་གསལ་བའི་ལྷ་སྐུའི་སྣང་བ་ལམ་མེ་བ་དེ་ལ་སེམས་བཟུང༌། དེའི་གསལ་སྣང་མ་ཤོར་བའི་ངང་རེས་འགའ་གདན་ནས་གཙུག་ཏོར་བར། རེས་གཙུག་ཏོར་ནས་གདན་གྱི་བར། རེས་སྤྱན་གྱི་དཀར་ནག་ལྟ་བུ་ཕྲ་བ་ནས་རགས་པའི་བར་རེས་རགས་པ་ཕྱག་ཞབས་ནས་ཕྲ་བ་སྤྱན་གྱི་བར་གསལ་བཏབ། དེ་དག་བརྟན་ནས་ལྷར་སྣང་སྤྱི་ལ་སེམས་གཏད་དེ་མཐར་བ་སྤུའི་བུ་ག་ཚུན་ཆད་མ་འདྲེས་པར་ཤིན་ཏུ་གསལ་ཞིང་བློ་རྩེ་གཅིག་པ་ལ་བརྟེན་པ་ཐོབ་པར་བྱ་སྟེ་དམིགས་པའི་དངོས་གཞིའོ། །གཉིས་པ་ནི། །རང་ཉིད་པད་ཟླའི་སྟེང་ན་འཕགས་པ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། སྐུ་ཡིས་ཞིང་ཁམས་ཐམས་ཅད་དུ་ཁྱབ་ཅིང་ཞིང་ཁམས་རབ་འབྱམས་རྒྱ་མཚོ་སྐུ་ལ་རྫོགས་པར་ལམ་གྱིས་གསལ་བའི་སྐུ་ལུས་ཀྱི་བ་སྤུའི་སྒོ་ཉི་མའི་འོད་ཅེས་པ་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་དུ་མ་དང༌། གསེར་གྱི་རི་ཁྲི་རེ་རེ་ལའང་རྩེ་མོ་ཁྲི་ཉིས་སྟོང༌། རིན་པོ་ཆེའི་ཁང་བཟང་སྐྱེད་ཚལ་རྒྱན་བཀོད་དུ་མས་


LT26_Page_007B
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ་ཡི་གེ་དྲུག་པའི་ཆོས་སྒྲ་སྒྲོགས་པ། བ་སྤུ་དེའི་ནང་ན་ཡང་རྒྱལ་བའི་དབང་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན། ལྷའི་གསེར་གྱི་རི་བརྒྱད་རིན་པོ་ཆེའི་བྲག་རི་ལྗོན་ཤིང་དག་དང་ཟས་གོས་ལྷའི་རང་བཞིན་ལས་གྲུབ་པ་ལ་བྱང་ཆུབ་སེམས་དཔའ་དག་ལོངས་སྤྱོད་ཅིང༌། ཡི་གེ་དྲུག་པའི་ཆོས་སྒྲ་སྒྲོག་གོ །བ་སྤུ་དེ་འདས་པ་ན་སྨན་ཆེན་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་བསྐྱེད་མ་ཐག་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང༌། རྡོ་རྗེ་དངུལ། གསེར། ཨིནྡྲ་ནཱི་ལ། པདྨ་རཱ་ག །མརྒད། ཤེལ་གྱི་རི་རྩེ་མོ་བརྒྱད་ཁྲི་ཡོད་པ། དྲི་ཟའི་སིལ་སྙན་གྱི་སྒྲ་ལས་ཡི་གེ་དྲུག་པའི་ཆོས་ཀྱི་དབྱངས་འབྱིན་ཅིང༌། གང་སེམས་ཐོག་མ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དེ་དག་སྟོང་པ་ཉིད་དང་མཚན་མ་མེད་པ་སེམས་ཏེ། ཀྱེ་མའོ་སྡུག་བསྔལ་སྐྱེ་རྒ་ན་འཆི་སེམས་ལ་སྐྱོ་བའི་སྐྱིལ་མོ་ཀྲུང་བཅས་ཏེ་ལུས་དྲང་པོར་བསྲངས་ནས་དྲན་པ་མངོན་པར་བཞག་ནས་རི་དེ་དག་ལ་འཁོད་དོ། །བ་སྤུ་དེ་ཡང་འདས་པ་ན། སྣ་ཚོགས་པའི་རྒྱལ་པོ་ཞེས་བྱ་བའི་བ་སྤུའི་ཁུང་བུ་ན་རང་སངས་རྒྱས་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་མ་མེ་འབར་བ་དང༌། ཆར་འབེབས་པ་སོགས་ཆོ་འཕྲུལ་སྣ་ཚོགས་སྟོན་ཅིང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་རིའི་རྒྱལ་པོ་བརྒྱ་ཕྲག་སྟོང་དག་ལ་འདོད་དགུ་འབྱུང་བའི་དཔག་བསམ་སྡོང་པོ། རྩ་བ་མུ་ཏིག །ལོ་མ་གསེར་དངུལ། མེ་ཏོག་མན་ཤེལ་ལས་བྱས་པ་དག་ལས་རྒྱན་ཆ་དུ་མ་དང་ཀ་ཤི་ཀའི་གོས་རྣམས་འཕྱང་ངོ༌། །དེ་འདྲ་བའི་རི་རྣམས་ལ་རང་སངས་རྒྱས་དག་བཞུགས་ནས་གསུང་རབ་ཡན་ལག་བཅུ་གཉིས་ཀྱང་ཡི་གེ་དྲུག་པའི་སྒྲར་སྟོན་ནོ། །ཐམས་ཅད་ཀྱི་ཐ་མ་ན་བ་སྤུའི་ཁུང་བུ་རྒྱལ་མཚན་གྱི་རྒྱལ་པོ་ན། རིན་པོ་ཆེའི་རི་བརྒྱད་ཁྲི་བཞི་སྟོང་དང༌། དཔག་བསམ་དང་ཙནྡན་དང་བྱེ་རུའི་ཤིང་དེ་སྙེད་ཡོད་ཅིང་རིན་ཆེན་འབར་བའི་ཁང་བརྩེགས་ན། དེ་བཞིན་གཤེགས་པའི་སྐུ་འཛམ་བུའི་གླིང་དུ་མངོན་པར་ཕྱོགས་ཤིང་ཆོས་འཆད་པ། ཕར་ཕྱིན་དྲུག་ཡི་གེ་འབྲུ་དྲུག་ཏུ་སྟོན་པར་མཛད་པ་ཡང་


LT26_Page_008A
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་སོགས། མདོར་ན། སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱི་སངས་རྒྱས་བྱང་སེམས་བཞུགས་ནས་ལ་ལས་ནི་དམ་པའི་ཆོས་ཀྱི་བགྲོ་བ་མཛད། ལ་ལས་ནི་ཕར་ཕྱིན་དྲུག་དང་ལྡན་པའི་ཆོས་འཆད། ལ་ལས་ནི་རྫུ་འཕྲུལ་རྣམ་པར་རྩེ་བའི་ཆོ་འཕྲུལ་སྟོན་པ་ཐམས་ཅད་ཀྱང་ཡི་གེ་དྲུག་པའི་སྒྲ་དབྱངས་སྒྲོགས་ཞིང་དེ་དག་ལས་བྱུང་བའི་འོད་ཟེར་བྱེ་བ་ཁྲག་ཁྲིག་བ་སྤུའི་སྒོ་བྱེ་བ་ཕྲག་བརྒྱ་ནས་བྱུང་སྟེ། །འགྲོ་དྲུག་གི་སྡིག་སྒྲིབ་བག་ཆགས་མ་ལུས་པ་སྦྱངས། ཀུན་ཀྱང་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་འབའ་ཞིག་ཏུ་སོང་ནས་ཡི་གེ་དྲུག་མའི་སྔགས་དི་རི་རི་བཟླ་བར་མོས་ཏེ་རྩེ་གཅིག་དམིགས་པའི་ངང་དང་མ་བྲལ་བར་མཉམ་པར་འཇོག་གོ །བཞི་པ་ནི། །དེ་ལྟར་བསྒོམས་པས་ཏིང་ངེ་འཛིན་ལ་གསལ་སྣང་ཐོན་པའམ། སྒོམ་པས་སྐྱོན་བཟླས་པ་ལ་འཇུག་སྟེ། རང་གི་ཐུགས་ཀར་པདྨ་དཀར་པོ་འདབ་བརྒྱད་ཁ་སྟེང་འོག་ཏུ་ལྟ་བའི་ལྟག་སྤྲོད། གྱེན་ལྟའི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿཡིག་དཀར་པོ། དེའི་མཐའ་སྐོར་དུ། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པའི་སྔགས་ཕྲེང་དཀར་པོ་གཡས་སྐོར་དུ་འཁོད་པར་མོས་ལ་རང་ཉིད་ཀྱིས་བཟླས་པ་བྱས་པས། སྔགས་ཀྱི་སྒྲ་སེམས་ཅན་ཐམས་ཅད་ཀྱི་རྣ་བར་ལྷང་ལྷང་བྱུང༌། དོན་སྐྱེ་མེད་ཀྱི་ངང་དུ་འཇོག་བཞིན་དུ་ཡི་གེ་དྲུག་པ་ཅི་ནུས་སུ་བགྲང་མཐར། ཐུགས་ཀའི་སྔགས་ཕྲེང་འོད་དུ་ཞུ། ངོ་བོ་ཡིག་འབྲུ་ལ་རྣམ་པ་འོད་ཟེར་གྱི་ཚུལ་གྱིས་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་སང་སང་དག །འོད་ཟེར་ཕྱིར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱོང་བར་བསམ། །སླར་ཡང་སྔགས་ཕྲེང་སྔར་ལྟར་གསལ་བཏབ་ཅིང་བཟླས་པ་དང་འོད་དུ་ཞུ་བའི་དམིགས་པ་སྤེལ་མ་ཇི་ཙམ་ནུས་པ་བྱ། མཐར་གོང་དུ་བཤད་པའི་སྙིང་རྗེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་བསྒོམས་ལ་བཟླས་པ་ཅི་ནུས་བྱས་ཏེ། ཐུན་འཇོག་པའི་ཚེ་ཡི་གེ་རྣམས་པདྨ་ལྟག་སྤྲོད་ལ་ཐིམ་


LT26_Page_008B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཧྲཱིཿལ་ཐིམ་པར་མོས། །གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས། བཅུད་ཀྱི་སེམས་ཅན་ལ་ཕོག་ཏེ་འོད་དུ་ཞུ། དེ་ལས་འོད་འཕྲོས་སྣོད་ཀྱི་འཇིག་རྟེན་ལ་ཕོག །དེ་དག་འོད་དུ་ཞུ། མཐའ་ནས་འདུས་ཏེ་འཁོར་གཉིས་ལ་ཐིམ། དེ་གཉིས་རང་ལ་ཐིམ། དེ་ཉིད་ཡས་མར་ནས་ཞུ། ཐུགས་ཀའི་ཧྲཱི་ལ་ཐིམ། དེའང་འ་ཆུང་ར་ལ། དེ་ཧ་ལ། ཧ་མགོ་བོ། །མགོ་བོ་གི་གུ། དེ་ཡང་འོད་དུ་ཡལ་བའི་ངང་ལ་ཅི་གནས་སུ་བཞག །མི་གནས་པར་འཕྲོ་བར་ཙམ་བརྩམ་པ་ན། སྟོང་པའི་ངང་ལས་ཐིམ་ལེ་གསུམ། དེའི་དབུས་ལ་ཧྲཱིཿ དེ་ལས་གཙོ་འཁོར་གསུམ། སྣོད་གཞལ་ཡས་ཁང༌། བཅུད་ལྷའི་རང་བཞིན་དུ་མོས། འདི་ལ་ཆེད་དུ་སྦྱངས་ནས། སླར་བསྡུ་ཞིང་མཉམ་པར་འཇོག་སྟེ་ལྷར་ལྡངས་པ་སོགས་སྔར་ལྟར་བྱའོ། །གསུམ་པ་རྗེས་ལ་གཉིས། རྗེས་ཀྱི་རྣལ་འབྱོར་དངོས་དང༌། ཞར་བྱུང་གི་རྣལ་འབྱོར་གཞན་བཤད་པའོ། །དང་པོ་ནི། སྒོམ་བཟླས་ཏིང་ངེ་འཛིན་གྱི་རྣལ་འབྱོར་གྲུབ་ནས། རྗེས་སྤྱོད་ལམ་ལ་འཇུག་པ་ན་འཁོར་གཉིས་རང་ལ་ཐིམ། རང་ཕྱག་གཉིས་པའི་ང་རྒྱལ་གྱིས་ཁ་ཟས་ཐམས་ཅད་འབྲུ་གསུམ་གྱིས་ཡེ་ཤེས་བདུད་བརྩིར་བྱིན་གྱིས་བརླབས་ཏེ་རང་ལྷར་གསལ་བས་ལོངས་སྤྱད། གོས་ལྷའི་གོས་པཉྩ་ལི་ཀཱ་ར་བསམས་ཏེ་ཚོགས་རྫོགས་པའི་ཡན་ལག་ཏུ་སྤྱད། འགྲོ་འདུག་སེམས་ཅན་ལ་ཕན་པ་འབའ་ཞིག་ཏུ་མོས་ལ་བསྔོ་སྨོན་རྒྱས་པར་བྱ་བ་སོགས་ཐེག་པ་ཆེན་པོའི་རྣལ་འབྱོར་དང་མ་བྲལ་བར་བྱའོ། །གཉིས་པ་ཞར་བྱུང་གི་རྣལ་འབྱོར་ལ་གསུམ། ཁྱད་པར་བདེ་སྟོང་གི་རྣལ་འབྱོར་ཐུན་མོང་བྱང་སེམས་ཀྱི་རྣལ་འབྱོར། ལམ་གྱི་ཆད་མཐུད་འཕོ་བའི་རྣལ་འབྱོར་རོ། །དང་པོ་ནི། རང་ཇོ་བོར་གསལ། མདུན་དུ་ལྷ་མོ་ཡི་གེ་དྲུག་དྲུག་མ་བསྒོམ། དེའི་སྨིན་མཚམས་སུ་ཐིག་ལེ་དམར་བ། དེ་ལས་འོད་ཟེར་དམར་པོ་ཆེ་བའི་དད་ལྡན་བྱུང༌། རང་གི་སྨིན་མཚམས་


LT26_Page_009A
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཕོག །རང་གི་མགྲིན་པ་ནས་འོད་ཟེར་དཀར་པོ་བདེ་བའི་ངད་ལྡན་བྱུང༌། ལྷ་མོའི་ལྟེ་བར་ཕོག །འོད་ཟེར་དཀར་དམར་འདྲེས་པས་སྐུ་ལུས་ནང་ནས་ཡར་སོང་སླར་སྨིན་མཚམས་སུ་ནས་འོད་དམར་པོ་རང་གི་སྨིན་མཚམས་སུ་ཐིམ་པ་སོགས་འཁོར་ལོ་ལྟར་བསྒོམ་པས་ཡབ་ཡུམ་གཉིས་ཀར་བདེ་སྟོང་གི་ཉམས་སྐྱེས་པར་བསམས་ལ། བདེ་བ་མ་སྐྱེས་ཀྱི་བར་དུ་བསྒོམ་ཞིང་བདེ་བ་སྐྱེས་ན་སྟོང་པ་བསྲེ། སྟོང་ཉམས་ཀྱི་བདེ་བ་ཡལ་ན་སླར་འོད་འཁོར་བསྒོམས་ལ་བདེ་བ་བསྐུལ། མཐར་སྟོང་པས་རྒྱས་གདབ། འདི་བྱ་རྒྱུད་རང་ལུགས་ཀྱི་ཐབས་ལམ་དོད་བལྟས་པའི་བདེ་བ་ལམ་ཁྱེར་གྱི་རྣལ་འབྱོར་རོ། །གཉིས་པ་ནི། དང་པོ་རང་གི་མདུན་དུ་རྩ་བའི་མ་དེ་བསམ། མ་འདིས་བདག་གི་ལུས་སྲོག་བསྐྱེད་པ་ནས་བཟུང༌། ཚེ་རབས་ཐམས་ཅད་དུ་ཕན་པ་ཚད་མེད་པ་བཏགས། གནོད་པ་ཚད་མེད་པ་ལས་བསྐྱབས་པའི་དྲིན་རེ་ཆེ་སྙམ་དུ་བསམས་ལ་བྱམས་པ་ཚད་མེད་པ་བསྒོམ། མ་འདི་ཐོག་མ་མེད་པ་ནས་འཁོར་བ་འདིར་སྡུག་བསྔལ་གྱི་རྒྱུ་འབྲས་འབའ་ཞིག་ལ་སྤྱོད་ཅིང་ཐར་དུས་ཡེ་མེད་པ་སྙིང་རེ་རྗེ་སྙམ་དུ་སྙིང་རྗེ་ཚད་མེད་པ་བསྒོམ། མ་འདི་བདག་ཁོ་ནས་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་ངེས་པར་འགོད་པར་བྱའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་ཚད་མེད་པ་བསྒོམ། དེ་ལ་འབྱོངས་ན་དགྲ་དགེགས་དང༌། སེམས་ཅན་མཐའ་ཡས་པ་ལ་མཚུངས་པར་བྱའོ། །གསུམ་པ་ལ་སྦྱང་བ་དང༌། ལས་ལ་སྦྱར་བ་གཉིས། དང་པོ་ནི། རང་གི་མདུན་ཉེ་རིང་མཚམས་པར་ཐུགས་རྗེ་ཆེན་པོའི་སྐུ་མཚན་ཉིད་དང་ལྡན་པ་ཡིད་ཆགས་པ་བྲིས་འབུར་གང་རུང་བཀྲམ་པའི་མདུན་དུ་མཆོད་པ་བཤམ། དེ་ཐུགས་རྗེ་ཆེན་པོ་དངོས་སུ་གསལ་ལ་མཆོད་བསྟོད་བྱ། བདག་ལ་ར་ེས་ཁྱེད་ལས་མེད་དོ་སྙམ་པའི་བློ་གཏད་ལིང་བསྐྱུར་བྱས་ལ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་གསོལ་བ་འདེབས་སོ། །


LT26_Page_009B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་བདེ་ཆེན་དུ་འཕོ་བར་བྱིན་གྱི་བརླབ་ཏུ་གསོལ། །ཞེས་གསོལ་བ་ལན་མང་དུ་བཏབ། རང་གི་རྣམ་ཤེས་ཧཱུྃ་དཀར་པོར་གྱུར་བ་སྣ་བུག་གཡས་ནས་རྒྱངས་ཀྱིས་ཐོན། ཇོ་བོའི་ཤངས་བུག་གཡས་ནས་ཐུགས་ཀར་ཞུགས་པར་མོས་ལ་དེར་སེམས་འཛིན། སླར་ཤངས་བུག་གཡོན་ནས་བྱུང༌། སྣ་བུག་གཡོན་ནས་སྙིང་ཁར་ཞུགས། ཡང་སྣ་བུག་གཡས་ནས་འཕངས་པ་སོགས་འཁོར་མར་སྤྱད། མཐར་ཐུན་འཇོག་པའི་ཚེ་ཧཱུྃ་རང་གི་སྙིང་ཁར་ཐིམ་པའི་རྗེས་ཇོ་བོ་རང་གི་སྤྱི་བོར་བྱོན། འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ་བར་གསོལ་བ་བཏབ་པས་ཇོ་བོ་འོད་དུ་ཞུ། ཚངས་བུག་ནས་ཞུགས། རང་ལུས་བདུད་རྩིའི་རྒྱུན་གྱིས་གང་བས་འཆི་བ་མེད་པའི་ཚེ་དང༌། རྒས་པ་མེད་པའི་ལང་ཚོ་དང་ལྡན་པར་མོས་ལ་བསྔོ་སྨོན་བྱ། །གཉིས་པ་ནི། ངེས་པར་འཆི་བའི་དུས་ལ་བབས་པའི་ཚེ་ཉེར་བསྡོགས་སྔར་ལྟར་བྱས་ལ། སྔར་བྱས་ཀྱི་སྡིག་པ་མི་དགེ་བའི་རིགས་ལ་བཤགས་སྡོམ་ཡིད་ཚིམ་བར་བྱས། ལུས་ལོངས་སྤྱོད་མཎྜལ་དུ་ཕུལ་ཏེ་ཞེན་འཁྲིས་རྦད་ཀྱིས་བཅད་ལ་ཆགས་ཞེན་དང་བློ་མ་བདེ་བ་སྤུ་ཙམ་མེད་པར་བྱ། རང་གི་རྣམ་ཤེས་ཧཱུྃ་དཀར་པོ་སྣ་བུག་གཡས་ནས་ཐོན་པ་སོགས་སྦྱོང་བའི་སྐབས་ལྟར་ལ། ཇོ་བོའི་ཐུགས་ཀར་ཐིམ་ཚེ་འོད་གསལ་གྱི་ངང་དུ་བཞག །སླར་རྣམ་ཤེས་ཆུར་འཐོན་པའི་དམིགས་པ་མི་བྱ་བར་ཡང་ཡང་འཕང༌། དེས་ཀྱང་འཕོ་མ་ནུས་ན་རང་ལུས་ཀྱང་འོད་དུ་ཡལ་ཏེ་ཇོ་བོའི་ཐུགས་ཀར་སིབ་ཀྱིས་ཐིམ་པར་མོས་ཏེ་སེམས་རྟོག་མེད་དུ་བཞག་པས། རབ་འོད་གསལ་དུ་གྲོལ་འབྲིང་ཐ་མ་ལྷ་དང་མིའི་སྐྱེ། འཇའ་འོད་དང་རིང་བསྲེལ་སོགས་ལྟས་བཟང་པོ་འབྱུང་བར་བཤད་དོ། ཁྲིད་འདི་སྟན་ཐོག་གཅིག་ཏུ་བསྒོམ་པའི་ཚེ་མཚན་བཅས་རྣལ་འབྱོར་གྱི་སྐབས་ཐོག་མར་སྣོད་བཅུད་འོད་གསལ་དུ་བསྡུས་ནས། སླར་སྲུང་འཁོར་དང་ལྷའི་རྣལ་འབྱོར་བསྒོམ་པ་བྱས་ན་ལག་ལེན་བདེ་ཞིང་དོན་དང་མི་འབྱོར་བ་མེད་དོ་


LT26_Page_010A
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །དལ་འབྱོར་ཡོན་ཏན་བརྒྱ་ལྡན་ལུས། །སྙིང་པོ་ལེན་འདོད་སྐལ་བཟང་དག །མ་ནོར་ལམ་མཆོག་འདིར་ཞུགས་ཤིག །ཏིང་འཛིན་རྒྱ་མཚོ་མྱུར་ཐོབ་འགྱུར། །བཀའ་གདམས་ལྷ་བཞིའི་ཁྲིད་ལས་སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ་ཀྱི་ཁྲིད་ཀྱི་ལེའུ་ཚན་ནོ།། །།

གདམས་ངག་མཛོད་པོད་བཅུ་བདུན་པ།
སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་བརྒྱུད་འདེབས།


LT26_Page_011A
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་རས་གཟིགས་དཔལ་མོ་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ།།


LT26_Page_011B
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གཟིགས་དཔལ་མོ་དཔལ་བཟང་ཏིང་འཛིན་བཟང༌། །ཇོ་བོ་ཡོལ་སྟོན་རོག་སྟོན་རྩིས་སྟོན་ཞང༌། །གསལ་སྟོན་རྣལ་འབྱོར་སྐྱབས་ཅེ་སངས་རྒྱས་དཔོན། །རིན་བྱང་བསོད་གྲགས་རྒྱལ་སྲས་རྒྱ་མ་བ། །ལོ་གྲགས་བྱང་སེམས་ཀུན་རྒྱལ་སྲས་པའི་རྗེ། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཀུན་སྙིང་ཕྲིན་ལས་རིན་ཆེན་རྒྱ་མཚོ་དཔལ། །མཐའ་ཡས་ཀུན་བཟང་ཚེ་དབང་ནོར་བུའི་སྡེ། །ངག་དབང་རྣམ་རྒྱལ་ཀུན་བཟང་མཐུ་སྟོབས་ཞབས། །ཉི་མ་ཆོས་འཕེལ་བློ་གསལ་བསྟན་སྐྱོང་དང༌། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །སྐྱབས་སུ་འགྲོ་དང་བྱང་ཆུབ་སེམས་བསྐྱེད་ནས། །སྐྱེ་མེད་ཨ་ལས་འགགས་མེད་ལྷ་ཡི་སྐུ། །སྣང་སྟོང་ཟུང་འཇུག་སྤྲོས་བྲལ་རྣལ་འབྱོར་གྱིས། །སྤྱན་རས་གཟིགས་དབང་འགྲུབ་པར་བྱིན་གྱི་རློབས། །ཞེས་པའང་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སིདྡྷི་རི་སྟུ། ༈ །ཐུགས་རྗེ་ཆེན་པོའི་དམར་ཁྲིད་དཔལ་མོ་ལུགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་མྱུར་ལམ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷི། འཕགས་མཆོག་སྙིང་རྗེའི་ཟླ་བ་ནི། །དད་བརྒྱའི་གཙུག་གིས་རྟག་མཆོད་


LT26_Page_012A
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །གང་དེའི་རྣལ་འབྱོར་གྲུབ་པའི་ཕུལ། །དཔལ་མོའི་བཞེད་གཞུང་སྙིང་པོ་འབྲི། །འདི་ལ་གཉིས། ཐུན་དངོས་ལ་ཇི་ལྟར་བྱ་བའི་ཚུལ་དང༌། ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ལོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་གསལ་བཏབ་སྟེ། སངས་རྒྱས་ཆོས་ཚོགས་སོགས་སྐྱབས་སེམས་དང༌། སྤྲོ་ན། འཕགས་པ་སྤྱན་རས་གཟིགས་དབང་དང༌། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། སོགས་ཡན་ལག་བདུན་པ་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། དངོས་གཞི་ལ་གཉིས། བསྐྱེད་རིམ་དང༌། རྫོགས་རིམ་མོ། །དང་པོ་ནི། རང་ཐ་མལ་དུ་གནས་པའི་སྙིང་གར་ཨ་དཀར་པོ་འོད་ཟེར་འབར་བ། དེ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ་གཟུང་བྱའི་ཡུལ་དང་བྲལ་བའི་རང་རིག་པའི་ངོ་བོ་པད་ཟླའི་གདན་ལ་ས་བོན་ཧྲཱིཿདཀར་པོ་ལས་པདྨ་ཧྲཱིཿས་མཚན་པ། །དེ་ཡོངས་སུ་གྱུར་པ་ལས་རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་མུ་ཏིག་དཀར་


LT26_Page_012B
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕྲེང་བ་དང༌། གཡོན་འོག་མས་གསེར་གྱི་པདྨ་ཡུ་བ་དང་བཅས་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང༌། རི་དྭགས་ཀྲིཥྞཱ་སཱ་རིའི་པགས་པས་ནུ་མ་གཡོན་པ་བཀབ་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་ཟླ་བ་ལ་ཧྲཱིཿདཀར་པོས་མཚན་པ་ལས་འོད་ཟེར་འཕྲོས་པས། རང་འདྲ་བའི་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སྤྱི་བོར་རིགས་ཀྱི་བདག་པོ་བླ་མ་འོད་དཔག་མེད་པས་དབུ་བརྒྱན་པར་གྱུར། ཅེས་བརྗོད་ཅིང་བསམས་ལ་ལྟར་སྣང་སྒྱུ་མ་ལྟ་བུ་ལ་སེམས་བཟུང༌། དེས་སྐྱོན་བཟླས་པ་བྱ་བ་ནི། ཐུགས་ཀའི་ཧྲཱིཿཡིག་གི་མཐར་སྔགས་ཀྱི་འཕྲེང་བས་བསྐོར་བ་ལས། ཐུགས་རྗེ་ཆེན་པོའི་སྐུ་དང་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་ཧྲཱིཿལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་གྱུར། ཅེས་དམིགས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བཟླ། སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་མནར་བ་ལ་ཤས་མི་བཟོད་པའི་སྙིང་རྗེ་ཆེན་པོ་དྲག་ཏུ་བསྐྱེད་ཅིང༌། སྐབས་སུ་ངའི་མ་ཞེས་ངག་ཏུའང་བརྗོད་ལ་སྙིང་རྗེའི་རྩལ་སྦྱང་ངོ༌། །གཉིས་པ་རྫོགས་རིམ་ནི། དེའི་ངང་དུ་བློ་ལྷོད་ཀྱིས་གློད་ལ། སྐྱེ་འགགས་གནས་གསུམ་གྱི་སྤྲོས་པ་དང་བྲལ་བའི་གནས་ལུགས་མ་བཅོས་པའི་དབྱིངས་སུ་མཉམ་པར་བཞག །གསུམ་པ་རྗེས་ནི། ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །གཉིས་པ་ཐུན་མཚམས་སུ་ཇི་ལྟར་བྱ་བའི་ཚུལ་ནི། ཟས་ཟ་བ། གོས་གོན་པ། སྟན་ལ་འདུག་པ། ཉལ་བ་ལྡང་བ་སོགས་ཀྱི་གནས་སྐབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་གཉིས་དང་མ་བྲལ་བ་ལ་བསླབ། ཚེ་འདིར་འབྲས་བུ་མངོན་དུ་མ་གྱུར་ན། འཆི་ཁར་འཚང་རྒྱ་བ་འཕོ་བའི་རྣལ་འབྱོར་ནི། སྣོད་བཅུད་ཐམས་ཅད་འོད་


LT26_Page_013A
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞུ་ནས་རང་ལ་ཐིམ། རང་རིག་པའི་ངོ་བོ་ཨ་དཀར་པོ་ལ་ཐིམ། ངག་ཏུ་ཨ་ཨ་ཞེས་བརྗོད་པའི་མཐར་ཨ་དེའང་ནམ་མཁའི་འཇའ་ཡལ་བ་ལྟར་བསམས་ལ་དབྱིངས་རིག་བསྲེ་འཕོ་བ་མ་ཐེབ་བར་དོ་འཆར་ན། སྣང་གྲགས་རྟོག་གསུམ་འཕགས་པ་ཐུགས་རྗེ་ཆེན་པོའི་གསང་བ་གསུམ་གྱི་ངོ་བོར་ཤེས་པར་བྱས་ལ་མཉམ་པར་བཞག་པས་ལམ་གྱི་འཕྲོ་མཐུད་དེ་གྲོལ་བ་ཐོབ་བར་འགྱུར་བ་ནི་ངེས་པའོ། །འཇམ་དབྱངས་ལ་སོགས་ཕྱོགས་བཅུ་ཡི། །སྲས་བཅས་རྒྱལ་བའི་མཁྱེན་བརྩེའི་དངོས། །འཕགས་མཆོག་སྙིང་རྗེའི་གཏེར་ཆེན་གྱི། །རྣལ་འབྱོར་ཟབ་མོ་འཇུག་བདེའི་ཕུལ། །ཐུགས་རྗེ་ཆེན་པོའི་དམར་ཁྲིད་དཔལ་མོ་ལུགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ།། །།

གདམས་ངག་མཛོད་པོད་བཅུ་བདུན་པ།
ཐུགས་རྗེ་ཆེན་པོའི་སྨར་ཁྲིད།


LT26_Page_014A
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་སྨར་ཁྲིད་བཞུགས་སོ། །


LT26_Page_014B
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དཀར་ཡོན་ཏན་རྒྱུ་སྐར་གྱི། །ཐིག་ལེའི་སྡེས་བཀུར་རྒྱལ་བ་སྤྱིའི། །སྙིང་རྗེས་གང་བ་སྤྱན་རས་གཟིགས། །འགྲོ་བའི་ཡིད་མཁར་རོལ་དེས་སྐྱོངས། །འདིར་དགེ་སློང་མ་དཔལ་མོའི་ཞལ་སྐྱིན་མོ་ཐུགས་རྗེ་ཆེན་པོའི་སྨར་ཁྲིད་འཆད་པ་ལ། བརྒྱུད་པའི་ལོ་རྒྱུས་དང༌། གདམས་པ་གཉིས་ལས། དང་པོ་ནི། ཨུ་རྒྱན་གྱི་ཡུལ་ཆེན་པོར་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་མཚན་བཟུང་བ་དགུ་བྱུང་བའི་ནང་ནས་མཆོག་ཏུ་གྱུར་བ་ཆེ་འབྲིང་ཆུང་གསུམ་གྱི་འབྲིང་པོ། རབ་ཏུ་བྱུང་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པའི་མཚན་ལྭ་བའི་ན་བཟའ་ཅན། དེའི་ལྕམ་ལྷ་མོ་ཆེན་མོ་ལཀྵིཾ་ཀ་ར་ཞེས་སམ་ལེགས་སྨིན་ཀ་ར་ཞེས་པ་བུད་མེད་རིན་པོ་ཆེའི་མཚན་ཉིད་ཅན་དུ་གྲགས་པ། ཕྱོགས་ཀྱི་རྒྱལ་པོ་རྣམས་ཀྱིས་སློང་པ་ནི། གཅིག་ལ་བྱིན་ན་ལྷག་མ་དགྲར་འགྱུར་བར་ཤེས་ནས་ཡབ་ཡུམ་གྱིས་གནང་བ་བྱིན་ནས་རབ་ཏུ་བྱུང་བས་མཐར་གྱིས་དགེ་སློང་མར་གྱུར་ཏེ། རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་པ། དེར་བསྙུན་མཛེའི་རྐྱེན་གྱིས་བསྐུལ་བས། ཇོ་བོ་དཔལ་


LT26_Page_015A
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྙིང་པོ་ལས་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་བླངས་ནས། ཁ་སར་པ་ཎི་རང་བྱུང་གི་ལྷ་ཁང་དུ་བསྙེན་དུ་བྱོན་པས། ནང་དུ་དཀོར་གཉེར་གྱིས་གཏོར་མ་འདོད་པར། ལྷ་ཁང་གི་རྒྱབ་ཏུ་རྩའི་སྤྱིལ་བོ་བཅས་ནས་བསྒྲུབས་པས་འཕགས་པ་གྲུབ་སྟེ། ལྷ་ཁང་གི་སྒོ་ངང་གིས་དཔལ་མོ་གནས་པའི་ཕྱོགས་སུ་འགྱུར་ཞིང༌། །མཐར་གྲུབ་ཆེན་ཕག་ཚང་པ་དང་ལྷན་ཅིག་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་པས། དགེ་སློང་མའི་བསླབ་པ་ལས་ཉམས་སོ་ཞེས་གྲགས་པ་ངན་པ་བྱུང་བ་བཟློག་པའི་ཕྱིར། བཅོམ་ལྡན་འདས་མ་ཕག་མོ་དབུ་བཅད་མའི་ཚུལ་དུ་ཀུན་གྱིས་མཐོང་བར་མཁའ་སྤྱོད་ལ་གཤེགས་པ་ཡིན་ནོ། །དེས་པཎྜི་ཏ་དཔལ་གྱི་བཟང་པོ། དེས་ཏིང་འཛིན་བཟང་པོ། དེས་ཀྱང་ལྷག་པའི་ལྷ་འོད་དཔག་ཏུ་མེད་པའི་ཐུགས་རྗེའི་སྒྱུ་མ་ཇོ་བོ་རྗེ་ལྷ་གཅིག་ལ་གདམས་ཤིང༌། དེ་ལས་རིམ་པར་བརྒྱུད་དེ། ཆོས་ཀྱི་རྗེ་གཙང་པ་རྒྱ་རས་པ་དཔོན་སློབ་ཀྱིས་ཉམས་སུ་གདར་བྱར་གྱུར་ཏོ། །གཉིས་པ་ལ།


LT26_Page_015B
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ། དངོས་གཞི་གཉིས་ལས། དང་པོ་ནི། དལ་འབྱོར་རྙེད་དཀའ་ཞིང་མྱུར་དུ་འཇིག་པ་དང༌། ལས་དང་འབྲས་བུའི་འབྲེལ་པ་ལ་ཡིད་ཆེས་པས་འཁོར་བས་འཇིགས་ཤིང༌། ཐར་པ་ཆེན་པོ་ཐོབ་པར་འདོད་པའི་དད་པ་ཅན་དག་གིས་བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དང༌། སེམས་ཅན་ཐམས་ཅད་བུ་ཆུང་དུ་མའི་མ་དང་མཚུངས་པར་ལྟ་བས་ཚད་མེད་པའི་མིང་ཐོབ་པ་ལ་བསླབ་པར་བྱའོ། །གཉིས་པ་དངོས་གཞི་ལ། བསྐྱེད་རིམ། རྫོགས་རིམ། ལས་ཁ་ཚར་བ་བསྟན་པ་གསུམ་ལས། དང་པོ་ལ། གཙོ་རྐྱང་དུ་སྒྲུབ་པ་གཙོ་འཁོར་སྦྲགས་ཏེ་སྒྲུབ་པ། སེམས་དཔའ་སུམ་བརྩེགས་སུ་སྒྲུབ་པ། རིགས་དྲུག་གིས་ས་བོན་སྲེག་པ། རིགས་ལྔར་སྒྲུབ་བ། ཞིང་ཁམས་སྦྱང་བ། ཚེ་རུ་སྒྲུབ་པ་དང་བདུན་ལས་དང་པོ་ནི། ཤེས་རབ་ཀྱི་མིག་གིས་གང་ཟག་གི་བདག་མེད་རྙེད་པ་བདག་གི་དེ་ཁོ་ན་ཉིད་དེ། དེ་ལ་གནས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། དེའི་གསལ་སྣང༌། བྷྲཱུྃ་ལས་པོ་ཊ་ལའི་རི་སྤོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་བརླབས་པའི་ནོར་བུ་རིན་པོ་ཆེའི་གཞལ་མེད་ཁང་མཚན་ཉིད་ཚང་ལ་ཡིད་དུ་འོང་བ་ཐམས་ཅད་ཀྱིས་བལྟ་ན་སྡུག་པར་བྱས་པའི་ནང་དུ། པཾ་ལས་པདྨའི་སྡོང་པོ་ཟེའུ་འབྲུའི་ནང་དུ་ཟླ་བ་ཕྱེད་ཙམ་དིམ་པའི་གདན་ལ་ཧྲཱིཿ དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འཕགས་པའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ཁ་བ་གསར་བའི་མདངས་ལྟར་དཀར་


LT26_Page_016A
[མ་དཔེ་གཟིགས་ན་འདིར་གནོན།]

བ། རྩ་བའི་ཕྱག་གཉིས་ཐལ་མོ་སྦྱར་ཞིང༌། འོག་མ་གཉིས་བགྲང་འཕྲེང་དང་ཆུ་སྐྱེས་འཛིན་པ། ཤིན་ཏུ་ཞི་བའི་སྐུ་མཛེས་སྡུག་གི་རི་མོ་རྫོགས་པ། མཚན་དཔེའི་བྱིན་གྱིས་མཚར་ཞིང༌། རིན་པོ་ཆེའི་རྒྱན་དང༌། དར་གྱི་ན་བཟས་ཀླུབས་ནས་ཁ་དོག་ལྔ་བའི་འཇའི་སྣལ་མས་ཁོར་ཡུག་ཏུ་བྱས་པའི་ནང་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་ཆ་སྟོད་དུ་ཧཱུྃ། ཆ་སྨད་དུ་ཟླ་བ་ལ་ཧྲཱིཿ དེ་ལས་འཕྲོས་པའི་འོད་ཟེར་གྱི་ལྕགས་ཀྱུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེའི་སྤྱི་གཟུགས་ཅན་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ། བདག་ཉིད་དང་གཉིས་སུ་མེད་པར་བསྲེས། སླར་ཡང་དེ་བཞིན་གཤེགས་པ་ལྔ་སྤྱན་དྲངས་པ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་བརྩིའི་གང་བས་དབང་བསྐུར་བའི་རྒྱུན་སྤྱི་བོར་ལུད་པ་ལས། རལ་པའི་ཟུར་ཕུད་ཀྱི་དབུས་སུ་རྩ་བའི་བླ་མ་འོད་དཔག་མེད་མཆོག་གི་སྤྲུལ་པའི་སྐུ་ཡི་ཆ་བྱད་ཅན་གྱི་རྒྱས་བཏབ་པ་ལ་སེམས་བཟུང་སྟེ། རེག་པའམ་མཐོང་བ་ཙམ་གྱིས་བར་དུ་བསླབ་པར་བྱའོ། །དེ་ནས་ངལ་ན་ས་བོན་གྱི་མཐར། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་སྔགས་གཡས་བསྐོར་དུ་གསལ་བཏབ་སྟེ་འོད་ཀྱི་སྤྲོ་བསྡུ་ལ་དམིགས་ཏེ་བཟླ་བར་བྱའོ། །དེ་ལས་དུབ་ན་སྣོད་བཅུད་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་འདུ་བ་ལྟར་སྐད་ཅིག་གིས་སྟོང་པ་ཉིད་ལ་བཅུག་སྟེ། དེའི་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་གཏང་བར་བྱའོ། །གཉིས་པ་ནི། གཞན་འདྲ་བ་ལས། པཾ་ལས་རྩ་བ་གཅིག་ལས་སྡོང་པོ་གསུམ་དུ་གྱེས་པའི་པདྨའི་གེ་སར་གྱི་ནང་དུ་ཕྱེད་རྩམ་དིམ་པའི་ཟླ་བ་ལ་དབུས་སུ་ཧྲཱིཿ གཡོན་གཡས་སུ་ཐིག་ལེ་དཀར་སེར་གསལ་བཏབ་ནས། གཙོ་བོ་བསྐྱེད་པའི་བར་སྔར་བཞིན་ལ། གཡོན་གྱི་ཐིག་ལེ་


LT26_Page_016B
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་ཡི་གེ་དྲུག་མ། ལྷའི་བུ་མོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། དཀར་མོ་རྒྱན་དང་ཕྱག་རྒྱ་བཅོམ་ལྡན་འདས་དང་མཚུངས་པ་ལ་ཕྱེད་སྐྱིལ་གྱིས་བཞུགས་པ་གཡས་ཀྱི་ཐིག་ལེ་སྲས་ནོར་བུ་འཛིན་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི། རྩ་བའི་ཕྱག་ཐལ་སྦྱར་དང༌། ནོར་བུ་དང་ཆུ་སྐྱེས་འཛིན་པ། རྒྱན་གྱི་སྤྲས་ཏེ་ཕྱེད་སྐྱིལ་གྱིས་བཞུགས་ཏེ། གཉིས་ཀའང་བཅོམ་ལྡན་འདས་ལ་གུས་པས་མངོན་པར་ཕྱོགས་པའོ། །ལྷ་གསུམ་ཀའི་སྤྱི་བོར་ཨོཾ་ནས་བཟླས་པའི་བར་སྔར་བཞིན། བཟླ་དུས་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་པ། ཡུམ་སྲས་ཀྱི་ཐུགས་ཀ་ནས་སླར་འཁོར་བའི་སྤྲོ་བསྡུ་ལ་དམིགས་པར་བྱའོ། །གསུམ་པ་ནི། ལྷ་གསུམ་བསྐྱེད་པ་ནས་རྒྱས་བཏབ་ཀྱི་བར་སྔར་བཞིན་ལ་གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཁའ་ལ་སྤྱོད་པའི་སྤྱན་རས་གཟིགས། ཕྱག་གཡས་མཆོག་སྦྱིན། གཡོན་ཐུགས་ཀར་ཆུ་སྐྱེས་ཀྱི་སྡོང་བུ་འཛིན་པ། ཤིན་ཏུ་བཞེངས་སྐུ་དྲང་སྲོང་གི་ཆ་བྱད་ཅན་པད་ཟླ་ལ་བཞུགས་པ། དེའི་ཡང་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ། ཟླ་བ་ལ་ཧྲཱིཿཡིག་སྔགས་ཀྱིས་བསྐོར་བ་ལ་གསལ་བཏབ་ནས་ལྷ་གསུམ་ཀའི་ཐུགས་ཀ་ནས་རང་དང་འདྲ་བའི་ལྷ་འོད་ཟེར་གྱི་སྣ་ལ་བཞུགས་པ་སྤྲོས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་བསམ་མོ། །བཞི་པ་ནི། བདག་ཉིད་ཀྱི་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་སུ་དམར་སྐྱ། སྙིང་གར་མིའི་ནྲྀ་སྔོན་པོ། ལྟེ་བར་དུད་འགྲོའི་ཏྲི་སེར་པོ། ཆུ་ལམ་དུ་ཡི་དྭགས་ཀྱི་པྲེ་ལྗང་ཁུ། བཤང་ལམ་དུ་དམྱལ་བའི་དུ་དུད་ཁ་རྣམས་དང༌། མདུན་དུ་བཅོམ་ལྡན་འདས་གཙོ་རྐྱང་སྤྱན་རས་གཟིགས་གཙོ་རྐྱང་བཞིན་བསྐྱེད། བཟླས་པའི་དུས་བཅོམ་ལྡན་


LT26_Page_017A
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་གནས་དྲུག་ཏུ་ཟླ་བའི་དཀྱིལ་འཁོར་ལ། ཨོཾ༴ མ༴ ཎི༴ པད༴ མེ༴ ཧཱུྃ། ཞེས་པའི་ས་བོན་ལ་རིག་པའི་རྒྱལ་པོ་དེ་ཉིད་ཀྱིས་བསྐོར་བ། དཀར་དམར་སྔོ་སེར་ལྗང་མཐིང་ག་གསལ་བཏབ་སྟེ་སྔགས་དྲག་པོའི་བཛབ་ཏུ་བཟླ་དུས། བཤང་བའི་དུ་ལས་འོད་ཟེར་ནག་པོ་འཕྲོས་པས། རང་གཞན་གྱིས་ཐོག་མ་མེད་པ་ནས་བསགས་པའི་དམྱལ་བ་མྱོང་འགྱུར་གྱི་ལས་ངན་བག་ཆགས་དང་བཅས་པ་བསྡུས། དམྱལ་བའི་གནས་གཟུགས་སྡུག་བསྔལ་དང་བཅས་པ་བསྒྱུར་ནས། ཅུང་ཟད་གསལ་བཏབ་པའི་མཐར། མདུན་བསྐྱེད་ཀྱི་ཧཱུྃ་ཡིག་ལས་ཡེ་ཤེས་ཀྱི་མེ་ལྕེ་འཕྲོས། བཤང་བའི་ལམ་དུ་ཞུགས། དམྱལ་བའི་གནས་གཟུགས་སྡུག་བསྔལ་རྣམས་བསྲེགས་ནས། ཧཱུྃ་ཡིག་ནག་པོ་གཅིག་ཏུ་གྱུར། དེ་བཞིན་དུ་གནས་ལྔ་ལའང་རིགས་འགྲེའོ། །མཐར་མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་བདག་ཉིད་ལ་བསྟིམ་མོ། །ལྔ་པ་ནི། རང་གི་བཤང་ལམ་གྱི་ཧཱུྃ་ཡིག་ལས་མེ་འབར། རྣམ་སྨིན་གྱི་ལུས་སྦྱངས་ནས། སྤྱན་རས་གཟིགས་ཀྱི་སྐུར་བྱས་པའི་སྤྱི་བོར་ཨོཾ་ལས་སྐུའི་སྤྱན་རས་གཟིགས་དཀར་པོ། མགྲིན་པར་མ་ལས་གསུང་གི་དམར་པོ། སྙིང་གར་ཎི་ལས་ཐུགས་ཀྱི་སྔོན་པོ། ལྟེ་བར་པད་ལས་ཡོན་ཏན་གྱི་སེར་པོ། གསང་གནས་སུ་མེ་ལས་ཕྲིན་ལས་ཀྱི་སྤྱན་རས་གཟིགས་ལྗང་ཁུ་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་ས་བོན་སྔགས་ཕྲེང་དང་བཅས་པ་རང་གི་ཁ་དོག་དང་མཐུན་པར་གསལ་བཏབ། སྔགས་བཟླ་བའི་དུས། སྤྱི་བོ་ལས་འོད་ཟེར་དཀར་པོ་འཕྲོས། བདག་གི་ལུས་ཐམས་ཅད་གང༌། བ་སྤུའི་བུ་ག་རྣམས་ནས་ཕྱིར་སོང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བདག་གཞན་ཐམས་ཅད་ཀྱི་ཉོན་མོངས་པ་གཏི་མུག་དང་དེའི་


LT26_Page_017B
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་བསགས་པའི་ལས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། སྤྱན་རས་གཟིགས་ཀྱི་སྐུའི་དངོས་གྲུབ་ཐོབ་པར་བསམས་ལ་བཟླའོ། །དེ་བཞིན་དུ་མགྲིན་པར་འདོད་ཆགས་གསུང་གི༴ སྙིང་གར་ཞེ་སྡང་༴ ཐུགས་ཀྱི༴ ལྟེ་བར་ང་རྒྱལ༴ ཡོན་ཏན༴ གསང་གནས་སུ་ཕྲག་དོག༴ ཕྲིན་ལས༴ དྲུག་པ་ནི། སེམས་གཡོ་བ་མེད་པའི་རྒྱུན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ཅིང༌། དེ་ལས་མི་གནས་པར་འཕྲོ་ན། འཕྲོ་མཁན་གྱི་ཤེས་པ་ལ་སོ་སོར་བརྟགས་ཏེ་ཕྱིན་ཅི་ལོག་ལས་ཕྱུང་ནས་ཡང་དག་པའི་ངང་དུ་བཞག་གོ །འདི་ནི་ངོ་བོའི་སྒོ་ནས་ཞིང་ཆོས་སྐུར་སྦྱར་བ་ཞེས་བྱའོ། །དེ་ལས་ལངས་པའི་རྗེས་ཐོག་ཏུ་གང་ཤར་གྱི་སྣང་བ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུར་རྟོགས་པས་ལྷག་པར་མོས་པར་བྱེད་པ་སྣང་ཚད་སྐུའི་འཁྱེར་སོ་ཞེས་བྱའོ། །སྒྲ་ལྷང་ལྷང་གྲགས་པ་ཐམས་ཅད་ཡི་གེ་དྲུག་པར་རྟོགས་པས་ལྷག་པར་མོས་པར་བྱེད་པ་གྲགས་ཚད་གསུང་གི་འཁྱེར་སོ་ཞེས་བྱའོ། །ཡིད་ཀྱི་རབ་ཏུ་གཡོ་བ་ཐམས་ཅད་སྒྱུ་མ་ཙམ་དུ་རྟོགས་པས་ལྷག་པར་མོས་པ་འཆར་ཚད་ཐུགས་ཆོས་ཉིད་ཀྱི་འཁྱེར་སོ་ཞེས་བྱའོ། །འདི་ནི་རྣམ་པའི་སྒོ་ནས་ཞིང་ལོངས་སྐུར་སྒྱུར་བ་ཞེས་བྱའོ། །ཐོ་རངས་ཀྱི་ཚེ། བདག་ཉིད་འཕགས་པའི་སྐུར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་ཤི་གསོས་ཀྱི་བདུད་རྩི་ལྟ་བུ་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ། མྱ་ངན་དང་ཡིད་མི་བདེ་བ་ཐམས་ཅད་དག་པ་དང༌། སྔ་དྲོ་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས། སྣང་མི་སྣང་བའི་རྒྱུ་མི་རྒྱུའི་འགྲོ་བ་ཐམས་ཅད་རང་དབང་དང་བྲལ་བར་བདག་གི་དབང་དུ་གྱུར་པ་དང༌། དགོང་མོ་སྔགས་འཕྲེང་སྔོན་པོ་ལས་འོད་ཟེར་འཕྲོས་པས། བདག་གཞན་ཐམས་ཅད་


LT26_Page_018A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདོད་ཆགས་ཞེ་སྡང་གཏི་མུག་གི་དགྲ་བོ་སྟོང་པ་ཉིད་ཀྱི་འབྲུག་ཁུང་དུ་བཀུག །འདོད་ཆགས་མི་སྡུག་པ་དང༌། ཞེ་སྡང་བྱམས་པ་དང༌། གཏི་མུག་སོ་སོར་རྟོགས་པའི་མཚོན་ཆས་བསད། སོ་སོ་རང་རིག་པའི་ཕོ་ཉས་ཟོས་པས་ཚིམ་པར་བསམ་པ་དང༌། སྲོད་ལ་འོད་ཟེར་སེར་པོ་འཕྲོས་པས། བདག་གཞན་གྱི་བསོད་ནམས་དང་འབྱོར་བ་ཕུན་སུམ་ཚོགས་པ་རྒྱས་པར་བསམ། བདག་སངས་རྒྱས་པའི་ཞིང་དུ་སེམས་ཅན་ཐམས་ཅད་ཞི་རྒྱས་དབང་དྲག་བཞི་ལ་དབང་འབྱོར་པ་ཤ་སྟག་འབྱུང་བར་གྱུར་ཅིག་ཅེས་བསྔོ་བ་ཞིང་སྤྲུལ་སྐུར་སྦྱང་བའོ། །བདུན་པ་ནི། སྤྱི་བོའི་བླ་མ་འོད་དཔག་མེད་པའི་ཕྱག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་རླབས་པའི་འཆི་བ་མེད་པའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ་ལ་དམིགས་ནས། སྔགས་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས། བདུད་རྩི་ཆིལ་ཆིལ་ལུད་པ་བདག་སྤྱན་རས་གཟིགས་སུ་གསལ་བའི་སྤྱི་བོ་ནས་བཞུགས་པས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ནད་ཐམས་ཅད་དུད་ཁུའི་རྣམ་པ་དང༌། གདོན་བགེགས་འཆི་བདག་ལ་སོགས་པའི་བདུད་བཞི་མི་སྡུག་པའི་གཟུགས་སུ་རྐང་པའི་མཐེ་བོང་ནས་དོན་པས། ལུས་དྲི་མ་མེད་པར་གྱུར་པ་འཆི་མེད་ཀྱི་བདུད་རྩིས་གང་བས། གསེར་འགྱུར་གྱི་རྩིས་ལྕགས་བསྲེགས་པ་ལ་རེག་པ་བཞིན། ལུས་ངག་ཡིད་གསུམ་འཆི་བ་མེད་པ་སྐུ་གསུང་ཐུགས་རྡོ་རྗེར་གྱུར་པར་བསམ་མོ། །གཉིས་པ་རྫོགས་རིམ་ལ། ཞི་གནས་དང༌། ལྷག་མཐོང་གཉིས་ལས། དང་པོ་ནི། ཀླུའི་དབང་པོ་གཉིད་ཀྱིས་ལོག་པ་ལྟ་བུར་ལུས་དྲང་པོར་བསྲང༌། མིག་གཉའ་ཤིང་གང་ཙམ་གྱི་ཐད་དུ་གཡོ་བ་མེད་པར་གཏད། དེ་ནས་སེམས་དང་པོར་ནང་ཉིད་ལ་བསྒྲིམས་ནས། དམིགས་པ་


LT26_Page_018B
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་སེམས་གཏང་ན་གནས་པ་སྐྱེ་བར་འགྱུར་བ་དེ་བསྒོམ་སྟེ། ཀླུའི་བྱང་ཆུབ་ལ་མགོ་ལ་མ་ཧེའི་ར་སྐྱེས་པ་སྒོམ་དུ་བཅུག་པས་སེམས་ཟིན་པ་བཞིན་ནོ། །གལ་ཏེ་མི་གནས་པར་འཕྲོ་ན། ཐོལ་སྐྱེས་རྦད་གཅོད་ཀྱིས་འགྱུ་པའི་འཕྲང་དགག་པར་བྱའོ། །གཞན་དུ་དྲན་པའི་སོ་བ་བཀོད་ནས་དམིགས་པའི་རྒྱུན་ལ་བརྟགས་པས། ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པར་འགྲུབ་སྟེ་ཞི་གནས་ཞེས་བྱའོ། །དེའི་ངང་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྒྲུབ་པར་བྱའོ། །གཉིས་པ་དཔྱོད་པ་ལ། སྤྱོད་ལམ་ལ་རྣམ་པར་དཔྱོད་པ་དང༌། དམིགས་པ་རྣམ་པར་སྤྱོད་པ་དང༌། ཉོན་མོངས་པ་རྣམ་པར་སྤྱོད་པའི་ཚུལ་གསུམ་ལས། དང་པོ་ནི། འགྲོ་བ་དང༌། འཆགས་པ་དང༌། ཉལ་བ་དང༌། འདུག་པའི་གནས་སྐབས་ཐམས་ཅད་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་མ་ཡེངས་པར་ཡོངས་སུ་དཔྱོད་པར་བྱེད་པའོ། །གཉིས་པ་ནི། ཚོགས་དྲུག་གི་སྣང་བ་དགག་སྒྲུབ་ཀྱི་བཟོ་བཅོས་མི་བྱ་བར་ལྷུག་པར་འཇོག་པ་སྟེ། དེས་མི་འཆིང་ཞིང་གྲོལ་བར་འགྱུར་བ་སྒྱུ་མ་མཁན་ལ་སྒྱུ་མ་བཞིན་ནོ། །གསུམ་པ་ནི། ཉོན་མོངས་པ་དུག་གསུམ་མམ་ལྔ་ལ་སོགས་པ་གང་ཤར་ཡང་དེ་ཉིད་དངོས་བཟུང་ནས། དེའི་རང་ངོ་ལ་སོ་སོར་རང་གི་རིག་པས་བརྟགས་ནས། ཆེད་དུ་སྤང་མ་དགོས་པར་རང་ཞིར་འགྱུར་ཏེ། ཚུལ་འདིས་ཉོན་མོངས་པ་ཐམས་ཅད་བྱང་ཆུབ་ཐོབ་པའི་ཐབས་ཀྱི་མཆོག་ཏུ་འགྱུར་རོ། །གསུམ་པ་ལས་ཁ་ཚར་བསྟན་པ་ལ། ཐོག་མར་ལྡང་བའི་ཚེ་རང་ཉིད་འཕགས་པ་སྤྱན་རས་གཟིགས་དང༌། གོས་དང་རྒྱན་ཐམས་ཅད་ན་བཟའ་དང་རྒྱན་དུ་ཤེས་པས་བགོ་ཞིང༌། བྱ་སྤྱོད་ཐམས་ཅད་གཞན་དོན་གྱི་བསམ་པས་སྤྱོད་པའོ། །ཆུ་སྦྱིན་ནི། ལག་པ་གཙང་མར་བཀྲུས་


LT26_Page_019A
[མ་དཔེ་གཟིགས་ན་འདིར་གནོན།]

རྩམ་པའི་དྲིས་མ་རེག་པར་བྱས་ལ། མ་ཎི་ངག་ཏུ་བརྗོད་ཅིང་ཆུ་སྦྱིན་པ་དང༌། ཡིད་ཀྱི་དམིགས་པ་རང་ཉིད་འཕགས་པ་སྤྱན་རས་གཟིགས་སུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡི་དྭགས་ཀྱི་ཚོགས་མདུན་དུ་བཀུག །ཕྱག་མཐིལ་ནས་བདུད་རྩི་འོ་མ་ལྟ་བུའི་རྒྱུན་བྱིན་པས་ངོམས་ཤིང་ཚིམས་པས་སྡུག་བསྔལ་དང༌། མྱ་ངན་དང༌། ཡིད་མི་བདེ་བ་ལས་ཐར་པར་བསམས་ལ་མཐར་རང་གནས་སུ་སོང་བར་བལྟའོ། །སཱཙྪ་གདབ་པ་ནི། ས་རྐོ་བ། འབི་འབི་རིན་པོ་ཆེ་ལྔའི་རང་བཞིན་དུ་བྱིན་གྱིས་རླབས་པ། འདེབས་པ། ཡེ་ཤེས་པ་བསྟིམ་པ། རབ་གནས་ཐམས་ཅད་ཡི་གེ་དྲུག་པའི་རིག་སྔགས་ཀྱིས་འགྲུབ་བོ། །ཟས་ཀྱི་རྣལ་འབྱོར་ནི། རང་ཉིད་ལྷར་གསལ་བའི་གནས་ལྔར་རིགས་ལྔ་གསལ་བཏབ། སྤྱི་བོའི་བླ་མ་དང་བཅས་པས་བཟའ་བཏུང་འཆི་མེད་ཀྱི་བདུད་རྩིར་གྱུར་པ་ལོངས་སྤྱོད་པས་ཚིམ་པར་བསམ་པས་སོ། །ནམ་གུང་ཤེས་བྱ་བུམ་པར་བཅུག་པའི་རྣལ་འབྱོར་ནི། རང་ཉིད་འཕགས་པར་གསལ་བཏབ་པའི་སྙིང་གར་ཡེ་ཤེས་སེམས་དཔའ། དེའི་འོད་ཀྱིས་སྣང་བ་ཐམས་ཅད་སྒྲིབ་བྲལ་དུ་སྦྱང་བར་བྱ་སྟེ། སེམས་མ་ཡེངས་པའི་དྲན་པ་ལ་བཅིངས་པ་ཉིད་ཀྱིས་སོ། །འདའ་ཁ་མ་འཕོ་བའི་རྣལ་འབྱོར་ནི། རང་སྤྱན་རས་གཟིགས་དང༌། སྤྱི་བོར་བླ་མ་འོད་དཔག་མེད་གསལ་བཏབ་པའི་སྐུ་ལུས་ཀྱི་དབུས་སུ་ཡེ་ཤེས་ཀྱི་དབུ་མ། རང་གི་ལྟེ་བའི་ཐད་དུ་རྣམ་པར་ཤེས་པ་ཐིག་ལེ་ཙ་ན་ཀའི་ཚད་ཙམ་དུ་ཕྲ་བ་བལྟས་ཏེ། རླུང་བཟུང༌། མཐར་འོག་གི་རླུང་དྲག་ཏུ་བསྐུལ་བས་སྣའི་སྒོར་ཤུགས་དང་བཅས་ཏེ་འབྱིན་པ་བསྟུན། ཡིད་ཀྱི་ཐིག་ལེ་དབུ་མའི་ནང་ནས་བླ་མའི་ཐུགས་ཀར་རྩལ་པོ་ཆེས་འདའ་འཕངས་བ་བཞིན་སོང་བར་བསམས་ཏེ། མཐར་


LT26_Page_019B
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་མེད་པ་ལ་ཡུད་ཙམ་གཞག་ཅིང༌། དེའི་ཚེ་རླུང་ནང་དུ་མི་རྔུབས་པའོ། །ཐམས་ཅད་ཀྱི་མཐར་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱང་ཆུབ་ཆེན་པོར་བསྔོ་བ་ནི། བསྔོ་བ་སྨོན་ལམ་གྱི་རྣལ་འབྱོར་རོ། །དེ་ལྟར་ཐུགས་རྗེ་ཆེན་པོའི་སྨར་ཁྲིད་ཤིན་ཏུ་ཉུང་ངུར་བསྡུས་པའི་ཡི་གེ་འདིའང༌། འཕྱོངས་རྒྱས་ནས་སྡེ་བ་ཧོར་ཕྲུག་མགོན་པོ་ཚེ་འཕེལ་གྱིས་བསྐུལ་བའི་ངོར། དགེ་སློང་པདྨ་དཀར་པོས། དགེ་བའི་བཤེས་གཉེན་མང་པོས་བྱིན་གྱིས་བརླབས་པའི་ཐང་པོ་ཆེའི་ཆོས་སྐྱོང་བའི་ཕོ་བྲང་ཐོབ་རྒྱལ་ལྷ་རྩེར་སྦྱར་བའོ།། །།

གདམས་ངག་མཛོད་པོད་བཅུ་བདུན་པ།
ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་བརྒྱུད་འདེབས།


LT26_Page_020A
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ།།


LT26_Page_020B
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གཟིགས་ཟླ་རྒྱལ་སྐྱི་ཚ་དབུ་དཀར་བ། །མྱ་ངན་མེད་དཔལ་རིན་འོད་འབྲུག་སྒྲ་གནུར། །རྒྱལ་སྲས་རྒྱ་མ་པ་དང་ལོ་ཙཱ་བ། །རྒྱལ་གྲགས་བྱང་སེམས་དཀོན་རྒྱལ་སྦས་པའི་རྗེ། །འཇམ་མགོན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །ཀུན་སྙིང་ཕྲིན་ལས་རིན་ཆེན་རྒྱ་མཚོ་དཔལ། །མཐའ་ཡས་ཀུན་བཟང་ཚེ་དབང་ནོར་བུའི་སྡེ། །ངག་དབང་རྣམ་རྒྱལ་ཀུན་བཟང་མཐུ་སྟོབས་ཞབས། །ཉི་མ་ཆོས་འཕེལ་བློ་གསལ་བསྟན་སྐྱོང་དང༌། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །མཆོག་གསུམ་སྐྱབས་མཆི་བྱང་ཆུབ་སེམས་གཉིས་བསྐྱེད། །ཅིར་སྣང་ལྷ་དང་སྟོང་ཉིད་སྙིང་རྗེའི་ངང༌། །མཉམ་རྗེས་ཀུན་ཏུ་ལམ་ཁྱེར་རྣལ་འབྱོར་གྱིས། །འཕགས་མཆོག་གོ་འཕང་ཐོབ་བར་བྱིན་གྱི་རློབས། ཞེས་པའང་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷི་ར་སྟུ།། ༈ ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཟླ་རྒྱལ་ལུགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་ཟུང་འཇུག་གསང་ལམ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། །སྙིང་རྗེའི་དབང་ཕྱུག་འཇིག་རྟེན་མགོན། །མི་བྱེད་གུས་པས་མཆོད་བྱས་ནས། །འཕགས་མཆོག་ཟླ་བ་རྒྱལ་མཚན་གྱི། །ཐུགས་བཅུད་ཟབ་དོན་སྙིང་པོ་འདྲི། འདི་ལ་གཉིས། མཉམ་བཞག་གི་རྣལ་འབྱོར་དང༌། རྗེས་ཐོབ་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། སྐྱབས་ཡུལ་གསལ་བཏབ་ལ། སངས་རྒྱས་ཆོས་དང་སོགས། སྐྱབས་སེམས་ཅི་ནུས་རྒྱུད་དང་འདྲེས་ངེས་བྱ། །སྤྲོ་ན་ཡན་ལག་བདུན་གྱི་སྒོ་ནས་ཚོགས་བསགས་པ་དང༌། ཚད་མེད་བཞི་བསྒོམ། གཉིས་པ་ལ་གཉིས། བསྐྱེད་རིམ་དང་རྫོགས་རིམ་མོ། །དང་པོ་ནི། ཨོཾ་སྭ་བྷཱ་ཝ་སོགས། །སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་དུ་རང་སེམས་ཧྲཱི་དཀར་པོ་ལས་པདྨ་འདབ་བརྒྱད་གསེར་བཙོ་མ་ལྟར་འབར་བ། ཟེའུ་འབྲུར་ཧྲཱིཿཡིག་གིས་མཚན་པ། དེ་ཡོངས་སུ་གྱུར་བ་ལས། རང་ཉིད་


LT26_Page_021A
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། ཕྱག་གཡས་འོག་མས་མུ་ཏིག་དཀར་པོའི་ཕྲེང་བ་དང༌། གཡོན་འོག་མས་གསེར་གྱི་པདྨ་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་རི་དྭགས་ཀྲིཥྞ་སྭ་རའི་པགས་པས་ནུ་མ་གཡོན་པ་བཀབ་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་རི་བོ་པོ་ཏཱ་ལ་ནས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་དབང་ལྷ་རིགས་ལྔ་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་རང་ལ་ཐིམ་རིགས་ལྔས་དབང་བསྐུར་བས། དབང་རྟགས་སུ་བླ་མ་འོད་དཔག་མེད་པས་དབུ་བརྒྱན། ཅེས་ཡན་ལག་བཞི་རྫོགས་ཀྱི་ཚུལ་གྱིས་ལྷའི་སྐུ་སྣང་སྟོང་འཇའ་ཚོན་ལྟ་བུར་ཤར་བའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་བཟུང་མཐར་བཟླས་པ་བྱ་བ་ནི། རང་གི་སྙིང་གར་པདྨ་དང་ཟླ་བའི་གདན་གྱི་དབུས་སུ་ཧྲིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། ཅེས་གསལ་བཏབ་ལ་སྔགས་ཕྲེང་ལ་ཡིད་གཏད་དེ་ཀློད་པའི་ཚུལ་གྱིས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བཟླ། སྐབས་སུ། སྙིང་གའི་སྔགས་ཕྲེང་ལས་ཐུགས་རྗེ་ཆེན་པོའི་སྐུ་དང་འོད་ཟེར་དཀར་པོའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཐུགས་རྗེ་ཆེན་པོའི་གོ་འཕང་ལ་བཀོད། ཚུར་འདུས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་རླབས་པར་བསམས་ལ་བཟླས་པའང་བྱའོ། །གཉིས་པ་ནི། དེའི་ངང་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་གཟོད་མ་ནས་ཞི་བའི་ཡེ་ཤེས་བློ་འདས་གཉུག་མའི་དབྱིངས་སུ་དེར་འཛིན་མི་བྱ་བར་རང་བབས་ལྷོད་ཀྱིས་གློད་དེ་མཉམ་པར་བཞག །གལ་ཏེ་རྣམ་རྟོག་ཞིག་ཐོལ་གྱིས་སྐྱེས་ན། ཐ་མལ་འཁྲུལ་བའི་དབང་དུ་མི་བཏང་བར་སེམས་ཀྱིས་ཤིས་རིག་སྟོང་ཟུང་འཇུག་གི་ངང་ལས་མ་གཡོས་བཞིན་དུ། གདངས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རྩལ་སྦྱང༌། གསུམ་པ་ནི། ཐུན་ལས་ལྡང་བ་ན། དགེ་བ་འདི་ཡིས་སོགས་བསྔོ་བ་དང་སྨོན་ལམ་ཟུང་དུ་འབྲེལ་བས་མཚམས་སྦྱར་ཏེ། གཉིས་པ་རྗེས་ཐོབ་ཀྱི་


LT26_Page_021B
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་ནི། ཟས་ཟ་བ་གོས་གྱོན་པ། སྟན་ལ་འདུག་པ་སོགས་ཀྱི་སྐབས་ཐམས་ཅད་ལྷའི་ང་རྒྱལ་དང་མ་བྲལ་བའི་ངང་ནས་འདོད་ཡོན་ལ་ཞེན་པ་མེད་པར་ལོངས་སྤྱོད། ཉལ་བའི་ཚེ་སྙིང་གའི་ཧྲཱིཿལ་སེམས་རྩེ་གཅིག་ཏུ་གཏད། ལྡང་བ་ན་ལྷའི་སྐུར་གསལ་བཞིན་བའི་ངང་ནས་ལྡང་སྟེ་རྣལ་འབྱོར་ལ་འཇུག །འཕོ་བའི་རྣལ་འབྱོར་ནི། རང་གི་རླུང་སེམས་གཉིས་མེད་ཀྱི་ངོ་བོ་སྙིང་གའི་ཧྲཱིཿཡིག་དབུ་མའི་ལས་བརྒྱུད། སྐར་མདའ་འཕངས་པ་བཞིན་སྤྱི་བོའི་བླ་མ་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་བླ་མ་བདེ་བ་ཅན་དུ་གཤེགས་པར་བསམ་ལ་དབྱིངས་རིག་བསྲེ། བར་དོ་ད་ལྟ་ནས་ངེས་ཐོབ་ཀྱི་སྣང་བ་སྤྱི་དང་བྱེ་བྲག་ཐམས་ཅད་བར་དོར་དྲན་པས་ཁ་བསྒྱུར་ཏེ། སྣང་གྲགས་རྟོག་གསུམ་འཕགས་པའི་གསང་བ་གསུམ་དུ་ཤེས་པར་བྱས་ཏེ་ལམ་དུ་འཁྱེར་བ་ལ་བསླབ་པར་བྱའོ། །འཇམ་པའི་དབྱངས་སོགས་འཕགས་རྣམས་ཀྱིས། །གང་གི་མཁྱེན་བརྩེར་རབ་བསྔགས་པ། །འཇིག་རྟེན་མགོན་པོ་དགྱེས་པའི་ལམ། །ཟླ་བའི་བཞེད་གཞུང་སྙིང་པོའོ། །ཐུགས་རྗེ་ཆེན་པོའི་དམར་ཁྲིད་སྤྱན་རས་གཟིགས་དངོས་བྱང་ཆུབ་སེམས་དཔའ་ཟླ་བ་རྒྱལ་མཚན་གྱི་ལུགས་སྲོལ་གྱི་ཉམས་ལེན་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ།། །།

གདམས་ངག་མཛོད་པོད་བཅུ་བདུན་པ།
ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་བརྒྱུད་འདེབས།


LT26_Page_022A
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་བརྒྱུད་འདེབས་བཞུགས་སོ།། །།


LT26_Page_022B
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་གངས་ཅན་ལྷ་གཅིག་སྲོང་བཙན་དང༌། །རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་སྙིང་པོའི་དོན་རྟོགས་ཤོག །ཟབ་གཏེར་སྒོ་འབྱེད་གྲུབ་ཐོབ་དངོས་གྲུབ་དང༌། །གཏེར་ཆེན་མྱང་རལ་ཉི་མ་འོད་ཟེར་ཞབས། །མི་བསྐྱོད་རྡོ་རྗེ་ལྕེ་བཙུན་ཤཱཀ་བཟང་ལ། །གསོལ་བ༴ ལྷ་རྗེ་དགེ་འབུམ་ལྕམ་མོ་ཡེ་ཤེས་མཆོག །གྲུབ་ཐོབ་ཆུ་སྒོམ་མཐའ་བཞི་བྱ་བྲལ་བ། །འཇམ་དབྱངས་ཚུལ་ཆེན་བཀྲ་ཤིས་རྒྱལ་མཚན་ལ། །གསོལ་བ༴ དྲིན་ཅན་སྐུ་འབུམ་པ་དང་ནོར་བཟང་མཚན། །བཟང་པོ་རྒྱལ་མཚན་དཔལ་ལྡན་སངས་རྒྱས་དང༌། །ངག་དབང་གྲགས་པ་ཤེས་རབ་དཔལ་འབྱོར་ལ། །གསོལ་བ༴ ཀུན་དགའ་གྲོལ་མཆོག་སྣ་ཚོགས་རང་གྲོལ་ཞབས། །བསྟན་འཛིན་གྲགས་པ་མདོ་སྔགས་བསྟན་འཛིན་བཟང༌། །དམ་ཆོས་བཟང་པོ་ཕྲིན་ལས་ལྷུན་གྲུབ་ལ། །གསོལ་བ༴ ཁ་སྐོང་ནི། གཏེར་བདག་གླིང་པ་དྷརྨཱ་ཤྲཱི་དང༌། །


LT26_Page_023A
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་རྣམ་རྒྱལ་འགྱུར་མེད་དོན་ལྡན་ཞབས། །ཕྲིན་ལས་རྣམ་རྒྱལ་ཆོས་ཀྱི་སྒྲོན་མ་ལ། །གསོལ་བ༴ ཞེས་སོ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང༌། །དངོས་གྲུབ་མཆོག་སྩོལ་འཕགས་མཆོག་སྤྱན་རས་གཟིགས། །ཆོས་བདག་ཡེ་ཤེས་མཁའ་འགྲོའི་ཚོགས་བཅས་ལ། །གསོལ་བ༴ སྔོན་འགྲོས་རྒྱུད་འབྱོངས་དབང་བཞིས་ལེགས་སྨིན་ནས། །སྣང་གྲགས་འགྱུ་བ་ལྷ་སྔགས་འོད་གསལ་གྱིས། །རྒྱས་བཏབ་ཟབ་ལམ་གནད་ཀྱིས་སྒོ་གསུམ་དྲི། །ཡོངས་བྱང་སྐུ་གསུམ་སྙིང་པོའི་དོན་རྟོགས་ཤོག །ཅེས་ཐུགས་རྗེ་ཆེན་པོ་རྒྱལ་པོའི་ལུགས་འགྲོ་འདུལ་གྱི་དབང་དང་སྐུ་གསུམ་སྙིང་པོའི་དོན་ཁྲིད་དང་བཅས་པའི་བརྒྱུད་འདེབས་འདི་ནི་སྒྲུབ་ཆེན་ཆོས་མཛོད་ཀྱིས་གསུང་ངོར་དྷརྨ་ཤྲཱིས་སོ། སླར་ཡང་བརྒྱུད་པའི་ཞལ་སྐོང་ཤོ་ལོ་ཀ་གཅིག་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ།། ༈ །ཐུགས་རྗེ་ཆེན་པོའི་དམར་ཁྲིད་རྒྱལ་པོ་ལུགས་ཀྱི་ཉམས་ལེན་སྙིང་པོར་དྲིལ་བ་འཕགས་པ་དགྱེས་པའི་ལམ་སྲོལ་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷི། སྲས་བཅས་རྒྱལ་བའི་ཐུགས་རྗེའི་དངོས། སྤྱན་རས་གཟིགས་དབང་ལ་བཏུད་ནས། གང་དེའི་རྣལ་འབྱོར་


LT26_Page_023B
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོའི་ཕུལ། འཕགས་པ་དགྱེས་པའི་ལམ་སྲོལ་འབྲི། འདི་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཐུན་མོང་དང༌། ཁྱད་པར་རོ། །དང་པོ་ནི། གནས་དབེན་པར་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འདུག་སྟེ། བདག་གིས་ད་རེས་རྙེད་དཀའ་ལ་ཕན་འདོགས་ཆེ་བའི་དལ་འབྱོར་གྱི་རྟེན་བཟང་པོ་འདི་ལྟ་བུ་ཐོབ་པའི་སྐབས་སུ་སྙིང་པོ་ལེན་པའི་ཕྱིར་དམ་པའི་ཆོས་རྣམ་པར་དག་པ་ཞིག་ལ་འབད་དགོས། དེ་ཡང་ད་ལྟ་རང་མ་འབད་ན། དོ་ནུབ་ཙམ་དུའང་མི་འཆི་བའི་གདིང་མེད། ཤི་བའི་འོག་ཏུ་ལས་ཀྱི་གཞན་དབང་འབའ་ཞིག་གི་རྗེས་སུ་འབྲང་སྟེ། འཁོར་བའི་གནས་རིགས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ལས་མ་འདས་པས། སྡུག་བསྔལ་ཅན་གྱི་འཁོར་བ་དེ་ལས་རང་གཞན་སེམས་ཅན་ཐམས་ཅད་ཅི་ནས་ཀྱང་ཐར་བ་ཞིག་བྱ། དེའི་ཆེད་དུ་ལམ་ཟབ་མོ་ལ་འཇུག་པར་བགྱིའོ་སྙམ་པའི་བློས། གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལའང་གཉིས། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པའོ། །དང་པོ་ནི། མདུན་གྱི་ནམ་མཁའ་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་ནང་དུ་ཁྲི་སྟན་གྱི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་རྩ་བའི་བླ་མ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣམ་པ་ལ་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ཏེ། བླ་མ་བདེ་གཤེགས་འདུས་པའི་སྐུ༔ །དཀོན་མཆོག་གསུམ་གྱི་རང་བཞིན་ལ། བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ །བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ །ཞེས་ཅི་ནུས་བརྗོད། གཉིས་པ་ནི། སེམས་ཅན་ཐམས་ཅད་ལ་བྱམས་པ་དང༌། སྙིང་རྗེའི་བློས་སྨོན་འཇུག་གི་སེམས་བསྐྱེད་པའི་དོན་ཡིད་ལ་དྲན་བཞིན་དུ། །སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ །བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ །གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ །འགྲོ་བ་བསྒྲལ་བར་དམ་བཅའོ༔ །ཞེས་པས་སེམས་བསྐྱེད་དེ་ནས་སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་ཐམས་ཅད་དག་པའི་ཞིང་དུ་སོང༌། མཐར་སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་བསམ་མོ། །གཉིས་པ་


LT26_Page_024A
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་ལ་གསུམ། སྐུ་བསྐྱེད་རིམ། གསུང་བཟླས་པ། ཐུགས་འོད་གསལ་གྱི་རྣལ་འབྱོར་རོ། །དེ་རེ་རེ་ལའང་སྔོན་འགྲོ་ཐུན་མོང་མ་ཡིན་པ་དང༌། དངོས་གཞི་སོ་སོའི་རྣལ་འབྱོར། མཐའ་འཕོ་བའི་རྣལ་འབྱོར་བཅས་ཀྱི་སྒོ་ནས་སྟོན་པ་ལས། སྔོན་འགྲོ་ཐུན་མོང་མ་ཡིན་པ་ནི་སྒོ་གསུམ་གྱི་མི་དགེ་བ་བཅུ་སྤངས་ཤིང༌། དེའི་གཉེན་པོར་དགེ་བ་བཅུ་ཅི་ནུས་བསྒྲུབས་པ་སྟེ། ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་གངས་ཅན་པ་རྣམས་དགེ་བ་བཅུའི་ཁྲིམས་ལ་བཀོད་པ་དང་རྗེས་སུ་མཐུན་པ་ཡིན་ལ། འཕོ་བའི་རྣལ་འབྱོར་ནི་འོག་ཏུ་བསྡོམས་ཏེ་བརྗོད་པ་ལས་ཤེས་པར་འགྱུར་བའི་ཕྱིར། འདིར་དངོས་གཞིའི་རྣལ་འབྱོར་རྣམས་སྟན་ཐོག་གཅིག་ཏུ་སྦྲེལ་ཏེ་བསྒོམ་པའི་ཚུལ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾཿ སྟོང་པའི་ངང་ལས་པྂ་ལས་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་དབུས་སུ་ལྟེ་བར་ཨཿལས་ཟླ་བ་དང༌། མ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རང་སེམས་ཧྲཱིཿདཀར་པོ་ལས་པདྨ་དཀར་པོ་ཧྲཱིཿས་མཚན་པ། །དེ་ཡོངས་སུ་གྱུར་བ་ལས་རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་འཚེར་བ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། །ཞལ་འཛུམ་པའི་མདངས་དང་ལྡན་པ། རྩ་བའི་ཕྱག་གཉིས་ཐལ་མོ་སྦྱར་ཞིང༌། །ལྷག་མ་གཉིས་བགྲང་ཕྲེང་དང༌། །པདྨ་དཀར་པོའི་སྡོང་བུ་འཛིན་པ། །ཞབས་མཉམ་པའི་སྐྱིལ་ཀྲུང་དུ་བཞུགས་ཤིང༌། །སྣང་ལ་རང་བཞིན་མེད་པའི་སྐུར་གྱུར་བར་བསམ། འདི་ནི་ཆོས་ཀྱི་རྒྱལ་པོའི་རྡོ་རྗེའི་གསུང་ཡི་གེ་དྲུག་པའི་སྒྲུབ་ཐབས་ཇི་ལྟ་བ་བཞིན་བཀོད་པ་ཡིན་ལ། ཁྲིད་ཡིག་ཕྱི་མའི་དགོངས་པ་ལྟར། སྐད་ཅིག་དྲན་རྫོགས་སུ་བསྐྱེད་པར་གསུངས་པ་ལྟར་བསྒོམ་ཡང་རུང་ངོ༌། །དེ་ནས་སྤྲོ་ན། རང་གི་སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བཞི་པའི་ལྟེ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་འདབ་མ་བཞི་པའི་ལྟེ་བར་ཨཱཿདམར་པོ། སྙིང་གར་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་ཧཱུྃ་སྔོན་


LT26_Page_024B
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་ལ་ཡི་གེ་དྲུག་པའི་སྔགས་ཀྱི་ཕྲེང་བས་བསྐོར་བ། དེ་ལས་འོད་ཟེར་འཕྲོས་པས་རང་འདྲ་བའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿས་སྤྱན་དྲང༌། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་མཆོག་གི་གཏེར་གྱུར་པ། །སྤྱན་རས་གཟིགས་ཤེས་མཚན་གསོལ་བའི། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །ཞེས་པས་ཕྱག་བྱ། ཨོཾ་མ་ཎི་པདྨེ་ཧཱུྃཿ ཞེས་པས་མཆོད་པའི་སྤྲིན་ཕུང་ནམ་མཁའ་གང་བར་སྤྲོས་ལ། བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿརང་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ལྔའི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་བུམ་པའི་བདུད་རྩིས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་པ་ལས་འོད་དཔག་མེད་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་བསམ། མི་སྤྲོ་ན་ཁྲིད་ཡིག་རྩ་བའི་དགོངས་པ་ལྟར། བདག་ཉིད་དམ་ཚིག་པར་གསལ་བ་ཉིད། དམ་ཡེ་གདོད་ནས་དབྱེར་མེད་དུ་ཤེས་པས་སེམས་བཟུང་ཡང་རུང་ངོ༌། །གང་ལྟར་ཡང་ལྷ་སྐུ་སྣང་ལ་རང་བཞིན་མ་གྲུབ་བར་འཇའ་ཚོན་ལྟ་བུ་ཡིད་ལ་རྩེ་གཅིག་ཏུ་གཏད་དེ་གསལ་སྣང་མ་སྐྱེས་པར་བསྒོམ་པ་ནི་སྐུ་བསྐྱེད་རིམ་གྱི་རྣལ་འབྱོར་རོ། །དེ་ནས་སྐྱོན་བཟླས་པ་བྱ་བ་ནི། ཨོཾ་མ་ཎི་པདྨེ་ཧཱུྃཿ ཞེས་བརྗོད་པས། རང་གི་སྙིང་ག་ནས་ཡེ་ཤེས་པ་ལོགས་སུ་བྱེ་ནས་མདུན་གྱི་ནམ་མཁར་བཞུགས་པ་ལ། བདག་གི་སྔགས་ཕྲེང་ལས་སྔགས་ཕྲེང་འོད་ཟེར་དང་


LT26_Page_025A
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་འཕྲོས། །ཡེ་ཤེས་སེམས་དཔའི་ཐུགས་ཀར་ཕོག་པས། སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འབུལ། ཚུར་འདུས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ། དེ་ལྟ་བུའི་སྤྲོ་བསྡུ་དང་བཅས། ངག་གྲགས་སྟོང་དབྱེར་མེད་གདོད་མ་ནས་རྣམ་པར་དག་པའི་ལྷའི་གསུང་ཡིན་པར་ངེས་པའི་བློས། བརྟན་གཡོའི་སྒྲ་སྐད་ཐམས་ཅད་ཡི་གེ་དྲུག་པའི་རང་སྒྲར་མོས་པ་རྩེ་གཅིག་པས། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ། བསྐྱེད་རིམ་བསྡུས་པའི་སྐབས་དམིགས་པ་འོག་མ་ཁོ་ནས་བཟླས་པས་རུང་སྟེ་གསུང་བཟླས་པའི་རྣལ་འབྱོར་རོ། །དེ་ནས། མདུན་གྱི་ཡེ་ཤེས་པ་རང་ལ་ཐིམ་པར་བསམས་ལ། ལུས་བསམ་བསྟན་གྱི་སྤྱོད་ལམ་དང་ལྡན་པར་བྱ། མིག་བར་སྣང་དུ་ཧད་རེ་བལྟ། ངག་རླུང་རྒྱུ་བ་རང་སོར་བཞགས་ནས་སེམས་ཀྱི་ལྷ་སྔགས་ཀྱིས་མཚོན་པའི་སྣང་ཆ་ཐམས་ཅད་སྣང་ཙམ་ནས་རང་བཞིན་གྱིས་མ་གྲུབ་པ་རང་གི་སེམས་ཀྱི་རྣམ་རོལ་ཙམ་དུ་ཐག་བཅད་དེ། དེའི་རང་ངོ་ལ་ཆེར་རེ་བལྟས་པས། སྐྱེ་འགགས་གནས་གསུམ་དང་བྲལ་བའི་རིག་སྟོང་འཛིན་མེད་ཀྱི་ཡེ་ཤེས་ངང་གིས་འཆར་བའི་དབྱིངས་སུ་བློ་ལྷོད་ཀྱིས་གློད་ནས་མཉམ་པར་བཞག །གལ་ཏེ་རྣམ་པར་རྟོག་པའི་ཚོགས་སྐྱེས་ན། དེའི་དབང་དུ་མི་བཏང་བར་ཡེངས་མེད་འཛིན་མེད་ཀྱི་རང་ཞལ་བསྐྱང་བ་ནི་ཐུགས་འོད་གསལ་གྱི་རྣལ་འབྱོར་རོ། །ཐུན་བསྡུ་བའི་ཚེ། ཁམས་གསུམ་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ས་བོན་ཧྲཱིཿཡིག་གི་བར་དུ་ཐིམ་ནས་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་བསམས་ལ་ཅི་གནས་སུ་བཞག །དེ་ལས་ལྡང་བ་ནི། སླར་ཡང་རང་སྐད་གཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུར་གྱུར་བར་བསམ། དགེ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ནས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །འཕོ་བའི་རྣལ་འབྱོར་ནི།


LT26_Page_025B
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞིའི་ཉམས་ལེན་གྱི་བཟླས་པའི་མཇུག་ཏུ་བྱེད་ན། སྔགས་ཕྲེང་སོགས་མི་དམིགས་པར་བཞག་སྟེ་བསྒོམ་པས་ཆོག །སྐབས་གཞན་དུ་བྱེད་ན། སྐྱབས་སེམས་སྔོན་དུ་འགྲོ་བས་སྐད་ཅིག་གིས་ལྷར་གསལ་བཏབ། གང་ལྟར་ཡང་རང་གི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་དྭངས་གསལ་སྦུབས་སྟོང་གི་རྣམ་པ། ཡར་སྣ་ཚངས་བུག་ཏུ་རྒྱ་མཐོང་ཁ་བྱེ་བ་ལྟ་བུར་ཐལ་ལེར་ཟུག་ཅིང༌། མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་ཟླུམ་པ། སྙིང་གར་རང་གི་རླུང་སེམས་དབྱེར་མེད་ཀྱི་ངོ་བོ་ཐུགས་རྗེ་ཆེན་པོ་ཚོན་གང་བ་འོད་ཀྱི་གོང་བུ་ཅན། སྤྱི་བོའི་བླ་མ་འོད་དཔག་མེད་འཁོར་དང་བཅས་པ་གསལ་བཏབ། མོས་གུས་དུང་བ་བྱས་པས་འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་བྱུང༌། ཡེ་ཤེས་སེམས་དཔའ་ལ་རེག་པས་དབུ་མའི་ལམ་ནས་སྐར་མདའ་འཕངས་པ་ལྟར་དྲངས། ཐུགས་ཀར་སིབ་ཀྱིས་ཐིམ་པར་བསམས་ལ་དབྱིངས་རིག་བསྲེས་ཏེ་མཉམ་པར་བཞག །ཡང་མར་བབས་ནས་སྔར་བཞིན་དུ་འཁོད་པར་མོས། དེ་ལྟ་བུའི་དམིགས་པ་ལེན་ཇི་ལྟར་རིགས་པའི་མཐར། འོད་དཔག་མེད་འཇའ་འོད་ཀྱི་ལམ་ནས་བདེ་བ་ཅན་དུ་གཤེགས་པར་མོས་ལ། རང་ཉིད་སླ་སྐུའི་སྣང་ཆའང་མི་དམིགས་པར་སྦྱངས་ཏེ་གནས་ལུགས་ཀྱི་ངང་དུ་བློ་བཞག །ཐུན་མཚམས་ཀྱི་ལྟར་ལྡང་བ་སོགས་བྱའོ། །འདི་ནི་སྐུ་ཁྲིད་དང་འབྲེལ་བར་ཡུངས་འབྲུའི་ཚུལ་དུ་འཕོ་བ ཞེས་པའི་དམིགས་རིམ་ཡིན་ལ། གསུང་ཡིག་འབྲུའི་ཚུལ་དུ་འཕོ་བ་ནི། གཞན་གོང་དང་འདྲ་བ་ལས། ཡེ་ཤེས་སེམས་དཔའི་མལ་དུ་ལྟེ་བར་ས་བོན་ཧྲཱིཿབསྒོམ་པ་དང༌། ཐུགས་འོད་གསལ་དུ་འཕོ་བ་ནི། འཁོར་གསུམ་གྱི་མཚན་མ་མི་དམིགས་པའི་འོད་གསལ་བསམ་གྱིས་མི་ཁྱབ་པའི་ངང་དུ་བློ་འཇོག་པ་སྟེ། གསུམ་ཀ་འབྲེལ་བར་བྱེནྡ་ཡེ་ཤེས་སེམས་དཔའི་ཐུགས་ཀར་ས་བོན་ཧྲཱིཿཡིག་གིས་མཚན་པར་བསྒོམས་ནས་འཕོ་བ་དང༌། འོད་གསལ་གྱི་འཕོ་བ་རྒྱས་འདེབས་ཀྱི་ཚུལ་དུ་ཉམས་སུ་བླངས་པས་དོན་འགྲུབ་པ་ཡིན་ནོ། །གསུམ་པ་ལ་གཉིས། ཉིན་མོ་དང་མཚན་མོའི་རྣལ་འབྱོར་རོ། །དང་པོ་ནི། འདི་ལྟར་སྣང་གྲགས་རྟོག་པའི་ཆོས་ཐམས་ཅད་འཕགས་པའི་སྐུ་གསུང་ཐུགས་སུ་གསལ་བཏབ་པ་


LT26_Page_026A
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་སྣང་བ་ལམ་དུ་ཁྱེར་བ་དང༌། དེ་རྣམས་ཀྱང་ཡེ་ནས་འཕགས་པའི་གསང་བ་གསུམ་གྱི་རང་བཞིན་དུ་རྣམ་པར་དག་གོ་སྙམ་དུ་ངེས་ཤེས་བསྐྱེད་པ་ནི་མ་དག་པའི་སྣང་བ་སྦྱངས་པའོ། །གཉིས་པ་ནི། གཉིད་དུ་འགྲོ་ཁར། རང་ཐུགས་རྗེ་ཆེན་པོ་གསལ་བཞིན་པའི་ཐུགས་ཀར་བླ་མ་ཐུགས་རྗེ་ཆེན་པོའི་རྣམ་པར་བསྒོམ་པའི་གསལ་སྣང་ལ་སེམས་བཟུང་བས་རྨི་ལམ་ཟིན་པར་འགྱུར་ཞིང༌། ལྷར་སྣང་འོད་གསལ་དུ་བསྡུས་པའི་དང་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་གཉིད་ལོག་པས་འོད་གསལ་ཟིན་བར་འགྱུར་རོ། །གཞན་ཡང་གནས་ཁང་གཞལ་ཡས་ཁང༌། ཟས་ཡེ་ཤེས་ཀྱི་བདུད་རྩི། གོས་ལྷ་རྫས་ཀྱི་ན་བཟར་བསམས་ལ་མཆོད་པའི་བསམ་པ་ཞེན་པ་མེད་པར་ལོངས་སྤྱད། རྣམ་པ་ཀུན་ཏུ་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་སྐུའི་ལམ་ཁྱེར་དང་མ་བྲལ་བར་སྤྱོད་ལམ་དགེ་བའི་བྱ་བས་དུས་འདའ་བར་བྱའོ། །འཇམ་པའི་དབྱངས་སོགས་དཔའ་རྣམས་ཀྱིས། །མཁྱེན་བརྩེའི་འཇུག་པ་གཅིག་བསྡུས་པའི། གངས་ཅན་ལྷ་གཅིག་སྲོང་བཙན་རྗེའི། །ཐུགས་བཅུད་ཟབ་དོན་སྙིང་པོའོ། །ཐུགས་རྗེ་ཆེན་པོ་རྒྱལ་པོ་ལུགས་ཀྱི་སྐུ་གསུམ་སྙིང་པོའི་དོན་ཁྲིད་ཀྱི་རྩ་བའི་གཞུང་དང༌། ཁྲིད་ཡིག་ཕྱི་མ་དག་གི་དགོངས་པ་ཕྱོགས་གཅིག་ཏུ་སྙིང་པོར་དྲིལ་བའི་ལེའུ་ཚན་ནོ། །སརྦ་དཱ་མངྒ་ལམ།།

གདམས་ངག་མཛོད་པོད་བཅུ་བདུན་པ།
གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་ཐུགས་རྗེ་ཆེན་པོས་དངོས་སུ་གནང་བའི་སྙིང་པོ་ཡི་གེ་དྲུག་པའི་ཉམས་ལེན་གྱི་གཞུང་།


LT26_Page_027A
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ་ཐུགས་རྗེ་ཆེན་པོས་དངོས་སུ་གནང་བའི་སྙིང་པོ་ཡི་གེ་དྲུག་པའི་ཉམས་ལེན་གྱི་གཞུང་གསལ་བྱེད་དང་བཅས་པ་བཞུགས་སོ།།


LT26_Page_027B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མ་ཎི་པདྨེ་ཧཱུྃ། །འདིར་ཡི་དམ་ཐུགས་རྗེ་ཆེན་པོ་དངོས་ཀྱིས་གྲུབ་ཐོབ་ཆེན་པོ་ལ་དངོས་སུ་གནང་བའི་སྙིང་པོ་ཡི་གེ་དྲུག་མ། ཆོས་ཐམས་ཅད་ཀྱི་གསང་མཛོད་གཅིག་ཏུ་བསྒྲིལ་ནས་ཉམས་སུ་ལེན་པའི་ཚུལ་ཀུན་གྱི་འགོར་མ་ནམ་མཁའ་མའི་གསོལ་འདེབས་ཅི་ནུས་བྱས་ཁ་ནང་ལོག་གི་དྲན་པའི་ཞལ་ལྕེ་བས། ལས་སྣང་འགྲོ་དྲུག་གི་རྒྱལ་ཁམས་ལ་ལེགས་པར་བརྟགས་དུས། ཕ་མ་རིགས་དྲུག་གི་འཆར་སྒོ་ཐམས་ཅད་མི་བདེན་རྫུན་པའི་རང་བཞིན། སྐྱོ་ཤས་སྡུག་བསྔལ་གྱི་འདམ་རྫབ་ལས་མ་འདས་པར་ཤེས་པའི་ངེས་འབྱུང་ཁ་གང་པོ་དེ་ཡ་དང་པོར་དཔྱད། ཡང་ནང་གསེས་རེ་རེ་ནས་བལྟས་དུས། དམྱལ་བ་ལ་ཚ་གྲང་བཙོ་སྲེག །ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་གསོད་བཀོལ། ལྷ་ལ་འཆི་འཕོ། ལྷ་མ་ཡིན་ལ་འཐབ་རྩོད། མི་ལ་སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་མྱོང་བས་གྲུབ་པ་འདིར་འདུག་སྙམ་དུ་འཁོར་བ་ལ་ཡིད་ངེས་པར་འབྱུང་བའི་དྲན་པ་ཉག་གཅིག་གིས་རང་ངོ་ལ་ཆེར་ཏེ་སྦྱར། ཡང་འགྱུར་བའི་རང་ཞལ་དྲན་པའི་ཞལ་ལྕེ་བས། སྒོས་རང་སྣང་མིའི་གནས་ཚུལ་ལ་བརྟགས་པས། སྤྱིར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཁོངས་


LT26_Page_028A
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཚུད། སྒོས་རང་རང་གིས་ཉོས་པའི་དབང་གིས་འདུས་བྱས་མཐའ་བཞིའི་སོ་འཕྲང་ལ་ཐུག་ནས་འདུས་པའི་མཐའ་འབྲལ། བསགས་པའི་མཐའ་འཛད། མཐོ་བའི་མཐའ་དམའ། སྐྱེས་པའི་མཐའ་མ་ངེས་པར་འཆི་སྙམ་དུ་བློ་ཐག་ཆོད་ཀྱི་ངེས་ཤེས་རྟག་ཏུ་བསྐྱེད་དོ། །དེ་ལྟར་མི་རྟག་དྲན་ཤེས་ཀྱི་ལྕག་འདེབས་སྙིང་ལ་ཐེབས་ན། ངེས་འབྱུང་དང་དད་པ་ཀོག་ལང་དུ་སྐྱེ་བས། ཨ་ཙ་མ། ངས་མི་ལུས་ཉིན་སྐར་དང་འདྲ་བའི་སྣང་བ་ཡུད་ཙམ་འདི་ལ་ལུས་ཀྱི་སྒོ་ནས་ཇི་ལྟར་བགྱིས་ན་རླབས་པོ་ཆེའི་དགེ་བ་ཞིག་འགྲུབ། ངག་གི་སྒོ་ནས་ཇི་ལྟར་སྨྲས་ན་གཞན་ལ་ཕན་པའི་དག་པ་ལ་འཁུལ། སེམས་ཀྱི་སྒོ་ནས་ཇི་ལྟར་བསམ་ན་སེམས་ཅན་ཡོངས་ལ་ཁྱབ་བའི་དགེ་བར་འགྱུར་སྙམ་དུ་ལུས་ངག་ཡིད་གསུམ་སེམས་ཅན་གྱི་དོན་དུ་འཁོལ་བའི་བསམ་སྦྱོར་རྒྱ་ཆེན་པོ་བསྐྱེད་དོ། །དོན་དེ་དག་འགྲུབ་བའི་ཕྱིར་ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་སྙམ་པས་མཁའ་ཁྱབ་ཀྱི་དམིགས་པ་ལ་འཇུག་སྟེ། བདག་སོགས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོའི་གཙུག་ཏུ་པདྨ་དཀར་པོ་དང་ཟླ་བའི་གདན་ལ་ཧྲཱིཿལས་འཁྲུངས་པའི་


LT26_Page_028B
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་སྟོ་ན་ཀའི་ཟླ་བ་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་པ། དྲི་མ་མེད་པའི་འོད་ཟེར་ལྔ་ལྡན་དུ་འཕྲོ་བ། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཞལ་གཅིག་པ། ཀུན་ལ་ཁྱབ་བའི་བྱམས་བརྩེ་མངའ་བས་ཀུན་ནས་འཛུམ་པའི་མདངས་དང་ལྡན་པ། དག་པའི་སྤྱན་གྱིས་དུས་དྲུག་ཏུ་གཟིགས་པས་ཨུཏྤལའི་འདབ་མ་ལྟར་རབ་ཏུ་རྒྱས་པའི་སྤྱན་མངའ་བ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་སེམས་ཅན་གྱི་དོན་ལ་བསྐུལ་བར་མཛད་པས། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། ཐུགས་རྗེ་རྒྱུན་མི་འཆད་པས་གཡས་ཀྱི་གཉིས་པས་ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ་བརྒྱད་འདྲེན་ཚུལ་དུ་བསྣམས་པ། རང་དོན་ཡིད་བྱེད་ཀྱི་འདམ་གྱིས་མ་གོས་པས། གཡོན་གྱི་གཉིས་པས་པདྨ་དཀར་པོ་ཡུ་བ་དང་བཅས་པ་འཛིན་པ། ཁྲེལ་ཡོད་ངོ་ཚའི་རང་བཞིན་གྱི་རས་བཟང་པོའི་ཤམ་ཐབས་ལ་ནོར་བུས་བརྒྱན་པའི་སྐ་རགས་ཀྱིས་སྤྲས་པ། སྙིང་རྗེ་དང་སྟོང་པ་ཟུང་དུ་འཇུག་པས་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། རྣམ་ཐར་བརྒྱད་ཀྱི་རང་བཞིན་གྱི་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་སྤྲས་པ། སྙིང་རྗེ་ཆེན་པོའི་ཉམས་དང་ལྡན་པས་རི་དྭགས་ལྤགས་པས་སྟོད་གཡོགས་པ། གསོལ་བ་འདེབས་པའི་ཡུལ་བསྟན་པའི་ཕྱིར་རང་གི་བླ་མ་འོད་དཔག་མེད་ཀྱིས་རལ་པའི་ཐོར་ཚུགས་མཛེས་པར་བྱས་པ། ཐུགས་རྗེ་ཆེན་པོའི་བསིལ་ཟེར་གྱིས་ཉོན་མོངས་པའི་ཚ་གདུང་ཞི་བར་མཛད་པས་དྲི་མེད་ཟླ་བ་རྒྱས་པའི་རྒྱབ་ཡོལ་ཅན་ནོ། །བསམ་གཏན་གྱི་སྤྱོད་ལམ་དག་དང་འབྲེལ་བས་བསྐྱེད་རིམ་ལེགས་པར་གསལ་བཏབ་ནས། བདག་སོགས་སེམས་ཅན་ཐམས་ཅད་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་མོས་ལ། །ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པའི་རྐྱེན་གྱིས་འཕགས་པའི་སྐུ་ལས་འོད་ཟེར་བྱུང༌། སྣོད་ཐམས་ཅད་ལ་ཕོག་པས། མ་དག་པ་ལས་སྣང་གི་འཆར་སྒོ་སྦྱངས་ནས། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང༌། བཅུད་ཀྱི་ཆ་ཤས་ཐམས་ཅད་སྣང་སྟོང་སྐུའི་དཀྱིལ་འཁོར། གྲགས་སྟོང་གསུང་གི་དཀྱིལ་འཁོར། གསལ་སྟོང་ཐུགས་ཀྱི་དཀྱིལ་འཁོར་དུ་གནས་འགྱུར་བའི་ཏིང་ངེ་འཛིན་རྒྱ་འབྱམས་དང་འབྲེལ་བར་ཡི་གེ་དྲུག་པ་ལོངས་སྐབས་དང་སྦྱར་ཞིང༌། ཐུན་མཐར་ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་ལྷ་བདེ་གཤེགས་སྙིང་པོའི་རང་ངོ་ལ་གཅེར་མཐོང་རིགས་པའི་བརྡ་སྦྱོར་གྱིས་ཡིད་ཟོས་བདེ་ཉམས་མེད་པར་གཟུགས་འཛིན་གྱི་རྒྱུ་ལམ་རྦད་ཀྱིས་བཅད་ལ་རང་གྲོལ་ཆེན་པོའི་ངང་དུ་ལིངས་ཀྱིས་ཅི་ནུས་མཉམ་པར་བཞག་གོ །ཐུན་མཚམས་སུ་སྙིང་རྗེས་ཀུན་ནས་བླངས་པའི་ལུས་ངག་ཡིད་གསུམ་དགེ་བའི་ལས་ལ་བརྩོན་པར་བྱ་ཞིང༌། བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་བྱ། བརྒྱུད་པའི་རིམ་པ་ཡང༌། ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། ཀུན་སྤངས་རྗེ། དེས་བདག་ལའོ།⁽1763⁾འཇམ་དབྱངས་ཀུན་དགའ་གྲོལ་མཆོག །དགེའོ།།

གདམས་ངག་མཛོད་པོད་བཅུ་བདུན་པ།
གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ་ཆེན་པོའི་ཉེ་བརྒྱུད་ཡི་གེ་དྲུག་པའི་སྒོམ་ལུང་འབོག་ཚུལ་གཞན་ཕན་མཁའ་ཁྱབ།


LT26_Page_029A
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་དབང་ཕྱུག་ལྕགས་ཟམ་པ་ཆེན་པོའི་ཉེ་བརྒྱུད་ཡི་གེ་དྲུག་པའི་སྒོམ་ལུང་འབོག་ཚུལ་གཞན་ཕན་མཁའ་ཁྱབ་ཅེས་བྱ་བ་བཞུགས་སོ།། ན་མོ་ལོ་ཀེ་ཤྭ་ར་ཡ། །སྙིགས་འགྲོ་ཉམ་ཐག་སྐྱོང་བའི་ཡབ། །འཇིག་རྟེན་དབང་ཕྱུག་བརྩོན་འགྲུས་མཚན། །གང་གི་གདམས་པའི་མཛོད་འཛིན་པ། །འགྲོ་མགོན་བླ་མར་ཕྱག་བྱས་ནས། །སྤྱན་རས་གཟིགས་དབང་ཞལ་གྱི་ལུང༌། །གྲུབ་ཐོབ་ཆེན་པོའི་ཁྱད་པར་ཆོས། །འཁོར་བ་དོང་སྤྲུགས་གདམས་ངག་བཅུད། །ཆོས་སྒོ་བརྒྱད་ཁྲིའི་སྙིང་པོ་འཆད། །འདིར་འབྲེལ་ཚད་དོན་ལྷན་གྱི་བཟང་པོ་སྤྱོད་ལ་ཞུགས་པའི་དགེ་བའི་བཤེས་གཉེན་དག་གིས་སྐལ་པ་མཆོག་དམན་མ་བརྟགས་པར་ཐོས་པ་ཙམ་གྱིས་ཕན་ཡོན་སྙིང་ལ་བཞགས་ནས། རེ་བ་དང་ཟང་ཟིང་མེད་པའི་ཆོས་སྦྱིན་སྩལ་བར་འདོད་པས། འདུས་པའི་དབུས་སུ་


LT26_Page_029B
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་བཟང་པོ་དང་ལྡན་པས་ཆོས་ཀྱི་ཁྲི་ལ་འཁོད། གྲུབ་ན་རང་ཉིད་ཀྱིས་སྒོམ་བཟླས་མདོར་བསྡུས་བྱས་རྗེས། །དེ་འདི་སྐད་ཅེས། །འོ། མ་གྱུར་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་བར་བྱ། དེའི་ཆེད་དུ་ཡི་གེ་དྲུག་པའི་བསྒོམ་ལུང་ཟབ་མོ་གསན་ལ། དོན་ཚུལ་བཞིན་དུ་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་དང་ལྡན་པའི་ངང་ནས། ས་ཕྱོགས་འདི་ཉིད་དག་པའི་ཞིང་ཁམས་བདེ་བ་ཅན། སློབ་དཔོན་ཡང་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་སྙམ་པའི་འདུ་ཤེས་དང་ལྡན་པས། ལུས་ཀྱིས་ཐལ་སྦྱར་སོགས་གུས་པའི་ཚུལ། ངག་གི་ཅ་ཅོ་སྤངས་ཤིང་སེམས་གཞན་དུ་མི་གཡེངས་པར་མཉན་བྱ་དམ་པའི་ཆོས་དང༌། དེ་སྟོན་བྱེད་དགེ་བའི་བཤེས་གཉེན་ལ་གུས་པ་རྩེ་གཅིག་པས་གསན་པར་ཞུ། །དེའང་འཕགས་མཆོག་སྤྱན་རས་གཟིགས་དང་པདྨ་འབྱུང་གནས་དབྱེར་མེད་རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་སྐུར་བསྟན་པ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཞེས་མཚན་ཉི་ཟླ་ལྟར་གྲགས་པ་དེ་ཉིད། སྐུ་གཞོན་ནུའི་ཚེ་ཡིག་དྲུག་དུང་ཕྱུར་གྱི་ཚོགས་དཔོན་མཛད་པའི་དུས་ན། ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཀྱི་ཐོ་རངས་ཀྱི་ཚལ། སྐུ་མདུན་གྱི་བུམ་པའི་ཁ་རྒྱན་དེ། དཔག་བསམ་གྱི་སྡོང་པོ་ཆེན་པོར་གྱུར་བའི་ཡལ་འདབ་ཀྱི་ཁྲོད་དུ་པད་ཟླའི་གདན་བཞི་བརྩེགས་པའི་འོག་ནས་ཡར་རིམ་བཞིན་འཕགས་པ་སྤྱན་རས་གཟིགས། ཁ་སརྤ་ཎི། རྩ་ཕྱག་བཞི་པ། བརྒྱད་པ། ཕྱག་སྟོང་སྤྱན་སྟོང་གི་སྐུ་མཚན་དཔེས་བརྒྱན་པ་འོད་ཀྱི་དཀྱིལ་འཁོར་གྱི་དབུས་ན་བཞེངས་སྟབས་སུ་བཞུགས་པའི་མཐའ་བསྐོར་དུ། རྟ་མགྲིན། བདུད་རྩི་འཁྱིལ་པ། སྒྲོལ་མ། རྣམ་པར་རྒྱལ་མ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བསྐོར་བ། འོག་གི་ཆ་ལ་ཕྱོགས་སྐྱོངས་བཅུ་དང༌། གནོད་སྦྱིན་བཅུ་གཉིས། རྒྱལ་ཆེན་བཞིས་བསྐོར་བ་མངོན་སུམ་དུ་གཟིགས་པས། ཡན་ལག་བདུན་པའི་མཆོད་པ་དང་གསོལ་


LT26_Page_030A
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་མཛད་པས། རིགས་ཀྱི་བུ་ཁྱོད་ནམ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་གཉེན་ང་ཡིན་པས། ཡི་གེ་དྲུག་པའི་སྒོ་ནས་ཕྲིན་ལས་རྒྱ་ཆེན་པོ་བསྒྲུབ་ཅིང༌། འགྲོ་བ་རྣམས་འདྲེན་པར་གྱིས་ཤིག །ཅེས་དང་གདམས་པ་མང་དུ་གསུངས་ཤིང༌། གཞན་ཡང་ལན་དུ་མར་ཞལ་དངོས་སུ་བསྟན་ནས་སྩལ་བའི་གདམས་པའི་སྙིང་པོ། ཟབ་ལ་བདེ་བ་ཡི་གེ་དྲུག་པའི་སྒོམ་བཟླས་ཀྱི་ལུང་འབོགས་ཤིང་ཉམས་སུ་ལེན་པར་བྱེད་པ་ལ་གསུམ། སྔོན་འགྲོ་སྐྱབས་སེམས་དང་ལྡན་པས་བློ་ཆོས་ལ་བསྐུལ་བ། དངོས་གཞི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་དང་འབྲེལ་བར་བསྐྱེད་བཟླས་རྫོགས་གསུམ་བྱ་བ། རྗེས་ལམ་ཁྱེར་གསུམ་དང་ལྡན་པས་དགེ་རྩ་གཞན་དོན་དུ་བསྔོ་བའོ། །དང་པོ་ནི། །རང་ཉིད་གང་དུ་གནས་པའི་མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་དང་པད་ཟླའི་གདན་ལ། ངོ་བོ་རྩ་བའི་བླ་མ་ཉིད་རྣམ་པ་སྤྱན་རས་གཟིགས་འགྲོ་འདུལ་ཕྱག་བཞི་པའི་སྐུར་གསལ་བའི་འཁོར་དུ་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་ཏེ་བཞུགས་པའི་མདུན་དུ། བདག་གཞན་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་སྙམ་པའི་བློ་རྩེ་གཅིག་པས་སྐྱབས་འགྲོའི་ཚིག་ལྕགས་ཟམ་པའི་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དགུ་སྐོར་དུ་གྲགས་པ་ཐུགས་རྗེ་ཆེན་པོས་ཀ་ལྔ་པ་དཔལ་འབྱོར་ཤེས་རབ་ལ་གསུངས་ནས་གྲུབ་ཆེན་ལ་གནང་བར་བཀའ་བསྒོས་པ་ལྟར་བསྩལ་བའི་བྱིན་བརླབས་མྱོང་གྲུབ་ཀྱིས་ཆེ་བ་འདི་ལ་བྱ་སྟེ། །གོང་དུ་ཇི་སྐད་བཤད་པ་ལྟར་དམིགས་པ་རྩེ་གཅིག་པས་སྐྱབས་འགྲོའི་ཚིག་འདི་ལྷན་ཅིག་ཏུ་གནང་བར་ཞུ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་བརྒྱ་རྩ་


LT26_Page_030B
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་གཅིག །བདུན་ལ་སོགས་པ་⁽1763⁾སྒོམ་ལུང་འབོགས་སྐབས་ཚར་གསུམ་བདུན་གང་རུང་ལྷན་ཅིག་ཏུ་བརྗོད་པའམ་རྗེས་ཟློས་བྱ་སྟེ་འོག་མ་རྣམས་ལའང་ཤེས་པར་བྱའོ་ལོངས་ཁྱབ་དང་སྦྱར་ཏེ་བརྗོད་པའི་རྗེས་སུ། སྐྱབས་ཡུལ་འོད་དུ་ཞུ། རང་ལ་ཐིམ་པས་ཐུགས་རྗེའི་བྱིན་རླབས་ཞུགས། བློ་ཆོས་སུ་ངང་གིས་འགྲོ་ཞིང་བར་ཆད་མེད་པར་བསམ། དེའི་རྗེས་ཐོབ་ཏུ། ནམ་མཁའ་དང་མཉམ་པའི་ཕ་མ་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་དུས་རྟག་ཏུ་ཁྱམས་པ་སྙིང་རེ་རྗེ། འདི་རྣམས་ཐམས་ཅད་བདག་ཁོ་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ནུས་པ་བདག་ལ་མེད་པས་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་དྲུག་པའི་སྒོམ་བཟླས་ཉམས་སུ་བླངས་ལ་མྱུར་བ་ཉིད་དུ་སེམས་ཅན་རྣམས་དགྲོལ་བར་བྱ་སྙམ་པ་མཉན་པའམ་ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་དང་ལྡན་པས། ངག་ཏུ་འདི་གསུང་བར་ཞུ། སེམས་ཅན་ཐམས་ཅད་ཡང་དག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ཉམས་སུ་བླང་བགྱིའོ། །ཞེས་གྲངས་སུ་བརྗོད་ཅིང་ལྷག་བསམ་བཟང་པོ་རྒྱུད་ལ་འགྲེ་ངེས་བྱ། སྐྱབས་འགྲོ་ཐོག་མར་བྱས་པས་སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར། བློ་ཆོས་སུ་འགྲོ། ལམ་སྒྲུབ་པ་ལ་བར་ཆད་མི་འབྱུང༌། སེམས་བསྐྱེད་པས་དེ་ཕྱིན་ཆད་བསམ་སྦྱོར་ཅི་བྱས་བྱང་ཆུབ་ཀྱི་གྲོགས་སུ་འགྱུར་བས་ཆོས་ལམ་དུ་འགྲོ་བའི་དགོས་པ་ཡོད་དོ། དེ་ནས་ཁ་ནང་དུ་ལོག་པའི་དྲན་པས་བློ་ཆོས་སུ་བསྐུལ་བ་ལ་གསུམ། ངེས་འབྱུང་གི་གཞི་བཏིང་བ། བརྩོན་འགྲུས་ཀྱི་ལྕག་སྐུལ་བ། ཕྱུགས་རྫི་ལྟ་བའི་སེམས་བསྐྱེད་ཀྱི་མཚམས་སྦྱར་བའོ། །དང་པོ་ལ་སྤྱི་དང་བྱེ་བྲག་ཏུ་དཔྱད་པ་གཉིས་ལས། སྤྱིར་ཐོག་མ་མེད་པ་ནས་བདག་མེད་པ་ལ་བདག་ཏུ་བཟུང་སྟེ་རྒྱུ་མ་རིག་པ། རྐྱེན་ལས་དང་ཉོན་མོངས་པས་བསྐྱེད་པའི་འགྲོ་བ་རིགས་དྲུག་གི་སྣང་བ་འདི་རྣམས་ལ་དཔྱད་པས། རྨི་ལམ་གྱི་དགྲ་གཉེན་ནམ་སྒྱུ་མའི་རྒྱལ་སྲིད་ལྟར་རང་ངོས་ནས་བདེན་པར་གྲུབ་པ་རྡུལ་ཕྲ་མོ་


LT26_Page_031A
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་མེད་ཀྱང༌། འཁྲུལ་སྣང་མི་བདེན་པར་བཟུང་སྟེ། ཉོན་མོངས་པ་བག་ཉལ་གྱིས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། བདེ་བ་ལྟར་སྣང་ཡང་མྱུར་དུ་མི་རྟག་པ་འགྱུར་བའི་སྡུག་བསྔལ། ལས་ངན་པའི་འབྲས་བུ་མངོན་དུ་སྤྱོད་པ་སྡུག་བསྔལ་གྱི་སྡུག་བསྔལ་ཏེ། དཔེར་ན་ཏིལ་ལ་སྣུམ་གྱིས་ཁྱབ་པ་བཞིན་དུ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་རྣམས་སྡུག་བསྔལ་ཆེན་པོ་དེ་གསུམ་ལས་མ་འདས་པས་འཁོར་བའི་འདིར་བདེ་བ་སྐྲ་རྩེའི་ཆ་ཤས་ཙམ་ཡང་མེད་པ་ལས་བསམས་ཏེ་ངེས་འབྱུང་དྲག་ཏུ་བསྐྱེད། བྱེ་བྲག་རིགས་དྲུག་རེ་རེ་ནས་དཔྱད་དེ། དེའང་མདོ་སྡེ་དྲན་པ་ཉེར་བཞག་ལས། །སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །མི་དག་འཚོ་བ་ཐུང་པས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ཡང༌། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་སྲིད་རྩེ་ནས་མནར་མེད་པར་འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ནའི་རང་བཞིན། དཔེར་ན་དུག་དང་འདྲེས་པའི་ཁ་ཟས་ལ་རྣམ་པ་བཟང་ངན་གྱི་ཁྱད་པར་མེད་པས་སྤང་བར་བྱ་བ་བཞིན་དུ་འཁོར་བ་ལས་ངེས་པར་འབྱུང་བའི་བློ་བརྟན་པོར་བསྐྱེད་པར་བྱའོ། །གཉིས་པ་ནི། དེ་དག་ལས་ཀྱང་ཁྱད་པར་དུ་རང་རེ་མིའི་གནས་སྣང་འདི་ལ་དཔྱད་པས། མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་པས་དལ་བ་བརྒྱད། རང་འབྱོར་ལྔ། གཞན་འབྱོར་ལྔ་སྟེ་དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་མིའི་ལུས་རྙེད་པ་ཤིན་ཏུ་དཀའ་ཞིང༌། རྙེད་ན་ཕན་ཐོགས་ཆེ་བས་རིན་པོ་ཆེ་དང་ཆོས་མཚུངས་པས་འདི་ཉིད་རྒྱུ་དང་དཔེ་དང་གྲངས་སོགས་ཀྱི་སྒོ་ནས་ཐོབ་པར་དཀའ་སྟེ། ངན་སོང་གི་འགྲོ་བ་ས་ཆེན་པོའི་རྡུལ་ཙམ་ཡོད་ལ་མི་ལུས་ཙམ་པོ་པའང་སེན་མོའི་སྟེང་གི་རྡུལ་དང་འདྲ་བར་ཡོད་པ་ལས། ཆོས་ལྡན་གྱི་མི་


LT26_Page_031B
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ནི་ཉིན་མོའི་སྐར་མ་ལྟར་དཀོན་ཏེ། སྙིང་རྗེ་པད་དཀར་ལས། །མིར་སྐྱེ་པ་ནི་རྙེད་པར་དཀའ། །དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ། སངས་རྒྱས་འཇིག་རྟེན་དུ་འབྱུང་བའང་རྙེད་པར་དཀའ། དགེ་བའི་ཆོས་ལ་འདུན་པའང་རྙེད་པར་དཀའ། ཡང་དག་པའི་སྨོན་ལམ་ཡང་རྙེད་པར་དཀའ་བ་ལགས་སོ། །ཞེས་སོགས་མཐའ་ཡས་པ་གསུངས་ལ། དེ་ལྟ་བུའི་མི་ལུས་ཐོབ་ཀྱང་སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞི་ལས་མ་འདས་པས་རྟག་པ་དང་བདེ་བ་སྐད་ཅིག་ཀྱང་མེད། དེའང་སྤྱིར་འདུས་བྱས་ཐམས་ཅད་ཀྱང་མི་རྟག་པའི་མཐའ་བཞིས་དབང་དུ་བྱས་པ་སྟེ་འདུས་པའི་མཐར་འབྲལ། བསགས་པའི་མཐར་འཛད། མཐོ་བའི་མཐར་དམའ། སྐྱེས་པའི་མཐར་ངེས་པར་འཆི། སྒོས་མིའི་ལུས་ནམ་འཆིའི་ཆ་མེད་ཅིང་འཆི་རྐྱེན་གང་གིས་ཀྱང་བྱེད་ངེས་པ་མེད། གསོད་སར་ཁྲིད་པའི་བཙོན་བཞིན་ཞག་རེ་སོང་བ་དང་འཆི་བ་ལ་ཇེ་ཉེར་འགྲོ། ཆུའི་ཆུ་བུར། རི་གཟར་གྱི་རྦབ། ནམ་མཁའི་གློག་ལྟར་གློ་བུར་མྱུར་བ་ཁོ་ནར་འཆི་བ་ཐོག་ཏུ་འོང༌། མཁས་བཙུན་བཙན་ཕྱུག་དཔའ་རྩལ་མོ་གཏོ་སྨན་དཔྱད་གང་གིས་ཀྱང་བཟློག་ཏུ་མེད། ལོངས་སྤྱོད་དབང་ཐང་སྙན་གྲགས་གང་ཡང་རྗེས་སུ་མི་འབྲང་བས་དགེ་སྡིག་གི་ལས་ཁོ་ན་རྣམ་པར་ཤེས་པ་དང་འགྲོགས་ནས་ཚེ་ཕྱི་མའི་གནས་སུ་འགྲོ་བའི་ཚེ་སྡིག་པས་ངན་སོང་དུ་ལྟུང༌། དགེ་བས་མཐོ་རིས་དང་ཐར་བ་ཐོབ་པ་ཡིན་པས་དེས་ན་ཚེ་ཕྱི་མ་ཕན་ཆད་ལ་ཕན་པ་དམ་པའི་ཆོས་མ་གཏོགས་གཅིག་ཀྱང་མེད། ཚེ་ཕྱི་མ་ལྟ་ཅི་སྨོས། ཚེ་འདི་ལའང་འཕྲལ་ཡུན་གཉིས་ཀར་ཕན་པ་ཆེ་བ་དམ་པའི་ཆོས་ཁོ་ན་ཡིན་ཅིང༌། སང་བྱེད་གནངས་བྱེད་ཀྱི་ལོང་སྐབས་མེད་པས་ད་ལྟ་ཉིད་ནས་ལས་འབྲས་ལ་ཡིད་ཆེས་པའི་དད་པ་དང༌། བླ་མ་དཀོན་མཆོག་ལ་སེམས་དྭངས་པའི་དད་པ་དང༌། བྱང་ཆུབ་བསྒྲུབ་པ་ལ་འདོད་པའི་དད་པ་སྟེ། དེ་གསུམ་དང་ལྡན་པས་ལུས་ལ་གཡོག་དང་གྲུ་ཡི་འདུ་ཤེས་བཞག་སྟེ་དམ་པའི་ཆོས་ཁོ་ན་ལ་མི་འབུང་རེ་སྙམ་པའི་དམ་བཅའ་བརྟན་པར་བྱའོ། །གསུམ་པ་ནི།


LT26_Page_032A
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདི་སྙམ་དུ་བསམ་སྟེ། ཨ་ཙ་མ། །བདག་གིས་མི་ལུས་ཉིན་མོའི་སྣང་བ་དང་འདྲ་བ་ཡུད་ཙམ་པ་འདི་ལ་ལུས་ཀྱི་སྒོ་ནས་ཇི་ལྟར་བགྱིས་ན་རླབས་པོ་ཆེའི་དགེ་བ་ཞིག་འགྲུབ། ངག་གི་སྒོ་ནས་ཇི་ལྟར་སྨྲས་ན་གཞན་ལ་ཕན་པའི་དགེ་བ་ལ་འཁུལ། ཡིད་ཀྱི་སྒོ་ནས་ཇི་ལྟར་བསམ་ན་སེམས་ཅན་ཡོངས་ལ་ཁྱབ་པའི་དགེ་བར་འགྱུར་སྙམ་དུ་མདོར་ན་ལུས་ངག་ཡིད་གསུམ་སེམས་ཅན་དོན་དུ་བཀོལ་བའི་ལྷག་བསམ་རྒྱ་ཆེན་པོ་བསྐྱེད། དོན་དེ་དག་འགྲུབ་པའི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས། བོད་ཁ་བ་ཅན་གྱི་ལྷ་སྐལ། ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་སོ་སྙམ་པས་མཁའ་ཁྱབ་ཀྱི་དམིགས་པ་ལ་འཇུག་གོ །གཉིས་པ་དངོས་གཞི་ལ་གསུམ། བསྐྱེད་རིམ་བསྒོམ་པ། བཟླས་པ་བྱ་བ། རྫོགས་རིམ་བསྒོམ་པའོ། །དང་པོ་ནི། །བདག་སོགས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོའི་གཙུག་ཏུ་པདྨ་དཀར་པོ་དང་ཟླ་བའི་གདན་ལ་ཡི་གེ་ཧྲཱིཿལས་འཁྲུངས་པའི་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་སྟོན་ཁའི་ཟླ་བ་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་པ། དྲི་མ་མེད་པའི་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པས་ཞལ་གཅིག་པ། ཀུན་ལ་ཁྱབ་པའི་བྱམས་བརྩེ་མངའ་བས་ཀུན་ནས་འཛུམ་པའི་མདངས་དང་ལྡན་པ། དག་པའི་སྤྱན་གྱིས་དུས་དྲུག་ཏུ་གཟིགས་པས་ཨུཏྤ་ལའི་འདབ་མ་ལྟར་རབ་ཏུ་རྒྱས་པའི་སྤྱན་མངའ་བ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་སེམས་ཅན་གྱི་དོན་དུ་བསྐུལ་བར་མཛད་པས་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། ཐུགས་རྗེའི་རྒྱུན་མི་འཆད་པའི་བརྡར་གཡས་ཀྱི་གཉིས་པ་ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ་བརྒྱད་འདྲེན་ཚུལ་དུ་བསྣམས་པ། རང་དོན་ཡིད་བྱེད་ཀྱི་འདམ་གྱིས་མ་གོས་པས་གཡོན་གྱི་གཉིས་པས་པདྨ་དཀར་པོ་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ་སྙན་གྱི་ཐད་ཀར་ཁ་བྱེ་བ་འཛིན་པ། ཁྲེལ་ཡོད་ངོ་ཚའི་རང་བཞིན་གྱི་རས་བཟང་པོའི་ཤམ་ཐབས་


LT26_Page_032B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནོར་བུས་བརྒྱན་པའི་སྐ་རགས་ཀྱིས་སྤྲས་པ། སྙིང་རྗེ་དང་སྟོང་པ་ཟུང་དུ་འཇུག་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། རྣམ་ཐར་བརྒྱད་ཀྱི་རང་བཞིན་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་སྤྲས་པ། སྙིང་རྗེ་ཆེན་པོའི་ཉམས་དང་ལྡན་པས་རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། གསོལ་བ་འདེབས་པའི་ཡུལ་བསྟན་པའི་ཕྱིར་རང་གི་བླ་མ་འོད་དཔག་མེད་ཀྱིས་རལ་པའི་ཐོར་ཚུགས་ཀྱི་ངོས་ལ་མཛེས་པར་བརྒྱན་པ། ཐུགས་རྗེ་ཆེན་པོའི་བསིལ་ཟེར་གྱིས་ཉོན་མོངས་པའི་ཚ་གདུང་ཞི་བར་མཛད་པས་དྲི་མེད་ཟླ་བ་རྒྱས་བའི་རྒྱབ་ཡོལ་ཅན། རྩ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལ། བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས་གུས་པ་ཆེན་པོས་གསོལ་བ་འདེབས་བར་མོས་ལ་འདི་གསུང་བར་ཞུ། །ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་པའི་གསོལ་འདེབས་ཅི་ནུས་དང༌། སྤྲོ་ན། གྲུབ་ཐོབ་ཉིད་དགེ་སློང་པདྨ་དཀར་པོར་སྐྱེ་བ་བཞེས་པའི་ཚེ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པའི་རྡོ་རྗེའི་གསུང་བྱིན་བརླབས་ཅན་དང༌། བརྒྱུད་པའི་གསོལ་འདེབས་རྣམས་ཀྱང་བྱ། །གཉིས་པ་ནི། །དེ་ལྟར་གསོལ་བ་བཏབ་པས། སྤྱི་བོའི་འཕགས་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས། མ་དག་ལས་སྣང་གི་འཆར་སྒོ་སྦྱངས་ཏེ། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་ཐམས་ཅད་ལུས་སྣང་སྟོང་དབྱེར་མེད་འཕགས་པའི་སྐུའི་རང་བཞིན། ངག་གྲགས་སྟོང་དབྱེར་མེད་ཡི་གེ་དྲུག་མའི་རང་སྒྲ། ཡིད་རིག་སྟོང་དབྱེར་མེད་ཡེ་ཤེས་ཀྱི་རོལ་པ་སྟེ་སྣང་གྲགས་རྟོག་གསུམ་དཀྱིལ་འཁོར་གསུམ་དུ་གནས་བསྒྱུར་བའི་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་རྒྱ་འབྱམས་ཀྱི་ངང་དུ་ཡིད་རྩེ་གཅིག་པས་ཡི་གེ་དྲུག་པའི་བཟླས་པ་ལྷན་ཅིག་ཏུ་གནང་བར་ཞུ། །


LT26_Page_033A
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མ་ཎི་པདྨེ་ཧཱུྃ། བཟླས་ལུང་པས་འདིར་ཡིག་དྲུག་བརྒྱ་རྩ་སོགས་གང་འོས་གསུང་སྲོལ་ཡོད་གསུངས། །ཞེས་ཡི་གེ་དྲུག་པའི་བཟླས་བརྗོད་ཇི་ཙམ་ནུས་པ་བྱ། །གསུམ་པ་ནི། །སྒོམ་བཟླས་གྲུབ་པའི་མཐར། རང་སེམས་གསལ་སྟོང་རིག་པའི་སྙིང་པོ་ཅན། །ཆོས་ཉིད་དོན་གྱི་ཐུགས་རྗེ་ཆེན་པོ་སྐུ་གསུམ་གདོད་ནས་རང་ཆས་སུ་གྲུབ་པ། གཞི་ལམ་འབྲས་བུའི་གནས་སྐབས་ཀུན་ཁྱབ་བདེ་གཤེགས་སྙིང་པོའི་རང་ཞལ་ལ། གཉུག་མའི་རིག་པས་བལྟ་བྱ་ལྟ་བྱེད་མ་གྲུབ་པའི་ངང་དུ་གཅེར་གྱིས་བལྟ། བཟོ་བཅོས་དགག་སྒྲུབ་ཀྱི་ཡིད་དཔྱོད་དང་བྲལ། བདེ་གསལ་མི་རྟོག་པ་སོགས་ཉམས་ཀྱི་འཛིན་སྟངས་ལ་མ་ཞེན། རྣམ་རྟོག་གཟུགས་འཛིན་གྱི་འགྱུ་ལམ་རྦད་ཀྱིས་བཅད་དེ། རྟོག་པའི་འཕྲོ་འདུ་བྱུང་ཡང་ཆོས་ཉིད་གཉུག་མའི་ངང་དུ་རང་ཞི་རང་གྲོལ་དུ་བཏང་ནས་སྤྲོས་བྲལ་གྱི་གནས་ལུགས་ལ་ཅི་གནས་སུ་མཉམ་པར་བཞག་གོ །གསུམ་པ་རྗེས་ཀྱི་བྱ་བ་ནི། །མཉམ་བཞག་དེ་ལས་ལྡང་བར་འདོད་ན། སླར་རང་ཉིད་འཕགས་པ་སྤྱན་རས་གཟིགས་གྱི་སྐུ་སྣང་ལ་རང་བཞིན་མེད་པར་གྱུར་པར་མོས་ལ། དགྲ་གཉེན་བར་མས་བསྡུས་པའི་འགྲོ་བ་ཐམས་ཅད་ལ་ཆགས་སྡང་རྨོངས་གསུམ་གྱིས་འདོར་ལེན་མི་བྱ་བར་གཟུགས་སུ་སྣང་བ་ཐམས་ཅད་འཕགས་པའི་སྐུའི་རང་བཞིན། སྒྲ་སྐད་གྲགས་ཚད་ཡི་གེ་དྲུག་པའི་རང་སྒྲ། བཟང་ངན་གྱི་དྲན་རྟོག་ཅི་ཤར་ཡེ་ཤེས་ཆེན་པོར་ཐག་བཅད་དེ་རྟོག་པའི་རོ་མི་མྱོང་བ་གང་ཤར་དེ་ཀའི་ངོ་བོ་ལ་ཧད་དེ་འཇོག་པ་སྟེ་ཁྱེར་སོ་གསུམ་གྱི་རྣལ་འབྱོར་དང་མ་བྲལ་བའི་ངོས། འཁྲུལ་སྣང་ལ་བདེན་པར་བཟུང་བའི་ཕ་མ་སེམས་ཅན་རིས་སུ་མ་ཆད་པ་ལ་བྱམས་དང་སྙིང་རྗེས་ཀུན་ནས་བསླངས་ཏེ། བདེན་ཞེན་བྲལ་བ་སྒྱུ་མའི་ཚུལ་གྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགེ་བའི་བྱ་བ་ཅི་ནུས་སུ་འབད། དེ་ལྟ་བུའི་དགེ་བའི་རྩ་བ་ཐམས་ཅད་ཀྱང་རབ་འཁོར་གསུམ་ཡོངས་སུ་དག་པའི་ཚུལ། འབྲིང་བདེན་མེད་སྒྱུ་མའི་བློ། ཐ་མ་རྒྱལ་བ་སྲས་བཅས་ཀྱི་


LT26_Page_033B
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་སློབ་པའི་བསམ་པས་སེམས་ཅན་གྱི་དོན་དུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། །དེ་ལྟར་དུ་བགྱིས་བའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་བདག་དང་ཕ་མ་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པར་གྱུར་ཅིག །ཅེས་པ་དང༌། དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་རྣམ་པར་དག་བས་རྒྱས་འདེབས་པར་བྱའོ། །དེས་བསྒོམ་ལུང་གི་རིམ་པ་ཟབ་མོ་ལེགས་པར་གསན་བ་ཡིན་པས། ཇི་ལྟར་ཕོག་པའི་དམིགས་བཟླས། དེ་ལྟ་བུ་རབ་ཐུན་བཞིའི་རིམ་པས་ཁོར་ཡུག །འབྲིང་སྒོམ་བཟླས་ཐུན་རེ་ཆགས་མེད། ཐམས་ཅད་ཞག་བདུན་གྱི་མཐའ་བརྟེན་པའི་ཉམས་ལེན་བྱས་པའི་ཕན་ཡོན་ནི། སྡིག་སྒྲིབ་ཉོན་མོངས་དག །སྙིང་རྗེ་དང་རྟོགས་པ་འཆར། གཞན་དོན་རྒྱ་ཆེན་པོ་འགྲུབ། ཕྱི་མ་བདེ་བ་ཅན་དུ་སྐྱེས་ནས་མྱུར་དུ་འཚང་རྒྱ་བ་སོགས་སྨོས་ཀྱིས་མི་ལོངས་པ་མདོ་རྒྱུད་བསྟན་བཅོས་མཐའ་དག་ནས་གསུངས་པས་ཚེགས་ཆུང་ལ་དོན་ཆེ་བའི་གདམས་པ་འདི་ཉིད་རང་དོན་དུ་རྩེ་གཅིག་ཉམས་སུ་ལེན་པ་དང༌། གཞན་ལ་འཆད་ཅིང་སྤེལ་བ་དང༌། ཐ་ན་སྲོག་ཆགས་གྲོག་སྦུར་ཚུན་ཆད་ཀྱི་རྣ་བར་ཐུགས་རྗེ་ཆེན་པོའི་མཚན་དང་ཡིག་དྲུག་སྒྲོགས་ལ་འཁོར་བ་དོང་སྤྲུགས་འབྲེལ་ཚད་དོན་ལྡན་དོན་གཉིས་ལྷུན་གྱིས་གྲུབ་པའི་ལམ་བཟང་མཐར་དབྱུང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་སོགས་ཀྱིས་བསྔོ་སྨོན་པས་ལ་འདུས་པ་གྱིས་སོ། །སྒོམ་བཟླས་ཡིད་ལ་དྲན་ཙམ་གྱིས། མཚམས་མེད་སྒྲིབ་པ་ཟད་བྱེད་ཅིང༌། ཁྱད་པར་གངས་ཅན་མགོན་གཅིག་པུ། །དེ་སྒྲུབ་གདམས་ངག་གསལ་བཤད་པས། །མཐོང་ཐོས་དྲན་རེག་སྐྱེ་དགུ་ཀུན། །འོད་སྣང་མཐའ་ཡས་ཞིང་ཁམས་སུ། །འཇིག་རྟེན་མགོན་པོས་དབུགས་དབྱུང་སྟེ། །གང་གི་རྣམ་ཐར་ཀུན་འགྲུབ་ཤོག །ཅེས་པའང་དམིགས་པ་མེད་པའི་ཐུགས་རྗེ་དང་ལྡན་པ་རྗེ་བཙུན་མཉྫུ་གྷོ་ཥའི་གསུང་ཟེར་བདུད་རྩིས་སྙིང་གི་པདྨོར་དྲན་པས། ཡིག་དྲུག་


LT26_Page_034A
[མ་དཔེ་གཟིགས་ན་འདིར་གནོན།]

པ་བློ་གྲོས་མཐའ་ཡས་ཀྱིས་རྩ་བའི་ཡིག་སྙིང་གི་དགོངས་པ་གསལ་བར་ཕྱེས། ལྕགས་ཟམ་པའི་ཁྲིད་ཡིག་མ་བུའི་བཅུད་བསྡུས་ཏེ། ལྷག་པའི་བསམ་པས་དཔལ་སྤུངས་ཡང་ཁྲོད་དུ་སྦྱར་བས་གཞན་ཕན་ནམ་མཁའ་དང་མཉམ་པར་གྱུར་ཅིག །དགེ་ལེགས་འཕེལ།། ༈ །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ཉེ་བརྒྱུད་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ཀྱི་ངག་འདོན་མདོ་སྔགས་ཡོངས་བཅུད་ཅེས་བྱ་བ་བཞུགས་སོ།། །བླ་མ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འདིར་གྲུབ་ཆེན་ལྕགས་ཟམ་པ་ཆེན་པོའི་ཉེ་བརྒྱུད་ཐུན་མོངས་མ་ཡིན་པའི་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་ཉམས་སུ་ལེན་པ་ལ། ཐོག་མར་སྐྱབས་སུ་འགྲོ་བ་ནི། །རང་མདུན་ནམ་མཁའ་རིན་ཆེན་ཁྲི། །པདྨ་ཟླ་བའི་གདན་སྟེང་དུ། །ངོ་བོ་རྩ་བའི་བླ་མ་ཉིད། །རྣམ་པ་མགོན་པོ་སྤྱན་རས་གཟིགས། །སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར། །མངོན་སུམ་བཞིན་དུ་བཞུགས་པར་གྱུར། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ༴ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ༴ རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་གྲངས་ཅི་ནུས་བསགས་ལ། མཐར། སྐྱབས་ཡུལ་འོད་ཞུ་རང་ལ་ཐིམ། སེམས་བསྐྱེད་པ་ནི། །སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ཞེས་ལན་གསུམ། དེ་ནས་བློ་ཆོས་སུ་སྐུལ་བ་ནི། །འདི་ལྟར་འཇིགས་པ་ཐམས་ཅད་དང༌། །སྡུག་བསྔལ་དཔག་ཏུ་མེད་པ་ཡང༌། །སེམས་ལས་བྱུང་བ་ཡིན་ནོ་ཞེས། །ཡང་དག་གསུང་པ་ཉིད་ཀྱིས་བསྟན། །ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་གང་ལས་བྱུང༌། །དེས་ན་དེ་དག་ཐམས་ཅད་ནི། །སྡིག་སེམས་ལགས་པར་ཐུབ་


LT26_Page_034B
[མ་དཔེ་གཟིགས་ན་འདིར་གནོན།]

པས་གསུངས། །འགྲོ་བ་འདི་དག་ཐམས་ཅད་ནི། །རྟག་ཏུ་མ་སྐྱེས་མ་འགག་ཉིད། །འགྲོ་བ་རྨི་ལམ་ལྟ་བུ་སྟེ། །རྣམ་པར་དཔྱད་ན་ཆུ་ཤིང་འདྲ། །སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ཡང༌། །བདེ་བ་ནམ་ཡང་ཡོད་མ་ཡིན། །རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུ་སྦལ་མགྲིན་ཆུད་ལྟར། །མི་ཉིད་རྙེད་པ་ཤིན་ཏུ་དཀའ། །ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །བསགས་པ་ཀུན་གྱི་མཐའ་མཛད་ཅིང༌། །བསླང་བའི་ཐ་མ་འགྱེལ་བར་འགྱུར། །འཕྲད་བའི་ཐ་མ་འབྲལ་བ་སྟེ། །གསོན་པའི་ཐ་མ་འཆི་བར་འགྱུར། །དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང༌། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང༌། །བདག་ཉིད་སྐྱོན་བཅས་གཞན་དག་ལ། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །འགྲོ་བ་ཐམས་ཅད་སྲུང་སེམས་དང༌། །སྙིང་རྗེའི་སེམས་ནི་གོམས་པར་བྱ། །དེ་བས་མགོན་པོ་སྤྱན་རས་གཟིགས། །ཐུགས་རྗེ་ཆེན་པོས་འགྲོ་བ་ཡི། །འཁོར་བའི་འཇིགས་པའང་བསལ་བའི་ཕྱིར། །རང་གི་མཚན་ཡང་བྱིན་གྱིས་བརླབས། །སྐུ་ཡི་དཀྱིལ་འཁོར་གཅིག་བསྒོམས་པས། །སངས་རྒྱས་ཐམས་ཅད་འདུས་པ་ནི། །མགོན་པོ་སྤྱན་རས་གཟིགས་སྐུ་ཡིན། །བསྒོམས་དང་ཡིད་ལ་དྲན་པས་ཀྱང༌། །མཚམས་མེད་སྒྲིབ་པ་འདག་པར་བྱེད། །དེས་ན་རྩེ་གཅིག་སྒོམ་བཟླས་པ། །ཞེས་པའི་ཚིག་རྣམས་ངག་ཏུ་བརྗོད་པའམ། །མི་སྤྲོ་ན་དོན་ཡིད་ལ་བསམ། །དེ་ནས་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི། །བདག་སོགས་མཁའ་ཁྱབ་སེམས་ཅན་གྱི། །སྤྱི་


LT26_Page_035A
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་པད་དཀར་ཟླ་བའི་སྟེང༌། །ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས། །དཀར་གསལ་འོད་ཟེར་ལྔ་ལྡན་འཕྲོ། །འཛུམ་ལྡན་ཐུགས་རྗེའི་སྤྱན་གྱིས་གཟིགས། །ཕྱག་བཞིའི་དང་པོ་ཐལ་སྦྱར་མཛད། །འོག་གཉིས་ཤེལ་ཕྲེང་པད་དཀར་བསྣམས། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །རི་དྭགས་ལྤགས་པའི་སྟོད་གཡོགས་གསོལ། །འོད་དཔག་མེད་པའི་དབུ་རྒྱན་ཅན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དྲི་མེད་ཟླ་བར་རྒྱབ་བརྟེན་པ། །སྐྱབས་གནས་ཀུན་འདུས་ངོ་བོར་གྱུར། །བདག་དང་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་འདེབས་པར་བསམས་ལ། །ཇོ་བོ་སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་ཅི་ནུས་བསགས། །སྤྲོ་ན། །དགེ་སློང་པདྨ་དཀར་པོའི་ཐུགས་དམ་སྤྱན་རས་གཟིགས་ཀྱི་གསོལ་འདེབས་དང༌། བླ་མ་བརྒྱུད་པའི་གསོལ་འདེབས་ཀྱང་གསུང་རྒྱུན་ལ་ཁ་སྐོང་བ། གངས་ཅན་འགྲོ་བའི་མགོན་པོ་སྤྱན་རས་གཟིགས། །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ཞབས། །རྡོ་རྗེ་འཛིན་པ་ཀུན་སྤངས་ཆོས་ཀྱི་རྗེ། །གསོལ་བ་འདེབས་སོ་འཕགས་མཆོག་སྤྱན་རས་གཟིགས། །བྱིན་གྱིས་རློབས་ཤིག་ཡི་དམ་ཐུགས་རྗེ་ཅན། །བྱམས་དང་སྙིང་རྗེ་འབྱོངས་པར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྃ། །ཀུན་དགའི་རྩལ་རྫོགས་སེམས་ཀྱི་མདུན་གྲོལ་མཆོག །བསྟན་འཛིན་ཉི་ཟླ་མཁས་བཙུན་བཟང་པོའི་ཕུལ། །གྲུབ་པའི་རིགས་འཆང་ངག་དབང་ཉིད་མའི་མཚན། །གསོལ་བ་འདེབས་སོ་སོགས་ཚིག་རྐང་གསུམ་པོ་སྔགས་བཅས་འགྲོ། བཤད་སྒྲུབ་བསྟན་འཛིན་བསོད་ནམས་དབང་ཕྱུག་དང༌། །མཁས་ཤིང་དངོས་གྲུབ་མཆོག་བརྙེས་རྨོར་ཆེན་རྗེ། །བསོད་ནམས་ཡེ་ཤེས་མཆོག་ཏུ་གྲུབ་པའི་དཔལ། །


LT26_Page_035B
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་འདེབས་སོ༴ ཡོངས་རྫོགས་བསྟན་འཛིན་ཡེ་ཤེས་ལྷུན་གྱིས་གྲུབ། །བློ་བཟང་རྒྱལ་སྲས་ལུང་རྟོགས་བསྟན་པ་འཕེལ། །གྲུབ་བསྟན་འཛིན་མཆོག་མཁྱེན་རབ་མཐུ་སྟོབས་བདག །གསོལ་བ༴ འཇམ་དབྱངས་གཞོན་ནུ་བཤེས་གཉེན་མཆོག་གི་ཚུལ། །མཁྱེན་བརྩེའི་དབང་ཕྱུག་བདག་ཉིད་ཆེན་པོ་དང༌། །རྩ་བརྒྱུད་བླ་མ་བཀའ་དྲིན་ཅན་རྣམས་ལ། །གསོལ་བ༴ བྱིན་གྱིས་རློབས་ཤིག༴ བྱམས་དང་སྙིང་རྗེ་འབྱོངས་པར༴ མཁའ་ཁྱབ་རིག་འཛིན་བརྙེས་པར་བྱིན་གྱིས་རློབས། །སྣང་སྲིད་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྃ། །དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །འཕགས་པའི་སྐུ་ལས་འོད་ཟེར་འཕྲོས། །མ་དག་ལས་སྣང་འཁྲུལ་ཤེས་སྦྱངས། །ཕྱི་སྣོད་བདེ་བ་ཅན་གྱི་ཞིང༌། །ནང་བཅུད་སྐྱེ་འགྲོའི་ལུས་ངག་སེམས། །སྤྱན་རས་གཟིགས་དབང་སྐུ་གསུང་ཐུགས། །སྣང་གྲགས་རིག་སྟོང་དབྱེར་མེད་གྱུར། །ཞེས་པའི་དོན་ལ་མཉམ་པར་བཞག་བཞིན་ཏུ་ཡི་གེ་དྲུག་པ་བཟླ་བ་ནི་མཁའ་ཁྱབ་ཀྱི་རྣལ་འབྱོར་དངོས་ཡིན་པས། །འདིའི་མཐར་རྫོགས་རིམ་ལ་འཇུག་པ་ནི་རྩ་བའི་དགོངས་པ་ཡིན་ལ། གལ་ཏེ་ཀུན་སྤངས་ཡབ་སྲས་ཀྱི་གསུང་རྒྱུན་ལྟར་བཟླས་དམིགས་སྤྱི་མཐུན་སྦྱར་བ་སྤྲོ་ན། སྤྱི་བོའི་འགྲོ་མགོན་འོད་དུ་ཞུ། །རང་གཞན་ལ་ཐིམ་ཐུགས་ཀ་རུ། །པད་དཀར་འདབ་དྲུག་ལྟེ་བར་ཧྲཱིཿ །ཡིག་འབྲུ་ནང་བསྟན་གཡས་བསྐོར་བས། །འོད་འཕྲོས་འགྲོ་ཀུན་སྡིག་སྒྲིབ་སྦྱངས། །བྱང་ཆུབ་སེམས་གཉིས་རྒྱུད་ལ་སྐྱེས། །སླར་འདུས་བདག་རྒྱུད་བྱིན་བརླབས་གྱུར། །ཞེས་མོས་ལ་ཡིག་དྲུག་བཟླ། ཐུན་མཐར་རྫོགས་རིམ་ནི། །བསྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །གང་སྐྱེས་གཉུག་མ་ཉིད་ཡིན་ཕྱིར། །གང་ཤར་དྲན་པས་སོར་བཞག་ན། །


LT26_Page_036A
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཤར་སྟོང་པ་ཉིད་དག་ཏུ། །རྣལ་འབྱོར་རྒྱལ་པོ་གདོན་མི་ཟ། །ཞེས་པའི་ཚིག་ངག་ཏུ་བརྗོད་པའམ་དོན་བསམ་ལ་གནས་ལུགས་གཉུག་མའི་ངང་དུ་མཉམ་པར་བཞག །དེ་ལས་ལྡང་བར་འདོད་ན། །བདག་གཞན་ལུས་སྣང་འཕགས་པའི་སྐུ། །སྒྲ་གྲགས་ཡི་གེ་དྲུག་པའི་དབྱངས། །དྲན་རྟོག་ཡེ་ཤེས་ཆེན་པོའི་ཀློང༌། །དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་འགྲུབ་གྱུར་སོགས་དང༌། འདི་ལྟར་སྒོམ་བཟླས་བགྱིས་པའི་བསོད་ནམས་ཀྱིས། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། །མི་གཙང་ལུས༴ བདེ་བ་ཅན་དུ༴ སྐྱེས་མ་ཐག་ཏུ༴ སྤྲུལ་པས་ཕྱོགས་བཅུར༴ འཇམ་དཔལ་དཔའ་བོས་ཇི་ལྟར་སོགས་དང༌། སངས་རྒྱས་སྐུ་གསུམ་སོགས་བསྔོ་སྨོན་རྣམ་པར་དག་པས་རྒྱས་གདབ་པར་བྱའོ། །ཞེས་པའང་ཐར་འདོད་ཡོངས་ལ་སྨན་པའི་བསམ་པ་རྒྱུར་བྱས་ཏེ། བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་དུ་བྲིས་པ་དགེ་ལེགས་འཕེལ།། ༈ །རྗེ་གྲུབ་ཐོབ་ཆེན་པོ་དགེ་སློང་པདྨ་དཀར་པོར་སྐྱེ་བ་བཞེས་པའི་ཚེ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པའི་རྡོ་རྗེའི་གསུང་བཞུགས་སོ། །གསོལ་བ་འདེབས་སོ་བླ་མ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཡི་དམ་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་འཕགས་མཆོག༴ གསོལ་བ་འདེབས་སོ་སྐྱབས་མགོན༴ གསོལ་བ་འདེབས་སོ་བྱམས་མགོན༴ ཐུགས་རྗེ་ཟུངས་ཤིག་རྒྱལ་བ་ཐུགས་རྗེ་ཅན། །མཐའ་མེད་འཁོར་བར་གྲངས་མེད་འཁྱམས་གྱུར་ཅིང༌། །བཟོད་མེད་སྡུག་བསྔལ་མྱོང་བའི་འགྲོ་བ་ལ། །མགོན་པོ་ཁྱེད་ལས་སྐྱབས་གཞན་མ་མཆིས་སོ། །རྣམ་མཁྱེན་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །ཞེ་སྡང་དབང་གིས་དམྱལ་བར་སྐྱེས་གྱུར་ཏེ། །ཚ་གྲང་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །ལྷ་མཆོག་ཁྱེད་ཀྱི་དྲུང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །


LT26_Page_036B
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །སེར་སྣའི་དབང་གིས་ཡི་དྭགས་གནས་སུ་སྐྱེས། །བཀྲེས་སྐོམ་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །ཞིང་མཆོག་པོ་ཏཱ་ལ་རུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །ཐོགས་མེད་དུས་ནས༴ གཏི་མུག་དབང་གིས་དུད་འགྲོར་སྐྱེས་གྱུར་ཏེ། །གླེན་ལྐུག་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །མགོན་པོ་ཁྱེད་ཀྱི་དྲུང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །ཕྲག་དོག་དབང་གིས་ལྷ་མིན་གནས་སུ་སྐྱེས། །འཐབ་རྩོད་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །པོ་ཏཱ་ལ་ཡི་ཞིང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །ཐོག་མེད་དུས་ནས་ལས་ངན་བསགས་པའི་མཐུས། །ང་རྒྱལ་དབང་གིས་ལྷ་ཡི་གནས་སུ་སྐྱེས། །འཕོ་ལྟུང་སྡུག་བསྔལ་མྱོང་བའི་སེམས་ཅན་རྣམས། །པོ་ཏཱ་ལ་ཡི་ཞིང་དུ་སྐྱེ་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །སྤྱན་རས་གཟིགས་དང་མཛད་པ་མཚུངས་པ་ཡིས། །མ་དག་ཞིང་གི་འགྲོ་རྣམས་སྒྲོལ་བ་དང༌། །གསུང་མཆོག་ཡིག་དྲུག་ཕྱོགས་བཅུར་རྒྱས་པར་ཤོག །འཕགས་མཆོག་ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །བདག་གི་གདུལ་བྱར་གྱུར་བའི་པའི་འགྲོ་བ་རྣམས། །ལས་འབྲས་ལྷུར་ལེན་དགེ་བའི་ལས་ལ་བརྩོན། །འགྲོ་བའི་དོན་དུ་ཆོས་དང་ལྡན་པར་ཤོག །ཅེས་པ་འདི་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་རྗེ་རང་གི་སྐྱེ་བ་གོང་མ་དགེ་སློང་པདྨ་དཀར་པོར་འཁྲུངས་པའི་སྐབས། དགུང་ལོ་ཉི་ཤུ་ནས་བརྒྱད་ཅུའི་བར་དུ་སྨྱུང་བར་གནས་ལས་འཕགས་པ་སྤྱན་རས་གཟིགས་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་པའི་ཚིག་འདི་སྔོན་གནས་རྗེས་དྲན་ཏུ་གསུངས་བ་སྟེ། བྱིན་རླབས་ཀྱི་ཚན་ཀ་མཆོག་དང་ལྡན་པ་ལགས་སོ།། །།མངྒ་ལམ།། །།

གདམས་ངག་མཛོད་པོད་བཅུ་བདུན་པ།
ཀུན་མཁྱེན་བོ་དོང་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་གྲུབ་པའི་ཞལ་ལུང་བདུད་རྩིའི་སྙིང་པོ།


LT26_Page_037A
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་བོ་དོང་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་གྲུབ་པའི་ཞལ་ལུང་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །།


LT26_Page_037B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྷཾ། །འཇམ་པའི་རྡོ་རྗེ་དཔལ་ལྡན་བླ་མ་དང༌། །ཟུང་འཇུག་ཕྱག་རྒྱ་ཆེན་པོར་གུས་བཏུད་ནས། །ཟབ་གསལ་དབྱེར་མེད་ལྷན་ཅིག་སྐྱེས་སྦྱོར་གྱི། །གདམས་ངག་གྲུབ་པའི་ཞལ་ལུང་སྙིང་པོ་སྤེལ། །འདི་ལ་གཉིས། དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་རྫོགས་རིམ་ཕྱག་རྒྱ་ཆེན་པོ་ཟབ་གསལ་དང༌། མདོ་སྔགས་ཟུང་དུ་འཇུག་པའི་ལམ་གྱི་སྙིང་པོ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་རོ། །དང་པོ་ལ་གཉིས། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ལོ་རྒྱུས་དང༌། ལོ་རྒྱུས་དེ་ལས་བྱུང་བའི་གདམས་པ་ཟབ་མོ་དངོས་སོ། །དང་པོ་ནི། །རིང་བརྒྱུད་ཀྱི་དབང་དུ་བྱས་ན། རྒྱལ་བ་ཁྱབ་བདག་འཇམ་པའི་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། གྲུབ་ཆེན་སངས་རྒྱས་ཡེ་ཤེས་ཞི་བའི་ཞབས་ནས་བཟུང༌། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་འཇིགས་བྲལ་གྱི་སློབ་དཔོན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བར་དུ་བྱོན་པ་དང༌། ཉེ་བརྒྱུད་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང༌། གྲུབ་ཆེན་བི་རཱུ་པ། དེས་


LT26_Page_038A
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྲལ་དུས་གསུམ་རྣམ་མཁྱེན་ལ་དངོས་སུ་གནང་ཞིང༌། དེ་ནས་བཟུང་སྟེ་བདག་ཅག་གི་བླ་མ་དམ་པའི་བར་དུ་བྱིན་རླབས་དོན་གྱི་བརྒྱུད་པ་བར་མ་ཆད་པ་ལས་བྱུང་བ་ཡིན་ནོ། །གཉིས་པ་གདམས་པ་ཟབ་མོ་དངོས་ལ། །བཤད་པས་གཏན་ལ་འབེབས་པ་དང༌། བསྒོམ་པས་ཉམས་སུ་བླང་བ་གཉིས་ལས། འདིར་ཕྱི་མའི་ཁོངས་སུ་སྔ་མའང་ཞར་གྱིས་ཆོད་པས། དེ་ཉིད་ཅུང་ཟད་འཆད་པ་ལ་གསུམ། གང་དུ་ཉམས་སུ་བླང་བའི་གནས། གང་གིས་ཉམས་སུ་ལེན་པའི་གང་ཟག །དེས་ཉམས་སུ་ལེན་པའི་གདམས་པའོ། །དང་པོ་ནི། །མཐུན་རྐྱེན་རྙེད་སླ་ཞིང༌། འགལ་རྐྱེན་འཚེ་བ་མེད་པ། ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ་དང༌། །མཚན་མོ་སྒྲ་ཡི་བླག་ཅོར་སོགས་བསམ་གཏན་གྱི་ཚེར་མ་མི་འབྱུང༌། དབེན་ཞིང་ཡིད་དང་མཐུན་པར་ཆོས་དང་མཐུན་པའི་གྲོགས་སམ་རང་ཉིད་གཅིག་པུར་གནས་པས་ཉམས་སུ་བླང་ངོ༌། །གཉིས་པ་ནི། །ཐེག་པ་མཆོག་གི་སྐལ་བ་དང་ལྡན་པའི་གང་ཟག །གསང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌།


LT26_Page_038B
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་དང་སྡོམ་པ་རྣམ་པར་དག་པ། ཟབ་གསལ་གཉིས་ཀྱི་དོན་ལ་ཐོས་བསམ་གྱི་ཤེས་རབ་ཀྱིས་རྒྱུད་ལེགས་པར་སྦྱངས་པའོ། །གསུམ་པ་གདམས་པ་དངོས་ལ་བདུན། ཟབ་གསལ་གྱི་ལྟ་བ་ཉམས་སུ་བླངས་པའི་ཕན་ཡོན། མ་བླངས་པའི་ཉེས་དམིགས། ཉམས་སུ་ལེན་ཚུལ་གྱི་རང་བཞིན། མ་སྐྱེས་པའི་གེགས་སེལ། སྐྱེས་པའི་བོགས་འདོན། བརྟན་པའི་ཚད། ཞར་ལ་ཉེ་བར་མཁོ་བ་ཐུན་མཚམས་ཀྱི་རྣལ་འབྱོར་རོ། །དང་པོ་ལ། །གསལ་བའི་ལྟ་བ་ཉམས་སུ་བླངས་པའི་ཕན་ཡོན་དང༌། ཟབ་པའི་ལྟ་བ་ཉམས་སུ་བླངས་པའི་ཕན་ཡོན་གཉིས། དང་པོ་ནི། གསལ་བའི་ལྟ་བ་ཉམས་སུ་བླངས་པ་ལ་ཕན་ཡོན་ཡོད་དེ། སྤང་བྱ་ཆོས་ཐམས་ཅད་མེད་པར་འཛིན་པའི་ཆད་ལྟ་སྤངས་ཤིང༌། གཉེན་པོ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད། སྙིགས་མ་རྣམས་སྦྱངས་ཤིང་དྭངས་མ་རྣམས་སྟོབས་རྒྱས་པར་བྱས་ནས་གནས་སྐབས་ཀྱི་འབྲས་བུ་མངོན་མཐོའི་ལྷ་མིའི་ལུས་ཐོབ་པར་བྱེད་ཅིང༌། མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་གཟུགས་སྐུ་གཉིས་འགྲུབ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི། ཟབ་པའི་ལྟ་བ་ཉམས་སུ་བླངས་པ་ལ་ཕན་ཡོན་ཡོད་དེ། སྤང་བྱ་ཆོས་ཐམས་ཅད་བདེན་གྲུབ་ཏུ་འཛིན་པའི་རྟག་ལྟ་སྤོང་ཞིང༌། གཉེན་པོ་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད། བདེན་འཛིན་སྦྱངས་ནས་ཟབ་པའི་ལྟ་བ་སྟོབས་རྒྱས་པར་བྱས་ཏེ། གནས་སྐབས་སུ་འཁོར་བ་ལུས་གྲོལ་ཞིང༌། མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུ་གཉིས་འགྲུབ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ཉམས་སུ་མ་བླངས་པའི་ཉེས་དམིགས་ནི། །ཟབ་གསལ་གྱི་ལྟ་བ་ཉམས་སུ་བླངས་པ་ལ་ཉེས་དམིགས་ཡོད་དེ། སྔར་གྱི་དེ་ལས་བཟློག་པ་དང༌། གཞན་ཡང་སྙིགས་མ་འཁོར་བའི་ཆོས་རྣམས་དོན་ལ་མེད་པ་ལ་ཡོད་པར་འཛིན་པའི་སྒྲོ་འདོགས་ཀྱི་ཉེས་པ་དང༌། དྭངས་མ་མྱང་འདས་ཀྱི་ཆོས་རྣམས་དོན་ལ་ཡོད་པ་ལ་མེད་པར་འཛིན་པའི་


LT26_Page_039A
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་འདེབས་ཀྱི་ཉེས་པ་དང༌། དྭངས་སྙིགས་གཉིས་ཀྱི་ཆོས་ཐམས་ཅད་བདེན་པར་མེད་པ་ལ་བདེན་གྲུབ་ཏུ་འཛིན་པའི་སྒྲོ་འདོགས་ཀྱི་ཉེས་པ་དུས་རྒྱུན་དུ་འབྱུང་བའི་ཕྱིར་རོ། །གསུམ་པ་ཉམས་སུ་ལེན་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གཉིས། ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ལ་བཞི། བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་བ་བྱང་སེམས་སུ་འཆར་བའི་ཁྲིད་དོ། །དང་པོ་ནི། དལ་འབྱོར་རྙེད་དཀའ་བ་དང་འཆི་བ་མི་རྟག་པའི་ཁྲིད་བློ་དང་འདྲེས་ངེས་པར་ཉམས་སུ་བླང་བའི་སྒོ་ནས། ཚེ་འདིར་སྐྱིད་ཀྱང་རུང༌། སྡུག་ཀྱང་རུང་བ་ཙམ་དུ་ཤེས་ཤིང༌། ཚེ་ཕྱི་མ་ཡུན་ཤིན་ཏུ་རིང་བར་ཤེས་པའི་སྒོ་ནས་ཚེ་ཕྱི་མ་ལ་གང་གནོད་སྤོང་ཞིང༌། གང་ཕན་བསྒྲུབ་པའི་བསམ་པ་ལྷད་མེད་གཅིག་སྐྱེད་དགོས་ཏེ། དེ་མ་སྐྱེས་ན་ཟབ་ཆོས་ཇི་ཙམ་ཉམས་སུ་བླངས་ཀྱང་ཚེ་འདི་པར་འགྲོ་བའི་ཕྱིར་རོ། །གཉིས་པ་ནི། །ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་བློ་དང་འདྲེས་ངེས་བསྒོམས་ནས། སྲིད་རྩེའི་བར་གྱི་འཁོར་བ་ཐམས་ཅད་མེའི་དོང་ལྟ་བུར་མཐོང་ནས། ཐར་པ་དོན་གཉེར་གྱི་བློ་ལྷད་མེད་ཅིག་སྐྱེ་དགོས་ཏེ། དེ་མ་སྐྱེས་ན་ཟབ་ཆོས་ཇི་ཙམ་ཉམས་སུ་བླངས་ཀྱང་ཐར་ལམ་དུ་མི་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། བྱམས་སྙིང་རྗེའི་ཁྲིད་བློ་དང་འདྲེས་ངེས་པའི་སྒོ་ནས། རང་གཅིག་པོ་ཞི་བདེ་དོན་གཉེར་གྱི་བློ་སྤང་དགོས་ཏེ། དེ་མ་སྤང་ན་ཟབ་ཆོས་ཇི་ཙམ་ཉམས་སུ་བླངས་ཀྱང་ཐེག་དམན་གྱི་ལམ་དུ་འགྱུར་བའི་ཕྱིར་རོ། །བཞི་པ་ནི། །སེམས་ཅན་ཐམས་ཅད་ཀྱི་དྲིན་དྲན་ཞིང་སྡུག་བསྔལ་མ་བཟོད་པའི་ཤུགས་ཀྱིས་སེམས་ཅན་གྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་བློ་ལྷད་མེད་ཅིག་སྐྱེ་དགོས་ཏེ། དེ་མ་སྐྱེས་ན་ཟབ་ཆོས་ཇི་ཙམ་ཉམས་སུ་བླངས་ཀྱང་ཐེག་ཆེན་གྱི་ལམ་དུ་མི་འགྲོ་བའི་ཕྱིར་རོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་


LT26_Page_039B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། འགལ་རྐྱེན་སྡིག་པ་སྦྱང་བའི་ཡན་ལག་ཏུ་རྡོ་རྗེ་སེམས་དཔའི་ཁྲིད། མཐུན་རྐྱེན་ཚོགས་བསགས་པའི་ཕྱིར་དུ་མཎྜལ་གྱི་ཁྲིད། བསགས་སྦྱོང་དབྱེར་མེད་ཀྱི་ཕྱིར་དུ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། །དང་པོ་ནི། ཡིག་བརྒྱའི་སྒོམ་བཟླས་ཚུལ་བཞིན་དུ་ཉམས་སུ་བླངས་པའི་སྒོ་ནས། འགལ་རྐྱེན་སྡིག་སྒྲིབ་མངོན་གྱུར་བ་རགས་པ་དག་པ་ཞིག་དགོས་ཏེ། སྡིག་པ་སྟོབས་ཆེན་གྱིས་བསྒྲིབས་པའི་རྒྱུད་ལ་དངོས་གཞིའི་ཁྲིད་མི་སྐྱེ་བའི་ཕྱིར། གཉིས་པ་ནི། མཎྜལ་སོགས་ཀྱི་རྣལ་འབྱོར་ཉམས་སུ་བླངས་པའི་སྒོ་ནས། བསོད་རྣམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་དགོས་ཏེ། དེ་མ་བསགས་པའི་རྒྱུད་ལ་དངོས་གཞིའི་ཁྲིད་མི་སྐྱེ་བའི་ཕྱིར། །གསུམ་པ་ནི། བླ་མའི་རྣལ་འབྱོར་ཚུལ་བཞིན་ཉམས་སུ་བླངས་པའི་སྒོ་ནས། ཐུན་མོང་མ་ཡིན་པའི་མོས་གུས་སྐྱེ་དགོས་ཏེ། མོས་གུས་ཀྱིས་རྒྱུད་བརླན་པར་མ་བྱས་ན་རྒྱུད་ལ་དངོས་གཞིའི་ཁྲིད་མི་སྐྱེ་བའི་ཕྱིར་རོ། །དེས་ན་དེ་རྣམས་ཉམས་སུ་སླང་བ་ལ། དང་པོ་ནི། སྟན་བདེ་བ་ལ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལུས་ཆ་ཆ་ནས་བསྒྲིམ། རླུང་རོ་དགུ་ཕྲུགས་སུ་འབུད། ཤེས་པ་རྣལ་དུ་དབབ། དེ་ནས་སྐྱབས་ཡུལ་གསལ་བཏབ་ལ་སྐྱབས་འགྲོ། སེམས་བསྐྱེད། ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། རང་གི་སྤྱི་བོར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཆོག་གསུམ་གྱིས་བསྐྱེད། གཉིས་ཀའི་ཐུགས་ཀར་སྔགས་ཕྲེང་གསལ་བཏབ། སྟོབས་བཞིའི་གནད་དང་ལྡན་པའི་སྒོ་ནས་ཡི་གེ་བརྒྱ་པ་བཟླ། མཇུག་བཤགས་བསྡམ་གྱི་རྗེས་རྡོར་སེམས་རང་ལ་བསྟིམ། གཉིས་པ་ནི། མདུན་གྱི་ནམ་མཁར་དཔག་བསམ་གྱི་སྡོང་པོའི་ལྟེ་བར་སེང་ཁྲི་པདྨ་ཉི་ཟླ་རྡོ་རྗེའི་གདན་ལ། བླ་མ་འཇམ་པའི་རྡོ་རྗེ་སེར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རལ་གྲི་དང༌། མདའ། །གཡོན་གཉིས་ཨུཏྤལ་སྔོན་པོ་དང༌། གཞུ་བསྣམས་པ། རྡོ་རྗེ་དང་


LT26_Page_040A
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་གནས་བཞིར་ཨོཾ་དཀར། ཨཱཿདམར། ཧཱུྃ་མཐིང༌། ཧོ༔ལྗང་གུ་རྣམས་ཀྱིས་མཚན་པ་སྐྱབས་གནས་ཀུན་འདུས་སུ་དམིགས་ལ། འདོད་ཡོན་ལྔའི་མཆོད་པ་སྔོན་དུ་འགྲོ་བས། མཎྜལ་ཚོམ་བུ་བདུན་མ་སྤྱི་ལྷར་འབུལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཐུན་མོང་གི་སྡོམ་པ་བཟུང་བའི་མཐར་རང་ལ་བསྟིམ། གསུམ་པ་ནི། བླ་མ་འཇམ་པའི་རྡོ་རྗེའི་རྣལ་འབྱོར་སྔར་བཞིན་གསལ་བཏབ་པའི་སྤྱན་སྔར་མཆོད་པ་དང་མཎྜལ་འབུལ། ཐུན་མོང་གི་སྡོམ་པ་དང༌། སྲས་བཅས་སངས་རྒྱས་ཐམས་ཅད་དང་སོགས་ཁྱད་པར་གྱི་སྡོམ་བཟུང་བྱ། རྩ་བརྒྱུད་ཀྱི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ། དབང་བཞི་བླངས་པའི་མཐར། བླ་མ་ཡབ་ཡུམ་རང་ལ་བསྟིམ། རང་གི་སེམས་དང་བླ་མའི་ཐུགས་རོ་གཅིག་ཏུ་བསྲེས་ཏེ་ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་བཞག་གོ །གཉིས་པ་དངོས་གཞིའི་རྣལ་འབྱོར་ལ་གསུམ། འཁྲུལ་པའི་མཚང་བཙལ་ཏེ་འཁོར་བ་མེད་སྣང་དུ་སྒོམ་པ་དང༌། གསལ་བའི་ལྟ་བ་ཉམས་སུ་ལེན་ཚུལ་དང༌། ཟབ་པའི་ལྟ་བ་ཉམས་སུ་ལེན་ཚུལ་ལོ། །དང་པོ་ནི། སྔོན་འགྲོ་དང༌། དངོས་གཞི་གཉིས། དང་པོ་ནི། ལས་དང་པོ་ལ་ལུས་གནད་བཅའ་བ་ཤིན་ཏུ་གནད་ཆེ་སྟེ། འདི་ལྟར་ཏིང་འཛིན་སེམས་ཀྱིས་བསྒོམ་ཞིང༌། སེམས་རླུང་ལ་བརྟེན་ལ། རླུང་ལུས་ལ་བརྟེན་པས། ལུས་མི་གནས་ན་སེམས་མི་གནས་པར་འགྱུར་པའི་ཕྱིར་རོ། །དེས་ན་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལག་པ་མཉམ་བཞག་གི་ཕྱག་རྒྱ་བྱ། སྒལ་ཚིགས་དྲང་པོར་བསྲང༌། མགྲིན་པ་ཅུང་ཟད་དགུག །ལྕེ་མཆུ་ཐ་མལ་པར་བཞག །མིག་སྣ་རྩེ་ལ་གཏད་པར་བྱ་སྟེ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཞུགས་སྟངས་ཡིན་པས་བྱིན་རླབས་འཇུག་པ་དང༌།


LT26_Page_040B
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དང་བ་འདྲེན་པ་དང༌། རླུང་སེམས་ལས་སུ་རུང་བས་ཏིང་ངེ་འཛིན་རང་གིས་སྐྱེ་ཞིང་གེགས་ཆུང་བའི་ཕྱིར་རོ། །དེ་ནས་ངག་གནད་བཅའ་སྟེ། རླུང་མི་བདེ་བ་དང༌། རྒོད་བག་ཅན་ཐམས་ཅད་སྤངས་ནས། དང་པོར་ལྷུན་གྲུབ་ཏུ་འཇུག་པ་ལ་རེ་ཞིག་གཡོ་བ་མེད་པར་བཞག་པར་བྱས་ཏེ། རླུང་སེམས་གནས་པ་ནི་ལུས་སེམས་ལས་སུ་རུང་བའི་རྩ་བ་ཡིན་པའི་ཕྱིར་རོ། །གཉིས་པ་དངོས་གཞི་ལ་གཉིས། འཁོར་བ་སྤྱི་ལ་དམིགས་ནས་བསྒོམ་པ་དང༌། འཁོར་བ་སོ་སོ་ལ་བཀར་ཏེ་བསྒོམ་པའོ། །དང་པོ་ནི། འཁོར་བ་སྤྱི་ལ་དམིགས་ནས་བསྒོམ་དགོས་ཏེ། དེ་ལྟར་མ་བྱས་ན་བློ་ལ་ཤུགས་ཆེན་པོ་མི་འབྱུང་བས་སོ། །དེ་བསྒོམ་པ་ནི་འཁོར་བའི་སྣོད་དང༌། འཁོར་བའི་བཅུད་ཐམས་ཅད་ལམ་གྱིས་གསལ་བཏབ་ནས། འདི་ཐམས་ཅད་འཁྲུལ་པའི་དབང་གིས་མེད་བཞིན་དུ་སྣང་བ་ཡིན་གྱི། དོན་ལ་ཅུང་ཟད་ཀྱང་གྲུབ་རྒྱུ་མེད་དེ། མིག་སེར་ཅན་ལ་དུང་སེར་པོ་སྣང་བ་ལྟར་ཡིན་པས་ཅུང་ཟད་ཀྱང་གྲུབ་རྒྱུ་མེད་སྙོམ་རྩེ་གཅིག་ཏུ་བཞག་ནས། ཡིད་ཀྱི་ངར་མི་འཆོར་པར་བྱ་བའི་ཕྱིར་སྣང་མེད་སྣང་མེད་ཅེས་བརྗོད་དོ། །གཉིས་པ་ནི། སོ་སོ་ལ་བཀར་ནས་བསྒོམ་དགོས་ཏེ། དེ་ལྟར་མ་བྱས་ན་འོལ་སྤྱི་ཙམ་དུ་སོང་ནས་རྡོ་རུས་ཐུག་པ་མི་འབྱུང་བ་ཡིན་ནོ། །དེ་བསྒོམ་པ་ནི། དགའ་བའི་སྣང་བ་གཅིག་སྐྱེས་བྱུང་ནའང༌། དེ་ལ་དགའ་རྒྱུ་ཅི་ཡོད། འཁྲུལ་པའི་དབང་གིས་དེ་ལྟར་སྣང་བ་ཡིན་གྱིས། དོན་ལ་དེ་དང་རི་བོང་རྭ་གཉིས་མེད་མཚུངས་ཡིན་པས་རི་བོང་རྭ་ལ་དགའ་བ་ལ་དགོས་པ་ཅི་ཡོད་སྙམ་དུ་རྩེ་གཅིག་ཏུ་བཞག་གོ །དེ་བཞིན་དུ་མི་དགའ་བ་དང༌། བདེ་བ་དང༌། སྡུག་བསྔལ་ལ་སོགས་ཀྱི་སྣང་བ་སྐྱེས་མ་ཐག་ཏུ་སྔར་གྱི་དེ་རྣམས་སྦྱར་ནས་བསྒོམ་པར་བྱའོ། །གཞན་ཡང་འཆི་བའི་སྣང་བ་འཆར་བའི་


LT26_Page_041A
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སུ། འདི་རྣམས་རི་བོང་གི་རྭ་དང་འདྲ་བས་འཆི་རྒྱུ་ཅུང་ཟད་ཀྱང་མེད་དེ། སྙིགས་མ་གློ་བུར་བའི་གང་ཟག་རྣམས་ནི་རང་བཞིན་མེད་པས་འཆི་རྒྱུ་མེད། ང་རང་ནི་དྭངས་གསལ་རྙོགས་མེད་ཀྱི་ལྷ་སྐད་ཅིག་ཡིན་པས་འཆི་རྒྱུ་མེད་ན། འཆི་བ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་པས་འཆི་མེད་ཡིན་འཆི་མེད་ཡིན་སྙམ་དུ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །དེ་ནས་ཉིན་མཚན་འཁོར་ཡུག་ཏུ་སྣང་བ་ཅི་ཤར་ཡང་འཁྲུལ་སྣང་དུ་བལྟས་ནས། མེད་སྣང་མེད་སྣང་ཞེས་སྐད་ཅིག་ཀྱང་མ་ཡེངས་པར་བྱས་ནས་བསྒོམ་པར་བྱའོ། །དེ་བཞིན་དུ་སྐྱེ་རྒ་སོགས་གཞན་རྣམས་ལའང་སྦྱར་ནས་བསྒོམ་མོ། །གཉིས་པ་གསལ་བའི་ལྟ་བ་ཉམས་སུ་བླང་བ་ལ་གཉིས། མཉམ་བཞག་དང༌། རྗེས་ཐོབ་པོ། དང་པོ་ནི། །སྔོན་འགྲོ་ཅི་རིགས་པ་སྔོན་དུ་བཏང་ནས། དག་པའི་སྣོད་བཅུད་ཐམས་ཅད་ཡིད་ཡུལ་དུ་གསལ་བར་བྱས་ནས་རྩེ་གཅིག་ཏུ་བསྒོམས་ཏེ། གསལ་བ་གསལ་བ་ཞེས་ཡིད་ཀྱི་བཟླས་པ་རྒྱུན་ཆགས་སུ་བྱ། གསལ་བ་ཡིད་ངོར་གསལ་པོ་འོང་ན་ཡིད་བཟླས་མ་བྱས་ཀྱང་ཆོག །དེའི་སྐབས་སུ་ཐ་མལ་གྱི་སྣང་ཆ་ཅུང་ཟད་བྱུང་ན་མེད་བཞིན་དུ་སྣང་བར་བལྟས་ནས་མེད་སྣང་མེད་སྣང་ཞེས་ཡིད་བཟླས་ཡང་ཡང་དུ་བྱ། དེ་ལྟར་བསྒོམ་པའི་སྐབས་སུ་ལུས་ངག་ཡིད་གསུམ་གྱི་ཟུག་རྔུ་དང་གཡེང་བ་ཅི་བྱུང་ཡང༌། མ་དག་པའི་ཆ་རྣམས་ནི་མེད་སྣང་དང༌། དག་པའི་ཆ་རྣམས་གསལ་བའི་སངས་རྒྱས་སུ་བལྟས་པའི་སྒོ་ནས་དགེ་སྦྱོར་གྱི་གཡེངས་རྐྱེན་དུ་མི་འགྲོ་བར་གཡེང་བ་ཇི་ཙམ་དུ་མང་བ་དགེ་སྦྱོར་གྱི་གྲོགས་སུ་འཆར་བར་བྱ་སྟེ། །དཔེར་ན་མེ་འབར་བ་ལ་ཤིང་བསྣན་པ་བཞིན་ནོ། །དེའི་ཐུན་མཇུག་ཏུ་ཡིད་ལ་ལས་གང་ཡང་མི་འཚོལ་བར་སེམས་ཁོ་ན་རང་གློད་ལ་མ་ཡེངས་ཙམ་དུ་དར་ཅིག་བཞག་སྟེ། དེ་ནི་ཞི་གནས་ངང་གིས་སྐྱེ་བ་དང༌། དམིགས་པ་ལ་ངེས་ཤེས་སྐྱེ་བ་དང༌། སྙོམ་ལས་སུ་མི་འཆོར་བ་དང༌། ལུས་སེམས་ཅུང་ཟད་ངལ་གསོ་བའི་དགོས་པ་ཡོད་དོ། །འདིའི་


LT26_Page_041B
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་རེས་འགའ་སེམས་ཅན་ཐམས་ཅད་ལ་དམིགས་ནས་བསྒོམ་པ་དང༌། རེས་འགའ་སེམས་ཅན་རེ་ལ་བཀར་ཏེ་བསྒོམ་དགོས་སོ། །གཉིས་པ་རྗེས་ཐོབ་ལ་གཉིས། ལྟ་བ་གསལ་འདེབས་པ་དང༌། སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། མཉམ་བཞག་དེ་ལས་ལངས་པའི་རྗེས་ཐོབ་ཏུ་ཡང་སེམས་ཅན་མཛེས་མི་མཛེས་གང་མཐོང་ཡང༌། གསལ་བ་གསལ་བ་ཞེས་ཡིད་བཟླས་བྱས་པའི་སྒོ་ནས་སྔར་གྱི་ལྟ་བ་དང་མ་བྲལ་བར་བྱའོ། །གཉིས་པ་སྤྱོད་པ་རྒྱ་ཆེན་ནི། སེམས་ཅན་གང་མཐོང་བ་ཐམས་ཅད་སྐུ་གསུམ་གྱི་བདག་ཉིད་དང༌། གདན་གསུམ་ཚང་པའི་དཀྱིལ་འཁོར་དུ་བལྟས་ནས། ལུགས་མ་དང་རས་བྲིས་ལ་སོགས་པ་དང༌། སེམས་ཅན་རྣམས་ལྷག་གིས་མཐོང་བ་ན་ཡང༌། ལུགས་སྐུ་ལ་སོགས་པ་འདི་དག་ནི་ཀུན་བཟང་བརྡའ་ཡི་སྐུ་ཙམ་སྟེ། ནམ་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་བྱ་བ་མཛད་པར་མི་ནུས་ཏེ། རྫོགས་པའི་སངས་རྒྱས་སུ་གྱུར་པའམ་འགྱུར་བ་མ་ཡིན་པའི་ཕྱིར་རོ། །ལྷ་མི་དང་དུད་འགྲོའི་གཟུགས་ཅན་ལ་སོགས་པའི་སྲོག་ཆགས་འདི་རྣམས་ནི་སྙིང་པོ་དོན་གྱི་སྐུ་སྟེ་སངས་རྒྱས་ཡིན་པ་དང༌། རྫོགས་པའི་སངས་རྒྱས་སུ་འགྱུར་བའོ། །ཞེས་ཤེས་པར་བྱས་ནས་སྲོག་ཆགས་མཐོང་བ་ཐམས་ཅད་ལ་མོས་པ་དང༌། གུས་པ་བཅོས་མ་མ་ཡིན་པའི་སྒོ་ནས་ཕྱག་དང༌། མཆོད་པ་དང༌། དེ་དག་ལ་དབང་ལེན་པ་ལ་སོགས་པའི་སྤྱོད་པ་རླབས་པོ་ཆེ་རྒྱ་མཚོ་ལྟ་བུ་ལ་བསླབ་པར་བྱའོ། །གསུམ་པ་ཟབ་པའི་ལྟ་བ་ལ་བཞི། སྟོང་ཉིད་ཀྱི་རྣལ་འབྱོར། མཉམ་ཉིད་ཀྱི་རྣལ་འབྱོར། བརྗོད་མེད་ཀྱི་རྣལ་འབྱོར། མི་རྟོག་པའི་རྣལ་འབྱོར་རོ། །དང་པོ་ལ། མཉམ་བཞག་དང༌། རྗེས་ཐོབ་གཉིས། དང་པོ་ལ། ཞི་གནས་བསྒོམ་པ་དང༌། ལྷག་མཐོང་བཙལ་བ་གཉིས། དང་པོ་ལ། སེམས་མཉམ་པ་ཉིད་དང༌། སེམས་


LT26_Page_042A
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་དུ་འདུག་པ་ཉིད་དང༌། སེམས་ལྷུན་གྱིས་གྲུབ་པར་འཇུག་པ་དང་གསུམ་མོ། །དང་པོ་ནི། ཐོག་མར་ཉིན་པར་ད་ལྟར་གྱི་སྣང་བ་འདི་ཉིད་ཀྱི་སྟེང་དུ་སེམས་མཉམ་པར་བཞག་སྟེ། གཞན་དུ་མི་གཡེང་བར་བྱ། དེ་ནི་དང་པོའི་སེམས་མཉམ་པར་བཞག་པ་ཙམ་གྱི་དུས་ཡིན་ནོ། །མཚན་མོ་རང་གི་སེམས་ཀྱི་སྟེང་དུ་སེམས་པར་བྱ་ཞིང༌། ཅུང་ཟད་གོམས་ནས་གཙོ་བོར་སེམས་ཀྱི་སྟེང་དུ་མཉམ་པར་བཞག་པར་བྱ་སྟེ། མདོ་སྡེ་རྒྱན་ལས། སེམས་ལ་སེམས་ནི་འཇོག་ཕྱིར་དང་ཞེས་དང༌། དེ་ཉིད་ལས། བདག་ལ་མཉམ་པར་བཞག་ཕྱིར་དང༌། །ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་སེམས་རྣལ་དུ་འདུག་པ་ཉིད་ནི། དེ་ནས་བྱིང་རྒོད་མི་བྱུང་བར་བྱ་བའི་ཕྱིར་དྲན་པ་དང༌། ཤེས་བཞིན་གྱི་བྱ་ར་ལྟ་བུར་བཞག་པར་བྱ་སྟེ་དེའི་ཚེ་བྱིང་རྒོད་བྱུང་བར་དྭོགས་པའི་ཕྱིར་རོ། །གསུམ་པ་ལྷུན་གྱིས་གྲུབ་པར་འཇུག་པ་ནི། དེ་ལྟར་གུས་པ་དང༌། རྒྱུན་གྱི་རྣལ་འབྱོར་གྱིས་བསྐྱངས་པས། ཇི་ཞིག་ལྟར་ལ་དྲན་པ་དང་ཤེས་བཞིན་ལ་ལྟོས་པ་མེད་པར་སེམས་ཀྱི་རྒྱུན་གཡེང་བ་མེད་པར་གནས་པ་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ནོ། །དེ་ལྟར་ན་ཞི་གནས་ཡོངས་སུ་རྫོགས་པ་ཡིན་པས། ཇི་སྲིད་ཞི་གནས་ཀྱི་ཚད་དང་རྟགས་མ་བྱུང་བར་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ལ་ཚད་ནི། གང་ལ་གཏད་པའི་དམིགས་པ་དེ་ཡིད་ཡུལ་དུ་འབྱུང་ཞིང༌། གཞན་མི་འབྱུང་བ་དང༌། སྐབས་ནམ་འདོད་པའི་ཚེ་འབྱུང་བ་དང་དུས་ཇི་སྲིད་འདོད་པའི་བར་དུ་འབྱུང་བ་སྟེ་ཚེའི་འདུ་བྱེད་མ་ཞིག་གི་བར་དུ་གཞིར་བྱས་པའོ། །རྟགས་གཉིས་ལས། ནང་རྟགས་ངེས་པ་ནི། སེམས་ལྷུན་གྲུབ་ཏུ་འབྱུང་བ་འདི་ཉིད་ཡིན་ལ། ཕྱི་རྟགས་ནི། ལུས་གཡོ་འགུལ་མེད་པ་འདི་ཉིད་དང༌། ཤིན་ཏུ་ཡང་བ་དང༌། བདེ་བ་ལ་སོགས་པ་ལྷུན་གྲུབ་ཏུ་འབྱུང་ངོ༌། །གཉིས་པ་ལྷག་མཐོང་ནི། གསལ་བ་འདི་ཡང་མ་བརྟགས་ན་ཉམས་དགའ་བ་ཙམ་གྱིས་བརྟགས་ཤིང་དཔྱད་ན་ཅུང་


LT26_Page_042B
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ཀྱང་གྲུབ་པའི་སྐྱེ་བ་མེད་པར་ཐག་བཅད་ནས་ཡིད་ཀྱིས་རྩེ་གཅིག་ཏུ་བསྒོམ་མོ། །སྐྱེ་མེད་ཀྱི་དམིགས་པ་གསལ་པོ་མི་ཡོང་ན་སྐྱེ་མེད་བདེན་མེད་ཅེས་ཡིད་བཟླས་ཡང་ཡང་དུ་བྱས་པའི་སྒོ་ནས་གསལ་བཏབ་ཅིང་བསྒོམ་སྟེ། རྗེ་བཙུན་བྱམས་པས། བྱང་ཆུབ་སེམས་དཔའ་མཉམ་བཞག་ལ། །ཡིད་ཀྱི་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མ་མཐོང་ངོ༌། །ཞེས་གསུངས་པ་ལྟར་རོ། །འདིའི་སྐབས་སུ་གཡེང་བ་ཇི་ལྟར་མང་ཡང་དགེ་སྦྱོར་གྱི་གཡེང་རྐྱེན་དུ་མི་འགྲོ་བར། སྐྱེ་མེད་བདེན་མེད་ཀྱི་གསལ་འདེབས་སུ་ཤེས་པའི་སྒོ་ནས་སྟོང་ཉིད་དགེ་སྦྱོར་འཕེལ་བའི་གྲོགས་སུ་བཏང་སྟེ། མེ་འབར་བ་ལ་སླར་ཤིང་བསྣན་པ་བཞིན་ནོ། །ཐུན་མཇུག་ཏུ་གློད་ནས་འཇོག་པ་སྔར་བཞིན་ནོ། །གཉིས་པ་རྗེས་ཐོབ་ལ་གཉིས་ཏེ། ལྟ་བ་གསལ་འདེབས་པ་དང༌། སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། མཉམ་བཞག་དེ་ལས་ལངས་པའི་རྗེས་ཐོབ་ཏུའང་སྒོ་གསུམ་གྱི་བྱ་བ་ཅི་བྱེད་ཀྱང༌། སྐྱེ་མེད་སྟོང་ཉིད་ཅེས་པའི་ཡིད་བཟླས་བྱས་པའི་སྒོ་ནས་སྔར་གྱི་སྟོང་ཉིད་ཀྱི་ལྟ་བ་དང་མ་བྲལ་བར་བྱའོ། །གཉིས་པ་ནི། དེ་ལྟར་མ་རྟོགས་པར་བདེན་པ་མེད་པ་ལ་བདེན་པར་བཟུང་བའི་འགྲོ་བ་རྣམས་ལ་བཅོས་མིན་གྱི་སྙིང་རྗེ་བསྐྱེད་ནས་དེ་དག་གི་དོན་དམ་པར་སྣང་ལ་རང་བཞིན་མེད་པར་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་སྟོང་ཉིད་ཀྱི་ཆོས་སྟོན་པ་དང༌། ཕྱག་དང་བསྐོར་བ་དང༌། སཙྪ་གདབ་པ་དང༌། གཟུངས་སྔགས་བཟླ་བ་དང༌། སྦྱིན་པ་དང༌། བཟོད་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སློབ་བོ། །གཉིས་པ་མཉམ་ཉིད་ཀྱི་རྣལ་འབྱོར་ལ་གཉིས། མཉམ་བཞག་དང༌། རྗེས་ཐོབ་བོ། །དང་པོ་ནི། །སྔོན་འགྲོ་སྔར་ལྟར་སྔོན་དུ་བཏང་ནས། སྣང་བ་རྫུན་པ་དང༌། སྟོང་པ་བདེན་པའི་ཁྱད་པར་མེད་པས། སྣང་སྟོང་བདེན་རྫུན་ལ་སོགས་པའི་མཐའ་ཐམས་ཅད་བྲལ་བའི་མཉམ་པ་ཉིད་གསལ་བཏབ་ནས་ཡིད་ཀྱིས་རྩེ་གཅིག་


LT26_Page_043A
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྒོམ་མོ། །དམིགས་པ་མི་གནས་ན་མཉམ་ཉིད་མཉམ་ཉིད་ཅེས་ཡིད་བཟླས་ཀྱིས་གསལ་བཏབ་བོ། །འདིའི་སྐབས་སུ་གཡེངས་བ་ཐམས་ཅད་དགེ་སྦྱོར་གྱི་གྲོགས་སུ་གཏང་བ་དང༌། ཐུན་མཇུག་ཏུ་གློད་ནས་འཇོག་པ་སྔར་བཞིན་བྱའོ། །རྗེས་ཐོབ་ལ་གཉིས། ལྟ་བ་གསལ་འདེབས་པ་དང༌། སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། མཉམ་བཞག་དེ་ལས་ལངས་པའི་རྗེས་ཐོབ་ཐམས་ཅད་མཉམ་ཉིད་མཉམ་ཉིད་ཅེས་ཡིད་བཟླས་བྱས་པའི་སྒོ་ནས་སྔར་གྱི་མཉམ་ཉིད་ཀྱི་ལྟ་བ་དང་མ་བྲལ་བར་བྱའོ། །གཉིས་པ་ནི། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ནས་མཉམ་ཉིད་ཀྱིས་ཆོས་སྟོན་པ་སོགས་སྔར་བཞིན་ནོ། །གསུམ་པ་བརྗོད་མེད་ཀྱི་རྣལ་འབྱོར་ལ་གཉིས། མཉམ་བཞག་དང༌། རྗེས་ཐོབ་བོ། །དང་པོ་ནི། སྔོན་འགྲོ་སྔར་ལྟར་སྔོན་དུ་བཏང་ནས། ཆོས་ཐམས་ཅད་མཉམ་མི་མཉམ་མཐའ་དང་བྲལ་མ་བྲལ་ལ་སོགས་པ་གང་དུ་ཡང་བརྗོད་དུ་མེད་པར་གསལ་བཏབ་ནས་ཡིད་ཀྱིས་རྩེ་གཅིག་ཏུ་བསྒོམ་མོ། །མི་གསལ་ན་བརྗོད་མེད་ཅེས་ཡིད་བཟླས་ཀྱིས་གསལ་བཏབ་ནས། གཡེངས་བ་ཐམས་ཅད་དགེ་སྦྱོར་གྱི་གྲོགས་སུ་བཏང་སྟེ། ཐུན་མཇུག་ཏུ་ཡིད་ལ་ལས་གང་ཡང་མི་འཚོལ་བར། བྱིང་རྨུག་དང༌། འཕྲོ་རྒོད་ཀྱི་དབང་དུ་སོང་གིས་དྭོགས་ནས་ཤེས་བཞིན་དང་མ་བྲལ་བར་མ་ཡེངས་ཙམ་དུ་འཇོག་པ་སྔར་བཞིན་ནོ། །རྗེས་ཐོབ་ལ་གཉིས། ལྟ་བ་གསལ་འདེབས་པ་དང་སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། །མཉམ་བཞག་དེ་ལས་ལངས་པའི་རྗེས་སུ་བྱ་བ་ཅི་བྱེད་ཀྱང༌། བརྗོད་མེད་བརྗོད་མེད་ཅེས་ཡིད་བཟླས་ཀྱི་སྒོ་ནས་སྔར་གྱི་ལྟ་བ་དང་མ་བྲལ་བར་བྱའོ། །གཉིས་པ་ནི། །དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ནས་བརྗོད་མེད་ཀྱི་ཆོས་སྟོན་པ་སོགས་སྔར་བཞིན་ནོ། །བཞི་པ་མི་རྟོག་པའི་རྣལ་འབྱོར་ལ་གཉིས། མཉམ་


LT26_Page_043B
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་དང༌། རྗེས་ཐོབ་བོ། །དང་པོ་ནི། སྔོན་འགྲོ་སྔར་ལྟར་སྔོན་དུ་བཏང་ནས། དེ་ནས་དོན་དམ་དཔྱོད་བྱེད་ཀྱི་རིགས་པ་ཞིབ་མོས་དཔྱད་པས། ཡོད་པ། མེད་པ། གཉིས་ཀ། གཉིས་ཀ་མ་ཡིན་པ། བདེན་པ། རྫུན་པ། གཉིས་ཀ། གཉིས་ཀ་མ་ཡིན་པ། སྣང་བ། སྟོང་པ། གཉིས་ཀ། གཉིས་ཀ་མ་ཡིན་པ། སྐྱེ་བ། སྐྱེ་མེད། གཉིས་ཀ། གཉིས་ཀ་མ་ཡིན་པ་ལ་སོགས་པའི་མཐའ་གང་དུ་ཡང་འཛིན་མ་ཤེས་པས། གང་དུ་ཡང་མི་བལྟ། མི་མནོ། མི་བསམ། མི་དཔྱད། མི་རྟོག་པར་རྩོལ་བྲལ་ལྷུག་པ་ཉིད་དུ་མ་ཡེངས་ཙམ་དུ་བཞག་གོ །དེ་ལྟར་བཞག་པའི་དུས་སུ་མཐའ་བཞི་ལ་སོགས་པའི་འཛིན་པ་གང་བྱུང་ཡང༌། ཤེས་རབ་ཟབ་མོས་སྒྲོ་འདོགས་དང་སྐུར་འདེབས་ཀྱི་འཛིན་པ་བཅད་ཅིང་རྗེས་སུ་དཔྱོད་བྱེད་རང་གི་འཛིན་པ་ཡང་བཏང་ནས་མ་ཡེངས་ཙམ་དུ་བཞག་གོ །གཉིས་པ་རྗེས་ཐོབ་ལ་གཉིས་ཏེ། ལྟ་བ་གསལ་འདེབས་པ་དང༌། སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། །དེ་ལྟར་དཔྱད་ན་མཐའ་གང་དུ་ཡང་འཛིན་མི་ནུས་པས། རྣམ་པར་མི་རྟོག་པ་ལ་བཞག་པ་ཡིན་ཡང༌། དེ་ལྟར་འཇོག་མ་ནུས་པ་རྣམས་ཀྱི་དོན་བྱའོ། །ཞེས་པས་མཉམ་བཞག་དེ་ལས་ལངས་ནས་རང་གཞན་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་མི་རྟོག་པའི་ལྟ་བ་རྩིས་མ་ཤོར་བའི་ངང་ནས་རྒྱུ་བར་བྱ་སྟེ། མདོ་སྡུད་པ་ལས། འགྲོ་བ་འཁྲུལ་པ་རི་དྭགས་རྒྱར་ཆུད་འདྲར་ཤེས་ནས། ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེད་དེ། སྒྲོ་སྐུར་འཛིན་པ་མཐའ་དག་གཅོད་པའི་ཆོས་སྟོན་པ་དང༌། ཕྱག་དང་བསྐོར་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སྤྱོད་པ་སྔར་བཞིན་ནོ། །དེ་ཐམས་ཅད་ཀྱི་སྙིང་པོ་བསྡུས་ནས་རྒྱུན་ཆགས་སུ་ཉམས་སུ་ལེན་ཚུལ་ནི། །སྙིགས་


LT26_Page_044A
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྣོད་བཅུད་ཀྱི་སྣང་བ་གང་ཤར་ཡང༌། འདི་ཐམས་ཅད་འཁྲུལ་པའི་དབང་གིས་སྣང་བའི་མེད་སྣང་ཙམ་ཡིན་གྱིས། དོན་ལ་ཅུང་ཟད་ཀྱང་གྲུབ་པ་མེད་པས་མེད་སྣང་ཞེས་སྐད་ཅིག་མ་དང་པོ་ལ་དེ་ལྟར་ངེས་ཤེས་བསྐྱེད་ནས་སྐད་ཅིག་མ་གཉིས་པ་ལ་སྣོད་ཐམས་ཅད་དྭངས་མའི་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་འོད་གསལ་བྱང་ཆུབ་ཀྱི་སེམས་མི་ཤིགས་པ་ཁྱད་པར་སུམ་ལྡན་གདན་གསུམ་ཚང་པའི་ལྷར་ལམ་གྱིས་གསལ་བཏབ་ནས། སྐད་ཅིག་མ་གསུམ་པ་ལ་ཡོད་འཛིན་འགོག་པའི་ཕྱིར་ཡོད་པ་མིན་ཞེས་དང༌། མེད་འཛིན་འགོག་པའི་ཕྱིར་མེད་པ་མིན་ཞེས་དང༌། གཉིས་འཛིན་འགོག་པའི་ཕྱིར་གཉིས་ཀ་མིན་ཞེས་དང༌། གཉིས་ཀ་མ་ཡིན་པའི་འཛིན་པ་འགོག་པའི་ཕྱིར། གཉིས་ཀ་མ་ཡིན་པ་མིན་ཞེས་གང་དུ་ཡང༌། མི་བལྟ། མི་མནོ། མི་བསམ། མི་དཔྱད་པའི་ངང་ལ་ལྟ་སྟངས་དང་བཅས་ཏེ་ཉམས་སུ་བླང་བ་དང༌། ཡང་སྣང་བ་གང་སྐྱེས་བྱུང་ཡང་དེ་ཐོག་ཏུ་སྔར་བཞིན་སེམས་ཀྱི་རྩི་མ་ཤོར་བ་བྱའོ། །གསུམ་པ་རྗེས་ཀྱི་རྣལ་འབྱོར་ནི། །དེ་ལྟར་བསྒོམས་པའི་དགེ་བའི་རྩ་བ་ལ་སོགས་པའི་དགེ་བ་རྣམས་ཆུད་མི་ཟ་བར་བྱ་བའི་ཕྱིར་བླ་མེད་བྱང་ཆུབ་ཏུ་བསྔོ་བ་དང༌། སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱའོ། །བཞི་པ་མ་སྐྱེས་པའི་གེགས་སེལ་བ་ནི། །དེ་ལྟར་བསྒོམས་ཀྱང་གསལ་བ་དང་ཟབ་བའི་ལྟ་བ་ཚུལ་བཞིན་དུ་མ་སྐྱེས་ན། སྙོམས་ལས་ལ་སོགས་པའི་ལེ་ལོའི་དབང་དུ་སོང་ནས། བརྩོན་འགྲུས་ཆུང་བ་དང༌། འདུ་འཛི་དང་རྣམ་གཡེང་གི་དབང་དུ་སོང་ནས་རྩེ་གཅིག་ཏུ་སྒོམ་པ་མ་བྱུང་བས་ལན་པ་ཡིན་པས། ལེ་ལོ་དང་སྙོམ་ལས་སླངས་ནས་བརྩོན་འགྲུས་ཆེན་པོས་རྩེ་གཅིག་ཏུ་བསྒོམ་པས་སྐྱེ་བར་འགྱུར་ལ། དེ་ལྟར་བྱས་ཀྱང་མ་སྐྱེས་ན་གསལ་བ་དང་ཟབ་པའི་ལྟ་བ་ལ་ངེས་ཤེས་མ་སྐྱེས་པས་ལེན་པ་ཡིན་པས། ཟབ་གསལ་གྱི་ལྟ་བ་ལ་མཁས་པའི་དགེ་བའི་བཤེས་གཉེན་ལུས་དང་གྲིབ་མ་བཞིན་


LT26_Page_044B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་འབྲལ་བར་བསྟེན་པ་དང༌། ཟབ་གསལ་སྟོན་པའི་གསུང་རབ་ཟབ་མོ་ཀློག་པའི་སྒོ་ནས་ཐག་ཆོད་ཀྱི་ངེས་ཤེས་བསྐྱེད་ནས་སླར་བསྒོམ་པས་ཚུལ་བཞིན་སྐྱེ་བར་འགྱུར་རོ། །དེ་ལྟར་བྱས་ཀྱང་མ་སྐྱེས་ན་འགལ་རྐྱེན་སྡིག་སྒྲིབ་སྟོབས་ཆེན་མ་དག་པ་དང༌། མཐུན་རྐྱེན་ཚོགས་མ་རྫོགས་པས་ལེན་པ་ཡིན་པས། ཡི་གེ་བརྒྱ་པའི་སྡིག་སྦྱོང་དང༌། བླ་མའི་རྣལ་འབྱོར་ཟབ་མོ་བསྒོམ་པ་དང༌། ཀུ་སཱ་ལིའི་ཚོགས་གསོག་ཟབ་མོ་གསུམ་ཚུལ་བཞིན་ཉམས་སུ་བླངས་ནས་སླར་བསྒོམ་པས་སྐྱེ་བར་འགྱུར་ཏེ། འདི་གསུམ་ནི་གེགས་སེལ་གྱི་མ་མོ་ལྟ་བུ་ཡིན་ནོ། །ལྔ་པ་སྐྱེས་པའི་བོགས་འདོན་ནི། །ཧ་ཅང་སྟེང་འགྲུས་མེད་པར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱིས་སྐྱོང་བ་དང་རོ་སྙོམས་རྩལ་སྦྱངས་ཀྱི་ཉམས་ལེན་འདི་ལྟར་བྱ་སྟེ། དེ་ཡང་འཁོར་བའི་སྣང་བ་ཕལ་ཆེར་གཟུགས་སྒྲ་དྲི་རོ་རེག་བྱ་ཚོར་བ་བདེ་སྡུག་ཏུ་འདུས་པས། དང་པོར་གཟུགས་ལ་གནད་དུ་བསྣུན་པ་ནི། སྔོན་འགྲོ་སྔར་ལྟར་སྔོན་དུ་བཏང་ནས། དངོས་གཞིའི་ཚེ་ཆགས་སྡང་གི་ཞིང་ཡུལ་ཡིད་དུ་འོང་བ་དང༌། མི་འོང་བའི་ཤ་ཟ་ལྟ་བུ་འཇིགས་ཤིང་ཡ་ང་བ་གཅིག་བསྒོམ། དེའི་ཡུལ་ཤར་ནས་གསལ་ཐེབ་པའི་ཚེ། དེ་ཐམས་ཅད་མེད་བཞིན་དུ་སྣང་བ་ཉིད་ཡིན་པར་ཐག་བཅད་ནས། དེ་ཐོག་ཏུ་ཉམས་ལེན་བསྐྱང་ཚུལ་སྔར་དང་འདྲ། དེ་ལྟར་བསྒོམ་པ་ལ་རང་བྱན་དགའ་རབ་ཚུད་ན། ཤིན་ཏུ་འཇིགས་ཤིང་ཡ་ང་བའི་གཉེན་སར་ཕྱིན་ལ་ལྟ་བའི་རྩལ་སྦྱང༌། དེ་བཞིན་དུ་ཆགས་སྡང་སྐྱེ་བའི་ཡུལ་སྒྲ་ཤིན་ཏུ་སྙན་པ་དང༌། སྒྲ་ཤིན་ཏུ་མི་སྙན་པ་གང་རུང་ཡིད་ཀྱིས་བསྒོམ། དེ་ཡིད་ཡུལ་དུ་ཤར་ནས་གསལ་ཐེབས་པའི་ཚེ། དེ་ཐམས་ཅད་མེད་བཞིན་དུ་སྣང་བ་ཉིད་ཡིན་པར་ལྟ་བས་ཐག་བཅད་ནས་དེ་ཐོག་ཏུ་ཉམས་ལེན་སྔར་ལྟར་བསྐྱང༌། དེ་ནས་ངུ་ཆོམ་སོགས་སྒྲ་ངན་ཡོད་པའི་སར་ཕྱིན་ལ་སྦྱང་ངོ༌། །དེ་བཞིན་དུ་དྲི་ལ་ཡང་དང་པོར་དྲི་ཞིམ་མི་ཞིམ་གང་ཡང་རུང་བ་ཡིད་ཀྱིས་བསམས་ནས། མེད་


LT26_Page_045A
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་དུ་ཤེས་ནས་གནད་དུ་བསྣུན། དེ་ནས་དྲི་ཤིན་ཏུ་མི་ཞིམ་པ་ལྟ་བུ་དངོས་སུ་བསྟན་ཅིང་ལག་ལེན་དུ་སྦྱང༌། རོ་ལ་ཡང་དང་པོར་རོ་ཞིམ་མི་ཞིམ་ཡིད་ཀྱིས་སྤྲུལ་པ་དང༌། དེ་ནས་རོ་ཤིན་ཏུ་མི་ཞིམ་པ་ལྟ་བུ་ཕྱེད་ཟ་ཞིང་རྩལ་སྦྱང༌། དེ་བཞིན་དུ་རེག་བྱ་ལ་ཡང་དང་པོར་ཆགས་སྡང་གི་རྒྱུ་རེག་བྱ་ཤིན་ཏུ་འཇམ་པའམ་རྩུབ་པ་ཞིག་བསྒོམས་ནས་གནད་དུ་བསྣུན། དེ་ནས་ཚེར་ཁྲོད་ལྟ་བུ་ཞིག་ཏུ་དངོས་སུ་བསྡད་ནས་འཇམ་རྩུབ་ཀྱི་རེག་བྱ་དེ་དག་རི་བོང་གི་རྭ་དང་འདྲ་བར་མ་གྲུབ་པས། ཕན་གནོད་གང་ཡང་མི་ནུས་པར་ལྟ་བ་ཟབ་མོས་ཐག་བཅད་ནས་ཉམས་ལེན་སྦྱང་བར་བྱའོ། དེ་བཞིན་དུ་ཚོར་བ་བདེ་སྡུག་གང་ལའང་སྔར་བཞིན་དུ་ཤེས་པར་བྱའོ། །དྲུག་པ་བརྟན་པའི་ཚད་ལ་གཉིས་ཀྱི། དང་པོ་གསལ་བའི་ལྟ་བ་བརྟན་པའི་ཚད་ནི། སྣོད་བཅུད་ལ་ཐ་མལ་གྱི་འཛིན་པ་མངོན་གྱུར་བ་རགས་པ་ཞི་ནས། གསལ་བའི་འཛིན་པ་ཅུང་ཟད་བརྟན་པ་ཡིན་ནོ། །སྟོང་ཉིད་ཀྱི་ལྟ་བ་ཅུང་ཟད་བརྟན་པའི་ཚད་ནི། །དངོས་འཛིན་རགས་པ་ཞི་བའོ། མཉམ་ཉིད་ཀྱིས་ནི་སྟོང་འཛིན་ཞི་བའོ། །བརྗོད་མེད་ཀྱིས་ནི་མཉམ་འཛིན་ཞི་བའོ། མི་རྟོག་པས་ནི་སྒྲོ་འདོགས་དང༌། སྐུར་འདེབས་ཀྱི་འཛིན་པ་མངོན་གྱུར་བ་རགས་པ་ཞི་ནས། མི་རྟོག་པ་ལ་སྩོལ་མེད་དུ་འགྲོ་བའོ། །བདུན་པ་ཞར་ལ་ཉེ་བར་མཁོ་བ་ཐུན་མཚམས་ཀྱི་རྣལ་འབྱོར་ལ་གཉིས། ཟས་ཀྱི་རྣལ་འབྱོར་དང༌། ཉལ་བའི་རྣལ་འབྱོར་རོ། །དང་པོ་ནི། རང་ལུས་བསྐྱེད་རྫོགས་ཅི་རིགས་པ་གསལ་བཏབ་སྟེ། རང་ལུས་ལ་གདན་གསུམ་ཚང་པའི་ལྷའི་དཀྱིལ་འཁོར་གྱི་འདུ་ཤེས། ཟས་ལ་སྐུ་གསུང་ཐུགས་ཀྱི་བདུད་རྩིའི་འདུ་ཤེས་ཟས་ལོངས་སྤྱོད་པ་ལ་ལྷ་མཆོད་པའི་འདུ་ཤེས་ཏེ། འདུ་ཤེས་གསུམ་ལྡན་གྱིས་ཇི་ལྟར་རན་བར་མ་ཡེངས་པར་ལོངས་སྤྱད་ལ། དབང་པོ་རྣོན་དེ་ཐམས་ཅད་འཁོར་གསུམ་རྣམ་པར་མི་རྟོག་པ་དང་མ་བྲལ་བའི་ངང་ལ་ལོངས་སྤྱོད་དོ། །གཉིས་པ་ཉལ་བའི་རྣལ་འབྱོར་ནི།


LT26_Page_045B
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་པར་གྱི་རྣལ་འབྱོར་ཚར་ནས་ཉལ་བའི་དུས་སུ། ཐུན་མོང་གི་རྣལ་འབྱོར་ཉིན་པར་རང་གི་སྒོ་གསུམ་གྱི་སྤྱོད་པ་རྣམས། དགེ་བ་དང་སྡིག་པ་ཅི་བྱུང་བརྟགས་ན། དགེ་བ་བྱུང་བ་རྣམས་ལ་ཡི་རང་གི་དགའ་སྤྲོ་ན་བསྒོམས་པས་མང་དུ་སྤེལ་ཞིང༌། སྡིག་པ་བྱུང་བ་རྣམས་བཙན་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་པས། སྟོབས་བཞི་ཚང་བའི་རྒྱུན་བཤགས་ཡང་ཡང་བྱ་སྟེ། ནངས་པར་སྔ་བར་ལངས་ནས་རྣལ་འབྱོར་གྱི་རིམ་པ་ལ་འཇུག་སྙོམ་པའི་བསམ་པས་གཞོག་གཡས་པ་འོག་ཏུ་གཞུག་ཅིང་ལུས་བདེ་བར་ཉལ་ལ་དྲན་པ་མངོན་དུ་བཏང་ནས་ཐུན་མོང་མ་ཡིན་པའི་རྣལ་འབྱོར། དོན་ལ་འཆི་བ་མེད་ཀྱང་འཁྲུལ་སྣང་དུ་ཡོད་པས། ང་ལ་ཡང་འཆི་བའི་སྣང་བ་འཆར་བར་འདུག་སྙམ་དུ་བསམས་ནས། དེའི་རྟགས་དང་པོ་སྨིག་རྒྱུ། དེ་ནས་དུ་བ། དེ་ནས་མེ་ཁྱེར། དེ་ནས་མར་མེ། དེ་ནས་མཁའ་སྣང་རྣམས་ཁྲ་བུན་གྱིས་རིམ་ཅན་དུ་ཤར་བར་བསམ། དེ་རྗེས་དཀར་ལམ་ཟླ་བ་ཤར་བ་ལྟ་བུ་བྱུང༌། སྐུ་རྡོ་རྗེ་ངོ་ཤེས་པར་བྱ། དེ་ནས་དམར་ལམ་ཉི་མ་ཤར་བ་ལྟ་བུ་བྱུང༌། གསུང་རྡོ་རྗེ་ངོ་ཤེས་པར་བྱ། དེ་ནས་ནག་ལམ་མཚམས་ཀྱི་མུན་པ་ལྟ་བུ་བྱུང༌། ཐུགས་རྡོ་རྗེ་ངོ་ཤེས་པར་བྱ། དེ་ནས་ཐམས་ཅད་སྟོང་པ་འོད་གསལ་སྤྲིན་མེད་ཀྱི་ནམ་མཁའ་ལྟ་བུ་ཤར་བར་བསྒོམ་ནས། སོ་སོར་རྟོག་པའི་ཤེས་རབ་ཞིབ་མོས་མུ་བཞིའི་འཛིན་པ་ཐམས་ཅད་བཅད་ལ། ནངས་པར་གཞན་དོན་དུ་གཟུགས་ཀྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་དང་བཅས་པས་ལྡང་བའི་སེམས་དང་མ་བྲལ་བཞིན་དུ་གཉིད་ལོག་པར་བྱའོ། །བར་སྐབས་སུ་སད་པའི་དུས་སུ་ཡང་རྣལ་འབྱོར་དེ་རྣམས་བསྐྱར་ཞིང་གསལ་བཏབ་ནས་ཉལ་ཏེ། ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ཚུལ་བཞིན་དུ་ལྷའི་སྐུར་ལྡང་ངོ༌། །དེ་ལྟ་བུའི་ཚུལ་གྱིས་ཐུན་དང་ཐུན་མཚམས་ཐམས་ཅད་དུ་ཟབ་གསལ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དང་མ་བྲལ་བར་ཉམས་སུ་བླངས་པས་རླུང་སེམས་དབུ་མར་ཐིམ། གཟུང་འཛིན་གྱི་མདུད་པ་ཞིག །ཉམས་


LT26_Page_046A
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཀྱི་ཀློང་རྡོལ། སྙིགས་མ་འཁོར་བའི་འཁྲུལ་སྣང་ཐམས་ཅད་དྭངས་མ་མྱ་ངན་ལས་འདས་པའི་ངོ་བོར་རོ་གཅིག་ཏུ་དག་པས་འཁོར་འདས་དབྱེར་མེད་དམ། ཟབ་གསལ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་དབང་འབྱོར། ས་ལམ་ཐམས་ཅད་མིག་འཕྲུལ་ལྟར་སྐད་ཅིག་གིས་བགྲོད་ནས། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་འགྱུར་བ་ཡིན་ནོ། །གཉིས་པ་མདོ་སྔགས་ཟུང་དུ་འཇུག་པའི་ལམ་གྱི་སྙིང་པོ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་འཁྲིད་ལ་གཉིས། ལོ་རྒྱུས་དང་གདམས་པ་དངོས་སོ། །དང་པོ་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང༌། གྲུབ་ཆེན་ཏེ་ལོ་པ། པཎ་ཆེན་ནཱ་རོ་ཏཱ་པ། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། ཕག་གྲུ་རྡོ་རྗེ་རྒྱལ་པོ། གླིང་རས་པདྨ་རྡོ་རྗེ། རྒྱ་རས་ཡེ་ཤེས་རྡོ་རྗེ། དེས་རྒོད་ཚང་པ་མགོན་པོ་རྡོ་རྗེ་ལ་གདམས། དེ་ནས་སྟོད་འབྲུག་བཀའ་བརྒྱུད་ཀྱི་ཕྱོགས་ལས་རིམ་པར་བརྒྱུད་དེ། འཕགས་མཆོག་སྤྱན་རས་གཟིགས་དངོས་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་ལ་བཀའ་བབས་ཤིང་ཐུགས་ཉམས་སུ་བཞེས། རྒྱལ་སྲས་ཁྲིད་དྲུག་ཏུ་གྲགས་པའི་ཡ་གྱལ་དུ་མཛད་ནས་སློབ་མ་མཆོག་རྣམས་ལ་གདམས་པས། འདིར་མཁས་གྲུབ་ཆེན་པོ་ལོ་ཆེན་བྱང་ཆུབ་རྩེ་མོ། དེ་དཔོན་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། དེ་ལས་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱིས་གསན་པ་ནས་བཟུང་བདག་ཅག་གི་བླ་མ་དམ་པའི་བར་དུ་ཚིག་དང་དོན་གྱི་བརྒྱུད་པ་བར་མ་ཆད་ཅིང༌། ཉམས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་མཁས་གྲུབ་ཆེན་པོ་ཤ་སྟག་ཏུ་བྱོན་པ་ཡིན་ནོ། །གཉིས་པ་གདམས་པ་དངོས་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། ཐུན་མོང་གི་སྔོན་འགྲོ། ཐུན་མོང་མ་ཡིན་པའི་སྔོན་འགྲོ། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ལ་བཞི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས།


LT26_Page_046B
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་ཉེས་དམིགས་ཏེ་བློ་ལྡོག་རྣམ་པ་བཞི་ལ་རྒྱུད་སྦྱོང་བའི་ཚུལ་གཞན་དང་མཐུན། གཉིས་པ་ལ་གསུམ། རྡོ་རྗེ་སེམས་དཔའི་སྒོམ་བཟླས། མཎྜལ། བླ་མའི་རྣལ་འབྱོར་ཏེ་སྔོན་འགྲོ་སུམ་སྦྱོར་དུ་གྲགས་པའི་དང་པོ་ལ་གསུམ། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་དངོས་སོ། །དང་པོ་ནི། །ས་ཕྱོགས་ཐམས་ཅད་དག་པ་རབ་འབྱམས་ཀྱི་ཞིང་ཁམས་ཆེན་པོར་གྱུར་པའི་རང་གི་མདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་ནོར་བུ་རིན་པོ་ཆེ་སྣ་ཚོགས་པས་གཏམས་པའི་དབུས་སུ། དཔག་བསམ་གྱི་ལྗོན་ཤིང་རྩ་བ་བརྟན་པ། སྡོང་པོ་མཁྲིག་པ། ཡལ་ག་ལྔ་པ། ལོ་འདབ་དང༌། མེ་ཏོག་དང༌། འབྲས་བུ་རྣམ་པར་རྒྱས་ཤིང་ཡིད་དུ་འོང་བའི་དབུས་སུ་རིན་པོ་ཆེའི་ཁྲི་དང་སྣ་ཚོགས་པད་ཟླའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མདུན་གྱི་ཡལ་གར་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་ཆོས། གཡོན་དུ་དགེ་འདུན། བར་མཚམས་ཐམས་ཅད་དུ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ནས་བློ་ལྟོས་ལིང་འགེལ་གྱིས་སྐྱབས་སུ་འགྲོ་བའི་ཚིག་ཇི་ལྟར་རིགས་པ་བརྗོད། །གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པ་སྨོན་པ་དང༌། དེའི་ཆེད་དུ་ལམ་ལ་བསླབ་པར་བགྱིའོ་སྙམ་པ་འཇུག་པའི་སེམས་བསྐྱེད་པ་གསལ་བཏབ་ནས་ངག་ཏུ་བརྗོད། མཐར་སྐྱབས་ཡུལ་རྣམས་གཡས་བསྐོར་གྱི་དབུས་ཀྱི་བླ་མ་ལ་ཐིམ། དེ་ཉིད་རང་ལ་ཐིམ་པས་རྒྱུད་བྱིན་གྱི་བརླབས་པར་བསམ། གསུམ་པ་ནི། ངག་འདོན་གྱི་དཀྱུས་ནས་འབྱུང་བ་ལྟར་ཆོ་ག་གསུམ་བསྐྱེད་ཀྱིས་རྡོ་རྗེ་སེམས་དཔའི་དམ་ཚིག་པ་གསལ་བཏབ། ཡེ་ཤེས་པ་བསྟིམ། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སེམས།


LT26_Page_047A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཆད་སྡོམ་སེམས། དེ་ལྟའི་གཉེན་པོར་བདུད་རྩི་འབེབས་སྦྱོང་གི་དམིགས་པ་དང་བཅས་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ། མཇུག་ཏུ་སླར་ཡང་བཤགས་སྡོམ་དྲག་ཏུ་བྱ་ཞིང་རང་ལ་བསྟིམ་མོ། །གཉིས་པ་མཎྜལ་ནི་ཕྱག་ལེན་ལ་འོག་ཏུ་བླ་མའི་རྣལ་འབྱོར་སྐབས་སུ་མཛད། གསུམ་པ་ལ་ལྔ། བླ་མའི་རྣལ་འབྱོར་གསལ་གདབ་པ། ཡན་ལག་བདུན་པ་བྱ་བ། མཆོད་པའི་མཎྜལ་འབུལ་བ། གསོལ་བ་གདབ་པ། དབང་བླང་བ་རྣམས་ཏེ། ངག་འདོན་གྱི་དཀྱུས་ནས་འབྱུང་བ་བཞིན་སོ་སོའི་རྟོགས་པ་མ་སྐྱེས་པའི་བར་དུ་ཉམས་སུ་བླང༌། དེ་ཡང་སྐྱབས་འགྲོ་འབུམ་ཐེར་དང་སྦྲགས་ནས་ཕྱག་དེ་མཚུངས་དང༌། རྡོར་སེམས་སྒོམ་བཟླས་སྐབས་ཡིག་བརྒྱ་འབུམ་ཐེར། བླ་མའི་རྣལ་འབྱོར་གྱི་སྐབས་མཎྜལ་འབུམ་ཐེར་རྣམས་བསགས་པ་ཕྱག་ལེན་དུ་མཛད་དོ། གསུམ་པ་ཁྱད་པར་གྱི་སྔོན་འགྲོ་ནི། བདེ་བའི་སྟན་ལ་ལུས་གནད་དྲང་པོར་བསྲང༌། ངག་གནད་རླུང་རོ་བསལ་ལ་སྨྲ་བ་བཅད་དེ་རླུང་རང་བབས་སུ་བཞག །ཡིད་ཀྱི་གནད་དུས་གསུམ་གྱི་སྤྲོས་པ་ཐམས་ཅད་བཅད། སྒོ་ལྔའི་ཡུལ་ལ་རྟོག་དཔྱོད་སྤང༌། ཤེས་པ་ཁ་ནང་དུ་ལོག་ནས་བུ་ཆུང་ལྷུག་པར་གནས་པ་བཞིན་དུ་སེམས་རང་བབས་སུ་འཇོག་པ་སྟེ། འདི་ལ་དབེན་པ་གསུམ་མམ། མི་གཡོ་བ་གསུམ་མམ། སྒོ་གསུམ་རང་བབས་སུ་བཞག་པ་ཞེས་ཀྱང་གསུངས་སོ། །གཉིས་པ་དངོས་གཞི་ལ་གསུམ། རྟེན་ཞི་གནས་བསྒོམ། བརྟེན་པ་ལྷག་མཐོང་བཙལ། དེ་གཉིས་ཟུང་འབྲེལ་དུ་ངོ་སྤྲད་པའོ། །དང་པོ་ནི། རང་གི་མདུན་དུ་ཤིང་བུ་ཕྲ་མོ་བཙུགས་པ་ལྟ་བུས་མཚན་དམིགས་རྟེན་གང་རུང་འདུ་བྱ། དེ་ལ་མིག་མི་འཛུམ་པར་ཅེ་རེ་བལྟ། ཤེས་པའང་དེ་ལ་བརླན། མ་ཡེངས་ཙམ་དུ་ལྷོད་ཀློད་ལ་འཇོག །ཆམ་གྱིས་གནས་པ་ན་ཉམས་དེ་ལ་ཧ་ཅང་མ་ཆགས་པར་ཤིག་གིས་བཤིག་ལ་ཅུང་ཟད་ངལ་གསོ། ཡང་སྔར་བཞིན་བསྒོམ། དེ་ལྟ་བུ་ཡུན་ཐུང་ལ་གྲངས་མང་བའི་ཚུལ་དུ་ཐུན་


LT26_Page_047B
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་བསླབ། ཐུན་བར་ཐམས་ཅད་ལའང་དེའི་ངང་མ་ཤོར་བར་དྲན་པ་རྒྱུན་ཆགས་སུ་བྱ། མིག་སྣ་རྩེ་ལས་མི་རིང་བར་བལྟ། འགྲོ་འདུག་ཐམས་ཅད་ནད་པའི་སྤྱོད་ལམ་བཞིན་ངལ་བར་བྱ། དེས་མཚོན་ཏེ་སྨིན་མཚམས་སུ་ཐིག་ལེ་དཀར་པོ་དང༌། སྟན་གྱི་ཐོག་ཏུ་ཐིག་ལེ་ནག་པོ་རིལ་མ་ཙམ་ལ་སེམས་བཟུང༌། གཞན་ཡང་དག་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་སོགས་ལ་དམིགས་རྟེན་བྱས་ཏེ་སྔར་བཞིན་བསྒོམ། ཤེས་ཤིང་ནུས་ན་རླུང་བུམ་པ་ཅན་ནམ་རྡོ་རྗེའི་བཟླས་པ་ལ་སེམས་བཟུང༌། དེ་ལྟར་བྱས་ཀྱང་གནས་པའི་སྣ་མ་ཟིན་ན། རྟོག་པ་ནམ་སྐྱེས་ཙ་ན་ངོས་ཟིན་པར་བྱ། སྒོམ་པའི་སྣ་མ་སུན་པར་བྱས་ཏེ་གནད་ནས་བཟུང་སྟེ་བསྒོམས་པས་རྟོག་པ་ཇེ་ཕྲ་ལ་སོང་ནས་གནས་པ་སྐྱེ། ཅིས་ཀྱང་རྟོག་པ་མང་པོ་ལང་ཤོར་དུ་སོང་ན། རྟོག་པ་རང་གི་ཐོག་ཏུ་ལྷོད་ཀྱིས་གློད་ནས་དྲན་པས་བཟུང༌། དེས་རྟོག་པ་ཇི་ལྟར་འཕྲོ་ཡང་སེམས་འཛིན་གྱི་རྟེན་དུ་སོང་ནས་ཞི་གནས་ཀྱི་ཉམས་སྩོལ་མེད་སྐྱེ་བར་འགྱུར་བས། སྒྲིམ་ཀློད་རེས་འཇོག་ཏུ་བཞག །དྲན་ཤེས་རང་བབས་སུ་བཞག །སྣང་ཆ་མ་འགགས་ལ་ཡུལ་གྱི་འཛིན་རྟོག་དང་བྲལ་བར་བཞག །རྟོག་པ་ནམ་སྐྱེས་པ་དང་དྲན་པ་རྒྱུན་ཆགས་པས་རྟོག་པ་རང་གྲོལ་དུ་བཞག །དེ་ལྟར་ཉམས་སུ་བླངས་པས། སྒོམ་ཉམས་བཤིག་པའམ། མཉམ་བཞག་ལས་ལངས་པའི་གནས་སྐབས་སུའང་ཤེས་པ་དལ་ལ་ལྷོད་ཆགས་པ་ལྷོད་དེ། ཤིག་གེ་བ། སྣང་བ་ཟི་བུན་ནེ། ཡུལ་ལ་ཤེས་པ་ཆེད་དུ་མ་བཅུག་ན་སྤུ་རིས་མི་ཕྱེད་པར་ཧད་དེ་ཆད་དེ། གསལ་ལ་རྟོག་མེད་དུ་གནས་པ་ཞིག་བྱུང་ན་ཞི་གནས་སྐྱེས་པ་ཡིན། དེ་ཙམ་ནས་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བའང་རིམ་གྱིས་སྐྱེ་བས། ཤིན་སྦྱངས་མི་གཡོ་བའི་ཞི་གནས་བརྟན་པར་གྱུར་བའི་བར་ཉམས་སུ་བླང་ངོ༌། །གཉིས་པ་ལྷག་མཐོང་བཙལ་བ་ནི། དེ་ལྟ་


LT26_Page_048A
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་མཉམ་བཞག་གི་ངང་ནས། རྟོག་པ་འཕྲོ་བཅད། སེམས་ལྷན་ཅིག་གནས་པའི་དུས་སུ་གནས་པ་དེ་རང་གི་ངོ་བོ་ཇི་འདྲ་འདུག །ཡོད་པའམ། མེད་པའམ། དངོས་པོའམ། དངོས་མེད་དམ། དབྱིབས། ཁ་དོག །གཅིག་དུ་མ་སོགས་ལེགས་པར་བརྟགས་ཤིང་དཔྱད་པས། དཔེ་ལ་བལྟས་པའམ། གཞན་གྱི་ཟེར་སྒྲོས་ཙམ་མ་ཡིན་པར་འགྱུ་བའི་རྣམ་རྟོག་ནི་གནས་པ་ལ་ཐིམ། གནས་པ་རང་གི་ངོ་བོ་ནི་སྣང་ལ་རང་བཞིན་མེད་པ། གསལ་ལ་ངོས་བཟུང་མེད་པ། ཉམས་སུ་མྱོང་བཞིན་དུ་བརྗོད་མི་ནུས་པའི་ཤེས་པ་རྗེན་པ་ལྷག་གིས་མཐོང་བ་ན། ངོ་བོ་མཐོང་བ་ཡིན་པས་ངོ་སྤྲད་པར་བྱ་སྟེ། གསུམ་པ་ཟུང་འཇུག་ཏུ་ངོ་སྤྲོད་པ་ནི། །ཞི་གནས་དང་ལྷག་མཐོང་ཞེས་ཚིགས་ཐ་དད་ཀྱང༌། དོན་དུ་ངོ་བོ་གཅིག་ལ་ལྡོག་པ་སོ་སོར་དབྱེ་བ་ཡིན་ཏེ། སེམས་རང་ལུགས་སུ་ལྷོད་ཀྱིས་བཞག་པའི་དུས་ན་རྣམ་པར་རྟོག་པ་རང་སར་ཞི་ནས་རྟོག་མེད་དུ་ལྷན་ནེར་གནས་པ་ཞི་གནས། དེའི་ངོ་བོ་ལ་བལྟས་པས་འདི་འདྲ་འདུག་བྱ་བ་ངག་ཏུ་སྨྲ་རྒྱུའམ། ཡིད་ཀྱིས་བསམ་རྒྱུའམ། བློས་བརྟགས་རྒྱུའམ། ཚིག་གིས་བརྗོད་རྒྱུའི་ངོས་བཟུང་མེད་ལ། ངོས་བཟུང་མེད་བཞིན་ཏུ་གསལ་ལ་མ་འགགས་པའི་ཤེས་པ་སེང་ངེ༌། ཡེར་རེ། རྗེན་ནེ་བ། མ་མཐོང་པའི་མཐོང་རྒྱུའམ། མ་མྱོང་བའི་མྱོང་རྒྱུ་གཅིག་རང་ལ་ཡོད་ཀྱང་འདི་ཞེས་བརྗོད་དུ་མི་བཏུབ་པ་ལྷག་མཐོང༌། །དེ་གཉིས་ཀྱང་ངོ་བོ་དབྱེར་མེད་པས་ན། སེམས་ཀྱི་མཚན་ཉིད་སོ་སོ་རང་གིས་རིག་པའི་གཤིས་སུ་མ་བཅོས་པར་འཇོག་པ་ནི་ཞི་ལྷག་ཟུང་འཇུག་སྟེ། མདོར་ན་སེམས་ལ་ངོས་བཟུང་མེད་པ་སྟོང་པ་སེམས་ཀྱི་རང་བཞིན། མེད་བཞིན་དུ་ཅིར་ཡང་འཆར་བ་གསལ་བ་སེམས་ཀྱི་མཚན་ཉིད། སྟོང་གསལ་དབྱེར་མེད་པའི་ཤེས་པ་རྗེན་པ་ནི་མ་བཅོས་སེམས་ཀྱི་ངོ་བོ་སྟེ་སངས་རྒྱས་ཀྱི་ཐུགས། སེམས་ཅན་གྱི་སེམས། དངོས་དང་དངོས་མེད་ཀྱི་གནས་


LT26_Page_048B
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་འདི་ཁོ་ན་ལས་མ་འདས་པས་ཕྱག་རྒྱ་ཆེན་པོ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ། དེ་ལྟ་བུའི་གནས་ལུགས་དེས་གདོད་མ་ནས་རང་ལ་བབས་ཀྱིས་གནས་ཀྱང་རྣམ་པར་རྟོག་པས་བསྒྲིབས་ཏེ་ངོ་མ་ཤེས་པས་འཁོར་བར་འཁྱམས། ད་རེས་བླ་མའི་མན་ངག་གིས་རྣམ་རྟོག་མི་འགྱུ་པ་ཞི་གནས་ཀྱིས་ཟིལ་མནན། སེམས་ཀྱི་ངོ་བོ་ལྷག་མཐོང་གིས་མཚངས་བཙལ། ཞི་ལྷག་ཟུང་འཇུག་ཤེས་པ་སྐད་ཅིག་མའི་སྟེང་དུ་ངོ་སྤྲད་པས་རང་བབས་ཀྱི་གནས་ལུགས་དེ་ལ་གཉིས་སུ་མེད་པར་སྦྱོར་བར་བྱེད་པས་ན་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ངག་ཅེས་མཚན་དུ་གསོལ་བ་ཡིན་ནོ། །གསུམ་པ་རྗེས་ནི། དེ་ལྟར་ངོ་འཕྲོད་ནས་མཉམ་རྗེས་ཐམས་ཅད་ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་བརྩོན་པས་ཉམས་དང་རྟོགས་པ་དབྱར་གྱི་མྱུ་གུ་བཞིན་སྐྱེ། རྒྱུད་ལ་ཉམས་རྟོགས་ཇི་ཙམ་སྐྱེས་པ་དེ་ཙམ་གྱིས་ཉོན་མོངས་པ་ཤུགས་ཆུང༌། ངེས་འབྱུང་རྩོལ་མེད་དུ་ཤར། སྙིང་རྗེ་ཕྱོགས་མེད་དུ་འབྱོངས། མོས་གུས་བཟོད་མེད་དུ་འབར། སྟོང་ཉིད་རྒྱུ་འབྲས་དང༌། རྒྱུ་འབྲས་རྟེན་འབྲེལ་དུ་ཤེས་པས་གེགས་དང་གོལ་ས་ཐམས་ཅད་རང་སར་གྲོལ། རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པར་འགྱུར་བ་སྟེ། ཞིབ་པར་རང་གི་ཉམས་མྱོང་སྐྱེས་རིམ་དང་བསྟུན་ནས། བླ་མ་དམ་པ་ཉམས་དང་རྟོགས་པས་ཁྱད་པར་དུ་བྱས་པའི་སྤྱན་སྔར་ཞུ་ཞིང༌། དེས་ཀྱང་ངོ་སྤྲོད་དང༌། གེགས་སེལ་དང༌། བོགས་འདོན་གྱི་གདམས་པས་རྗེས་སུ་བཟུང་བ་ལྟར་རྩེ་གཅིག་ཏུ་བརྩོན་པར་བྱས་པ་ལ་བརྟེན་ནས། ས་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར་བ་ཉིད་དོ། །མཁས་པ་ལས་འོང་གྲུབ་པའི་མྱང་པས་བརྒྱན། །ཉམས་ལེན་བྱིན་རླབས་བརྒྱུད་པ་དང་ལྡན་པའི། གདམས་པ་སྙིང་པོར་དྲིལ་བའི་ལེགས་བྱས་ཀྱིས། མཁའ་ཁྱབ་འགྲོ་ཀུན་ཡེ་ཤེས་མཆོག་བརྙེས་ཤོག །ཅེས་ཀུན་མཁྱེན་བོ་དོང་པ་ཆེན་པོའི་


LT26_Page_049A
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ཟབ་གསལ་དང༌། ལྷན་ཅིག་སྐྱེས་སྦྱོར་གྱིས་ཁྲིད་རིམ་ཀུན་མཁྱེན་འཆི་མེད་དབང་པོའི་གསུང་རབ་དང༌། བླ་མ་དམ་པའི་ཞལ་ལུང་ཇི་ལྟ་བར་མདོར་བསྡུས་སྙིང་པོར་དྲིལ་ཏེ་ཟིན་བྲིས་སུ་བགྱིས་པ་དགེ་ལེགས་སུ་གྱུར་ཅིག །ཅེས་པའང་མཉྫུ་གྷོ་ཥས་སོ། །སརྦ་དཱ་ཀལྱཱ་ཎཾ་བྷ་བ་ཏུ།

གདམས་ངག་མཛོད་པོད་བཅུ་བདུན་པ།
ཀུན་མཁྱེན་བོ་དོང་བའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དང་ཟབ་གསལ་དབྱེར་མེད་ཟུང་དུ་འཇུག་པའི་སྔོན་འགྲོའི་ངག་འདོན་མ་རིག་མུན་སེལ།


LT26_Page_050A
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་བོ་དོང་བའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དང་ཟབ་གསལ་དབྱེར་མེད་ཟུང་དུ་འཇུག་པའི་སྔོན་འགྲོའི་ངག་འདོན་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ།།


LT26_Page_050B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། །དཔལ་དེ་ཁོ་ན་ཉིད་འདུས་པའི་རྒྱ་མཚོའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་བཅུད་ཕྱུངས་པ། ཟབ་ཁྲིད་ཆོས་སྐོར་དགུ་ལས། ཤིན་ཏུ་མྱུར་ལམ་ཚེ་གཅིག་གིས་སངས་རྒྱས་སྒྲུབ་བར་བྱེད་པའི་གདམས་པ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་སྔོན་འགྲོ་ངག་འདོན་གསུམ་སྦྱོར་གྱི་རིམ་པ་ལ་འབད་བར་བྱེད་པ་ལ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་གྱི་དང་པོ་སྐྱབས་སུ་འགྲོ་བ་ནི། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ༴ མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ངོ་བོ་ཉིད་ཀྱི་སྐུ་ལ༴ ཞེས་ལོང་སྐབས་དང་བསྟུན་ནས་ཚར་གང་མང་བརྗོད། སེམས་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །ཆོས་ལམ་དུ་ལོངས་བར༴ ལམ་འཁྲུལ་བ་སེལ་བར༴ འཁྲུལ་པ་ཡེ་ཤེས་སུ་འཆར་བར༴ རྟོགས་པས་


LT26_Page_051A
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གྲོལ་བར༴ ཐུགས་རྗེས་གཞན་གྲོལ་བར༴ རྟེན་འབྲེལ་ཐབས་ལ་མཁས་པར༴ འབྲེལ་ཚད་དོན་དང་ལྡན་པར་བྱིན་གྱིས་རློབས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་རློབས། །སེམས་བསྐྱེད་པ་ནི། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལ། །དེང་ནས་བྱང་ཆུབ་བར་དུ་སྐབས་སུ་མཆི། །མ་གྱུར་སེམས་ཅན་རྣམས་ནི་བསྒྲལ་བའི་ཕྱིར། །ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་རྣམས་ཚད་མེད་བཞི་ལ་གནས་པར་ཤོག །ཞེས་པའི་རྗེས་སུ་སྔོན་འགྲོ་འབུམ་ཐེར་བསགས་སྐབས་ཡིན་ན། ཕྱག་རེ་དང་སྐྱབས་འགྲོ་ཚར་རེ་སྦྲགས་པའི་འབུམ་འགྲོ་བ་བྱེད་པའི་ངག་འདོན་ནི། །ན་མོ། །བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །བླ་མ་སངས་རྒྱས་དམ་པའི་ཆོས། །ཚོགས་མཆོག་ཡི་དམ་དཀྱིལ་འཁོར་ལྷ། །སྲུང་མའི་ཚོགས་ལ་སྐྱབས་སུ་མཆི། །ཞེས་པ་འདི་ཉིད་ལ་གྲངས་འཛིན་པས་བསགས། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། །རང་གི་སྤྱི་བོར་པད་ཟླའི་གདན་སྟེང་དུ། །ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། །ལྟེ་བར་ཧཱུྃ་གིས་མཚན་


LT26_Page_051B
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་འཕྲོས། །འཕགས་པ་མཆོད་ཅིང་སེམས་ཅན་དོན་རབ་བྱས། །འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། །རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་ལ་འཚེར། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །བདེ་བའི་ཉམས་ལྡན་རྡོ་རྗེ་སྙེམས་མ་དཀར། །ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པས་འཁྱུད། །ཞབས་གཉིས་པདྨའི་སྐྱིལ་ཀྲུང་ཡབ་ལ་འཁྲིལ། །ཡབ་ཡུམ་གཉིས་ཀའང་མཚན་བཟང་སོ་གཉིས་དང༌། །དཔེ་བྱེད་བཟང་པོ་བརྒྱད་ཅུས་རྣམ་པར་སྤྲས། །རིན་ཆེན་རུས་པ་སྣ་ཚོགས་རྒྱན་གྱིས་མཛེས། །གནས་གསུམ་དག་ཏུ་ཨོཾ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་རྣམས། །རྡོ་རྗེ་སེམས་དཔའི་རྣམ་པར་སྤྱན་དྲངས་ནས། །ཡེ་ཤེས་དམ་ཚིག་པ་དང་དབྱེར་མེད་གྱུར། །རྡོ་རྗེ་སེམས་དཔའི་ཐུགས་ཀར་ཧཱུྃ་ཡིག་མཐར། །ཡིག་བརྒྱས་གཡས་བསྐོར་ཡབ་ཡུམ་སྦྱོར་མཚམས་ནས། །བདུད་རྩིའི་རྒྱུན་བབས་བདག་གི་ཚངས་བུག་ཞུགས། །ཐོག་མཐར་མེད་ནས་བསགས་པའི་སྡིག་སྒྲིབ་ཀུན། །སྒྱུ་ལུས་ཤེལ་གོང་ཕྱིས་པ་ལྟ་བུར་གྱུར། །ཨོཾ་བཛྲ་ས་ཏྭ་ས་མ་ཡ་ནས། ས་མ་ཡ་ས་ཏྭ་ཨཱཿ ཞེས་ཅི་ནུས་བཟླས་མཐར། མགོན་པོ་བདག་ནི་མ་ཤེས་རྨོངས་པ་སྟེ། །དམ་ཚིག་ལ་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ་པས། །རང་གི་ལུས་ངག་ཡིད་གསུམ་དང་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་དམ་གཅིག་ཏུ་འདྲེས་


LT26_Page_052A
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། །ཞེས་ཅི་གནས་ཀྱི་བར་དུ་མཉམ་པར་བཞག་པའི་མཐར། །དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཁྱེད་ཀྱི་ས་ལ་འགོད་པར་ཤོག །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། དེ་ནས་བླ་མའི་རྣལ་འབྱོར་བསྒོམ་པ་ནི། །བདག་ཉིད་སྣང་སྟོང་སྒྱུ་མར་གསལ་བ་ཡི། །མཐོ་ལ་ཡངས་པ་མདུན་གྱི་ནམ་མཁའི་དབྱིངས། །བྷྲཱུཾ་ལས་སེང་ཆེན་བརྒྱད་ཀྱིས་བཏེགས་པ་ཡི། །རིན་ཆེན་ཁྲི་ཉིད་ཡངས་ཤིང་རྒྱ་ཆེ་བ། །དེ་སྟེང་པདྨ་ཉི་ཟླའི་གདན་སྟེང་དུ། །ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། །ལྟེ་བར་ཧཱུྃ་གིས་མཚན་ལས་འོད་ཟེར་འཕྲོས། །འཕགས་པ་མཆོད་ཅིང་སེམས་ཅན་དོན་རབ་བྱས། །འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། །རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་ནི། །སྐུ་མདོག་སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན། །ཡུམ་ནི་གཟུགས་དང་ལང་ཚོ་དར་ལ་བབས། །བྷ་ག་རུབ་ཅིང་བདེ་བའི་ནུ་འབུར་རྒྱས། །བདེ་བའི་ཉམས་ལྡན་རེག་བྱ་རྡོ་རྗེ་མ། །ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པས་འཁྱུད། །ཞབས་གཉིས་པདྨའི་སྐྱིལ་ཀྲུང་ཡབ་ལ་འཁྲིལ། །ཡབ་ཡུམ་གཉིས་ཀའང་མཚན་བཟང་སོ་གཉིས་དང༌། །དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་སྤྲས། །རིན་ཆེན་རུས་པ་སྣ་ཚོགས་རྒྱན་གྱིས་མཛེས། །ལྷབ་ལྷུབ་དར་གྱི་ན་བཟའ་སྐུ་ལ་གསོལ། །ཐབས་ཤེས་ཟུང་འཇུག་བདེ་སྟོང་དབྱིངས་ན་རོལ། །ལྷན་སྐྱེས་ཡེ་ཤེས་རོལ་པའི་ངང་ཉིད་ལས། །ཞལ་འཛུམ་དགྱེས་པའི་སྤྱན་གཉིས་བདག་ལ་གཟིགས། །དཔྲལ་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་རྣམས། །


LT26_Page_052B
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབྱིངས་དག་པའི་གནས་ནས་སྤྱན་དྲངས་ཏེ། །ཡེ་ཤེས་དམ་ཚིག་པ་དང་དབྱེར་མེད་གྱུར། །འགྲོ་མགོན་ཐུགས་རྗེ་ཆེ་ལྡན་པ། །ཆོས་སྐུ་སྤྲོས་དང་བྲལ་བ་ལས། །གཟུགས་སྐུའི་རྣམ་པར་བཞེངས་ནས་ཀྱང༌། །འགྲོ་བའི་དོན་དུ་བཞུགས་སུ་གསོལ། །ཞེས་ཚོགས་ཞིང་གསལ་བཏབ་ལ། །དེ་ནས་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་བཞིན་པས་རང་དང་སེམས་ཅན་ཐམས་ཅད་ཕྱག་འཚལ་ཞིང་གསོལ་བ་འདེབས་པ་སོགས་ཡན་ལག་བདུན་པའི་རིམ་པ་ལ་འཇུག་པར་མོས་པས། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །མཛེས་ཤིང་ལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །བླ་མའི་གསུང་ནི་ཚངས་པའི་དབྱངས། །འགགས་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་ལོག་ལྟ་འཇོམས་མཛད་པ། །བླ་མའི་གསུང་ལ་ཕྱག་འཚལ་ལོ། །བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་ངང་ཚུལ་ཅན། །རྣམ་ཐར་གསུམ་ལ་ལེགས་གནས་པ། །བླ་མའི་ཐུགས་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་རྩ་བ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཕ་མཁྱེན་པས་གཟིགས་ཤིག་སྒྲིབ་མེད་ཡེ་ཤེས་ཅན། །བརྩེ་བས་དགོངས་མཛད་བྱམས་མགོན་ཆོས་ཀྱི་རྗེ། །མཁྱེན་བརྩེའི་མངའ་བདག་ཕྱོགས་ལས་རྣམ་རྒྱལ་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་དང༌། ཁྱད་པར་དུ། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རིན་པོ་ཆེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་འཛིན། །ཡིད་འཕྲོག་རབ་མཛེས་


LT26_Page_053A
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཅན་དགའ་བའི་དཔལ། །འཇིགས་མེད་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་ཚར་ཅི་མང་དང༌། རང་གི་རྩ་བའི་བླ་མའི་གསོལ་འདེབས་རྒྱས་བསྡུས་གང་རིགས་ཀྱི་མཐར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱི་རློབས། །དེས་དེ་ས་གཞན་ན་མེད་དོ་ཆོས་ཀྱི་རྗེ། །ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་སྩོལ། །འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱི་རློབས། །ལས་ངན་སྡིག་སྒྲིབ་དག་པར༴ ཚེ་དང་བསོད་ནམས་རྒྱས་པར༴ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ་ཅིང༌། ཡན་ལག་བདུན་པ་མདོར་བསྡུས་སུ་འབུལ་བ་ནི། །མཆོད་འོས་ཀུན་འདུས་དྲིན་ཅན་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོས་མཆོད། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་མཐོལ་ལོ་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རང༌། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ། ཁམས་གསུམ་འགྲོ་བའི་དོན་དུ་བཞུགས་སུ་གསོལ། །དགེ་བས་འགྲོ་ཀུན་སྐུ་གསུམ་མྱུར་ཐོབ་ཤོག །དེ་ནས་ཚོགས་གསོག་མཆོད་པའི་མཎྜལ་འབུལ་བ་ནི། ཕྱི་ནང་གསང་གསུམ་གྱི་དམིགས་པ་དང་ལྡན་པས། སྭ་བྷཱ་ཝ་སོགས༴ ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་འཁོར་ཡུག་མུ་ཁྱུད་ཀྱིས་བསྐོར་བའི་དབུས་སུ། ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམྦུ་གླིང༌། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། ཤར་དུ་ལུས་དང་ལུས་འཕགས། ལྷོར་རྔ་ཡབ་དང་རྔ་ཡབ་གཞན། ནུབ་ཏུ་གཡོ་ལྡན་དང་ལམ་མཆོག་འགྲོ། བྱང་དུ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། །དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག །འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ།


LT26_Page_053B
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་མོ་རིན་པོ་ཆེ། བློན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱ་མཚན། དབུས་སུ་ལྷ་དང་མི་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ཚང་ཞིང་ཡིད་དུ་འོང་བ་དང་བཅས་པའི་ཞིང་ཁམས་རྣམ་པར་དག་པ་འདི་ཉིད། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རིན་པོ་ཆེའི་ཞབས་དྲུང་དུ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་ཤིང༌། སྒྲིབ་གཉིས་བྱང་བའི་ཆེད་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་འབུལ་བར་བགྱི། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང༌། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་པར། །ནམ་མཁའ་མཉམ་པའི་འགྲོ་རྣམས་སྒྲོལ་བ་དང༌། །མཁའ་དང་མཉམ་པའི་སེམས་ཅན་སྨིན་པར་ཤོག །ཨོཾ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃཿ། ཞེས་བརྗོད། དེ་ནས་བརྒྱུད་པའི་གསོལ་འདེབས་ལྷན་ཅིག་སྐྱེས་སྦྱོར་གཙོ་བོར་བཏོན་པའི་གསོལ་འདེབས་ནི། །ན་མོ་གུ་རུ་བྷྱཿ གནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །སེམས་གསལ་སྟོང་འཛིན་མེད་དུ་འཆར་བ་དང༌། །ཡུལ་སྣང་སྟོང་བདེན་མེད་དུ་རྟོགས་པ་རུ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཤར་སྒྱུ་མ་སྤྲུལ་པའི་གྲོང་ཁྱེར་དུ། །ཏེ་ལོ་ཤེས་


LT26_Page_054A
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བཟང་པོ་ལ༴ བྱང་ཕུལླ་ཧ་རིའི་དགོན་པ་རུ། །མཁས་པ་ན་རོ་པཎ་ཆེན་ལ༴ ལྷོ་གྲོ་བོ་ལུང་གི་དགོན་པ་རུ། །སྒྲ་བསྒྱུར་མར་པ་ལོ་ཙཱ་ལ༴ ནུབ་ལ་ཕྱི་གངས་ཀྱི་ར་བ་རུ། །དབང་ཕྱུག་མི་ལ་རས་པ་ལ༴ ཤར་དྭགས་ལ་སྒམ་པོའི་དགོན་པ་རུ། །བཀའ་བརྒྱུད་དྭགས་པོ་ལྷ་རྗེ་ལ༴ དཔལ་ཕག་མོ་གྲུ་ཡི་མཐའ་རྩ་རུ། །བདེ་གཤེགས་ཁམས་པ་རྡོར་རྒྱལ་ལ༴ གནས་རྣ་ཕུ་ཆོས་ལུང་གི་དགོན་པ་རུ། །གྲུབ་ཐོབ་གླིང་ཆེན་རས་པ་ལ༴ འབྲུག་ར་ལུང་གཉིས་ཀྱི་གདན་ས་རུ། །འགྲོ་མགོན་གཙང་པ་རྒྱ་རས་ལ༴ གནས་ཤྲཱི་རྒོད་ཚང་གི་དབེན་གནས་སུ། །རྒོད་ཚང་མགོན་པོ་རྡོ་རྗེ་ལ༴ གནས་ལྷ་གདོང་དཔལ་གྱི་དགོན་པ་རུ། །རྒྱལ་བ་ཡང་དགོན་ཆོས་རྗེ་ལ༴ གནས་ཕྱོགས་མེད་དབེན་པའི་རི་ཁྲོད་དུ། །ཐུགས་སྲས་སྤྱན་སྔ་རིན་ལྡན་ལ༴ གནས་ཤྲཱི་ཟུར་ཕུག་གི་དགོན་པ་རུ། །ཀུན་མཁྱེན་ཟུར་ཕུག་ཆོས་རྗེ་ལ༴ མུས་མཐའ་གང་དཔལ་གྱི་དགོན་པ་རུ། །བླ་མ་གཉགས་སྟོན་ཆེན་པོ་ལ༴ མུས་ཤུག་གུ་ཚལ་གྱི་དགོན་པ་རུ། །བླ་མ་ཤེས་རབ་འབུམ་པ་ལ༴ གནས་དངུལ་ཆུ་ཆོས་རྫོང་གི་དགོན་པ་རུ། །སྐྱེས་མཆོག་རྒྱལ་སྲས་ཐོགས་མེད་ལ༴ གྱ་བསམ་གཏན་གླིང་གི་དགོན་པ་རུ། །འཁྲུལ་ཞིག་ལོ་ཆེན་བྱང་རྩེ་ལ༴ གནས་བོ་དོང་ཨེ་ཡི་ཆོས་གྲྭ་རུ། །པཎ་ཆེན་གྲགས་པ་རྒྱལ་མཚན་ལ༴ གནས་དཔལ་མོ་ཆོས་སྡིངས་ཀྱི་དགོན་པ་རུ། །འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ལ༴ གནས་སྟག་ལུང་ཆོས་ཀྱི་དགོན་པ་རུ། །སྟག་ལུང་ངག་དབང་གྲགས་པ་ལ༴ གནས་མངོན་དགའ་ཆོས་སྡིངས་ཀྱི་ཆོས་གྲྭ་རུ། །སྤྲུལ་སྐུ་འཆི་མེད་དཔལ་བཟང་ལ༴ གནས་བསམ་སྡིངས་ཌཱ་ཀིའི་ཕོ་བྲང་དུ། །རྗེ་བཙུན་མཁའ་སྤྱོད་དབང་མོ་ལ༴ གནས་བཀྲ་ཤིས་ཆོས་སྡིངས་ཀྱི་ཆོས་གྲྭ་རུ། །འཇམ་དབྱངས་བསྟན་འཛིན་


LT26_Page_054A
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ་ལ༴ གནས་བཤད་སྒྲུབ་ཆོས་འཁོར་གྱི་ཆོས་གྲྭ་རུ། །ཀུན་མཁྱེན་ཕྲིན་ལས་རྣམ་རྒྱལ་ལ༴ གནས་ཆོས་འཁོར་རྩེ་ཡི་དབེན་གནས་སུ། །རྒྱལ་མཆོག་ཕྲིན་ལས་རྒྱ་མཚོ་ལ༴ གནས་ཐུབ་བསྟན་ཆོས་འཁོར་ཆོས་གྲྭ་རུ། །འགྲོ་མགོན་རྡོ་རྗེ་སྙིང་པོ་ལ༴ གནས་བདེ་ཆེན་དག་པའི་ཕོ་བྲང་དུ། །དྲིན་ཆེན་འདུས་ཆེན་རབ་རྒྱས་ལ༴ གནས་ཟབ་གསལ་སྐྱིད་པའི་ཡང་རྩེ་རུ། །སྐྱབས་མགོན་སྐུ་མཆེད་རྣམ་གཉིས་ལ༴ གནས་ཡིད་དགའ་ཆོས་འཛིན་གྱི་དབེན་གནས་སུ། །བརྟུལ་ཞུགས་ནམ་མཁའི་རྣལ་འབྱོར་ལ༴ གནས་ལྷ་རྩེ་བླ་མའི་གདན་སུ་རུ། །སྐལ་བཟང་འཇམ་དབྱངས་རྣམ་རྒྱལ་ལ༴ གནས་སྦྱོར་རྩེ་བླ་མའི་གདན་ས་རུ། །བཀའ་དྲིན་འཁོར་མེད་རྣམ་གཉིས་ལ༴ གནས་བསམ་འགྲུབ་ཆོས་སྡིངས་ཕོ་བྲང་དུ། །རྗེ་བཙུན་རྡོ་རྗེ་བཙུན་མོ་ལ༴ གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ་ལ༴ སྣང་སྟོང་དབྱེར་མེད་ཀྱི་གཞལ་ཡས་སུ། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ༴ ཕྲིན་ལས་རྣམ་བཞིའི་གཞལ་ཡས་སུ། །དཔའ་བོ་མཁའ་འགྲོ་ལ༴ བར་ཆད་ཀུན་སེལ་གྱི་གཞལ་ཡས་སུ། །མ་མགོན་ལྕམ་དྲལ་ལ༴ དག་སྣང་ཕྱོགས་མེད་གཞལ་ཡས་སུ། །རྡོ་རྗེའི་སྤུན་གྲོགས་ལ་གསོལ་བ་འདེབས། །སེམས་གསལ་སྟོང་འཛིན་མེད་དུ་འཆར་བ་དང༌། །ཡུལ་སྣང་སྟོང་བདེན་མེད་དུ་རྟོགས་པ་རུ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཡང་བརྒྱུད་པ་ལུགས་གཅིག་ལ། འཇིགས་བྲལ་ཡན་གོང་དང་འདྲ་བ་ལ། འཇིགས་བྲལ་ནས་ཤངས་པ་ལ་བརྒྱུད་པ་དང༌། བོ་དོང་ལྕོག་གྲྭ་ཡབ་སྲས་ལ་བརྒྱུད་པ་རྡོ་རྗེ་འཆང་ཆེན་སོགས་དང༌། །ཟབ་གསལ་བརྒྱུད་པ་ཟུང་འཇུག་མཁའ་དབྱིངས་མ་སོགས་ལེ་ཚན་མང་བར་མཆིས་ཀྱང༌། རྒྱུན་དུ་སྐབས་འདིར་ཀུན་མཁྱེན་བོ་དོང་པར་བཀའ་བབས་པའི་ཕྱག་ཆེན་ཟབ་གསལ་ཉེ་བརྒྱུད་ཀྱི་གསོལ་འདེབས་ནི། །ན་མོ་མ་ཧཱ་མུ་དྲྭ་ཡ། །གནས་འོག་མིན་རྡུལ་བྲལ་ཕོ་བྲང་དུ། །


LT26_Page_055A
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གདོད་མའི་མགོན་པོ་རྡོ་རྗེ་འཆང༌། །དབྱིངས་ཁྱབ་གདལ་ཆེན་པོ་ཆོས་ཀྱི་སྐུ། །སེམས་བློ་འདས་རྗེན་པར་གསོལ་བ་འདེབས། །ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །གནས་རང་བྱུང་མཁའ་སྤྱོད་ཕོ་བྲང་དུ། །མ་དྭངས་གསལ་ལྷུན་འགྲུབ་བདག་མེད་མ། །ཁྱེད་བདེ་སྟོང་སྒྱུ་མའི་གར་གྱིས་རོལ། །སེམས་གཉིས་མེད་ལྷན་ཅིག༴ གནས་དག་པའི་ཕོ་བྲང་ནཱ་ལེནྡྲར། །རྗེ་མུ་སྟེགས་ཚར་གཅོད་བིརྺ་པ། །ཁྱེད་བརྟུལ་ཞུགས་ནུས་པས་མཁའ་ལ་གཤེགས། །སེམས་རང་རིག་གཉུག་མར༴ གནས་གསང་འདུས་ཆོས་ཀྱི་ཕོ་བྲང་དུ། །རྗེ་མདོ་རྒྱུད་རྒྱ་མཚོ་བོ་དོང་པ། །ཁྱེད་སྐུ་བཞིའི་བདག་ཉིད་བཀའ་དྲིན་ཅན། །སེམས་གང་ཤར་ལྷན་ཅིག༴ གནས་འཁོར་འདས་རྟེན་འབྲེལ་ཕོ་བྲང་དུ། །རྗེ་འཇའ་ལུས་སྐུ་མཉེས་བསོད་ནམས་མཆོག །ཁྱེད་ཟག་མེད་བདེ་ཆེན་ཐུགས་མཆོག་སྐུ། །སེམས་འགགས་མེད་རོལ་པར༴ གནས་རྫུ་འཕྲུལ་བཀོད་པས་མཛེས་པ་ན། །རྗེ་དུས་གསུམ་རྣམ་མཁྱེན་མཻ་ཏྲིའི་མཚན། །ཁྱེད་འགྲོས་བཞིའི་དབང་ཕྱུག་ཌཱ་ཀིས་བསྐོར། །སེམས་ཟབ་གསལ་དབྱེར་མེད༴ གནས་མེ་ལོང་ཆོས་ཀྱི་ཕོ་བྲང་དུ། །རྗེ་འདོད་དགུའི་དབང་བསྒྱུར་པདྨ་གར། །ཁྱེད་ལྷ་མིའི་གཙུག་རྒྱན་སྲིད་ཞིའི་མགོན། །སེམས་འཁོར་འདས་དབྱེར་མེད༴ གནས་མཁའ་འགྲོའི་ཕོ་བྲང་ཤུགས་གསེབ་ཏུ། །རྗེ་སྐྱབས་གནས་ཀུན་འདུས་ལྕགས་ནང་པ། །ཁྱེད་རླུང་སེམས་དབྱེར་མེད་དྭངས་མའི་སྐུ། །སེམས་དག་པ་རྩེ་གཅིག༴ གནས་ཤེལ་དཀར་ལྕོག་པུའི་ཕོ་བྲང་དུ། །རྗེ་སྣང་སེམས་དབྱེར་མེད་འཇམ་དཔལ་དབྱངས། །ཁྱེད་ཅི་མཛད་དཔག་མེད་འགྲོ་བའི་མགོན། །ཡིད་བཅོས་མ་ཡིན་པར༴ གནས་ཡང་དག་ངེས་དོན་ཕོ་བྲང་དུ། །རྗེ་མོས་གུས་མཐར་ཕྱིན་རཏྣའི་མཚན། །ཁྱེད་སྔོན་བསགས་སྨོན་ལམ་མཐར་ཕྱིན་པར། །སེམས་ཡེངས་མེད་རྩེ་གཅིག༴ གནས་སྤྱི་


LT26_Page_055B
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཉི་ཟླའི་གདན་སྟེང་དུ། །རྗེ་སྣང་སྲིད་དབང་སྡུད་འདུས་ཆེན་པ། །ཁྱེད་ཁྱབ་བརྡལ་མི་ཤིགས་ཆེན་པོའི་སྐུ། །སེམས་རྩེ་གཅིག་གདུང་བས༴ གནས་བདེ་ཆེན་ལྷུན་འགྲུབ་ཕོ་བྲང་དུ། །རྗེ་མཐོང་བ་དོན་ལྡན་སྐུ་མཆེད་ཟུང༌། །ཁྱེད་སྐལ་ལྡན་ཡོངས་ཀྱི་དཔལ་དུ་ཤར། །སེམས་རྩེ་གཅིག་གདུང་བས༴ གནས་ཐུགས་ཀྱི་རྟེན་མཆོག་ཕོ་བྲང་དུ། །རྗེ་སྐྱབས་གསུམ་གཅིག་འདུས་ཕྲིན་ལས་དབང༌། །ཁྱེད་འགྲོ་བ་ཡོངས་ཀྱི་མགོན་དུ་གྱུར། །སེམས་བདེ་གསལ་མི་རྟོག༴ གནས་རི་ཁྲོད་བསམ་གཏན་ཕོ་བྲང་དུ། །རྗེ་བཀའ་དྲིན་འཁོར་མེད་འཇམ་དབྱངས་ཞབས། །ཁྱེད་སྒྲུབ་བརྒྱུད་ཡོངས་ཀྱི་མགོན་དུ་ཤར། །སེམས་མོས་གདུང་གཡོ་མེད༴ གནས་བདེ་ཆེན་འཁོར་ལོའི་ཡང་སྟེང་ན། །རྗེ་འགྲན་གྱི་དོ་མེད་རོལ་པ་སྩལ། །ཁྱེད་ཡང་གསང་འདུས་རྟེན་མགོན་གཅིག་པོ། །སེམས་ཁ་ཞེ་བྲལ་བར༴ གནས་ཌཱ་ཀིའི་གནས་མཆོག་བསམ་སྡེངས་སུ། །མ་ཡེ་ཤེས་མཁའ་འགྲོ་བཟང་སྐྱོང་མ། །ཁྱེད་ལྷན་སྐྱེས་ཡེ་ཤེས་དོན་སྟོན་མ། །ཡིད་གཉིས་འཛིན་སྤངས་ཏེ༴ གནས་སྤྱི་གཙུག་ཉི་ཟླ་པདྨའི་སྟེང༌། །མགོན་དྲིན་ཅན་རྩ་བའི་བླ་མ་མཆོག །ཁྱེད་སྐྱབས་ཀུན་འདུས་ཞལ་རིན་པོ་ཆེར། །ཡིད་མོས་གུས་དྲག་པོས༴ རྗེ་ཁྱེད་དང་མཉམ་པར་བྱིན༴ གནས་ཟབ་གསལ་ལྷུན་འགྲུབ་ཕོ་བྲང་དུ། །དཔལ་དགྱེས་པ་རྡོ་རྗེ་ཡི་དམ་ལྷ། །ཁྱེད་ཟུང་འཇུག་དོན་ལྡན་ལོངས་སྤྱོད་རྫོགས། །སེམས་ཤར་གྲོལ་དབྱེར་མེད༴ བདག་སྟོང་ཉིད་སྙིང་རྗེར་བྱིན༴ གནས་ཕྱོགས་མེད་དབེན་པའི་རི་ཁྲོད་དུ། །ཡིད་གཉིས་འཛིན་བྲལ་བའི་རྡོ་རྗེའི་སྤུན། །གྲོགས་མཐའ་བྲལ་དབྱེར་མེད་ཆོས་མཛད་ལ། །སེམས་དག་སྣང་ཕྱོགས་མེད༴ ཞིང་དག་པ་རབ་འབྱམས་བྱིན༴ ཆོས་སྣང་ཞིང་སྟོང་ལ་སྟོང་ཞིང་སྣང༌། །ཆོས་སྣང་སྟོང་དབྱེར་མེད་བླ་མའི་སྐུ། །


LT26_Page_056A
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་བླ་མའི་སྐུ་ལ༴ སྐུ་ཟབ་གསལ་རྟོགས་པར༴ དྭངས་མ་སྐུ་ཡི་ངོ་བོར་བྱིན༴ ཆོས་གྲགས་ཤིང་སྟོང་ལ་སྟོང་ཞིང་གྲགས། །ཆོས་གྲགས་སྟོང་དབྱེར་མེད་བླ་མའི་གསུང༌། །ཕ་བླ་མའི་གསུང་ལ་༴ གསུང་ཟབ་གསལ་རྟོགས་པར༴ དྭངས་མ་གསུང་གི་ངོ་བོར་བྱིན༴ ཆོས་བདེ་ཞིང་སྟོང་ལ་སྟོང་ཞིང་བདེ། །ཆོས་བདེ་སྟོང་དབྱེར་མེད་བླ་མའི་ཐུགས། །ཕ་བླ་མའི་ཐུགས་ལ༴ ཐུགས་ཟབ་གསལ་རྟོགས་པར་བྱིན་གྱིས་རློབས། །དྭངས་མ་ཐུགས་ཀྱི་ངོ་བོར་བྱིན་གྱིས་རློབས། །འཁོར་བའི་རང་བཞིན་གདོད་ནས་ཡོད་མ་ཡིན། །དེ་བཞིན་མྱང་འདས་ཆོས་ཀྱང་སྟོང་པ་ཉིད། །འཁོར་འདས་དབྱེར་མེད་ཁྱབ་གདལ་རོ་གཅིག་ཏུ། །གཟུང་འཛིན་རང་གྲོལ་རྡོ་རྗེ་འཆང་ཐོབ་ཤོག །ཟབ་གསལ་གསོལ་འདེབས་པདྨ་གར་གྱི་དབང་ཕྱུག་གིས་མཛད་པའོ། །དེ་ནས་མཇུག་ཏུ་དབང་བླང་བ་ནི། །དཔལ་ལྡན་བླ་མ་རིན་པོ་ཆེ། །དབང་བཞི་བསྐུར་བར་མཛད་དུ་གསོལ། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བླ་མའི་སྐུ་ལ་གསོལ་བ༴ ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས། །བླ་མའི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་དཔྲལ་བར་ཐིམ། སྐུ་ལས་ཀྱང་སྐུ་བསམ་གྱིས་མི་ཁྱབ་པ་འཕྲོས། ལུས་ལ་ཐིམ་པས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག །སྐུ་བུམ་པའི་དབང་ཐོབ། ལུས་རྡོ་རྗེའི་རང་བཞིན་དུ་གྱུར། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར། །དཔལ་ལྡན་བླ་མ་རིན་པོ་ཆེ། །དབང་བཞི་བསྐུར་བར་མཛད་དུ་གསོལ། །


LT26_Page_056B
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བླ་མའི་གསུང་ལ་གསོལ༴ ངག་ལ་ནུས་པ་ཐོན་པར་བྱིན་གྱིས་རློབས། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས་བླ་མའི་མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་མགྲིན་པར་ཐིམ། ཞལ་ནས་ཀྱང་ཨཱ་ལི་ཀཱ་ལི་ལ་སོགས་པའི་སྔགས་ཀྱི་ཕྲེང་བ་བསམ་མི་ཁྱབ་པ་འཕྲོས། ངག་ལ་ཐིམ་པས་སྐྱེ་བ་ཚེ་རབས་ཐམས་ཅད་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག །གསུང་གསང་བའི་དབང་ཐོབ། ངག་རྡོ་རྗེའི་རང་བཞིན་དུ་གྱུར། ལམ་གཏུམ་མོ་བསྒོམ་པ་ལ་དབང་འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར། དཔལ་ལྡན་བླ་མ་རིན་པོ་ཆེ། །དབང་བཞི་བསྐུར་བར་མཛད་དུ་གསོལ། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བླ་མའི་ཐུགས་ལ་གསོལ༴ སེམས་ལ་རྟོགས་པ་འཆར་བར་བྱིན་གྱིས་རློབས། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས། །བླ་མའི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྙིང་གར་ཐིམ། གཞན་ཡང་ཕྱག་མཚན་རྡོ་རྗེ་དྲིལ་བུ་ཌཱ་མ་རུ་གྲི་གུག་ཐོད་པ་ཁ་ཏཱྂ་ག་ལ་སོགས་པའི་ཕྱག་མཚན་བསམ་གྱིས་མི་ཁྱབ་པ་འཕྲོས། ཡིད་ལ་ཐིམ་པས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག །ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་རྡོ་རྗེའི་རང་བཞིན་དུ་གྱུར། ལམ་ཕོ་ཉ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར། །དཔལ་ལྡན་བླ་མ་རིན་པོ་ཆེ། །དབང་བཞིན་བསྐུར་བར་མཛད་དུ་གསོལ། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བླ་མའི་གསུང་ལ་གསོལ༴ སྐུ་གསུམ་


LT26_Page_057A
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་རྟོགས་པར་བྱིན༴ ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས། བླ་མ་ཡབ་ཡུམ་འོད་དུ་མར་ཞུ་ཐམས་ཅད་རང་ལ་ཐིམ་པས། རང་ཡང་འོད་དུ་ཡལ། ཚིག་དབང་རིན་པོ་ཆེ་བཞི་པ་ཐོབ། །ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ཡེ་ཤེས་རྡོ་རྗེའི་རང་བཞིན་དུ་གྱུར། །ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར། །བསྔོ་སྨོན་ནི། དཔལ་ལྡན་བླ་མ་སྐུ་བཞིའི་དབང་ཕྱུག་གི །དཀྱིལ་འཁོར་རྣམ་བཞིར་དབང་མཆོག་བཞི་ཞུས་ནས། །དྲི་མ་རྣམ་བཞི་དག་ནས་རྒྱུད་བཞི་སྨིན། །འབྲས་བུ་སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །དགེ་བ་གང་བསགས་ཆེན་པོའི་ནུས་མཐུ་དང༌། །འོད་གསལ་ཕྱག་རྒྱ་ཆེན་པོའི་བྱིན་རླབས་ཀྱིས། །བདག་གིས་དབང་བཞི་བླངས་པ་འདི་དག་རྣམས། །ཐམས་ཅད་ཡིད་བཞིན་དུ་ནི་འགྲུབ་གྱུར་ཅིག །དགེ་བ་འདི་ཡིས་མྱུར་དུ་བདག །རྩ་བརྒྱུད་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །དཔལ་ལྡན་བླ་མ་ཁྱེད་སྐུ་ཅི་འདྲ་དང༌། །འཁོར་དང་སྐུ་ཚེའི་མཛད་དང་ཞིང་ཁམས་སོགས། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་རྣམས་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །སྐྱེ་བ་ཀུན་ཏུ་དཔལ་ལྡན་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། དེ་ལྟར་ཀུན་མཁྱེན་བོ་དོང་བ་ནས་བརྒྱུད་པའི་གདམས་པ་ཁྱད་པར་ཅན་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར། །ཟབ་གསལ་དབྱེར་མེད་ཟུང་དུ་འཇུག་པའི་སྔོན་འགྲོའི་ངག་འདོན་འདིའང༌། བླ་མ་བརྒྱུད་པའི་ཕྱག་གཞེས་ལས་ཇི་ལྟར་འབྱུང་བ་བཞིན་དག་པར་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །མངྒ་ལམ། །

གདམས་ངག་མཛོད་པོད་བཅུ་བདུན་པ།
བོ་དོང་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ཟབ་གསལ་གྱི་རིང་བརྒྱུད་གསོལ་འདེབས་ཡེ་ཤེས་མཆོག་སྩོལ།


LT26_Page_058A
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དོང་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ཟབ་གསལ་གྱི་རིང་བརྒྱུད་གསོལ་འདེབས་ཡེ་ཤེས་མཆོག་སྩོལ་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ །དཔལ་ལྡན་མཆོག་ཏུ་མི་འགྱུར་བདེ་བ་ཆེ། །རྣམ་པ་ཀུན་གྱི་མཆོག་ལྡན་ཤེས་རབ་ཡུམ། །ཟུང་འཇུག་འཇམ་པའི་རྡོ་རྗེ་ཨེ་ཝཾ་སྦྱོར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རེ་ས་གཞན་ན་མེད་དོ་འགྲོ་བའི་མགོན། །ཚད་མེད་ཐུགས་རྗེའི་སྤྱན་གྱིས་ལེགས་གཟིགས་ནས། །ལོག་པའི་ལམ་དུ་ནམ་ཡང་མི་ལྟུང་ཞིང༌། །ཡང་དག་ལམ་གྱི་དེད་དཔོན་མཛད་དུ་གསོལ། །རྒྱལ་བ་མཆོག་གིས་དངོས་སུ་རྗེས་བཟུང་སྟེ། །དབང་བསྐུར་ལུང་སྦྱིན་ལུང་བསྟན་ཐོབ་པ་ལས། །དངོས་གྲུབ་མཆོག་བརྙེས་སངས་རྒྱས་ཡེ་ཤེས་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་སོགས་ཚིག་རྐང་པ་ལྔ་པོ་རྒྱས་པར་ཐམས་ཅད་ཀྱི་མཇུག་ཏུ་སྦྱར། །བསྡུ་ན་སྔ་མ་རྣམས་ལ། གསོལ་བ་འདེབས་སོ་སོགས་ཚིག་རྐང་གཅིག་ཁོ་ན་དང༌། རྫོགས་མཚམས་སུ་ལྔ་ཀ་སྦྱར་རོ། །མི་ཤེས་མུན་པའི་ཚོགས་འཇོམས་མར་མེ་མཛད། །ཉམས་དང་རྟོགས་པའི་དཔལ་མངའ་བདེ་བ་ཆེ། །མཆོག་གི་ལམ་སྟོན་དྲི་མེད་སྦས་པའི་ཞབས། །གསོལ་བ༴ མཁའ་འགྲོའི་གསང་བ་ཀུན་སྟོན་པ་ལིཾ་པ། །རྐང་གཉིས་དབང་ཕྱུག་གཉོས༵་སྟོན་ལོ༵་ཙཱ༵་བ༵། །བྱང༵་ཆུབ༵་ཐུགས་གཉིས་ལེགས་པར་འབྱོངས་པའི་དཔལ༵། །གསོལ་བ༴ རྩ་རླུང་སེམས་ལ་དབང་ཐོབ་གྲགས་པ་དཔལ། །མཐའ་བྲལ་དོན་གཟིགས་གཉོས༵་སྟོན༵་གཟི༵་བརྗིད༵་དཔ༵ལ། །རྒྱལ་བའི་སྲས་པོ་སྐྱེས་མཆོག་ཡེ་ཤེས་མཁར། །གསོལ་བ༴ རྣམ་པ་ཀུན་གྱི་མཆོག་ལྡན་ཀུན་མཁྱེན་པ། ཆོས་སྐུ་འོད་ཟེར། །མཁྱེན་དང་བརྩེ་བའི་མངའ་བདག་འཕགས་པ་ཀུན་མཁྱེན་འོད། །མདོ་སྔགས་བསྟན་པའི་མངའ་བདག་རིན་ཆེན་གྲུབ། བུ་སྟོན། །གསོལ་བ༴ བྱང་ཆུབ་རྩེ་མོར་སོན་པའི་ལོ་ཆེན་ བྱང་ཆུབ་རྩེ་མོ་པ། །ལུང་རིག་སྨྲ་བའི་དབང་ཕྱུག་གྲགས་ལོ་ཆེན་པའི་ཞབས། །ཁམས་


LT26_Page_058B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་འདྲེན་ཟླ་བྲལ་བ་འཆི་མེད་སྡེ། བོ་དོང་པཎ་ཆེན། །གསོལ་བ༴ འཇའ་ལུས་དྭངས་མའི་སྐུ་བརྙེས་བསོད་ནམས་མཆོག ཤངས་རས་ཆེན། །དུས་གསུམ་རྣམ་མཁྱེན་བྱམས་པ་ཆོས་ཀྱི་ཉིད། །ཟུང་འཇུག་གྲུབ་པ་པདྨ་གར་དབང་ལ། །གསོལ་བ༴ མཁའ་འགྲོའི་དབང་ཕྱུག་གྲགས་པ་འོད་ཟེར་དང༌། །སྣང་སེམས་དབྱེར་མེད་གར་དབང་བསྟན་འཛིན་དཔལ། །མོས་གུས་ཕྱག་ཆེན་མཐར་ཕྱིན་རཏྣའི་མཚན། །གསོལ་བ༴ ཟབ་གསལ་ཆོས་ཀྱི་རྒྱ་མཚོ་འདུས་ཆེན་པ། །བསམ་བཞིན་སྤྲུལ་པའི་སྐུར་སྣང་རྣམ་པ་གཉིས། །བརྟུལ་ཞུགས་གྲུབ་པ་ནམ་མཁའི་རྣལ་འབྱོར་ལ། །གསོལ་བ༴ མཁས་ཤིང་གྲུབ་བརྙེས་འཇམ་དབྱངས་རྣམ་པར་རྒྱལ། །རིག་འཛིན་གྲུབ་པའི་གཙུག་རྒྱན་རྣམ་རྒྱལ་སྡེ། །ཆོས་དབྱིངས་མངོན་གྱུར་བདེ་ཆེན་མཚོ་མོ་ལ། །གསོལ་བ༴ ཟབ་མོ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང༌། །འོད་གསལ་ཕྱག་རྒྱ་ཆེན་པོ་ཟུང་འཇུག་པའི། །ངེས་དོན་ལམ་སྟོན་རྩ་བའི་བླ་མ་ལ། །གསོལ་བ༴ ཡང་ན་འཆི་མེད་སྡེའི་རྗེས་སུ། །ཀུན་མཁྱེན་ངག་གི་དབང་ཕྱུག་གྲགས་པའི་དཔལ། །འཇམ་པའི་དབྱངས་དངོས་འཆི་མེད་དཔལ་བཟང་པོ། །ཟུང་འཇུག་གྲུབ་པ་པདྨ་གར་དབང་ལ། །གསོལ་བ༴ མཁའ་འགྲོའི་དབང་ཕྱུག་སོགས་མན་འདྲའོ། །བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་ལུས་ཐོབ་བསྟན་ལ་རབ་བྱུང་ནས། །ཡང་དག་བཤེས་གཉེན་དམ་པས་རྗེས་བཟུང་སྟེ། །ཟབ་གསལ་གསུང་གི་བདུད་རྩི་འཐུང་བར་ཤོག །འཁྲུལ་སྣང་སྒྱུ་མའི་མཛེས་མས་མི་བསླུ་ཞིང༌། །སྟོབས་ལྡན་གདོད་མའི་རྡོ་རྗེས་མི་སྐྲག་པར། །སྦྱང་བྱ་སྦྱོང་བྱེད་རྣལ་འབྱོར་ཟབ་མོ་ཡིས། །སྦྱང་གཞི་དྲི་མེད་སྦྱངས་འབྲས་མངོན་གྱུར་ཤོག །དམ་པའི་དོན་དུ་ཡོད་དང་མེད་པ་དང༌། །ཡིན་དང་མ་ཡིན་གཉིས་ཀ་གཉིས་མིན་སོགས། །མཐར་འཛིན་ལྟ་བ་མཐའ་དག་དྲུང་ཕྱུང་སྟེ། །མི་རྟོག་ཡེ་ཤེས་རང་ཞལ་མཐོང་བར་ཤོག །ཆོས་ཀུན་ངོ་བོ་ངོས་བཟུང་ཀུན་བྲལ་


LT26_Page_059A
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། །རྣམ་འགྱུར་སྣ་ཚོགས་གསལ་བར་སྣང་བའི་གནད། །ལེགས་པར་རྟོགས་ནས་སྒྲོ་སྐུར་ཀུན་སྤངས་ཏེ། །ཟུང་འཇུག་རྡོ་རྗེ་འཛིན་པ་མཆོག་ཐོབ་ཤོག །གནས་སྐབས་སུ་ཡང་དམ་པའི་ཆོས་བསྒྲུབ་པའི། །འགལ་རྐྱེན་མི་མཐུན་ཕྱོགས་ཀུན་ཐག་བསྲིངས་ཏེ། །མཐུན་པའི་རྐྱེན་རྣམས་མཐའ་དག་ལྷུན་གྲུབ་ནས། །དགེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་བར་ཤོག །ཅེས་གྲུབ་ཆེན་སངས་རྒྱས་ཡེ་ཤེས་ཞལ་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་ཟབ་གསལ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་ཞལ་སྐོང་དང་བཅས་པ་དགེ། །

གདམས་ངག་མཛོད་པོད་བཅུ་བདུན་པ།
བོ་དོང་རས་ཆེན་དཔལ་འབྱོར་བཟང་པོའི་ལུགས་ཀྱི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བླ་མའི་ཞལ་ལུང་།


LT26_Page_060A
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དོང་རས་ཆེན་དཔལ་འབྱོར་བཟང་པོའི་ལུགས་ཀྱི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།། །།


LT26_Page_060B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་ཝཱ་ར་ཧཱི་པཱ་དཱ་ཡ། །དེ་ལ་འདིར་རིང་བརྒྱུད་ནཱ་རོ་དང༌། ནི་གུ་ནས་བརྒྱུད་པའི་གཏུམ་མོའི་མན་ངག་ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ་ལ་བཀའ་བབས་པ་དང༌། ཉེ་བརྒྱུད་བོ་དོང་རས་ཆེན་དཔལ་འབྱོར་བཟང་པོ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མས་དངོས་སུ་གནང་བའི་སྙན་བརྒྱུད་གཏུམ་མོའི་མན་ངག་ཞག་བདུན་མའི་གདམས་ངག་ཟབ་མོ་ལ་བརྟེན་ནས་འཇའ་ལུས་རྡོ་རྗེའི་སྐུ་སྒྲུབ་པར་བྱེད་པའི་འཁྲིད་ཀྱི་རིམ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། ཐུན་མོང་དང༌། ཐུན་མོང་མ་ཡིན་པ་དང༌། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ནི། བདེ་མཆོག་འཁོར་ལོ་ལ་སོགས་པ་རྣལ་འབྱོར་བླ་མེད་མ་རྒྱུད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསྒོམ་པ་རྣམས་གཞན་དང་མཐུན། གཉིས་པ་ལ་གསུམ། སྐྱབས་འགྲོ། སེམས་བསྐྱེད། བླ་མའི་རྣལ་འབྱོར་རོ། །དང་པོ་ནི། ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་ཆེན་པོར་གསལ་བའི་རང་གི་མདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་ཆུ་གཏེར་


LT26_Page_061A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་གྱི་ནོར་བུས་གཏམས་པའི་དབུས་སུ་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་ལྔ་པའི་ལྟེ་བར་རྩ་བའི་བླ་མ་རྡོ་རྗེ་འཆང་གཏུམ་མོ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མདུན་དུ་པད་ཉི་རོའི་གདན་ལ་ཡི་དམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་ཁ་ཊྭཱཾ་ག་འཛིན་ཅིང༌། རུས་པའི་ཕྱག་རྒྱ་ལྔས་སྤྲས་པ། མི་མགོ་སྐམ་པོའི་དབུ་རྒྱན་དང༌། རློན་པའི་དོ་ཤལ་ཅན་རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགས་པ། ཞབས་གཡས་བསྐུམ་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་མཐར་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ། གཡས་སུ་སངས་རྒྱས་སྤྲུལ་སྐུའི་རྣམ་པ་ཅན། རྒྱབ་ཏུ་དམ་ཆོས། གཡོན་དུ་དགེ་འདུན། མཐའ་བསྐོར་ཀུན་ཏུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་ཤིང་དྭངས་བས་འཁོད་པར་མོས་ལ། ཐོག་མར། ཨོཾ་ཨཱཿཧཱུྃ། སྒོ་གསུམ་དག་པར་བྱེད་པ་ཞེས་སོགས་རྡོ་རྗེའི་རྣལ་འབྱོར་ཟབ་མོ་ལ་འཇུག་པར་དམ་བཅའ་བའི་ཚུལ་གྱིས་བརྗོད་རྗེས། མོས་གུས་གདུང་ཤུགས་དྲག་པོས། སངས་རྒྱས་ཆོས་དང་ཞེས་སོགས་སྐྱབས་འགྲོ་ཅི་ནུས་སུ་བྱ།


LT26_Page_061B
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། །བདག་གཞན་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་གཏུམ་མོའི་རྣལ་འབྱོར་ལ་འཇུག་པར་བགྱིའོ་སྙམ་པས། རང་གཞན་དོན་གཉིས་སོགས་བརྗོད། མཐར་སྐྱབས་ཡུལ་རྣམས་ལས་འོད་ཟེར་འཕྲོས། རང་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་དག་ཅིང་བྱིན་གྱིས་རློབས། སྐྱབས་ཡུལ་རིམ་པར་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་མོ། །གསུམ་པ་ལ་ལྔ། བླ་མའི་རྣལ་འབྱོར་གསལ་གདབ་པ། འབྲུ་གསུམ་གྱི་བཟླས་པ་བྱ་བ། ནང་གི་མཎྜལ་འབུལ་བ། གདུང་ཤུགས་ཀྱིས་གསོལ་བ་གདབ་པ། ཏིང་ངེ་འཛིན་གྱི་དབང་བླང་བའོ། །དང་པོ་ནི། །ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་རང་གི་གཞི་ལུས་སྐད་ཅིག་གིས་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་ལམ་གྱིས་གསལ་བཏབ། དེ་ནས། ཨོཾ་ཞེས་བརྗོད་པས་གཟུང་སྣང་ཐམས་ཅད་སྐུ་རྡོ་རྗེའི་ངོ་བོ་རྣམ་སྣང་དཀར་པོ་འོད་དུ་ཞུ་བ་ལས་བྱུང་བའི་ཐར་པ་ཆེན་པོའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཨཱ༔ཞེས་བརྗོད་པས་སྒྲར་གྲགས་ཐམས་ཅད་གསུང་རྡོ་རྗེའི་ངོ་བོ་འོད་དཔག་མེད་དམར་པོ་འོད་དུ་ཞུ་བ་ལས་པདྨ་ཟླ་བའི་གདན། ཧཱུྃ་ཞེས་བརྗོད་པས་དེའི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་རང་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བཞིན་པ་སླར་ཡང་གསལ་སྣང་ལེགས་པར་འདོན། དེའི་སྤྱི་བོར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་མ་ཟླ་བ་སྟེ་གདན་བཞི་བརྩེགས་ཀྱི་སྟེང་དུ་རྩ་བའི་བླ་མ་ཉིད་རང་གིས་བསྒོམས་པ་ཇི་ལྟ་བའི་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བཏབ་ནས་སེམས་བཟུང༌། གཉིས་པ་ནི། །བླ་མའི་སྐུ་གསུང་ཐུགས་ཀྱིས་རང་གི་ལུས་ངག་ཡིད་གསུམ་དྭངས་མ་མི་ཤིགས་གསུམ་ལྡན་གྱི་ངོ་བོར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས། ཨོཾ་ཨཱཿཧཱུྃ་ཞེས་རྩེ་གཅིག་ཏུ་བཟླ། གསུམ་པ་ནི། །སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས་པའི་ངང་ལས། རང་གི་ལུས་ཐ་མལ་དུ་གནས་པ་རྒྱ་མ་ཞིག་པར་


LT26_Page_062A
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་པོར་མཎྜལ་དུ་འབུལ་ཏེ། དེ་ཡང་ཤ་ཁྲག་དྲོད་དབུགས་འབྱུང་བ་བཞིའི་ངོ་བོ་ཡབ་ཡུམ་བཞིའི་རང་བཞིན་རྣམ་པར་དག་པ་འབྱུང་བ་རིམ་བརྩེགས་ཀྱི་རྟེན། རྩ་ཨ་བ་དྷཱུ་ཏི་ལུས་ཀྱི་དབུས་དྲང་པོར་གནས་པ་དང་གཟུང་འཛིན་གྱི་ཕྱོགས་སུ་མ་ལྷུང་བས་རི་རབ། ལྟེ་བ་སྤྲུལ་པའི་འཁོར་ལོ་ལུས་ཀྱི་བསྐྱེད་གཞི་ཡིན་པས་ལུས་འཕགས། ལོངས་སྤྱོད་འཁོར་ལོ་ཟས་སྐོམ་ལོངས་སྤྱོད་ཅིང་སྨྲ་བ་ཆོས་མཐུན་དུ་འབྱུང་བས་འཛམ་གླིང༌། ཆོས་ཀྱི་འཁོར་ལོ་རང་བཞིན་བརྒྱད་ཅུའི་རྟོག་པ་ནུབ་པས་བ་ལང་སྤྱོད། བདེ་ཆེན་འཁོར་ལོ་ཧྂ་ཡིག་བདེ་བ་ཆེན་པོའི་རྒྱུན་གྱིས་ལུས་འཚོ་བར་བྱེད་པས་སྒྲ་མི་སྙན། དེ་ལས་གྱེས་པའི་རྩ་ཕྲན་དང༌། སྐྲ་དང༌། བ་སྤུ་ལ་སོགས་པ་གླིང་སོ་སོའི་རྒྱན། ལག་ངར་གཉིས། རྗེ་ངར་གཉིས། དཔུང་པ་གཉིས། བརླ་གཉིས་བཅས་གླིང་ཕྲན་བརྒྱད། རླུང་ཕྱིར་འབུད་པས་ཉོན་མོངས་དང་སྒྲིབ་པ་རྣམས་གཅོད་པའི་ཕྱིར་འཁོར་ལོ། །རླུབས་པས་རླུང་དབུ་མར་ཞུགས་པ་ལ་བརྟེན་ནས་ཡོན་ཏན་ཐམས་ཅད་འབྱུང་བས་ནོར་བུ། གནས་པས་རླུང་སེམས་དབུ་མར་འདུས་ཏེ་བདེ་སྟོང་གི་ཡེ་ཤེས་སྐྱེད་པས་བཙུན་མོ། །བརྟན་པས་མི་འགྱུར་བའི་བདེ་བ་གྲུབ་པས་བློན་པོ། དེ་ལྟ་བུའི་མྱུར་ལམ་གྱིས་ནང་གི་ས་ལམ་བདེ་བླག་ཏུ་ཐེག་པས་གླང་པོ། ཟུང་འཇུག་ཡན་ལག་བདུན་ལྡན་གྱི་ཞིང་ཁམས་སུ་མྱུར་དུ་བགྲོད་པས་རྟ་མཆོག །འགྲོས་བཞི་དབུ་མར་ཐིམ་པས་བདུད་བཞིའི་གཡུལ་ལས་རྒྱལ་བས་ན་དམག་དཔོན། ཁམས་དམར་ཆ་ཉི་མ། དཀར་ཆ་ཟླ་བ། སྙིང་འདོད་རྒུ་འབྱུང་བའི་རིན་པོ་ཆེའི་གཏེར་ཆེན་པོ་སོགས་ཀྱི་ངོ་བོར་དམིགས་ཏེ་ཕུལ་ལ། འདོད་པའི་དོན་ལ་གསོལ་བ་གདབ། །བཞི་པ་ནི། །རྗེ་འཇིགས་མེད་གྲགས་པའི་གསོལ་འདེབས། རྒྱ་ཆེན་ཤེས་བྱ་ཀུན་མཁྱེན་སོགས་དང༌། རང་གི་རྩ་བའི་བླ་མའི་སྐུ་བསྟོད་ཚར་གྲངས་ཅི་མང་དང༌། བརྒྱུད་པའི་གསོལ་འདེབས་སྐབས། བརྒྱུད་པའི་བླ་མ་རང་གི་བཞུགས་གནས་སོ་སོར་མངོན་སུམ་བཞིན་དུ་


LT26_Page_062B
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའམ། དེ་ལྟར་མི་ནུས་ན་སྤྱི་བོའི་བླ་མ་རྡོ་རྗེ་འཆང་ཉིད་བརྒྱུད་པའི་བླ་མ་ཐམས་ཅད་འདུས་པའི་ངོ་བོར་མོས་ཏེ་གསོལ་བ་གདབ། ལྔ་པ་ནི། །དཔལ་ལྡན་བླ་མ་རིན་པོ་ཆེ་སོགས་ཀྱིས་གསོལ་འདེབས་ལ་དབང་བཞི་ལེན་པའི་དམིགས་པ་ངག་འདོན་ལྟར་བསྐྱང༌། བླ་མ་རང་ལ་བསྟིམ་ནས་རང་སེམས་དང་བླ་མའི་ཐུགས་དབྱེར་མེད་དུ་འདྲེས་པའི་ངང་ལ་མཉམ་པར་བཞག་གོ །གསུམ་པ་ཁྱད་པར་གྱི་སྔོན་འགྲོ་ལ་གསུམ་ལས། ནུབ་དང་པོ་བླ་མ་སྐུ་རྡོ་རྗེ་ལ་བརྟེན་ནས་དག་བྱེད་ཨའི་སྟོང་ར་བསྒོམ་པ་ནི། །རང་ཐ་མལ་དུ་གསལ་བའི་སྤྱི་བོར་བྷཱུཾཿསེར་པོ་ལས་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི། དེའི་སྟེང་དུ་པྂ་དཀར་པོ་ལས་པདྨ་དཀར་པོ་འདབ་མ་འབུམ་ལྡན་གྱི་དབུས། རྂ་དམར་པོ་ལས་ཟེའུ་འབྲུ་དམར་སེར་གྱི་ཚད་དང་མཉམ་པའི་ཉི་མའི་དཀྱིལ་འཁོར་འོད་འབར་བ། དེའི་སྟེང་དུ་ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་གང་བ། དེའི་སྟེང་དུ་བླ་མ་སྐུ་རྡོ་རྗེའི་ངོ་བོ་རྒྱལ་བ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གཡས་གྲི་གུག་དང༌། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། ཞབས་གཉིས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་འོད་ཟེར་དཀར་པོ་འཕྲོ་བའི་ཀློང་ན་བཞུགས་པར་གསལ་བཏབ་ནས། ཕ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་བར་ཆད་ཞི་བར་བྱིན་གྱིས་རློབས། ལས་ངན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་པས་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་གདན་ཁྲི་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་ནས་རང་གི་སྤྱི་བོར་སིབ་ཀྱིས་ཐིམ་པའི་རྐྱེན་གྱིས་མགོན་པོའི་ནང་དུ་ཆོས་འབྱུང་དཀར་པོ་ཟུར་གསུམ་པ། རྩ་བ་ཕྲ་བ་ལྕེ་ཆུང་ལ་ཟུག་པ། གདེངས་ཀ་ཆེ་བ་གྱེན་དུ་ཕྱོང་


LT26_Page_063A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟུར་གཉིས་རྣ་ལྟག་གཡས་གཡོན་དང༌། ཟུར་གཅིག་སྨིན་མཚམས་སུ་བསྟན་པ། དེའི་ནང་དུ་ཨ་དཀར་པོ་གསལ་ཞིང་འཚེར་བ་ལ་དམིགས་པ་གཏད་ནས། ཨ་ཨ་ཞེས་བརྒྱ་སྟོང་གི་བར་བརྗོད་པས། ཨ་ལས་བདུད་རྩིའི་རྒྱུན་དཀར་པོ་དཔག་ཏུ་མེད་པ་བབས་པས་ཆོས་འབྱུང་གི་ནང་ཐམས་ཅད་ཁེངས། མཐར་ཆོས་འབྱུང་གི་ཁ་ནས་ལུད་པ་དང༌། རྩ་བ་ནས་འཁྲིལ་བའི་ཚུལ་གྱིས་བབས། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་ཁྱབ། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དུད་ཁུའམ་སོལ་ཁུའི་རྣམ་པར་འོག་སྒོ་གཉིས་དང༌། རྐང་པའི་སྲིན་ལག་གི་རྩེ་མོ་དང༌། བ་སྤུའི་བུ་ག་ཚུན་ཆད་ནས་ཐོན། ས་རིམ་པ་དགུ་ཡི་འོག་ཏུ་སོང་བས་སྡིག་སྒྲིབ་ཐམས་ཅད་དག །ཤུལ་ཐམས་ཅད་བདུད་རྩིས་སྐྱ་མེར་གྱིས་ཁེངས་པས་བྱིན་གྱིས་རླབས་པར་བསམས་ལ། རྐང་པ་གཉིས་སེམས་སྐྱིལ་ལྷོད་ཆགས་པར་བྱ། །ལག་པ་གཉིས་ཀྱི་མཐེ་བོང་གིས་སྲིན་ལག་གི་འདྲེ་རྩ་མནན་པའི་རྡོ་རྗེ་ཁུར་ཚུར་པུས་མོའི་སྟེང་དུ་ཁ་སྦུབ་ཏུ་བཞག་ལ་སྣ་བུག་གཉིས་ནས་རླུང་ཤུགས་བསྐྱེད་དེ་ལྷག་མེད་དུ་སངས་ཀྱིས་བུས་པ་དང་མཉམ་དུ་འོག་རླུང་འཐེན་ཞིང་སྟོང་འདྲེན་བྱ། །རླུང་ཕྱིར་ཐུབ་ཚད་བཟུང༌། མི་ཐུབ་པ་དང་སྣ་བུག་གཉིས་ཀྱི་སྤུ་མི་འགུལ་བའི་ཚོད་ཀྱིས་དལ་བུས་རྔུབས་ལ་ལྟེ་འོག་ཏུ་ཧྲིལ་གྱིས་མནན་ལ་རླུང་ཁ་སྦྱར་ཐུབ་ཚད་བཟུང་མི་ཐུབ་པ་དང་སྔར་བཞིན་ཕྱིར་འབུད་ལ། དེ་འདྲ་བ་ལན་གསུམ་བྱས་པའི་རྗེས་མའི་ཚེ་ལྟོ་བ་གཡས་བསྐོར་གསུམ། གཡོན་བསྐོར་གསུམ། དཔུང་པ་གཡས་གཡོན་རེས་མོས་སུ་འདེགས་པ་དང༌། དབུས་འདེགས་པ་སྟེ། གསུམ་གྱི་མཐར་རླུང་ཁ་སྣ་གཉིས་གནས་སྒྲ་དང་བཅས་ཏེ་ལྷག་མ་མེད་པར་ཕྱིར་འབུད་ཅིང་ཧ་སྤྲུགས་བྱ། དེ་ལ་ལས་དང་པོ་པས་འཛིན་ཡུན་རིང་པོ་མ་བྱུང་རུང༌། འབུད་རྔུབས་ཀྱི་དུས་སུ་རླུང་ལྷག་མ་མ་ལུས་པ་དང༌། འཛིན་པའི་སྐབས་སུ་རླུང་རྐུན་


LT26_Page_063B
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤོར་བས་འཇམ་རླུང་དལ་བུའི་སྦྱོར་བ་ལ་ཡུང་ཐུན་གྲངས་མང་གི་ཚུལ་དུ་བསླབ་པས་རིམ་གྱིས་གོམས་པ་བརྟན་པར་འགྱུར་རོ། །མདོར་ན་དེ་ལྟ་བུའི་རླུང་སྦྱོར་ཐུན་རེ་ལ་བརྒྱ་རྩ་སོགས་ནས་བདུན་ནམ་གསུམ་ལ་ཉུང་མཐའ་བྱས་པ་བསྒོམ་པར་བྱའོ། །ནུབ་གཉིས་པ་བླ་མ་གསུང་རྡོ་རྗེ་ལ་བརྟེན་ནས་དག་བྱེད་ཨའི་སྟོང་ར་བསྒོམ་པ་ནི། །སྦྱོར་དངོས་ཀྱི་ཁྱད་པར་གཞན་གོང་དང་འདྲ་བ་ལ། བླ་མ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་དང༌། འོད་དམར་པོ་འཕྲོ་བར་གསལ་བཏབ་ལ་གསོལ་འདེབས་བྱ། དེ་ཉིད་རང་ལ་ཐིམ་པའི་རྐྱེན་གྱིས་མགོ་བོའི་ནང་དུ་ཆོས་འབྱུང་དམར་པོ་ལྕགས་སྲེག་གི་རྣམ་པ་ཅན་དུ་ཡོད་པའི་ནང་དུ་ཨ་དམར་པོ་ལ་ཡིད་བཟླས་ཏེ་བཟླས་པ་བྱས་པས་བདུད་རྩི་དམར་པོ་རེག་བྱ་ཚ་བ་དཔག་ཏུ་མེད་པ་བབས་པས་ནད་ཐམས་ཅད་རྣག་ཁྲག་གི་རྣམ་པས་ཐོན། ཤུལ་ཐམས་ཅད་བདུད་རྩི་ཟངས་ཞུན་གྱི་ཁུ་བ་ལྟ་བུ་སྐྱོ་ཚ་ཁོལ་བ་བཞིན་བུན་བུན་དུ་ཁོལ་བས་གང་བར་བསམ། །རླུང་འཛིན་པ་སོགས་འདྲ། །ནུབ་གསུམ་པ་བླ་མ་ཐུགས་རྡོ་རྗེ་ལ་བརྟེན་ནས་དག་བྱེད་ཨའི་སྟོང་ར་བསྒོམ་པ་ནི། །སྦྱོར་དངོས་ཀྱི་དམིགས་པ་གཞན་ཐམས་ཅད་སྔར་བཞིན་ལ། དམིགས་བསལ་གྱི་ཁྱད་པར་བླ་མ་སྐུ་མདོག་སྔོན་པོ་དང༌། ཆོས་འབྱུང་སྔོན་པོའི་ནང་ཨ་ཡིག་སྔོན་པོ་བསྒོམ། དེ་ལས་འོད་ཟེར་འཕྲོས། གཤིན་རྗེ་གཤེད་དང༌། དཔལ་རྟ་མགྲིན་དང་རྡོ་རྗེ་གཏུམ་མོ་སོགས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། ཨ་ལ་ཐིམ། ཨ་བརྗོད་པའི་རྐྱེན་གྱིས་ཨ་ཡིག་ལས་ཁྲོ་བོ་དཔག་ཏུ་མེད་པ་བྱུང༌། ལུས་གང༌། གདོན་ཐམས་ཅད་སྲོག་ཆགས་མི་སྡུག་པའི་རྣམ་པས་ཐོན། ལུས་དང་ཆོས་འབྱུང་གི་ནང་བཅས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་མཚོན་ཆ་ཕྱིར་གདེངས་པས་བར་མཚམས་མེད་པར་བུན་གྱིས་ཁེངས་པར་བསམས་ལ་རླུང་བུམ་པ་ཅན་བཟུང་ངོ༌། །གཉིས་པ་དངོས་གཞི་ལ་བཞི། རླུང་ཁ་སྦྱོར་ལ་བརྟེན་ནས་མེ་གསོ་བ། ས་བོན་གཉིས་ལ་བརྟེན་ནས་མེ་སྦར་བ། རྩ་གསུམ་འཁོར་ལོ་བཞི་ལ་བརྟེན་ནས་འབར་འཛག་བསྒོམ་


LT26_Page_064A
[མ་དཔེ་གཟིགས་ན་འདིར་གནོན།]

པ། མཆོག་གི་གཏུམ་མོ་ལ་བརྟེན་ནས་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་མངོན་དུ་བྱའོ། །དེ་ལ་ཐོག་མར་ནུབ་བཞི་པ་མེ་གསོ་བའི་དམིགས་པ་ནི། །སྐྱབས་འགྲོ་ནས་བཟུང་དག་བྱེད་མའི་སྟོང་རའི་བར་གོང་བཞིན་ཉམས་སུ་བླང༌། །དེ་ནས་རང་གི་སྤྱི་བོར་བླ་མ་རྡོ་རྗེ་འཆང་བསྒོམས་ལ། མོས་གུས་དྲག་པོ་རྩེ་གཅིག་པས། ཕ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་སྐྱེ་བར་བྱིན་གྱིས་རློབས། བདག་ལ་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་བྱིན་གྱིས་རློབས། །ཏིང་ངེ་འཛིན་ཁྱད་པར་ཅན་བདག་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པའི་རྐྱེན་གྱིས་བླ་མ་ཡབ་ཡུམ་འོད་དུ་ཞུ། རང་ལ་ཐིམ་པས་སྐད་ཅིག་གིས་རང་ཉིད་པདྨ་དམར་པོ་དང་ཉི་མའི་གདན་ལ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་གཅེར་བུ་རུས་པའི་རྒྱན་གྱིས་སྤྲས་པ། དབུ་སྐྲ་ཕྱེད་སྤྱི་བོར་བཅིངས་པར་དུས་པའི་འཁོར་ལོས་མཚན་པ། ཕྱེད་ཐུར་དུ་གྲོལ་ཞིང་མི་མགོ་སྐམ་པོ་ལྔས་དབུ་བརྒྱན་པ། ཕྱག་གཉིས་རླུང་འཛིན་པའི་ཕྱག་རྒྱ་དང༌། །ཞབས་གཉིས་རླུང་འཛིན་པའི་འདུག་སྟངས་ཀྱིས་བཞུགས་པའི་སྤྱན་གསུམ་ནམ་མཁར་བཀྲ་ཧྲིག་གེར་གཟིགས་པ། སྐུ་ལུས་གྱི་ནང་ལྟེ་བའི་ཐད་དུ། མེའི་སྙིང་པོ་ཚ་ཞིང་ངར་ལ་རྩུབ་པ་རྣོ་བ་སྟེ་མཚན་ཉིད་བཞི་ལྡན་བྱ་ངང་པའི་སྒོ་ང་ཙམ་མདུན་རྒྱབ་གཡས་གཡོན་བཞི་སྒྲོམ་དུ་ཡོད་པར་བསམ། །དེ་ནས་རླུང་རོ་བསལ། རླུང་སྟོང་འདྲེན་སྐབས་འོག་རླུང་ཕོག་པའི་རྐྱེན་གྱིས་མེ་སྔོ་ཡལ་ཡལ་འབར། རླུང་རྔུབས་ཅིང་དགང་གཞི་ལ་མནན་པས་དེ་ལས་ཀྱང་མེ་ཆེར་འབར་བས་ལུས་ཀྱི་ནང་ཐམས་ཅད་མེས་ཁེངས་ཡང་སྟོང་འདྲེན་གྱིས་རླུང་བུས་སྐབས་སྟོད་ཐམས་ཅད་མེས་ཁེངས་ཤིང་འབར། དགང་དུས་བརླ་གཉིས་ནས་བརྒྱུད་རྐང་པ་གཉིས་སོགས་ལུས་སྨད་ཀུན་མེས་ཁེངས་ཤིང་འབར་བར་དམིགས་པ་གཏད་པ་བུམ་ཅན་གོང་བཞིན་བཟུང༌། ཕོ་བ་བསྐོར་སྐབས་མེ་ལྕེ་དམར་འཁྱིལ་འཁྱིལ་བྱེད་པར་བསམ་མོ། །ནུབ་ལྔ་པ་ས་བོན་གཉིས་ལ་བརྟེན་


LT26_Page_064B
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མེ་སྦར་བ་ནི། རང་ཕག་མོར་གསལ་བའི་ལྟེ་བའི་ཐད་དུ་མེ་བཞི་སྒྲོམ་གསལ་བཏབ་པ་ཡན་གོང་ལྟར་ལ། དམིགས་པའི་ཁྱད་པར། ཉི་གདན་དང་བཤང་ལམ་གྱི་བར་དུ་རླུང་གི་ས་བོན་ཡྂ་ཡིག་ལྗང་གུ་ཞིག་དང༌། བཤང་ལམ་གྱི་ནང་སྒོར་ཞུགས་པ་ཙམ་དུ་མེའི་ས་བོན་རྂ་ཡིག་དམར་པོ་འབར་ལ་ཁད་པར་བསམས་ལ། རླུང་ཕྱིར་བུས། སྟོང་འདྲེན་སྐབས་ཡྂ་ཡིག་ལས་རླུང་གཡོས་རྂ་ཡིག་ལ་ཕོག་པས་མེ་འབར། ལྟེ་བའི་མེ་བཞི་སྒྲོམ་ལ་ཕོག་པས་མེ་ལྷག་པར་འབར་བས་ལུས་ཀྱི་ནང་ཀུན་ཁེངས། སྟོང་འདྲེན་སྐབས་མེ་སྟོང་དུ་འབར་བས་རང་ཕག་མོར་གསལ་བའི་ཞལ་དང༌། སྤྱན་དང༌། སྙན་སོག་མེ་ལྕེ་དམར་ཉུག་ཉུག་འབར་ཞིང༌། དགོང་དུས་སྨད་ཆ་ཀུན་མེས་ཁེངས། མེ་ཐུར་དུ་འབར་བས་འོག་སྒོ་གཉིས་ནས་མེ་ལྕེ་ཕྱིར་འཕྲོས་ཤིང་འབར་བས་ཕྱི་དབྱིབས་ཀྱི་ལུས་ཀྱང་མེ་འབར་བའི་དབུས་སུ་ཡོད་པར་བསམས་ལ་ཕོ་བསྐོར་གོང་བཞིན་བྱ། དེ་ནས་ཕྱི་ནང་ཀུན་མེ་སྦར་བའི་དབུས་སུ་རང་ཕག་མོར་གསལ་བའི་སྤྱན་གསུམ་བཀྲ་ཧྲིག་གེ་བ། སྣང་སྟོང་སྒྱུ་མའི་སྐུར་དམིགས་པ་གཏད་ལ་རླུང་བུམ་པ་ཅན་ཅི་ནུས་སུ་འཛིན་ནོ། །ནུབ་དྲུག་པ་རྩ་གསུམ་འཁོར་ལོ་བཞི་ལ་བརྟེན་ནས་འབར་འཛག་བསྒོམ་པ་ནི། །རང་གི་ལུས་ཕྱི་དབྱིབས་ཀྱི་ལུས་རྡོ་རྗེ་ཕག་མོ་མེ་དབུས་སུ་ཡོད་པ་གོང་བཞིན་ལ། ལྟེ་འོག་སོར་བཞི་ནས་ཡར་སྣ་སྤྱི་བོར་ཟུག་པའི་རྩ་དབུ་མ་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། པདྨའི་སྣལ་མ་ལྟར་སྲབ་པ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་སྣུམ་པ། ཏིལ་མར་གྱི་མར་མེ་ལྟར་གསལ་བ་སྟེ་ཁྱད་ཆོས་བཞི་དང་ལྡན་པའི་ཕྱི་སྔོ་བ། ནང་དམར་བ། ཁོག་པ་སྟོང་པ་ལུས་ཀྱི་དབུས་དྲང་པོར་ཡོད་པའི་གཡས་སུ་རོ་མ་དམར་མོ་ཕྱི་ནང་གཉིས་དམར། གཡོན་དུ་རྐྱང་མ་དཀར་མོ་ཕྱི་དཀར་ནང་དམར་བ། དེ་གཉིས་དབུ་མའི་མར་སྣེ་ནས་སྐྱེས་པའི་ཚུལ་གྱིས་རོ་རྐྱང་དབུ་གསུམ་གྱི་གཤམ་ཡི་གེ་དབུ་ཅན་གྱི་ཆའི་གཤམ་ལྟར་ཡོད་པ། རོ་རྐྱང་ཕྱིར་གྱེས། ལྟེ་བར་འདུས་མཚམས་


LT26_Page_065A
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རེ་བཞི་པས་ཁམས་མཚོན་པའི་ཕྱི་སེར་ནང་དམར་བ། ཕྱིའི་རྩི་རྣམས་ཁ་གྱེན་ཕྱོང་གདུགས་ཡུ་གནམ་ལ་བསྟན་ནས་འཕྱངས་པ་ལྟ་བུ། ཡང་རོ་རྐྱང་གཉིས་གཡས་གཡོན་གཉིས་སུ་གྱེན། སྙིང་གར་འདུས་མཚམས་སུ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ་ཅུང་ཟུང་ཐུར་བསྟན་གདུགས་ཕུབ་པ་ལྟ་བུ་རླུང་ཁམས་མཚོན་པའི་ཕྱི་སྔོ་ནང་དམར་བ། ཡང་རོ་རྐྱང་ཕྱིར་གྱེས། མགྲིན་པར་འདུས་མཚམས་ལོངས་སྤྱོད་འཁོར་ལོ་རྩ་འདབ་བཅུ་དྲུག་པ་མེ་ཁམས་མཚོན་པའི་ཕྱི་ནང་གཉིས་དམར་བ། ཅུང་ཟད་ཁ་གྱེན་ལ་ཕྱོང་པ། ཡང་རོ་རྐྱང་གཉིས་པོ་ཕྱིར་གྱེས། སྤྱི་བོར་འདུས་མཚམས་སུ་བདེ་ཆེན་འཁོར་ལོ་རྩ་འདབ་སུམ་བཅུ་རྩ་གཉིས་པ་ཆུ་ཁམས་མཚོན་པའི་ཕྱི་དཀར་ནང་དམར་བ། ཅུང་ཟད་ཁ་ཐུར་བསྟན་གདུགས་ཕུབ་པ་ལྟ་བུ་དང༌། རོ་རྐྱང་གཉིས་གྱེས་པའི་སྣེ་གཉིས་སྣ་བུག་ལ་གཏད་ཅིང༌། རྩའི་འཁོར་ལོ་དེ་རྣམས་ཀྱི་རྩ་བ་རོ་རྐྱང་དབུ་གསུམ་ལས་སྐྱེས་པའི་རྩེ་མོ་རང་ལུས་རྡོ་རྗེ་ཕག་མོ་གསལ་བའི་ཕྱིའི་པགས་པའི་མཚམས་སུ་རེག་པ། དབུ་མའི་མར་སྣའི་སུམ་མདོའི་ནང་དུ། གཏུམ་མོ་ཨ་ཤད་ཀྱི་རྣམ་པ་མེ་ཁབ་རྩེ་འདྲ་བ་རིང་ཐུང་ཚོན་གང་པ་ཁྱད་ཆོས་བཞི་དང་ལྡན་པ། དབུ་མའི་ཡ་སྣར་ཡི་གེ་དབུ་ཅན་གྱི་ཧྂ་དཀར་པོ་མགོ་ཐུར་བསྟན་གཅིག་བསམས་ལ། རླུང་འབུད་སྐབས་གོང་ལྟར་གསལ་བཏབ། རླུང་རྔུབས་ནས་གནོན་སྐབས་རླུང་རོ་རྐྱང་གི་ལམ་བརྒྱུད། མར་སྣ་སུམ་མདོའི་ཨ་ཤད་ཀྱི་མེ་ལ་ཕོག་པའི་རྐྱེན་གྱིས་མེ་འབར་བ་དབུ་མའི་ནང་བརྒྱུད་ཡར་སྣའི་ཧྂ་ཡིག་ལ་ཕོག་པས་ཧྂ་ལས་ཡེ་ཤེས་ཀྱི་བདུད་རྩི་དཀར་པོའི་རྒྱུན་བསམ་གྱིས་མི་ཁྱབ་པ་བབས། མར་སྣའི་ཨ་ཤད་ཀྱི་མེ་ལ་ཕོག་པའི་རྐྱེན་གྱིས་མེ་ཚ་རུ་སོང༌། དེའི་རྐྱེན་གྱིས་བདུད་རྩི་ཆེར་བབས་པས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་རྣམས་བདུད་རྩིས་ཁེངས། རོ་རྐྱང་དབུ་གསུམ་གྱི་ལམ་


LT26_Page_065B
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་མགྲིན་པའི་འཁོར་ལོའི་རྩ་འདབ་ཁེངས། མེ་ཆེར་སོང་བས་བདུད་རྩི་འབབ་ཇེ་ཆེར་གྱུར་པས་སྙིང་ཁའི་འཁོར་ལོ་ཁེངས། དེ་ནས་རིམ་བཞིན་ལྟེ་བའི་འཁོར་ལོ་ཁེངས། རོ་རྐྱང་དབུ་གསུམ་གྱི་སྨད་ཆ་སོགས་ཀྱིས་མཚོན་མདོར་ན་རྩ་ནང་ཐམས་ཅད་བདུད་རྩིས་ཁེངས་ཤིང་སྐུ་ལུས་ཀྱི་ཕྱི་ཡང་མེ་འབར་བའི་དབུས་སུ་ཡོད་པར་བསམས་ལ་རླུང་བུམ་པ་ཅན་བཟུང༌། ནུབ་བདུན་པ་མཆོག་གི་གཏུམ་མོ་ལ་བརྟེན་ནས་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་མངོན་དུ་བྱ་བ་ནི། རང་ཕག་མོར་གསལ་བའི་སྐུ་རྩ་འཁོར་ལོ་རོ་རྐྱང་སོགས་གོང་བཞིན་བསྐྱེད། དབུ་མའི་ཡ་སྣེར་ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྡོ་རྗེ་འཆང་ཡབ་ཡུམ་རྒྱན་མཚན་དཔེས་སྤྲས་པ་ཚོན་གང་པ་གཅིག་གསལ་བའི་སྟེང་གི་ཆར། རྒྱལ་བ་རྡོ་རྗེ་འཆང་ཡབ་ཡུམ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མར་སྣར་ཉི་གདན་ལ་མེའི་རང་བཞིན་གྱི་ཚེ་དཔག་མེད་ཚོན་གང་པ་ལོངས་སྤྱོད་རྫོགས་སྐུའི་རྒྱན་དང་མཚན་དཔེས་སྤྲས་པ་འོད་ཀྱི་རང་བཞིན་ཅན་གསལ་བཏབ་ནས། དབུ་མའི་ཡར་སྣའི་བླ་མར་གསོལ་བ་རྩེ་གཅིག་གིས་བཏབ་པས། སྐུ་ལས་འོད་ཟེར་འཕྲོས། སྟེང་གི་བླ་མ་གཙོ་འཁོར་ལ་ཕོག །དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་དཔག་མེད་བབས་པས་དབུ་མའི་ཡར་སྣའི་རྩ་བའི་བླ་མ་ཡབ་ཡུམ་ལ་ཐིམ། སླར་ཡང་གསོལ་བ་ཡིད་ཀྱིས་རྩེ་གཅིག་ཏུ་བཏབ་པས་བླ་མ་ཡབ་ཡུམ་གྱི་སྐུ་ལས་བདུད་རྩིའི་རྒྱུན་དཀར་དམར་དཔག་ཏུ་མེད་པ་བབས། དབུ་མའི་མར་སྣའི་ཚེ་དཔག་མེད་ལ་ཕོག་པའི་རྐྱེན་གྱིས་མེ་སྒྲ་བཅས་དབུ་མའི་ནང་དུ་དལ་གྱིས་འབར། དབུ་མའི་ཡར་སྣའི་བླ་མའི་སྐུ་ལས་ཀྱང་བདུད་རྩི་དེ་ཆེར་བབས། དེས་མེ་ཡང་ཆེར་འབར། དེས་བདུད་རྩི་ཡང་ཆེར་བབས་པས་སྤྱི་བོའི་འཁོར་ལོ་ཀུན་ཁེངས། སླར་ཡང་རོ་རྐྱང་གི་ལམ་བརྒྱུད་མགྲིན་པ་སོགས་འཁོར་ལོ་འོག་མ་ཀུན་ཁེངས། སླར་ཡང་འབར་འཛག་ཆེས་ཆེར་རྒྱས་པས་


LT26_Page_066A
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ནང་ཀུན་དང་རོ་རྐྱང་དབུ་གསུམ་གྱི་སྨད་ཆ་ཡང་ཁེངས། དེ་ནས་ཀྱང་མེ་དང་བདུད་རྩི་ཇེ་ཆེར་བབས་པས་རྩ་རྣམས་ཇེ་ཆེར་ཇེ་ཆེར་སོང༌། མཐར་རང་གི་ལུས་རི་རབ་དང་མཚུངས་བའི་ནང༌། རོ་རྐྱང་དབུ་གསུམ་ཕྱི་ནང་མེ་འབར་བ་དང་བཅས་པའི་དབུས་བླ་མ་ཡུམ་སོགས་བཀྲ་ལམ་མེ་བར་དམིགས་པ་རྩེ་གཅིག་ཏུ་གཏད་དེ་རླུང་བུམ་པ་ཅན་འཛིན་ཅི་ནུས་སུ་འཛིན་ལ་དབྱིངས་རིག་བསྲེའོ། །གསུམ་པ་རྗེས་ནི། །དེ་ལྟར་ནུབ་བདུན་དུ་འབད་པས། རབ་ཀྱིས་ཆོས་འདི་ཞུ་བའི་འདུན་པ་ཡོད་པ་ཙམ་དང༌། འབྲིང་སྔོན་འགྲོའི་དུས་སུ། ཐ་མའང་མི་དམིགས་ཀྱི་མགོ་ཚུགས་ནས་དྲོད་མི་སྐྱེ་བ་མི་སྲིད། གང་ལྟར་ཡང་ནུབ་བདུན་པའི་སྲོད་ལ་གཏུམ་མོའི་མེ་དབང་བསྐུར་ཞིང་རས་གཟན་སོགས་སྦྱིན། ཐོ་རངས་ནས་རས་འབུད་ཕྱག་ལེན་ལྟར་བཏང༌། ཕྱིར་ཉིན་དཔོན་སློབ་ཐམས་ཅད་ཀྱིས་ཕག་མོའི་གཞུང་གང་རུང་བསྲངས་ནས། དགའ་སྟོན་ཚོགས་ཀྱི་འཁོར་ལོ་བཅས་མཐའ་རྒྱས་སུ་ཕྱག་ལེན་མཛད་དོ། །དེ་ནས་ཀྱང་མ་ཆགས་པར་ཉམས་སུ་བླངས་པས་དྲོད་ཀྱི་གཏུམ་མོ་ལ་བརྟེན་ནས་བདེ་བའི་གཏུམ་མོས་རྒྱུད་ཡོངས་སུ་གང་ཞིང༌། དེས་དྲངས་པའི་མི་རྟོག་པའི་གཏུམ་མོ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་སུམ་དུ་རྟོགས་པར་འགྱུར་ལ། གེགས་སེལ་དང་བོགས་འདོན་གྱི་སླད་དུ་རླུང་ཐར་པའི་སྒོ་འབྱེད་ཞལ་ལས་འབྱུང་བ་ལྟར་ཉམས་སུ་བླང༌། རྒྱུན་གྱི་ཉམས་ལེན་སྐབས། ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི་ངེས་པར་དགོས། ཁྱད་པར་གྱི་སྔོན་འགྲོ་རས་མོས་སུ་ཉམས་སུ་བླང་བའམ། སྔོན་དུ་ལེགས་པར་འབྱོངས་ཟིན་པ་ཡིན་ན་དངོས་གཞིའི་མི་དམིགས་བཞི་ལ་གནད་དུ་བསྣུན། དེའང་ནུབ་རེར་རེས་མོས་སུ་བྱས་པས་ནུབ་བཞིའི་དམིགས་པ་ཚར་རེ་གཅིག་རྫོགས་པ་སྟེ། དེ་ལྟ་བུའི་ཚུལ་གྱིས་བསྐྱར་ཏེ་ཉམས་སུ་བླང་ཞིང༌། དམིགས་པ་སྔ་མ་སྔ་མ་ལ་གོམས་པ་བརྟན་པོར་གྱུར་ན། ཕྱི་མ་རྣམས་ལ་རིམ་གྱིས་གཙོ་བོར་བྱས་པས་ཀྱང་རུང་ངོ༌། །ཞེས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་


LT26_Page_066B
[མ་དཔེ་གཟིགས་ན་འདིར་གནོན།]

རས་ཆེན་དཔལ་འབྱོར་བཟང་པོ་ནས་བརྒྱུད་པའི་བོ་དོང་ལུགས་ཀྱི་གཏུམ་མོ་ཞག་བདུན་མའི་དམིགས་ཁྲིད་བླ་མའི་ཞལ་ལུང་ལས་ཇི་ལྟར་བྱུང་བ་བཞིན་དག་པར་བྲིས་པའི་དགེ་བས་འགྲོ་ཀུན་གཉུག་མ་དོན་གྱི་ཙཎྜ་ལཱི་ཟུང་འཇུག་དྭངས་མ་གསུམ་ལྡན་གྱི་ཡེ་ཤེས་ཚེ་འདི་ཉིད་ལ་མངོན་སུམ་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལམ་བྷ་ཝ་ཏུ།

གདམས་ངག་མཛོད་པོད་བཅུ་བདུན་པ།
ཀུན་མཁྱེན་བོ་དོང་པའི་བཀའ་སྲོལ་ཐུབ་པ་མདོ་གཅོད་ཀྱི་ངག་འདོན་བཀླག་པས་གྲུབ་པ།


LT26_Page_067A
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་བོ་དོང་པའི་བཀའ་སྲོལ་ཐུབ་པ་མདོ་གཅོད་ཀྱི་ངག་འདོན་བཀླག་པས་གྲུབ་པ་བཞུགས་སོ།།


LT26_Page_067B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་ཡོན་ཏན་རྫོགས་སངས་རྒྱས། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །བཀའ་དྲིན་མཚུངས་བྲལ་བླ་མ་རྗེ། །བརྒྱུད་པར་བཅས་ལ་གུས་པས་འདུད། །མཉམ་མེད་ཐུབ་པའི་དབང་པོས་རྗེ་འཇིགས་མེད་གྲགས་པ་ལ་དག་སྣང་དུ་བསྩལ་བའི་གསང་གཅོད་ཟབ་མོ་ཉམས་སུ་ལེན་པའི་ངག་འདོན་གྱི་རིམ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། སྐྱབས་འགྲོ། སེམས་བསྐྱེད། བླ་མའི་རྣལ་འབྱོར་གསོལ་འདེབས་དང་བཅས་པའོ། །དང་པོ་ནི། །སྐྱབས་ཡུལ་གསལ་བཏབ་ལ། བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ཏེ། །བདག་དང་ཁམས་གསུམ་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མངའ་བདག །དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴


LT26_Page_068A
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་དགེ་འདུན་རྣམས་ལ༴ དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ༴ ཞེས་དང༌། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཞེས་ཅི་ནུས་བརྗོད། གཉིས་པ་ནི། །ཤེས་རབ་སྙིང་རྗེ་དང་ལྡན་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་དྲུང་དུ་གནས་བྱས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་བགྱི། ལན་གསུམ་གྱི་རྗེས། ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་སོགས། བཏང་སྙོམས་ལ་གནས་པར་གྱུར་ཅིག ལན་གསུམ། གསུམ་པ་ལ། བླ་མ་ཐུབ་པའི་དབང་པོའི་རྣལ་འབྱོར་དམ་ཚིག་པ་གསལ་བཏབ་པ་ནི། །རང་གི་སྤྱི་བོར་བྷྲཱུཾ་ལས་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཕུན་སུམ་ཚོགས་པའི་སྟེང་དུ། པདྨ་དང་ཟླ་བའི་གདན་ལ་རང་གི་དྲིན་ཅན་རྩ་བའི་བླ་མ་དེ་ཉིད། དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས། གཡོན་ས་གནོན་དང༌། གཡས་མཉམ་


LT26_Page_068B
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ན་བཟའ་ཆོས་གོས་ངུར་སྨྲིག་གསོལ་བ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། སྐུ་ལྟ་བས་ཆོག་མི་ཤེས་པ། གསུང་ཡན་ལག་དྲུག་ཅུའི་དབྱངས་དང་ལྡན་པ། ཐུགས་ཤེས་བྱ་ཇི་ལྟ་ཇི་སྙེད་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་ཅན་དུ་གྱུར། །ཡེ་ཤེས་པ་སྤྱན་འདྲེན་པ་ནི། །དེའི་ཐུགས་ཀའི་འོད་ཟེར་གྱིས་རྩ་བརྒྱུད་ཀྱི་བླ་མ་དམ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། གཉིས་སུ་མེད་པར་ཐིམ་པས་དེ་ཉིད་བླ་མར་སོང་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར། །མཆོད་པ་འབུལ་བ་ནི། །འགྲོ་ཀུན་རེ་རེའང་ཞིང་རྡུལ་ལུས་སྤྲུལ་ནས། མཆོད་པའི་ལྷ་མོ་མཛེས་མ་གྲངས་མེད་པ། །ནམ་མཁའ་ཁྱབ་པར་གྱུར་པས་ཕྱི་དང་ནང༌། །གསང་བ་དེ་ཉིད་མཆོད་པ་བསམ་མི་ཁྱབ། །བདག་སོགས་འགྲོ་བའི་དོན་དུ་འབུལ་ལགས་ན། །བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ་དུ་གསོལ། །ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ས་པཱ་རི་ཝཱ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། །དེ་ནས་རྐང་གླིང་ལན་གསུམ་གྱིས་ཐོག་དྲངས་ཏེ། ཌཱ་རུ་འཁྲོལ་ཞིང་སྣང་བ་འགྱུར་བའི་དབྱངས་དང་བཅས་པས་གསོལ་བ་འདེབས་པ་ནི། །བྱིན་རླབས་ཅན་གྱི་བླ་མ་ལ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ཐུགས་ཀྱི་ཀློང་ནས་ཞུ། །ཞེས་དང༌། གཞན་ཡང་འཇིགས་བྲལ་དུས་གསུམ་རྣམ་མཁྱེན་གྱི་གསོལ་འདེབས་དང༌། རྩ་བའི་བླ་མའི་གསོལ་འདེབས་ཇི་ལྟར་རིགས་པའི་རྗེས། བརྒྱུད་འདེབས་ནི། རྗེ་ན་མོ་གུ་རུ་བྷྱཿ གནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཆོས་སྐུ་ཡུམ་ཆེན་ཤེས་རབ་ཕར་ཕྱིན་ལ་གསོལ་བ་འདེབས། མེད་སྣང་འཁྲུལ་པའི་ངང་མཚང་རིག་པ་དང༌། །འཛིན་པ་རང་སར་གྲོལ་བར་བྱིན་གྱིས་རློབས། །གནས་བྱ་རྒོད་ཕུང་པོའི་རི་བོ་རུ། །སྤྲུལ་སྐུ་བཅོམ་ལྡན་ཐུབ་ལ༴ མེད་སྣང་༴ འཛིན་པ༴ གནས་ཆོས་འབྱུང་ཨེ་ཡི་གཙུག་ལག་ཏུ། །འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ལ༴ མེད་སྣང་༴


LT26_Page_069A
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ༴ གནས་སྟག་ལུང་ཐང་གི་དགོན་པ་རུ། །ཀུན་མཁྱེན་ངག་གི་དབང་པོ་ལ༴ མེད་སྣང་༴ འཛིན་པ༴ གནས་མངོན་པར་དགའ་བའི་ཞིང་ཁམས་སུ། །སྤྲུལ་སྐུ་འཆི་མེད་དཔལ་བཟང་ལ༴ མེད་སྣང་༴ འཛིན་པ༴ གནས་སྙེ་མོ་བྱེ་མཁར་ཆོས་སྡེ་རུ། །མཁས་པ་སངས་རྒྱས་ལྷུན་འགྲུབ་ལ༴ མེད་སྣང་༴ འཛིན་པ༴ གནས་དགའ་ལྡན་ཆོས་དབྱིངས་ཕོ་བྲང་དུ། །མཉམ་མེད་ནམ་མཁའ་འོད་ཟེར་ལ༴ མེད་སྣང་༴ འཛིན་པ༴ གནས་མངོན་དགའ་ཆོས་སྡེའི་ཕོ་བྲང་དུ། །ཆོས་རྒྱལ་ནམ་མཁའ་རིན་ཆེན་ལ༴ མེད་སྣང་༴ འཛིན་པ༴ གནས་བསམ་གཏན་ཞལ་གཟིགས་དབེན་གནས་སུ། །ཡོངས་འཛིན་ནམ་མཁའ་རྒྱལ་པོ་ལ༴ མེད་སྣང་༴ འཛིན་པ༴ གནས་གསང་སྔགས་བདེ་ཆེན་ཕོ་བྲང་དུ། །འཇམ་དབྱངས་ནམ་མཁའ་དཀར་པོ་ལ༴ མེད་སྣང་༴ འཛིན་པ༴ གནས་འགགས་མེད་ལྷུན་གྲུབ་ཕོ་བྲང་དུ། །གྲུབ་མཆོག་འདུས་ཆེན་རབ་རྒྱས་ལ༴ མེད་སྣང་༴ འཛིན་པ༴ གནས་ཐུབ་བསྟན་ཆོས་ཀྱི་ཕོ་བྲང་དུ། །སྐྱབས་མགོན་འཇམ་དབྱངས་དགའ་བ་ལ༴ མེད་སྣང་༴ འཛིན་པ༴ གནས་བདེ་ཆེན་ལྷུན་གྲུབ་ཕོ་བྲང་དུ། །མཉམ་མེད་རིན་ཆེན་བཟང་པོ་ལ༴ མེད་སྣང་༴ འཛིན་པ༴ གནས་བཀྲ་ཤིས་ཆོས་སྡིངས་ཕོ་བྲང་དུ། །འདྲེན་མཆོག་དགེ་ལེགས་རྒྱལ་མཚན་ལ༴ མེད་སྣང་༴ འཛིན་པ༴ གནས་ལྷ་རྩེ་བླ་མའི་གདན་ས་རུ། །སྐལ་བཟང་འཇམ་དབྱངས་རྣམ་རྒྱལ་ལ༴ མེད་སྣང་༴ འཛིན་པ༴ གནས་སྐུ་གསུམ་ཞིང་ཁམས་ཀློང་ཡངས་སུ། །མཁྱེན་བརྩེའི་དབང་ཕྱུག་རྣམ་གཉིས་ལ༴ མེད་སྣང་༴ འཛིན་པ༴ གནས་ཡེ་ཤེས་མཁའ་འགྲོའི་ཚོགས་དབུས་སུ། །རྗེ་བཙུན་རྡོ་རྗེ་བཙུན་མོ་ལ༴ མེད་སྣང་༴ འཛིན་པ༴ གནས་འབྲལ་མེད་སྙིང་གི་ཕོ་བྲང་དུ། །དྲིན་ཅན་རྩ་བའི་བླ་མ་ལ༴ མེད་སྣང་༴


LT26_Page_069B
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ༴ ཞེས་གསོལ་བ་བཏབ་པས་བླ་མ་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་དེ་ཉིད། །ཐུགས་དགྱེས་པའི་འཛུམ་བག་དང་ལྡན་པས་འོད་དུ་ཞུ། རང་གི་སྤྱི་བོ་ནས་ཐིམ། རང་དང་བླ་མ་ཐ་དད་དུ་འཛིན་པ་སྤངས་ཏེ་གཉིས་སུ་མེད་པའི་ངང་ནས། རང་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་ཕག་མོའི་སྐུར་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ཅིག །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཁྱེད་ཀྱི་ས་ལ་འགོད་པར་ཤོག །ཅེས་བརྗོད་ཅིང་སྣང་གྲགས་ཐམས་ཅད་རྨི་ལམ་དང་སྒྱུ་མའི་རང་བཞིན་དུ་ཤེས་པས་རིག་པ་གཅེར་བུ་རྟེན་མེད་ཟང་ཐལ་གྱི་ངང་དུ་མཉམ་པར་བཞག་པ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནོ། །གཉིས་པ་དངོས་གཞི་ལ་གསུམ། ཟིལ་གནོན་དམིགས་པ་སྐོར་གསུམ། རང་སེམས་དབྱིངས་སུ་འཕོ་བ། ཕུང་པོ་གཟན་དུ་བསྒྱུར་བའོ། །དང་པོ་ནི། །རྐང་གླིང་སྙན་ལ་འགྱུར་བ་གསུམ་བུས་པའི་དང་པོའི་སྐབས་རྣལ་འབྱོར་པ་ང་འདིར་སླེབས་ཡོད་དོ། །གཉིས་པར་ལྷ་འདྲེ་ཐམས་ཅད་འདིར་འདུས། འདིར་ཚོགས། གསུམ་པར་ཁྱེད་རྣམས་ངའི་བཀའ་ལ་ཉོན། ངས་ཐེག་ཆེན་གྱི་ལམ་ལ་འགོད་དོ་ཞེས་སྒྲར་གྲགས་པས་ལྷ་འདྲེ་ཁྲོམ་ཆེན་པོ་འཚོགས་པ་བཞིན་དུ་འདུས། རང་གི་ཕྱག་གཡས་པས་ཞིང་ཆེན་གྱི་པགས་པ་དེ་རྣམས་ཀྱི་སྟེང་དུ་ཆལ་གྱིས་དགྲམ་པར་བསམས་ལ། ཕཊཿཅེས་བརྗོད། དེ་བཞིན་དུ་ལྷའི་ང་རྒྱལ་གྱི་ངང་ནས། ཕཊཿསྤྲོས་བྲལ་ལྟ་བའི་ངང་ནས། ཕཊཿདམིགས་མེད་སྙིང་རྗེའི་ངང་ནས། ཕཊཿཅེས་བརྗོད་ལ་རིག་པ་ངར་བསྐྱེད་དེ་གཉན་ས་རི་ཁྲོད་དུ་སྙེམས་ཐག་བཅད། སླར་ཡང་རང་གི་སྤྱི་བོར་བླ་མ་ཤཱཀྱ་ཐུབ་པ་སྐད་ཅིག་གིས་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་འཕྲོས་པས་སྣང་སྲིད་ལྷ་འདྲེ་སྔ་ལྟར་མ་འདུས་པའི་ལྷག་མ་ཐམས་ཅད་རང་གི་ཞབས་འོག་ཏུ་འདུས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བསམ། །གཉིས་པ་ནི། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཏེ། རང་ཕག་མོར་གསལ་བའི་རྩ་དབུ་མའི་ནང་དུ་ལྟེ་བའི་ཐད་དུ་རང་སེམས་ཀྱི་ངོ་བོ་འོད་དཀར་པོའི་གོང་བུ་བྱེའུའི་སྒོང་ཙམ་དུ་གནས་པར་གྱུར། །ཕཊཿཅེས་པས། འོད་ཀྱི་གོང་བུ་དེ་ཉིད་སྙིང་ག །ཕཊ། མགྲིན་པ། ཕཊ། སྤྱི་བོའི་ཀླད་རྒྱའི་འོག །ཕཊ། སྤྱི་བོའི་ཚངས་བུག་ནས་རྒྱངས་ཀྱིས་ཐོན་


LT26_Page_070A
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམས་ལ་དབྱིངས་རིག་བསྲེས་ཏེ་མཉམ་པར་བཞག །ཕཊ། དེའི་ངང་ལས་རང་སེམས་ཀྱི་ངོ་བོ་རྡོ་རྗེ་ཕག་མོར་དམར་མོ་ཞལ་གཅིག་⁽1763⁾སྤུས་སྟོན་ནོ་ཕྱག་གཉིས་པ། གཡས་གྲི་གུག་ཕྱར་ཞིང༌། གཡོན་སྡིགས་མཛུབ་ཀྱིས་རང་གི་ཐ་མལ་གྱི་ཕུང་པོ་རྙིང་པ་དཀར་ཞིང་ཚོ་ལ་མཛེས་ཤིང་སྣུམ་པ་ལ་གཟིར་བའི་རྣམ་པ་ཅན་དུ་གྱུར་པར་བསམ་མོ། །གསུམ་པ་ལ་གསུམ། དཀར་འགྱེད།⁽1763⁾ནུབ་དང་པོ། དམར་འགྱེད། །དང་པོ་ནི། །ཕཊ། ཐོད་པ་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཕཊ། གོ་རོ་ཙ་ན་རོ་བརྒྱད་དང་ལྡན་པའི་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། རྐང་གླིང་གསུམ་བུས་པས། བླ་མ་ཡི་དམ་མཁའ་འགྲོ་རྣམས་སྟེང་གི་ནམ་མཁར་བྱོན། རང་ཕག་མོར་གསལ་བའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་ཐོད་པ་ཐོགས་པ་རྣམས་ཀྱིས་བདུད་རྩིའི་ཕུད་བཅུས་ཏེ་མཆོད་པར་བསམས་ལ། ཕཊ། བླ་མ་ཡི་དམ་ཐུགས་དགོངས་རྫོགས་གྱུར་ཅིག །ཕཊ། རྒྱལ་བ་རྒྱ་མཚོ་མཆོད་པས་མཉེས་གྱུར་ཅིག །ཅེས་བརྗོད། སླར་ཡང༌། ཕཊ། པགས་པ་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཕཊ། ཤ་ཁྲག་ནང་རོལ་དང་བཅས་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། རྐང་གླིང་གསུམ་གྱིས་མཁའ་འགྲོ་ཆོས་སྐྱོང་སོགས་སྤྱན་དྲངས་ལ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཁོར་བར་བསམ། མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་བསྐང་གྱུར་ཅིག །ཕཊ། རིགས་དྲུག་འབྱུང་པོ་གཏོར་མས་ཚིམ་གྱུར་ཅིག །ཕཊ། ལན་ཆགས་དགྲ་བགེགས་བུ་ལོན་ཁྱེར་གྱུར་ཅིག །ཅེས་བརྗོད་ཅིང་དམིགས་པ་གསལ་བཏབ། །གཉིས་པ། དམར་འགྱེད་ནི།⁽1763⁾ནུབ་གཉིས་པ། །ཕཊ། པགས་པ་དབང་ཆེན་གསེར་གྱི་ས་གཞིར་གྱུར། །ཕཊ། གཏི་མུག་ཤ་ཡི་ཕུང་པོ་ཆེན་པོར་གྱུར། །ཕཊ། འདོད་ཆགས་ཁྲག་གི་རྒྱ་མཚོ་ཆེན་པོར་གྱུར། །ཕཊ། ཞེ་སྡང་རུས་པའི་གྲམ་


LT26_Page_070B
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། རང་ཕག་མོར་གསལ་བའི་ཐུགས་ཀའི་བྂ་ཡིག་གི་འོད་ཟེར་གྱིས་མགྲོན་རྣམས་ཐམས་ཅད་སྤྱན་དྲངས་པར་བསམས་ལ་རྐང་གླིང་གསུམ་འབུད། དེ་རྣམས་ཀྱི་རྫས་ལ་དགྱེས་བཞིན་དུ་ལོངས་སྤྱོད་པར་བསམས་ལ་ཕུང་པོ་ཚོགས་མཆོད་བཏང༌། གསུམ་པ་སྤུས་སྟོན་ནི།⁽1763⁾ནུབ་གསུམ་པ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས། ཕུང་པོ་འདོད་རྒུ་ཐམས་ཅད་འབྱུང་བའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་གྱུར། །རྐང་གླིང་གསུམ་གྱིས་མགྲོན་ཐམས་ཅད་སྤྱན་དྲངས། སོ་སོའི་གང་འདོད་པའི་ཡོ་བྱད་ལ་དགྱེས་བཞིན། རོལ་པར་བསམས་ལ། །ཕུང་པོ་ཚོགས་མཆོད་ནི། །ཨོཾ་ཨཱཿཧཱུྃ། མཁྱེན་བརྩེའི་བྱིན་རླབས་བསམ་མི་ཁྱབ། །བླ་མ་ཡི་དམ་མཁའ་འགྲོར་བཅས། །མཆོད་པའི་ཚོགས་ཀྱིས་མཉེས་པ་དང༌། །ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །རིགས་དྲུག་འབྱུང་པོའི་ཚོགས་རྣམས་ཀུན། །རང་རང་འདོད་པས་ཚིམས་གྱུར་ཅིག །ལན་ཆགས་བུ་ལོན་ཁྱེར་གྱུར་ཅིག །ཅེས་བརྗོད། གསུམ་པ་རྗེས་ལ་གསུམ། ཚོགས་དྲུག་ལམ་ཁྱེར་བྱ་བ། བདེན་པའི་སྟོབས་བརྗོད་པ། ཆོས་སྦྱིན་དང་བསྔོ་སྨོན་གྱིས་མཐའ་བརྒྱན་པའོ། །དང་པོ་ནི། །མིག་གི་དབང་པོའི་མཚོ་ནང་དུ། །མཛེས་དང་མི་མཛེས་གཟུགས་སོགས་ལ། །ཆགས་ཤིང་ཞེན་པའི་འདྲེ་རྒོད་ཡོད། །གནས་མཆོག་འདི་རུ་གཅོད་ཅིག་བྱེད། །གསང་གཅོད་མཐའ་རུ་ཕྱིན་པ་དང༌། །གཟུགས་འཛིན་ཁ་ཡན་འདྲེ་རྒོད་རྣམས། །རང་སར་ཞི་བར་བྱིན་གྱིས་རློབས། །རྣ་བའི་དབང་པོའི་བྲག་ཕུག་ཏུ། །སྙན་དང་མི་སྙན་སྒྲ་སོགས་ལ། །ཆགས་ཤིང་༴ གནས་མཆོག༴ གསང་གཅོད༴ སྒྲ་འཛིན་ཁ་ཡན༴ རང་སར༴ སྣ་ཡི་དབང་པོའི་ལམ་འཕྲང་དུ། །ཞིམ་དང་མི་ཞིམ་དྲི་སོགས་ལ། །ཆགས་ཤིང་༴ གནས་མཆོག༴ གསང་གཅོད༴ དྲི་འཛིན་ཁ་ཡན༴ རང་སར་ཞི་བར༴ ལྕེའི་དབང་པོའི་ཐང་དཀྱིལ་


LT26_Page_071A
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །མངར་དང་མི་མངར་རོ་སོགས་ལ། །ཆགས་ཤིང་༴ གནས་མཆོག༴ གསང་གཅོད༴ རོ་འཛིན༴ རང་སར༴ ལུས་ཀྱི་དབང་པོའི་གྲོང་ཁྱེར་དུ། །འཇམ་དང་མི་འཇམ་རེག་སོགས་ལ། །ཆགས་ཤིང་༴ གནས་མཆོག༴ གསང་གཅོད༴ འཇམ་འཛིན་ཁ་ཡན༴ རང་སར༴ ཡིད་ཀྱི་དབང་པོའི་མཁའ་དབྱིངས་སུ། །བཟང་དང་ངན་པའི་རྟོག་ཚོགས་ལ༴ ཆགས་ཤིང་ཞེན་པའི༴ གནས་མཆོག་འདི༴ གསང་གཅོད༴ རེ་དོགས་བཟང་ངན་འདྲེ་རྒོད་རྣམས། །རང་སར་ཞི་བར་བྱིན་གྱིས་རློབས། །ཞེས་བརྗོད་ཅིང་བརྟུལ་ཞུགས་ཀྱི་གདིངས་བསྐྱེད། གཉིས་པ་ནི། །ཚངས་པའི་འཇིག་རྟེན་མན་ཆད་ནས། །ན་རག་དམྱལ་བ་ཡན་ཆད་དུ། །བསམ་པ་ཙམ་གྱིས་ཚིམ་གྱུར་ཅིག །དམིགས་པ་ཙམ་གྱིས་གྲུབ་གྱུར་ཅིག། ༈ །རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར༴ ལན་ཆགས་བུ་ལོན་ཁྱེར་གྱུར༴ ཕ་མའི་དྲིན་ལན་འཁོར་གྱུར་ཅིག། ༈ །ཕ་མ་ལ་སོགས་སེམས་ཅན་ཚོགས། །རྣམ་བཞིའི་མགྲོན་དུ་གྱུར་པ་ལ། །ཚད་མེད་མཆོད་སྦྱིན་འདི་བསྔོས་པས། །ལོངས་སྤྱོད་ལྡན་ཞིང་ཚོགས་རྫོགས་ནས། །ཐམས་ཅད་མངོན་པར་སངས་རྒྱས་ཤོག། ༈ །ཡུལ་ཕྱོགས་འདི་རུ་བྱིན་གྱིས་རློབས། །གནས་མཆོག་འདི་རུ༴ འདུག་ས་འདི་རུ༴ སྟན་ཐོག་འདི་རུ༴ ད་ལྟ་ཉིད་དུ༴ སྐད་ཅིག་ཉིད་དུ༴ མྱུར་བ་ཉིད་དུ་བྱིན་གྱིས་རློབས། །ཞེས་བརྗོད་པས་བསྡོས་པ་བཞིན་དུ་གྲུབ་པའི་མཐུན་འགྱུར་རྒྱལ་བ་སྲས་དང་བཅས་པས་མཛད་པར་བསམ། གསུམ་པ་ནི། །རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་ཕྱག་བཞི་པར་གསལ་བའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿཡིག་གི་མཐར་ཡི་གེ་དྲུག་མའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། །སེམས་ཅན་ཐམས་ཅད་ལ་ཕོག་པས་སྒོ་གསུམ་གྱི་སྡིག་


LT26_Page_071B
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་དག །ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་བར་བསམས་ལ། །ཨོཾ་མ་ཎི་པདྨེ་ཧཱུྃ། །བརྒྱ་རྩ་སོགས་བཟླས་པའི་རྗེས་སུ། །ཆོས་རྣམས་གང་དག་རྒྱུ་ལས་བྱུང༌། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོགས་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང༌། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཅེས་དྲང་དོན་དང༌། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང༌། །ངོ་བོ་མེད་ཅིང་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །ཞེས་ངེས་དོན་ཟབ་མོའི་ཆོས་སྦྱིན་བྱ། །སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བའི་ནང་ནས་རང་བྱུང་སངས་རྒྱས་ཤོག །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་འགྲོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག །ཅེས་ཟང་ཟིང་དང་ཆོས་སྦྱིན་གྱི་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ། ཕཊ། ཅེས་པས། ཡར་མགྲོན་རྣམས་ཆོས་ཀྱི་དབྱིངས་སུ་གཤེགས། ཕཊཿ མར་མགྲོན་རྣམས་རང་གི་གནས་སུ་སོང༌། ཕཊ། རང་ཉིད་ཐུགས་རྗེ་ཆེན་པོ་གསལ་བའང་འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་སུ་ཐིམ། སླར་ཡང་རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པར་བསམ་མོ། །དགེ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ཅིག །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཁྱེད་ཀྱི་ས་ལ་འགོད་པར་ཤོག །ཕ་མ་སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང༌། །


LT26_Page_072A
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང༌། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང༌། །ཉིན་དང་མཚན་མོ་ཆོས་ལ་སྤྱོད་པར་ཤོག །ཅེས་སོགས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བྱ། །དེ་ལྟ་བུས་མཚོན་ཏེ་མཉམ་རྗེས་ཐམས་ཅད་དུ། ཆོས་ཐམས་ཅད་སྣང་སྟོང་དབྱེར་མེད་ཟབ་གསལ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་རྩིས་ཟིན་པར་བྱས་པས་བདག་འཛིན་གྱི་འཁྲི་བ་རྩད་ནས་ཆོད་དེ། བདག་མེད་རྣམ་གཉིས་ཀྱི་དོན་ལ་གོམས་འདྲིས་བརྟན་པ་ཐོབ་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱའོ། །གོང་གི་འགྱེད་དམིགས་གསུམ་པོ་དེ་གཉན་ས་སོགས་སུ་འགྲོ་བའི་ཚེ་ནུབ་གསུམ་དུ་རིམ་པར་བྱ་བ་ཡིན་ལ། རྒྱུན་ཁྱེར་གྱི་སྐབས་སུ་གསུམ་ཀ་རེས་མོས་སམ་ཐང་ཆགས་སུ་བྱ་བའམ། ཡང་ན་རང་གང་མོས་གཅིག་ལ་དྲིལ་ཀྱང་རུང་བར་གསུངས་སོ། །དེ་ལྟར་ཀུན་མཁྱེན་བོ་དོང་བ་ཆེན་པོའི་ཟབ་མོ་དག་སྣང་གི་གདམས་ངག་ཐུབ་པ་མདོ་གཅོད་དུ་གྲགས་པའི་ངག་འདོན་བླ་མ་བརྒྱུད་པའི་ཕྱག་བཞེས་ཇི་ལྟ་བ་བཞིན་དག་པར་བྲིས་པ་དགེ་ལེགས་འཕེལ།།

གདམས་ངག་མཛོད་པོད་བཅུ་བདུན་པ།
ཀུན་མཁྱེན་བོ་དོང་པའི་དཔལ་དེ་ཉིད་འདུས་ཆེན་གྱི་ཟབ་ཁྲིད་ཆོས་སྐོར་དགུ་ལས། ཐུབ་པ་ཆེན་པོའི་གཅོད་ཁྲིད་ཀྱི་ཁྲིད་ཡིག་ཟབ་དོན་ཡང་སྙིང་།


LT26_Page_073A
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་བོ་དོང་པའི་དཔལ་དེ་ཉིད་འདུས་ཆེན་གྱི་ཟབ་ཁྲིད་ཆོས་སྐོར་དགུ་ལས། ཐུབ་པ་ཆེན་པོའི་གཅོད་ཁྲིད་ཀྱི་ཁྲིད་ཡིག་ཟབ་དོན་ཡང་སྙིང་ཞེས་བྱ་བ་བཞུགས་སོ།།


LT26_Page_073B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། །བླ་མ་དང་མཉམ་མེད་ཐུབ་པའི་དབང་པོ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་དཔལ་ལྡན་བོ་དོང་བཀའ་བརྒྱུད་ཀྱི་ཟབ་ཁྲིད་ཆོས་སྐོར་དགུ་ལས། དཔལ་རྒྱལ་བ་ཐུབ་པ་ཆེན་པོའི་མདོ་གཅོད་ཀྱི་ཉམས་ལེན་འབྲིང་པོའི་ཁྲིད་རིམ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་སྔོན་འགྲོ་ལ་གཉིས། ཐུན་མོང་གི་སྔོན་འགྲོ་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ཐུན་མོང་གི་སྔོན་འགྲོ་ནི། །རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་བའི་ཞལ་ནས། ཚེ་འདི་སྐད་ཅིག་གཅིག་གིས་འཛད་འགྱུར་ཞིང༌། །བསགས་པའི་ལོངས་སྤྱོད་སྤྱད་པའི་དབང་མེད་པར། །གློ་བུར་ཉིད་དུ་དུ་མའི་ནང་ནས་བདག །གཅིག་པུར་འགྲོ་ཚེ་ཚེ་འདིའི་འདུན་མས་བསླུས། །བ་སྤུ་གྱེན་ལོངས་བཤང་གཅི་ཐུར་དུ་རྒྱུག །བྱད་ཤ་ཕྱིར་སྤོས་མིག་འབྲས་ནང་དུ་བྲོས། ཟས་ཀྱི་ཞེན་ལོག་སྐོམ་པའི་སྲིད་པ་འཕེལ། །ལུས་སྐྱེད་མི་ནུས་སེམས་ཀྱི་གྱ་གྱུ་ལྡང༌། །འདི་འདྲའི་སྡུག་བསྔལ་དྲག་པོས་ཐེབས་པའི་ཚེ། །སྨན་པ་མཁས་ཀྱང་བཅོས་པའི་ཐབས་མེད་ཅིང༌། །ཟང་ཟིང་


LT26_Page_074A
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྲོས་ཟློག་པར་མི་ནུས་ན། །གཉེན་བཤེས་བརྩེ་གདུང་ཆེ་ཡང་ཅི་བྱར་ཡོད། །རིག་རིག་མིག་གིས་ཉེ་དུའི་གདོང་ལ་བལྟ། །ནོམ་ནོམ་ལག་པས་རང་གིས་གོས་ལ་འཇུ། །ངར་ངར་དབུགས་ཀྱི་ཕྲེང་བ་ཆད་ལ་ཉེ། །འཇིགས་འཇིགས་འདྲ་བའི་གཤིན་རྗེས་ཟིན་པ་ན། །འཁོར་ལོས་བསྒྱུར་རྒྱལ་གྱིས་ཀྱང་སྐྱོབས་མི་ནུས། །སྟོང་གསུམ་ནོར་གྱིས་གང་ཡང་བསླུར་མི་རུང༌། །ཞེས་པ་ལ་སོགས་པ་གསུངས་པའི་དོན་ཡང་ཡང་བསམ་པ་དང༌། ཚིག་རིས་འདི་ཉིད་ཀྱང་ཐུན་དུ་བཅད་དེ་མང་དུ་བརྗོད་པར་བྱས་ན་བློ་ཆོས་སུ་འགྲོ་ཞིང༌། ངེས་འབྱུང་སྐྱོ་ཤས་དང་ལྡན་པས་ཆོས་ལམ་དུ་ལོངས་པར་འགྱུར་བ་ཡིན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་གསུམ། སྐྱབས་འགྲོ་སེམས་བསྐྱེད། བླ་མའི་རྣལ་འབྱོར་གསོལ་འདེབས་དང་བཅས་པ་རྣམས་ཟུར་དུ་བཤད་པ་ལྟར་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། དཔའ་བར་འགྲོ་བའི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །དང་པོ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི། །སེམས་བསྐྱེད་སྔོན་


LT26_Page_074B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲོ་བས། ལུས་གནད་རྡོར་སྐྱིལ་ས་གནོན་དྲང་ཚུགས་གསུམ་ལྡན་ལ་གཡོ་མགུལ་མེད་པས། ད་ལྟར་སྣང་གྲགས་ཀྱིས་བསྡུས་པའི་ཆོས་འདི་རྨི་ལམ་སྒྱུ་མའི་རང་བཞིན་ཡིན། ཡིད་བརྟན་ཐུབ་པ་མེད་པས་ན་འདི་ཉིད་ཀྱི་ངོ་བོ་ངོས་བཟུང་མཚན་མ་ཐམས་ཅད་དང་བྲལ་བ། འདི་ཡིན་གཏད་སོ་མེད་པའི་རིག་པ་གཅེར་བུ་དྲི་མ་མེད་པ་འདི་ཉིད་རྟེན་གང་ལའང་མི་འཆའ་བར་ཟང་ཐལ་དམིགས་མེད་དུ་བཞག་ཅིང་ཕཊ་དྲག་པོ་གསུམ་བརྗོད་ནས་མཉམ་པར་བཞག །རྗེས་ཐོབ་ལའང་དེ་ལྟར་བསྐྱང་བར་བྱའོ། །གཉིས་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི། །གོང་གི་ཉམས་ལེན་ལ་ངེས་པ་རྙེད་པའི་རྣལ་འབྱོར་པས། དཔའ་བོ་གཡུལ་གྲལ་དུ་འགྲོ་བ་ལྟར་གཉན་ཁྲོད་ལུང་སྟོང་རྣམས་སུ་ཡ་ང་བ་དང་ཚམ་ཚོམ་མེད་པར་གཏད་མེད་ཟིལ་གནོན་གྱི་ངང་ནས་ཕཊ་ཅེས་བརྗོད་པས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གཅེར་བུ་རུས་པས་བརྒྱན་པ་རི་རབ་ཙམ་གྲི་ཐོད་འཛིན་པ་ཞིག་གིས་ལྷ་སྲིན་སྡེ་བརྒྱད་གཞི་བདག་འབྱུང་པོའི་ཚོགས་ཐམས་ཅད་ཞབས་གཉིས་རྡོ་རྗེའི་བྲོ་བརྡུང་བའི་འགྲོས་ཀྱིས་བྱིར་བྱིར་མནན་པས། ཐམས་ཅད་སྡུག་སྐད་ཙེ་རེ་རེ་འདོན་པ་དང༌། ལུས་ངག་ཡིད་གསུམ་རྡུལ་དུ་བརླག་པར་བསམས་ནས། ཕཊ་གསུམ་དྲག་ཏུ་བརྗོད་ཅིང་གཉན་ཁྲོད་དེས་གཙོས་པའི་གླིང་བཞི་རི་རབ་དང་བཅས་པ་ཆིར་གྱིས་མནན་པར་དམིགས་པ་དང༌། ལུས་གནད་སྐྱིལ་ཀྲུང་ས་གནོན་ལ་གནས་པའི་ངང་ནས། རང་ལུས་རྗེ་བཙུན་མ་རྩ་གསུམ་འཁོར་ལོ་བཞི་ལྡན་དུ་གསལ་བའི་དབུ་མའི་མར་སྣར་སྟེ་འོག་སོར་བཞིར་རང་གི་ལུས་ངག་ཡིད་གསུམ་གྱི་ངོ་བོ་དྭངས་མ་མི་ཤིགས་པའི་ཐིག་ལེ་བྱིའུའི་སྒོ་ང་ཙམ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ་ཞིག་འཕར་ལ་ཁད་འཕུར་ལ་ཁང་འདུག་པ་ལ་རིག་པ་གཞན་དུ་མ་ཡེངས་པར་གཏོད་ལ་ཕཊ་དྲག་པོ་གཅིག་བརྗོད་པས་ཐིག་ལེ་དེ་ཉིད་ལ་སྣད་ཀྱི་ཆའི་དྭངས་མ་ཐམས་ཅད་དེ་ལ་འདུས། ཡང་ཕཊ་གཅིག་བརྗོད་པས་ཐིག་ལེ་དེ་ཉིད་དཔག་ཆེན་གྱིས་མདའ་གྱེན་


LT26_Page_075A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཕང་བ་ལྟར་ཚངས་བུག་ཏུ་སླེབས་པས། དེ་མན་གྱི་དྭངས་མ་ཐམས་ཅད་ཐིག་ལེར་ཧྲིལ་འདུས། ཡང་ཕཊ་ཅེས་བརྗོད་པས་ཐིག་ལེ་ཚངས་བུག་ནས་རྒྱང་གིས་ཐོན་པ་དེ་ཉིད་སྐྱ་ནར་གྱིས་ནམ་མཁའི་དབྱིངས་སུ་ཐིམ་པས་ནམ་མཁའ་དང་ལུས་ངག་ཡིད་གསུམ་གྱི་དྭངས་མའི་ཐིག་ལེ་དེ་ཉིད་རོ་གཅིག་ཏུ་འདྲེས་པའི་ངང་སྒྱུ་མའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ །དེ་ནས་ཕཊ་ཅེས་བརྗོད་པས་རང་གི་ལུས་ངག་ཡིད་གསུམ་གྱི་དྭངས་མ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གཡས་གྲི་གུག །གཡོན་རྟོག་མེད་ཀྱི་རོ་ལ་བསྡིགས་པ་གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ་ཞིག་ཏུ་གྱུར་ནས། རང་གི་སྙིགས་མའི་ཕུང་པོའི་སྟེང་དུ་བབས་པ་ལས། དེ་ཉིད་ཀྱི་གྲི་གུག་རྣོ་ངར་དང་ལྡན་པས་ཕཊ་དགུ་བརྗོད་པ་དང་ལྡན་པས་ཐོག་མར་སྨིན་མཚམས་ནས་ཐོད་པ་ལིང་ཕོག །དེ་ནས་རིམ་པ་བཞིན་ཡན་ལག་བཞི་སྒལ་ཚིགས་གཞུགས་ལ་བཤགས་ཤིང༌། ནང་རོལ་ལྤགས་པ་ཤ་རུས་རྣམས་སོ་སོར་ཕྲལ་ཞིང་སྤུངས་ནས། ཨོཾ་ཨཱཿཧཱུྃ་ཞེས་གསུམ་གྱིས་བྱིན་གྱིས་རླབས་ཤིང༌། །འདི་རྣམས་གོང་དུ་བྱིན་གྱིས་རླབས་ན། སྤྱིར་བདུད་རྩིའི་རང་བཞིན་མིག་སོགས་དབང་པོ་ལྔ་འདོད་ཡོན་ལྔ། ཕུང་པོ་ལྔ་སྐུ་ལྔ། བྱང་སེམས་དཀར་དམར་དབྱངས་གསལ། ཉོན་མོངས་པ་ལྔ་ཡེ་ཤེས་ལྔ། རྒྱུ་ལོང་དོན་སྙིང་ནང་རོལ་རྣམས་གསེར་དངུལ་མུ་ཏིག་གོས་དར་ཇ་མར་ཤ་ཐུད་ཀ་ར་བུ་རམ་སྦྲང་རྩི་ཤིང་ཐོག་འབྲུ་སྣ་ཚོགས་རྟ་གླང་མཛོ་དྲིལ་སྐྱེས་པ་བུད་མེད་འདོད་དགུ་འབྱུང་བའི་ནོར་བུ་སྣ་ཚོགས་ཁང་བཟང་ལ་སོགས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་བྱིན་གྱིས་རློབ་པའོ། །ཕཊ་ཤིན་ཏུ་དྲག་པོ་ཞིག་བརྗོད་པས། མགྲོན་བཞིའི་ཚོགས་ཐམས་ཅད་སྟེང་འོག་བར་གསུམ་ནས་ཧྲིལ་གྱིས་འདུས་པར་དམིགས་པ་དང༌། དེ་རྣམས་ཀྱིས་རང་རང་གང་འདོད་པའི་ཡོ་བྱད་འདོད་དགུའི་བཟའ་བཏུང་ཕུན་སུམ་ཚོགས་པ་ལ་ལོངས་སྤྱད་པས་ཚིམ་པར་བསམས་ནས་ཕཊ་གཅིག་བརྗོད་པས་རང་དང་མགྲོན་ཐམས་ཅད་རང་བཞིན་དམིགས་པ་མེད་པའི་ངོ་བོ། ཁས་ལེན་ཐམས་ཅད་དང་བྲལ་བ། ཟབ་གསལ་དབྱེར་མེད་དམ་ཕྱག་རྒྱ་ཆེན་པོའི་


LT26_Page_075B
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས། དགེ་བའི་རྩ་བ་ལྷུན་འགྲུབ་འདུས་མ་བྱས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བསྔོ་བྱ་སྔོ་བྱེད་དང་བྲལ་བར་ཡང་དག་པར་བསྔོས་ཏེ། གཞན་ཕན་ལྷག་བསམ་གྱི་སྨོན་ལམ་རྣམ་པར་དག་པ་གདབ་པར་བྱའོ། །གསུམ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི། ད་ལྟར་སྣང་གྲགས་ཀྱིས་བསྡུས་པའི་ཆོས་འདི་ཐམས་ཅད་ཀྱི་རང་བཞིན་གང་སུའང་གྲུབ་པ་མེད་ཅིང་སྟོང་ཉིད་ཟབ་གསལ་དབྱེར་མེད་ཀྱི་ཡེ་ཤེས་འདི་ཉིད་ཀྱི་གཤིས་ངོ་བོ་གཞོམ་གཞིག་ཐམས་ཅད་དང་བྲལ་བ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་པ་ཕྱི་རོལ་གཞན་རྐྱེན་གང་གིས་ཀྱང་ཚུར་བརྫི་བར་མི་ནུས་པ་ཡིན་ཞིང༌། ཕར་རྡོ་རྗེ་ཕ་ལམ་ལྟར་དངོས་པོ་ཐམས་ཅད་འཇོམས་པས་ན། ཏིང་ངེ་འཛིན་འདིས་ཀྱང་མཚན་མའི་རྣམ་པར་རྟོག་པ་ཐམས་ཅད་འཇོམས་པར་འགྱུར་བ་སྟེ། དེ་ལྟར་ཉམས་ལེན་ལ་སྙིང་རུས་སྐྱེད་དེ་འབད་ནས་བསྒོམ་པར་བྱའོ། །གསུམ་པ་རྗེས་ལ་བཞི། །རྣལ་འབྱོར་བཞིའི་ངོ་སྤྲོད། །འདོད་ཡོན་ལྔའི་ལམ་སྤྱོད། ལྷོངས་ཚད་ཀྱི་རྟེན་འབྲེལ་བརྟག་པ། ཐུབ་པ་ཆེན་པོའི་བྱིན་རླབས་སོ། །དང་པོ་རྣལ་འབྱོར་བཞིའི་ངོ་སྤྲོད་ལ་བཞི། སྟོང་ཉིད་ཀྱི་རྣལ་འབྱོར། མཉམ་ཉིད་ཀྱི་རྣལ་འབྱོར། བརྗོད་མེད་ཀྱི་རྣལ་འབྱོར། མི་རྟོག་པའི་རྣལ་འབྱོར་རོ། །དང་པོ་སྟོང་ཉིད་ཀྱི་རྣལ་འབྱོར་ནི། །མཐར་འཛིན་གྱི་རྟོག་པ་ཐམས་ཅད་རྣམ་པར་སྤངས་ནས། སྟོང་ཉིད་ཟབ་མོ་འདི་ཡིན་བརྗོད་དུ་མེད་པའི་ངང་ལ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་བསྒོམ་པར་བྱ་སྟེ། དེའང་སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤང་འགྱུར་ཞིང༌། །ཞེས་གསུངས་པ་ལྟར་ཉམས་ལེན་ལ་འབད་པར་བྱའོ། །གཉིས་པ་མཉམ་ཉིད་ཀྱི་རྣལ་འབྱོར་ནི། །དེ་ལྟར་བསྒོམས་པའི་སྟོང་པའང་དཔྱད་ན་སྟོང་པ་བདེན་པར་མི་འཐད་དེ། སྣང་བ་རྫུན་པར་འདོད་པ་མི་འཐད་པའི་ཕྱིར། སྣང་སྟོང་གཉིས་ཀ་བདེན་འཛིན་གྱི་མཐའ་ཐམས་ཅད་དང་བྲལ་


LT26_Page_076A
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་མཉམ་པ་ཉིད་ཡིན་ཏེ། དེ་ལྟར་ཡང༌། མདོ་ལས། ཡོད་དང་མེད་པ་འདི་ཡང་མཐའ་ཡིན་ཏེ། །བདེན་དང་རྫུན་པ་འདི་ཡང་མཐའ་ཡིན་ལ། །དེ་ཕྱིར་མཐའ་གཉིས་དག་ནི་རྣམ་སྤངས་ནས། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་ལ་ཅི་གནས་ཀྱི་བར་མཉམ་པར་བཞག་གོ །གསུམ་པ་བརྗོད་མེད་ཀྱི་རྣལ་འབྱོར་ནི། །དེ་ལྟར་མཉམ་ཉིད་སྒོམ་པ་དེའང་སྔར་གྱི་སྟོང་ཉིད་བསྒོམས་པའི་འཛིན་པ་བཟློག་པའི་ཕྱིར་ཡིན་གྱི། མཐར་ཐུག་གི་ཉམས་ལེན་མཉམ་ཉིད་དུ་སྒོམ་པ་འདིའང་མ་ཡིན་པས་ན། འདིའི་བོགས་འདོན་ཆོས་ཐམས་ཅད་གང་དུའང་བརྗོད་དུ་མེད་པའི་ངོ་བོ་འདི་ཡིན། མཚན་མའི་སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པར་བྱ་སྟེ། དེའང་སྤྱོད་འཇུག་ལས། དཔྱད་ཅིང་ཡོངས་སུ་དཔྱད་པས་ན། །རྣམ་པར་དཔྱད་ལ་རྟེན་ཡོད་མིན། །རྟེན་མེད་ཕྱིར་ན་མི་སྐྱེ་སྟེ། །ཞེས་དེ་ལྟར་དཔྱད་པའི་མཐར་འཛིན་པའི་རྟེན་མི་རྙེད་པས། རྟོག་པ་མི་སྐྱེ་བར་བཞད་པ་ཡིན་པའི་ཕྱིར། དེ་ལྟར་ན་ཚིག་ཏུ་བརྗོད་པ་ཐམས་ཅད་ཀུན་རྫོབ་བློའི་སྤྱོད་ཡུལ་ཡིན་ལ། མཐར་ཐུག་དོན་དམ་བདེན་པ་གང་ཡིན་ཞེས་དྲིས་ན། དེ་ལ་ལེན་མི་སྨྲ་ཞིང་སྨྲ་རྒྱུ་མེད་པ་དེ་ཡིན་ནོ། །བཞི་པ་མི་རྟོག་པའི་རྣལ་འབྱོར་ནི། །སྔར་གྱི་རྣལ་འབྱོར་གསུམ་གྱི་སྤྲོས་པ་ཐམས་ཅད་ཆོད་པའི་ངང་ནས་ཆོས་ཐམས་ཅད་མི་རྟོག་པར་སྒོམ་པར་བྱེད་པ་ལ་སྒོམ་ཞེས་མིང་དུ་བཏགས་པར་ཟད་ཀྱི། དམིགས་པ་མཚན་མའི་སྤྲོས་པ་རྣམས་སྒོམ་པ་ནི་མ་ཡིན་པས་ན། ཆོས་གང་ལའང་མི་བལྟ། མི་མནོ། མི་བསམ། མི་དཔྱད་ཅིང༌། མི་རྟོག་པར་རྩོལ་མེད་ལྷུག་པ་ཆེན་པོའི་ངང་ལ་མཉམ་པར་རྩེ་གཅིག་ཏུ་བཞག་པའོ། །གཉིས་པ་འདོད་ཡོན་ལྔའི་ལམ་སྤྱོད་ལ་ལྔའི་དང་པོ་མིག་གིས་གཟུགས་ཡིད་དུ་འོང་བ་ལ་ཆགས་ཤིང་མི་ཞེན། ཡིད་དུ་མི་འོང་བ་ལ་སྐྱུགས་བྲོ་དང་སྤོང་སེམས་མི་བྱ། བར་པ་ལུང་མ་


LT26_Page_076B
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དུ་མ་ལུས་པ་ན། དེ་གསུམ་གྱི་ངོ་བོ་བདེན་མེད་ཕྱག་རྒྱ་ཆེན་པོ་ཟབ་གསལ་དབྱེར་མེད་ཀྱི་ངང་དུ་ཐག་བཅད་དེ་ཉམས་སུ་བླང་བར་བྱའོ། །དེ་བཞིན་དུ་རྣ་བའི་སྒྲ། སྣའི་དྲི། ལྕེའི་རོ། །ལུས་ཀྱི་རེག་བྱ་སྟེ། དེ་ལྟར་བཞི་པོ་འདི་རེ་རེ་ལའང་སྔར་ལྟར་ཉམས་སུ་བླང་བར་བྱའོ། །གསུམ་པ། ལྷོངས་ཚད་ཀྱི་རྟེན་འབྲེལ་བརྟག་པ་ལ་གཉིས། ལྷོངས་དང༌། ཚར་ཚད་དོ། །དང་པོ་ལྷོངས་ནི། རྣལ་འབྱོར་པས་ཉམས་ལེན་དེ་ལྟར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་འབད་པས་ཉམས་དང་རྨི་ལམ་དངོས་སུ་གང་རུང་ལ་ལུས་ངག་ཡིད་གསུམ་གྱི་སྟེང་དུ་ཆོ་འཕྲུལ་བཟོད་བླགས་མེད་པ་འབྱུང་སྟེ། དེའང་ལུས་ལ་ན་ཚ། སེམས་ལ་འཁུ་འཁྲིག་དང་ལྷ་འདྲེའི་མཐོང་སྣང་འཇིགས་སྐྲག་སྣ་ཚོགས། མི་ཁ་གླིང་གཞི་འཐབ་རྩོད་ཁ་སྨྲ་ཁ་མཆུ་སོགས་དཔག་ཏུ་མེད་པ་འབྱུང་བས་ན། དེ་ལའང་འཇིགས་པ་མེད་པའི་ཉམས་ལེན་ལ་འབད་པར་བྱའོ། །གཉིས་པ་ཚར་ཚད་ནི། དེ་ལྟར་ལྷ་འདྲེ་ལམ་ཁྱེར་གྱི་མན་ངག་རྐྱེན་དང་ན་ཚ་གང་བྱུང་གྲོགས་སུ་འཁྱེར་བས། མངོན་སུམ་ལམ་དུ་ཁྱེར་བའི་ཆོས་སྐམ་ཐག་ཆུ་ནང་ནས་ཆོད་པས་འབྲས་བུ་ཕྱི་དུས་སུ་མི་རེ་བ་བགེགས་དང་བར་ཆད་ཐམས་ཅད་དངོས་གྲུབ་ཏུ་ལོངས་བས་ན། ཚར་ཚད་ཚེ་བློས་བཏང་གི་འདུན་པ་ཁོ་ན་འབྱུང་བས་ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུགས་ཏེ། ཚེ་དང་སྒྲུབ་པ་མཉམ་པར་བྱས་ན། དོན་གཉིས་ལྷུན་གྱིས་གྲུབ་པར་འགྱུར་བའོ། །བཞི་པ་ཐུབ་པ་ཆེན་པོའི་བྱིན་རླབས་ནི་ཁྲིད་ཀྱི་ཚར་ཆོས་ཡིན་པས་ཟུར་བཤད་པ་ལྟར་བྱའོ།⁽1763⁾དེང་སང་གཏོར་རྒྱུན་རྒྱ་མཚོ་ལས་འབྱུང་བའི་ཐུབ་པའི་རྗེས་གནང་དེ་མཛད་དོ། །མཆན། །ཞེས་དཔལ་ལྡན་བོ་དོང་བཀའ་བརྒྱུད་ཀྱི་ཟབ་ཁྲིད་ཆོས་སྐོར་དགུ་ལས། དཔལ་རྒྱལ་བ་ཐུབ་པ་ཆེན་པོའི་མདོ་གཅོད་ཀྱི་ཉམས་ལེན་འབྲིང་པོའི་ཁྲིད་ཀྱི་རིམ་པ་འདི་ཉིད་པཎ་ཆེན་བླ་མའི་གསུང་བཞིན་ཆོས་མེད་ཀྱི་བྱ་བཏང་པདྨ་གར་གྱི་དབང་ཕྱུག་གིས་ཟིལ་གནོན་གྱི་ལོ་ནག་པ་ཟླ་བའི་


LT26_Page_077A
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོའི་ཕྱོགས་ཀྱི་རྒྱལ་བ་གཉིས་པའི་ཚེས་ལ། མེ་ལོང་བཀྲ་ཤིས་རབ་བརྟན་བདེ་ཆེན་ཆོས་འཁོར་གླིང་གི་གཟིམས་ཆུང་མངོན་དགའ་བདེ་ཆེན་དུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི། རྣལ་འབྱོར་པ་བསྟན་པ་རབ་རྒྱས་ཀྱིས་བགྱིས་པའི་དགེ་བས། བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཚེ་འདི་ཉིད་ལ་གཉིས་མེད་ཡེ་ཤེས་དྭངས་མ་མི་ཤིགས་པའི་དོན་མཐོང་བར་གྱུར་ཅིག །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། ༈ །ཐུབ་པ་ཆེན་པོའི་མདོ་གཅོད་དམར་འགྱེད་ཞལ་ཤེས་བཞུགས་སོ། །ཨོཾ་སྭ་སྟི། །ཐུབ་པ་ཆེན་པོའི་མདོ་གཅོད་ཀྱི་སྐབས། །དམར་འགྱེད་བྱ་བའི་ཞལ་ཤེས་ནི། །ཕཊ་ཅེས་པས་རང་གི་སྙིང་ག་ནས་རྡོ་རྗེ་ཕག་མོ་རྒྱང་གིས་ཐོན་ནས། ཕྱག་གི་གྲི་གུག་གིས་རང་གི་དཔྲལ་བ་ནས་ལུས་རྐང་མཐིལ་བར་བཤགས། ལག་པ་སྟོང་གསུམ་གྱི་ཚད་དང་མཉམ་པའི་སྟེང་དུ། ཕཊ། ཕྱོགས་གཅིག་ཏུ་མགོ་བོ་སྤུངས། ཕཊ། ཕྱོགས་གཅིག་ཏུ་ཡན་ལག་སྤུངས། ཕཊ། ཕྱོགས་གཅིག་ཏུ་དོན་སྙིང་སྤུངས། ཕཊ། ཕྱོགས་གཅིག་ཏུ་གློ་བ་ནང་རོལ་སོགས་སྤུངས། གཤོང་གཤོང་ཐམས་ཅད་ཁྲག་གིས་གང་བར་བསམས་ནས། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་རླབས་ནས་མགྲོན་འབོད་པ་ནི། །འོ་མཐོ་སྲིད་པའི་རྩེ་མོ་ནས་དམའ་ན་རག་དམྱལ་ཁམས་ཡན་ཆོད། མཐོ་ནམ་མཁའི་ལྷ་ཚོགས་ནས། དམའ་ས་འོག་ལྟོ་འཕྱོ་ཡན་ཆོད། མཐོ་དཔེ་དཀར་རྒྱལ་པོ་ནས། དམའ་ཡུལ་འདྲེ་ས་སྲིན་ཡན་ཆོད། སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་འདིར་འདུས་ཤིག །འོ་འོ། །གཙོ་བོའི་གདོན་ཆེན་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ། ཕོ་གདོན་རྒྱལ་པོ། མོ་གདོན་སྲིན་མོ། སྔ་འདྲེ་རྙིང་པ། ད་འདྲེ་གསར་པ། ཡུལ་འདྲེ་འཁྱམས་པོ། དང་པོ་ནད་ཀྱི་སྣ་འདྲེན་པ། བར་


LT26_Page_077B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ནད་ཀྱི་ཚང་འཆང་བ། ཐ་མར་ནད་ལ་མི་ཕན་པར་བྱེད་པ་དང༌། ཟ་འདྲེ་ཤི་གཤེད། འགོག་འདྲེ་མ་རུངས་པའི་ཚོགས་ལོག་པར་ལྟ་བ་ཐམས་ཅད་འདིར་འདུས་ཤིག །འོ། ཁྱེད་རྣམས་ལ་ཁོ་བོས་ཡ་གི་སྤྱི་གཙུག་ནས་མ་གིའི་རྐང་མཐིལ་ཡན་ཆོད། དབང་པོ་རྣམ་པ་ལྔ། དོན་སྙིང་རྣམ་པ་ལྔ། ནང་རོལ་རྣམ་པ་ལྔ། ཤ་དང་རུས་པ། ཁྲག་དང་ཆུ་སེར་ལ་སོགས་པ་ཐམས་ཅད་ཕོངས་པ་མེད་པར་སྟེར་བས་ཟོ་ཞིག །གསོལ་ཅིག །རོལ་ཅིག །ཁྱེར་ཅིག །འདི་ནི་བྲམ་ཟེ་སྐྱེ་བ་བདུན་པའི་ཤ་ཁྲག་ཏུ་བྱིན་གྱིས་རླབས་པ་ཡིན་པས་ཆགས་པ་དང་ཞེན་པ་མེད་པར་ཟོ་ཁྱེར་ཅིག །ཕཊ། ཕོ་གདོན་སྟོད་ལ་དགའ་བ་རྣམས་སྟོད་ཁྱེར་ཅིག །ཕཊ། མོ་གདོན་སྨད་ལ་དགའ་བ་རྣམས་སྨད་ཁྱེར་ཅིག །ཕཊ། ཡ་མགལ་ཡ་བདུད་རྒྱལ་པོས་ཁྱེར། ཕཊཿམ་མགལ་མ་བདུད་རྒྱལ་པོས་ཁྱེར། ཕཊ། དོན་སྙིང་དཔེ་དཀར་རྒྱལ་པོས་ཁྱེར། ཕཊ། ནང་རོལ་སྡེ་དཔོན་བཅོ་བརྒྱད་ཀྱིས་ཁྱེར། ཕཊ། ཤ་ལ་དགའ་བ་ཤ་ཟོ་ཁྱེར། ཕཊ། ཁྲག་ལ་དགའ་བས་ཁྲག་འཐུངས་ཁྱེར། ཕཊ། རུས་པ་ལ་དགའ་བ་རུས་པ་མུར་ཁྱེར། ཁྱེད་རིངས་པ་རྣམས་ཀྱིས་གྲང་མོར་ཁྱེར། །མི་རིང་བ་རྣམས་ཚོས་ལ་ཟོ། ཕཊ། དེ་ཀའི་དམིགས་རིམ་ལྡན་པས་དར་ཅིག་མཉམ་པར་བཞག །ལྷག་མ་ཤལ་ཤུལ་ལ་དབང་བ་རྣམས་ལ། སླར་ལྷག་མ་འུབ་ཀྱིས་བསྡུས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་རླབས་ནས། ཕཊ། ལྷག་མ་དང་ཤལ་ཤུལ་ལ་དབང་བ་འབྱུང་པོ་ཁ་ཉེན་དབང་ཆུང་འོན་པས་མ་ཐོས་པ། ལོང་བས་མ་མཐོང་བ། འཐེང་པོས་མ་སླེབས་པ་རྣམས་ལ་སྦྱིན་པས་ཁྱེད་རྣམས་ཤ་ཁྲག་རུས་པ་རྣམས་ཀྱིས་ཚིམ་པར་གྱུར་ནས། སྒྲ་ཐོས། གཟུགས་མཐོང༌། འགྲོ་ཤེས་ནས་བླ་མེད་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག །ཕཊ་ཅེས་དང༌། སླར་ཡང་ཕཊ་ཅེས་པས་མི་རྟོག་པའི་ངང་ལ་མཉམ་པར་བཞག །སླར་ཡང་རང་སྐད་ཅིག་གིས་སྙིང་རྗེའི་བདག་ཉིད་ཅན་དུ་གནས་བསྒྱུར་ནས།


LT26_Page_078A
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོ་ཐམས་ཅད་མདུན་དུ་ཡོད་པར་བསམས་ལ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌། ཞེས་སོགས་ཀྱི་ཆོས་སྦྱིན་དང༌། འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་པའི། །ཉིན་དང་མཚན་མོ་ཆོས་ལ་སྤྱོད་པར་ཤོག །སེམས་ཅན་སྡུག་བསྔལ་བདག་སྨིན་ཞིང༌། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་པའི་བདག་གཞན་བརྗེ་ནུས་པའི་སེམས་བསྐྱེད་དང་ལྡན་པའི་སྒོ་ནས། །དུས་འདས་མ་འོངས་པའི་རྟོག་འཛིན་སྤངས་ནས་ཉམས་སུ་བླང་བར་བྱའོ། །ཞེས་དཔལ་དེ་ཁོ་ན་ཉིད་འདུས་པའི་ཟབ་ཁྲིད་ཆོས་སྐོར་དགུ་ལས། ཐུབ་པའི་མདོ་གཅོད་ཀྱི་དམར་འགྱེད་ཞལ་ཤེས་པཎ་ཆེན་བྱམས་པ་ཆོས་ཉིའི་གསུངས་པ་བཞིན། ཆོས་མེད་ཀྱི་བྱ་བཏང་པདྨ་གར་དབང་གིས་སྦྱར་བའོ།། ༈ །ཀུན་མཁྱེན་བོ་དོང་པའི་བཀའ་སྲོལ་ཐུབ་པ་མདོ་གཅོད་ཀྱི་དམར་ཁྲིད་ཟིན་བྲིས་བླ་མའི་ཐུགས་བཅུད་བཞུགས་སོ། །ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། །འདིར་ཀུན་མཁྱེན་བོ་དོང་པའི་ཟབ་མོ་དག་སྣང་གི་ཆོས་སྡེ་ཐུབ་པ་ཆེན་པོས་དངོས་སུ་སྩལ་བའི་མདོ་གཅོད་དུ་གྲགས་པའི་དམིགས་འཁྲིད་ཀྱི་ཟིན་བྲིས་མདོ་ཙམ་འགོད་པ་ལ་གཉིས། སྤྱིའི་གོ་དོན་ཅུང་ཟད་བཤད་པ་དང༌། གདམས་པ་དངོས་ཉམས་སུ་བླང་བའི་ཚུལ་ལོ། །དང་པོ་ནི། །རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་ཞལ་ནས། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། །ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད། །ཅེས་གསུངས་པ་ལྟར། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྣང་ཙམ་ནས་རང་བཞིན་གྱིས་མ་གྲུབ་པར་རྟོགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཉན་ས་དང་རི་ཁྲོད་སོགས་ཀྱི་གནས་ངེས་མེད་འགྲིམ་པ་ཕྱི་བརྟུལ་ཞུགས་ལམ་དུ་ཁྱེར་བའི་གཅོད། དེ་ལྟ་བུའི་གནས་སུ། རིགས་པ་དབྱིངས་


LT26_Page_078B
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྤང་ཞིང་སྒྱུ་ལུས་ཚོགས་ཀྱི་འཁོར་ལོར་བསྐོར་བས་གང་ལའང་ཉམ་ང་བ་དང་བག་ཚ་བ་མེད་པའི་ལྟ་དགོངས་ཀྱི་གདིང་ལྡན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ཕུང་པོ་གཟན་དུ་བསྐྱུར་བ་ནང་བདེན་གཉིས་ལམ་དུ་ཁྱེར་བའི་གཅོད། དེ་དག་གི་སྐབས་ཐམས་ཅད་དུ། ཕྱི་གཟུང་ཡུལ་རང་སྣང་དུ་ཤེས། ནང་འཛིན་སེམས་སྐྱེ་མེད་དུ་རྟོགས། གསང་བ་དབྱིངས་རིག་ཟུང་འཇུག་ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ངང་ལས་མི་འདའ་བས་བདག་འཛིན་གྱི་སྙེམས་ཐག་ཆོད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉག་ཅིག་རྩད་ནས་གཅོད་པ་དོན་དམ་དབྱིངས་རིག་ལམ་དུ་ཁྱེར་བའི་གཅོད་དེ། འདི་ལྟ་བུའི་ཏིང་ངེ་འཛིན་གསུམ་ལ་བརྟེན་ནས། གཞི་སྟོང་པ་ཉིད། ལམ་མཚན་མ་མེད་པ། འབྲས་བུ་སྨོན་པ་མེད་པ་སྟེ་རྣམ་ཐར་སྒོ་གསུམ་གྱིས་དུས་གསུམ་མཉམ་ཉིད་དུ་རྟོགས། སྔོན་གྱི་གནས་ཤེས་པ། འཆི་འཕོ་སྐྱེ་བ་ཤེས་པ། མི་སྐྱེ་བའི་བཟོད་པ་ཐོབ་པའི་ཟག་པ་ཟད་པ་ཤེས་པ་སྟེ་རིག་པ་གསུམ་མངོན་དུ་བྱས་ནས། རྒྱལ་ཡུམ་དོན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་དགོངས་དོན་ཚེ་འདི་ཉིད་ལ་མངོན་དུ་འགྱུར་བ་ཡིན་ཏེ། དེ་སྐད་དུ་མགོན་པོ་བྱམས་པས། །སྒྱུ་མ་ལྟ་བུའི་ཏིང་འཛིན་དང༌། །དཔའ་བར་འགྲོ་བའི་ཏིང་འཛིན་དང༌། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག །ཞེས་དང༌། རྣམ་པར་ཐར་པའི་སྒོ་གསུམ་དང༌། །དུས་གསུམ་མཉམ་པ་ཉིད་དང་ཡང༌། །རིག་གསུམ་མངོན་སུམ་བགྱིས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་ཐབས་དང་ཐབས་ལས་བྱུང་བའི་ཚུལ་ལ་སྨོན་ལམ་དུ་མཛད་པས་མཚོན་ཏེ་རྒྱ་ཆེར་ཤེས་པར་བྱའོ། །གཉིས་པ་གདམས་པ་དངོས་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། སྐྱབས་འགྲོ། སེམས་བསྐྱེད། བླ་མའི་རྣལ་འབྱོར་རོ། །


LT26_Page_079A
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། །ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་རང་གི་མདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ། དེའི་དབུས་སུ་ནོར་བུས་གཏམས་པ་ལས་སྐྱེས་པའི་དཔག་བསམ་ལྗོན་ཤིང་ཡལ་ག་ལྔའི་དབུས་སུ་རྩ་བརྒྱུད་ཀྱི་བླ་མ། མདུན་དུ་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་ཆོས། གཡོན་ཏུ་དགེ་འདུན། མཐའ་སྐོར་དུ་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། བདག་དང་ཁམས་གསུམ་འགྲོ་བ་ཞེས་སོགས་སྐྱབས་འགྲོ་ཅི་ནུས་བྱ། གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པ་སྨོན་པ་དང༌། དེའི་ཆེད་དུ་ལམ་ཟབ་མོ་ལ་བསླབ་བར་བགྱིའོ་སྙམ་པ་ལ་འཇུག་པ་སྟེ། དོན་ཡིད་ལ་དྲན་བཞིན་པས། ཤེས་རབ་སྙིང་བརྩེ་སོགས་དང༌། ཚད་མེད་བཞིས་བློ་སྦྱང༌། གསུམ་པ་ནི། རང་གི་སྤྱི་བོར་བླ་མ་ཤཱཀྱ་ཐུབ་པ་དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་བསྟིམ་པ། མཆོད་པའི་སྒོ་ནས་ཚོགས་བསགས་པ། རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་གདབ་པའི་ཚུལ་རྣམས་ངག་འདོན་གྱི་དཀྱུས་ནས་འབྱུང་བ་ལྟར་ལ། ཡེ་ཤེས་པ་བསྟིམ་པའི་སྐབས། སྐྱབས་ཡུལ་རྣམས་ཀྱང་སྤྱི་བོའི་བླ་མ་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་སུ་མོས། མཆོད་པའི་སྐབས་རང་དང་སེམས་ཅན་ཐམས་ཅད་རེ་རེའང་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པའི་མཆོད་པའི་ལྷ་མོར་སྤྲུལ་ནས། ཕྱི་ནང་གསང་བའི་མཆོད་པ་ནམ་མཁའ་གང་བར་སྤྲོས་ཏེ་མཆོད་པར་བསམ། གསོལ་འདེབས་སྐབས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རིགས་དྲུག་གི་སེམས་ཅན་ཐམས་ཅད་བཀུག །འོད་ཀྱི་རྣམ་པས་རང་གི་ལུས་ཀྱི་སྟོད་སྨད་བར་གསུམ་ལ་ཐིམ་པས་རང་ཉིད་རིགས་དྲུག་གི་སེམས་ཅན་ཐམས་ཅད་འདུས་


LT26_Page_079B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངོ་བོར་བསམ། སྤྱི་བོའི་བླ་མ་སྐྱབས་གནས་ཀུན་འདུས་ལ་མོས་གུས་ཀྱི་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པ་ནི། ཌཱ་མ་རུ་ལྔ་བརྡུང་ཚར་གསུམ། སུམ་བརྡུང་ཚར་གསུམ། ཆིག་བརྡུང་བཅས་མཐོང་བརྒྱུད་ལྟར་གྱིས་སྣ་དྲངས་ཏེ། བྱིན་རླབས་ཅན་གྱི་བླ་མ་དང་སོགས་ཚིགས་བཅད་གཅིག་དལ་བུའི་གདངས་ཀྱིས་བརྗོད་རྗེས་ཌཱར་རྒྱགས་གོང་བཞིན་གྱི་མཐར་བཞག །དེ་ནས་རང་གི་སྤྱི་བོའི་བླ་མ་དེ་ཉིད་ཕྱི་ལྟར་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ། ནང་ལྟར་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ། གསང་བ་རྩ་བའི་བླ་མ་དང་དབྱེར་མེད་སྐྱབས་གནས་ཀུན་འདུས་སུ་མོས་པའི་གདུང་ཤུགས་དྲག་པོས། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རིན་པོ་ཆེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་འཛིན། །ཡིད་འཕྲོག་རབ་མཛེས་དབྱངས་ཅན་དགའ་བའི་དཔལ། །འཇིགས་མེད་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་བརྒྱ་རྩ་དང༌། རང་གི་རྩ་བའི་བླ་མ་གང་ཡིན་གྱི་གསོལ་འདེབས་ཇི་ལྟར་རིགས་པ་བརྗོད་རྗེས། རྐང་གླིང་བླ་མ་མཁྱེན་ཟེར་བའི་ཁོངས་འདྲེན་འཁྱོངས་ཆ་ཅན་ལན་གསུམ་བུས་ནས། ཌཱ་རུ་གོང་མཚུངས་སུ་དཀྲོལ། དེ་ནས། རྗེ་ན་མོ་གུ་རུ་བྷྱཿ གནས་འོག་མིན་སོགས་དང༌། གནས་བྱ་རྒོད་ཕུང་པོའི་སོགས་ཀྱི་མཚམས་སུ་ཌཱ་རུ་ལྔ་བརྡུང༌། གནས་ཆོས་འབྱུང་ཨེ་ཡི་སོགས་ཀྱི་མཐར་ལྔ་བརྡུང་གསུམ། སུམ་བརྡུང་གསུམ། ཆིག་བརྡུང་གཅིག །དེ་ནས་གནས་སྟག་ལུང་ཐང་གི་སོགས་ནས་བཟུང་གསོལ་འདེབས་སྡེ་ཚན་རེའི་མཚམས་ལྔ་བརྡུང་རེ། མཇུག་ཏུ་ལྔ་བརྡུང་གསུམ་སོགས་གོང་ལྟར་རྒྱས་པར་བྱས་ནས་ཌཱ་རུ་བཞག །བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་དང་བླ་མ་ཐ་དད་དུ་འཛིན་པ་སྤངས་བའི་ངང་ནས་ཅུང་ཟད་མཉམ་པར་འཇོག །དེ་ནས་རང་ཕག་མོའི་བསྐྱེད་རིམ་གསལ་བཏབ་སྟེ། དགེ་བ་འདི་ཡིས་མྱུར་དུ་བདག་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ངང་དུ་མཉམ་པར་


LT26_Page_080A
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་གོ །གཉིས་པ་དངོས་བཞི་ལ་གསུམ། ཟིལ་གནོན་དམིགས་པ་སྐོར་གསུམ། རང་སེམས་དབྱིངས་སུ་འཕོ་བ། ཕུང་པོ་གཟན་དུ་འགྱུར་བའོ། །དང་པོ་ནི། །རང་ཉིད་ཕག་མོའི་བསྐྱེད་རིམ་གྱི་གསལ་སྣང་བརྟན་པོའི་སྒོ་ནས། མི་རྐང་གསུམ་བུས་པའི་ཐོག་མའི་སྒྲར་རྣལ་འབྱོར་པ་ང་འདིར་སླེབས་ཡོད་ཟེར་བ་དང༌། གཉིས་པར་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་འདིར་འདུས་འདིར་ཚོགས། གསུམ་པར་ཁྱེད་རྣམས་ངའི་བཀའ་ལ་ཉོན། ཐེག་ཆེན་གྱི་ལམ་ལ་འགོད་དོ་ཞེས་གྲགས་པར་བརྟེན། སྣང་སྲིད་ཀྱི་ལྷ་འདྲེ་མཐོ་བ་དཔེ་དཀར་རྒྱལ་པོ་ནས་དམའ་བ་ཡུལ་འདྲེ་ས་སྲིན་ཡན་ཆད། སྔར་འདྲེ་རྙིང་པ། ད་འདྲེ་གསར་པ། ཡུལ་འདྲེ་འཁྱམས་པོ་སོགས་གནོད་བྱེད་ཀྱི་སྡེར་གཏོགས་སོ་ཅོག་ཐམས་ཅད་ཁྲོམ་ཚོགས་པ་ལྟར་འདུས་པར་དམིགས་ནས། རང་ཕག་མོར་གསལ་བའི་སྐུ་རྒྱབ་ཏུ་མགོ་གཡས་སུ་གཏད་པའི་མི་ལྤགས་ཀྱི་གཡང་གཞི་བཤུས་མ་ཐག་པ་ཁྲག་ཛར་རེ་བ་རྣམས་ཀྱི་སྟེང་དུ་ཆལ་གྱིས་འགྲེམ་པ་དང་ལྷན་ཅིག་ཕཊ་ཅེས་བརྗོད། རང་ཕག་མོའི་བསྐྱེད་རིམ་དང་ལྡན་པས་གང་ལ་ཡང་འཇིགས་པ་དང༌། ཉམ་ང་ཁུ་འཁྲིག་མེད་པའི་གདེངས་དང་ལྡན་པའི་ངང་ནས་འཇིགས་སྟོབས་ཀྱི་ཟིལ་གནོན་གྱི་ངང་ནས། ཕཊ་ཅེས་བརྗོད། དེ་བཞིན་དུ་རང་སེམས་སྤྲོས་པ་མཐའ་དག་དང་བྲལ་བའི་རིག་སྟོང་རྗེན་པ་སྐྱོན་ཡོན་གང་གིས་ཀྱང་མ་གོས་པ་དངོས་མེད་ཆོས་ཀྱི་སྐུ་འོད་གསལ་འགྱུར་མེད་ལྟ་བའི་ཟིལ་གནོན་གྱི་ངང་ནས། ཕཊ། དེར་འདུས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེར་ཚད་མེད་པ་བསྐྱེད་པ་ཆོས་ཉིད་གཉུག་མའི་གདངས་སྙིང་རྗེར་ཤར་བའི་ཟིལ་གནོན་གྱི་ངང་ནས། ཕཊ་ཅེས་བརྗོད། སླར་ཡང་རང་གི་སྤྱི་བོར་ཤཱཀྱ་ཐུབ་པ་བསྐྱེད། དེའི་ཐུགས་ཀའི་ཧཱུྃ་ཡིད་ལས་འོད་ཟེར་སྔོན་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། སྣང་སྲིད་ཀྱི་ལྷ་འདྲེ་སྔར་མ་འདུས་པའི་ལྷག་མ་ཀུན་བཀུག་སྟེ་རང་གི་ཞབས་འོག་ཏུ་ཧྲིལ་


LT26_Page_080B
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མནན་པས། དེ་དག་ཐམས་ཅད་སྔར་བྱས་ཀྱི་སྡིག་པར་འགྱོད་སེམས་དྲག་པོ་སྐྱེས་ཏེ་ཕྱིན་ཆད་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་སྤང༌། བསྟན་པ་བསྲུངས་ཤིང་སེམས་ཅན་ལ་ཕན་སྐྱོབས་བྱེད་པ་སོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བསམ། །གཉིས་པ་རང་སེམས་དབྱིངས་སུ་འཕོ་བ་ནི། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཏེ་རང་ཕག་མོར་གསལ་བའི་རྩ་དབུ་མའི་ནང་ལྟེ་བའི་ཐད་དུ་རང་སེམས་ཀྱི་ངོ་བོ་འོད་ཀྱི་གོང་བུ་དཀར་པོ་བྱེའུའི་སྒོ་ང་ཙམ་འཕུར་ལ་ཁད་པ་ཞིག་གསལ་བཏབ་སྟེ། ཕཊ་གཅིག་གིས་སྙིང་ག །ཕཊ་གཅིག་གིས་མགྲིན་པ། ཕཊ་གཅིག་གིས་སྤྱི་བོའི་ཀླད་རྒྱའི་འགོ །ཕཊ་གཅིག་གིས་འོད་དེ་སྤྱི་བོ་ནས་རྒྱངས་ཀྱིས་འཐོན་པར་བསམས་ལ་དབྱིངས་རིག་བསྲེ། ཕཊ་གཅིག་གིས་རང་སེམས་ཀྱི་ངོ་བོ་རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་གྲི་གུག་རྣོ་ངར་ལྡན་པ་འཛིན་ཅིང༌། གཡོན་རང་གི་ཕུང་པོ་དཀར་ཞིང་ཚོ་ལ་མཛེས་པ་སྣུམ་པ་དེར། སྡིགས་མཛུབ་ཀྱི་གཟིར་བའི་རྣམ་པ་ཅན་དུ་གསལ། གསུམ་པ་ཕུང་པོ་གཟན་དུ་བསྐྱུར་བ་ལ་གསུམ་ལས། །ནུབ་དང་པོ་དཀར་འགྱེད་ཀྱི་དམིགས་པ་ནི། །རང་སེམས་ཕག་མོར་གསལ་བ་དེ་ཉིད་རང་གི་ཕུང་པོའི་སྟོང་བྱ་རྒོད་རོ་ལ་འཐིབས་པ་བཞིན་བབས། གྲི་གུག་རྣོ་ངར་དང་ལྡན་པ་དེ་ཉིད་སྣ་གོང་གི་ཉག་ཏུ་རྒྱབ་པས་ཐོད་པ་ལིང་གིས་ཕོག །མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་བཀལ་བའི་འདུན་པ་དང་བཅས། ཕཊ། ཐོད་པ་ཡེ་ཤེས་ཀྱི་ཀ་པཱ་ལ་ཞེས་སོགས་བརྗོད་ཅིང་གསལ་བཏབ། ཨོཾ་ཨཱཿཧཱུྃ་ལན་གསུམ་གསུམ་བརྗོད་པའི་སྐབས་སུ་ཀླད་པའི་སྟེང་གི་ཡི་གེ་འབྲུ་གསུམ་དཀར་དམར་མཐིང་གསུམ་གསལ་བ་ལས་འོད་ཟེར་འཕྲོས། ཁམ་གསུམ་གྱི་ཟས་སྐོམ་བདུད་རྩིའི་བཅུད་རྣམས་ཐམས་ཅད་བསྡུས། ཐོད་པའི་བདུད་རྩི་ལ་ཐིམ་པས། ཡེ་ཤེས་ཀྱི་བདུད་


LT26_Page_081A
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་རང་བཞིན་དུ་གྱུར་པར་མོས་ཏེ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་སྤྱན་འདྲེན་པའི་མི་རྐང་གསུམ་འབུད། དེ་རྣམས་སྟེང་གི་ནམ་མཁར་བྱོན་པར་བསམ། རང་ཕག་མོར་གསལ་བའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་ཕྱག་ན་ཐོད་པ་ཐོགས་པ་གྲངས་མེད་པ་སྤྲོས། ཐོད་པ་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་གོང་དུ་གསལ་བཏབ་པའི་ནང་ནས་བདུད་རྩི་བཅུས་ཏེ་སྟེང་གི་ཆར་བཞུགས་པ་དཀོན་མཆོག་སྲི་ཞུའི་མགྲོན་རྣམས་མཆོད་པར་བསམ། སླར་ཡང་རང་ཕག་མོར་གསལ་བའི་གྲི་གུག་རྣོ་ངར་དང་ལྡན་པས་ཕུང་པོའི་པགས་པ་གཞུང་བཤགས་ཀྱིས་བཤུས་པ་ཆལ་གྱིས་བཀྲམ་པར་བསམས་ལ། ཕཊ། པགས་པ་རིན་པོ་ཆེའི་ཞེས་སོགས་བརྗོད་ཅིང་ཚིག་རིས་དང་མཐུན་པར་གསལ་གདབ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་སྐབས་རྫས་ཀྱི་སྟེང་ཡི་གེ་འབྲུ་གསུམ་ཐོ་བརྩེགས་ལས་འོད་འཕྲོས། ཁམས་གསུམ་གྱི་བདུད་རྩི་རོ་བཅུད་ཐམས་ཅད་དྲངས་བསྟིམས་གོང་ལྟར་བྱ། མཁའ་འགྲོ་ཆོས་སྐྱོང་སྣང་སྲིད་མགྲོན་ཚོགས་སྤྱན་འདྲེན་པའི་མི་རྐང་གསུམ་བུས་པས། མགྲོན་རིགས་རྣམས་ཀྱིས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་གང་བར་དམིགས་ལ། དེ་རྣམས་ཀྱིས་ཅི་འདོད་ལོངས་སྤྱད་པའི་འདུན་པ་དང་བཅས། ཕཊ། མཁའ་འགྲོ་ཆོས་སྐྱོང་སོགས་བརྗོད། དེ་ལྟར་མགྲོན་རིགས་རྣམ་པ་བཞི་བདུད་རྩིར་ལོངས་སྤྱོད་ཅིང་ཚིམ་པར་བསམ་པའི་ངང་ནས། ཕུང་པོ་ཚོགས་མཆོད་གཏོང་ངོ༌། །ནུབ་གཉིས་པ་དམར་འགྱེད་ཀྱི་དམིགས་པ་ནི། །རང་རིག་གི་ངོ་བོ་ཕག་མོར་གསལ་བའི་གྲི་གུག་རྣོ་ངར་དང་ལྡན་པས་པགས་པ་གཞུང་བཤང་བཅལ་དུ་བཀྲམ་པའི་འདུན་པ་དང་བཅས། ཕཊ། པགས་པ་དབང་ཆེན་གསེར་གྱི་ས་གཞི་ཞེས་སོགས་འདོན་ཆ་ལྟར་གསལ་བཏབ། རྫས་དེ་དག་གི་སྟེང་གི་ཡི་གེ་འབྲུ་གསུམ་གསལ་


LT26_Page_081B
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་འོད་འཕྲོས། ཁམས་གསུམ་གྱི་ཟས་སྐོམ་བདུད་རྩིའི་རོ་བཅུད་ཐམས་ཅད་བསྡུས། དེ་ཉིད་ལ་ཐེམ་པས་རྣམ་པ་ཤ་ཁྲག་ལ་ངོ་བོ་བདུད་རྩིའི་རང་བཞིན་དུ་གྱུར་པར་དམིགས་ཏེ། མགྲོན་རིགས་རྣམ་བཞི་སྤྱན་འདྲེན་པ་ནི། རང་རིག་ཕག་མོར་གསལ་བའི་ཐུགས་ཀར་བྂ་ཡིག་དམར་པོ་ཞིག་གསལ་བཏབ། དེ་ལས་འོད་ཟེར་དམར་པོའི་ཚོགས་འཕྲོས་ཏེ་མགྲོན་ཀུན་སྤྱན་དྲངས་པར་བསམས་ལ་མི་རྐང་གསུམ་བུས་པས། མགྲོན་ཚོགས་ཀྱིས་སྟེང་འོག་ཐམས་ཅད་ཁྲིག་མེར་གྱིས་གང་བར་བསམ། །དེ་རྣམས་ཀྱིས་རྫས་དེ་དག་ལ་དགྱེས་བཞིན་དུ་ལོངས་སྤྱོད་པའི་འདུན་པ་དང་བཅས་ཕུང་པོ་ཚོགས་མཆོད་གཏོང་ངོ༌། །ནུབ་གསུམ་པ་སྤུས་སྟོན་གྱི་དམིགས་པ་ནི། །རང་ཉིད་ལྷར་གསལ་བའི་ཕྱག་གཡས་སྡིགས་འཛུབ་ཀྱི་ཕྱག་རྒྱས་རང་གི་ཕུང་པོ་ལ་གཟིར་བ་དང༌། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་རང་གི་ཕུང་པོ་དེ་ཉིད་ཡིད་བཞིན་གྱི་ནོར་བུ་དགོས་འདོད་ཀུན་འབྱུང་ལྟ་བུ་རེ་འདོད་ཐམས་ཅད་སྐོང་བར་གྱུར་ཏེ། དཀོན་མཆོག་སྲི་ཞུའི་མགྲོན་དང་མགོན་པོ་ཡོན་ཏན་མགྲོན་རྣམས་ཀྱི་སྤྱན་ལམ་དུ། མཆོད་ཡོན། ཞབས་སིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ། །བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་བདུན། འདོད་ཡོན་ལྔ་སོགས་མ་ཚང་མེད་པའི་མཆོད་པ་ནམ་མཁའ་གང་བས་མཆོད། རིགས་དྲུག་དང༌། ལན་ཆགས་ཀྱི་མགྲོན་རྣམས་ཀྱང་རང་རང་གང་འདོད་པའི་ལོངས་སྤྱོད་ཀྱི་ཚིམས་པར་བསམ་མོ། །གང་ལྟར་ཡང་དེ་རྣམས་ཀྱི་མཐར་ཕུང་པོའི་ཚོགས་མཆོད་ན། ཌཱ་མ་རུ་ལྔ་བརྡུང་གསུམ་སོགས་རྒྱས་པས་ཐོག་དྲངས་ནས། །ཨོཾ་ཨཱཿཧཱུྃ། མཁྱེན་བརྩེའི་བྱིན་རླབས་སོགས་བརྗོད་ཅིང་བསམ། མཐར་ཊཱར་རྒྱགས་རྒྱས་པར་བྱ། །གསུམ་པ་རྗེས་ལ་གསུམ། ཚོགས་དྲུག་ལམ་ཁྱེར་བྱ་བ།


LT26_Page_082A
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའི་སྟོབས་བརྗོད་པ། ཆོས་སྦྱིན་དང་བསྔོ་སྨོན་གྱིས་མཐའ་བརྒྱན་པའོ། །དང་པོ་ནི། །མིག་གིས་དབང་པོའི་མཚོ་ནང་དུ་སྡེ་ཚན་ལྔའི་མཐར་ཌཱ་རུ་ལྔ་བརྡུང་རེ་རེ། ཡིད་ཀྱི་དབང་པོའི་སོགས་ཀྱི་མཐར་ལྔ་བརྡུང་གསུམ་སོགས་རྒྱས་པར་བྱ། དེའི་ཚེ་དམིགས་པ་ནི། ཚོགས་དྲུག་གི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པར་བྱས་ལ་ལྟ་བའི་གདེངས་བསྐྱེད། སྒོམ་པའི་ཉམས་རྟོགས་སྤར། སྤྱོད་པ་བརྟུལ་ཞུགས་ཐོག་བརྫིས་སུ་ཁྱེར། །གཉིས་པ་ནི། །ཚངས་པའི་འཇིག་རྟེན་སོགས་དང༌། རྒྱལ་བ་མཆོད་པས་སོགས་དང༌། ཕ་མ་ལ་སོགས་སེམས་ཅན་སོགས་ཀྱི་སྡེ་ཚན་རེ་རེའི་མཐར་ཌཱ་རུ་ལྔ་བརྡུང་རེ་དང༌། ཡུལ་ཕྱོགས་འདི་རུ་སོགས་རྫོགས་མཚམས་སུ། མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཚར་གཉིས་བསྐྱར་ལ་ཌཱ་རུ་ལྔ་བརྡུང་གསུམ་སོགས་རྒྱས་པར་བྱ། དེའི་ཚེ་མདུན་གྱི་ནམ་མཁར་རྒྱལ་བ་སྲས་དང་བཅས་པའང་མངོན་སུམ་དུ་བཞུགས་ནས་དེ་དེ་བཞིན་དུ་འགྲུབ་པའི་མཐུན་འགྱུར་མཛད་པར་བསམ། །གསུམ་པ་ནི། །རང་ཉིད་ཕག་མོར་གསལ་བ་སྐད་ཅིག་གིས་གནས་འགྱུར་བའི་ཚུལ་གྱིས། པད་དཀར་དང་ཟླ་བའི་གདན་ལ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པའི་སྐུར་ལམ་སྟེ་གྱུར་བའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿཡིག་གི་མཐར་ཡི་གེ་དྲུག་པའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། རིགས་དྲུག་དང༌། ལན་ཆགས་ཀྱི་མགྲོན་དུ་གྱུར་པའི་སེམས་ཅན་ཐམས་ཅད་ལ་ཕོག །དེ་དག་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པས། ལུས་ཐུགས་རྗེ་ཆེན་པོའི་སྐུ། ངག་ཡི་གེ་དྲུག་མའི་སྒྲ། ཡིད་ཐུགས་རྗེ་ཆེན་པོའི་དགོངས་པ་དང་དབྱེར་མེད་དམ་པ་རིག་སྟོང་ཆོས་སྐུའི་ངང་དུ་གནས་པར་བསམས་ལ་ཡི་གེ་དྲུག་པ་སྟོང་སོགས་གང་འགྲུབ་བཟླ། དྲང་དོན་ཆོས་བཤད་པ་ནི། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང༌།


LT26_Page_082B
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་བརྗོད་པས་ཕན་བདེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པར་བསམ། ངེས་དོན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་སོགས་བརྗོད་པས་འཁོར་འདས་ཆོས་ཀུན་སྒྱུ་མའི་རང་བཞིན་དུ་རྟོགས་ཏེ་གང་ལའང་འཛིན་པའི་འཆིང་བ་དང་བྲལ་ནས་འཁོར་བའི་སྡུག་བསྔལ་རྒྱུན་ཆད་པར་བསམ། ཟང་ཟིང་ཆོས་དང་མི་འཇིགས་པ་དང་བྱམས་པའི་སྦྱིན་པ་ལ་སོགས་པའི་དགེ་རྩ་བྱང་ཆུབ་ཆེན་པོའི་རྒྱུར་བསྔོ་བའི་སླད་དུ། སྦྱིན་པ་རྒྱ་ཆེན་གྱུར་པ་སོགས་བརྗོད། ཕཊ་གཅིག་གིས་ཡས་མགྲོན་རྣམས་མི་དམིགས་པར་ཆོས་ཀྱི་དབྱིངས་སུ་གཤེགས་པར་བསམ། །ཕཊ་གཅིག་གིས་མས་མགྲོན་རྣམས་སོ་སོའི་གནས་སུ་དེངས་པར་བསམ། །ཕཊ་གཅིག་གིས་རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བ་འཇའ་ཡལ་བ་ལྟར་མི་དམིགས་པའི་ངང་དུ་བཞག །སླར་ཡང་རང་ཐུགས་རྗེ་ཆེན་པོའི་སྐུར་ལྡང་ལ། དགེ་བ་འདི་ཡིས་མྱུར་ཏ་ུབདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ཅིག །ཅེས་སོགས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བརྗོད་དོ། །དེ་ལྟ་བུའི་གནས་སྐབས་ཐམས་ཅད་དུ་ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ཉམས་ལེན་གྱི་རྩི་དང་མ་བྲལ་བར་བྱས་པས་ཚར་སློང་གི་རྟེན་འབྲེལ་འགྲིགས་ནས། ལྟ་སྒོམ་ལ་བརྟན་པ་ཐོབ་པས་བདག་འཛིན་གྱི་འཆིང་བ་གཅོད་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །དེ་ལྟར་ཟབ་མོ་གཅོད་ཡུལ་གྱི་གདམས་པ་འདི་ཉིད་ཉམས་སུ་ལེན་པའི་གང་ཟག་ནི། །ལམ་ཐུན་མོང་བས་རྒྱུད་འབྱོངས་ཤིང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོ་དང༌། དངོས་གཞི་ཕྱག་ཆེན་གྱི་ཉམས་རྟོགས་ཅི་རིགས་པ་རྒྱུད་ལ་སྐྱེས་པས། ཐོག་མར་གཉན་ཁྲོད་འཇམ་ཞིང་བཀྲ་ཤིས་པར་ཕྱིན་ལ། ནུབ་དང་པོར་དཀར་འགྱེད་ཡན་གང་བཞིན་གྱི་མཐར། ཕུང་པོ་ཚོགས་མཆོད་སྦྲེལ་བ་ཉམས་སུ་བླང༌། གཉིས་པར་སྐྱབས་འགྲོ་ནས་རང་སེམས་དབྱིངས་སུ་འཕོ་བའི་བར་གོང་ལྟར་ལ། དེ་ནས་དམར་འགྱེད་སྦྱར་ཞིང༌། མཐར་ཕུང་པོའི་ཚོགས་མཆོད་སོགས་སྦྲེལ། གསུམ་པར་


LT26_Page_083A
[མ་དཔེ་གཟིགས་ན་འདིར་གནོན།]

དམར་འགྱེད་ཀྱི་མལ་དུ་སྤུས་འདོན་གྱི་དམིགས་པ་སྦྱར། གཙོ་བོར་ཕྱག་ཆེན་གྱི་ཉམས་ལེན་ཁོ་ན་བསྐྱང་བས་སླང་ཚར་གྱི་རྟེན་འབྲེལ་འགྲིགས་པར་འགྱུར། དེ་ནས་རིམ་པར་བརྟན་པ་ཐོབ་ནས་གཉན་ཞིང་ཟིལ་ཆེ་བ་རྣམས་སུ་བྱིན་ནས་ཉམས་ལེན་ལ་བརྩོན་པར་བྱ། རྒྱུན་ཁྱེར་ཙམ་ནི་ལས་དང་པོ་པས་ཀྱང་ཉམས་སུ་བླང་དུ་རུང་ཞིང༌། དེའི་ཚེ་དམིགས་པ་གསུམ་རེས་མོས་སམ་དཀྱུས་གཅིག་ཏུ་སྤེལ། ཡང་ན་རང་གང་མོས་པ་ཞིག་ཁོ་ན་ལ་བརྩོན་ཀྱང་རུང་ངོ༌། །དེ་ལྟར་ཀུན་མཁྱེན་བོ་དོང་བ་ཆེན་པོ་ལ་བཅོམ་ལྡན་འདས་ཐུབ་པའི་དབང་པོས་སྩལ་བའི་ཟབ་མོ་མདོ་གཅོད་དུ་གྲགས་པའི་དམིགས་ཁྲིད་བླ་མའི་ཞལ་ལུང་ལས་ཇི་ལྟར་འབྱུང་བ་བཞིན་ཟིན་བྲིས་སུ་བཏབ་པའི་དགེ་བས་འགྲོ་ཀུན་འཕགས་བཞིའི་སྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཡེ་ཤེས་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །མངྒ་ལམ་བྷ་བ་ཏུ། །

གདམས་ངག་མཛོད་པོད་བཅུ་བདུན་པ།
གཏུམ་མོ་ཞག་བདུན་མའི་གསོལ་འདེབས་སྔོན་འགྲོ་ངག་འདོན་གསུམ་སྦྱོར།


LT26_Page_084A
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོ་ཞག་བདུན་མའི་གསོལ་འདེབས་སྔོན་འགྲོ་ངག་འདོན་གསུམ་སྦྱོར་བཞུགས་སོ།། །།


LT26_Page_084B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། །གསང་ཆེན་བདེ་མཆོག་རྡོ་རྗེ་འཆང་གི་ཐབས་ལམ་མཁའ་འགྲོ་སྙན་བརྒྱུད་ཀྱི་ཟབ་གནད་བཙན་ཐབས་ཕོ་ཉ་བདེ་ཆེན་ཤིན་ཏུ་མྱུར་ལམ་ཚེ་གཅིག་གིས་སངས་རྒྱས་སྒྲུབ་བའི་གདམས་པ། །གཏུམ་མོ་ཞག་བདུན་མའི་སྔོན་འགྲོ་ངག་འདོན་གསུམ་སྦྱོར་ནི། །ཨོཾ་ཨཱཿཧཱུྃ། སྒོ་གསུམ་དག་པར་བྱེད་པའི་རྡོ་རྗེ་འཆང༌། །དངོས་གྲུབ་སྩོལ་མཛད་བླ་མ་རིན་པོ་ཆེ། །སྔགས་རྣམས་ཀུན་གྱི་སྙིང་པོ་འབྲུ་གསུམ་པ། །ཟབ་ལམ་ཆུ་རྒྱུན་གཅིག་ནི་འདིར་འབད་བྱ། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་གཉིས་རྭ་བསྒྲུབ་ཕྱིར། །རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག །ཨོཾ་ཨཱཿཧཱུྃ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་འཆང་ཞལ་གཅིག་ཕྱག་གཉིས་པར་གྱུར། །ཨོཾ་གཟུགས་ཐམས་ཅད་རྣམ་པར་སྣང་མཛད་སྐུ་རྡོ་རྗེའི་ངོ་བོ་ཉིད་འོད་དུ་ཞུ་བ་ལས་བྱུང་བའི་གཞལ་ཡས་ཁང་གྲུབ་བར་གྱུར། ཨཱཿ སྒྲ་ཐམས་ཅད་འོད་དཔག་མེད་གསུང་རྡོ་རྗེའི་ངོ་བོ་ཉིད་འོད་དུ་ཞུ་བ་ལས་བྱུང་བའི་པདྨ་དང་ཟླ་བའི་གདན་གྲུབ་པར་གྱུར། །ཧཱུྃ། རང་གི་སེམས་ཉིད་ཀྱི་ངོ་བོ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་


LT26_Page_085A
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པས་ཡུམ་ལ་འཁྱུད་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྲིལ་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་དར་སྣ་ཚོགས་ཀྱི་ན་བཟའ་མཛེས་པ། རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་གིས་བཞུགས་པར་གྱུར། །དེའི་སྤྱི་བོར་གདན་བཞི་བརྩེགས་པའི་སྟེང་དུ། ཨོཾ་ཨཱཿཧཱུྃ་ལས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་པའི་བདག་ཉིད་རང་གི་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་རྒྱལ་བ་རྡོ་རྗེ་འཆང་ཡབ་ཡུམ་ཀུན་འདུས་ཀྱི་ངོ་བོར་གྱུར། །ཨོཾ་ཨཱཿཧཱུྃ། ཞེས་བཟླས་པ་གང་མང་བྱ། །རྩ་བའི་བླ་མ་གང་ཡིན་གྱི་གསོལ་འདེབས་འདོན། །དེ་ནས་མཎྜལ་འབུལ་བ་ནི། །སྭ་བྷཱ་ཝས། ཆོས་ཐམས་ཅད་སྟོང་པར་སྦྱང༌། སྟོང་པའི་ངང་ལས། འབྱུང་བཞི་དག་པའི་སྒྱུ་ལུས་མཎྜལ་ལ། །ཨ་བ་དྷུ་ཏི་རི་རྒྱལ་ལྷུན་པོར་བརྗིད། །འཁོར་ལོ་བཞི་སོགས་རྩ་རྣམས་གླིང་བཞིའི་བརྒྱན། །ཡན་ལག་ཉིང་ལག་བཅས་པའི་བརྒྱད་པོ་འདི། །གླིང་ཕྲན་བརྒྱད་དུ་མཛེས་པར་ཡང་དག་བཀོད། །འབྱུང་འཇུག་གནས་གསུམ་རྒྱལ་སྲིད་སྣ་བདུན་


LT26_Page_085B
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །དྭངས་མ་དཀར་དམར་ཉི་ཟླས་ལེགས་བརྒྱན་པའི། །འདོད་དགུ་འབྱུང་བའི་རིན་ཆེན་སྙིང་ལ་སོགས། །བཀོད་ལེགས་ཡིད་འོང་རིན་ཆེན་མཎྜལ་འདི། །དཔལ་ལྡན་བླ་མའི་ཚོགས་ལ་འབུལ་ལགས་ཀྱིས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །རྩ་རླུང་ལས་སུ་རུང་བར་བྱིན༴ རླུང་སེམས་དབུ་མར་ཚུད་པར༴ རང་སེམས་ཆོས་སྐུར་རྟོགས་པར༴ འཆི་མེད་རིག་འཛིན་བརྙེས་པར༴ འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །གུ་རུ་ཨི་དམ་རཏྣ་མཎྜལ་ཀཾ་ནི་རྻཱ་ཏ་ཡཱ་མི། །བརྒྱུད་པ་རིང་བརྒྱུད་ཀྱི་གསོལ་འདེབས་ནི། །རྗེ་ན་མོ་གུ་རུ་བྷྱཿ །མི་འགྱུར་དྲུག་ལྡན་རྒྱལ་བ་རྡོ་རྗེ་འཆང༌། །འཇའ་ལུས་ཏིང་འཛིན་མངོན་གྱུར་ཤ་བ་རི། །རང་ལུས་འོད་ཀྱིས་བསྐོར་བའི་བི་བྷཱུ་ཏི། །རང་བྱུང་གཏུམ་མོ་འབར་བའི་ཆོས་འོད་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྩ་ཡི་བཙན་ཐབས་འབྱོངས་བར་བྱིན་གྱིས་རློབས། །རླུང་གི་བཙན་ཐབས་འབྱོངས་པར༴ ཐིག་ལེའི་བཙན་ཐབས༴ འཇའ་ལུས་མཁའ་སྤྱོད་འགྲུབ་པར༴ བཀའ་ལུང་མན་ངག་འཛིན་མཛད་འཕགས་འོད་པ། །བསྟན་པ་རིལ་པོར་འཛིན་པའི་བུ་སྟོན་རྗེ། །རྣལ་འབྱོར་དབང་ཕྱུག་མཉམ་མེད་ལོ་ཙཱ་བ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གྲགས་པའི་ཞབས། །གསོལ་བ་འདེབས་སོ༴ རྩ་ཡི་བཙན་ཐབས༴ རླུང་གི་བཙན་ཐབས༴ ཐིག་ལེའི་བཙན༴ འཇའ་ལུས་མཁའ་སྤྱོད༴ ཀུན་མཁྱེན་གཉིས་པ་ཕྱོགས་ལས་རྣམ་རྒྱལ་དང༌། །ཉམས་དང་རྟོགས་པའི་མངའ་བདག་རས་ཆེན་པ། །སྙན་བརྒྱུད་གདམས་པའི་གཏེར་མཛོད་མི་ཕམ་རྗེ། །རྩ་རླུང་སེམས་ལ་དབང་ཐོབ་ནམ་ལྷུན་ཞབས། །གསོལ་བ་འདེབས་སོ༴ རྩ་ཡི༴ རླུང་གི༴ ཐིག་ལེའི༴ འཇའ་ལུས༴ མཁས་པའི་དབང་པོ་ནམ་མཁའ་རྒྱལ་མཚན་དང༌། །རྒྱལ་བའི་སྲས་པོ་ནམ་མཁའ་འོད་ཟེར་ཞབས། །བསྟན་པའི་གཙུག་རྒྱན་ནམ་མཁའ་རིན་ཆེན་དང༌། །བསྟན་པའི་མངའ་བདག་ནམ་མཁའ་རྒྱལ་པོའི་ཞབས། །གསོལ་བ༴ རྩ་ཡི༴ རླུང་གི༴


LT26_Page_086A
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེའི༴ འཇའ་ལུས༴ རྡོ་རྗེ་འཆང་དངོས་ནམ་མཁའ་དཀར་པོ་དང༌། །དོན་གཉིས་མཐའ་ཕྱིན་ནམ་མཁའ་གྲགས་པ་དང༌། །འདུས་ཆེན་རབ་རྒྱས་འཇམ་དབྱངས་དགའ་བ་དང༌། །བཀའ་དྲིན་འཁོར་མེད་རིན་ཆེན་བཟང་པོའི་ཞབས། །གསོལ་བ༴ རྩ་ཡི༴ རླུང་གི༴ ཐིག་ལེའི༴ འཇའ་ལུས༴ མཐའ་ཡས་རྒྱུད་སྡེའི་མཛོད་འཛིན་རྡོ་རྗེ་འཆང༌། །ཐུགས་རྗེའི་གཏེར་ཆེན་དགེ་ལེགས་རྒྱལ་མཚན་དང༌། །གསང་སྔགས་ཟབ་ལམ་འཆང་བ་སྐལ་བཟང་མཚན། །རྗེ་བཙུན་བླ་མ་བསྟན་པའི་གསལ་བྱེད་ཟུང༌། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མའི་ཞབས། །གསོལ་བ༴ རྩ་ཡི༴ རླུང་གི༴ ཐིག་ལེའི༴ འཇའ་ལུས༴ བྱིན་རླབས་དངོས་གྲུབ་བརྒྱུད་པའི་བླ་མ་དང༌། །ལག་ལེན་མན་ངག་བརྒྱུད་པའི་བླ་མ་དང༌། །ལུང་ཁྲིད་ཚིག་བརྒྱུད་བརྗོད་པའི་བླ་མ་དང༌། །རྩ་བ་བརྒྱུད་པའི་བླ་མ་ཁྱེད་རྣམས་ལ། །གསོལ་བ༴ རྩ་ཡི༴ རླུང་གི༴ ཐིག་ལེའི༴ འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། །དེ་ནས་ཐུན་མོང་མ་ཡིན་པའི་གསོལ་འདེབས་ནི། །རྗེ་ན་མོ་གུ་རུ་བྷྱཿ །ས་གསུམ་མངའ་བདག་རྒྱལ་བ་རྡོ་རྗེ་འཆང༌། །བདེ་སྟོང་སྐྱེད་མཛད་རྡོ་རྗེ་རྣལ་འབྱོར་མ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །འབར་འཛག་དགའ་བཞི་འབྱོངས་པར་བྱིན༴ རང་བྱུང་ལྷན་སྐྱེས་རྟོགས་པར༴ མདོ་སྔགས་རྒྱ་མཚོའི་མངའ་བདག་འཇིགས་མེད་གྲགས། །ཉམས་དང་རྟོགས་པའི་བདག་ཉིད་རས་ཆེན་པ། །སྙན་བརྒྱུད་གདམས་པའི་གཏེར་མཛོད་མི་ཕམ་རྗེ། །རྩ་རླུང་སེམས་ལ་དབང་ཐོབ་ནམ་ལྷུན་ཞབས། །གསོལ་བ་འདེབས་སོ༴ ལུས་ལ་བདེ༴ འབར་འཛག༴ རང་བྱུང་༴ མཁས་པའི་དབང་པོ་ནམ་མཁའ་རྒྱལ་མཚན་དང༌། །རྒྱལ་བའི་སྲས་པོ་ནམ་མཁའ་འོད་ཟེར་ཞབས། །བསྟན་པའི་གཙུག་རྒྱན་ནམ་མཁའ་རིན་ཆེན་དང༌། །བསྟན་པའི་མངའ་བདག་ནམ་མཁའ་རྒྱལ་པོའི་ཞབས། །


LT26_Page_086B
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ༴ ལུས་ལ༴ འབར་འཛག༴ རང་བྱུང༴ རྡོ་རྗེ་འཆང་དབང་ནམ་མཁའ་དཀར་པོ་དང༌། །དོན་གཉིས་མཐར་ཕྱིན་ནམ་མཁའ་གྲགས་པ་དང༌། །རླུང་སེམས་དབང་འདུས་འདུས་ཆེན་རབ་རྒྱས་དང༌། །འཇམ་དབྱངས་དགའ་བ་རིན་ཆེན་བཟང་པོའི་ཞབས། །གསོལ་བ༴ ལུས་ལ༴ འབར་འཛག༴ རང་བྱུང་༴ མཁྱེན་བརྩེ་ནུས་པའི་མངའ་བདག་དགེ་ལེགས་མཚན། །སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་སྐལ་བཟང་མཚན། །སྐྱབས་ཀུན་ངོ་བོ་རིག་འཛིན་རྣམ་རྒྱལ་དང༌། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མའི་ཞབས། །གསོལ་བ༴ ལུས་ལ༴ འབར་འཛག༴ རང་བྱུང༴ བྱིན་རླབས་དངོས་གྲུབ་བརྒྱུད་པའི་བླ་མ་དང༌། །ལག་ལེན་མན་ངག་བརྒྱུད་པའི་བླ་མ་དང༌། །ལུང་ཁྲིད་ཚིག་བརྒྱུད་བརྗོད་པའི་བླ་མ་དང༌། །རྩ་བར་བརྒྱུད་པའི་བླ་མ་ཁྱེད་རྣམས་ལ། །གསོལ་བ༴ ལུས་ལ༴ འབར་འཛག༴ རང་བྱུང་ལྷན་སྐྱེས༴ སྲོག་ཐུར་དབང་དུ་འདུས་པར་བྱིན༴ རླུང་སེམས་དབུ་མར་ཚུད་བར་བྱིན་གྱིས་རློབས། །འབྱུང་འཇུག་འགྲོ་འོང་ཆོད་པར༴ རླུང་སེམས་བརྟན་པར་ཐོབ་པར༴ འཇའ་ལུས་མཁའ་སྤྱོད་འགྲུབ་པར༴ འབྲས་བུ་ལོངས་སྐུ་ཐོབ་བར༴ འཆི་མེད་རིག་འཛིན་བརྙེས་པར༴ མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །དབང་བཞི་ལེན་པ་ནི། །དཔལ་ལྡན་བླ་མ་རིན་པོ་ཆེ། །དབང་བཞི་བསྐུར་བར་མཛད་དུ་གསོལ། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བླ་མའི་སྐུ་ལ་གསོལ་བ་འདེབས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས། །བླ་མའི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། །བདག་དང་སེམས་ཅན་ཐམས་ཅད་ཀྱི་དཔྲལ་བར་ཐིམ། སྐུ་ལས་ཀྱང་སྐུ་བསམ་གྱིས་མི་ཁྱབ་པ་འཕྲོས། ལུས་ལ་ཐིམ་པས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག །སྐུ་


LT26_Page_087A
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པའི་དབང་ཐོབ། །ལུས་རྡོ་རྗེའི་རང་བཞིན་དུ་གྱུར། །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། །འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར། །དཔལ་ལྡན་བླ་མ་རིན་པོ་ཆེ། །དབང་བཞི་བསྐུར་བར་མཛད་དུ་གསོལ། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བླ་མའི་གསུང་ལ་གསོལ་བ་འདེབས། །ངག་ལ་ནུས་པ་ཐོབ་པར་བྱིན་གྱིས་རློབས། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས། །བླ་མའི་མགྲིན་པའི་ཨཱ་དམར་པོ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་མགྲིན་པར་ཐིམ། ཞལ་ནས་ཀྱང་ཨཱ་ལི་ཀཱ་ལི་ལ་སོགས་པའི་སྔགས་ཀྱི་ཕྲེང་བ་བསམ་གྱིས་མི་ཁྱབ་པ་འཕྲོས། །ངག་ལ་ཐིམ་པས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག །གསུང་གསང་བའི་དབང་ཐོབ། ངག་རྡོ་རྗེའི་རང་བཞིན་དུ་གྱུར། ལམ་གཏུམ་མོ་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར། །དཔལ་ལྡན་བླ་མ་རིན་པོ་ཆེ། དབང་བཞི་བསྐུར་བར་མཛད་དུ་གསོལ། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བླ་མའི་ཐུགས་ལ་གསོལ་བ་འདེབས། །སེམས་ལ་རྟོག་པ་འཆར་བར་བྱིན་གྱིས་རློབས། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས། །བླ་མའི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྙིང་ཁར་ཐིམ། གཞན་ཡང་ཕྱག་མཚན་རྡོ་རྗེ་དྲིལ་བུ་ཌཱ་མ་རུ་གྲི་གུག་ཐོད་པ་ཁ་ཊྭཾ་ག་ལ་སོགས་པའི་ཕྱག་མཚན་བསམ་གྱིས་མི་ཁྱབ་པ་འཕྲོས། ཡིད་ལ་ཐིམ་པས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག །ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་རྡོ་རྗེའི་རང་བཞིན་དུ་གྱུར། ལམ་ཕོ་ཉ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་


LT26_Page_087B
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར། །དཔལ་ལྡན་བླ་མ་རིན་པོ་ཆེ། །དབང་བཞི་བསྐུར་བར་མཛད་དུ་གསོལ། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བླ་མའི་སྐུ་གསུང་ཐུགས་ལ་གསོལ་བ་འདེབས། །སྐུ་གསུམ་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས། །བླ་མ་ཡབ་ཡུམ་འོད་དུ་མེར་ཞུ། །ཐམས་ཅད་རང་ལ་ཐིམ་པས། རང་ཡང་འོད་དུ་ཡལ། ཚིག་དབང་རིན་པོ་ཆེ་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །ཡེ་ཤེས་རྡོ་རྗེའི་རང་བཞིན་གྱུར། །ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། །འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར། །བསྔོ་སྨོན་ནི། དཔལ་ལྡན་བླ་མ་སྐུ་བཞིའི་དབང་ཕྱུག་གི །དཀྱིལ་འཁོར་རྣམ་བཞིར་དབང་མཆོག་བཞི་ཞུས་ནས། །དྲི་མ་རྣམ་བཞི་དག་ནས་རྒྱུད་བཞི་སྨིན། །འབྲས་བུ་སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །དགེ་བ་གང་བསགས་ཆེན་པོའི་ནུས་མཐུ་དང༌། །འོད་གསལ་ཕྱག་རྒྱ་ཆེན་པོའི་བྱིན་རླབས་ཀྱིས། །བདག་གིས་དབང་བཞི་བླངས་པ་འདི་དག་རྣམས། །ཐམས་ཅད་ཡིད་བཞིན་དུ་ནི་འགྲུབ་གྱུར་ཅིག །དགེ་བ་འདི་ཡིས་མྱུར་དུ་བདག །རྩ་བརྒྱུད་བླ་མ་འགྲུབ་གྱུར་ནས། སོགས། དཔལ་ལྡན་བླ་མ་ཁྱེད་སྐུ༴ སོགས། ཁྱེད་ལ་བསྟོད་ཅིང༌། སོགས༴ སྐྱེ་བ་ཀུན་ཏུ། སོགས༴ ཅེས་སོགས་བསྔོ་སྨོན་ཤིས་བརྗོད་གང་རྒྱས་བྱའོ།། ༈ །།གཏུམ་མོ་ཞག་བདུན་མའི་ཁྱད་པར་གྱི་གསོལ་འདེབས། ནུབ་དང་པོར་སྡིག་སྒྲིབ་དག་པར་བྱེད་པའི་བླ་མའི་གསོལ་འདེབས་ངག་འདོན་ལས། ཕ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་བར་ཆད་ཞི་བར་བྱིན་གྱིས་རློབས། ལས་ངན་སྡིག་སྒྲིབ་དག་པར༴ ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་རླབས་ཏུ་གསོལ། ནུབ་བཞི་པའི་གསོལ་འདེབས། ཕ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས། བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་སྐྱེ་བར་བྱིན་གྱིས་རློབས། བདག་ལ་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་བྱིན་གྱིས་རློབས། །ཏིང་ངེ་འཛིན་ཁྱད་པར་ཅན་བདག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རླབས་ཏུ་གསོལ། །ཞེས་ཡུན་རིང་དུ་གསོལ་བ་དྲག་ཏུ་འདེབས་དགོས་སོ། །སརྦ་མངྒ་ལམ།།

གདམས་ངག་མཛོད་པོད་བཅུ་བདུན་པ།
རས་ཆེན་དཔལ་འབྱོར་བཟང་པོ་ནས་བརྒྱུད་པའི་འཕོ་བའི་ལོ་རྒྱུས་གདམས་ངག་དང་བཅས་པ།


LT26_Page_088A
[མ་དཔེ་གཟིགས་ན་འདིར་གནོན།]

རས་ཆེན་དཔལ་འབྱོར་བཟང་པོ་ནས་བརྒྱུད་པའི་འཕོ་བའི་ལོ་རྒྱུས་གདམས་ངག་དང་བཅས་པ་བཞུགས་སོ།།


LT26_Page_088B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྷཾ། །རས་ཆེན་དཔལ་འབྱོར་བཟང་པོའི་ལུགས་ཀྱི་འཕོ་བ་མཁའ་སྤྱོད་མའི་ལོ་རྒྱུས་ནི། །གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་རྒྱ་གར་དུ་བྱོན་ནས་མཁའ་འགྲོ་ནི་གུ་མ་ལ་གསང་སྔགས་ཀྱི་ཆོས་ལ་སོགས་པ་མཐའ་ཡས་པ་གསན་ནས། ཚུར་བོད་དུ་འབྱོན་དུས་བུ་ཁྱོད་ལ་འཕོ་བའི་གདམས་ངག་ཟབ་མོ་སྟེར་རྒྱུ་ཡོད་དེ། ད་ལྟ་སྟེར་བའི་དུས་ལ་མ་བབས་པས། ཁྱོད་ཀྱི་སྐྱེ་བ་ཕྱི་མ་ལ་སྟེར་བ་ལ་ཁོ་མོ་ཡོང་གསུང༌། རས་ཆེན་དཔལ་འབྱོར་བཟང་པོ་ནི། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་གྱི་སྐུ་སྐྱེ་བ་ཡིན་པར་བཞེད། ས་སྐྱ་བའི་དགེ་བཤེས་མཐིལ་ཕྱིན་པ་ལ། ཉིན་གཅིག་སྐྱོ་སངས་ལ་ཕེབས་པའི་སར་གཟུགས་མེད་པའི་བུད་མེད་ཀྱི་སྐད་ཅིག་གིས་ཐ་སྙད་ཀྱི་མཐའ་ལ་ཆོད་པའི་དུས་མི་ཡོང༌། དེ་ལས་སྔགས་ཀྱི་མྱུར་ལམ་ཟབ་མོ་ཉམས་སུ་བཞེས་དགོས་པ་ཡིན་ཟེར་བས། བླ་མ་ལ་འདིའང་བྱུང་ཞུས་པས། བླ་མས་དེ་མཁའ་འགྲོ་མའི་ལུང་བསྟན་ཡིན་པར་འདུག །དེ་ཤིན་ཏུ་འཐད། མཆོད་ཁང་གཅིག་གི་ནང་དུ་རྡོ་རྗེ་ཕག་མོའི་སྐུ་འདྲ་ཡོད་པས་དེར་སོང་ལ་སྒྲུབ་པ་གྱིས་དང༌། ཞག་བདུན་ནས་འགྲུབ་པ་ཡོད་གསུངས་པས། ཞག་བདུན་གྱི་ནང་པོ་ཕག་མོ་དབུ་ཕྱོགས་ཕྱོགས་པ་ལན་གསུམ་བྱུང་བས། བླ་མ་ལགས་ཕག་མོ་འགྲུབ་


LT26_Page_089A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟགས་བཞིན་མ་བྱུང༌། དབུ་ཕྱོགས་ཕྱོགས་པ་ལན་གསུམ་བྱུང་ཞུས་པས། ཕག་མོ་འགྲུབ་པའི་རྟགས་དེ་ཀ་ཡིན་མོད། ད་དུང་ཁྱོད་ཡིད་མ་ཆེས་ན་སླར་བདུན་གཉིས་ལ་སྒྲུབ་པ་གྱིས་གསུངས་པས། བདུན་གསུམ་གྱི་ནངས་པར་ཕག་མོས་དངོས་སུ་གསུང་བྱོན་ནས། ཁྱོད་ཤངས་དང་འུ་ཡུག་གི་མཚམས་ལ་སོང་དང༌། ཁང་གཅིག་མ་སྒོ་བྱང་དུ་བལྟ་བ་གཅིག་ཡོད། །དེའི་ནང་ན་ཨ་མ་སྔགས་མཁན་མ་ཟེར་བའི་རྒན་མོ་གཅིག་ཡོད་པས། དེ་ལ་ཕྱག་འཚོལ་གསོལ་བ་ཐོབ་དང༌། དེས་རྗེས་སུ་འཛིན་པར་ཡོད་གསུངས། དེར་བྱོན་ནས་ཁང་པ་དེའི་སྒོ་བརྡུངས་ཙ་ན། བུ་མོ་གཞོན་ནུ་མ་གཅིག་བྱུང༌། ཨ་མ་སྔགས་མཁན་མ་ཨེ་བཞུགས་ཞུས་པས། ཨ་མ་སྔགས་མཁན་མ་མདའ་ན་མི་ན་བ་གཅིག་ལ་སྔགས་རྒྱགས་སར་སོང༌། དོ་ནུབ་འབྱོན་པར་མེད་ཁྱོད་གལ་ཆེན་པོ་ཡོད་ན་དོ་ནུབ་སྡོད། མེད་ན་སོང་ཟེར་བས་གལ་ཆེན་པོ་ཡོད་བྱས་ནས་གནས་གཡར་ནས། དོ་ནུབ་གཟིམས་པས་མཚན་ཕྱེད་འོ་དོད་ཆེན་པོ་ཤོར་བས་རྣལ་འབྱོར་པ་འོ་དོད་མ་འདེབས་ཅི་བྱུང་ཟེར་བས། ང་ཕག་ནག་པོ་གཡག་ཙམ་གཅིག་གིས་ཁང་པའི་རྨང་ནས་རློག་ནས་འགྱིལ་གྲབས་བྱུང་བས་སྐྲག་ནས་འོ་དོད་བྱས་པ་ཡིན་བྱས་


LT26_Page_089B
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེ་སྐྱོན་མེད་པས་ནང་ཞོགས་ཨ་མ་ཡོང་བའི་རྟགས་ཡིན། ཨ་མ་ནམ་ཡོད་དེས་དེ་ཙུག་བྱེད་པ་ཡིན་ཟེར་བས། ཨ་མ་སྔགས་མཁན་མོ་རྡོ་རྗེ་ཕག་མོ་དངོས་ཡིན་པར་འདུག་སྙམ་པའི་དད་པ་སྐྱེས། ཕྱིར་ནང་ཉི་མ་རྩེ་ཤར་དུས་བྱོན་བྱུང་བས། ཕྱག་འཚལ་གསོལ་བ་བཏབ་པས། རྗེས་སུ་འཛིན་པར་ཞུ་ཞུས་པས། སྡུག་བཙུན་ཁྱོད་སྨྱོ་བའམ་འཁྲུལ། ཁྱོད་ངས་ཆ་ལ་མི་འཇོག་ཟེར་བ་ཨེ་ཡིན་གསུངས་ནས་བཀའ་བཀྱོན་གནང་བ་ལ། སྨྱོ་བ་དང་འཁྲུལ་པ་མ་ཡིན་བླ་མས་ལུང་བསྟན་བྱས་ནས་ཡི་དམ་ཕག་མོ་སྒྲུབ་པ་ལ་བཏང༌། ཕག་མོས་གསུང་བྱོན་ནས་ཤངས་དང་འུ་ཡུག་གི་མཚམས་ལ་སོང་དང༌། ཁང་པ་གཅིག་མ་སྒོ་བྱང་དུ་བལྟ་བ་གཅིག་ཡོད། དེར་སོང་དང་ཨ་མ་སྔགས་མཁན་མ་བྱ་བ་གཅིག་ཡོད་པས་དེ་རང་རྗེས་སུ་འཛིན་པར་ཞུ་ཞུས་དང་རྗེས་སུ་འཛིན་པར་ཡོད་གསུངས་པས། ང་རྗེས་སུ་འཛིན་པར་ཞུ་ཞུས་པ་ན། སྤྱིར་ང་རྟེན་བུད་མེད་ཀྱི་ལུས་ཡིན། སྒོས་སུ་ན་སོ་རྒས། ངས་རྗེས་སུ་འཛིན་ནུས་པ་མེད། ང་ལ་མཁའ་འགྲོ་སུ་ཁམ་ཟེར་བ་ཡིན། ཁྱོད་མཁའ་འགྲོ་ནི་གུ་མས་རྗེས་སུ་འཛིན་པར་ཡོད། མཁའ་འགྲོ་ནི་གུ་མ་ང་མིན་པ་ཤེས་མཁན་སུ་ཡང་མེད། ཕ་རིའི་གྲོང་ཕ་གིར་སོང་དང་ཁང་པ་སྒོ་ཤར་ལ་ལྟ་བ་སྒོ་ཁྱི་ཁྲ་ཆུང་ཡོད་པ་དེའི་སྒོ་བརྡུང་དང༌། བུ་མོ་ལོ་བཅུ་དྲུག་ལོན་པ་ཙམ་གཅིག་གིས་བ་བཞོར་ཡོད་པ་དེའི་བཞོ་ཟོ་ཕྱག་གཡས་པ་ན་ཁྱེར། གཡོན་པས་སྒོ་ཕྱེ་ནས་སྒོ་ཟིམ་བྱས་ཡོང༌། དེ་དུས་སྒོ་ཧར་ཕྱེ་ལ་འཆོངས། ཕྱག་འཚོལ། གསོལ་བ་ཐོབ་ལ་རྗེས་སུ་འཛིན་པར་ཞུ་ཞུས་དང༌། རྗེས་སུ་འཛིན་པར་ཡོང་གསུངས། དེར་ཇི་སྐད་གསུངས་པ་བཞིན་བཙལ་བས་རྙེད་ནས། ང་རྗེས་སུ་འཛིན་པར་ཞུ་ཞུས་ཙ་ན། སྤྲང་བཙུན་ཁྱོད་སྨྱོ་བ་ཡིན་ནམ་འཁྲུལ་པ་ཡིན། ཁྱོད་ང་ས་ཆ་ལ་མི་འཇོག་ཟེར་བ་ཨེ་ཡིན་གསུངས་པས། སྨྱོ་བ་དང་འཁྲུལ་པ་མ་ཡིན་མ་མ་སྔགས་མཁན་མས་བཏང་བ་ཡིན་བྱས་པས། ཨ་མ་སྔགས་མཁན་མས་ང་ལ་འདི་འདྲ་གཏོང་བ་ཟེར། ད་འོ་ན་ཁྱོད་རང་ཕུ་ཡེ་ན་སོང་དང་ང་སླེབ་ཡོང་ཟེར། །དེ་ནས་ཉི་མ་ཕྱེད་ཙམ་ལ་བྱོན་བྱུང་ནས། དེ་ཁྱོད་ལ་གདམས་ངག་


LT26_Page_090A
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཟེར་ན་ཚོགས་འཁོར་བཤམས་གསུངས། ཚོགས་འཁོར་བཤམས་པའི་ཆས་ཅི་ཡང་མེད་ཞུས་པས། འོ་ན་ང་ཡི་གདམས་ངག་འདི་བཀའ་གཉན་དྲག་པས་གནང་ཐུབ་པ་གཅིག་མེད། ཕ་རི་ཚུ་རིའི་རྫི་བོ་འདི་ཚོ་ལ་ཕྱེ་ཕུང་སློངས་ལ་ཤོམས་གསུངས་པས། ཕྱེ་ཕུད་སློངས་པས་རྩམ་པ་ཐང་ཆུང་གང་རྙེད་པ་ལ་ཚོགས་བྱིན་རླབས་བྱས་པས། སྤང་ཤོངས་དེ་ཚོགས་ཀྱིས་གང་བྱུང༌། སྤྱན་འདྲེན་བྱས་ནས་མཁའ་འགྲོ་མ་འབུམ་ཕྲག་ཙམ་པ་གཅིག་འདུས་བྱུང༌། ཚོགས་དངོས་སུ་བཞེས་ནས། དེ་ནས་མཁའ་འགྲོ་ནི་གུ་མ་བཞེངས་ནས་སྐད་ལན་གསུམ་རྒྱབ་བྱུང་བས་མཁའ་འགྲོ་འབུམ་ཙམ་པ་དེ་མཁའ་འགྲོ་མ་བདུན་དུ་སོང༌། ད་ཁྱོད་ཀྱི་ཕྱག་དང་མཆོད་པ་སུ་ལ་བྱེད། གདམས་ངག་ཟབ་མོ་སུ་ལ་ཞུ་གསུངས་པས། ཕྱག་དང་མཆོད་པ་ཁྱེད་རང་ལ་བྱེད། གདམས་ངག་ཟབ་མོ་ཁྱེད་རང་ལ་ཞུ་ཞུས་པས། འཕོ་བ་མཁའ་སྤྱོད་མ་འདི་གནང་ནས། །ཤིན་ཏུ་དབེན་ཞིང་ཉམས་དགའི་ས་ཕྱོགས་སུ། །མཁའ་འགྲོ་དགྱེས་པའི་དམ་རྫས་དང་བཅས་ཏེ། །ཕཊ་ལྔ་ཧིག་ལྔ་རྡོ་རྗེའི་ཚིག་རྐང་ལྔས། །འཆུག་མེད་མཁའ་སྤྱོད་འཕོ་བའི་གདམས་ངག་སྟོན། །ཞེས་གསུངས་སོ། །དེ་ནས་ཁྱོད་འདི་ནས་སོང་ལ་ཏི་སེ་ལ་ལོ་གསུམ། ཙཱ་རི་ལ་ལོ་གསུམ་སྒྲུབ་པ་གྱིས། དེ་ནས་ཀོང་པོ་ཆབ་ནག་ལ་སོང་དང༌། མཁའ་འགྲོ་མ་སེང་གདོང་མའི་ཐོད་པ་དེ་ཁྱོད་ཀྱི་ལག་ཏུ་ཡོང་བ་ཡོད་གསུངས་པས། ཁོང་གིས་མཁའ་འགྲོ་མ་སེང་གདོང་ཟེར་བ་ཨེ་ཡོད་ཟེར་འདྲིར་ཞིང་སོང་བས་མཁའ་འགྲོ་སེང་གདོང་མ་ཟེར་བ་ནི་མེད། ལྐུག་མ་སེང་གདོང་ཟེར་བ་གཅིག་ཡོད་པ་དེ་ནི་ངེད་རྒན་རྒོན་གཉིས་ཀྱི་བུ་མོ་ཡིན། དེ་ཤི་ནས་རྒྱང་པ་སོང་ཟེར། འོ་ན་རོ་དེ་ཅི་བྱས་བྱས་པས་རོ་དེ་རི་འདེབས་ཡ་གི་ན་རྡོའི་འོག་ན་མནན་ནས་བཞག་ཡོད་ཟེར། དེར་ཁོང་གིས་བྱོན་རྡོ་ཕུང་དེ་སློག་ནས་གཟིགས་པས་རོ་དེ་འདུག་པས་ཐོད་པ་དེ་བཅད་ནས་ཡར་ལོག་བྱོན། དེ་ནས་ཡང་འབྲི་སྟག་གི་མཚམས་ན་བླ་མ་རྒྱབ་ར་བ་ལ་འཕོ་བའི་བཀའ་བབས། དེར་ཐམས་ཅད་ཀྱི་ཁོང་གདན་འདྲེན་བྱེད་པ་གཅིག་བྱུང་བས།


LT26_Page_090B
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་གཅིག་ཁོང་ཚེ་འདས་ཀྱི་སར་འཕོ་བ་འདེབས་པ་ལ་བྱོན། ཚུར་ལོག་བྱོན་ཙ་ན། མི་གཅིག་གིས་ངེད་གྲོགས་མཆེད་གཉིས་ཡོད་པས་གཅིག་སྲིན་དུག་གིས་ཤི་ནས་མ་བྱུང་ཟེར་རྫུན་གྱིས་བླ་མའི་རྟ་ཁལ་འཆང་ལ་ཁད་བྱས་ནས་འཕོ་བ་འདེབས་པ་ལ་འབྱོན་དགོས་ཟེར་ཞུས་པས། བླ་མས་ས་སྟོང་དུ་འདུག་པས་རྟ་བབས་མ་ནུས་པས་རྟ་ཐོག་ནས་འཕོ་བ་བཏབ་པས། མི་དེས་བླ་མ་སྐུ་མཁྱེན་རོའི་སྔས་འགོ་རུ་རྟ་བབས་ཙམ་མཛད་འཕོ་བ་བཏབ་དགོས་ཞུས་པས། རྟ་འབབ་དགོས་མེད་ཁྱེད་རང་སོང་དང་འཕོ་བ་ཐེབས་ཡོད་གསུངས་པས། ཁོས་ཟླ་བོའི་ཙར་སོང་ཙ་ན་ཟླ་བོ་ཤི་ཚར་འདུག །རྗེས་ཞིག་ན་དབུ་མ་པའི་བྱ་བྲལ་འགའ་ཞིག་ཙཱ་རི་མཇལ་བ་ལ་འགྲོ་བས་གྲུབ་ལ་གྲུ་གཏོང་རོགས་གྱིས་བྱས་པས། གྲུ་བཏང་བས་ཁོང་ཚོ་བྱང་པ་ལ་སོགས་པས་གྲུ་ལ་སླག་པས་གྲུ་པས་ཀྱང་ཨེ་སྐྲག་བསམ་སྡིགས་རི་བྱས་གྲུ་མ་ཆོད་པ་སྐད་ཀྱིས་གྲུ་ཆུའི་གཞུང་ལ་གཏོང་ཁོང་ཚོ་ལ་དེ་རིང་ངེད་རང་ཚོ་ཚེའི་དུས་བྱེད་པར་འདུག་པས་ཁྱེད་ཚོ་ལ་བླ་མ་ལ་གསོལ་འདེབས་དང་གདམས་ངག་འདྲ་བྱེད་རྒྱུ་མེད་པ་ཨེ་ཡིན་བྱས་པས། ཁོང་ཚོ་གྲུ་པས་དེ་ཟེར་ཙ་ན་བདེན་པ་ཨེ་ཡིན་བསམ་རང་རང་གི་འཕོ་བ་སྤར་བས་བྱ་བྲལ་ཐམས་ཅད་ཤི་སོང་ངོ༌། །དེས་ན་ལག་གཡོག་མེད་པ་དང༌། ན་ཚ་དྲག་པོས་བཏབ་པ་དང༌། རྒས་འཁོགས་པས་རང་ལ་འཕོ་བ་སྤར་ན་འཕོ་བ་སྤར་བའི་དུས་ལ་མ་བབས་པས་རང་བསད་པའི་ལྟུང་བ་ཡོང་གསུངས་པ་ནི་ཞལ་གདམས་ཡིན། །འདི་ནི་འཕོ་བའི་ལོ་རྒྱུས་དང་བླ་མ་བརྒྱུད་པའི་རིམ་པ་ཡིན། གདམས་ངག་དངོས་ཀུན་ལ་བསྟན་པ་དང་བསྲེ་བསླད་བྱས་ན་མཁའ་འགྲོ་མ་བསད་པ་དང་འདྲ། མཁའ་འགྲོས་སྙིང་ཁྲག་འཐུང་ཞེས་གདམས་ངག་མྱུར་ལ་ཟབ་པའོ།། །།མངྒ་ལམ།། ༈ །འཕོ་བའི་ཞལ་ཤེས་བཀའ་རྒྱ་མ་ཤིན་ཏུ་གསང་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཝཱ་ར་ཧཱི། །གསེར་ཆོས་འཕོ་བ་འཇག་ཚུགས་མའི་གདམས་པ་ལ་གཉིས་ཏེ། ཡིད་ཆེས་བསྐྱེད་པའི་ཕྱིར་ལོ་རྒྱུས་དང༌། ལོ་རྒྱུས་དེ་ལྡན་གྱི་གདམས་པ་དངོས་སོ། །དང་པོ་ནི། གཞན་དུ་ཤེས། གཉིས་པ་ཡི་


LT26_Page_091A
[མ་དཔེ་གཟིགས་ན་འདིར་གནོན།]

གེ་མེད་པའི་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་གུད་དུ་སྦས་པ་ལ། སྦྱང་བ་དང༌། ལས་ལ་སྦྱར་བའོ། །དང་པོ་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། མདུན་གྱི་ནམ་མཁར་པདྨ་དང་ཉི་མ་རོའི་གདན་གྱི་སྟེང་དུ། ངོ་བོ་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ལ། གཡས་གྲི་གུག་ནམ་མཁར་འཕྱར་ཞིང་གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་འཛིན་པ། དབུ་སྐྲ་སིལ་བུར་གྲོལ་བ། སྤྱན་གསུམ་དང་ལྡན་པ། ཞལ་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ། གཡོན་འགྱིང་བའི་ཚུལ་གྱིས་བཞུགས་པ། དེ་ཉིད་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་ཀྱི་ངོ་བོར་ཡེ་གདོད་མ་ནས་གྲུབ་པར་བསམས་ལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས་ཤིག །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན༴ ལམ་མཆོག་འཕོ་བ་འབྱོངས་པར༴ འཆུགས་མེད་མཁའ་སྤྱོད་འགྲུབ་པར༴ ཞེས་ཇི་ཙམ་འོས་པ་སྐབས་དང་བསྟུན། །དེ་ནས་རང་དང་བླ་མའི་མདུན་དུ་ཐོད་པའི་སྒྱེད་པུ་གསུམ་བྱུང་བར་བསམ། བླ་མའི་ཐུགས་ཀ་ནས་རྣལ་འབྱོར་མ་གྲི་ཐོད་ཐོགས་པ་གཅིག་བྱུང་ནས། ཕཊ། ཅེས་བརྗོད་ཅིང་གཡས་པའི་གྲི་གུག་གིས་རང་གི་སྨིན་མཚམས་ནས་བཅད་དེ་སྒྱེད་པུའི་སྟེང་དུ་བཞག་པས། ཐོད་པ་ཕྱི་དཀར་ལ་ནང་དམར་བ་རྒྱ་ཁྱོན་ཤིན་ཏུ་ཆེ་བ་གཅིག་བྱུང་བར་བསམ། ཕཊ། ཅེས་བརྗོད་པས་རང་གི་རྐེད་པ་ཡན་ཆད་བཅད་དེ་ཐོད་པའི་ནང་དུ་བསྐྱུར། ཕཊ། ཅེས་བརྗོད་པས་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཡི་ངོ་བོར་གྱུར། །ཕཊ། ཅེས་བརྗོད་པས་ཐོད་ཕོར་གྱིས་བཅུས་ཏེ་བླ་མ་ལ་ཕུལ་བས་བཞེས་ཤིང་དགྱེས་པར་བསམ། ཕཊ།


LT26_Page_091B
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བརྗོད་པས་རྣལ་འབྱོར་མ་དེ་ཉིད་བླ་མའི་ཐུགས་ཀར་ཐིམ་པར་གྱུར། །མདུན་གྱི་བླ་མ་དེ་ཉིད་ཡེར་གྱིས་བྱོན་ནས། རང་གི་མཁལ་ཁུང་གཉིས་ལ་ཞབས་བཞག་སྟེ་བཞུགས་པར་བསམ། རང་ལུས་ཀྱི་ལྟེ་བའི་འོག་ཙམ་ནས་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། སྦོམ་ཕྲ་སྦ་ལྕག་ཙམ་པ། དེའི་ཡར་སྣ་བླ་མ་རྣལ་འབྱོར་མའི་བྷ་གའི་ནང་དུ་ཚུད་ནས་བླ་མའི་དབུ་མ་དང་ཟུང་དུ་འབྲེལ་བ། མར་སྣ་⁽1763⁾ཆོས་འབྱུང་སྔོན་པོའི་ནང་དུ་ཟུག་པར་བསྒོམས་ཀྱང་རུང་གསུངས།ཟླ་བའི་དཀྱིལ་འཁོར་གྱིས་བཀག་པའི་སྟེང་དུ་རང་གི་རྣམ་པར་ཤེས་པའི་ངོ་བོ། །ཨ་ཡིག་དཀར་པོ་⁽1763⁾ཐིག་ལེ་དཀར་པོ་བསྒོམས་ཀྱང་རུང་གསུངས་འཕར་ལ་ཁད་པ། འཕུར་ལ་ཁད་པར་བསམ། ངག་ཏུ་ཨཱིའམ་ཧི་ཀྲ་ཅེས་བརྗོད་པས། ཨ་ཡིག་དེ་ཧྲིལ་གྱིས་དབུ་མའི་ནང་ནས་ཡར་སོང་སྟེ། བླ་མའི་ཐུགས་ཀའི་ཧཱུྃ་ལ་ཁྲུག་གིས་འདྲེས་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་འདྲེས་པར་བསམ། ཀ་ཞེས་བརྗོད་པས་ཨ་ཡིག་དེ་མར་བྱོན་ཟླ་དཀྱིལ་གྱི་སྟེང་དུ་སྔགས་བཞིན་གནས་པར་བསམ། དེ་ལྟར་གང་མང་སྦྱང༌། ཐུན་འཇོག་ཁར། བླ་མ་འོད་དུ་མེར་གྱིས་ཞུ་ནས་རང་གི་དབུ་མའི་ནང་ནས་མར་བྱོན། རྣམ་ཤེས་ཀྱི་ངོ་བོ་ཨ་ཡིག་ལ་ཐིམ་པས། བླ་མའི་སྐུ་གསུང་ཐུགས་དང་རང་གི་རྣམ་པར་ཤེས་པ་དབྱེར་མེད་པ་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམ་ཞིང༌། རང་གི་ལུས་སྟོད་ཀྱང་སྔར་བཞིན་སོས་པར་བསམ་ལ་བསྔོ་སྨོན་ཤིས་བརྗོད་སོགས་བྱའོ། །གཉིས་པ་ལས་ལ་སྦྱར་བ་ལའང༌། རང་དོན་དང༌། གཞན་དོན་གཉིས་ལས། དང་པོ་ནི། དུས་ལ་ངེས་པར་བབས་པའི་ཚེ། དམིགས་པ་གཞན་འདྲ་བ་ལ། གསོལ་འདེབས་དུས། ལམ་མཆོག་འཕོ་བ་ཐེབ་པར་བྱིན་གྱིས་རློབས། ཅེས་དང༌། ཨ་ཡིག་འགྲོ་ལྡོག་ལན་གསུམ་ཙམ་ནས། བླ་མའི་ཐུགས་ཀའི་ཧཱུྃ་དང་དབྱེར་མེད་དུ་གྱུར་པར་བསམས་ལ། ཕཊཿ །ཅེས་བརྗོད་པས། བླ་མ་རྡོ་རྗེ་རྣལ་འབྱོར་མ་དེ་ཉིད་ཕུག་རོན་རྒྱ་མཐོང་ནས་འཕུར་བ་བཞིན་རྐྱང་གིས་ཐོན་ཏེ། བདེ་བ་ཅན་


LT26_Page_092A
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གང་འདོད་དུ་གཤེགས་པར་བསམས་ལ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག་གོ །གཉིས་པ་ནི། སྐྱབས་སེམས་ནས་གསོལ་འདེབས་ཡན་སྔར་ལྟར་ལ། །གསོལ་འདེབས་རྫོགས་འཕྲལ་བླ་མ་རྡོ་རྗེ་རྣལ་འབྱོར་མའི་ཞབས་གཉིས་ཕྲག་པ་གཡས་གཡོན་དུ་བཞག་ཅིང༌། སྤྱི་བོ་ཚངས་པའི་བུ་ག་ནས་གསང་གནས་ཁ་སྦྱར་གྱི་ཚུལ་དུ་བཞུགས་པ་དང༌། དབུ་མ་རྒྱུད་འབྲེལ་སོགས་སྔར་བཞིན་བསྒོམས་ལ། གཞན་པ་རང་དོན་གྱི་སྐབས་ལྟར་བྱ་བའམ་ཡང་ན་དཀྱུས་ལྟར་བྱས་ཀྱང་རུང་ཞིང༌། གཞན་ཡང་ཐོག་མར་ངོ་སྤྲོད་དང་སངས་རྒྱས་ཀྱི་མཚན་བསྒྲགས་པ། གཟུངས་སྔགས་བྱིན་རླབས་ཅན་བཟླ་བ་སོགས་སྤྱི་ལྟར་བྱའོ་གསུངས། །ས་མ་ཡ་གུ་ཧྱ། །འདི་ཉིད་ཁྲིད་མ་ཐོབ་པ་རྣམས་ལ་དཔེ་ཙམ་ཡང་མི་སྟོན་པའི་བཀའ་རྒྱ་ཤིན་ཏུ་དམ་པ་མཛད་དོ། །འཕོ་བའི་ཡིག་ཆ་འདི་སྔོན་ཆད་ཞལ་ཤེས་ཁོ་ནར་གནས་པས་ཕྱིས་སུ་གསུང་སྒྲོས་ཡི་གེར་བཀོད་པ་ཅུང་འདྲ་མིན་འགའ་རེ་སྣང་ནའང༌། དེང་སོང་ལུང་རྒྱུན་དང་དམིགས་ཁྲིད་ཡོད་པ་ནི་འདི་ཉིད་དུ་ངེས་སོ། །འདི་སྟོན་པའི་དུས་ཕག་མོའི་ཚོགས་འཁོར་དང་བཅས་པ་བཀའ་རྒྱ་དམ་པར་མཛད་ནས་གནང་བ་ཕྱག་ལེན་ནོ། །

གདམས་ངག་མཛོད་པོད་བཅུ་བདུན་པ།
ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོས་ཡུམ་ལ་གནང་བའི་ཟབ་ལམ་འཕོ་བའི་གདམས་སྐོར།


LT26_Page_093A
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོས་ཡུམ་ལ་གནང་བའི་ཟབ་ལམ་འཕོ་བའི་གདམས་སྐོར་བཞུགས་སོ།། །།


LT26_Page_093B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཤཱཀྱ་རྒྱལ་མཚན་པའི་དྲུང་དུ། ཞུ་བ། ཁྱེད་དབུས་གཙང་དག་པའི་ཞིང་ཁམས་ནས། སྐུ་ཁམས་བཟང་ཞིང་འགྲོ་དོན་རྒྱ་ཆེ། གདུལ་བྱ་ལོངས་སྤྱོད་ནམ་མཁའ་དང་མཉམ་པར་བཞུགས་ནས་ཡོད་ཅིང་ཐོས་པས་སེམས་ཤིན་ཏུ་དགའ། ང་རྒན་མ་ད་ལྟ་འཚམས་པོ་ཡོད་སྐབས་ཞུ། ཁྱེད་དབུས་གཙང་ན་འགྲོ་དོན་ཆེ་ཡང་ང་ལ་མ་ཕན། མ་བུ་འབྲེལ་པ་རྨི་ལམ་ཙམ་དུ་འདུག་གོ །ང་ནི་རྒས་མི་ཚེ་སྟོང་སར་ཟད། འཆི་བ་མ་དྲན་འཆི་ཁར་ཆོས་མེད་པ་ཁྱེད་མདོ་རྒྱུད་ཡོན་ཏན་ཐམས་ཅད་ལ་མཁས་ཀྱང༌། ང་ལ་ལམ་སྟོན་མི་མེད། །ང་རྒན་མོ་ནམ་འཆི་དུས་ཕན་ངེས་ཤེས་པའི་གདམས་པ་ཟབ་མོ་གཅིག་ཞུ་མདོ་ཕྱོགས་ཀྱི་རྒྱུ་མཚན་དགེ་བཤེས་ཡོན་ཏན་རིན་ཆེན་ལ་གསལ། ཞུ་ཡིག་མི་འཁྱལ་བའི་རྟེན་དུ་དངུལ་སྤོ་ཏི་གསུམ་བསྐུར་ཡོད། ཡོས་ལོ་ཟླ་བ་གསུམ་པའི་ཉེར་ལྔ་ལ་ཕུལ།། ༈ །ཨ་མ་བྱང་ཆུབ་འབུམ་གྱི་ཡི་གེ་རྟེན་དང་བཅས་པ་འཕྲོད། ཁྱེད་སྐུ་ཁམས་བཟང་པོ་ཡོད་འདུག་པ་ལེགས། ངེད་ཀྱང་དགེ་


LT26_Page_094A
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ལ་བརྩོན་པར་ཡོད། ན་ནིང་དགེ་བཤེས་གྲགས་པ་བཟང་པོ་གསུམ་ལ་ཡིག་རྟེན་དང་བཅས་པ་བསྐུར་བ་བྱུང་ཡོད་ལས་ཆེ། ཨ་མ་ཁམས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན། དེ་ལས་ཐར་བར་འདོད་ན། རང་དབང་གང་ཡོད་ཀྱི་རྒྱུ་རྣམས་དགེ་ཕྱོགས་སུ་གཏོང་ཞིང་ཆོས་ཟབ་མོ་སྟོན་པའི་བླ་མ་ལ་སྒོམ་ཁྲིད་ཞུས། ཨ་མ་ངེད་ཀྱིས་གསུངས་པའི་ཆོས་ཉམས་སུ་ལེན་པ་དཀའ། ལས་རྒྱུ་འབྲས་འདི་བདེན་པར་གོ་ཞིང་མིག་ཅན་གཡང་ས་ལ་མཆོངས་པ་རྣམས་རང་གི་རང་སླུ་བ་ཡིན་ཏེ། དེ་ལ་སྐྱོན་ཆེན་པོར་ཡོད་པ་ཐེ་ཚོམ་མེད། སྐྱེས་ནས་འཆི་བར་ཐག་ཆོད་པ་ཤེས་བཞིན་དུ་རྣམ་སྨིན་གྱི་དལ་འབྱོར་མི་ལུས་སྟོང་ལོག་བྱས་ནས་འཆི་ཆོས་མི་དྲན་པ་རྣམས་འོ་རེ་བརྒྱལ་འགྱོད་དེ་འཆི། །ཚེ་འདིའི་སྒྲིབ་ཤས་ཆུང་ཞིང༌། ཚེ་སྔ་མའི་རྣམ་སྨིན་གྱིས་མ་སྒྲིབས་ན། ངེད་རང་མ་བུ་གཉིས་བདེ་འགྲོ་ཐོབ་ངེས་པའི་ལམ་གཅིག་འཚོལ་ཐབས་ཡོད་པས། འདི་བཞིན་ཐུགས་ལ་བཞག་འཚལ། རྗེ་སངས་རྒྱས་ཀུན་གྱི་ངོ་


LT26_Page_094B
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཉིད། ཐུགས་མཁྱེན་བརྩེའི་ཡོན་ཏན་ལྷུན་གྱིས་འགྲུབ། ཁྱེད་ཅི་མཛད་དཔག་མེད་འགྲོ་བའི་མགོན། །སྤྲང་བདག་ལ་ཐུགས་རྗེས་གཟིགས་སུ་གསོལ། །རང་མོས་པའི་བླ་མ་རིན་པོ་ཆེ། དེ་མདུན་གྱི་ནམ་མཁར་ཡང་ཡང་བསྒོམ། །ཡིད་རྩེ་གཅིག་འདུན་པས་གསོལ་བ་ཐོབ། ལུས་ཙོག་པུ་སྐྱིལ་ཀྲུང་གང་བདེ་འམ། དེ་མ་གྲུབ་གཞོག་གཡས་འོག་ཏུ་ཆུབ། གནས་ལྟེ་བ་ནས་བཟུང་སྤྱི་གཙུག་བར། རྩ་དབུ་མ་ཁོང་སྟོང་སྦ་སྨྱུག་ཙམ། །སྟེང་སྤྱི་གཙུག་སྐར་ཁུང་ཐལ་ལེ་བ། །སྒ་ོམ་འགགས་ཐལ་ལེ་ཡོད་པ་ལ། །སེམས་འོད་ཀྱི་གོང་བུ་དཀར་ལ་འགྲིལ། །ཚད་སྲན་རྡོག་ཙམ་ཞིག་སྙིང་གར་བསྒོམ། །དེ་སོག་སྤུགས་ཡུངས་ཀར་ཕུ་བཏབ་བཞིན། དེ་ཐེ་ཚོམ་མེད་པར་རྒྱངས་ཏེ་ཐོན། །དེ་བླ་མའི་ཐུགས་ཀར་ཐིམ་དུ་ཆུག །དུས་ད་ནས་བྱང་ཆུབ་མ་ཐོབ་པར། །མ་དྲིན་ཅན་བདེ་བའི་སྨོན་ལམ་འདེབས། ཕཊ། ༈ །ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོས་ཡུམ་ལ་གནང་བའི་འཕོ་ཆོས་འཚམས་སྦྱོར་དང་བཅས་པ་བཞུགས་སོ། །ན་མོ་གུ་རུ། །གཤིན་པོའི་དོན་དུ་འཕོ་བའི་མན་ངག་བསྟན་པ་ནི། །འོ་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་ཚེ་ལས་འདས་པ་ཁྱོད་ཉོན་ཅིག །སེམས་ཅན་ཐམས་ཅད་ལ་སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞི་ཡོད་པ་ལས། ད་ལན་ཁྱོད་འཆི་བའི་དུས་ལ་བབས་པ་ཡིན། དེ་ལ་སྡིག་པོ་ཆེ་བཙན་ཐབས་སུ་སངས་རྒྱས་པར་བྱེད་པའི་ཐབས་འཕོ་བའི་གདམས་པ་ཉམས་སུ་ལེན་པ་ལ། །སྔོན་འགྲོ་ཤེས་རྒྱུད་ཀྱི་སྡིག་སྒྲིབ་རྣམས་བཤགས་པའི་ཕྱིར་དམིགས་པ་འདི་བཞིན་དུ་གྱིས། མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་སྐུ་མདོག་


LT26_Page_095A
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་བཙོ་མ་ལྟ་བུ་གཡས་ས་གནོན་དང༌། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན་ལ་སངས་རྒྱས་དཀར་པོ་བདུན་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་གྱིས་བསྐོར་བ། ཤར་དུ་སྔོན་པོ་བདུན་གཡས་ས་གནོན་དང༌། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ལྷོར་སེར་པོ་བདུན་གཡས་མཆོད་སྦྱིན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ནུབ་ཏུ་དམར་པོ་བདུན་མཉམ་བཞག་གི་ཕྱག་རྒྱ་ཅན། བྱང་དུ་ལྗང་གུ་བདུན་གཡས་སྐྱབས་སྦྱིན་དང༌། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་མཚན་དཔེས་སྤྲས་པ། ན་བཟའ་ཆོས་གོས་རྣམ་པ་གསུམ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་མཐའ་བསྐོར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་གྱི་ཕུང་པོ་ཆེན་པོ་གཏིབས་པ་ལྟར་བཞུགས་པ་ནི་རྟེན་གྱི་སྟོབས། དེ་དག་གི་སྤྱན་སྔར་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོད་ནས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སེམས་དྲག་པོ་བྱེད་པ་ནི་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། དེ་ལྟར་བགྱིས་པས་འདགས་ངེས་སྙམ་པ་ནི་ཉམས་པར་སོར་ཆུད་པའི་སྟོབས་ཏེ། སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པར་བགྱིའོ་སྙམ་པའི་ལུས་གངྒཱའི་ཀླུང་གི་བྱེ་མ་ཙམ་དུ་སྤྲུལ་ནས་ཕྱག་འཚལ་བར་མོས་པའི་སྒོ་ནས་ལྟུང་བ་བཤགས་པ་འདིའི་རྗེས་ཟློས་མཛོད། དེ་ནས་ལྟུང་བཤགས་གསུངས། ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་འཕོ་བའི་དངོས་གཞི་ཉམས་སུ་ལེན་པ་ནི། ས་ཆུ་ལ་ཐིམ་པས་ལུས་ཀྱི་ཡན་ལག་རྣམས་ལྕི། ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམས། མེ་རླུང་ལ་ཐིམ་པས་མིག་གྱེན་ལ་བཟློག །རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་


LT26_Page_095B
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་ཆད། རྣམ་པར་ཤེས་པ་འོད་གསལ་ཐིམ་པའི་དུས་སུ་དངོས་གྲུབ་ལེན་པའི་དུས་ཡིན་པས་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་ངོ་བོ་ཁྱེད་རང་གང་མོས་ཀྱི་བླ་མ་རྣམས་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ་རྣམ་པ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་ཨིནྡྲ་ནི་ལའི་མདོག་ལྟར་སྔོ་བ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་ཤིང་ལྷག་མ་ཅུང་ཟད་ལྕང་ལོའི་ཚུལ་དུ་འཕྱང་བ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་མཚན་དཔེས་སྤྲས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་དེའི་ཐུགས་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན། ཡོན་ཏན་ནོར་ལྷ། ཕྲིན་ལས་ཆོས་སྐྱོང་སྟེ་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་མོས་ནས་གུས་འདུད་རྩེ་གཅིག་ཏུ་མཛོད། ཁྱེད་རང་གི་ལྟེ་བ་ནས་སྤྱི་གཙུག་གི་བར་དུ་རྩ་དབུ་མ་ཁོང་སྟོང་སྦ་ལྕག་འབྲིང་པོ་ཙམ་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། ཏིལ་མར་གྱི་མར་མེ་ལྟར་གསལ་བ། པདྨའི་སྣལ་མ་བཞིན་དུ་སྲབ་བ། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ་སྟེ་ཆོས་བཞི་ལྡན་གྱི་སྤྱི་གཙུག་མཐོང་བུག་ཁ་ཡེད་དུ་ཡོད་པར་མོས། དེའི་ནང་དུ་ཕ་ལས་ཐོབ་པའི་དཀར་ཆ་ཟླ་བའི་དཀྱིལ་འཁོར་དང༌། མ་ལས་ཐོབ་པའི་དམར་ཆ་ཉི་མའི་དཀྱིལ་འཁོར་སྲན་མ་ཁ་བཤགས་པ་ཙམ་གྱི་སྟེང་ན། ཁྱེད་རང་གི་རྣམ་པར་ཤེས་པའི་ངོ་བོ་འོད་ཀྱི་གོང་བུ་སྲན་རྡོག་འབྲིང་པོ་ཙམ་དཀར་ལ་འཚེར་བ་ཞིག་རླུང་གིས་སྤར་སྤར་ཡོད་པའི་མོས་པ་མཛོད། ངག་གིས་ཕཊ་བརྗོད་པའི་ཚེ་ཁྱོད་རང་གི་སེམས་ཀྱི་ངོ་བོ་འོད་ཀྱི་གོང་བུ་དེ་དབུ་མའི་ནང་ནས་གྱེན་དུ་མདའ་འཕངས་བ་བཞིན་དུ་སོང༌། བླ་མའི་ཐུགས་ཀར་ཐིམ་པས་བླ་མ་དང་རང་སེམས་དབྱེར་མེད་དུ་གྱུར་ནས་བདེ་བ་ཅན་


LT26_Page_096A
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱོན་པའི་མོས་པ་མཛོད། རྗེ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། ཐུགས་མཁྱེན་བརྩེའི་ཡོན་ཏན་ལྷུན་གྱིས་གྲུབ། ཁྱེད་ཅི་མཛད་དཔག་མེད་འགྲོ་བའི་མགོན། །སྤྲང་བདག་ལ་ཐུགས་རྗེས་གཟིགས་སུ་གསོལ། །རང་མོས་པའི་བླ་མ་རིན་པོ་ཆེ། །དེ་མདུན་གྱི་ནམ་མཁར་ཡང་ཡང་བསྒོམ། ཡིད་རྩེ་གཅིག་འདུན་བས་གསོལ་བ་ཐོབ། ལུས་ཙོག་པུ་སྐྱིལ་ཀྲུང་གང་བདེ་འམ། དེ་མ་གྲུབ་གཞོག་གཡས་འོག་ཏུ་ཆུག །གནས་ལྟེ་བ་ནས་བཟུང་སྤྱི་གཙུག་བར། །རྩ་དབུ་མ་ཁོང་སྟོང་སྦ་སྨྱུག་ཙམ། །སྟེང་སྤྱི་གཙུག་དཀར་ཁུང་ཐལ་ལེ་བ། སྒོ་མ་འགགས་ཐལ་ལེ་ཡོད་པ་ལ། སེམས་འོད་ཀྱི་གོང་བུ་དཀར་ལ་འགྲིལ། ཚད་སྲན་རྡོག་ཙམ་ཞིག་སྙིང་གར་བསྒོམ། །དེ་སོག་སྦུབས་ཡུངས་ཀར་ཕུ་བཏབ་བཞིན། །དེ་ཐེ་ཚོམ་མེད་པར་རྒྱངས་ཏེ་ཐོན། །དེ་བླ་མའི་ཐུགས་ཀར་ཐིམ་དུ་ཆུག །དུས་ད་ནས་བྱང་ཆུབ་མ་ཐོབ་བར། །མ་དྲིན་ཅན་བདེ་བའི་སྨོན་ལམ་འདེབས། ཕཊཿ །བརྗོད་དམིགས་མེད་དུ་མཉམ་པར་བཞག །ལན་གསུམ་སོགས་མ་ཐེབས་བར་དུ་བསྐྱར། །བསྔོ་བ་སྨོན་ལམ་གྱིས་རྒྱས་འདེབས། །ཡང་རང་ཉིད་སྦྱང་པའི་ཚེ་དམིགས་པ་ཤིན་ཏུ་གསལ་བར་བསྒོམ། གསོལ་འདེབས་ཀྱི་འཇུག་ཏུ་ཕཊཿབདུན་དང་ཉི་ཤུ་རྩ་གཅིག་ལ་སོགས་བརྗོད། །ཐུན་རེ་ལ་ཉི་ཤུ་རྩ་གཅིག་རེ་ཙམ་བསྐྱར། ཐུན་བསྡུ་བའི་ཚེ་བླ་མ་རང་གི་སྤྱི་གཙུག་ནས་བྱོན། །སྙིང་གར་བཞུགས་རང་གི་སྤྱི་བོར་སྣ་ཚོགས་རྡོ་རྗེར་བསམ། །དགེ་བ་འདི་ཡིས་སྐྱེ་བོ་ཀུན་སོགས་དགེ་རྩ་བསྔོས་ཏེ། །དེ་ལྟར་ཐུན་བཞི་སོགས་ཞག་གསུམ་མམ། བདུན་གྱི་བར་དུ་བསྒོམ་ལ། འབྱོངས་པའི་རྟགས་མགོ་ཟ་ཞིང་ན་བ། སྤྱི་བོ་ཚ་བ་དང་སྐྲངས་པ་དང༌། ཆུ་སེར་འབབ་པ་སོགས་རྟགས་མ་ཐོན་གྱི་བར་དུ་ཉམས་སུ་ལེན།


LT26_Page_096B
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཐོན་ནས་ཚེ་སྒྲུབ་བམ་མ་ནུས་ན་ཚེ་གཟུངས་བཟླ་གསུངས། ཞེས་པ་འདི་ནི་ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོས་ཡུམ་ལ་གནང་བ་བརྩེ་བའི་སྒོ་ནས་གདམས་ཤིང༌། དམིགས་པའི་མཚམས་སྦྱོར་ཁྱེར་བདེ་བའི་ཕྱིར་ཚིག་ལྷུག་འདི་རྣམས། །མཁྱེན་རབ་བསྟན་འཛིན་བཟང་པོའི་གསུང་རྒྱུན་བཞིན། གཞན་ཕན་མཛད་པ་འགའ་ཞིག་གི་དོན་དུ་ཤཱཀྱའི་བཙུན་པ་མཁྱེན་རབ་བྱམས་པས་ཤྲཱི་ན་ལེནྟྲ་རྣམ་པར་རྒྱལ་བའི་ཆོས་གྲྭར་སྦྱར་བའོ། །སརྦ་དཱ་མངྒ་ལམ། །འཕོ་ཁྲིད་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །བྱམས་མགོན་གཉིས་པ་རོང་སྟོན་ཆོས་ཀྱི་རྗེ། །ཐུགས་ཀྱི་སྲས་པོ་ནམ་མཁའ་དཔལ་བཟང་པོ། །སྨྲ་བའི་དབང་ཕྱུག་ཀུན་མཁྱེན་བཟོད་ཆེན་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐམས་ཅད་མཁྱེན་པ་ཀུན་དགའ་ལེགས་གྲུབ་ཞབས། །སྐད་གཉིས་སྨྲ་བ་ཤིའུ་ལོ་ཙཱ་བ། །རྣལ་འབྱོར་དབང་ཕྱུག་མཆོག་ལེགས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག༴ སེམས་དཔའ་ཆེན་པོ་མཁྱེན་རབ་བསྟན་འཛིན་བཟང༌། །མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཞབས། །དམ་པའི་ཐུགས་སྲས་རྩ་བའི་བླ་མ་ལ། །གསོལ་བ༴ སྔོན་འགྲོ་མི་རྟག་དྲན་པས་རྒྱུད་སྦྱངས་ཏེ། །རང་སེམས་འོད་ཀྱི་གོང་བུ་དཀར་ལ་འཚེར། །དྲིན་ཅན་བླ་མའི་ཐུགས་ཀར་རྒྱངས་ཀྱིས་འཕོས། །ཐོགས་མེད་མཁའ་སྤྱོད་བསྒྲོད་པར་བྱིན་གྱིས་རློབས། །ཅེས་རོང་སྟོན་ཆེན་པོས་ཡུམ་ལ་གནང་བའི་འཕོ་བའི་བརྒྱུད་པ་ལ་གསོལ་བ་འདེབས་པ་འདི་ཡང་བསམ་ཡས་རབ་བྱུང་བ་མཐུ་སྟོབས་རྒྱ་མཚོ་ལགས་ཀྱིས་བསྐུར་ངོར་བྱ་བྲལ་ལྷུན་གྲུབ་ཀྱིས་དབེན་གནས་རྨོར་དགོན་པར་བྲིས་པའོ།། ༈ །དམ་པའི་ཐུགས་སྲས་ཀུན་དགའ་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ། །ཞེས་པའི་རྗེས་སུ། །སྐྱབས་གནས་ཀུན་འདུས་རིགས་བརྒྱའི་ཁྱབ་


LT26_Page_097A
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཆེ། །ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཞབས། །གང་དེས་རྗེས་བཟུང་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ༴ སྔོན་འགྲོ་སོགས། སྐྱབས་གནས་ཀུན་འདུས་སོགས་ཤོ་ལོ་ཀ་འདི་ངེས་གསང་འཕེལ་རྒྱས་གླིང་པའི་ཁྲོད་བློ་བཟང་སྨོན་ལམ་སོགས་འགའ་ཞིག་ནས་ལྷ་རྫས་ཀྱི་སྐྱེས་བཅས་བསྐུལ་བ་ལྟར་གྲུབ་པ་ཤིང་རྟ་ལོར་བྲིས་པའོ། །སེམས་དཔའ་ཆེན་པོ་མཁྱེན་རབ་བསྟན་འཛིན་བཟང༌། །རིགས་ཀུན་བདག་པོ་མཁྱེན་རབ་བྱམས་པའི་དཔལ། །མགོན་དེས་རྗེས་བཟུང་རྨོར་ཆེན་རྡོ་རྗེ་འཆང༌། །གསོལ་བ༴ སྐྱབས་གནས་ཀུན་འདུས་རིགས་བརྒྱའི་ཁྱབ་བདག་ཆེ། །ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཞབས། །གང་དེས་རྗེས་བཟུང་བློ་གསལ་ཕུན་ཚོགས་ལ། །གསོལ་བ༴ རྒྱལ་ཀུན་འདུས་ཞལ་གསང་ཆེན་གདམས་པའི་མཛོད། །རྡོ་རྗེ་འཆང་དངོས་ངག་དབང་ཀུན་མཁྱེན་ཞབས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་ལྕེ་རོས་སུ་སྐྱེས་པ་འགྱུར་མེད་མཆོག་གྲུབ་ཀྱིས་བྲིས་པའོ།། ༈ །རོང་སྟོན་འཕོ་བ་སྦྱང་བའི་ཚེ་ངག་འདོན་བྱ་ཚུལ་ཟུར་བཀོལ་མཆོག་གི་ལམ་ཆེན་ཞེས་བྱ་བ་བཞུགས་སོ།། །བྱམས་མགོན་གཉིས་པ་རོང་སྟོན་ཆོས་ཀྱི་རྗེ། །ཐུགས་ཀྱི་སྲས་པོ་ནམ་མཁའ་དཔལ་བཟང་པོ། །སྨྲ་བའི་དབང་ཕྱུག་ཀུན་མཁྱེན་བཟོད་ཆེན་པ། །གསོལ་བ་འདེབས་སོ༴ ཐམས་ཅད་མཁྱེན་པ་ཀུན་དགའ་ལེགས་གྲུབ་ཞབས། །སྐད་གཉིས་སྨྲ་བ་ཤེའུ་ལོ་ཙཱ་བ། །རྣལ་འབྱོར་དབང་ཕྱུག་མཆོག་ལེགས་རྡོ་རྗེ་ལ། །གསོལ་བ༴ སེམས་དཔའ་ཆེན་པོ་མཁྱེན་རབ་བསྟན་འཛིན་བཟང༌། །རིགས་ཀུན་བདག་པོ་མཁྱེན་རབ་བྱམས་པའི་དཔལ། །མགོན་དེས་རྗེས་བཟུང་རྨོར་ཆེན་


LT26_Page_097B
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང༌། །གསོལ་བ༴ སྐྱབས་གནས་ཀུན་འདུས་རིགས་བརྒྱའི་ཁྱབ་བདག་ཆེ། །ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཞབས། །གང་དེས་རྗེས་བཟུང་བློ་གསལ་ཕུན་ཚོགས་ལ། །གསོལ་བ་འདེབས་སོ༴ སྐྱབས་གནས་ཀུན་འདུས་ངག་དབང་ཀུན་མཁྱེན་ཞབས། །རྒྱལ་བ་གཉིས་པ་གཟིམས་འོག་རྡོ་རྗེ་འཆང༌། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ༴ སྔོན་འགྲོ་མི་རྟག་དྲན་པས་རྒྱུད་སྦྱངས་ཏེ། །རང་སེམས་འོད་ཀྱི་གོང་བུ་དཀར་ལ་འཚེར། །དྲིན་ཅན་བླ་མའི་ཐུགས་ཀར་རྒྱངས་ཀྱིས་འཕོས། །ཐོགས་མེད་མཁའ་སྤྱོད་བསྒྲོད་པར་བྱིན་གྱིས་རློབས། །བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ བརྒྱ་འམ་ཉེར་གཅིག་སོགས་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཟབ་ལམ་འཕོ་བའི་གདམས་པ་ཉམས་སུ་བླངས་པར་བགྱིའོ། །ལན་གསུམ། སྤྲོ་ན་སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ་ཞིང༌། །ཚིག་ལན་ཅིག་བརྗོད། སྔོན་འགྲོ་སྡིག་པ་བཤགས་པ་ནི། རང་གི་མདུན་གྱི་ནམ་མཁའ་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་གཡས་ས་གནོན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན་ལ་སངས་རྒྱས་དཀར་པོ་བདུན་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་གྱིས་བསྐོར་བ། །ཤར་དུ་སྔོན་པོ་བདུན་


LT26_Page_098A
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ས་གནོན་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ལྷོར་སེར་པོ་བདུན་གཡས་མཆོད་སྦྱིན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ནུབ་ཏུ་དམར་པོ་བདུན་མཉམ་བཞག་གི་ཕྱག་རྒྱ་ཅན། བྱང་དུ་ལྗང་གུ་བདུན་གཡས་སྐྱབས་སྦྱིན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། ཐམས་ཅད་ཀྱང་མཚན་དཔེས་སྤྲས་པ་ན་བཟའ་ཆོས་གོས་རྣམ་པ་གསུམ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་མཐའ་སྐོར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་བཞུགས་པ་ནི་རྟེན་གྱི་སྟོབས། དེ་དག་གི་སྤྱན་སྔར་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོད་ནས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སེམས་དྲག་པོ་བྱེད་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པའི་ལས་ནམ་ཡང་མི་བགྱིད་སྙམ་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། དེ་ལྟར་བགྱིས་པས་འདགས་ངེས་སྙམ་པ་ནི་ཉམས་པ་སོར་ཆུད་པའི་སྟོབས་ཏེ་སྟོབས་བཞི་ཚང་པའི་སྒོ་ནས་བཤགས་པ་བགྱིའོ། །སེམས་ཅན་ཐམས་ཅད་དུས་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་སོགས་ལྟུང་བཤགས་ཉིན་རེ་བཞིན་ཐུན་དང་པོ་ལ་ལན་གསུམ་རེ་དང༌། ཕྱི་མ་རྣམས་ལ་ལན་གསུམ་རེ། མ་ལྕོགས་ན་ཚར་རེ་གསུངས། དེ་ནས་ལུས་ཀྱི་ལས་ནི་སོགས། ཐོག་མ་མེད་ནས་སོགས། སྡོམ་པ་གསུམ་དང་སོགས། མཚམས་མེད་ལྔ་པོ་སོགས། ཕྱག་འཚལ་བ་དང་སོགས་རྒྱུན་བཞིན་གསུང༌། དངོས་གཞི་ལ། རང་གི་མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ་དྲིན་ཆེན་རྩ་བའི་བླ་མ་དམ་པ་དེ་ཉིད་རྣམ་པ་རྒྱལ་བ་


LT26_Page_098B
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་ཨིནྡྲ་ནཱི་ལིའི་མདོག་ལྟར་སྔོ་བ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་ཤིང་ལྷག་མ་ཅུང་ཟད་ལྕང་ལོའི་ཚུལ་དུ་འཕྱང་བ། དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་མཚན་དཔེས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དེའི་ཐུགས་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན། ཡོན་ཏན་ནོར་ལྷ། ཕྲིན་ལས་ཆོས་སྐྱོང་སྟེ་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། རང་གི་ལྟེ་བ་ནས་སྤྱི་གཙུག་གི་བར་དུ་རྩ་དབུ་མ་ཁོང་སྟོང་སྦ་ལྕག་འབྲིང་པོ་ཙམ་ཆུ་ཤིང་སྡོང་པོ་ལྟར་དྲང་བ། ཏིལ་མར་གྱི་མར་མེ་ལྟར་གསལ་བ། པདྨའི་སྣལ་མ་བཞིན་དུ་སྲབ་པ། །རྒྱ་སྐྱེགས་གི་ཁུ་བ་ལྟར་དམར་བ་སྟེ་ཆོས་བཞི་ལྡན་གྱི་སྤྱི་གཙུག་མཐོང་བུག་ཁ་ཡེང་དུ་ཡོད་པ། དེའི་ནང་དུ་ཕ་ལས་ཐོབ་པའི་དཀར་ཆ་ཟླ་བའི་དཀྱིལ་འཁོར་དང༌། མ་ལས་ཐོབ་པའི་དམར་ཆ་ཉི་མའི་དཀྱིལ་འཁོར་སྲན་མ་ཁ་བཤགས་ཙམ་གྱི་སྟེང་དུ། རང་གི་རྣམ་པར་ཤེས་པའི་ངོ་བོ་འོད་ཀྱི་གོང་བུ་སྲན་རྡོག་འབྲིང་པོ་ཙམ་དཀར་ལ་འཚེར་བ་ཞིག་རླུང་གིས་སྤར་སྤར་ཡོད་པར་གྱུར། རྗེ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཐུགས་མཁྱེན་བརྩེའི་ཡོན་ཏན་ལྷུན་འགྲུབ་ཀྱི། །ཁྱེད་ཅི་མཛད་དཔག་མེད་འགྲོ་བའི་མགོན། །སྤྲང་བདག་ལ་ཐུག་རྗེས་གཟིགས་སུ་གསོལ། །རང་མོས་པའི་བླ་མ་རིན་པོ་ཆེ། །དེ་མདུན་གྱི་ནམ་མཁར་ཡང་ཡང་བསྒོམ། །ཡིད་རྩེ་གཅིག་འདུན་པས་གསོལ་བ་ཐོབ། །ལུས་ཙོག་པུ་སྐྱིལ་ཀྲུང་གང་བདེ་འམ། །དེ་མ་གྲུབ་གཞོག་གཡས་འོག་ཏུ་ཆུག །གནས་ལྟེ་བ་ནས་བཟུང་སྤྱི་གཙུག་བར། །རྩ་དབུ་མ་ཁོང་སྟོང་སྦ་སྨྱུག་ཙམ། །སྟེང་སྤྱི་གཙུག་དཀར་ཁུང་ཐལ་ལེ་བ། །སྒོ་མ་འགགས་ཐལ་ལེ་ཡོད་པ་ལ། །


LT26_Page_099A
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འོད་ཀྱི་གོང་བུ་དཀར་ལ་འགྲིལ། །ཚད་སྲན་རྡོག་ཙམ་ཞིག་སྙིང་གར་བསྒོམ། །དེ་སོག་སྤུགས་ཡུངས་ཀར་ཕུ་བཏབ་བཞིན། །དེ་ཐེ་ཚོམ་མེད་པར་རྒྱངས་ཏེ་ཐོན། །དེ་བླ་མའི་ཐུགས་ཀར་ཐིམ་དུ་ཆུག །དུས་ད་ནས་བྱང་ཆུབ་མ་ཐོབ་བར། །མ་དྲིན་ཅན་བདེ་བའི་སྨོན་ལམ་འདེབས། །དེ་ནས་དམིགས་པ་དང་བཅས། ཕཊ། བརྗོད་པ་སོགས་ཁྲིད་ཡིག་ལྟར་རོ། །ཐུན་འཇོག་པ་ན། བླ་མ་རང་གི་སྤྱི་གཙུག་ནས་བྱོན་སྙིང་གར་ཞུགས། ཚངས་བུག་སྣ་ཚོགས་རྡོ་རྗེའི་ལྟེ་བས་བཀག་པར་གྱུར། ཅེས་བརྗོད་ཅིང་བསམ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །ཅེས་པའང་སྟབས་བདེ་ཁྱོད་ཀྱིས་རྡོ་རྗེ་འཆང་མཁྱེན་རབ་བྱམས་པའི་གསུང་རབ་ལས་ཐུར་དུ་བསྒོལ་བ་པོ་ནི་མེ་ཏྲི་ཀརྨ་གུ་ཎའོ། །སརྦ་དཱ་མངྒ་ལཾ། འདིའི་ཁྲིད་ལུང་གི་བརྒྱུད་པ་ནི། གཟིམས་འོག་རྡོ་རྗེ་འཆང་བྱམས་པ་བསྟན་འཛིན་ཕྲིན་ལས་ཡན་ངག་འདོན་གྱི་བརྒྱུད་འདེབས་ལྟར་ལ། དེ་ནས་ཡོངས་འཛིན་བླ་མ་བྱམས་པ་ཕྲིན་ལས་ཡོན་ཏན། གཟིམས་འོག་མཆོག་སྤྲུལ་རིན་པོ་ཆེ་བྱམས་པ་བསྟན་འཛིན་སྙན་གྲགས། དེས་བདག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལའོ།། ༈ །རོང་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་འཕོ་བའི་དམིགས་ཁྲིད་སྐུལ་བཟང་ཐར་ཕར་འདྲེན་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། །བྱམ༷ས་མགོན་གསང་གསུམ་རོལ་པ༷་ལས་འཁྲུངས་ཤིང༌། །ང༷ག་གི་དབ༷ང་ཕྱུག་རྗེ་བཙུན་ས་སྐྱ་པའི། །ལྟ་གྲུབ་འཁྲུལ་པ་མེད་པའི་བསྟན༷་འཛིན༷་མཆོག །རོང་སྟོན་རྣམ་འཕྲུལ་ཕྲིན་ལས་མཚན་ཅན་རྒྱལ། །གང་གི་ཞལ་ལུང་བདུད་རྩིའི་བཅུད། །ངོམ་པར་ཐུང་


LT26_Page_099B
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལེགས་བྱས་ཀྱི། །སྨྲ་བའི་མགྲིན་པ་འདོགས་པ་ལ། །དབང་ཕྱིར་ལེགས་པར་བཤད་འདི་བྱས། །ཅེས་མཆོད་པར་བརྗོད་ནས། འདིར་ཐམས་ཅད་མཁྱེན་པ་རོང་སྟོན་ཆེན་པོས་ཡུམ་ལ་གནང་བའི་འཕོ་བའི་གདམས་པ་ཁྱད་པར་ཅན་དེ་ཉིད་ཀྱིས་དམིགས་རིམ་ཉུང་ངུའི་ངག་གིས་བཤད་པར་བྱ་བ་ལ་གཉིས་ཏེ། རང་ཉིད་ཀྱིས་སྦྱང་བ་དང༌། འབྱོངས་པ་ན་གཞན་ལ་འདེབས་པའི་ཚུལ་ལོ། །དང་པོ་ནི། འདི་ཉིད་ཀྱི་ལུང་དང་ཁྲིད་ལེགས་པར་ཐོབ་པའི་གང་ཟག་གིས། གནས་དབེན་པར་གཙང་སྦྲ་དང་བཅས་པས་མཚམས་བཅད་ཀྱིས་བདེ་བའི་སྟན་ལ་འདུག་སྟེ་ཐོག་མར། རང་གི་མདུན་གྱི་ནམ་མཁར་རྩ་བརྒྱུད་ཀྱི་བླ་མ་རྣམས་ཁྲོམ་ཚོགས་སུ་རང་ལ་ཞལ་གཟིགས་ཏེ་བཞུགས་ཡོད་སྙམ་པས། དེ་དག་ལ་སྙིང་ཐག་པ་ནས་གསོལ་བ་འདེབས་བཞིན་པས། བྱམས་མགོན་གཉིས་པ་རོང་སྟོན་ཆོས་ཀྱི་རྗེ་ཞེས་སོགས་བརྒྱུད་འདེབས་ཚར་གཅིག་འདོན། །དེ་ནས་རང་གི་གནས་ཁང་སོགས་ལ་དམིགས་པ་གཏད་པས། དེ་དག་ཐམས་ཅད་ནམ་མཁའ་འཇའ་ཡལ་བ་ལྟར་རང་ཡལ་དུ་སོང་ནས་སྟོང་པར་གྱུར་པའི་མོས་པ་བྱེད་དེའི་ངང་ལས་རང་ཉིད་གནས་པའི་ས་ཕྱོགས་དེ་ཉིད་ཡངས་ཤིང་རྒྱ་ཆེ་བ་སྟོང་གསུམ་གྱི་ཁྱོན་ལྟ་བུ། འོག་གཞི་ཐམས་ཅད་བཻ་ཌཱུརྻའི་གཞི་ལག་མཐིལ་ལྟར་མཉམ་པ་ལ། གསེར་གྱི་མིག་མང་གི་རི་མོ་བྲིས་པ་མནན་ན་ནེམ་ལ། བཏེགས་ན་སྤར་བ། རེག་ན་བདེ་བ་བསྐྱེད་པ། དེའི་ཕྱི་རོལ་དུ་རིན་པོ་ཆེའི་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། དེའི་དབུས་སུ་རང་ཉིད་ཐ་མལ་པའི་རྣམ་པ་ཅན། གཡས་སུ་ཚེ་འདིའི་ཕ། གཡོན་དུ་ཚེ་འདིའི་མ། མདུན་དུ་དགྲ་བོ། རྒྱབ་དང་མཐའ་བསྐོར་ཀུན་ཏུ་རིགས་དྲུག་བར་དོ་དང་བཅས་པའི་སེམས་ཅན་ཐམས་ཅད་ནག་ཁྲིག་གེ་ཡོད་པའི་མོས་པ་བྱེད། རང་གི་མདུན་གྱི་ནམ་


LT26_Page_100A
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་སེངྒེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ། རང་གི་དྲིན་ཅན་རྩ་བའི་བླ་མ་དེ་ཉིད་རྣམ་པ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞལ་ཅིག་ཕྱག་གཉིས་རྡོ་དྲིལ་ཐུགས་ཀར་བསྣོལ་ནས་འཛིན་པ་ལོངས་སྐུའི་ཆ་ལུགས་ཅན། དེའི་ཐུགས་སངས་རྒྱས་ཐམས་ཅད་དང༌། གསུང་ཆོས་ཐམས་ཅད། སྐུ་དགེ་འདུན་འདུས་པའི་ངོ་བོ་སྟེ་ཀུན་འདུས་ནོར་བུ་ལུགས་སུ་བསྒོམ། དེ་ཡང་བདག་དང་ཞེས་པའི་ཚེ་རང་ཉིད། འགྲོ་བ་ནམ་མཁའི་སོགས་ཀྱི་ཚེ་སེམས་ཅན་ཐམས་ཅད། དུས་འདི་ནས་སོགས་ཀྱི་ཚེ། འདི་ནས་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་སྙམ་པ་དང༌། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སོགས་ཀྱི་ཚེ་བླ་མ་རྡོ་རྗེ་འཆང་གི་ཐུགས་ཀར་དམིགས་པ་གཏད་ནས་བདག་གི་རྣམ་འདྲེན་མཛད་དུ་གསོལ་སྙམ་པ་དང༌། རྫོགས་པའི་སངས་རྒྱས་སོགས་ཀྱི་ཚེ་ཡང་ཐུགས་ཀར་དམིགས་པ་གཏད་དེ་བདག་གི་ལམ་སྟོན་པ་པོ་མཛད་དུ་གསོལ་སྙམ་པ་དང༌། དམ་པའི་ཆོས་སོགས་ཀྱི་ཚེ་བླ་མའི་མགྲིན་པར་དམིགས་པ་གཏད་ནས། བདག་གི་ལམ་དངོས་མཛད་དུ་གསོལ་སྙམ་པ་དང༌། འཕགས་པའི་དགེ་འདུན་སོགས་ཀྱི་ཚེ་སྐུ་ཡོངས་རྫོགས་ལ་སེམས་གཏད་ནས་ལམ་སྒྲུབ་པའི་གྲོགས་མཛད་དུ་གསོལ་སྙམ་པའི་དམིགས་པ་རྣམས་བྱེད་བཞིན་དུ་སྐྱབས་འགྲོ་བཞི་སྐོར་བརྒྱའམ་ཉེར་གཅིག་ལ་སོགས་པ་བརྗོད། དེ་རྗེས་སྐྱབས་ཡུལ་དེ་དག་ལས་འོད་ཟེར་འཕྲོས་རང་དང་སེམས་ཅན་ཐམས་ཅད་ལ་ཕོག་པས། སྡིག་སྒྲིབ་ཐམས་ཅད་བྱང་ནས། སངས་རྒྱས་ཀྱི་སར་བྱ་ཁྱུ་འཕུར་བ་བཞིན་གཤེགས་པའི་མོས་པ་བྱ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་འཕོ་བའི་གདམས་པ་ཉམས་སུ་ལེན་སྙམ་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་སོགས་ལན་གསུམ་གྱིས་སྨོན་འཇུག་གི་སེམས་བསྐྱེད། སྤྲོ་ན་ཚིག་


LT26_Page_100B
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བཞིན་དམིགས་པ་བསྒོམ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱང་བྱ། དེ་ནས་ཐོག་མར་རང་གི་སྔར་བྱས་ཀྱི་སྡིག་སྒྲིབ་རྣམས་བཤགས་པར་བྱ་སྟེ། དེའང་སྟོབས་བཞིའི་སྒོ་ནས་བཤགས་དགོས་པས། མདུན་གྱི་ནམ་མཁར་རྒྱལ་བ་ཤཱཀྱ་ཐུབ་པ་གསེར་མདོག་ཕྱག་གཡས་ས་གནོན་གཡོན་མཉམ་བཞག་མཛད་པ་ལ་སངས་རྒྱས་དཀར་པོ་བདུན་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པས་བསྐོར་བ། དེ་དག་གི་ཤར་ཏེ་སྐུ་མདུན་དུ་སངས་རྒྱས་སྔོན་པོ་བདུན་གཡས་ས་གནོན་གཡོན་མཉམ་བཞག །ལྷོ་སྟེ་གཡས་སུ་སངས་རྒྱས་སེར་པོ་བདུན་གཡས་མཆོག་སྦྱིན། གཡོན་མཉམ་བཞག །ནུབ་སྟེ་སྐུ་རྒྱབ་ཏུ་སངས་རྒྱས་དམར་པོ་བདུན་ཕྱག་གཉིས་མཉམ་བཞག །བྱང་སྟེ་གཡོན་དུ་ལྗང་གུ་བདུན་གཡས་སྐྱབས་སྦྱིན། གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན་ཏེ་ལྟུང་བཤགས་ཀྱི་སངས་རྒྱས་སོ་ལྔས་བསྐོར་བ། དེ་དག་ཐམས་ཅད་སངས་རྒྱས་སྤྲུལ་སྐུའི་ཆ་བྱད་ཆོས་གོས་རྣམ་པ་གསུམ་གསོལ་བ་མཚན་དཔེས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། མཐའ་བསྐོར་དུ་སངས་རྒྱས་བྱང་སེམས་མང་པོ་སྤྲིན་གཏིབས་པ་ལྟ་བུས་བསྐོར་བ། ཐམས་ཅད་རང་ཕྱོགས་ལ་ཞལ་གཟིགས་པ་བསྒོམས་ཏེ་སྡིག་སྒྲིབ་བཤགས་པའི་ཡུལ་ཡིན་ལ། དེ་དག་གི་དྲུང་དུ་རང་དང་ཕ་མས་གཙོས་པའི་སེམས་ཅན་ཐམས་ཅད་འཁོད་ནས་རང་གཞན་གྱི་སྔར་བྱས་པའི་སྡིག་པ་དང་ལྟུང་བ་རྣམས་རེ་རེ་ནས་ཡིད་ལ་དྲན་པར་བྱས་ནས། ཀྱི་ཧུད་བདག་གིས་དེ་ལྟ་བུའི་སྡིག་པ་མི་དགེ་བཅུ་ལ་སོགས་པ་དང༌། སྡོམ་པ་གསུམ་གྱི་བཅས་པ་འདི་ཞེས་བྱ་བ་དང་འགལ་བ་བྱས་འདུག་པས་ཤིན་ཏུ་མ་ལེགས་སྙམ་པའི་འགྱོད་པ་དྲག་པོ་བྱེད་པ་ནི་སུན་འབྱིན་པའི་སྟོབས་ཏེ། བཤགས་བྱའི་སྡིག་ལྟུང་དྲན་པར་བྱ་བ་ཡིན། ད་ཕྱིན་ཆད་སྡིག་པ་སྤྱི་དང༌། བསྲུང་བྱའི་སྡོམ་པ་ལས་འགལ་བའི་


LT26_Page_101A
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་པའི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་སྡིག་ལྟུང་སྤོང་སེམས་ཀྱི་གཉེན་པོ་བསྐྱེད་པ་ཡིན། དེ་ལྟར་བགྱིས་པས་སྔར་བྱས་ཀྱི་སྡིག་ལྟུང་གང་ཡོད་མི་འདགས་མི་སྲིད་པས་ངེས་པར་དག་སོང་སྙམ་པ་ཉམས་པ་སོར་ཆུད་པའི་སྟོབས་ཞེས་བྱ་སྟེ། དེ་ལྟར་སྟོབས་བཞི་ཚང་པའི་སྒོ་ནས་བཤགས་པ་བྱེད་པའི་མོས་པ་དང་ལྡན་པས། རང་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ནས་ཕྱག་འཚལ་བའི་དམིགས་པ་དང་བཅས་ལྟུང་བཤགས་ཚར་གཅིག་གམ་གསུམ་བརྗོད། དེ་རྗེས་ལུས་ཀྱི་ལས་ནི་སོགས་ནས། ཕྱག་འཚལ་བ་དང་ཞེས་པའི་བར་རྣམ་རྒྱུན་བཞིན་གསུང༌། དངོས་གཞི་ལ། རང་གི་མདུན་ཏེ་སྨིན་མཚམས་ནས་ཡར་ཁྲུ་ཕྱེད་བཞི་ཙམ་བཅལ་བའི་ཐད་པ་རིན་པོ་ཆེའི་ཁྲི་གྲུ་བཞི་པ་ཕྱོགས་རེ་ལ་སེང་གེ་ཁ་ཕྱིར་ཕྱོགས་པ་གཉིས་ཏེ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་པདྨ་དང་རྒྱ་མཉམ་པ། དེའི་སྟེང་ན་རང་གིས་འཕོ་བའི་གདམས་པ་འདི་ཉིད་ཀྱི་ཁྲིད་དང་ལུང་རྣམས་ཐོབ་པའི་བླ་མ་དེ་ལས་བླ་མེད་ཀྱི་དབང་ཆེན་གང་ཡང་རུང་བ་ཞིག་ཐོབ་པ་ཡིན་ན་དེ་ཀ་དང༌། དེ་རིགས་མ་ཐོབ་ན། རང་གི་བླ་མེད་ཀྱི་དབང་བཞི་ཡོངས་རྫོགས་ཚད་ལྡན་དུ་ཐོབ་པའི་བླ་མ་གཅིག་གམ་གཉིས་གསུམ་སོགས་དད་མོས་གང་ཆེ་བ་རྣམས་དང་ལྷག་པར་གདམས་པ་འདི་ཉིད་ཐོབ་པའི་བླ་མ་རྣམས་དབྱེར་མེད་པའི་ངོ་བོ་ཡིན་པ་ལ། རྣམ་པ་རྡོ་རྗེ་འཆང་སྐུ་མདོག་སྟོན་གྱི་ནམ་མཁའ་དྭངས་པའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་གཉིས། མཐེ་བོང་ནང་དུ་བཅུག་པའི་ཁུ་ཚུར་གྱིས་བཟུང་ནས་ཐུགས་ཀར། གཡོན་པ་འོག་དང༌། གཡས་པ་སྟེང་དུ་བརྩེགས་པ་བསྣོལ་བ་སྐུ་ཕྱི་བལྟས་ནང་གསལ་འོད་ཀྱི་རང་བཞིན་ཅན་སྟོང་གསལ་སྒྱུ་མ་ལྟ་བུ་དབུ་སྐྲ་


LT26_Page_101B
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་མ་ཀྲུགས་ཤིང་མ་འཛིང་པ་སྤྱི་བོར་ཐོར་ཅོག་བྱས་པའི་ལྷག་མ་སྐུ་རྒྱབ་ལ་འཕྱང་བ། རིན་པོ་ཆེའི་དབུ་རྒྱན་རིགས་ལྔའི་མཚན་མ་ཅན་དང༌། རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲས་པའི་སྙན་རྒྱན་དང་མགུལ་རྒྱན། རིན་པོ་ཆེའི་ཕྲེང་ནུབ་མའི་ཐད་དཀར་སླེབས་པའི་སེ་མོ་དོའམ། དོ་ཤལ་ཕྱེད་པ། དེ་འདྲ་བ་ལྟེ་བར་སླེབས་པའི་དོ་ཤལ། རིན་པོ་ཆེའི་གཞུངས་ལྔའི་བར་རིན་པོ་ཆེའི་ཕྲེང་བས་སྤྲེལ་བ་ལ་དྲིལ་ཆུང་དང་གཡེར་ཁས་སྤྲས་པའི་རྐེད་རྒྱན་ནམ་འོག་པགས། རིན་པོ་ཆེའི་དཔུང་རྒྱན། ཕྱག་གདུབ། སོར་གདུབ། ཞབས་གདུབ་རྣམས་ཀྱིས་བརྒྱན་པ། དར་ལྗང་གུའི་སྟོད་གཡོགས་དང༌། དམར་པོའི་སྨད་གཡོགས་མནབས་པ། མཚན་དཔེས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་སངས་རྒྱས། གསུང་དམ་ཆོས། སྐུ་དགེ་འདུན། ཡོན་ཏན་ནོར་ལྷ། ཕྲིན་ལས་ཆོས་སྐྱོང་སྟེ་མདོར་ན་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ་ཡིན་སྙམ་པའི་འདུན་པ་དྲག་པོ་མ་ཡེངས་པའི་ངང་ནས། རང་གི་ལུས་སྟོང་གསལ་འོད་ཀྱི་རང་བཞིན་ཕྲུ་མ་ཕུས་བཏབ་པ་ལྟ་བུས་ལྟེ་བ་ནས་སྤྱི་བོའི་བར་ལ། རྩ་དབུ་མ་ཁོང་སྟོང་སྦོམ་ཕྲ་སྦ་ལྕག་འབྲིང་པོ་ཙམ་ཞེས་པ་ནང་དུ་སྲན་རྡོག་ཡར་འགྲོ་མར་འགྲོ་ཐུབ་པའི་ཚོད་ཙམ་པ། ཤིན་ཏུ་དྲང་ཞིང་གསལ་བ། ཤིན་ཏུ་སྲབ་པ། རྒྱ་སྐྱེགས་ཀྱི་དྭངས་མའི་མདོག་ལྟར་རབ་ཏུ་དམར་བ་སྟེ་ཆོས་བཞི་པོ་དང་ལྡན་པ་སྤྱི་བོར་ཁ་ཡེད་པ་ཞེས་ཅུང་ཟད་ཕྱེ་བའི་རྣམ་པ་ཅན་དུ་གསལ་བཏབ་པ་དེའི་ནང་དུ་སྙིང་གའི་ཐད་ལ། ཁམས་དཀར་དམར་གྱི་རང་བཞིན་ཟླ་བ་དང་ཉི་མའི་དཀྱིལ་འཁོར་སྲན་མ་ཕྱེད་བཤགས་ཀྱི་ཚད་ཙམ་པའི་སྟེང་དུ། རང་གི་རྣམ་ཤེས་ཀྱི་ངོ་བོ་འོད་ཧྲིལ་མོ་སྲན་མ་འབྲིང་པོ་ཙམ་དཀར་ཞིང་དྭངས་པ་གྱེན་དུ་ཡར་འཕར་ལ་ཁད་པ། སྤར་སྤར་བྱེད་པ་ཞིག་གསལ་ལེགས་པར་བཏབ་ནས། གདངས་དང་བཅས་པས། རྗེ་སངས་རྒྱས་ཀུན་གྱི་ངོ་


LT26_Page_102A
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཉིད། །ཅེས་སོགས་ནས། མ་དྲིན་ཅན་བདེ་བའི་སྨོན་ལམ་འདེབས། ཞེས་པའི་བར་གདུང་ཤུགས་དྲག་པོས་འདོན་ཅིང་དམིགས་པ་རྣམས་སླར་ཡང་གསལ་འདེབས། དེ་ནས། ཕཊ། ཅེས་བརྗོད་པས་རང་སེམས་ཀྱི་ངོ་བོ་འོད་ཀྱི་གང་བུ་དེ་དཀར་ཧྲིལ་གྱིས་སྤྱི་བོ་ནས་ཐོན། བླ་མ་རྡོ་རྗེ་འཆང་གི་ཐུགས་ཀར་རེག་ཙམ་བྱས། དེ་མ་ཐག ཕཊ་ཞེས་བརྗོད་པས་མར་བྱུང་ཚངས་བུག་ནས་ཞུགས། སྙིང་གར་དཀར་ཧྲིལ་ཧྲིལ་གནས་པར་མོས་ནས་དེ་ནས་སེམས་ཅུང་ཟད་གཏད། ཡང་ཕཊཿབརྗོད་པས་ཡར་འཕངས་བླ་མའི་ཐུགས་ཀར་རེག་ཙམ་བྱས། ཕཊ་ཞེས་བརྗོད་པས་མར་བྱུང་བ་སོགས་སྔར་ལྟར་བསྒོམས་ནས་ཕཊ་ལྔ་སྟེ་འཁྱོན་བདུན་བསྐྱར། ཡང་རྗེ་སངས་རྒྱས་སོགས་ཚར་གཅིག་བརྗོད། དེ་རྗེས་ཡར་སྤར་བ་དང༌། མར་འབེབས་པའི་དམིགས་པ་གསལ་པོ་གོང་ལྟར་བྱེད་ཅིང་ཕཊ་བདུན་བསྐྱང་བ་སོགས་ཐུན་རེ་ལ་རྗེ་སངས་རྒྱས་སོགས་ཀྱི་གསོལ་འདེབས་ཚར་རེ་ལ་ཕཊ་བདུན་བདུན་སྦྱར་བ་དེ་ལྟ་བུ་ལན་ཉེར་གཅིག་ཙམ་བྱ། ཐུན་འཇོག་པ་ན། བླ་མ་རང་གི་སྤྱི་བོ་ནས་མར་བྱོན་སྙིང་གར་བཞུགས། ཚངས་བུག་གི་ཁ་སྣ་ཚོགས་རྡོ་རྗེའི་ལྟེ་བས་བཀག་ནས། སྟེང་ནས་ཆུ་མི་འཛག་ཅིང་འོག་ནས་རླུང་མི་ཐར་བ་སྲ་ཞིང་འཐས་པར་བསྒོམ། དགེ་བ་བསྔོ་ཞིང་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །དེ་ལྟར་ཞག་བདུན་ལ་སོགས་པར་ཐུན་བཞིར་ཉམས་སུ་བླངས་པས། །འབྱོངས་པའི་རྟགས་མགོན་པ་མགོ་ན་བ་དང༌། སྤྱི་བོ་ཚ་བ་དང༌། སྤྱི་བོ་ནས་ཟབ་དང༌། སྐྲ་རྩེར་ཟིལ་པ་ཆགས་པ། ཆུ་སེར་འཛག་པ་སོགས་འབྱུང་ཞིང༌། དེར་ཀུ་ཤའམ། འཇགས་མ་བཙུགས་པས་མར་ལ་བཙུགས་པ་ལྟར་ཟུག་འགྲོ་བ་ཡོང་གི་གདུག་པ་མྱོང་བས་ཡང་ཡང་གྲུབ་པ་ཡིན། འཇག་མ་སོང་ཕྱེད་མ་ཟིན་ཙམ་ལས་འཛུགས་མི་རུང་ཞིང༌། །བཙུགས་ཤུལ་དུ་མར་ཕྱུགས་པས་རླུང་འབྱུང་འཇུག་གི་སྒོ་ཁིགས་ཕིགས་པ་ཡིན་གསུངས། འདི་སྦྱངས་སྐབས་མཚམས་ཕྱེད་པ་དང༌། མི་བྱེད་པའི་ལུགས་གཉིས་སྣང་ཡང༌། མཚམས་


LT26_Page_102B
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་རང་འབྱོང་སླ་བ་དང༌། རྟགས་སོགས་ཀྱང་ངེས་ཤེས་འདྲོངས་པར་ཡོད་ཀྱིན་འདུག་པས་མཚམས་བཅད་པ་རང་བྱེད་པ་གལ་ཆེ་སྟེ། རྟགས་ཡིད་ཆེས་ངེས་བྱུང་ནས་ཚེ་སྒྲུབ་གང་རུང་ཞིག་བྱེད་པའམ། མ་ཐུབ་ན་ཚེ་གཟུངས་གང་མང་བཟླ་དགོས་སོ། །གཉིས་པ་གཞན་ལ་འདེབས་པའི་ཚེ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་མ་ལུས་མ། བྱང་ཆུབ་སྙིང་པོ་སོགས་རྒྱུན་བཞིན་གསུང་རྗེས། གསུང་རབ་མ་ཚར་གསུམ་མམ་བདུན་ལ་སོགས་པ་དང༌། བྱམས་མགོན་གཉིས་པ་སོགས་ཀྱི་བརྒྱུད་འདེབས་ཚར་གཅིག་འདོན། དེ་ནས་འོ་ཚོ་ལས་འདས་པ་སོགས་རྡོ་རྗེ་འཆང་མཁྱེན་རབ་བྱམས་པས་མཛད་པ་བཞིན་ལ། ལྟུང་བཤགས་གསུང་སྐབས་ཉེ་དུ་སོགས་ལ་ཕྱག་འཚལ་དུ་བཅུག་པའི་ཕྱག་ལེན་ཀྱང་མཐོང༌། གང་ལྟར་ཡང༌། སྐྱབས་ཡུལ་དང༌། བཤགས་པའི་ཡུལ་གྱི་ཐུབ་དབང་ལ་སངས་རྒྱས་སོ་ལྔས་བསྐོར་བ་དང༌། མདུན་དུ་བླ་མ་རྡོ་རྗེ་འཆང་གི་རྣམ་པར་བསྒོམ་པ་རྣམས་ཀྱི་དུས་སུ། དེ་རྣམས་ཀྱི་ཞལ་ཚེ་འདས་དེ་ལ་གཟིགས་པར་བསྒོམ་པ་དང༌། ཚེ་འདས་ཀྱི་ལུས་ཙོག་པུ་ལྟ་བུར་ཡོད་པར་བསྒོམ་པའི་ལྟེ་བ་ནས་སྤྱི་གཙུག་གི་བར་རྩ་དབུ་མ་གསལ་འདེབས་པ་ཙམ་མ་གཏོགས་གཞན་དམིགས་པ་བྱེད་ཚུལ་ཐམས་ཅད་རང་ཉིད་སྦྱོང་བའི་སྐབས་དང་འདྲ་བས་འབྱིན་འཇུག་གི་དབྱེ་བ་ཅུང་ཟད་ཀྱང་མ་འཁྲུལ་པར་རང་གི་རྣམ་དཔྱོད་ཀྱིས་ལེགས་པར་ཕྱེས་ཏེ་ཉམས་སུ་ལེན་པ་དང༌། གཞན་ལ་འཕོ་བ་ཐེབས་པའི་རྟགས་ཀྱང་སྔོན་བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་ངག་དབང་ཀུན་མཁྱེན་ཁྲི་འདུར་ཆིབས་བསྒྱུར་སྐབས། བུད་མེད་དབུལ་མོ་ཞིག་ཤི་བ་ལ་རོང་སྟོན་འཕོ་བ་འདེབས་པ་གནང་བར་རོའི་སྟེང་དུ་འཇའ་མདུང་ཚུགས་སུ་ཟུག་པ་དང༌། ཡང་ཡུལ་དེར་ཁྲི་ཆེན་རྡོ་རྗེ་འཆང་དེ་ཉིད་ཀྱི་དངོས་སློབ་ཧོས་རུ་བླ་མ་ངག་དབང་རབ་བརྟན་ཞུ་བ་ཞིག་གིས་ཚེ་འདས་གཅིག་ལ་འཕོ་བ་བཏབ་པར་སྤྱི་བོ་ནས་ཐོད་པ་ལག་མཐིལ་ཙམ་ཞིག་བཙན་ཐབས་སུ་བརྟོལ་ཏེ་གས་མཚམས་ནས་ཆུ་སེར་ཕྲོ་མ་མེ་ཡོད་པ་བྱུང་


LT26_Page_103A
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པ་དང༌། ཁོ་བོའི་སྐྱབས་མཆོག་དམ་པ་གཟིམས་འོག་ཐམས་ཅད་མཁྱེན་པ་དེ་ཉིད་སྐུ་ཆུང་ངུའི་དུས་སུ་ན་ལེནྟྲ་ནས་གྲྭ་བ་ཞིག་གཤེགས་པ་ལ་འཕོ་འདེབས་སུ་ཐོག་མར་སྤྱན་དྲངས་པར་ཞབས་ཕྱི་ཨ་མདོ་བླ་མ་ངག་དབང་ཡེ་ཤེས་ཞུ་པ་ཞིག་དང་ལྷན་དུ་འཕོ་བ་བཀའ་དྲིན་བསྐྱང་བ་ན། བླ་མ་དེས་རོའི་སྤྱི་བོའི་ཐད་ཀྱི་སྐྲ་གསེབ་ཏུ་ནས་འབྲུ་ཚོམ་པ་ཞིག་བཞག་སྟེ་དེ་ནས་འཕོ་བའི་དམིགས་པ་རྣམས་སྤྲད་ནས་ཕཊཿཁ་ཤས་གསུངས་པའི་ཚེ་ནས་འབྲུ་རྣམས་གདུང་གསེབ་ལ་ཁྲབ་སྒྲ་དང་བཅས་འཐོར་འགྲོ་བ་བྱུང་འདུག །ཕྱིས་སྐྱབས་རྗེ་ཉིད་ཀྱི་ཞལ་སྔ་ནས་དེ་འདྲའི་ནུས་པ་མེད་མོད་བླ་མ་དེ་འཕོ་བ་ཤིན་ཏུ་བཟང་བ་ཞིག་ཡིན་ཞེས་གསུང་གི་ཡོད་ཀྱང་ངེས་པའི་དོན་དུ་རྗེ་ཉིད་ཀྱི་བྱིན་མཐུ་ལས་མ་འདས་མོད། དྲང་དོན་གྱི་གསུང་འདི་ལྟར་ན། ཆོས་རྒྱལ་འཕགས་པས། རྟོགས་ལྡན་རྒྱ་པོའི་རྫུ་འཕྲུལ་ཀྱང་ངའི་ཡིན། ངའི་རྫུ་འཕྲུལ་ཀྱང་ཁོའི་ཡིན་གསུངས་པ་ལྟར། དཔོན་སློབ་གཉིས་ཀའི་ཆེ་བར་མངོན་ཞིང༌། རྟགས་རབ་དེ་འདྲ་ཡིན་འདུག་པ་དང༌། གཞན་ཡང་འཕོ་བ་འདེབས་སྐབས་རོའི་སྣ་བུག་གཡས་གཡོན་ནས་ཆུ་སེར་སྐྱ་བོ་དང་ཁྲག་མདོག་ཙམ་པ་ཤར་གྱིས་ཡོང་བ་དང༌། ཁ་ནང་ནས་སྭ་སྒྲ་འབྱིན་པ་དང༌། དྲི་མཆིལ་གྱིས་འོང་བ་སོགས་ཀྱང་འཕོ་བ་ཐེབས་པའི་རྟགས་ཡིན་ཞེས་རྗེ་བླ་མའི་ཞལ་སྔ་ནས་ཐོས་སོ། །དེང་སང་སྤྱི་བོ་ནས་སྐྲ་ཚོམ་ཙམ་ཞིག་དཔྱི་ཐུབ་ན་འཕོ་བ་ཐེབས་པ་དང༌། མ་ཐུབ་ན་མ་ཐེབས་པར་ཡོན་བདག་དང་མཆོད་གནས་ཕལ་ཆེར་གྱིས་འཛིན་ཀྱིན་འདུག་ཀྱང༌། འདི་ལ་ངེས་པ་ཆེར་ནི་མེད་པ་འདྲ་སྟེ། འཕོ་བ་ཐེབས་པའི་རྟགས་བྱུང་མ་བྱུང་ལ་མ་ལྟོས་པར། ཕལ་ཆེར་ཤི་ནས་ཞག་གཅིག་གཉིས་ལོན་པ་དང༌། ནམ་དུས་དྲོ་བའི་སྐབས་སུ་ཤི་ནས་ཡུན་ཅུང་ཟད་ཙམ་ལོན་པའམ་སྐྲ་འཐེན་པས་བྱི་འགྲོ་བ་དང༌། དེ་ལས་ལྡོག་པ་རྣམས་ལ་དཀའ་བ་རང་ཡོང་བ་འདྲ་ཞིག་སྣང་བས་སོ། །ཡང་ཤི་ནས་ཡུན་རིང་མ་ལོན་པར་འཕོ་


LT26_Page_103B
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱས་འཕྲལ་སྐྲ་གཞན་གང་ན་འཐེན་ཀྱང་མི་བྱི་བར་སྤྱི་བོ་དང་ཉེ་བ་ཞིག་ནས་འཐེན་མ་ཐག་ལིང་གིས་བྱི་འགྲོ་བ་དང༌། དེའི་ཤུལ་ནས་ཆུ་སེར་འཛག་པ་དང༌། དགུན་དུས་ཆུ་སེར་རིམ་གྱིས་རྡོལ་བ་འཁྱགས་རམ་དུ་གྱུར་ནས་མཐེ་བོང་ཙམ་དུ་ཆགས་པ་སོགས་ཡོང་གི་འདུག་པའང་ཐེབས་པའི་རྟགས་ངེས་ཅན་ཡིན་འདྲ་སྙམ། དེ་ལྟར་ཐེབས་ངེས་པའི་རྟགས་བྱུང་བ་སོགས་འཇོག་རན་པ་ན་བསྔོ་བ་དང༌། སྨོན་ལམ་རྣམ་པར་དག་པས་མཐའ་བརྒྱན་པར་བྱའོ། །ཅེས་རོང་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་འཕོ་བའི་དམིགས་ཁྲིད་སྐལ་ལྡན་ཐར་པར་འདྲེན་པའི་ལྕགས་ཀྱུ་ཞེས་བྱ་བ་འདི་ཡང་དཔལ་ཨ་མི་ཆོས་རྗེའི་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་ཀུན་དགའ་རྒྱལ་མཚན་ཕྲིན་ལས་བསྟན་པའི་སྒྲོན་མེའི་ཞལ་སྔ་ལ་འདི་ཉིད་ཀྱི་ལུང་དང་དམིགས་ཁྲིད་རྒྱས་པར་ཕུལ་སྐབས་ཕྱག་མཛོད་དགེ་སློང་བྱམས་པ་ངག་དབང་རྣམ་རྒྱལ་ནས་ཟབ་ཆོས་འདིའི་ཁྲིད་རྒྱུན་མི་ནུབ་པའི་ཕྱིར་ཁྲིད་ཡིག་ཞིག་བྲིས་ཞེས་གསུངས་པ་དང་དུ་བླངས་ཏེ། ཤཱཀྱའི་བཙུན་པ་ཆོས་སྨྲ་བ་བྱམས་པ་འཕྲིན་ལས་ཡོན་ཏན་གྱིས་ན་ལེན་དྲའི་ཆོས་གྲྭ་ཆེན་པོར་སུག་བྲིས་སུ་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།

གདམས་ངག་མཛོད་པོད་བཅུ་བདུན་པ།
གྲུབ་ཆེན་ཞི་བ་སྦས་པའི་ཐུགས་བཅུད་བཀའ་བབས་བདུན་ལྡན་གྱི་གཞུང་རྡོ་རྗེའི་ལམ་བཟང་པོ།


LT26_Page_104A
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་ཞི་བ་སྦས་པའི་ཐུགས་བཅུད་བཀའ་བབས་བདུན་ལྡན་གྱི་གཞུང་རྡོ་རྗེའི་ལམ་བཟང་པོ་བཞུགས་སོ།། །།


LT26_Page_104B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། །ཨོཾ་བཛྲ་དྷཱ་རཱ་ཡ་ན་མོ། །རྒྱ་གར་སྐད་དུ། །བཛྲ་སུ་མརྒྒ་ནཱ་མ། །བོད་སྐད་དུ། །རྡོ་རྗེའི་ལམ་བཟང་པོ་ཞེས་བྱ་བ། །རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །མགོན་པོ་བདེ་བ་ཆེན་པོ་ནི། །བླ་མ་རྡོ་རྗེ་ཅན་ཞབས་བཏུད། །མ་ལུས་རྒྱུད་རྣམས་ཐམས་ཅད་ཀྱི། །དེ་ཉིད་རབ་ཏུ་གསལ་བཤད་བྱ། །རྒྱུད་ཀྱི་དང་པོར་ཨེ་ཝཾ་ཡིག །ཕུང་པོ་ཀུན་གྱི་སྣོད་ཡིན་འདི། །སྟོང་པ་སྙིང་རྗེའི་བདེ་ཆེན་པོ། །སངས་རྒྱས་འདིར་བརྗོད་འཁོར་བའང་འདི། །འོན་ཀྱང་རང་བཞིན་མངོན་གྱུར་དང༌། །འཇོག་མེད་སེམས་ཀྱི་དེ་ཉིད་རིག །འགྲོ་ལ་སྙིང་རྗེའི་སེམས་ཆེན་པོ། །རྒྱུད་ཤེས་སློབ་དཔོན་བསྟེན་བྱ་སྟེ། །བླ་མ་ལ་གུས་དྲང་པོའི་དངོས། །ལམ་དང་སྟོན་པ་གཞན་སྤངས་པ། །ཟབ་མོའི་དོན་ལ་རྟོག་བྲལ་བས། །འབད་ན་ཐམས་ཅད་འབྲས་བུར་བཅས། །བདེ་བ་མཆོག་གི་ཐར་པའི་རྒྱུད། །གཞི་དང་ལམ་དང་འབྲས་བུ་ནི། །ཐམས་ཅད་རང་བཞིན་བདེ་བ་ཆེ། །བདེ་བས་བདེ་བ་ཆེ་གྲུབ་པའོ། །འདི་ལས་སེམས་ཀྱི་རང་བཞིན་གང༌། །སྐུ་གཉིས་པོར་ནི་རྣམ་པར་གནས། །ཤིན་ཏུ་སྤྲོས་མེད་ཆོས་ཀྱི་སྐུ། །གཟུགས་ནི་ལུས་དང་སྣོད་བཅས་པའོ། །


LT26_Page_105A
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་མ་ཐོགས་མེད་པ་དང༌། །དང་པོ་རྒྱུ་མེད་སངས་རྒྱས་ཆོས། །སེམས་ཅན་ཀུན་ལ་རྟག་གནས་པ། །རྒྱུ་ཡི་རྡོ་རྗེའི་ཆད་བར་བརྗོད། །ཕུང་པོ་ལྔ་བདག་སངས་རྒྱས་དང༌། །རིག་མ་འབྱུང་བ་རྣམས་དཀྱིལ་འཁོར། །དབང་པོ་ཡུལ་དང་བཅས་གང་དག །བྱང་ཆུབ་སེམས་དཔའ་ལྷ་མོར་བཅས། །དེ་ལྟར་དྲི་མ་རྣམ་སྦྱང་བ། །ཡེ་ཤེས་ཆེན་པོ་བསྒོམ་པར་བྱ། །བསྐྱེད་པའི་རིམ་ལ་ལེགས་གནས་པས། །རྫོགས་པའི་རིམ་པ་འདིར་བསྒོམ་བྱོས། །རྟེན་དང་བརྟེན་པའི་རྒྱུ་ཡི་ཕྱིར། །ལུས་མེད་པ་ལ་བདེ་མེད་པས། །ལུས་ནི་དག་པའི་དཀྱིལ་འཁོར་ལ། །སེམས་ཀྱང་ཡང་དག་བདེ་བར་འགྱུར། །བསྙེན་པ་ཉེ་བའི་བསྙེན་པ་དང༌། །བསྙེན་པ་ཆེ་དང་སྒྲུབ་པ་བྱ། །བསྙེན་པ་ཉེར་སྒྲུབ་སྒྲུབ་པ་དང༌། །སྒྲུབ་པ་ཆེན་པོ་བསྒོམ་བྱ་ཞིང༌། །རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང༌། །ཤིན་ཏུ་ཡང་དག་རྣལ་འབྱོར་ཆེ། །སྦྱོར་དང་དཀྱིལ་འཁོར་རྒྱལ་པོ་མཆོག །ཕྱི་ནས་ལས་རྒྱལ་མཆོག་བསྒོམ་བྱ། །བདག་ཉིད་གོང་བུ་ལྟར་སྣང་བ། །རབ་བཀྲ་དབང་པོའི་གཞུ་ལྟར་སྣང༌། །ཕྱི་ནས་དངོས་པོ་ཀུན་ལ་སྤྲོ། །གཅིག་ཏུ་དུ་མ་དང་བྲལ་བ། །དཀྱིལ་འཁོར་དག་གིས་སྒོ་ནས་བྱུང༌། །ཟས་སོགས་བྱ་བ་ཐམས་


LT26_Page_105B
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྤྱད། །ལྷ་ཡི་གསལ་དང་མངོན་ཞེན་གྱིས། །རང་གི་མི་མཐུན་ཤིན་ཏུ་འགག །སྣ་རྩེར་ཡུངས་ཀར་རྣམ་བརྟགས་པ། །ཡི་གེ་དེ་ནི་མཚན་མ་དང༌། །གཟུགས་བརྙན་ལ་སོགས་དཀྱིལ་འཁོར་གྱིས། །སྤྲོ་བའམ་ཡང་ན་བསྡུ་བར་བྱ། །རྡོ་རྗེའམ་པདྨའི་སྣ་རྩེར་ནི། །ཡུངས་ཀར་ཚུལ་གྱི་མཚན་མ་བསྒོམ། །དཀྱིལ་འཁོར་སྤྲོ་ཞིང་སྡུད་པ་དང༌། །རེ་རེ་ཞིང་ཡང་རྣམ་པར་བསྒོམ། །སྐུ་དང་བདེ་བ་རང་བཞིན་མེད། །རྣམ་པར་རྟོག་ལས་ངེས་བྱུང་བ། །སྲིད་པའི་རྣམ་པས་དེ་སྤྱོད་བྱེད། །འབྲས་བུའི་ལམ་གྱུར་སྐྱེས་པའོ། །ཞེས་པ་ནི་རིམ་པ་དང་པོའོ། །སེམས་ནི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །རང་བཞིན་སྐྱེ་འགག་མེད་པ་དང༌། །ཆོས་ཀུན་མཆོག་ཏུ་རྒྱས་བཏབ་ཆེ། །འདོད་ཆགས་ཆགས་བྲལ་ཀུན་ལས་འདས། །སྟོང་པ་མ་ཡིན་མི་སྟོང་མིན། །ཡོད་དང་མེད་དང་ཡོད་མེད་འདས། །རྣམ་པར་རྟོག་པའི་ཡུལ་ཀུན་སྤངས། །ཚིག་དང་མིང་དུ་བརྗོད་པ་བྲལ། །བསམ་གཏན་རྫུན་པས་མ་བསླད་པ། །འབད་སྩོལ་རྒྱུ་དང་བྲལ་བ་ཡང༌། །བླ་མའི་དྲིན་གྱིས་རྟོགས་པར་འགྱུར། །རང་བཞིན་གདོད་ནས་མ་སྐྱེས་པ། །བདེན་མིན་རྫུན་མིན་འདི་ལྟ་བུ། །གང་ལའང་མི་གནས་ཆོས་ཀྱི་སྐུ། །ཆོས་རྣམས་ཀུན་ཏུ་རྣམ་པར་སྣང༌། །སེམས་ཅན་ཁམས་ལ་རྟག་གནས་པའི། །སངས་རྒྱས་རང་གིས་རིག་བྱ་ཉིད། །དཔེ་དང་རྟོག་པས་མཚོན་དུ་མེད། །བླ་མའི་བྱིན་རླབས་འཕོ་བས་སོ། །བདེ་དང་སྡུག་བསྔལ་ཀུན་ལས་གྲོལ། །རྐྱེན་གྱིས་བསྒྱུར་མིན་རྐྱེན་བྱུང་མིན། །ས་དང་ས་ལ་གཡོ་མེད་པ། །རང་གིས་རང་ཉིད་ཤེས་པར་བྱ། །ཇི་ལྟར་ནམ་མཁའ་བཅོས་མིན་པ། །ལག་སོགས་མི་འགྱུར་མངོན་གྱུར་ཕྱིར། །རང་གི་སེམས་ལ་ཡོངས་ཚོལ་བ། །བླ་མ་དམ་པའི་རིམ་ལས་རྙེད། །རང་བཞིན་དང་ནི་ཡིད་འགྱུས་ཀུན། །ཆུ་དང་རླབས་བཞིན་དབྱེར་མེད་པ། །འདི་ལ་རང་བཞིན་སྤྲོས་བྲལ་བས། །གཡོ་བ་དག་ཀྱང་རྣམ་པར་དག །མི་རྟོག་མ་ཡིན་རྣམ་རྟོག་མིན། །བྱ་བ་


LT26_Page_106A
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལས་ཡང་འདས་པ། །དཔྱད་པ་ལས་འདས་ཕྱག་རྒྱ་ཆེ། །ཡེ་ཤེས་ཞབས་ཀྱི་རིམ་ལས་རྙེད། །རྣམ་པར་མི་རྟོག་མུ་སྟེགས་བྱེད། །དཔྱོད་བྱེད་བློ་ངན་སངས་རྒྱས་པ། །རྣམ་པ་ཀུན་ལྡན་ཆོས་གང་གིའང༌། །མ་གོས་མཆོག་ཏུ་དབེན་པའོ། །ཞེས་པ་ནི་ཕྱག་རྒྱ་ཆེན་པོའོ། །ཨེ་ཝཾ་མཱ་ཡཱ་ཡི་གེ་མཆོག །འཁོར་ལོ་བཞི་ལ་རྣམ་པར་གནས། །སྤྲུལ་པ་ཆོས་དང་ལོངས་སྤྱོད་དང༌། །དེ་བཞིན་བདེ་ཆེན་འཁོར་ལོ་འོ། །བདུན་ཁྲི་ཉིས་སྟོང་དང༌། །བརྒྱ་ཕྲག་ཉི་ཤུ་ལྷག་པ་དང༌། སུམ་ཅུ་རྩ་གཉིས་དང༌། རྩ་གསུམ་དང་ཨ་ཝ་དྷཱུ་ཏི་དང༌། འཁོར་ལོ་བརྒྱད་དང་རྩའི་མདུད་པ་རྣམས་དང༌། སྐུའི་སྒོ་དགུ་དང༌། གསུང་གི་སྒོ་བཞི་དང༌། ཐུགས་ཀྱི་སྒོ་གཉིས་དང༌། སྲོག་དང༌། ཐུར་སེར་དང༌། མཉམ་གནས་དང༌། གྱེན་རྒྱུ་དང༌། ཁྱབ་བྱེད་དང༌། ཀླུ་དང་རུ་སྦལ་དང༌། རྩངས་པ་དང༌། ལྷ་སྦྱིན་དང༌། གཞུ་ལས་རྒྱལ་དང༌། རླུང་རྣམས་ཀྱི་ཁ་དོག་དང༌། ཚད་དང༌། གྲངས་དང༌། རྒྱུ་བ་དང༌། དབྱུག་གུ་དང༌། ཆུ་ཚོད་དང༌། འཕོ་བ་དང༌། ཐུན་ཚོད་དང༌། རང་བཞིན་དང༌། ལས་དང༌། ཁམས་ལྔ་དང༌། དྲུག་དང༌། ཉི་ཤུ་རྩ་བཞི་དང༌། ཁུ་བ་དང༌། རྡུལ་ཐ་དད་དང༌། མཉམ་པར་གནས་པ་དང༌། དབྱངས་བཅུ་དྲུག་འཆར་བ་དང༌། མུན་པ་དང༌། རྡུལ་དང༌། སྙིང་སྟོབས་འབབ་པ་དེ་དག་ནི། ཨེ་ཝཾ་ལས་བྱུང་བའོ། །ཉི་མ་ཟླ་བ་ནཱ་དཱ་གནས། །བཅུ་གཉིས་བཅུ་དྲུག་དེ་བཞིན་དུ། །བཅུ་གཉིས་ལས་ནི་ཡོན་ཏན་བརྒྱད། །ཕྲ་དང་རགས་པའི་འཁོར་ལོ་འཁོར། །སྤྱི་བོར་བདེ་བ་ཆེན་པོ་སྟེ། །དགའ་དང་ཚིམ་དང་གནས་ཐོད་པ། །འཁྲིག་སོགས་ལས་ཀྱང་གསལ་འགྱུར་ཏེ། །དེ་ཚེ་གཙོ་བོ་ཁྱིམ་དེར་སྤྱོད། །རྣམ་པར་དག་ལས་བདེ་ཆེན་སྐྱེ། །སངས་རྒྱས་ཡེ་ཤེས་སྐུ་ཡི་རྒྱལ། །རང་བཞིན་དང་ནི་ལས་དང་ཡང༌། །རྣལ་འབྱོར་རྣམས་ཀྱི་གཏུམ་མོའོ། །གང་དུ་སེམས་སྤྱོད་དེར་རླུང་ཡང༌། །ཐིམ་འགྱུར་འདི་ལས་མཆོག་གཞན་མེད། །ཐིག་ལེའི་ཡི་གེ་རྩ་ལ་སོགས། །གང་སྒོམ་དེས་ཀྱང་


LT26_Page_106B
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་འགག །གཉིས་འགག་པ་ལས་འབར་བའམ། །འབར་ལས་དབུ་མ་འབྱེད་པར་འགྱུར། །རྩ་གཉིས་ལས་འགྲོ་འོང་བ་དང༌། །འཁོར་ལོ་རྣམས་སུ་འབར་ཞིང་ཟློག །ཐིག་ལེའི་ཡེ་ཤེས་འབྱུང་བ་ནི། །ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར། །བུམ་པ་ཅན་དང་རྡུལ་མཐའ་ཅན། །བགང་བ་དེ་བཞིན་རེངས་བྱེད་པ། །འཁོར་ལོ་རྣམས་སུ་དགག་པ་དང༌། །སྔགས་དང་སྙིང་ག་དེ་བཞིན་དུ། །རྫས་ཀྱང་ཐིག་ལེ་གསུམ་པ་སྟེ། །མི་ཤིགས་པ་དང་ནོར་བུ་དང༌། །འོད་ཀྱང་ཐིག་ལེར་མངོན་བརྗོད་པ། །ཨ་ནི་གཙོ་བོ་དམ་པ་སྟེ། །གསལ་ཞིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བའོ། །ཨ་ཨུམ། སྲོག་དང༌། གྱེན་རྒྱུ་དང༌། ཐིག་ལེའོ། །ཨ་ཨ་ཧྭ། སྲོག་དང་གྱེན་རྒྱུ་དང༌། ཐུར་སེལ་ལོ། །ཧཱ་ཨུམ། །ཐུར་སེལ་དང༌། སྲོག་དང༌། ཐིག་ལེའོ། །ཡི་གེ་གསུམ་གྱི་དེ་ཉིད་ཀྱིས། །རླུང་རྣམས་མཆོག་ཏུ་ཞི་བར་བྱེད། །རྟགས་ནི་ལྔ་ལས་ཡེ་ཤེས་ཏེ། །ཁམས་བརྒྱད་ཤིན་ཏུ་རྣམ་དག་པའོ། །ཅེས་པ་ནི་གཏུམ་མོའི་ཡེ་ཤེས་སོ། །གང་ཕྱིར་དགའ་བ་དེ་སྣང་བ། །སྣང་བ་མཆེད་པ་མཆོག་དགར་བཤད། །དགའ་བྲལ་ལས་ནི་ཉེར་ཐོབ་སྟེ། །ལྷན་ཅིག་སྐྱེས་པ་འོད་གསལ་བའོ། །རེག་དང་འཇུག་དང་སྐྱེད་པ་དང༌། །མཐའ་ལས་མ་ཉམས་གཞན་ཡང་འདི། །ཡི་གེ་བཅུ་དྲུག་དང་ནི་ཚེས། །དེ་བཞིན་དགའ་བ་བཅུ་དྲུག་གོ །འདོད་པ་དང༌། དགའ་བ་དང༌། གཡོ་བ་དང༌། འདར་བ་ནི་དགའ་བ་བཞིའོ། །གང་བ་དང༌། མཆོག་དགའ་དང༌། འཆང་བ་དང༌། ནུས་པ་ནི། མཆོག་དགའ་བཞིའོ། །འབར་བ་དང༌། ཁྱད་པར་གྱི་དགའ་བ་དང༌། སེམས་དང༌། ཐིག་ལེ་ནི་ཁྱད་པར་གྱི་དགའ་བ་བཞིའོ། །ཨོཊྚ་དང་ལྷན་ཅིག་སྐྱེས་པ་དང༌། གཉིས་དང་ནཱ་ད་ནི་ལྷན་སྐྱེས་བཞིའོ། །འདོད་ཆགས་མ་ཡིན་ཆགས་བྲལ་མིན། །དབུ་མར་དམིགས་པར་མི་འགྱུར་རོ། །གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །ཡང་ན་དེ་ཉིད་ཐམས་ཅད་བདག །ཡང་ན་ཀུན་གྱིས་རྣམ་པར་སྤངས། །མཆོག་གི་མཐའ་དང་དགའ་བྲལ་དབུས། །


LT26_Page_107A
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་མིན་ཧེ་རུ་ཀ། །པདྨ་ཅན་དང་ཚངས་མ་དང༌། །གཞན་ནི་ལྷུག་ཕྲན་མ་ལ་སོགས། །བཞིན་བཟང་རབ་ཏུ་བཟུང་ནས་ནི། །མི་འགྱུར་བདེ་བའི་རྒྱུར་བསྒྲུབ་བྱ། །ཡང་ན་ཡིད་ལས་བྱུང་བའམ། །མི་འགྱུར་བ་ནི་རྡོ་རྗེ་གསོར། །འོན་ཀྱང་མི་མོ་ངེས་པར་བསྒྲུབ། །གཞན་ནི་མཐར་ཐུག་གྲུབ་པ་མེད། །སྒྲོན་མེ་ལྡན་པས་མུན་པ་ལས། །ནོར་བུ་ལེན་བཞིན་ཕྱག་རྒྱ་ལས། །རང་བཞིན་མངོན་གྱུར་དང་པོ་ཡི། །ལས་ཅན་རྣམས་ལས་གཞན་གྱིས་མིན། །དབང་བསྐུར་བ་དང་སེམས་ཀྱི་དགག །དཱུ་ཏིར་འཇུག་དང་བརྟན་པ་དང༌། །ཐིམ་དང་ཡེ་ཤེས་བརྟན་པ་དང༌། །སྤེལ་དང་སྤྱོད་པའི་བརྟུལ་ཞུགས་དང༌། །སྐྱོན་སྒྲོན་ཡེ་ཤེས་སྒོམ་བྱེད་པ། །མངོན་པར་བྱང་ཆུབ་སྐབས་བཅུ་གཅིག །གཞན་ནི་ཡེ་ཤེས་སྐུ་སྒྲུབ་པ། །དེ་དག་གཟུངས་མའི་བྱེད་པ་ཅན། །སྣ་ཚོགས་དེ་བཞིན་རྣམ་སྨིན་དང༌། །རྣམ་ཉིད་དང་ནི་མཚན་ཉིད་བྲལ། །འདི་ཤེས་སྒྲུབ་ལ་རབ་འཇུག་སྟེ། །བློ་བརྟན་ནུས་དང་བཅས་པས་སོ། །སྦྱོར་བས་ལུས་ནི་དག་བྱས་ལ། །སྟེང་འོག་སྦྱོར་བས་གཅིག་ཏུ་བྱ། །སྒོ་དབྱེ་བཙན་ཐབས་སྦྱར་བ་ནི། །སྔགས་དང་འཁྲུལ་འཁོར་རབ་སྦྱོར་བའོ། །རྗེས་སུ་ཆགས་པས་སེམས་དབབ་སྟེ། །འདི་ལས་རང་བཞིན་མཚོན་བཟུངས་ནས། །གྱེན་དུ་སྤྱོད་དང་བརྟན་ལྡན་པས། །ལྷན་ཅིག་སྐྱེས་པ་བསྒོམ་པར་བྱ། །ཞེས་པ་ནི་ལས་ཀྱི་ཕྱག་རྒྱའི་ཡེ་ཤེས་སོ། །མེ་ལོང་གི་ནི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་ནི་མཚོན་པར་བྱ། །ཁ་དོག་རྣམས་ནི་འཇའ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཆོས་རྣམས་སྒྱུ་མ་ལྟར་ཤེས་ནས། །འདི་ཡི་རང་བཞིན་བདེ་བསྒོམ་བྱ། །སྣང་བ་མཐའ་དག་རྣམ་སྤྲུལ་པ། །རང་བཞིན་སྤྲུལ་པའི་སྐུ་རུ་བརྗོད། །སྤྲུལ་པའི་འཁོར་ལོའོ། །སྨྲ་དང་ལོངས་སྤྱོད་གང་གནས་པ། །སེམས་ལའང་གཟུགས་བརྙན་ཚུལ་འཆར་ཏེ། །རྨི་ལམ་རྨི་བར་ཡོངས་སྟོན་པ། །ཐམས་ཅད་རླུང་གི་རྣམ་པར་སྤྲུལ། །ཀུན་རྫོབ་བདེན་པ་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་བར་དོའི་སེམས་ཅན་གྱུར། །རྡོ་རྗེའི་སྐུ་ཡང་


LT26_Page_107B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཡིན། །ལོངས་སྤྱོད་ཀྱི་འཁོར་ལོའོ། །སྒེག་དང་ཉེ་བར་ལོངས་སྤྱོད་དང༌། །གླུ་དང་རོལ་མོ་སོགས་བརྟེན་དང༌། །སྒྱུ་རྩལ་རྣམས་ལ་རབ་འཇུག་པ། །ཆུ་ཟླ་དག་དང་མཚུངས་པར་བྱ། །མཐོང་བ་དང་ནི་རེག་པ་ཉིད། །འགྲོ་བ་སྒྱུ་མ་ཇི་བཞིན་བྱ། །གང་ཞིག་རྡོ་རྗེ་སེམས་སོགས་ཀྱི། །གཟུགས་བརྙན་སྣ་ཚོགས་རབ་བསྒྱུར་ཏེ། །གང་གང་སེམས་ཀྱིས་ཡང་སྤྲུལ་པས། །མི་སྐྱེ་དེ་ལས་ལེན་པ་འགགས། །ཡང་ན་བཙན་ཐབས་སྦྱོར་བ་ཡིས། །ཚངས་པའི་སྒོ་ནི་དབྱེ་བར་བྱ། །དཔལ་ལྡན་བདེ་ཆེན་མགོན་པོ་ཡི། །ཞལ་གྱི་རིམ་པ་ལས་འོངས་པའོ། །སྤྲིན་བྲལ་མཁའ་ལ་མཉམ་བཞག་སྟེ། །མངོན་པར་ཞེན་པའི་ལྟ་བས་སོ། །དེ་ལས་སྒྱུ་མར་རབ་གྲུབ་སྟེ། །རྣམ་ཤེས་གསུམ་པོ་མཚོན་པར་བྱ། །སྣང་བ་དང་ནི་ཡོངས་བརྟགས་དང༌། །དེ་བཞིན་རྣམ་པར་ཐིམ་པ་ནི། །གཉིད་དང་སད་དང་གཉིས་གཉིས་སྤྱོད། །སྟོང་པ་གསུམ་དུ་རྣམ་པར་རིག །སྣང་བ་སྣང་བ་མཆེད་པ་དང༌། །ཉེ་བར་ཐོབ་དང་འོད་གསལ་བ། །སྟོང་དང་ཤིན་ཏུ་སྟོང་པ་དང༌། །སྟོང་པ་ཆེ་དང་ཐམས་ཅད་སྟོང༌། །སེམས་དང་སེམས་བྱུང་མ་རིག་པ། །གསུམ་ལས་འདས་པ་མངོན་པར་མཚན། །ཆགས་བྲལ་དང་ནི་བར་མ་ཉིད། །དེ་བཞིན་དུ་ནི་ཆེན་པོ་དག །ཡིད་ལ་འགྲོ་ཞིང་འོང་བ་དང༌། །མྱ་ངན་ལ་སོགས་གསུམ་དེ་བཞིན། །ཞི་དང་རྣམ་རྟོག་འཇིགས་པ་དང༌། །འཇིགས་པ་བར་དང་ཤིན་ཏུ་འཇིགས། །སྲེད་དང་སྲེད་པ་བར་མ་དང༌། །ཤིན་ཏུ་སྲེད་དང་ཉེར་ལེན་དང༌། །མི་དགེ་བཀྲེས་དང་སྐོམ་ཉིད་དང༌། །ཚོར་བ་ཚོར་བ་བར་མ་དང༌། །ཤིན་ཏུ་ཚོར་བའི་སྐད་ཅིག་དང༌། །རིག་པ་པོ་དང་རིག་འཛིན་གཞི། །སོ་སོར་རྟོགས་དང་ངོ་ཚ་ཤེས། །སྙིང་རྗེ་དང་ནི་རྩེ་བ་གསུམ། །དགོས་པ་བསམ་པ་ཉིད་དང་ནི། །ཕྲག་དོག་ཅེས་ནི་བྱ་བར་བཤད། །དང་པོའི་རང་བཞིན་རྣམས་སོ། །ཆགས་དང་ཞེན་དང་དེ་བཞིན་དགའ། །དགའ་བ་བར་མ་ཤིན་ཏུ་དགའ། །དྭངས་དང་རབ་ཏུ་མགུ་བ་དང༌། །ངོ་མཚར་དེ་བཞིན་རྒོད་པ་དང༌། །ཚིམ་དང་དེ་བཞིན་འཁྱུད་པ་དང༌། །འོ་བྱེད་དེ་བཞིན་འཇིགས་པ་དང༌། །བརྟེན་དང་བརྩོན་


LT26_Page_108A
[མ་དཔེ་གཟིགས་ན་འདིར་གནོན།]

དང་ང་རྒྱལ་དང༌། །བྱ་དང་འཕྲོག་དང་སྟོབས་དང་ནི། །སྤྲོ་དང་ལྷན་ཅིག་སྐྱེས་ཉིད་དང༌། །དེ་བཞིན་གྱ་ཚོམ་བར་མ་དང༌། །གྱ་ཚོམ་ཆེན་པོ་དྲག་པོའོ། །རྣམ་པར་སྒེག་དང་ཞེ་འགྲས་ཉིད། །དགེ་དང་ཚིག་གསལ་བདེན་པ་དང༌། །མི་བདེན་པ་དང་དེ་བཞིན་དེས། །ཉེ་བར་མི་ལེན་སྦྱིན་པས་སོ། །བསྐུལ་དང་དེ་བཞིན་དགའ་བ་དང༌། །ངོ་ཚ་མེད་དང་སྒྱུ་དང་གདུག །མི་སྲུན་པ་དང་གྱུ་གྱུ་ཉིད། །གཉིས་པའི་རང་བཞིན་རྣམས་སོ། །ཆགས་པ་བར་མའི་སྐད་ཅིག་དང༌། །བརྗེད་ངེས་པ་དང་འཁྲུལ་པ་དང༌། །མི་སྨྲར་གྱུར་དང་སྐྱོ་བ་དང༌། །ལེ་ལོ་དེ་བཞིན་ཐེ་ཚོམ་མོ། །གསུམ་པའི་རང་བཞིན་རྣམས་སོ། །རང་རིག་ཙམ་གྱི་ཡེ་ཤེས་ནི། །ནམ་མཁའ་ལྟ་བུར་མཚན་ཉིད་མེད། །འོན་ཀྱང་འདི་ལ་དབྱེར་ཡོད་དེ། །མཚན་མོ་ཉིན་མོ་མཚམས་བདག་ཉིད། །མཚན་མོ་སྣང་བའི་ཆ་སྟེ། །ཚ་བ་ཉི་མའི་ཟེར་འགྱེད་སྣང་བ་མཆེད་པ་ཡིན། །མཚམས་ནི་སྣང་བ་ཐོབ་པ་རང་གི་རང་བཞིན་རྣམས་ཀྱིས་ལན་གཅིག་མིན་པར་འགྲོ། །མཚན་མིན་ཉིན་པར་མ་ཡིན་མཚམས་མིན་གང་ཞིག་རང་བཞིན་རྣམས་དང་རྣམ་བྲལ་བ། །དེ་ཉིད་བྱང་ཆུབ་སྐད་ཅིག་ཡིན་པར་བླ་མ་མཆོག་བཤད་རྣལ་འབྱོར་པ་ཡི་ཡུལ། །ཇི་ལྟར་སྤྲིན་ནི་སྣ་ཚོགས་ཤིང༌། །མདོག་དང་དབྱིབས་ནི་ཐ་དད་པ། །ནམ་མཁའི་དབྱིངས་སུ་བྱུང་ནས་ནི། །དེ་ཉིད་དུ་ནི་ཐིམ་པར་འགྱུར། །དེ་བཞིན་རང་བཞིན་ཐམས་ཅད་ནི། །སྣང་བ་གསུམ་གྱི་རྒྱུ་ཅན་དེ། །མ་ལུས་ཡུལ་ལ་ཞུགས་ནས་ནི། །འོད་གསལ་བར་ན་འཇུག་པར་འགྱུར། །སྣང་བ་ཀུན་དང་བུད་མེད་སྦྱོར་བ་དང༌། །འཆི་བའི་སེམས་དང་གཉིད་ལ་མངོན་འཇུག་པ། །རིལ་བོར་འཛིན་དང་གཞན་ནི་རྗེས་སུ་གཞིག །རང་བཞིན་གཉིས་སྦྱོར་གཞན་ལས་རྟོགས་པར་བྱ། །རླུང་རྣམས་ཕྲ་བའི་གཟུགས་ཀྱིས་ནི། །ཤེས་དང་ཡང་དག་འདྲེས་གྱུར་ནས། །དབང་པོའི་ལམ་ལས་བྱུང་ནས་ནི། །ཡུལ་རྣམས་ལ་ནི་དམིགས་པར་བྱེད། །སྙིང་པོར་གྱུར་པ་རང་སྲོག་ལས། །ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མ་རླུང་གི་ཁམས་གསུམ་པོ། །རྨི་ལམ་རྨི་བ་བཞིན་དུ་མཐོང༌། །


LT26_Page_108B
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་སོགས་པ་བཞི་པོ་དང༌། །དེ་བཞིན་སྟོང་པ་བཞི་པོ་དག །སྐྱེ་དང་འཇིག་པའི་རྒྱུ་ཉིད་དང༌། །དངོས་པོ་བརྒྱད་པོ་རྣམ་ཤེས་བྱ། །ཆོས་ཀྱི་འཁོར་ལོ་ཆོས་ཀྱི་སྐུ། །ཤི་དང་བརྒྱལ་དང་གཉིད་དང་རྨོངས། །བདེ་བ་ལས་ནི་རང་རིག་པ། །ཆོས་ཀྱི་སྐུ་རུ་མངོན་པར་བརྗོད། །ཆོས་ཀྱི་འཁོར་ལོའོ། །ཞེས་པ་ནི་འོད་གསལ་བའི་ཡེ་ཤེས་སོ། །ལྷ་དང་བླ་མར་བསྙེན་བྱ་ཞིང༌། །སྒྱུ་མ་ལྟ་བུར་རྣམ་བསམ་མོ། །སྙིང་རྗེའི་སེམས་དང་ལྡན་པ་ལ། །བདུད་ཀྱི་འཇུག་པ་ཡོད་མ་ཡིན། །ནུས་བྲལ་སྤྱོད་པ་མ་འཁྲུལ་བས། །བདེ་དང་འཇིགས་དང་ཡིད་མི་བདེ། །གང་ལའང་སེམས་ཁྲལ་ཡོངས་སྤངས་ནས། །ཇི་ལྟར་གདུང་བ་མེད་པར་སྤྱོད། །ལུས་ནི་རྒྱལ་བ་ཐམས་ཅད་དང༌། །དེ་བཞིན་སེམས་ཅན་དོན་སྒྲུབ་ཕྱིར། །ཡང་ན་གནོད་བྱེད་རྣམས་ལ་སྦྱིན། །སེམས་ཀྱི་གཡོ་བ་བཅད་བར་བྱ། །ཡིད་ནི་གཞན་དུ་མ་གྱུར་པར། །སྣ་ཚོགས་སྤྱོད་པས་རང་དང་གཞན། །མཉམ་པ་ཉིད་དུ་རབ་སྤྱོད་པ། །འདི་ལ་བདུད་ཀྱི་འཇུག་པ་མེད། །ལྟེ་བ་ལ་ནི་རླུང་གནས་ཤིང༌། །མཁྲིས་པ་སྙིང་དང་མགྲིན་པ་ལ། །དཔྲལ་བ་གཙུག་ཏོར་ལ་བད་ཀན། །འདུས་པ་གསང་བའི་འཁོར་ལོ་སྟེ། །དེ་དེར་སྦྱོར་བས་ཞི་བར་འགྱུར། །གྲང་ནད་ཐུར་སེལ་བྱེད་པ་ཅན། །གྱེན་རྒྱུ་མ་ཉམས་གནས་སྐྱོན་ཚབ། །འཁྲུལ་འཁོར་གཡོ་བས་རྩད་ནས་འཛེམ། །རླུང་བཅུའི་སྐྱོན་ཡང་དེ་དེར་བསལ། །ཕྱིན་ཅི་ལོག་ཏུ་རྣམ་སྦྱང་ཞིང༌། །ནམ་ཡང་བྱང་ཆུབ་སེམས་འདི་སྲུང༌། །ཁ་ཟས་སྤྱོད་ལམ་སྦྱོར་བའི་ཟས། །དེ་དེས་སེམས་ཀྱི་སྐྱོན་ཞི་བྱ། །བླ་མ་དམ་པའི་ཞལ་ལུང་སྟེ། །གཞན་ལས་ཡོངས་སུ་རྟོགས་པ་མིན། །འདུས་པ་དང་ནི་སྡོམ་པ་དང༌། །དགྱེས་པའི་རྡོ་རྗེར་ཡང་བཤད་དོ། །ཡེ་ཤེས་ལྡན་པའང་སྤྱོད་མི་བྱེད། །དེ་ཡིས་ཚེ་འདིར་བྱང་ཆུབ་མེད། །དེ་ཕྱིར་ཡེ་ཤེས་བརྟན་གནས་པས། །འདོད་ཆགས་གར་གྱི་རོལ་མོ་བྱ། །དང་པོར་མཚན་དུས་གསང་སྟེ་སྤྱད། །གཉིས་སྤངས་ཀུན་ཏུ་སྤྱོད་པས་རྒྱུ། །གལ་ཏེ་དྲོ་བའི་བྱ་བ་ཐོབ། །རྣལ་འབྱོར་ལྡན་བར་ཁས་བླང་ངོ༌། །ཕྱི་ནས་འཕགས་པའི་གནས་ཐོབ་པ། །དེ་ནས་ཕྱོགས་ལས་


LT26_Page_109A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་བྱ། །ཤ་ཟ་བཞིན་དུ་ཀུན་སྤྱོད་པའམ། །ཡང་ན་ཁྱིམ་དུ་ཟློས་གར་བྱ། །རིམ་པ་དང་པོར་རིག་འཛིན་དང༌། །འདོད་དང་གཟུགས་ཁམས་ལྟར་སྒྲུབ་པ། །ཡེ་ཤེས་སྐུ་དང་མངོན་བྱང་ཆུབ། །ས་དང་ས་ལ་མངོན་བགྲོད་པ། །དེ་བཞིན་མངོན་པར་བྱང་ཆུབ་ཆེ། །སྤྱོད་པའི་དུས་ནི་རྣམ་པ་ལྔ། །བསྐྱེད་རིམ་བདེ་བ་བཅས་བསྒོམ་ན། །དྲན་པ་ཉེར་བཞག་རྣམ་བཞིའོ། །ཡང་དག་སྤོང་དང་རྫུ་འཕྲུལ་རྐང༌། །དབང་པོ་སྟོབས་རྣམས་སྤྱོད་བཅས་པ། །བདེ་ཆེན་བྱང་ཆུབ་ཡན་ལག་བདུན། །ས་དང་ས་ལ་ཡན་ལག་བརྒྱད། །འོན་ཀྱང་འདི་ལ་དབྱེར་ཡོད་དེ། །རྩ་རྣམས་ལས་ནི་ས་བཅུ་དང༌། །རླུང་གི་བགྲོད་བཅས་དེ་བཞིན་བཅུ། །གཞན་ནི་ཡེ་ཤེས་ས་བཅུ་སྟེ། །རྩ་སོགས་ཡེ་ཤེས་ལུས་ཐིམ་པའོ། །བཅུ་གཉིས་ས་ཡི་དབང་ཕྱུག་ནི། །བདེ་མཆོག་བདེ་ཆེན་རྡོ་རྗེ་འཛིན། །རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ལས། །མན་ངག་རབ་ཏུ་བསྡུས་པའོ། །དཔལ་ལྡན་བདེ་ཆེན་ལས་འོངས་པ། །མི་ཤེས་འཇིག་རྟེན་རྨོངས་རྣམས་ལ། །སེམས་ནི་སྙིང་རྗེའི་དབང་གྱུར་པས། །བདེ་ཆེན་རྡོ་རྗེ་བདག་གིས་བཤད། །ཅེས་པ་ནི་རྡོ་རྗེའི་ལམ་བཟང་པོ་གསལ་བར་བྱེད་པ་སློབ་དཔོན་ཆེན་པོ་བདེ་བ་ཆེན་པོའི་རྡོ་རྗེ་ཞེས་བྱ་བ་དཔལ་ལྡན་ཧེ་རུ་ཀར་མངོན་པར་དབང་བསྐུར་བ་བརྟུལ་ཞུགས་སྤྱོད་པ་ཞི་བ་སྦས་པས་མཛད་པའོ། །མཆོག་ཏུ་རྒྱ་ཆེའི་གཞུང་ལུགས་ལས། །དཱི་ན་ག་རས་རྣམ་བསྡུས་པ། །ཡེ་ཤེས་མཆོག་གིས་མཆོད་བྱས་སྟེ། །འགྲོ་ལ་ཕན་པ་བསྐྱེད་ཕྱིར་བྱས། །རྒྱ་གར་གྱི་མཁན་པོ་བུདྡྷ་གུཔྟཱ་ཞལ་སྔ་ནས་དང༌། ནིརྦཱ་ཎ་ཤྲཱིའི་ཞབས་ལ་རྨོངས་པ་ཏཱ་ར་ནཱ་ཐཱས་ཞུས་ཏེ་གུས་པ་ཆེན་པོས་འབད་པས་བསྒྱུར་བའོ། །རིམ་ལྔ་དང་ཀྱཻ་རྡོ་རྗེའི་ལུང་དྲངས་པ་སོགས་ནི་འགྱུར་སྙིང་ཇི་ལྟ་བ་བཞིན་དུ་བྲིས་པའོ། །སློབ་དཔོན་ཆེན་པོ་ཞི་བ་སྦས་པས་ནང་གི་ཁྱབ་པ་ཞེས་བྱ་བ་ཚིག་བཅད་ཉིས་བརྒྱ་པ་དང༌། རྩ་བའི་མདོ་ལ་ཕྱེད་དང་ཉིས་བརྒྱ། རླུང་གི་མདོ་ལ་ཕྱེད་དང་ཉིས་བརྒྱ། ཁམས་ཀྱི་མདོ་བརྒྱ་ཕྲག་གཅིག །ལམ་ལྔ་བསྟན་པ་ལ་ལུང་འདྲེན་མི་ཐེ་བ་ཚིག་གསར་ཉིས་བརྒྱ། །རྒྱུ་བསྟན་པ་ལ་བརྒྱ། གནས་བསྟན་པ་ལ་ཉིས་བརྒྱ། ཕྱག་རྒྱ་ཆེན་པོ་


LT26_Page_109B
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རྫོགས་པ་དང༌། གཏུམ་མོའི་གཞུང་ལ་བརྒྱ་ཉི་ཤུ། ངེས་པའི་ལམ་རྫོགས་པ་དང༌། ལྷན་སྐྱེས་གསལ་བ་ཞེས་པ་ལ་བརྒྱ་བདུན་ཅུ། ཕྱག་རྒྱས་ལམ་རྫོགས་པ་དང༌། ཡེ་ཤེས་ངེས་བསྟན་ལ་སུམ་བརྒྱ། སྒྱུ་ལུས་དང་འོད་གསལ་རྣམ་པར་བཞག་པ་དང༌། མན་ངག་ཐོར་བུ་ལ་ལྔ་བརྒྱ། གསང་བ་འདུས་པ་དང༌། ཀྱཻ་རྡོ་རྗེ་དང་བདེ་མཆོག་རྣམས་ལ་བསྡུས་པའི་དོན་གྱི་ཚིགས་སུ་བཅད་པ་དང༌། རྡོ་རྗེའི་གླུ་དང་སྒྲུབ་ཐབས་ཆུང་ངུ་ཡང་མང་དུ་མཛད་པར་གདའ་བ། རྒྱས་པ་ལ་དགའ་བའི་དབང་དུ་བྱས་པ་དང༌། འབྲིང་དུ་དགའ་བ་ལ་དེ་དག་ལས་བསྡུས་ཏེ། རྡོ་རྗེའི་ལམ་ཆེ་བ་ཚིགས་བཅད་སྟོང་ཙམ་ཡོད་པ། སློབ་མ་མཆོག་མང་པོས་སྤྱན་སྔར་བསྡུས་སོ། །བསྡུས་པ་ལ་དགའ་བ་ལ་ལམ་བར་པ་ཚིགས་བཅད་སུམ་བརྒྱ་པ་སློབ་དཔོན་སུ་མ་ཏིས་བསྡུས་སོ། །ཤིན་ཏུ་བསྡུས་པ་ལ་དགའ་བའི་དོན་དུ་གཞུང་ཆུང་བ་འདི་ལ། རྒྱ་གར་སྐད་དུ་ཚིགས་བཅད་བརྒྱ་དང་ལྔ་ཡོད་པ་ཡིན་ཏེ། བོད་སྐད་དུའང་རགས་རྩིས་ལ་ཚིགས་བཅད་དེ་རྩམ་སྟེ། རྣལ་འབྱོར་མ་ཆེན་མོ། །དཱི་ན་ཀ་རས་ཞུས་ནས་བསྡུས་པ། འདི་ནི་ཤིན་ཏུ་དར་བ་ཡིན་པར་གདའ་འོ། །ཞེས་པའང་ཏཱ་ར་ན་ཐས་རེག་ཟིག་གོ། །།

གདམས་ངག་མཛོད་པོད་བཅུ་བདུན་པ།
བཀའ་བབས་དྲུག་ལྡན་གྱི་འཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་།


LT26_Page_110A
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བབས་དྲུག་ལྡན་གྱི་འཁྲིད་ཡིག་འཕགས་ཡུལ་གྲུབ་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།། །།


LT26_Page_110B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང༌། །ངོ་མཚར་དགའ་བཞིའི་རྣམ་རོལ་བགྲང་ཡས་རྣམས། །ལྷན་སྐྱེས་སྙིང་པོའི་ངོ་བོར་སྡོམ་མཁས་པ། །རྡོ་རྗེ་སློབ་དཔོན་མཆོག་ལ་དང་པོར་འདུད། །ལྔ་བརྒྱའི་དུས་འདིར་ཟུང་འཇུག་རྡོ་རྗེའི་སྐུ། །ཟབ་མོའི་ལམ་ལས་མངོན་དུ་གྱུར་པའི་མཐུས། །གསང་ཆེན་བསྟན་པའི་ལམ་སྲོལ་གསལ་མཛད་པ། །གྲུབ་པའི་དཔའ་བོ་བདེ་ཆེན་རྡོ་རྗེ་རྒྱལ། །བཀའ་བབས་དྲུག་གི་ཆུ་བོ་མཐའ་དག་ཀུན། །ཁྱོད་ཐུགས་བདེ་ཆེན་ཀློང་དུ་འཁྱིལ་བ་ལས། །དཔལ་ལྡན་སྐལ་བཟང་ཡོངས་ཀྱི་ཉེར་འཚོའི་གཞིར། །སྔོན་མེད་དམ་ཆོས་གསལ་བའི་དགའ་སྟོན་བཀྱེ། །རྒྱུད་རྣམས་ཀུན་གྱི་ཟབ་མོའི་དོན། །གྲུབ་བརྙེས་བྱེ་བས་མངོན་བགྲོད་ལམ། །བླ་མའི་ཞལ་ལུང་ལས་བྱུང་བ། །ཡི་གེའི་ལམ་དུ་སྤེལ་བར་བྱ། །དེ་ལ་འདིར་གྲུབ་པའི་སློབ་དཔོན་ཆེན་པོ་ཞི་བ་སྦས་པས་བཀའ་བབས་དྲུག་གི་མན་ངག་ཕྱོགས་གཅིག་ཏུ་བསྡུས་པའི་ཁྲིད་ཚུལ་འདི་ལ། དང་པོ་བསྐྱེད་པའི་རིམ་པ། གཉིས་པ་ཕྱག་རྒྱ་ཆེན་པོ། །གསུམ་པ་


LT26_Page_111A
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོའི་རྣལ་འབྱོར། བཞི་པ་འོད་གསལ། ལྔ་པ་ལས་རྒྱ། དྲུག་པ་མན་ངག་ཐོར་བུའོ། ༈ །དང་པོ་བསྐྱེད་པའི་རིམ་པའི་ཁྲིད་ལ་སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་སྔོན་འགྲོ་ནི་རང་གི་མདུན་གྱི་ནམ་མཁའི་གནས་སུ། རིན་པོ་ཆེའི་ཁྲིའི་སྟེང་དུ་རྩ་བའི་བླ་མ་མཚན་ལྡན་གྱི་རིག་མས་འཁྱུད་པ་ཞིག་དམིགས་ལ་མོས་གུས་དྲག་ཏུ་བྱ་ཞིང༌། དཔལ་ལྡན་བླ་མ་རིན་པོ་ཆེས་བདག་གི་རྒྱུད་ལ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ཡང་དག་པར་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་བོ། །གཉིས་པ་ལ་སྔོན་དུ་འགྲོ་བའི་བསྙེན་པ་དང༌། དངོས་གཞིའི་སེམས་འཛིན་གྱི་རིམ་པའོ། །དང་པོ་ལ། བསྙེན་པ་ཆུང་འབྲིང་ཆེ་གསུམ་ལས། དང་པོ། རང་གི་མེ་ཏོག་འཕོག་པའི་ལྷ་ཡོད་ན་དང༌། དེའི་ངེས་བཟུང་མེད་ན། རང་ཡི་དམ་གང་བྱེད་ཀྱི་གཙོ་བོ་དེ་སྐད་ཅིག་བསྒོམས་ལ། གྲངས་ཀྱི་བསྙེན་པ་སྐྱེལ་བ་ནི། བསྙེན་པ་ཆུང་ངུ་དང༌། གཉིས་པ་ནི། རང་ཉིད་གཙོ་བོར་གསལ་བའི་སྐུ་ལ། ལུས་དཀྱིལ་འགོད་པ་སྟེ། བདེ་


LT26_Page_111B
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལྟ་བུ་ལུས་དཀྱིལ་ཡོད་པ་རྣམས་སོ་སོའི་གཞུང་ལས་འབྱུང་བ་བཞིན་བསྒོམ་ཞིང༌། དེ་ལྟ་མ་ཡིན་ན་ལུས་དཀྱིལ་སྤྱི་འགྲོ་ནི། སྤྱི་བོ་ལ་སོགས་པའི་གནས་དྲུག་ཏུ་རིགས་དྲུག་ཡུམ་དང་བཅས་པ། མིག་ལ་ས་སྙིང༌། རྣ་བར་ཕྱག་རྡོར། སྣར་ནམ་མཁའི་སྙིང་པོ། །ལྕེར་འཇིག་རྟེན་དབང་ཕྱུག །ལུས་སྒྲིབ་སེལ། ཚིགས་ཀུན་བཟང༌། རྩ་རྒྱུས་བྱམས་པ་སྟེ། དེ་རྣམས་དང༌། གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག །ཚིགས་ཆེན་བཅུ་ལ་ཁྲོ་བོ་ཡབ་ཡུམ་བཅུ་རྣམས་བཀོད་ལ་གྲངས་ཀྱི་བསྙེན་པ་བསྐྱེལ་བ་ནི་བསྙེན་པ་འབྲིང་པོ་དང༌། གསུམ་པ་ནི། དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་རྫོགས་བསྒོམས་ལ། གྲངས་བསྙེན་ཡོངས་རྫོགས་བསྐྱེལ་བ་ནི་བསྙེན་པ་ཆེན་པོའོ། །བསྙེན་པ་ཆུང་འབྲིང་ཆེ་གསུམ་པོའི་ངག་གི་དགོས་པ་ནི། ལམ་བསྒོམ་པ་ལ་བར་ཆད་མི་འབྱུང་བའི་ཕྱིར་ཙམ་དང༌། རྒྱུད་བྱིན་གྱིས་རློབ་པ་ཡིན་གྱི། །གསལ་སྣང་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །གཉིས་པ་སེམས་འཛིན་ལ་རྟོགས་པའི་རྣལ་འབྱོར་དང་དྲན་པ་གཅིག་པའོ། །དང་པོ་ལ། ལྷར་སྣང་ལ་སློབ་པ་དང༌། ང་རྒྱལ་ལ་སློབ་པ་དང༌། དེ་གཉིས་ལ་སྟོང་པས་རྒྱས་འདེབས་པའོ། །དང་པོ་ལ་ཐུན་ཐུན་མཚམས་གཉིས་ལས། དང་པོ་ནི། །ཐོག་མར་གཙོ་བོའི་སྐུ་ལ་སེམས་འཛིན་པ་སྟེ། །རང་གི་མདུན་དུ་བྲིས་སྐུ་མཆར་པ་ཞིག་བཀྲམས་ལ། །དེ་ལ་ཡང་ཡང་བལྟ་ཞིང༌། རང་ཉིད་གཙོ་རྐྱང་དུ་བསྒོམ། ཐུན་མཚམས་སུ་འོག་འགྱུ་དང༌། བྱ་བྱེད་གཞན་མི་བྱེད་པར། ལྷ་སྐུའི་སྣང་བ་འབའ་ཞིག་བསྒོམ་མོ། །དེ་ལྟ་བུའི་སྒོ་ནས་གསལ་སྣང་མ་ཐོབ་ཀྱི་བར་དུ་བསྒོམས་པས། །དེ་ལ་གསལ་སྣང་ཐོབ་པ་ན། །དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་རྫོགས་བསྒོམས་ལ་གསལ་སྣང་ཐོབ་པར་བྱ། དེ་ལ་ཡང་གསལ་སྣང་ཐོབ་ན། ཕྱི་རོལ་གྱི་དངོས་པོ་གང་ཡང་རུང་བ་ཞིག་ལྷ་སྐུར་བསྒོམ་སྟེ་གསལ་སྣང་ཐོབ་པར་བྱའོ། །དེ་ནས་སྣོད་ཀྱི་འཇིག་རྟེན་ཐམས་


LT26_Page_112A
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་སྐུར་བསྒོམ་མོ། །གཉིས་པ་ཐུན་མཚམས་སུ་དཀྱིལ་འཁོར་གྱི་ཐུགས་ཀ་ནས། །གཙོ་བོ་གཉིས་པ་ཞིག་བྱུང་སྟེ། ཤར་སྒོ་ལྟ་བུ་གང་ཡང་རུང་བ་ཞིག་ནས་འཐོན་ཏེ། སྤྱོད་ལམ་ལ་འཇུག་ཅིང༌། དེའི་སྐབས་སུ་ཡང་རང་ཉིད་གང་དུ་འདུག་པའི་གནས་གཞལ་མེད་ཁང་དང་གྲོགས་ལྷར་མོས་པར་བྱའོ། །གཉིས་པ་ང་རྒྱལ་ལ་སློབ་པ་ལ། རང་ཉིད་མི་ཡིན་ནོ་སྙམ་པའི་ང་རྒྱལ་སྤངས་ཏེ། །བདག་ཉིད་སྐྱོན་ཀུན་སྤངས་ཡོན་ཏན་ཀུན་རྫོགས་པའི་ལྷ། དཔེར་ན། འཁོར་ལོ་སྡོམ་པ་ལྟ་བུ་ཡིན་སྙམ་པའི་ང་རྒྱལ་བྱེད་པ་སྟེ་དམིགས་པ་དང་པོའོ། །དེ་ནས་རང་ཉིད་ལྷ་སྐུར་གསལ་བའི་སྤྱན་ནི་འཁོར་ལོ་བདེ་མཆོག་གི་སྤྱན་ཡིན། ཞལ་ནི་འཁོར་ལོ་བདེ་མཆོག་གི་ཞལ་དང༌། དེ་བཞིན་དུ་ལུས་སྐུ་དང༌། ངག་གསུང༌། སེམས་འཁོར་ལོ་བདེ་མཆོག་གི་ཐུགས་ཡིན་སྙམ་སྒོམ་པར་བྱེད་པ་ནི་གཉིས་པའོ། །དེ་ནས་འཇིག་རྟེན་གྱི་ཁམས་ན། །སྐུ་རྣམ་པ་ཐམས་ཅད་པས་གང་ལ་གང་འདུལ་གྱིས་སེམས་ཅན་གྱི་དོན་མཛད་པ་དང༌། གསུང་སྒྲ་དབྱངས་རྣམ་པ་ཐམས་ཅད་པས་སེམས་ཅན་སོ་སོའི་བསམ་པ་དང་མཐུན་པར་ཆོས་སྟོན་པ་དང༌། ཐུགས་ཤེས་བྱ་ཐམས་ཅད་མཁྱེན་པ་ལ་སོགས། མདོར་ན་སྐུ་གསུང་ཐུགས་ཀྱི་གསང་བ་ཐམས་ཅད་ཁྱབ་བདག་འཁོར་ལོ་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་སྣང་ཆ་ཡིན་སྙམ་པའི་ང་རྒྱལ་བྱའོ། །གསུམ་པ་སྟོང་པའི་རྒྱས་འདེབས་པ་ནི། བདག་ཉིད་དཔལ་འཁོར་ལོ་བདེ་མཆོག་ཏུ་གསལ་བའི་ལྷ་སྐུ་འདི་གང་ནས་ཡང་མ་བྱུང༌། གང་དུ་ཡང་མི་འགྲོ། །ད་ལྟར་འདི་ལྟར་ཡིན་བྱ་རྒྱུ་ཡང་མེད་པས། རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་པར་འདུག །སྣང་ཆ་ཡང་མི་འགགས་ཏེ། སྣང་ལ་རང་བཞིན་མེད་པའི་སྒྱུ་མ་ལྟ་བུའོ། །སྙམ་དུ་བསྒོམ་མོ། །ལྷ་ཡི་ང་རྒྱལ་ཡང་སྟོང་ཉིད་དུ་བསྒོམ་པ་ནི།


LT26_Page_112B
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་གྱི་འཛིན་སྟངས་སྣང་ཆ་མ་འགགས་པ་ལ། རང་བཞིན་སྤྲོས་པ་ཐམས་ཅད་དང་བྲལ་བ་སྒྱུ་མ་ལྟ་བུར་བསྒོམ་མོ། །གཉིས་པ་དྲན་པ་གཅིག་པ་ལ། སྟེང་གི་སྣ་རྩེར་བསྒོམ་པ་དང༌། སྙིང་གའི་སྣ་རྩེར་བསྒོམ་པ་དང༌། །འོག་གི་སྣ་རྩེར་བསྒོམ་པའོ། །དང་པོ་ནི། རྟོགས་པའི་རྣལ་འབྱོར་གྱི་སྐབས་སུ་ལྷ་སྐུ་རགས་པ་ལ་གསལ་སྣང་ཐོབ་ན། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོར་གསལ་བ་དང༌། འཁོར་གྱི་ལྷ་རྣམས་ཀྱང་གསལ་བ་ཙམ་བྱ། རང་ཉིད་གཙོ་བོར་གསལ་བའི་སྣ་རྩེའི་ནང་དུ་ཐིག་ལེ་སྲན་ཆུང་ཙམ་ཁ་དོག་ལྷའི་སྐུ་མདོག་དང་མཚུངས་པ་ཞིག་གསལ་བཏབ་ལ། དེ་ལ་སེམས་འཛིན། དེ་ལ་གསལ་སྣང་ཐོབ་པ་ན། འཁོར་གྱིས་ལྷ་རྣམས་ཀྱང་གསལ་བ་ཙམ་བྱ། རང་ཉིད་གཙོ་བོར་གསལ་བའི་སྣ་རྩེའི་ནང་དུ། །ཐིག་ལེ་སྲན་ཆུང་ཙམ་ཁ་དོག་ལྷའི་སྐུ་མདོག་དང་མཚུངས་པ་ཞིག་གསལ་བཏབ་ལ། དེ་ལ་སེམས་འཛིན། དེ་ལ་གསལ་སྣང་ཐོབ་པ་ན། འཁོར་གྱི་ལྷའི་གནས་རྣམས་སུ་སོ་སོའི་སྐུ་མདོག་དང་མཚུངས་པའི་ཐིག་ལེ་རེ་རེ་བསྒོམས་ལ། །སྣ་རྩེའི་ཐིག་ལེ་དང་དེ་གཉིས་ཀ་ལ་སེམས་འཛིན་ནོ། །དེ་གཉིས་ཀ་ལ་གསལ་སྣང་ཐོབ་ན། སྣ་རྩེའི་ཐིག་ལེའི་ནང་དུ་ཁང༌། ལྷ་གྲངས་དང་མཉམ་པའི་ཐིག་ལེ། ལྷ་སོ་སོའི་ཁ་དོག་དང་མཐུན་པ་བསྒོམས་ལ་གསལ་སྣང་ཐོབ་པར་བྱ། དེ་ནས་སྣ་རྩེའི་ཐིག་ལེའི་ནང་དུ་གཞལ་མེད་ཁང་དང༌། དེའི་ནང་དུ་ཐིག་ལེའི་ལྷ་ཚོགས་སྔར་བཞིན་བསྒོམ་ཞིང༌། དེ་ལ་གསལ་སྣང་ཐོབ་ན། གཞལ་ཡས་ཁང་གི་ནང་དུ་ལྷ་སྐུའི་རྣམ་པ་དཀྱིལ་འཁོར་གྱི་འཁོར་ལོ་ཇི་ལྟ་བ་བསྒོམས་ལ་གསལ་སྣང་ཐོབ་པར་བྱའོ། །ཅི་སྟེ་ཐིག་ལེའི་དོང་དུ་ས་བོན་བསྒོམ་པ་ལ་སྤྲོ་ན། ཐོག་མར་སྣ་རྩེའི་ཐིག་ལེའི་ནང་དུ་ཧཱུྃ་ཡིག་སོགས་ལྷ་ཡི་ས་བོན་གང་ཡིན་པ་དེ་བསྒོམ་པ་དང༌། དཀྱིལ་འཁོར་གྱི་ལྷའི་འཁོར་ལོའི་ལྷའི་གནས་རྣམས་སུ་ཡང་རང་རང་གི་ས་བོན་བསྒོམས་ལ་གསལ་སྣང་


LT26_Page_113A
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བྱའོ། །སྣ་རྩེའི་ཐིག་ལེའི་ནང་དུ་ལྷ་གྲངས་དང་མཉམ་པའི་ས་བོན་དང༌། ཡང་གཞལ་མེད་ཁང་གི་ནང་དུ་ས་བོན་གྱི་དཀྱིལ་འཁོར་དང༌། དེ་ལ་བརྟན་པ་ཐོབ་ན་ལྷའི་སྐུ་བསྒོམ་མོ། །ཡང་ན་ས་བོན་གྱི་དོང་དུ་ཕྱག་མཚན་བསྒོམ་པ་སྔར་བཞིན་ནོ། །གཉིས་པ་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཞུ་བ་ལས་ཐིག་ལེ་སྲན་ཆུང་ཙམ་བསྒོམ་སྟེ། དེའི་ནང་དུ་སྔར་བཞིན་ཐིག་ལེའི་དཀྱིལ་འཁོར་རམ། ཡི་གེའི་དཀྱིལ་འཁོར་རམ། ཕྱག་མཚན་གྱི་དཀྱིལ་འཁོར་གང་ཡང་རུང་བ་ཞིག་བསྒོམས་ལ་མཐར་ཐིག་ལེའི་ནང་དུ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྒོམ་པའི་བར་སྔར་བཞིན་བྱའོ། །གསུམ་པ་ནི། རང་ཉིད་ཡི་དམ་དུ་གསལ་བའི་རྡོ་རྗེ་ནོར་བུའི་རྩེ་མོར་ཐིག་ལེ་སྲན་ཆུང་ཙམ་བསྒོམས་ལ། དེའི་ནང་དུ་ཐིག་ལེའི་དཀྱིལ་འཁོར་རམ་ཡི་གེའམ། ཕྱག་མཚན་གྱི་དཀྱིལ་འཁོར་གང་ཡང་རུང་བ་བསྒོམ་པའི་མཐར། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྔར་བཞིན་བསྒོམ་པར་བྱའོ། །སྟེང་གི་སྣ་རྩེ་དང་འོག་གི་སྣ་རྩེ་དང༌། སྙིང་གའི་སྣ་རྩེ་གསུམ་པོ་གང་ཡང་རུང་བ་གཅིག་བསྒོམས་པས་ཆོག་གི་གང་ཟག་གཅིག་གིས་གསུམ་དཀར་བསྒོམ་དགོས་པ་ནི་མ་ཡིན་ནོ། །ཚུལ་འདི་ལྟ་བུ་གོམས་པ་ལས། ཐིག་ལེ་ཕྲ་མོའི་ནང་དུ་རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་གསལ་སྣང་ཐོབ་པ་ནི། དྲན་པ་གཅིག་པ་མཐར་ཕྱིན་པ་ཡིན་ཞིང༌། དེ་ལྟ་བུའི་གང་ཟག་དེས་ནི་ཚེ་འདིར་རྫོགས་པའི་རིམ་པ་གཏན་མ་བསྒོམས་ཀྱང༌། སྐྱེ་བ་ཕྱི་མ་ལ་རྫོགས་རིམ་བསྒོམ་པའི་སྐལ་བ་ཅན་དུ་གྱུར་ཏེ། གདོན་མི་ཟ་བར་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །གཉིས་པ་ཕྱག་རྒྱ་ཆེན་པོའི་ཁྲིད་ལ་སྔོན་འགྲོ། དངོས་གཞི་གཉིས་ལས། །དང་པོ་ནི།


LT26_Page_113B
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་རིམ་གྱི་སྐབས་སུ་བཤད་པ་ལྟ་བུའམ། ཡང་ན་རང་གི་མདུན་དུ་རྩ་བའི་བླ་མ་བསྒོམ། དེའི་ཐུགས་ཀར་ཟླ་གདན་ལ་བྱང་ཆུབ་སེམས་ཀྱི་ངོ་བོ་ཨ་དཀར་པོ་གནས་པར་བསམས་ལ་མོས་གུས་དྲག་ཏུ་བྱའོ། །གཉིས་པ་དངོས་གཞི་ལ། ཐོག་མར་སེམས་གནས་པ་བསྒྲུབས་ཏེ། ཕྱིའི་དམིགས་རྟེན་ལ་བརྟེན་པ་ནི། རང་གི་མདུན་དུ་དམིགས་རྟེན་ཤིང་ལྟ་བུ་ཁ་དོག་ནག་པོ་བཞག་ལ། དེ་ལ་མིག་བལྟ་ཞིང་སེམས་ཡང་བསྒྲིམས་ལ། རྒྱང་ཙམ་ཞིག་ལ་བཞག་གོ །དེའི་སྐབས་སུ་འོག་འགྱུ་དང་རྣམ་རྟོག་སོགས་བྱུང་ན་འཕྲོ་གཅོད་པ་སོགས་སྤྱི་དང་འདྲའོ། །ཡང་རྒྱང་ཙམ་ཞིག་སེམས་དམིགས་རྟེན་ལ་མི་གཏོད་པར་བསམ་མེད་དུ་བཞག །ཚུལ་དེ་ལྟ་བུ་སྤེལ་མར་བསྒོམ་མོ། །ཡང་ན་དམིགས་རྟེན་གཉིས་པ་ནི། རང་གི་མདུན་དུ་རྡོ་ལེབ་ཆུང་ངུ་ལྟ་བུ་ཞིག་ལ་བཙག་དམར་གྱི་གཡུང་དྲུང་རིས་བྲིས་ལ། དེ་ལ་མིག་དང་སེམས་བསྒྲིམས་ཏེ་བཞག་པས། གཡུང་དྲུང་རིས་གཡོ་མེད་ལ་ཁྲིག་གེར་བཞག །ཡང་ཤེས་པ་ཁོང་ལྷོད་ཅིང༌། མིག་ཀྱང་ཅུང་ཟད་ལྷོད་པས། གཡུང་དྲུང་རིས་ཁོལ་ཁོལ་འཁོར་བར་བསམ་མོ། །ཡང་དམིགས་རྟེན་གསུམ་པ་ནི། རང་གི་མདུན་དུ་ནས་འབྲུའམ་རྡེའུའི་དཔལ་ར་ལྟ་བུའི་ཁོར་ཁོར་ཞིག་བརྩིག །དེ་དང་འགྱངས་ཅུང་ཟད་ཡོད་པར་ཡང་སྔར་བཞིན་དཔལ་ར་ལྟ་བུ་བརྩིགས་ལ། དེའི་བར་དུ་འཇག་མ་ལྟ་བུ་ཞིག་གིས་ཟམ་ཆུང་བཅུགས་ལ། དེ་ནས་མདུན་ཕྱོགས་ན་ཡོད་པའི་དཔལ་རའི་ཁལ་སེམས་དང༌། མིག་གཏད་ཅིང་བསྐོར་བ་ལན་བདུན་ཙམ་བྱ། ནང་གི་དམིགས་རྟེན་ལ་འཇོག་ཚུལ་ལྔ་ལས། དང་པོ་ཐིག་ལེ་ལ་སེམས་འཛིན་པ་ནི། རང་གི་ལྟེ་བར་ཐིག་ལེ་ཁ་དོག་ནག་པོ་ཞིག་དམིགས་ལ། དེ་ལ་སེམས་བཟུང་ཞིང༌། ཡང་དམིགས་མེད་ཀྱི་ངང་ལ་བཞག་གོ །སེམས་འཛིན་གཉིས་པ་ནི། ནམ་མཁའ་སྟོང་པའི་དབྱིངས་སུ་རང་ཉིད་གནས་པར་


LT26_Page_114A
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ལ། དེ་ནས་རང་ལུས་ཀྱི་མཐའ་ནས་རིམ་གྱིས་ཟགས་ཏེ། མཐར་ལུས་མི་དམིགས་པ་ཡལ་བར་བསམས་ལ་དམིགས་མེད་དུ་བཞག་གོ །སེམས་འཛིན་གསུམ་པ་ནི། རང་གི་གཡས་ནས་མི་མགོ་ནག་པོ་ཞིག་དང༌། གཡོན་ནས་མི་མགོ་ནག་པོ་གཅིག་སྟེ། དེ་གཉིས་གཡས་གཡོན་ནས་རྒྱུག་སྟེ་བྱུང་བ། རང་གི་མདུན་དུ་དེ་གཉིས་འཐབ་བར་བསམས་ལ། དེ་འདྲ་ལན་མང་དུ་བྱས་ཏེ་སེམས་འཛིན་ཞིང༌། མཐར་དམིགས་མེད་དུ་བཞག་གོ །སེམས་འཛིན་བཞི་པ་ནི། ཤར་ཕྱོགས་ཀྱི་ནམ་མཁའ་ལ་སེམས་གཏད། དེ་བཞིན་དུ། དེའི་ཡང་ཤར་དང༌། དེའི་ཡང་ཤར་སོགས། ཤར་ཕྱོགས་ཀྱི་ནམ་མཁའ་མཐའ་མེད་ཀྱི་བར་དུ་སེམས་གཏད་ཅིང༌། དེ་བཞིན་དུ་ཕྱོགས་བཅུ་ཀར་གྱི་ནམ་མཁའ་མཐའ་མེད་ལ་སེམས་བཟུངས་ལ་མཐར་དམིགས་མེད་ཀྱི་ངང་དུ་བཞག་གོ །སེམས་འཛིན་ལྔ་པ་ནི། རང་སེམས་དེ། ཡུལ་གང་ཡང་རུང་བ། སྔར་རང་གི་འགྲོ་མྱོང་བ་ཞིག་གིས་ལམ་ལ་རིམ་པས་ཕྱིན་ཅིང༌། ཡུལ་དེར་སླེབས་པ་ན། སླར་ཡང་རིམ་པས་ལམ་བརྒྱུད་དེ། རང་གང་དུ་གནས་པའི་གདན་གྱི་སྟེང་དུ་སླེབས་པར་བསམས་ལ། དེ་འདྲ་ཡང་ཡང་བྱ་ཞིང༌། མཐར་དམིགས་མེད་ཀྱི་ངང་ལ་སློད་ཅིང་བཞག་གོ །དེ་ལྟར་དམིགས་པ་དང་བཅས་པ་དེ་དག་ལ་བརྟེན་ནས་སེམས་ཀྱི་གནས་ཆ་ཅི་རིགས་པ་བྱུང་བའི་ཚེ། དེ་ནས་དམིགས་པ་མེད་པའི་ཚུལ་གྱིས་བཟོ་མེད་དུ་འཇོག་པ་ནི། སེམས་ཆེད་གཏད་སྒྲིམ་པ་ཡང་མ་ཡིན། ཆེད་གཏད་ལྷོད་པ་ཡང་མ་ཡིན་པ་བཟོ་མེད་དུ་ཤིག་གེ་བཞག་གོ །དེ་ནས་ཕྱི་རོལ་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་ཡུལ་གང་དང་གང་ལ་མཐོང་ཐོས་ལ་སོགས་པ་བྱུང་བའི་ཚེ། དཔེར་ན་མིག་གིས་གཟུགས་མཐོང་བ་ན། དེའི་སྣང་ཆ་མི་དགག་ཅིང་དེ་ལ་རྟོག་དཔྱོད་ཀྱང་མི་བྱེད་པར་དེ་ཁའི་སྟེང་དུ་བཟོ་མེད་དུ་ལྷོད་དེ་བཞག་གོ །དེ་ནས་ཕྱི་རོལ་


LT26_Page_114B
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡུལ་ཁོ་ན་ལ་མ་ལྟོས་པར་སེམས་ལ་བདེ་སྡུག་ཡུལ་སྣང་སོགས་ཅི་ཤར་ཡང༌། སྣང་ཆ་དེ་ཅུང་ཟད་ཙམ་མ་ཞིག་པར་བྱས་ལ། །དེ་ལ་བཟོ་མེད་དུ་ཤིག་གེ་བཞག་གོ །དེ་ལྟར་རྟོག་པ་གང་ཤར་དེ་ལ་བཟོ་མེད་བཞག་པས། །རང་ཡལ་ལ་ཞི་བར་འགྱུར་རོ། །གཉིས་པ་ངོ་སྤྲོད་པ་ལ། ངོ་སྤྲོད་སྐོར་བརྒྱད་ཡོད་པ་ལས། དང་པོ་སེམས་ཀྱི་རང་བཞིན་འོད་གསལ་དུ་ངོ་སྤྲོད་པ་ནི། རང་གི་སེམས་ལ་རང་སེམས་ཀྱིས་བརྟགས་ཤིང་དཔྱད་པ་ན། ཁ་དོག་དང༌། དབྱིབས་དང༌། གནས་གང་ན་ཡང་མེད་པས། ངོས་བཟུང་དང་བྲལ་བ་ཡིན་ཀྱང༌། གསལ་རིག་ཙམ་རང་རིག་གི་མྱང་བྱར་འདུག་པ་ནི་རང་བཞིན་གྱིས་འོད་གསལ་བའོ། །ཞེས་ངོ་སྤྲོད་པ་ནི་ངོ་སྤྲོད་སྐོར་དང་པོའོ། །གཉིས་པ་ནི། སེམས་ལ་རྣམ་པར་རྟོག་པ་སྣ་ཚོགས་པ་ཤར་བ་རྣམས། སྐད་ཅིག་སྔ་མ་སྔ་མ་འགགས། ཕྱི་མ་ཕྱི་མ་སྐྱེད་པར་བྱེད་ཅིང༌། སྐྱེས་ཙམ་ཉིད་ནས་མེད་པས་ན་དྲི་མ་རྣམས་གློ་བུར་བ་ཡིན་ནོ། །ཞེས་ངོ་སྤྲོད་པ་ནི་ངོ་སྤྲོད་སྐོར་གཉིས་པའོ། །གསུམ་པ་ནི། ཕྱི་རོལ་གྱི་སྣང་བ་སྣ་ཚོགས་པ་འདི་རྣམས་དང༌། སེམས་ལ་ཤར་བའི་རྣམ་པར་རྟོག་པ་སྣ་ཚོགས་པ་འདི་རྣམས་མ་བརྟག་མ་དཔྱད་པའི་ངོ་བོར་སྣང་བས་ན། མེད་ཅེས་ཀྱང་མི་བྱ་ལ། དེ་དང་དེའི་ངོ་བོར་མ་གྲུབ་པས་ན། །ཡོད་ཅེས་ཀྱང་མི་བྱ་བར། །ཡོད་མེད་གཉིས་ཀ་ལས་འདས་པའོ། །རང་སེམས་འདི་ཡང༌། ཕྱི་ནང་གང་དུ་ཡང་བཙལ་བས་མི་རྙེད་ཅིང༌། ངོས་བཟུང་དང་བྲལ་བས་ན། ཡོད་ཅེས་ཀྱང་མི་བྱ་ལ། གསལ་རིག་ཙམ་ཞིག་ཏུ་རིག་ཅིང་མྱང་བྱར་འདུག་པས་ན་མེད་ཅེས་ཀྱང་མི་བྱ་བས། ཡོད་མེད་གཉིས་ཀ་ལས་འདས་པའོ། །ཆོས་ཐམས་ཅད་གཅིག་མ་ཡིན་པའི་ཕྱིར་ཡིན་པ་ལས་འདས་པ་སྟེ། དཔེར་ན་མདུན་གྱི་བུམ་པ་ཡང་དོན་ལ་མེད་ལ། །ལྟོ་བ་ལྡིར་བ། ཞབས་ཞུམ་པ་ཞེས་པ་ཡང་དོན་ལ་མེད་པའི་ཕྱིར།


LT26_Page_115A
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་གཅིག་མ་ཡིན་ལ། དེས་ན་ལྟོ་བ་ལྡིར་བ་བུམ་པ་ཡིན་རྒྱུ་ཡང་མེད་དོ། །བུམ་པ་ཞེས་པ་དོན་ལ་མེད་ཅིང༌། ཀ་བ་ཞེས་པ་ཡང་མེད་ལ་བློས་བཏགས་པ་ཙམ་ཡིན་པའི་ཕྱིར། དེ་གཉིས་ཐ་དད་ཀྱང་མ་ཡིན་ལ། དེས་ན་བུམ་པ་ཀ་བ་མ་ཡིན་རྒྱུ་ཡང་མེད་པས། དེ་ལྟར་ཡོད་མིན་ཡིན་མིན་སོགས་སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ནོ། །ཞེས་ངོ་སྤྲོད་པ་ནི་ངོ་སྤྲོད་སྐོར་གསུམ་པའོ། །བཞི་པ་ནི། ཏིང་ངེ་འཛིན་བསྒོམ་པའི་གནས་སྐབས་སུ། ལུས་སེམས་བདེ་བའི་རྣམ་པ་བྱུང་ན། འདི་ཉིད་ཉམས་ཀྱི་བདེ་བ་ཡིན་གྱི། དོན་དམ་པའི་བདེ་བ་ནི་མ་ཡིན་ནོ། །ཞེས་དེ་ལ་ཞེན་པར་ཡང་མི་བྱེད། དགག་པར་ཡང་མི་བྱེད་དོ། །དེ་བཞིན་དུ་རེས་འགའ་སྟོང་སང་ངེ་བ་ལ་སོགས་པ་བྱུང་ན་འདི་ནི་གནས་ལུགས་ཀྱི་སྟོང་པ་མ་ཡིན་གྱི། སྟོང་བའི་ཉམས་ཡིན་ནོ། །ཞེས་ཞེན་པར་མི་བྱའོ། །དེ་བཞིན་དུ་སྐབས་འགར་ཤེས་པ་ས་ལེ་སེང་ངེ་བ། ཁམས་དྭངས་སེང་བ་ལ་སོགས་པ་བྱུང་ན། འདི་ནི་ཉམས་ཀྱི་གསལ་བ་ཡིན་གྱི་གནས་ལུགས་ཀྱི་གསལ་བ་མ་ཡིན་ནོ། །ཞེས་ཞེན་པར་མི་བྱེད་ཅིང༌། གང་བྱུང་བ་དེ་དགག་པར་ཡང་མི་བྱེད་པ་ནི་ཉམས་ཀྱི་རྩི་ལ་མ་ཞེན་པར་ངོ་སྤྲོད་པ་སྟེ། ངོ་སྤྲོད་སྐོར་བཞི་པའོ། །ལྔ་པ་ནི། སེམས་འདི་ངོས་བཟུང་གང་དུ་ཡང་མ་གྲུབ་ཅིང༌། སྤྲོས་པ་ཀུན་དང་བྲལ་བ་ཞིག་འདུག་པ་དེ་ཆོས་སྐུ་དང༌། ངོས་བཟུང་མེད་བཞིན་དུ་སྣ་ཚོགས་སུ་ཤར་བ་ཞིག་འདུག་པ་དེ་ནི་གཟུགས་ཀྱི་སྐུ་སྟེ། དེ་ལྟར་ན་སེམས་ཉིད་འདི་གདོད་མ་ནས་སྐུ་གཉིས་ཀྱི་ངོ་བོར་གནས་པ་ཡིན་ནོ། །ཞེས་ངོ་སྤྲོད་པ་ནི་ངོ་སྤྲོད་སྐོར་ལྔ་པའོ། །དྲུག་པ་ནི། སེམས་ཉིད་འདི་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་འགྱུར་བ་མེད་པ་ཡིན་ཏེ། དཔེར་ན། སྐད་ཅིག་སྔ་མའི་སེམས་དང་ཕྱི་མའི་སེམས་ཁྱད་པར་མེད་པ་བཞིན་ནོ། །ཞེས་ངོ་སྤྲོད་པ་ནི་ངོ་སྤྲོད་སྐོར་དྲུག་པའོ། །བདུན་པ་


LT26_Page_115B
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རྣམ་རྟོག་སྐྱེས་པའི་དུས་ཀྱི་སེམས་དང༌། མ་སྐྱེས་པའི་དུས་ཀྱི་སེམས་ལ་ཁྱད་པར་མེད་པ་དེ་བཞིན་དུ། གཟུགས་མཐོང་བའི་དུས་དང་མ་མཐོང་བའི་དུས་དང་ལངས་པའི་དུས་དང༌། འདུག་པའི་དུས་ཏེ། མདོར་ན་ལུས་ཀྱི་སྤྱོད་ལམ། ངག་གི་སྨྲ་བརྗོད། སེམས་ཀྱི་བསམ་མནོ་སོགས་ཅི་བྱས་ཀྱང་སེམས་ཀྱི་རང་བཞིན་ངོས་བཟུང་དང་བྲལ་བ་མཉམ་པ་ཉིད་ཡིན་ནོ། །ཞེས་ངོ་སྤྲོད་པ་ནི་ངོ་སྤྲོད་སྐོར་བདུན་པའོ། །བརྒྱད་པ་ནི། སེམས་གནས་པའི་ཚེ་ཡང༌། མ་བཅོས་པར་བཟོ་མེད་དུ་འཇོག་པ་དང་སེམས་འགྱུ་བའི་ཚེ་ཡང་འགྱུ་བ་ཆེད་གཏད་མི་དགག་པར། འགྱུ་བའི་རང་ངོ་ཤེས་པ་ཙམ་བྱས་ལ། དེ་ལ་བཟོ་མེད་དུ་བཞག་གོ །དེ་ལྟར་ན། ཟས་ཟ་བ་གཏམ་སྨྲ་བ་འགྲོ་འཆག་ཉལ་འདུག་ཅི་བྱེད་ཀྱང་མ་བཅོས་པ་བཟོ་མེད་དུ་བཞག་པས། དཔེར་ན། རིན་པོ་ཆེའི་གླིང་དུ་ཕྱིན་པ་ན། རིན་པོ་ཆེ་འབའ་ཞིག་མ་གཏོགས་རྡོ་མི་རྙེད་པ་ལྟར་ལུས་ཀྱི་སྤྱོད་ལམ། ངག་གི་སྨྲ་བརྗོད། སེམས་ཀྱི་བསམ་མནོ་སོགས་ཅི་བྱས་ཀུན་སྒོམ་འབའ་ཞིག་ཏུ་འགྱུར་རོ། །ཞེས་ངོ་སྤྲོད་པ་ནི་ངོ་སྤྲོད་སྐོར་བརྒྱད་པའོ། །ལམ་གྱི་ཡན་ལག །གེགས་སེལ་བོགས་འདོན་ལ། གེགས་བསལ་བ་དང༌། བོགས་འདོན་པའོ། །དང་པོ་ལ། བྱིང་བ་བསལ་བ་དང༌། རྒོད་པ་བསལ་བ་དང༌། རྣམ་རྟོག་རྒྱུན་ཆགས་ཀྱི་གེགས་བསལ་བའོ། །དང་པོ་ནི། རང་གི་ལྟེ་བ་ཐིག་ལེ་ཁ་དོག་དཀར་པོ་འོད་འཚེར་བ་ཞིག་གསལ་བཏབ་ལ། རིམ་པས་གྱེན་དུ་སོང་སྟེ་མཐར་སྤྱི་བོ་ནས་འཐོན། ནམ་མཁའི་དབྱིངས་ཇེ་མཐོ་ཇེ་མཐོ་ལ་སོང་བར་བསམས་ལ། མིག་གྱེན་དུ་གཏད་ཅིང་ཤེས་པ་ཧུར་ཕྱུང་ངོ༌། །དེ་ནས་མར་རིམ་པས་བབས་ཏེ། མཐར་ལྟེ་བར་སླེབས་པར་བསམ། དེ་ལྟ་བུ་ཡང་ཡང་བྱས་པས་བྱིང་བའི་གེགས་སེལ་བར་འགྱུར་རོ། །གཉིས་པ་ནི། རང་གི་ལྟེ་བར་ཐིག་ལེར་


LT26_Page_116A
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ནག་པོར་འཕྲོ་བ་ཞིག་གསལ་བཏབ་ལ། དེ་བཤང་སྒོ་ནས་རྒྱང་སྟེ་འཐོན། ས་འོག་ཐག་རིང་པོར་ནག་མུན་མུན་སོང་བར་བསམས་ལ། མིག་གི་ལྟ་སྟངས་ཡང་ཕབ་ཅིང༌། སེམས་ལྷང་ཆགས་སུ་བྱེད། ཡང་ཐིག་ལེ་དེ་སླར་ཡང་སོང་སྟེ། ལྟེ་བར་སླེབས་པར་བསམས་ལ། དེ་ལྟ་བུ་ཡང་ཡང་བྱས་པས་རྒོད་པའི་གེགས་སེལ་བར་འགྱུར་རོ། །གསུམ་པ་ནི། རང་གི་ལུས་ཀྱི་ནང་ནས་རླུང་འཚུབ་དཔག་ཏུ་མེད་པ་བུ་ག་དགུ་ནས་འཐོན་ཏེ། ལུས་ཀྱི་ཕྱི་ཐམས་ཅད་འཚུབ་མ་ཐལ་རླུང་གིས་ཁྱབ་པར་བསམས་ལ། མཐར་ཐལ་རླུང་རྣམས་ཕྱོགས་སོ་སོར་གྱེས་པར་བསམ་མོ། །དེ་ལྟར་ལན་མང་དུ་བསྒོམས་པས། རྣམ་རྟོག་རྒྱུན་ཆགས་སུ་འཁྲུགས་པ་རྣམས་ཞི་བར་འགྱུར་རོ། །གཉིས་པ་བོགས་འདོན་ལ། བདེ་གསལ་མི་རྟོག་པ་གསུམ་གྱི་བོགས་འདོན་པ་ལས། དང་པོ་མི་རྟོག་པའི་བོགས་འདོན་པ་ནི། གནས་དབེན་པ་ཞིག་ཏུ་ལུས་གནད་བཅས་ལ། རྣམ་རྟོག་འདིའི་རྗེས་སུ་འདི་དྲན་པར་བྱའོ། །སྙམ་དུ་སེམས་ལ་ལན་བཅུ་བཅུ་ཙམ་དྲན་པར་བྱས་ལ། དེ་རྗེས་མི་རྟོག་པ་ལ་ལྷོད་ཀྱིས་བཞག་གོ །ཡང་སྐྱེ་བོ་མང་པོའི་དབུས་སུ་འདུག་པ་ལ། རྣམ་རྟོག་འདིའི་རྗེས་ལ་འདི་དྲན་པར་བྱའོ་སྙམ་དུ་བསམས་ལ། སྔར་བཞིན་ལན་བཅུ་བཅུ་ཙམ་དྲན་པའི་མཐར་མི་རྟོག་པ་ལ་བཞག་གོ །དེ་ལྟར་མང་དུ་བྱས་པའི་མི་རྟོག་པ་ལ་བོགས་འཐོན་པར་འགྱུར་རོ། །གཉིས་པ་གསལ་བ་ལ་བོགས་འདོན་པ་ནི། རི་རྩེའམ། ཁང་སྟོང་ལྟ་བུ་མཐོ་བ་གཅིག་ཏུ་ཕྱིན་ལ། ཡུལ་གྱི་སྣང་བ་སྣ་ཚོགས་པ་ལ་སེམས་གཏོད་པ་སྟེ། དཔེར་ན་རི་ལྟ་བུ་ཞིག་གི་རྩེ་མོ་ལ་སེམས་ཅུང་ཟད་གཏད། ཡང་རིའི་སྐེད་པ་ལ་སེམས་ཡུད་ཙམ་ཞིག་གཏད། ཡང་རི་འདབ་ཀྱི་ནེའུ་གསེང་ལྟ་བུ་ལ་སེམས་ཡིད་ཙམ་གཏོད་པ་སོགས། ཡུལ་སྣ་ཚོགས་པ་ལ་སེམས་ཡུད་


LT26_Page_116B
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཡུད་ཙམ་གཏད་པས་སེམས་ལ་གསལ་ཆ་རྙེད་པར་འགྱུར་རོ། །གསུམ་པ་བདེ་བའི་བོགས་འདོན་པ་ནི། རང་གི་སྤྱི་བོར་ཧཱུྃ་དཀར་པོ་ཞིག་གསལ་བཏབ། གསང་གནས་སུ་ཧཱུྃ་དམར་པོ་ཞིག་གསལ་བཏབ་ལ་སྤྱི་བོའི་ཧཱུྃ་དེ་མར་བབས། གསང་གནས་ཀྱི་ཧཱུྃ་དེ་ཡར་གྱེན་ལ་བྱུང་སྟེ། དེ་གཉིས་སྙིང་ཁའི་ཐད་ཙམ་དུ་འཁྲུགས་ཆིལ་གྱིས་འཐབ་པར་བསམས་ལ། ཧཱུྃ་དཀར་དམར་གཉིས་གཅིག་ལ་གཅིག་འདྲེས་པར་མོས་པས། ལུས་སེམས་བདེ་བས་ཁྱབ་པར་བསམས་ལ། དེ་ལྟ་བུ་ལན་མང་དུ་བྱས་པས་བདེ་བ་ལ་བོགས་ཐོན་པར་འགྱུར་རོ། །གསུམ་པ་གཏུམ་མོའི་མན་ངག་ལ། སྔོན་འགྲོ་དང་དངོས་གཞི་གཉིས་ལས། དང་པོ་ལ། བླ་མའི་རྣལ་འབྱོར་དང་རྩ་ལམ་སྦྱངས་པ་དང་རྩ་བྱིན་གྱིས་བརླབས་པ་གསུམ་ལས། དང་པོ་མདུན་གྱི་ནམ་མཁར་རྩ་བའི་བླ་མ་ཡི་དམ་གྱི་རྣམ་པའམ། རྡོ་རྗེ་འཆང་གི་རྣམ་པ་ཅན་གང་རུང་དུ་བསྒོམས་པའི་ལྟེ་བར་རྡོ་རྗེ་ཕག་མོ་གཡས་གྲི་གུག་དང༌། གཡོན་ཐོད་པ་འཛིན་པ། མཆན་ཁུང་ན་ཁ་ཊྭཱཾ་ག་བསྣམས་པ། ཞབས་གཡས་བརྐྱངས་པས་དུས་མཚན་མ་དང༌། གཡོན་བསྐུམས་པས་འཇིགས་བྱེད་མནན་པའི་སྐུ་ཅན་དུ་གསལ་བཏབ་ལ་མོས་གུས་དང་གསོལ་འདེབས་དྲག་ཏུ་བྱས་པའི་མཐར། བླ་མ་འོད་དུ་ཞུ། རྡོ་རྗེ་ཕག་མོ་ཡང་སྨིན་མཚམས་སམ། སྤྱི་བོ་ནས་ཞུགས་ཏེ། རང་རང་གི་ལྟེ་བའི་གཏུམ་མོ་ལ་ཐིམ་པར་བསམ་མོ། །གཉིས་པ་ལ། རླུང་གིས་རྩ་ལམ་སྦྱང་བ་དང༌། རྩས་རྩ་ལམ་སྦྱང་བ་དང༌། ཐིག་ལེས་རྩ་ལམ་སྦྱང་བའོ། །དང་པོ་ནི། རླུང་འཇམ་རླུང་ཙམ་བཟུང་ལ། ཡིད་ཀྱི་དམིགས་པ་ལ་རླུང་བཟུང་བའི་ཚེ། ལུས་སྟོང་པར་གྱུར་བ་དེ་རླུང་གིས་ཁེངས་ཏེ་ལུས་ཇེ་སྦོམ་ལ་གྱུར་ཏེ། མཐར་ཤིན་ཏུ་སྦོམ་པར་གྱུར་པར་བསམ། རླུང་ཕྱིར་འགྲོ་བའི་ཚེ། ལུས་སྟོང་སང་ངེ་སོང་ནས། ལུས་ཀྱང་ཕྲ་བར་གྱུར་པར་བསམ་མོ། །


LT26_Page_117A
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། རང་ལུས་ཀྱི་དབུས་སུ་རྩ་དབུ་མ་གསལ་བཏབ། ཡང་རླུང་བཟུང་བའི་ཚེ། དབུ་མ་ཇེ་སྦོམ་ལ་སོང་ཞིང༌། དེའི་མཐུས་ལུས་ཀྱང་རིམ་པས་སྦོམ་པར་གྱུར་པར་བསམ་མོ། །ཡང་རླུང་ཕྱིར་འགྲོ་བའི་ཚེ། །དབུ་མ་ཡང་ཕྲ་བར་གྱུར་ཅིང༌། ལུས་ཀྱང་ཕྲ་བར་གྱུར་པར་བསམ་མོ། །གསུམ་པ་ནི། རང་གི་རྩ་དབུ་མའི་ནང་གི་ལྟེ་བའམ། སྙིང་གའི་ཐད་ཙམ་དུ་གཏུམ་མོའི་རང་བཞིན་ཨ་ཤད་དམ། ཨཾ་དམར་པོ་ཞིག་གསལ་བཏབ་ལ། རླུང་ནང་དུ་གནས་པའི་ཚེ། ཨཾ་ངམ་ཨ་ཤད་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས་པས། དེའི་ཐད་ཀྱི་དབུ་མ་དེ་རྒྱས་ཏེ་ཇེ་ཆེ་ལ་སོང་བས་ལུས་ཀྱང་ཇེ་སྦོམ་གྱུར་པར་བསམ། ཡང་རླུང་ཕྱིར་འགྲོ་བའི་ཚེ་འོད་ཟེར་རྣམས་གཏུམ་མོ་ལ་ཐིམ་ཞིང༌། དབུ་མ་དང་ལུས་གཉིས་ཀ་ཕྲ་བར་གྱུར་པར་བསམ་མོ། །གསུམ་པ་རྩ་བྱིན་གྱིས་རླབས་པ་ནི། རང་གི་ལུས་ཀྱི་དབུས་སུ་རྩ་གསུམ་སྤྱི་དང་མཐུན་པར་གསལ་བཏབ་ཅིང༌། རྩ་གསུམ་ཆར་གྱི་ཡས་སྣའི་བཅད་ཁའི་མཉམ་པར་སྤྱི་བོ་ལ་ཟུག་པར་བསམ་རང་གི་སྤྱི་བོར་རྩ་བའི་བླ་མ་ཡི་དམ་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པ་ལྟ་བུའམ། ཡང་ན་རྡོ་རྗེ་འཆང་ཡབ་ཡུམ་ཅན་གྱི་རྣམ་པར་གསལ་བཏབ། དེ་ལ་མོས་གུས་དང་གསོལ་འདེབས་དྲག་ཏུ་བྱས་པས། ཡུམ་གྱི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དམར་པོའི་རྒྱུན་བྱུང་སྟེ། རོ་མིའི་ནང་ནས་ཞུགས་པས། །རོ་མའི་ནང་ཐམས་ཅད་གང་བར་བསམ། ཡབ་ཀྱི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་པོའི་རྒྱུན་བྱུང་སྟེ། རྐྱང་མའི་ནང་ནས་ཞུགས། དེའི་ནང་ཐམས་ཅད་གང་བར་བསམ། ཡང་གཉིས་ཀའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་དཀར་དམར་འདྲེས་པའི་རྒྱུན་བྱུང༌། དབུ་མའི་ནང་ནས་ཞུགས་པས་དབུ་མའི་ནང་ཐམས་ཅད་གང་བར་བསམ་མོ། །མཐར་བླ་མ་འོད་དུ་ཞུ། རྩ་གསུམ་ལ་ཐིམ་པར་བསམ་མོ། །གཉིས་པ་


LT26_Page_117B
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་ལ། རླུང་ལ་བསླབ་པ་དང༌། གཏུམ་མོའི་མེ་དམིགས་ལ་བསླབ་པ་དང༌། ཐིག་ལེའི་རྣལ་འབྱོར་ལ་བསླབ་པ་དང༌། རྡོ་རྗེའི་བཟླས་པར་བསླབ་པའོ། །དང་པོ་ལ་བཞི་ལས། དང་པོ་རྡུལ་མཐའ་ཅན་ནི་རླུང་རོ་བསལ། རླུང་ནང་དུ་རྔུབ་ལ་རྔུབ་པ་རྫོགས་པ་ན། དལ་བུས་ཕྱིར་བུས་ལ། མིག་སྣ་རྩེ་ལ་གཏད་ཅིང༌། ཕྱིར་འབུད་པ་རྫོགས་པ་ན། ལུས་སྟོང་སང་ངེ་སོང་བར་བསམ་མོ། །གཉིས་པ་དགང་པ་ཅན་ནི། རླུང་ཕྱིར་སང་གིས་བུས་ལ། ནང་དུ་རྔུབ་པ་ན། དལ་བུས་རྔུབ་ལ། རྔུབ་པ་རྫོགས་པ་ན། རླུང་ལྟོ་བར་ནན་ཙམ་བྱའོ། །གསུམ་པ་བུམ་པ་ཅན་ནི། རླུང་ནང་དུ་ཤར་གྱིས་རྔུབ་ལ་འོག་རླུང་འཐེན་ལ། རླུང་གཉིས་ལྟེ་བར་ཁ་སྦྱོར་དུ་བཟུང་ཞིང༌། ཁ་ནང་གི་རླུང་མིད་ལ་ཐུབ་ཚད་དུ་བཟུང༌། མི་བདེ་བ་སྙམ་བྱེད་ན་གཞིལ་པ་ཡང་བྱ་ཞིང༌། མཐར་སང་གིས་བཏང་ངོ༌། །བཞི་པ་རེངས་པ་ཅན་ནི། རླུང་ཕྱིར་བུས་ལ། ཕྱིར་ཐུབ་ཚད་དུ་བཟུང་ངོ། །གཉིས་པ་མེ་དམིགས་ལ་བསླབ་པ་ལ། །གཏུམ་མོ་བསྡུས་པ་དང༌། འབྲིང་པོ་དང༌། རྒྱས་པ་དང༌། གོ་བཟློག་ལ་བསླབ་པ་དང་བཞི་ལས། དང་པོ་ལ། ལྟེ་བར་གཏུམ་མོ་བསྒོམ་པ་དང༌། ལྟེ་འོག་ཏུ་ཚངས་པའི་མེ་བསྒོམ་པའོ། །དང་པོ་སྔོན་འགྲོ་རྣམས་སྔོན་དུ་སོང་ནས། རང་ཉིད་ཡི་དམ་དུ་མོས་པ་ཙམ་བྱས་པའི་ལུས་ནང་སྟོང་སང་ངེ་བའི་ལྟེ་བར་པདྨ་འདབ་མ་བརྒྱད་པའི་འདབ་མ་བརྒྱད་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི་ཡི་གེ་བརྒྱད་འགོད་ཅིང༌། ཡང་ན་ཡི་གེ་མི་འགོད་པར་འདབ་མ་ཁ་རྐྱང་བསམ་མོ། །པདྨའི་ལྟེ་བར་ཆོས་འབྱུང་མཐེ་བོང་ཙམ་རྩ་བ་ཐུར་དུ་ཟུག་པ། དེའི་ནང་དུ་ཨ་ཤད་ལ་ཀླད་སྐོར་གྱིས་བརྒྱན་པའམ། ཡང་ན་ཨ་ཐུང་ལ་ཀླད་སྐོར་གྱིས་བརྒྱན་པ། ཁ་དོག་དམར་པོ་ཞིག་དམིགས་ལ། དེ་ལ་སེམས་རྩེ་གཅིག་ཏུ་གཏད་དོ། །གཉིས་པ་ནི། ལུས་ཀྱི་དབུས་སུ་རྩ་དབུ་མ་སྦོམ་ཕྲ་མདའ་སྨྱུག་འབྲིང་པོ་ཙམ།


LT26_Page_118A
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་སྣ་སྤྱི་བོ་ལ་ཐུག་པ་མས་སྣ་ལྟེ་འོག་ལ་ཟུག་པའི་ལྟེ་བ་ནས་སོར་གཉིས་ཙམ་གཞལ་བའི་ལྟེ་འོག་གི་དབུ་མ་ནི། ཕྱི་དབྱིབས་ཕུར་པའི་དཔལ་ལྟ་བུར་ཟུར་གསུམ་ཡོངས་ལ། ནང་ཁོང་སྟོང་དུ་ཡོད་པའི་དབུས་སུ། ཀྵ་དམར་ནག་གམ། ཀྵུམ་གང་རུང་ཞིག་བསྒོམས་ལ། དེ་ལ་སེམས་རྩེ་གཅིག་ཏུ་གཏད། དེ་གཉིས་ཀ་ལ་རླུང་བུམ་ཅན་བཟུང་བའོ། །གཉིས་པ་འབྲིང་པོ་ལ་རྩ་བ་དང༌། ཡན་ལག་གཉིས་ལས། དང་པོ་ནི། སྙིང་ག་དང་ལྟེ་འོག་གི་བར་ལ་རྩ་དབུ་མ་སྦོམ་ཕྲ་མདའ་སྨྱུག་འབྲིང་བོ་ཙམ་དུ་ཡོད་པའི་སྙིང་གའི་འཁོར་ལོ་རྩ་འདབ་བརྒྱད་པ་ཁ་དོག་སྔོན་པོ་ཁ་ཐུར་བསྟན་དུ་གནས་པའི་ལྟེ་བར་ཧཱུྃ་དང༌། ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞིར་ཁ་དོག་དམར་སེར་ཁ་གྱེན་དུ་ཡོད་པའི་ལྟེ་བ་ལ། ཨྂ་དམར་སེར་མེའི་རང་བཞིན་ཅན་གསལ་བཏབ་ལ། རླུང་ཁ་སྦྱོར་དུ་བཟུང་བས། ཨྂ་ལས་གཏུམ་མོའི་མེ་འབར། སྙིང་གའི་ཧཱུྃ་ལ་རེག་པས་ཧཱུྃ་ལས་བྱང་ཆུབ་ཀྱི་སེམས་ཐིག་བབ་པར་བསམས་ལ། འབར་འཛག་རྩེ་གཅིག་ཏུ་སྤྲད་དོ། །གཉིས་པ་ནི། སྤྱི་བོའི་རྩ་འདབ་སོ་གཉིས་ཁ་དོག་དཀར་པོ་མགོ་ཐུར་བསྟན་གྱི་ལྟེ་བ་ལ་ཧཾ་དང༌། མགྲིན་པའི་འཁོར་ལོ་རྩ་འདབས་བཅུ་དྲུག་པ་ཁ་དོག་དམར་པོའི་ལྟེ་བ་ལ། ཨོཾ་མེའི་རང་བཞིན་ཅན་གསལ་བཏབ་ལ། རླུང་ཁ་སྦྱོར་དུ་བཟུངས་པས། མགྲིན་པའི་ཨྂ་ལས་གཏུམ་མོའི་མེ་འབར། སྤྱི་བོའི་ཧཾ་ལ་རེག་པས་ཧཾ་ལས་བྱང་ཆུབ་སེམས་རྒྱུན་ན་ར་ར་བབས་པར་བསམས་ལ། འབར་འཛག་ལ་སེམས་རྩེ་གཅིག་ཏུ་གཏད་དོ། །གསུམ་པ་གཏུམ་མོ་རྒྱས་པ་ལ། ཐིག་ལེའི་འགྲོས་དང་སྦྱར་བ་དང༌། རླུང་གི་འགྲོས་དང་སྦྱང་བ་གཉིས་ལས། དང་པོ་གཏུམ་མོ་རྒྱས་པ་དཔྱིད་ཐིག་ནས་འབྱུང་བ་ཇི་ལྟ་བ་བཞིན་ལས། རོ་རྐྱང་གི་འབར་འཛག་མི་བྱེད་པར། གཏུམ་མོ་དབུ་མའི་ནང་ནས་ཡར་སོང༌། སྨིན་མཚམས་གནད་ཀྱི་སྒོ་ཕྱེ་བ་ནས་ཐོན། ཕྱོགས་


LT26_Page_118B
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་སངས་རྒྱས་ཐམས་ཅད་ལ་ཕོག་པས། དེ་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཞུ་བ། སྤྱི་བོ་ནས་མེ་དང་ལྷན་ཅིག་ཏུ་ཞུགས་ཧཾ་ལ་ཕོག་པས། ཧཾ་ལས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བབས་ཏེ་ལྟེ་བའི་ཨཾ་ལ་སིབ་སིབ་ཐིམ་པར་བསམ། འབར་འཛག་ལ་སེམས་རྩེ་གཅིག་གཏད་དོ། །གཉིས་པ་ནི། རླུང་ཕྱིར་འགྲོ་བའི་ཚེ། ཨཾ་ལས་གཏུམ་མོ་འབར་ཞིང་ཧཾ་ལ་རེག་པར་བསམ། ནང་དུ་འོང་བའི་ཚེ། ཧཾ་ལས་བྱང་སེམས་ཀྱི་རྒྱུན་བབས་ཏེ་ཨཾ་ལ་ཐིམ་པར་བསམ་མོ། །བཞི་པ་གོ་བཟློག་ལ་བསླབ་པ་ལ་རྩ་བ་དང་ཡན་ལག་གཉིས་ལས། དང་པོ་ནི། སྙིང་གའི་འཁོར་ལོ་སྤྱི་དང་འདྲ་བའི་ལྟེ་བར་ཐིག་ལེ་དམར་ནག་དང༌། ལྟེ་བའི་འཁོར་ལོ་སྤྱི་དང་འདྲ་བའི་ལྟེ་བར་ཐིག་ལེ་དམར་ནག་ཞིག་གསལ་བཏབ་རླུང་བུམ་ཅན་དྲག་ཏུ་བཟུང་ལ། སྙིང་གའི་ཐིག་ལེ་དམར་ནག་ལས་འོད་ཟེར་དམར་ནག་ཤིན་ཏུ་ཚ་བ་ཞིག་ཐུར་དུ་འབར་བས་ལྟེ་བའི་ཐིག་ལེ་ལ་རེག་པས་ལྟེ་བའི་ཐིག་ལེ་ལས་ཀྱང་འོད་ཟེར་དམར་ནག་རེག་བྱ་ཤིན་ཏུ་བསིལ་བ་ཞིག་བྱུང་སྟེ། དེ་གཉིས་འཐབས་པ་ལས་སྙིང་གའི་ཐིག་ལེ་ལས་བྱུང་བའི་འོད་ཟེར་ཇེ་ཐུང་ལ་སོང༌། ལྟེ་བའི་ཐིག་ལེ་ལས་བྱུང་བའི་འོད་ཟེར་ཇེ་རིང་ལ་སོང་སྟེ། མཐར་སྙིང་གའི་ཐིག་ལེ་ལ་རེག་པས། ཡང་དེ་ལས་འོད་ཟེར་མེ་ལྕེ་ལྟ་བུ་བྱུང་སྟེ། སྔར་གྱི་ལྟེ་བའི་མེ་ལྕེ་ཇེ་ཐུང་དང༌། སྙིང་གའི་མེ་ལྕེ་ཇེ་རིང་ལ་གྱུར་ཏེ། ལྟེ་བའི་ཐིག་ལེ་ལ་རེག་པར་བསམ། །དེའང་ཡང་ཡང་སྤེལ་མར་བྱའོ། །གཉིས་པ་ནི། སྤྱི་བོའི་རྩ་འདབ་སྔར་བཞིན་དང༌། མགྲིན་པའི་རྩ་འདབ་སྔར་བཞིན་ལས། ལྟེ་བ་གཉིས་སུ་ཐིག་ལེ་དམར་སྐྱ་རེ་རེ་བསྒོམ། བུམ་ཅན་དྲག་ཏུ་བཟུང་བ་ལས། སྤྱི་བོའི་ཐིག་ལེ་དམར་སྐྱ་ལས་དམར་པོའི་ཆ་དེ་མེ་ལྕེ་གྱུར་ནས་ནར་ཏེ་ཐུར་དུ་སོང་བས་མགྲིན་པའི་ཐིག་ལེ་དམར་སྐྱ་ལ་རེག་པས་དེ་ལས་དཀར་པོའི་ཆ་དེ་མེ་ལྕེར་གྱུར་ཏེ། དེ་གཉིས་


LT26_Page_119A
[མ་དཔེ་གཟིགས་ན་འདིར་གནོན།]

འཐབ་པ་ལས། སྙིང་གའི་དེ་ཇེ་ཐུང་དང༌། མགྲིན་པའི་དེ་ཇེ་རིང་ལ་གྱུར་ཏེ། སྤྱི་བོའི་ཐིག་ལེ་ལ་རེག་པས། དེ་ལས་ཀྱང་མེ་ལྕེ་དམར་པོ་ཞིག་བྱུང་སྟེ། མགྲིན་པའི་ཐིག་ལེ་ལ་རེག་པས། དེ་ལས་ཀྱང་མེ་ལྕེ་འབྱུང་བ་སོགས་ཡུན་རིང་དུ་བསྒོམ་མོ། །དེ་དག་གི་སྐབས་སུ་རླུང་གནད་ནི། སྙིང་གའི་ཐིག་ལེ་དང་སྤྱི་བོའི་ཐིག་ལེ་ལས་མེ་ལྕེ་མར་འགྲོ་བའི་ཚེ། རླུང་ཁ་སྦྱོར་གྱི་ཤུགས་འོག་ཏུ་ནོན་པ་དང༌། ལྟེ་བའི་ཐིག་ལེ་དང༌། མགྲིན་པའི་ཐིག་ལེ་ལས་མེ་ལྕེས་ཡར་ཡོང་བའི་ཚེ། རླུང་ཤུགས་སྟོད་དུ་འཐེན་པའོ། །ཡང་ཕྱིར་བུས་ལ་ཕྱིར་བཟུང་བའི་སྐབས་སུ་ཐིག་ལེ་ལས་འོད་ཟེར་ཐུར་དུ་འགྲོ་བའི་ཚེ་སྟོད་གནོན་དང༌། ཐིག་ལེ་ལས་མེ་ལྕེས་ཡར་སོང་བའི་ཚེ་སྟོད་འཐེན་བྱའོ། །གསུམ་པ་ཐིག་ལེ་ལ་བསླབ་པ་ལ། ཐིག་ལེ་སྤྱིར་བསྒོམ་པ་དང༌། ཁྱད་པར་བསྒོམ་པ་དང༌། ལམ་གྱི་ཡན་ལག་བསྒོམ་པའོ། །དང་པོ་ནི། རང་ཉིད་ཡི་དམ་དུ་གསལ་བའི་གཙུག་ཏོར་གྱི་འཁོར་ལོ་རྩ་འདབ་བཞི་པའི་ལྟེ་བར། ཐིག་ལེ་ཁ་དོག་ལྗང་གུ། འོད་ཟེར་ལྔ་འཕྲོ་བ་ཞིག་དམིགས་ལ། དེ་ལ་སེམས་རྩེ་གཅིག་ཏུ་གཏད་གསལ་སྣང་ཐོབ་པར་བྱ། དེ་ནས་སྤྱི་བོའི་འཁོར་ལོ་རྩ་འདབ་དྲུག་པའི་ལྟེ་བར། ཐིག་ལེ་དཀར་པོའམ། ནག་པོ་འོད་ཟེར་འཕྲོ་བ་ཞིག་བསྒོམས་ལ་གསལ་སྣང་ཐོབ་བར་བྱ། དེ་ནས་མགྲིན་པའི་འཁོར་ལོ་རྩ་འདབ་སོ་གཉིས་པའི་ལྟེ་བར་ཐིག་ལེ་ཁ་དོག་དམར་པོ་འོད་ཟེར་འཕྲོ་བ་ཞིག་བསྒོམས་ལ་གསལ་སྣང་ཐོབ་པར་བྱ། དེ་ནས་སྙིང་གའི་འཁོར་ལོ་རྩ་འདབ་བརྒྱད་པའི་ལྟེ་བར་ཐིག་ལེ་བསྒོམ་པ་ནི། མགྲིན་པར་དཀར་པོ་བསྒོམ་ན་འདིར་ནག་པོ་དང༌། མགྲིན་པར་དམར་པོ་བསྒོམ་ན་འདིར་དཀར་པོ་བསྒོམས་ལ་གསལ་སྣང་ཐོབ་པར་བྱའོ། །དེ་ནས་ལྟེ་བའི་འཁོར་ལོ་ནང་སྐོར་རྩ་འདབ་བརྒྱད། ཕྱི་སྐོར་བརྒྱད། དེའི་ཡང་ཕྱི་སྐོར་བཅུ་


LT26_Page_119B
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དེའི་ཡང་ཕྱི་སྐོར་དྲུག་ཅུ་རྩ་བཞི་སྟེ། དེའི་ལྟེ་བར་ཐིག་ལེ་སེར་པོ་འོད་ཟེར་ལྔ་འཕྲོ་བ་ཞིག་བསྒོམས་ལ་གསལ་སྣང་ཐོབ་པར་བྱ། དེ་ནས་གསང་གནས་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པའི་ལྟེ་བར་ཐིག་ལེ་སྔོན་པོ་འོད་ཟེར་འཕྲོ་བ་ཞིག་བསྒོམས་ལ་གསལ་སྣང་ཐོབ་པར་བྱ། དེ་དྲུག་ཀ་ལ་ཅུང་ཟད་གོམས་པ་ན། དེ་ནས་སྤྱི་གཙུག་ནས་གསང་གནས་ཀྱི་བར་གྱི་ཐིག་ལེ་རྣམས་ཡས་རིམ་གྱིས་གསལ་འདེབས་པ་དང༌། གསང་གནས་ནས་སྤྱི་གཙུག་གི་བར་གྱི་ཐིག་ལེ་རྣམས་མས་རིམ་གྱིས་བསྒོམ་པར་བྱའོ། །གཉིས་པ་ཁྱད་པར་བསྒོམ་པ་ལ། གསང་གནས་སུ་རྗེས་ཆགས་ཀྱི་ཐིག་ལེ་བསྒོམ་པ་དང༌། སྙིང་གར་མི་ཤིགས་པའི་ཐིག་ལེ་བསྒོམ་པ་དང༌། སྣ་རྩེར་འོད་ཀྱི་ཐིག་ལེ་བསྒོམ་པ་དང༌། རྩ་བའི་རྣལ་འབྱོར་བསྒོམ་པའོ། །དང་པོ་ནི། རང་ཉིད་ཡི་དམ་ཡབ་ཡུམ་དུ་གསལ་བའི་ལུས་ལ་རྩ་གསུམ་འཁོར་ལོ་བཞི་ཡང་གསལ་བར་དམིགས་ལ། ཡབ་ཡུམ་རྗེས་སུ་ཆགས་པ་ལས། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཞུ་བ། འཁོར་ལོ་བཞིའི་རྩ་འདབ་སོ་སོར་འདུས་ཏེ། དེ་རྣམས་ཐམས་ཅད་ཀྱང་རོ་རྐྱང་དབུ་གསུམ་དུ་འདུས་པ་ལས། གསང་གནས་ཀྱི་འཁོར་ལོར་མ་སླེབས་ཀྱི་བར། དབུ་མའི་ནང་ནས་བྱང་སེམས་ནག་པོ་དང༌། རྐྱང་མའི་ནང་ནས་དཀར་པོ་དང༌། རོ་མ་ནས་དམར་པོ་འབབས་པར་བསམས་ལ། གསང་གནས་སུ་སླེབས་པ་ན། རྩ་གསུམ་གྱི་མས་སྣ་ཡང་ཟད་དེ། བྱང་སེམས་རྣམས་གཅིག་ཏུ་འདེས་ཏེ། ཁ་དོག་སྔོན་པོར་གྱུར་ཏོ། །རྡོ་རྗེ་ནོར་བུའི་རྩེའི་ཤེས་རབ་མའི་ཟེའུ་འབྲུ་དང་འཕྲད་མཚམས་དེར་ཐིག་ལེ་ཁ་དོག་སྔོན་པོར་གནས་པ་ལ་སེམས་གཏད་དེ། རླུང་བུམ་ཅན་ལས་འོག་རླུང་གསང་གནས་འཕུལ་བའོ། །གཉིས་པ་ནི། དབུ་མ་གསལ་བཏབ་པའི་སྙིང་


LT26_Page_120A
[མ་དཔེ་གཟིགས་ན་འདིར་གནོན།]

གའི་ཐད་དབུ་མའི་ནང་དུ་སེན་མོ་ཟླུམ་པོར་བཏང་བ་ཙམ་གྱི་ཆད་དང་ལྡན་པའི་ཉི་ཟླ་ཁ་སྦྱོར་གྱི་ནང་དུ། ཐིག་ལེ་སྔོན་པོ་འོད་འཚེར་བ་ཞིག་གསལ་བཏབ་ལ། དེ་ལ་སེམས་རྩེ་གཅིག་ཏུ་གཏད་དེ། སྟེང་རླུང་མནན་ཅིང༌། འོག་རླུང་རང་སར་ལྷོད་པའི་རླུང་སྦྱོར་བྱའོ། །གསུམ་པ་ནི། སྙིང་གའི་ཐད་དབུ་མའི་ནང་དུ་ཉི་ཟླའི་ནང་ཐིག་ལེ་སྔོན་པོ་དང༌། སྣ་བུག་གཉིས་ཀྱི་འདོམས་ཀྱི་ནང་དུ་ཟླ་དཀྱིལ་སྲན་མ་ཕྱེད་བཀས་ཙམ་བསམས་ལ། རླུང་ཕྱིར་འགྲོ་བའི་ཚེ། སྙིང་གའི་ཐིག་ལེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ཞིག་ན་ར་ར་བྱུང་སྟེ། དབུ་མའི་ནང་བརྒྱུད་སྤྱི་བོའི་བར་དུ་སོང༌། དེ་ནས་མདུན་ཕྱོགས་སུ་འཁྱོགས་ཏེ། སྣ་རྩེའི་ཟླ་བའི་སྟེང་དུ་ཁྱིལ་ལི་ལི་ཐིག་ལེར་སོང་བར་བསམས་ལ། རླུང་ཕྱིར་བཟུང༌། ནང་དུ་འོང་བའི་ཚེ། སྣ་རྩེ་འོད་ཀྱི་སྐུད་པ་འགྲིལ་བའི་ཐིག་ལེ་དེ་ཞིག་སྟེ། སྤྱི་བོ་བརྒྱུད་དེ་དབུ་མའི་ནང་ནས་བྱུང་བས་སྙིང་གའི་ཐིག་ལེ་ལ་ཐིམ་པར་བསམས་ཏེ་རླུང་ནང་དུ་ཅུང་ཟད་བཟུང་ངོ༌། །བཞི་པ་རྩ་བའི་རྣལ་འབྱོར་ནི། རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་བྱང་སེམས་ནག་པོས་ཁྲིགས་མེར་ཏེ་གང་བར་བསམ། གཡས་སུ་རོ་མ་རཀྟས་གང་བ། གཡོན་དུ་རྐྱང་མ་ཁམས་དཀར་པོས་གང་བ་ཡང་བསམ་མོ། །དེ་ནས་ལུས་ཀྱི་ནང་ཐམས་ཅད་རྩའི་དྲྭ་བས་ཁྱབ་པ། རྩ་ཐམས་ཅད་ཀྱང་སྒྲོ་སྐང་ལྟ་བུ་སྟོང་སང་ངེ་བ་ཡོད་པ་ལ། དེ་དག་གི་ནང་ཐམས་ཅད་བྱང་ཆུབ་ཀྱི་སེམས་དཀར་ལ་དམར་བའི་མདངས་ཆགས་པའི་རྣམ་པས་ཁྲིག་མེར་གྱིས་གང་བར་བསམ་མོ། །དེ་ནས་གཙུག་ཏོར་གྱི་འཁོར་ལོའི་རྩ་འཁོར་ཐམས་ཅད་གསལ་བཏབ་ལ། དེའི་དབུས་སུ་ཐིག་ལེ་ལྗང་གུ་ཞིག་དམིགས་ལ། དེའི་འོད་ཟེར་གྱིས་རྩ་ནང་ཐམས་ཅད་ཁྱབ་པས། དང་པོར་འོད་ཀྱི་སྣང་བར་བྱས་ཤིང༌། བར་དུ་རྩ་རྣམས་དྭངས་པར་


LT26_Page_120B
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་ཤེལ་གོང་ལྟར་གྱུར་པ་དང༌། མཐར་རྩ་ཐམས་ཅད་ཤིན་ཏུ་དྲངས་པ་འཇའ་ཚོན་ལྟར་ཕྱི་གསལ་ནང་གསལ་དུ་གྱུར་པར་བསམ་མོ། །དེའི་རིམ་པས་སྤྱི་བོ་དང༌། མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། གསང་གནས་ཀྱི་རྩ་འཁོར་རྣམས་ཀྱང་གསལ་བཏབ་ལ་ཐིག་ལེ་ཁ་དོག་སོ་སོར་བསྒོམ་སྟེ། དེ་རྣམས་ཀྱི་འོད་ཀྱིས་རྩ་ནང་ཐམས་ཅད་ཁྱབ་པ་སོགས་གོང་བཞིན་བསྒོམ་མོ། །གཉིས་པ་ཡན་ལག་ལ་ལུས་ཀྱི་ནང་དུ་བསྒོམ་པ་དང༌། ཕྱི་རུ་བསྒོམ་པའོ། །དང་པོ་ལ་གསུམ་ལས། དམིགས་པ་དང་པོ་ནི། རང་གི་སྨིན་མཚམས་ན་བུག་པ་ཞིག་ཡོད་པར་བསམ། དེ་ཧཱུྃ་ཡིག་ནག་པོ་ཞིག་གིས་བཀག་ལ། དེའི་འོད་ནག་པོས་གདོང་པ་ཁྱབ་པར་བསམ། སྨིན་མཚམས་ཀྱི་ཐད་ཀྱི་ནང་དུ་ཧཾ་མགོ་ཐུར་བསྟན་ཞིག་བསྒོམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་ཡ་རྐན་ཡན་གང༌། དེ་ལས་ཀྱང་མར་བབས་ཏེ་ལྕེ་ཆུང་ན་ཡི་གེ་སུམ་ཡོད་པ་ལ་བརྟེན་ནས་བབས་པ་ལས་མཐར་ལུས་ནང་གི་རྩ་ཐམས་ཅད་སྦུགས་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་བསམ་མོ། །འདི་ནི་ཏིང་ངེ་འཛིན་ལ་བརྟེན་པའི་བཅུད་ལེན་ནོ། །དམིགས་པ་གཉིས་པ་ནི། རང་གི་ལུས་ཀྱི་དབུས་ཀྱི་སྙིང་གའི་ཐད་དུ་སྲོག་རྩ་ལས་འཕྱང་བའི་སྙིང་ཡོད་པར་བསམ། ལུས་ནང་གི་གཡས་ཕྱོགས་སུ་བདུད་རྩིའི་ལྷ་མོ་འོད་འཆང་མ་སྐུ་མདོག་དཀར་མོ། །གཡས་གྲི་གུག་དང༌། གཡོན་བུམ་པ་བདུད་རྩིས་གང་བ་བསྣམས་པ་ཞིག་གསལ་བཏབ། ཕྱག་གཡས་ཀྱི་གྲི་གུག་གིས་སྙིང་གི་དཀར་ནག་མཚམས་ནས་རྦད་ཀྱིས་བཅད་པས། སྙིང་གའི་རྩེ་མོ་སངས་རྒྱས་བྱང་སེམས་རྣམས་ལ་ཕུལ་བར་བསམ། ལུས་ཀྱི་ཤ་ཁྲག་ཐམས་ཅད་སྙིང་བཅད་མཚམས་ནས་བྱུང་སྟེ། བཤང་སྒོ་ནས་ཕྱིར་འཐོན་པར་བསམ། སྙིང་གའི་ནང་དུ་ལྷ་མོའི་


LT26_Page_121A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡོན་གྱི་བདུད་རྩི་བླུགས་པས། ལུས་ནང་གི་རྩ་སྦུགས་ཐམས་ཅད་བདུད་རྩིས་གང་བར་བསམ་ཞིང༌། སྙིང་གི་དཀར་ནག་མཚམས་ནས་སྔར་བཅད་པ་དེ་སླར་བླན་པར་བསམ་མོ། །དམིགས་པ་གསུམ་པ་ནི། མིག་གཉིས་སུ་ཐིག་ལེ་དཀར་པོ། །རྣ་བ་གཉིས་སུ་ཐིག་ལེ་སྔོན་པོ། །སྣ་བུག་གི་འདོམས་སོར་ཐིག་ལེར་སེར་པོ། །ལྕེར་ཐིག་ལེ་དམར་པོ། །སྐྲ་མཚམས་སུ་ཐིག་ལེ་ལྗང་གུ། །ལྟེ་བར་ཐིག་ལེ་སྔོན་པོ་རྣམས་གསལ་བཏབ་བོ། །གཉིས་པ་ལུས་ཀྱི་སྤྱིར་བསྒོམ་པ་ནི། རང་ཉིད་ཀྱི་ལུས་འདི་མི་དམིགས་པའི་ལུས་ཀྱི་ཏུལ་ན་ཐིག་ལེ་དཀར་པོ་མཐེ་བོང་ཙམ་ཞིག་དམིགས་ལ། དེ་ལ་སེམས་གཏད་དོ། །དེ་ལ་གོམས་པ་ན། དངུལ་ཆུ་བྲེ་གང་ཙམ་གྱི་བོང་ཚོད་ཀྱི་ཐིག་ལེ་འོད་འཚེར་བ་ཞིག་དམིགས་ལ་སེམས་འཛིན། དེ་ལ་ཡང་སེམས་འཛིན་པ་ན་ཐིག་ལེ་དེ་ཉིད་ཚོ་གཉིས་སུ་གྱུར་པ་ལས། དེ་ཉིད་འཕེལ་ཏེ། དངུལ་ཆུ་བྲེ་གང་ཙམ་གྱི་ཚོད་ཀྱི་ཐིག་ལེ་གཉིས་གཡས་གཡོན་དུ་ཡོད་པར་བསམས་ལ་དེ་ལ་སེམས་འཛིན། དེ་ལ་ཡང་གོམས་པ་ན། ཐིག་ལེ་གཉིས་པོ་དེ་ཡང་ཆ་གཉིས་སུ་གྱུར་ཏེ། དངུལ་ཆུ་བྲེ་གང་ཙམ་གྱི་ཚོད་ཀྱི་ཐིག་ལེ་བཞི་ཡོད་པ་ལ་སེམས་འཛིན་ནོ། །དེ་ལ་ཡང་གོམས་པ་ན། ཐིག་ལེ་ཆ་བརྒྱད་དུ་གྱུར་པ་ལ་སེམས་འཛིན། དེ་ལ་ཡང་གོམས་པ་ན། ཐིག་ལེ་བཅུ་དྲུག་ཏུ་གྱུར་པ་ལ། ཐམས་ཅད་ཀྱང་ཕྱེད་དཀར་པོ་དང༌། ཕྱེད་དམར་པོ་ཡོད་པ་ལ་སེམས་འཛིན། དེ་ལ་ཡང་གོམས་ན། ཐིག་ལེ་བཅུ་དྲུག་པོ་ཐམས་ཅད་གཅིག་ཏུ་བསྡུས་པའི་ཐིག་ལེ་དཀར་ལ་དམར་བའི་མདངས་ཅན་ཤིན་ཏུ་ཆེ་བ་ཞིག་བསྒོམས་ལ་སེམས་འཛིན། དེ་ལ་ཡང་གོམས་པ་ན། ཐིག་ལེ་དེ་ཉིད་ཇེ་ཆེར་ལ་གྱུར་ཏེ། མཐར་སྣང་བ་ཐམས་ཅད་ཐིག་ལེས་ཁྱབ་པར་བསམ་མོ། །བཞི་པ་རྡོ་རྗེའི་བཟླས་པ་ལ། ཡི་གེ་གསུམ་གྱི་རྡོར་


LT26_Page_121B
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་དང༌། གཉིས་ཀྱི་རྡོར་བཟླས་སོ། །དང་པོ་ལ། སྲོག་གི་རྡོ་རྗེའི་བཟླས་པ་དང༌། ཐུར་སེལ་གྱི་རྡོ་རྗེའི་བཟླས་པ་དང༌། མགོན་པོ་བཞིའི་རྡོར་བཟླས་དང༌། ལྷ་མོ་བཞིའི་རྡོར་བཟླས་དང༌། དབང་པོ་དྲུག་གི་རྡོར་བཟླས་སོ། །དང་པོ་ལ། དམིགས་སྐོར་དྲུག་ལས། དང་པོ་ནི། རླུང་རོ་བསལ་ལ། རླུང་ཕྱིར་འགྲོ་བའི་ཚེ། ཕྱིར་འགྲོ། །ནང་དུ་འོང་བའི་ཚེ། ནང་དུ་འོང༌། ནང་དུ་གནས་པའི་ཚེ། གནས་ཞེས་མ་འཁྲུལ་བར་བྱེད་པའོ། །གཉིས་པ་ནི། ཕྱིར་འགྲོ་བའི་ཚེ། འོད་ཟེར་དཀར་པོའི་རྣམ་པས་ལུས་ནང་ནས་འཐོན་ཏེ། སྣ་སྒོ་ནས་འགྲོ་བར་བསམ། ནང་དུ་འོང་བའི་ཚེ་འོད་ཟེར་དམར་པོའི་རྣམ་པས་སྣ་སྒོ་ནས་ཞུགས་ཏེ། ལུས་ཐམས་ཅད་གང་བར་བསམ། གནས་པའི་ཚེ་འོད་ཟེར་ནག་པོའི་རྣམས་པས་ཁྲིག་མེར་གནས་པར་བསམ་མོ། །གསུམ་པ་ནི། རླུང་ཕྱིར་འགྲོ་བའི་ཚེ། འོད་ཟེར་དཀར་པོའི་རྣམ་པར་ཨོཾ་ཡིག་གི་སྒྲ་དང་བཅས་ཕྱིར་འགྲོ་བར་བསམ། ནང་དུ་འོང་བའི་ཚེ་འོད་ཟེར་དམར་པོའི་རྣམ་པ་ཨཱཿཡིག་གི་སྒྲ་དང་བཅས་པས་ནང་དུ་འོང་བར་བསམ། གནས་པའི་ཚེ་འོད་ཟེར་ནག་པོའི་རྣམ་པ་ཧཱུྃ་ཡིག་གི་སྒྲ་དང་བཅས་པར་གནས་པར་བསམ་མོ། །བཞི་པ་ནི། རླུང་ཕྱིར་འགྲོ་བའི་ཚེ་འོད་ཟེར་དཀར་པོ་ཨོཾ་ཡིག་གི་སྒྲ་གཟུགས་དང་བཅས་པ་ཕྱིར་འགྲོ་བར་བསམ། ནང་དུ་འོང་བའི་ཚེ་འོད་ཟེར་དམར་པོ་ཨཱཿཡིག་གི་སྒྲ་གཟུགས་དང་བཅས་པས་ནང་དུ་འོང་བར་བསམ། ནང་དུ་གནས་པའི་ཚེ་འོད་ཟེར་ནག་པོ་ཧཱུྃ་ཡིག་གི་སྒྲ་གཟུགས་དང་བཅས་པས་གནས་པར་བསམ་མོ། །ལྔ་པ་ནི། ཕྱིར་འབུད་པའི་ཚེ། ཨོཾ་ཡིག་གི་སྒྲ་གཟུགས་འོད་ཟེར་དཀར་པོའི་རྣམ་པ་ཕྱིར་འགྲོ་བར་བསམ། ནང་དུ་རྔུབ་པའི་ཚེ། ཨཱཿཡིག་གི་སྒྲ་གཟུགས་འོད་ཟེར་དམར་པོའི་རྣམ་པས་གནས་པར་བསམ། ནང་དུ་བུམ་ཅན་ཁ་སྦྱོར་དུ་གནས་པའི་ཚེ། འོད་ཟེར་ནག་པོ་ཧཱུྃ་


LT26_Page_122A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་གི་སྒྲ་གཟུགས་དང་བཅས་པས་གནས་པར་བསམ་མོ། །དྲུག་པ་ནི། རང་གི་ལྟེ་བའམ་སྙིང་ག་གང་རུང་དུ་འོག་ཏུ་ཉི་མ་དང༌། སྟེང་དུ་ཟླ་བ། དེ་གཉིས་ཀྱི་ཆེ་ཆུང་གི་ཚད་ནི་ཇི་ལྟར་རིགས་པ་ཡིན་ལ། ཉི་ཟླ་གཉིས་ཀྱི་དབུས་སུ་བུ་ག་རེ་རེ་ཡོད་པར་བསམ། དེའི་དབུས་སུ་ཐིག་ལེ་འོད་ཟེར་འཕྲོ་བ་ཞིག་བསམས་ལ། རླུང་ཕྱིར་འབུད་པའི་ཚེ་ཐིག་ལེ་ལས་རླུང་རྣམས་འོད་ཟེར་དཀར་པོ་ཨོཾ་ཡིག་གི་སྒྲ་དང་བཅས་པ་ཟླ་བའི་བུ་ག་ནས་འཐོན། སྣ་སྒོ་ནས་ཕྱིར་ཐོན་པར་བསམ་མོ། །རླུང་ནང་དུ་རྔུབ་བ་པའི་ཚེ། ཨཱཿཡིག་གི་སྒྲ་གཟུགས་འོད་ཟེར་དམར་པོའི་རྣམ་པས་འོང་སྟེ་ཟླ་བའི་བུ་ག་ནས་ཞུགས། འོད་ཟེར་རྣམས་ཉི་མའི་བུ་ག་ནས་འཐོན་ཏེ་ལུས་ཐམས་ཅད་ཁྱབ་པར་བསམ། རླུང་ནང་དུ་བཟུང་བའི་ཚེ། ཉི་ཟླ་ཁ་སྦྱོར་གྱི་དབུས་ཀྱི་ཐིག་ལེའི་ནང་དུ་ཧཱུྃ་ཡིག་གི་སྒྲ་གཟུགས་ཀྱི་རྣམ་པས་གནས་པར་བསམ་མོ། །གཉིས་པ་ཐུར་སེལ་གྱི་རྡོར་བཟླས་ནི། སྟེང་རླུང་ཕྱིར་འགྲོ་བའི་ཚེ། ཐུར་སེལ་ནང་དུ་འོང་བ་དང༌། སྟེང་རླུང་ནང་དུ་འོང་བའི་ཚེ། ཐུར་སེལ་ཕྱིར་འགྲོ་བ་ཡིན་པས། དེའི་རིམ་པ་བཟུང་ནས། གསང་གནས་དང༌། འོག་སྒོ་གཉིས་ཀར་རམ། གང་རུང་ཞིག་ནས་གོང་གི་དམིགས་པ་དྲུག་པོ་བྱའོ། །དེ་ཡང་རྡོ་རྗེའི་བཟླས་པའི་གཙོ་བོ་དམིགས་པ་དྲུག་པོ་དེ་ལ་ཉམས་ཁྲིད་ཀྱི་ཚུལ་གྱིས་ཞིབ་པར་བྱ་བ་ཡིན་ཞིང༌། དམིགས་པ་ཕྱི་མ་རྣམས་རླུང་གིས་ཁ་དོག་ལ་སོགས་པ་མ་མཐོང་བའི་ལས་དང་པོ་པས་ཚུལ་བཞིན་འབྱུང་བར་དཀའ་བ་ཡིན་ནོ། །གསུམ་པ་མགོན་པོ་བཞིའི་རྡོ་རྗེའི་བཟླས་པ་ནི། ཐོག་མར་མགྲིན་པའི་ཐིག་ལེ་དམར་པོ་ལས་མེ་རླུང་ཁ་དོག་དམར་པོའི་རྣམ་པས་སྣ་བུག་གཡས་ནས་འགྲོ་འོང་བྱེད་པ་དང༌། རླུང་གི་རླུང་སྤྱི་བོའི་ཐིག་ལེ་ནག་པོ་ལས་ཁ་དོག་ནག་པོའི་རྣམ་པས། སྣ་བུག་གཡོན་ནས་འགྲོ་འོང་བྱེད་པ་དང༌། ས་རླུང་


LT26_Page_122B
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བའི་ཐིག་ལེ་སེར་པོ་ལས། འོད་ཟེར་སེར་པོའི་རྣམ་པ་སྣ་བུག་གཉིས་ཀ་ནས་འགྲོ་འོང་བྱེད་པ་དང༌། ཆུ་རླུང་སྙིང་གའི་ཐིག་ལེ་དཀར་པོ་ལས། འོད་ཟེར་དཀར་པོའི་རྣམ་པས་སྣ་བུག་གཉིས་ཀ་ནས་འགྲོ་འོང་བྱེད་པའོ། །བཞི་པ་ལྷ་མོ་བཞིའི་རྡོར་བཟླས་ནི། སྣ་བུག་གཡས་ནས་རྒྱུ་བའི་མེ་ལྟ་བུ་ལ་ཡང༌། མེ་རླུང་གི་མེ་རླུང་དམར་པོ་དང༌། མེ་རླུང་གི་རླུང་ནག་མདངས་ཡོད་པ་དང༌། མེ་རླུང་གི་ས་རླུང་སེར་མདངས་ཡོད་པ་དང༌། མེ་རླུང་གི་ཆུ་རླུང་དཀར་མདངས་ཡོད་པ་སྟེ། དེ་དག་སྟེང་ལོགས་དང༌། ཐད་ཀ་དང༌། འོག་རྣམས་སུ་རྒྱུ་བའོ། །དེའི་རིགས་གཞན་རྣམས་ལའང་འགྲེའོ། །ལྔ་པ་དབང་པོ་དྲུག་གི་རྡོར་བཟླས་ནི། སྙིང་གར་ཐིག་ལེ་ཁ་དོག་སྣ་ཚོགས་པ་ཞིག་གསལ་བཏབ་ལ། དེ་ལས་རླུང་རྣམས་འབྱུང་བར་བསམས་ལ། མིག་ནས་དཀར་པོ། །རྣ་བ་ནས་སྔོན་པོ། །སྣ་བུག་ནས་སེར་པོ། ཁ་ནས་དམར་པོ། །སྐེ་མཚམས་ནས་ལྗང་གུ། ལྟེ་བའམ་གསང་གནས་ནས་སྔོན་པོའོ། །ཡི་གེ་གཉིས་པའི་རྡོར་བཟླས་ནི། རླུང་ཕྱིར་འགྲོ་བའི་ཚེ། ཧཱུྃ་ཡིག་གི་སྒྲས་འགྲོ་བ་དང༌། ནང་དུ་འོང་བའི་ཚེ། ཧོཿཡིག་གི་སྒྲས་འོང་བར་བསམ་མོ། །བཞི་པ་འོད་གསལ་གྱི་ཁྲིད་ལ། སྔོན་འགྲོ་སྒྱུ་ལུས་དང༌། དངོས་གཞི་འོད་གསལ་གཉིས་ལས། དང་པོ་ནི། སྒྱུ་ལུས་ཀྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་ནི། རང་གི་མདུན་ནམ་སྤྱི་བོར་རྩ་བའི་བླ་མ་བསྒོམ། དེའི་ལྟེ་བའི་དབུས་སུ་ཡི་དམ་གྱི་སྐུ་དྭངས་ཤིང་གསལ་བ་ཞིག་བསྒོམས་ལ། སྒྱུ་མ་ལྟ་བུའི་འདུན་པ་དང་བཅས་བཞིན་པས་གསོལ་བ་དྲག་ཏུ་བཏབ། མཐར་འོད་དུ་ཞུ་ནས་རང་ཉིད་ལ་ཐིམ་པར་བསམ་མོ། །སྒྱུ་ལུས་ཀྱི་དམིགས་སྐོར་དང་པོ་ནི། ལུས་གནད་ལེགས་པར་བཅས་ལ། དར་ཅིག་སེམས་མ་བཅོས་པར་ངལ་གསོ། །དེ་ཀའི་ངང་ནས་བདག་གཞན་གནས་ལུས་ལོངས་སྤྱོད་


LT26_Page_123A
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ཤེས་པ་ཞིག་གཏད་དེ། འདི་ཐམས་ཅད་བདེན་པར་གྲུབ་པ་གཅིག་ཀྱང་མེད་པ་སྒྱུ་མ་ལྟ་བུ་ཡིན་སྙམ་པའི་འདུན་པ་དྲག་ཏུ་སྦྱང༌། དེའི་ངོ་བོ་ལ་གཞིག་སྟེ་བལྟས་པས། ངོས་བཟུང་དང་བྲལ་བ་དེའི་ངང་ཅུང་ཟད་ཅིག་བསྐྱངས་ཏེ་མཉམ་པར་བཞག །ཚུལ་དེ་ལྟ་བུ་ཡང་ཡང་བསྒོམ་པར་བྱའོ། །དམིགས་སྐོར་གཉིས་པ་ནི། གནས་ཁང་མུན་པ་ཅན་དུ་ལུས་གནད་བཅས་ཤིང༌། མིག་ལྤགས་ཕྱེད་ཙམ་བཀབ་བའི་མིག་འབྲས་ཐད་ཀར་བལྟ། དེའི་ངང་ནས་རང་ཉིད་ཡི་དམ་གྱི་སྐུར་ལམ་གྱིས་བསྒོམས་ལ། འདི་ལྟར་གསལ་བ་འདི་བདེན་པར་གྲུབ་པ་མེད། མེད་བཞིན་དུ་ལྷའི་སྐུར་སྣང་བ་ཡིན་སྙམ་དུ་བསམ་ཞིང༌། དེའི་ངོ་བོ་ལ་བལྟས་པས། ངོས་བཟུང་ཐམས་ཅད་དང་བྲལ་བའི་ངང་ལ་མཉམ་པར་བཞག་ལ། དེ་ལྟ་བུ་ཡང་ཡང་སྒོམ་པར་བྱེད་པའོ། །དེ་ལ་བོགས་འདོན་པའི་དམིགས་སྐོར་གསུམ་པ་ནི། གནས་ཁང་སྣང་བ་དང་བཅས་པར། ཡི་དམ་གྱི་སྐུ་འགྱིང་བག་ཅན་ཞིག་བྲི། དེའི་གཟུགས་བརྙན་རང་གི་མདུན་དུ་མེ་ལོང་གི་ནང་དུ་འཆར་བར་བྱས་ལ། དེ་ལ་ཤེས་པ་གཞན་དུ་མ་ཡེངས་པར་རྩེ་གཅིག་ཏུ་གཏད་ལ་ཅུང་ཟད་མིག་གིས་བལྟ། དེ་ནས་མིག་འབྲས་གྱེན་དུ་སྒྲིལ་ལ། ལྷའི་སྐུའི་སྣང་བརྙན་མེ་ལོང་གི་ནང་དུ་ཤར་བ་དེ་འདྲ་བ་ཞིག་ཡིད་ཀྱིས་ཅི་གསལ་གསལ་བསྒོམ་མོ། །དེ་ལྟར་བདེན་མེད་ཀྱི་འདུན་པ་ཅུང་ཟད་དང་བཅས་ཏེ་སྤེལ་མར་སྒོམ་པར་བྱེད་པའོ། །ཡང་ན་ལྷ་སྐུའི་བྲིས་ཐང་མཚར་བ་ལ། མེ་ལོང་ལ་སོགས་པའི་འོད་ཕོག་པར་བྱས་ཏེ། དེ་ལ་མིག་གིས་བལྟ་ཞིང་སེམས་གཏད། དེ་ནས་མིག་འབྲས་གྱེན་དུ་སྒྲིལ་ཞིང༌། ལྷ་སྐུའི་སྣང་བརྙན་ཡིད་ཀྱིས་སྒོམ་པར་བྱེད་པ་སྟེ། དེ་གཉིས་གང་རུང་གཅིག་གིས་ཆོག་གོ །དེ་ལྟར་ཞག་བཅོ་ལྔ་ཙམ་རང་ཉིད་ལྷ་སྐུར་བསྒོམ་ཞིང༌། བདེན་


LT26_Page_123B
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་འདུན་པ་དྲག་ཏུ་སྦྱོང་བ་དེ་ཉིད་འབད་པས་བསྒོམ། ཡང་ཞག་བདུན་ཙམ་བོགས་འདོན་གཉིས་པོ་གང་རུང་ཞིག་བསྒོམ་བོགས་ཐོན་པར་བྱ། ཚུལ་དེ་ལྟ་བུས་ལྷ་སྐུ་ལ་ཡང་གསལ་སྣང་ཁྱད་པར་ཅན་ཐོབ་ཅིང༌། འདུན་པ་ལ་མ་ལྟོས་པར་སྣང་བ་སྒྱུ་མ་ལྟ་བུ་ཅུང་ཟད་ཤར་བ་ན། སྣང་སྟོང་གི་ལྷ་སྐུ་དེ་ཉིད་ལ་ཡུན་བསྲིངས་ཏེ་བསྒོམས་ནས། རེ་ཞིག་བརྟན་པར་བྱ། ཅུང་ཟད་བརྟན་པ་ན། དམིགས་སྐོར་བཞི་པ་སྤྲོ་བའི་དམིགས་པ་འདི་བསྒོམ། དེ་ཡང་རང་ཉིད་ལྷ་སྐུར་གསལ་བ་དེ་སྣང་བ་ཐམས་ཅད་ལ་ཁྱབ་པའི་ཚུལ་གྱིས། སྣང་བ་ཐམས་ཅད་ལྷ་སྐུར་ལམ་སྟེ་བསྒོམ་ཞིང༌། དེ་རྣམས་ལ་ཡང་སྒྱུ་མ་ལྟ་བུའོ་སྙམ་བདེན་མེད་ཀྱི་འདུན་པ་དྲག་ཏུ་སྦྱོང་ངོ༌། །དེ་རྣམས་ནི་མཉམ་བཞག་གི་སྒྱུ་ལུས་བསྒོམ་པའི་ཚུལ་ལོ། །གཉིས་པ་རྗེས་ཐོབ་ཀྱི་སྒྱུ་ལུས་བསྒོམ་ཚུལ་ལ། སྟོང་པ་ངོས་བཟུང་བ་དང༌། སྒྱུ་མ་ངོས་བཟུང་བ་གཉིས་ལས། དང་པོ་ནི། རང་གི་མིག་གི་ཡུལ་དུ་རས་ཁྲ་ལྟ་བུ་མཐོང་བ་ལ་ཤེས་པ་གཏད་པ་ན། ཐོག་མར་ཁྲ་བོར་སྣང་བ་ཙམ་ལ། རང་བཞིན་ངོས་བཟུང་དང་བྲལ་བར་ཤེས་པ་ནི། སྟོང་པ་དང༌། དེ་ལ་ཞིབ་ཏུ་བལྟས་པ་ན། ཁ་དོག་དང༌། དབྱིབས་ཀྱི་ཁྱད་པར་ཕྲ་མོ་རྣམས་ཀྱང་ཞིབ་པར་སྣང་ཙམ་ལ་རང་བཞིན་ངོས་བཟུང་ཐམས་ཅད་དང་བྲལ་བར་ཤེས་པ་ནི་ཤིན་ཏུ་སྟོང་པ་དང༌། དེ་ནས་ཡུལ་དེས་ཚིམས་པ་ལྟ་བུར་གྱུར་ཏེ། སྣང་བ་དེ་རྣམས་རིམ་གྱིས་ནུབ་པ་ལ་མངོན་དུ་ཕྱོགས་པར་སྣང་ཞིང༌། ངོས་བཟུང་དང་བྲལ་བར་ཤེས་པ་ནི་སྟོང་པ་ཆེན་མོའོ། །དེ་ནས་རིམ་པས་སྒྲ་སོགས་སྣང་བ་ཐམས་ཅད་ལ། སྟོང་པ་གསུམ་པོ་ངོས་འཛིན་པ་སློབ། གཉིས་པ་སྒྱུ་མ་ངོས་འཛིན་པ་ལ་མ་དག་ལས་སྣང་དང༌། དག་པ་ལྷ་སྐུའི་སྣང་བ་སྒྱུ་མ་ལྟ་བུར་ངོས་འཛིན་པ་གཉིས་ལས། དང་པོ་ནི། དེ་ལྟ་བུའི་སྣང་བ་འདི་ཐམས་ཅད་སྟོང་པ་གསུམ་གྱི་རིམ་པས་ནུབ་པར་གྱུར་པ་ན། ངོས་


LT26_Page_124A
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་དང་བྲལ་བའི་ངང་ལ་མཉམ་པར་བཞག །དེ་ཀའི་འཕྲོ་ནས། བདག་གཞན་སྣོད་བཅུད་ཐམས་ཅད་ལ་ཤེས་པ་གཏད་དེ། མེད་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུའོ། །ཞེས་འདུན་པ་སྦྱོང་བའོ། །གཉིས་པ་ནི། མ་དག་པའི་སྣང་བ་འདི་རྣམས་བདེན་མེད་དུ་ཤེས་པའི་སྣང་ཆ་དེ་ཡང་རིམ་པས་ནུབ་ན། དེའི་ཤུལ་དུ་ལྷ་སྐུའི་སྣང་བ་ལམ་སྟེ་ཤར་བར་མོས་ལ། དེ་ལ་ཡང་བདེན་པར་མ་གྲུབ་ཀྱང༌། གསལ་བར་སྣང་བ་སྒྱུ་མ་ལྟ་བུའོ་སྙམ་པའི་འདུན་པ་སྦྱོང་ངོ༌། །དེ་རྣམས་སད་དུས་སྒྱུ་མའི་དམིགས་པའོ། །རྨི་ལམ་སྒྱུ་མ་ལ་ཐོག་མར་རྨི་ལམ་འཛིན་པ་ནི། སྔ་དྲོ་ནས་བཟུང་ཉིན་ཕྱེད་ཀྱི་བར་དུ་དོ་ནུབ་ཅི་ནས་ཀྱང་རྨི་ལམ་ཟིན་པར་བྱ་སྙམ་པའི་འདུན་པ་རྒྱུན་མི་འཆད་དུ་བཏང༌། ཉིན་ཕྱེད་མན་དུ་གཉིད་དུ་སོང་འདུག །སྣང་བ་འདི་རྨི་ལམ་གྱི་སྣང་བ་ཡིན་པ་འདུག །ད་ནང་ཕན་ཆད་རྨི་ལམ་ལ་རྨི་ལམ་དུ་ངོ་མ་ཤེས་འདུག་སྙམ་པའི་འདུན་པ་རྒྱུན་མི་ཆད་དུ་བཏང་ངོ༌། །དེ་ནས་ཉི་མ་གཉིས་པ་ལ་ཡང༌། ཉིན་ཕྱེད་ཡན་ལ་མདངས་རྨི་ལམ་ལ་རྨི་ལམ་དུ་ངོ་མ་ཤེས་འདུག །དོ་ནུབ་ཅིས་ཀྱང་རྨི་ལམ་ལ་རྨི་ལམ་དུ་ངོ་ཤེས་པར་བྱ་སྙམ་པའི་འདུན་པ་བཏང་ཞིང༌། ཉིན་ཕྱེད་མན་དུ་སྣང་བ་འདི་རྨི་ལམ་རང་ཡིན་འདུག་སྙམ་པའི་འདུན་པ་བཏང༌། ཚུལ་དེས་ཞག་བདུན་ནམ། བཅོ་ལྔ་ལ་སོགས་པས་རྨི་ལམ་ཅི་རིགས་ཟིན་པ་འབྱུང་ཞིང༌། འོན་ཀྱང་བརྟན་པོ་མི་འབྱུང་བས། དམིགས་པའི་རིམ་པ་འདི་བསྒོམ། དེ་ཡང་རང་གི་རྐེ་སྦོམ་མཚམས་མགྲིན་པའི་དབུས་སུ་པདྨ་དམར་པོ་འདབ་བཞིའམ། རྩ་འདབ་སྦུགས་ཅན་བཞི་པ་གང་རུང་ཞིག་བསྒོམ། དེའི་ལྟེ་བ་དབུ་མའི་ནང་དུ་ཨོཾ་དམར་པོ་མེ་འོད་ཀྱི་རང་བཞིན་ཅན་ཞིག་དང༌། རྩ་འདབ་བཞི་ལ་རྀ་རཱྀ་ལྀ་ལཱྀ་བཞི་ཁ་དོག་དམར་པོ་བསྒོམ། དེ་ལ་དམིགས་པ་གཏད་ཅིང་ཉིན་ཕྱེད་ཡན་དུ་


LT26_Page_124B
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་ཟིན་པ་བྱ་སྙམ་པའི་འདུན་པ་དང༌། ཉིན་ཕྱེད་མན་དུ་སྣང་བ་འདི་རྨི་ལམ་གྱི་སྣང་བ་ཡིན་པ་འདུག །ང་གཉིད་དུ་སོང་འདུག་སྙམ་པའི་འདུན་པ་དང་བཅས་ཏེ་བསྒོམས་པས་རྨི་ལམ་ཟིན་པར་འགྱུར་ཞིང༌། དེས་མ་ཟིན་ན། རླུང་བུམ་པ་ཅན་བཟུང་ཞིང༌། འདུན་པ་དང༌། དམིགས་པ་གོང་བཞིན་བྱེད་པ་དང༌། དེས་ཀྱང་མ་ཟིན་ན། སྨིན་མཚམས་སུ་ཐིག་ལེ་ཆེ་ཆུང་རྒྱ་སྲན་ཙམ་ཁ་དོག་དཀར་པོ་ཞིག་ལ་དམིགས་པ་གཏད། འཇམ་རླུང་བུམ་པ་ཅན་བཟུང་ཞིང༌། འདུན་པ་གཏོང་ལུགས་སྔར་བཞིན་ནོ། །དེ་ལྟར་རྨི་ལམ་འཛིན་པ་ལ། འདུན་པས་འཛིན་པ་དང༌། མགྲིན་པའི་ཨོཾ་ཡིག་མ་ནིང་གི་ཡི་གེ་བཞི་བསྒོམ་པའི་དམིགས་པ་དང༌། སྤོགས་ཆོག་གཉིས་ཏེ། བཞི་པོ་དེ་རྣམས་ལ་བརྟེན་ནས་རྨི་ལམ་བལྟར་ཆགས་སུ་ཟིན་པར་གྱུར་ན། རྨི་ལམ་སྦྱོང་བ་ལ་རྩ་བ་དང་ཡན་ལག་གི་དམིགས་པ་འདི་རྣམས་བསྒོམ་མོ། །དེ་ཡང་ཉི་ཕྱེད་ཡན་ལ་དོ་ནུབ་རྨི་ལམ་དུ་རང་ཉིད་ལྷ་སྐུར་བསྒོམ་པར་བྱ་སྙམ་པ་དང༌། ཉིན་ཕྱེད་མན་ལ། ང་གཉིད་དུ་སོང་འདུག །སྣང་བ་འདི་རྨི་ལམ་གྱི་སྣང་བ་ཡིན་པར་འདུག་སྙམ་དུ་བསམས་ལ། རང་ཉིད་ཡི་དམ་ཕྱག་གཉིས་པར་ལམ་སྟེ་བསྒོམ་པ་ནི། རྩ་བའི་དམིགས་པ་དང་པོ་དང༌། འདུན་པ་གཏོང་ལུགས་གོང་བཞིན་རང་དང་སྣང་བ་ཐམས་ཅད་ལྷ་སྐུར་བསྒོམ་པ་ནི། རྩ་བའི་དམིགས་པ་གཉིས་པ་དང༌། འདུན་པ་གཏོང་ལུགས་འདྲ་བ་ལས་རང་དང་སྣང་བ་ཐམས་ཅད་ལྷ་སྐུར་གསལ་བ་དེ་ཅིག་ཆར་ནམ་མཁའ་ལ་འཇའ་ཚོན་ཡལ་བ་ལྟར་འོད་གསལ་གྱི་ངང་དུ་ཐིམ་པའམ། ཡང་ན་སྣང་བ་ཐམས་ཅད་རང་ཉིད་ལ་ཐིམ། རང་ཉིད་ཀྱང་འོད་གསལ་སྟོང་པ་ཉིད་ཀྱི་རང་ངང་དུ་ཐིམ་པར་བསམ་པ་ནི་རྩ་བའི་དམིགས་པ་གསུམ་པའོ། །དེ་ལྟར་ནང་སེལ་གྱི་དམིགས་པ་དེ་རྣམས་གཅིག་ཏུ་བསྡོམས་ཏེ། དམིགས་ཆེན་གཅིག་ཏུ་བྱས་པ་ལ། རྨི་


LT26_Page_125A
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྦྱོང་བའི་རྩ་བའི་དམིགས་པ་གཅིག་ཅེས་བྱའོ། །ཡན་ལག་གི་དམིགས་པ་གསུམ་སྟེ། སྤྲོ་བསྡུ་ལ་བསླབ་པ་དང༌། ཡང་ལ་བསླབ་པ་དང༌། རྣམ་ཐར་ལ་བསླབ་པ་དང་གསུམ་ལས། དང་པོ་ནི། རང་གཞན་གྱི་དངོས་པོ་གཅིག་ལས་གཉིས་དང༌། གསུམ་ལ་སོགས་པ་མཐའ་ཡས་པའི་བར་སྤྲོ་བ་དང༌། མང་པོ་གཅིག་ཏུ་བསྡུ་བ་དང༌། ཆུང་ངུ་ཆེན་པོར་བསྐྱེད་བ་དང༌། ཆེན་པོ་ཆུང་ངུར་བསྡུ་བ་སོགས་ཉིན་པར་དམིགས་པས་བསྒོམ་ཞིང༌། མཚན་མོ་རྨི་ལམ་ཤར་བའི་ཚེ་དེ་ལྟར་བྱ་སྙམ་དུ་བསམ་མོ། །གཉིས་པ་ནི། རང་རྣམ་རྟོག་འཇོམས་དཀའ་བ། རྒྱ་མཚོ་ཆེན་པོའི་དབུས་སམ། མི་གཙང་བའི་ཁྲོད་དམ། གཡང་ས་འཇིགས་སུ་རུང་བ་རྣམས་སུ་བག་ཚ་མེད་པར་ཕྱིན་པར་མོས་ཤིང༌། མཚན་མོ་རྨི་ལམ་གྱི་ཚེ་དེ་ལྟ་བུ་རྣམས་ལ་ཐོག་རྫིས་སུ་བྱ་སྙམ་དུ་བསམ་མོ། །གསུམ་པ་ནི། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས། །རང་གང་ལ་མོས་པ་ཞིག་མདུན་དུ་བྱོན་པར་བསམས་ལ། དེ་ལ་བདག་དོ་ནུབ་ཏུ་རྨི་ལམ་དུ་བདེ་བ་ཅན་དུ་སླེབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། དེའི་ཐུགས་ཀ་ནས་འོད་ཟེར་གྱི་ཐག་པ་ཞིག་བྱུང༌། དེ་ལ་རང་འཇུས་ཏེ། ཡི་དམ་སོགས་ཀྱིས་ཁྲིད་པས། བདེ་བ་ཅན་སོགས་རང་ཡུལ་སྣང་གང་བལྟ་འདོད་པ་དེར་སླེབས་པས་དེ་དང་དེ་མཐོང་བར་བསམ་པས། རྨི་ལམ་དུ་དེ་བཞིན་འབྱུང་བ་ཡིན་ནོ། །ཡང་རང་གི་མདུན་དུ་ཡི་དམ་སོགས་གང་རུང་གསལ་བ་ལ་དྲི་བ་འདི་དང་འདི་ལྟ་བུ་ལུང་བསྟན་དུ་གསོལ། ཞེས་གསོལ་བ་བཏབ་པས། དེའི་ལན་ཇི་ལྟ་བ་བཞིན་གསུངས་པའི་དམིགས་པ་ཉིན་པར་བསྒོམས་པས། མཚན་མོ་རྨི་ལམ་དུ་ཡང་དེ་བཞིན་འབྱུང་བར་འགྱུར་རོ། །བར་དོར་སྒྱུ་མ་བཟུང་བ་དང་སྦྱོང་བ་གཉིས་ལས། དང་པོ་ནི། རང་ཉིད་ཐ་མལ་པ་གནས་པའི་


LT26_Page_125B
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ག་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འོད་དུ་མེར་ཏེ་ཞུ། རིམ་པས་འདུས་ཏེ་རང་ལུས་ལ་ཐིམ། ལུས་འོད་ཀྱི་གོང་བུར་གྱུར་པ་མཐའ་ནས་རིམ་པས་འདུས། སྙིང་གའམ་ལྟེ་བའི་ཐད་དུ་འོད་མཐེ་བོང་ཙམ་དུ་གྱུར། དེ་ཡང་ཇེ་ཕྲར་གྱུར་ཏེ་སྟོང་པར་ཡལ་བར་བསམ་ལ་ཅུང་ཟད་མཉམ་པར་བཞག །དེ་ནས་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་སྣང་བ་འདི་རྣམས་ལ་ཤེས་པ་གཏད་དེ། ང་ཤི་འདུག་འདི་རྣམས་བར་དོའི་སྣང་བ་ཡིན་པར་འདུག །བདེན་པར་གྲུབ་པ་ཅུང་ཟད་ཀྱང་མི་འདུག་སྙམ་དུ་བསམས་ལ། ཡང་སྙིང་ཁ་ནས་འོད་ཟེར་སྤྲོ་བ་སོགས་བསྐྱར་གྱིན་བསྒོམ། ཐུན་མཚམས་སུ་བར་དོ་ཡིན་སྙམ་པའི་འདུན་པ་འབྲལ་མེད་དུ་བྱས་པས་བར་དོ་ཟིན་པར་འགྱུར་རོ། །གཉིས་པ་སྦྱོང་བ་ནི། རང་ཉིད་ཐ་མལ་པའི་སྙིང་ཁ་ནས་འོད་ཟེར་འཕྲོས། སྣང་བ་ཐམས་ཅད་འོད་དུ་མེར་ཏེ་ཞུ། རང་ལུས་ལ་ཐིམ། རང་ལུས་ཀྱི་གོང་བུ་ཡང་རིམ་པས་བསྡུས་ཏེ། སྙིང་གའམ། ལྟེ་བར་འོད་ཀྱི་གོང་བུ་མཐེ་བོང་ཙམ་དུ་གྱུར། དེ་ཡང་ཇེ་ཕྲར་གྱུར་ཏེ་སྟོང་པར་ཡལ་བའི་ངང་ལ་ཅུང་ཟད་མཉམ་པར་བཞག །དེ་ཀའི་ངང་ལ་རྟོག་པ་གཞན་གྱིས་བར་མ་ཆོད་པར་སྣོད་བཅུད་ཐམས་ཅད་ལ་ཤེས་པ་གཏད་དེ། ང་ཤི་འདུག །བར་དོའི་སྣང་བ་ཡིན་འདུག །སྣང་བ་འདི་རྣམས་དག་པའི་སྐུར་བསྒྱུར་བར་བྱ་སྙམ་དུ་བསམས་ལ། རང་ཉིད་དང་སྣང་བ་ཐམས་ཅད་ཡི་དམ་ཡབ་ཡུམ་གྱི་སྐུ་དང༌། སྒྲ་ཐམས་ཅད་སྔགས་ཀྱི་སྒྲར་བསམ་ཞིང༌། འདི་རྣམས་བདེན་མེད་སྒྱུ་མ་ལྟ་བུའོ། །སྙམ་དུ་བསྒོམ་མོ། །ཡང་བསྐྱར་ནས་བསྒོམ་པ་ན། རང་ཉིད་ཡི་དམ་གྱི་སྐུར་གསལ་བའི་སྙིང་ག་ནས་འོད་ཟེར་སྤྲོ་བ་སྔར་བཞིན་བྱའོ། །སྒྱུ་ལུས་ལས་འཕྲོས་པ་འཕོ་བའི་མན་ངག་ལ། སྣང་སྟོང་སྒྱུ་མ་ལྟ་བུར་ཡོངས་སུ་ཤེས་པའི་རྣལ་འབྱོར་པ་མཆོག་ལ་འཕོ་བ་མི་


LT26_Page_126A
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཀྱང༌། དེ་ལྟར་མ་རྟོགས་པ་རྣམས་ཀྱིས་གོང་དུ་འཕོ་དགོས་པའི་ཕྱིར་འཕོ་བའི་མན་ངག་སྟོན་པ། དེ་ལ་སྐུའི་འཕོ་བ། གསུང་གི་འཕོ་བ། ཐུགས་ཀྱི་འཕོ་བ། ཡེ་ཤེས་ཀྱི་འཕོ་བ་དང་བཞི་ལས། ཐམས་ཅད་ཀྱི་ཐོག་མར་སྒོ་དགག་པའི་དམིགས་པ་ནི། སྤྱིར་རང་ཡི་དམ་གང་རུང་བསྒོམ་པས་ཆོག་ཀྱང༌། བྱེ་བྲག་ཏུ་འཕོ་བའི་རིགས་རྣམས་ལ། མཁའ་འགྲོ་མའི་རིགས་བསྒོམ་ན་ལྷག་པར་བསྔགས་པ་དང༌། དེའི་ནང་ནས་ཀྱང་གདན་བཞི་ནས་བཤད་པའི། འཕོ་བའི་ལྷ་མོ་ལྟ་བུ་བསྒོམ་ན་མཆོག་ཡིན་ཀྱང༌། དེ་ལྟར་མ་ཐུབ་ན། རང་རྡོ་རྗེ་ཕག་མོའམ། བདག་མེད་མ་ལྟ་བུ་གང་རུང་ཞིག་ཏུ་བསྒོམས་ལ། རང་གི་མིག་གཉིས་ཀྱི་དབུས་སུ་བུག་པ་ཕྲ་མོ་ཡོད་པར་བསམས་པའི་དཀྱིལ་དུ་ཧཱུྃ་སྔོན་པོ་མགོ་ནང་དུ་བསྟན་པ་རེ་རེས་བཀག་པར་བསམ། དེའི་འོད་ཟེར་གྱིས་སྲུབས་རྣམས་ཀྱང་བཀག་པར་མོས་ལ། རླུང་བུམ་ཅན་བཟུང༌། དེ་ལྟ་བུ་ཞག་བདུན་སོགས་ཇི་ལྟར་རིགས་པ་བསྒོམ། དེ་བཞིན་དུ་རྣ་བ་གཉིས་ཀྱི་བུག་པ་དམའ་མཚམས་སུ་ཡུམ་སྔོན་པོ་རེ་རེ་དང༌། སྣ་བུག་གཉིས་སུ་ཡུཾ་སྔོན་པོ་རེ་རེ་མགོ་ནང་བསྟན། སྤྱི་གཙུག་གི་བུག་པར་ཀྵུམ་སེར་པོ་མགོ་ཐུར་བསྟན། བཤང་ལམ་དུ་ཀྵུམ་སེར་པོ་མགོ་ནང་བསྟན། ཁའི་སྒོ་ལྕེའི་རྩ་བར་སུམ་དཀར་པོ་མགོ་ནང་བསྟན། ཆུ་ལམ་དུ་སུམ་དཀར་པོ་མགོ་ནང་བསྟན་བསྒོམས་ལ། ཡི་གེ་སོ་སོའི་འོད་ཟེར་གྱིས་བུག་པའི་སྲུབས་ཐམས་ཅད་བཀག་པར་བསམ་ཞིང༌། རླུང་བུམ་ཅན་བཟུང་བ་རེ་རེ་བཞིན་ཞག་བདུན་ཙམ་རེ་བྱའོ། །ཡི་གེ་བརྩེགས་མས་སྒོ་དགག་པ་ནི། མགྲིན་པའི་ནང་དུ་སྨྻུཾ་དང༌། སྙིང་ཁང་ྻྨྻུཾ་དང༌། དཔུང་པ་གཉིས་སུ་ཧྨྻུཾ་དང༌། ལྟེ་བར་ཀྵྨྻུཾ་རྣམས་ཁ་དོག་སྔོན་པོ། །མགོ་ནང་བསྟན་བསྒོམས་ལ། དེ་དག་


LT26_Page_126B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་རླུང་བུམ་པ་ཅན་བཟུང་ལ་ཞག་བདུན་ཙམ་རེ་བསྒོམ་མོ། །དེ་ནས་ཐམས་ཅད་དུས་གཅིག་ཏུ་བསྒོམ་པར་བྱ་སྟེ་སྤྱི་གཙུག་གི་ཀྵུཾ་ནས་བཟུང༌། བཤང་ལམ་གྱི་ཀྵུཾ་གྱི་བར་ཡས་རིམ་གྱིས་གསལ་བཏབ་ཅིང༌། ཡི་གེ་རྣམས་ལས་འཕྲོས་པའི་འོད་ཟེར་གྱིས་སྒོ་རྣམས་བཀག་པར་བསམ། དེ་བཞིན་དུ་མས་ནས་རིམ་པ་བཞིན་གསལ་བཏབ་ཅིང་རླུང་བུམ་པ་ཅན་བཟུང་ངོ༌། །ཚུལ་དེ་ལྟ་བུར་ཟླ་བ་དྲུག་སོགས་བསྒོམ་ན་སྒོ་ཁེགས་པའི་རྟགས་ལ་དུ་བ། སྨིག་རྒྱུ་སོགས་རྟགས་ལྔ་ཡང་འབྱུང་ལ། ཁྱད་པར་དམིགས་པ་ལ་སེམས་གཏད་རེས་ཀྱིས་ཕྱི་རོལ་ཡུལ་གྱི་སྣང་བ་རྣམས་ནུབ་ཅིང༌། ནང་གི་ཤེས་པ་སལ་ལེ་བ་འདུག་པ་དེ། དཔེར་ན་གནས་ཁང་མུན་པ་ཅན་དུ་འདུག་པ་འདྲ་བ་ཞིག་བྱུང་ན་སྒོ་ཁེགས་པའི་རྟགས་ཡིན་ནོ། །དེ་ནས་ཐུན་གྱི་མགོར་སྒོ་དགག་པའི་དམིགས་པ་འདི་རྣམས་ལན་རེ་ཙམ་རེ་སྒོམ་ཐུབ་ན་ལེགས། མ་བསྒོམས་ཀྱང་ཆོག་གོ །དེ་ནས་ལུས་ཀྱི་དབུས་སུ་དབུ་མ་བསྒོམ་ན་ཅུང་ཟད་སྦོམ་པ་ཞིག་གསལ་བཏབ། མ་བསྒོམས་ཀྱང་ཆོག་སྟེ། སྙིང་གའི་ཐད་དུ་ཧཱུྃ་སྔོན་པོ། །ཆེ་ན་སོར་བཞི་ཙམ་པ། ཆུང་ན་མཐེ་བོང་ཙམ་ཞུ་ལ་ཁང་པ་མགོ་ཐུར་བསྟན་ཞིག་བསྒོམ། ལྟེ་བར་ཨཾ་ཡིག་གམ། ཨ་ཤད་གང་རུང་མགོ་གྱེན་བསྟན་ཞིག་གསལ་བཏབ། རླུང་རོ་བསལ། ནང་དུ་རྔུབ་སྟེ། སྟེང་རླུང་མནན་པ་སྙིང་གའི་ཧཱུྃ་དེ་ལས་འོད་ཟེར་ཐུར་དུ་འཕྲོས་པར་བསམ། ཐུར་སེལ་སྟེང་དུ་འཐེན་པས་ལྟེ་བའི་ཨ་ཤད་ལས་གཏུམ་མོའི་མེ་འབར། མེ་རླུང་གི་ཤུགས་ཀྱིས་སྙིང་གའི་ཧཱུྃ་མགོ་གྱེན་དུ་བསྟན་པར་གྱུར་ཅིང་ཧཱུྃ་གི་ཞབས་ཀྱུ་ལས་ཐིག་ལེའི་རྒྱུན་བབས་པའི་འབར་འཛག་ལ་དམིགས་པ་གཏད་ཅིང༌། རླུང་ཅི་ཐུབ་བཟུང༌། མི་ཐུབ་པ་དང་ཕྱིར་བཏང་སྟེ། སླར་ནང་དུ་རྔུབ་ཅིང༌། སྟེང་རླུང་མནན་པའི་ཚེ་སྙིང་གའི་ཧཱུྃ་མགོ་མཇུག་ལོག །འོག་རླུང་འཐེན་


LT26_Page_127A
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། ལྟེ་བའི་གཏུམ་མོ་འབར་བའི་མེ་རླུང་གི་ཤུགས་ཀྱིས་སྙིང་གའི་ཧཱུྃ་མགོ་གྱེན་དུ་བསྟན་པར་བསམས་ལ། ཚུལ་དེ་ལྟ་བུ་ཡང་ཡང་བསྒོམ་པའོ། །དེ་རྣམས་ནི་འཕོ་བ་བཞི་ཀར་གྱི་སྔོན་འགྲོ་ཡིན་ལ། དངོས་གཞི་ལ་ཐོག་མར་སྐུའི་འཕོ་བ་ནི། ལུས་ཀྱི་དབུས་སུ་རྩ་དབུ་མ་ཅུང་ཟད་སྦོམ་པ་ཡས་སྣ་ཚངས་བུག་ལ་ཟུག་པ། མས་སྣ་གསང་གནས་སུ་ཟུག་པའི་སྙིང་གའི་ཐད། དབུ་མའི་འོག་ཏུ་ཡུཾ་སྔོན་པོ་མགོ་ཐུར་ཏུ་བསྟན་པ་གཞིབས་པ་ལ། ཞབས་ཀྱུ་གཉིས་རིམ་པས་གྱེས་པའི་སྟེང་དུ་ཡུཾ་སྔོན་པོ་གཉིས་མགོ་ཐུར་བསྟན། ཞབས་ཀྱུ་གཉིས་མཉམ་པར་གཞིབས་པ་ལ། མགོ་བོ་གཉིས་གྱེས་པའི་རྣམ་པ་ཅན། ཡི་གེ་བཞི་པོ་དེ་རྣམས་ཀྱི་དབུས་སུ་ཧཱུྃ་སྔོན་པོ་མགོ་ཐུར་བསྟན། ཡི་གེ་དམར་པོ་དེ་རྣམས་ཀྱི་འོག་ཏུ་ཧི་དམར་པོ་དང༌། སྟེང་དུ་ཀ་དཀར་པོ་ཡི་གེ་བདུན་པོ་དེ་རྣམས་དང༌། ལྟེ་བར་ཨ་ཤད་ཀྱང་གསལ་བཏབ་ལ། རླུང་བུམ་པ་ཅན་བཟུང་བས། ལྟེ་བའི་ཨ་ཤད་ལས་གཏུམ་མོའི་མེ་འབར་བའི་མེ་རླུང་གི་ཤུགས་ཀྱིས། སྙིང་གའི་ཡི་གེ་བདུན་པོ་མགོ་གྱེན་དུ་བསྟན་པ་བསམ་ཞིང༌། སྙིང་གར་འདར་ཁྲིལ་ཁྲིལ་འདུག་པར་བསམས་ལ། རླུང་ནང་དུ་བཟུང༌། ཧིཀ་ཞེས་པའི་སྒྲས་རླུང་ཕྱིར་འབུད་པའི་ཚེ། ཡི་གེ་བདུན་པོ་གྱེན་དུ་ཕྱུར་ཕྱུར་སོང་བར་བསམས་ལ། ཚངས་བུག་ནས་འདར་ཁྲིལ་ཁྲིལ་ཕྱིར་འཐོན་ལ་ཁད་འདུག་པ་ལ་དམིགས་པ་གཏད་ལ་རླུང་ཅུང་ཟད་བཟུང༌། རླུང་ནང་དུ་རྔུབ་པའི་ཚེ། ཀ་ཧི་ཞེས་པ་ཡིད་ཀྱིས་དྲན་པར་བྱ། ཡི་གེ་བདུན་པོ་རྣམས་དབུ་མའི་ནང་ནས་མར་ཁྱུར་ཁྱུར་སོང་བར་བསམས་ལ། སྙིང་གར་སླེབ་པ་ན། སྟེང་རླུང་མནན་པའི་ཤུགས་ཀྱིས། ཡི་གེ་རྣམས་མགོ་མཇུག་ལོག་སྟེ་གནས་པ་ལ། ལྟེ་བའི་གཏུམ་མོ་འབར་བའི་མེ་


LT26_Page_127B
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་གི་ཤུགས་ཀྱིས་ཡི་གེ་རྣམས་མགོ་གྱེན་དུ་བསྟན་པ་སོགས་སྔར་བཞིན་བསྒོམ་པའོ། །གཉིས་པ་གསུང་གི་འཕོ་བ་ནི། རང་གི་ལུས་ཀྱི་ལྟེ་བའི་དབུས་སུ་རྡོ་རྗེ་མཁའ་འགྲོ་མའི་ས་བོན་གང་ཡང་རུང་བ་ཨཾ་གི་སྒྲ་ལྟ་བུ་ཞིག་དམིགས་ལ། རླུང་ཕྱིར་འབུད་པའི་ཚེ། ཨཾ་ཡིག་གི་སྒྲས་བུས་ལ། རང་སེམས་ཨཾ་ཡིག་གི་སྒྲས་ལྟེ་བར་གནས་པ་དེ་རིམ་པས། སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོའི་ཚངས་བུག་ནས་ཐོན་ཏེ། སྟོང་པར་དབྱིངས་སུ་འཕོ་བའམ། བླ་མ་དང་ཡི་དམ་གང་མོས་ཀྱི་ཐུགས་ཀར་འཕོ་བའོ། །གསུམ་པ་ཐུགས་ཀྱི་འཕོ་བ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ལུས་ཀྱང་སྟོང་པར་ཐིམ་པར་བསམ། ལྟེ་བའི་ཐད་ཀྱི་བར་སྣང་སྟོང་པ་དེར་རང་སེམས་རིག་ཅིང་གསལ་བ་ཙམ་དེ་ཉིད་རིམ་པས་ལྟེ་བའི་ཐད་ནས་སྙིང་གའི་ཐད། སྙིང་ག་ནས་མགྲིན་པའི་ཐད་དང༌། མགྲིན་པ་ནས་སྤྱི་བོའི་ཐད་ཙམ་ནས་དབྱིངས་སུ་ཐིམ་པའམ། བླ་མ་ཡི་དམ་གང་མོས་ཀྱི་ཐུགས་ཁར་འཕོ་བའོ། །འདི་ལ་ཅི་སྟེ་དམིགས་པ་མི་གསལ་ན། རང་སེམས་འོད་ཀྱིས་རྣམ་པར་བྱ་ཞིང༌། ལྟེ་བའི་ཐད་ཀྱི་ཆ་ངས་པ་ཡང་མེད་པ་མདུན་རྒྱབ་གཉིས་ནས་ལྟེ་བའི་ཐད་དུ་རེག་པའམ། རེག་བྱར་ཡོད་པར་སེམས་གཏད་དོ། །བཞི་པ་ཡེ་ཤེས་ཀྱི་འཕོ་བ་ནི། ལྟེ་བའི་ཐད་དུ་ཞུ་བདེའི་ཉམས་ཡོད་ན་དྲངས་ལ་དམིགས་པ་གཏད། དེ་ལྟར་མེད་ན་བདེ་བར་མོས་པ་ཙམ་བྱས་ལ་འཕོ་ཚུལ་ཐུགས་དང་འདྲའོ། །དེ་རྣམས་ཀྱིས་སྔོན་འགྲོ་སྒྱུ་ལུས་འཕྲོས་དོན་དང་བཅས་པ་སོང་ནས། གཉིས་པ་དངོས་གཞིའི་འོད་གསལ་ལ། བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་བོར་བླ་མ་བསྒོམ། དེའི་ཐུགས་ཀར་ཐིག་ལེ་དཀར་ལ་དམར་བའི་མདངས་ཅན་འོད་ཟེར་འཕྲོ་བ་ཞིག་དམིགས་ལ་ཐུགས་ཡེ་ཤེས་ལྔའི་རང་བཞིན་ཡིན་


LT26_Page_128A
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་དུ་མོས། དེ་ལས་འོད་ཟེར་འཕྲོས། སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་ལྷར་གྱུར་པར་བསམ། དེ་རྣམས་འོད་དུ་ཞུ་ནས་བླ་མའི་སྐུ་ལ་ཐིམ་པར་མོས་ལ། གཉིད་ཀྱི་འོད་གསལ་ཟིན་པ་དང༌། སད་དུས་ཀྱི་འོད་གསལ་ཁྱད་པར་ཟིན་པར་གསོལ་བ་བཏབ། བླ་མ་འོད་དུ་ཞུ་ནས་རང་ལ་བསྟིམ། དེ་ནས་རང་ཡི་དམ་དུ་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་གསལ་ཐེབས་ན། སྙིང་གའི་ཐད་ཀྱི་དབུ་མའི་ནང་དུ་པདྨའི་ལྟེ་བ་དང༌། དབུ་མའི་ཕྱི་རོལ་གྱི་ཕྱོགས་བཞི་ལ་པད་འདབ་བཞི་ཡོད་པར་བསྒོམ། དབུ་མ་མི་གསལ་ན་སྙིང་གར་པདྨ་འདབ་མ་བཞི་པ་ཞིག་བསྒོམས་པའི་ལྟེ་བ་སྦུགས་སྟོང་དུ་ཡོད་པའི་སྟེང་དུ་ཨ་ཤད་དམ་ཧཱུྃ་སྔོན་པོ་ཞིག་བསྒོམ། འདབ་མ་བཞི་ལ་ཤར་ནས་གཡས་སྐོར་གྱིས། མ་ནིང་ཡི་གེ་བཞི་གསལ་བཏབ་ལ། རླུང་བུམ་པ་ཅན་བཟུང་ཞིང་དེ་རྣམས་ལ་སེམས་གཏད། དེ་ནས་མདུན་གྱི་རྀ་ཡིག་ཐུང་ངུ་ལ་དམིགས་པ་གཏད། བུམ་པ་ཅན་གསུམ་ལ་སོགས་པ་འཛིན། དེ་བཞིན་དུ་གཞན་གསུམ་ལ་ཡང་རེ་རེ་བཞིན་དམིགས་པ་གཏད་ཅིང་བུམ་པ་ཅན་གསུམ་ལ་སོགས་པ་འཛིན། དབུས་ཀྱི་ཡི་གེ་ལ་ཅུང་ཟད་ཡུན་རིང་བ་ཙམ་གཏད་ཅིང་བུམ་ཅན་བཟུང༌། དེ་ནས་ཤར་གྱི་རྀ་ཡིག་ཐུང་ངུ་དེ། གཡས་ཀྱི་རཱྀ་ཡིག་རིང་པོ་ལ་ཐིམ་པས། དེ་བརྗིད་དང་ལྡན་པར་གྱུར་ཅིང༌། ཤར་གྱི་པད་འདབ་སྟོང་སང་ངེ་གྱུར་པར་བསམས་ལ། གཡས་ཀྱི་ཡི་གེ་ལ་སེམས་གཏད་ཅིང༌། རླུང་བུམ་པ་ཅན་འཛིན། དེ་བཞིན་དུ་རཱྀ་ཡིག་རིང་པོ། །རྒྱབ་ཀྱི་ལྀ་ཡིག་ཐུང་ངུ་ལ་ཐིམ་པ་དང༌། ལྀ་ཡིག་ཐུང་ངུ་གཡོན་གྱི་ལཱྀ་ཡིག་རིང་པོ་ལ་ཐིམ་པ་དང༌། དེ་ཡང་དབུས་ཀྱི་ཡི་གེ་ལ་ཐིམ་པས་དེ་བརྗིད་དང་ལྡན་ཞིང༌། འོད་འབར་བར་བསམས་ལ། དེ་ལ་དམིགས་པ་གཏད་ཅིང༌། རླུང་བུམ་པ་


LT26_Page_128B
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འཛིན་ནོ། །དེ་ནི་འོད་གསལ་འཛིན་པའི་དམིགས་པ་འབྲིང་པོ་ཡིན་ལ། བསྡུས་པ་ནི། རང་གི་སྙིང་གར་པདྨ་འདབ་མ་བཞི་པའི་ལྟེ་བར། ས་བོན་ལ་མོས་ན་ཧཱུྃ་སྔོན་པོ་གསལ་བཏབ་ལ་དེ་ལ་དམིགས་པ་གཏད་པ་དང༌། ཐིག་ལེ་ལ་མོས་ན། ཧཱུྃ་ཞུ་བ་ལས་ཐིག་ལེ་སྔོན་པོ་འོད་འཕྲོ་བ་ཞིག་བསྒོམ་པ་དང༌། ལྷ་སྐུ་ལ་མོས་ན། པདྨའི་ལྟེ་བར་ཡི་དམ་ཞལ་གཅིག་ཕྱག་གཉིས་པ་ཞིག་བསྒོམས་ལ། དེ་ལ་སེམས་གཏད་པས་འོད་གསལ་ཟིན་པར་འགྱུར་རོ། །འོད་གསལ་འཛིན་པའི་དམིགས་པ་རྒྱས་པ་ནི། རང་ཡི་དམ་དུ་གསལ་བའི་སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ་ཁ་ཐུར་བསྟན་དང༌། ལྟེ་བར་སྤྲུལ་འཁོར་རྩ་འདབ་དྲུག་ཅུ་རྩ་བཞི་པ་ཁ་ཕྱིར་བསྟན་དེ་གཉིས་ཁ་འཕྲད་པ། ལྟེ་བའི་འཁོར་ལོའི་ལྟེ་བར་གཏུམ་མོའི་རང་བཞིན་ཨ་ཤད་ཅིག་བསྒོམ། སྙིང་གའི་ཨ་ཤད་འཁོར་ལོའི་ལྟེ་བར་ཧཱུྃ་ཡིག་རིང་པོ་དང༌། ཕྱོགས་ཀྱི་འདབ་མ་བཞི་ལ། གཡོན་བསྐོར་གྱིས་སུཾ་ཡུཾ་ཀྵུཾ་ཧཱུྃ་རྣམས་དང༌། མཚམས་རྣམས་ལ་བྱང་ཤར་ནས་གཡས་བསྐོར་གྱིས། སྨྻུཾ། ྻྨྻུཾ། ཀྵྨྻུཾ། ཧྨྻུཾ་རྣམས་བསྒོམས་ལ། ལྟེ་བའི་ཨ་ཤད་ཀྱི་མེ་འོད་ཀྱིས་སྙིང་གའི་འཁོར་ལོ་ཡི་གེ་དང་བཅས་པ་རྣམས་ཚ་འུར་རེ་ཁྱབ་པར་བསམས་ལ། རླུང་བུམ་ཅན་འཛིན་ཞིང་བསྒོམ་པའོ། །ཡང་རྡོ་རྗེ་ནོར་བུ་པདྨ་འདབ་བཞིའི་ལྟེ་བ་ལ་ཨཾ་ཡུ་སྔོན་པོའམ། ཧཱུྃ་སྔོན་པོ་གང་རུང་ཞིག་བསྒོམས་ལ། དེ་ལ་དམིགས་པ་གཏད་པ་དང༌། ཡང་ལས་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོར་བའི་རྗེས་ཆགས་ཀྱི་བདེ་བ་ལ་གོམས་པ་ཞིག་ཡིན་ནོ། །ལས་རྒྱ་ལ་བརྟེན་པ་དང༌། དེ་ལྟར་མིན་ན་ཡེ་ཤེས་ཀྱི་ཕྱག་རྒྱའི་རྗེས་ཆགས་ཀྱི་བདེ་བ་བསྒོམ་པ་ན། རང་གི་ལུས་ཀྱི་སྟོད་སྨད་ཐམས་ཅད་ནས་བྱང་ཆུབ་སེམས་ཞུ་བ་རྣམས་རིམ་པས་འདུས་ཏེ། སྙིང་གའམ་གསང་གནས་


LT26_Page_129A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནོར་བུ་གང་རུང་ཞིག་ཏུ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་ཞིག་ཏུ་གྱུར་པར་མོས་ལ། དེ་ཉིད་ཉམས་བདེ་ཁྲིལ་ལེ་འདུག་པ་ལ་སེམས་རྩེ་གཅིག་ཏུ་གཏད་ཅིང༌། རླུང་བུམ་པ་ཅན་འཛིན་ནོ། །དེ་ལྟར་འོད་གསལ་འཛིན་པའི་དམིགས་པ་དེ་རྣམས་ཉིན་པར་དྲག་ཏུ་བསྒོམ་ཞིང༌། མཚན་མོ་དམིགས་པ་ལ་སེམས་གཏོད་བཞིན་པའི་ངང་ནས་གཉིད་དུ་འགྲོ་བར་བྱས་པས་འོད་གསལ་ཟིན་པར་འགྱུར་རོ། །དེ་ཡང་དམིགས་པའི་རྣམ་གྲངས་དེ་རྣམས་གང་ཟག་གཅིག་གིས་ཐམས་ཅད་བསྒོམ་དགོས་པ་མ་ཡིན་གྱི། དམིགས་པ་གང་རུང་ཞིག་ལ་བརྟེན་ནས་འོད་གསལ་ཟིན་པར་བྱས་པས་ཆོག་པ་ཡིན་ནོ། །དེས་ཀྱང་མ་ཟིན་ན་མུན་ཁང་ངམ། སྤྲིན་མེད་ནམ་མཁའ་ལ་ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པར་བྱ། མིག་འབྲས་གྱེན་ལ་བསྒྲིལ་བས་བར་སྣང་སྟོང་པ་དེར་གཏད་ཅིང༌། སེམས་ཀྱང་གང་ཡང་ཡིད་ལ་མི་བྱེད་པར་བསྒོམ་མོ། །ཡང་ན་གཡས་པའི་མིག་བསྒྲིལ་ཞིང༌། གཡོན་ཕྱོགས་ཀྱི་ཕྲེད་སོགས་ཀྱི་ནམ་མཁའ་ལ་བལྟ་བ་དང༌། གཡོན་པའི་མིག་བསྒྲིལ་བ་གཡས་ཕྱོགས་ཀྱི་ཕྲེད་སོགས་ཀྱི་བར་སྣང་ལ་བལྟས་ལ། མིག་ལྤགས་ཕྱེད་བཀབ་ཙམ་བྱས་ཤིང་བསྒོམ་མོ། །དེ་ལྟར་ཞག་བདུན་རེ་ཙམ་རེ་བསྒོམ་ཞིང༌། ཡང་ཞག་བདུན་ཙམ་རེ་གོང་གི་དམིགས་པ་ཉིད་བསྒོམས་པས་འོད་གསལ་ཟིན་པར་འགྱུར་རོ། །དེ་ནི་ཉིན་མོའི་འོད་གསལ་འཛིན་པའི་མན་ངག་གོ །འོད་གསལ་གྱི་བོགས་འདོན་ནི། རང་གི་སྙིང་གར་པདྨ་དཀར་པོ་འདབ་མ་བརྒྱད་པའམ་བཅུ་དྲུག་པ། འདབ་མ་ཕྱེད་ཙམ་གྱེན་དུ་ལངས་པ། འདབ་མ་བརྒྱད་བསྒོམ་ན་ཨ་ཨི་ཨུ་རྀ་ལྀ་ཨེ་ཨོ་ཨཾ་རྣམས་འདབ་མ་རྣམས་ལ་བསྒོམ། འདབ་མ་བཅུ་དྲུག་བསྒོམ་ན་དབྱངས་བཅུ་དྲུག་གསལ་བཏབ། དེའི་ནང་དུ་


LT26_Page_129B
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འདབ་མ་བརྒྱད་པ་ཁ་དོག་དམར་པོ། །འདབ་མའི་ཕྱེད་ཙམ་གྱེན་ལངས་ཀྱི་རྣམ་པ་ཅན། འདབ་མ་རྣམས་ལ་ཨ་ཀ་ཙ་ཊ་ཏ་ས་ཡ་ཤ་བརྒྱད་བསྒོམ། དེའི་ནང་དུ་པདྨ་འདབ་བཞི་སྔོན་པོ། །འདབ་མ་ཕྱེད་ཙམ་གྱེན་ལངས་ཀྱི་རྣམ་པ་ཅན། །འདབ་མ་རྣམས་ལ་ཐིག་ལེ་སྔོན་པོ་བཞི་དང༌། ལྟེ་བར་ཨ་ཤད་ཅིག་གསལ་བཏབ། དེ་ནས་རླུང་བུམ་པ་ཅན་བཟུང་ལ། པདྨ་གསུམ་ཡི་གེ་དང་བཅས་པ་ལས་འོད་ཟེར་དཀར་པོ་འཕྲོས། སྣོད་བཅུད་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་གྱུར། དེ་རྣམས་ཚུར་འདུས། རང་གི་བ་སྤུའི་བུ་ག་ནས་ཞུགས། ཕྱིའི་པདྨ་དཀར་པོ་ཡི་གེ་དང་བཅས་པ་ལ་ཐིམ་པས། དེ་རྣམས་འོད་དུ་ལྟེམ་ལྟེམ་འདུག་པ་ལ་སེམས་གཏད་དོ། །དེ་ལྟར་ཡུན་རིང་དུ་བསྒོམ་པ་ལས། ཉིན་པར་གཉིད་དུ་འགྲོ་ཁ་དང༌། གཉིད་ཀྱི་འོད་གསལ་ཟིན་པའི་སྐབས་རྣམས་དཀར་ལམ་པའི་སྣང་བ་འབྱུང་ཞིང༌། དེ་ཡང་བརྟན་པོར་གྱུར་བ་ན། རླུང་བུམ་པ་ཅན་བཟུང་ཞིང༌། པདྨ་དཀར་པོ་ཡི་གེ་དང་བཅས་པ། པད་འདབ་དམར་པོ་ཡི་གེ་དང་བཅས་པ་ལ་ཐིམ་པར་བསམ་མོ། །ཡང་པད་འདབ་དམར་པོ་ཡི་གེ་དང་བཅས་པ་ལས་འོད་ཟེར་དམར་པོ་འཕྲོས། སྣོད་བཅུད་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་གྱུར། དེ་རྣམས་ཚུར་འདུས། རང་གི་བ་སྤུའི་བུ་ག་ནས་ཞུགས། པད་འདབ་དམར་པོ་ཡི་གེ་དང་བཅས་པ་ལ་ཐིམ་པས། དེ་རྣམས་འོད་དུ་ལྟེམ་ལྟེམ་འདུག་པ་ལ་སེམས་གཏད་ཅིང༌། རླུང་བུམ་པ་ཅན་བཟུང༌། དེ་ལྟར་ཡུན་རིང་དུ་བསྒོམས་པ་ལས། ཉིན་དང༌། གཉིད་དུ་འགྲོ་ཁ་དང༌། གཉིད་ཀྱི་འོད་གསལ་ཟིན་པའི་སྐབས་རྣམས་སུ་དམར་ལམ་པའི་སྣང་བ་འབྱུང་ཞིང༌། དེ་ཡང་བརྟན་པོར་གྱུར་པ་ན། པད་འདབ་དམར་པོ་ཡི་གེ་དང་བཅས་པ་པད་འདབ་ནང་མ་ལ་ཐིམ་པར་བསམ་ཞིང༌།


LT26_Page_130A
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པ་ཅན་བཟུང་ངོ༌། །དེ་ནས་ཡང་པད་འདབ་སྔོན་པོའི་ལྟེ་བའི་ཨ་ཤད་དང་བཅས་པ་ལས་འོད་ཟེར་ཁ་དོག་སྔོན་པོའི་ཚོགས་དཔག་ཏུ་མེད་པ་སྤྲོས། སྣོད་བཅུད་ཐམས་ཅད་འོད་ཟེར་སྔོན་པོའི་རྣམ་པར་གྱུར། དེ་རྣམས་ཚུར་འདུས་ནང་བསྐོར་གྱི་པད་འདབ་སྔོན་པོ་ཐིག་ལེ་དང་བཅས་པ་ལ་ཐིམ་པས། དེ་ཉིད་འོད་དུ་ལྟེམ་ལྟེམ་འདུག་པ་ལ་སེམས་གཏད་ཅིང༌། རླུང་བུམ་པ་ཅན་འཛིན་ནོ། །དེ་ལྟར་གོམས་པ་ལས། ཉིན་པར་དང་གཉིད་དུ་འགྲོ་ཁ་དང༌། གཉིད་ཀྱི་འོད་གསལ་གྱི་སྐབས་རྣམས་སུ་ནག་ལམ་པའི་ཉམས་འཆར་བར་འགྱུར་ཞིང༌། ཤར་བ་དེ་ཡང་བརྟན་པོར་གྱུར་པ་ན། པད་འདབ་སྔོན་པོ་ཐིག་ལེ་དང་བཅས་པ་ལྟེ་བའི་ཨ་ཤད་ལ་ཐིམ་པར་བསམ་ཞིང༌། བུམ་པ་ཅན་བཟུང་ངོ༌། །དེ་ནས་དབུས་ཀྱི་ཨ་ཤད་ལས་འོད་ཟེར་ཁ་དོག་འདི་ལྟ་བུ་མ་ཡིན་པ་ཤིན་ཏུ་དྭངས་བ་དཔག་ཏུ་མེད་པ་སྤྲོས། སྣོད་བཅུད་ཐམས་ཅད་སྨིག་རྒྱུ་མེར་མེར་ཤིག་ཤིག་ཏུ་འདུག་པར་བསམ། དེ་རྣམས་ཚུར་འདུས། རང་གི་བ་སྤུའི་བུ་ག་ནས་ཞུགས། ཨ་ཤད་ལ་ཐིམ་པར་བསམ་ཞིང་རླུང་བུམ་པ་ཅན་བཟུང་ངོ༌། །དེ་ལྟར་བསྒོམས་པ་ལས། ཉིན་མོར་དང་གཉིད་དུ་འགྲོ་ཁ་དང༌། གཉིད་ཀྱི་འོད་གསལ་ཟིན་པའི་སྐབས་སུ་ཤེས་པ་ཤིན་ཏུ་དྭངས་ཤིང་གསལ་བའི་ཉམས་སྐྱེ་བར་འགྱུར་རོ། །དེ་རྣམས་ནི་རིམ་པ་བཞིན་དུ། སྣང་མཆེད་ཐོབ་པའི་འོད་གསལ་གྱི་ཡེ་ཤེས་རྣམས་སྒྲུབ་པར་བྱེད་པའོ། །ཡང་ན་རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་དང༌། ལྟེ་བ་དང་སྤྱི་བོའི་རྩ་འཁོར་རྒྱས་བསྡུས་ཇི་ལྟར་རིགས་པ་ཞིག་གསལ་བཏབ་ལ། ལྟེ་བའི་དབུས་སུ་ཨ་ཤད་དང༌། སྤྱི་བོར་ཨོཾ་དཀར་པོ་མགོ་ཐུར་བསྟན་ཞིག་བསྒོམས་ལ། ལྟེ་བའི་ཨ་ཤད་ལས་གཏུམ་མོའི་མེ་འབར་དབུ་མའི་ནང་ནས་ཡར་སོང༌། སྤྱི་བོའི་ཨོཾ་ལ་རེག་པས། ཨོཾ་ལས་བྱང་ཆུབ་ཀྱི་སེམས་ཁ་


LT26_Page_130B
[མ་དཔེ་གཟིགས་ན་འདིར་གནོན།]

དོག་དཀར་པོ་བབས་ཏེ། ལྟེ་བའི་ཨ་ཤད་ལ་ཐིམ། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱི་འོད་ཟེར་ཁ་དོག་དཀར་པོས་ལུས་ཀྱི་ནང་ཐམས་ཅད་སྐྱ་ལམ་སྟེ་གང་བར་བསམས་ལ་རླུང་བུམ་པ་ཅན་བཟུང་ངོ༌། །ཡང་ན་ཨོཾ་ཡིག་ལས་འོད་ཟེར་དཀར་པོ་དབུ་མའི་ནང་ནས་མར་སོང༌། ཨ་ཤད་ལ་ཐིམ་ཞིང་འོད་ཟེར་དཀར་པོས་ལུས་ཁྱབ་བར་བསམ། དེ་ལྟར་བསྒོམས་པ་ལས། ཉིན་བར་ལ་སོགས་པའི་གནས་སྐབས་གསུམ་པོ་དེར་དཀར་ལམ་པའི་སྣང་བ་ཤར་ཞིང༌། དེ་ཡང་བརྟན་པོར་གྱུར་པ་ན། མགྲིན་པའི་རྩ་འཁོར་རྒྱས་བསྡུས་ཇི་ལྟར་རིགས་པའི་དབུས་སུ། ཨ་ཡིག་དམར་པོ་མགོ་གྱེན་བསྟན་ཞིག་གསལ་བཏབ་ལ། ལྟེ་བའི་ཨ་ཤད་ལས་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བ་མགྲིན་པའི་ཨ་ལ་རེག་པས་དེ་ལས་འོད་ཟེར་དམར་པོའི་རྒྱུན་བྱུང༌། དེའི་འོད་ཟེར་དམར་པོས་ལུས་ཐམས་ཅད་དམར་ལམ་སྟེ་ཁྱབ་པར་བསམ། མཐར་ལྟེ་བའི་ཨ་ཤད་ལ་ཐིམ་པར་བསམ་ཞིང་རླུང་བུམ་པ་ཅན་བཟུང་ངོ༌། །དེ་ལྟར་བསྒོམས་པས་གནས་སྐབས་གསུམ་པོ་དེར་དམར་ལམ་པའི་སྣང་བ་འཆར་བར་འགྱུར་ཞིང༌། དེ་ཡང་བརྟན་པོར་གྱུར་པ་ན། སྙིང་གའི་འཁོར་ལོ་རྒྱས་བསྡུས་ཇི་ལྟར་རིགས་པ་བསྒོམས་པའི་ལྟེ་བར་ཧཱུྃ་སྔོན་པོ་ཐུར་བསྟན་ཞིག་བསྒོམས་ལ། ཨ་ཤད་ལས་གཏུམ་མོའི་མེ་འབར། སྙིང་གའི་ཧཱུྃ་ལ་རེག །དེ་ལས་བདུད་རྩིའི་མ་འོད་ཟེར་སྔོན་པོ་བབས། དེའི་འོད་ཟེར་སྔོན་པོས་ལུས་ཀྱི་ནང་ཐམས་ཅད་ཁྱབ་པར་བསམས་ལ་རླུང་བུམ་པ་ཅན་བཟུང༌། དེ་ལྟར་བསྒོམས་པས་གནས་སྐབས་གསུམ་པོ་དེར་ནག་ལམ་པའི་སྣང་བ་ཤར་ཞིང༌། དེ་ལས་བརྟན་པོར་གྱུར་པ་ན། སྤྱི་བོའི་ཨོཾ་དང་མགྲིན་པའི་ཨཱཿསྙིང་གའི་ཧཱུྃ་ལ་ཐིམ། ལྟེ་བའི་ཨ་ཤད་ཀྱང་སྙིང་གའི་ཧཱུྃ་ལ་ཐིམ། ཧཱུྃ་ཡིག་ཀྱང་མི་དམིགས་པར་ཡལ་བར་བསམས་ལ་རླུང་བུམ་པ་ཅན་བཟུང༌། དེ་ལྟར་གོམས་པས་


LT26_Page_131A
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་གསུམ་པོ་དེར་ཤེས་པ་དྭངས་ཤིང་གསལ་བའི་ཉམས་སྐྱེ་བར་འགྱུར་རོ། །བོགས་འདོན་གཉིས་པོ་འདི་ཇི་ལྟར་མོས་པ་ཞིག་བསྒོམས་པས་ཆོག་པ་ཡིན་ནོ། །དེ་ལྟར་ཡུན་རིང་དུ་གོམས་པ་ལས། སྣང་མཆེད་ཐོབ་པ་འོད་གསལ་གྱི་ཡེ་ཤེས་རྗེས་མཐུན་པ་རྒྱུད་ལ་སྐྱེ་བར་འགྱུར་ཞིང༌། དེ་ལ་བརྟེན་ནས་ཡུལ་སྣང་རེ་རེའི་སྟེང་དུ་ཡང་སྣང་མཆེད་ཐོབ་པ་གསུམ་ངོས་ཟིན་པ་དང༌། མཚན་མོ་གཉིད་ལ་འགྲོ་ཁར་ཡང་སྣང་མཆེད་ཐོབ་པ་གསུམ་ངོས་ཟིན་ཞིང༌། གཉིད་ཀྱི་འོད་གསལ་སྐྱོང་ཐུབ་པ་འབྱུང་ལ། འཆི་བའི་ཚེ་སྣང་མཆེད་ཐོབ་གསུམ་ངོས་ཟིན་ནས་འཆི་བ་འོད་གསལ་ངོ་འཕྲོད་པར་འབྱུང་བ་ཡིན་ནོ། །འོད་གསལ་གྱི་བོགས་འདོན་སྤོགས་ཆོག་ནི། རིལ་འཛིན་དང༌། རྗེས་གཞིག་གཉིས་བསྒོམ་པ་སྟེ། དང་པོ་རིལ་འཛིན་གྱི་དམིགས་པའི་གཞི་ནི། ལུས་གནད་ལེགས་པར་བཅས་ཏེ་ཅུང་ཟད་ཤེས་པ་རང་བབས་སུ་བཞག །དེ་ནས་རང་གཞན་སྣང་བ་ཐམས་ཅད་ལ་གཅིག་ཆར་དུ་ཤེས་པ་ཆེར་རེ་གཏད་ཅིང་གཞིག་ནས་བརྟགས་ཤིང་དཔྱད་པ་ན། བློ་ངོར་སྣང་བ་ཐམས་ཅད་དབྱིངས་སུ་ནུབ་པའི་ངང་ལ་ཅུང་ཟད་མཉམ་པར་བཞག་གོ །ཡང་རང་གཞན་སྣང་བ་ཐམས་ཅད་གཅིག་ཆར་ལྷ་སྐུར་བསྒོམ། དེ་རྣམས་ཀྱི་ངོ་བོ་ལ་བལྟས་ཤིང་བཙལ་བ་ན། གང་ཡང་མ་རྙེད་པའི་དབྱིངས་སྟོད་པའི་སྟོང་པའི་ངང་དེར་ཅུང་ཟད་ཅིག་བཞག་གོ །རྗེས་གཞིག་གི་དམིགས་པའི་གཞི་ནི། རང་གི་མདུན་དུ་ཇི་ཙམ་སྣང་བའི་དངོས་པོ་རྣམས་ལ་ཤེས་པ་གཏད་ཅིང༌། ངོ་བོ་ལ་བལྟས་པ་ན། བློ་ངོར་སྣང་བ་དེ་གང་དུ་ཡང་མ་རྙེད་པའི་དབྱིངས་སྟོང་པའི་ངང་དེར་ཅུང་ཟད་བཞག་གོ །ཡང་དེ་རྣམས་ལྷ་སྐུར་བསྒོམ་ཞིང༌། དེའི་ངོ་བོ་ལ་བལྟས་པས་གང་ཡང་མ་རྙེད་པའི་དབྱིངས་ལ་འཇོག་པ་དང༌། རང་ལུས་ལ་བལྟས་ཤིང་གཞིག་པ་ན་རང་གི་བློ་ངོར་ལུས་སྣང་ཡོངས་སུ་ནུབ་


LT26_Page_131B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟོང་པའི་ངང་ལ་མཉམ་པར་འཇོག་པ་དང༌། ཡང་རང་ཉིད་ལྷ་སྐུར་བསྒོམ་ཞིང༌། དེའི་ངོ་བོ་ལ་བལྟས་པས་ངོས་བཟུང་དང་བྲལ་བའི་ངང་ལ་བཞག་གོ །རིལ་འཛིན་རྗེས་གཞིག་གིས་དམིགས་པ་དངོས་ལ། རིལ་འཛིན་རྐྱང་པ་བསྒོམ་པ་དང༌། རྗེས་གཞིག་རྐྱང་པ་བསྒོམ་པ་དང༌། དེ་གཉིས་སྦྲགས་ཏེ་བསྒོམ་པ་དང༌། གཉིས་ཀའི་བཞི་མཐུན་པར་བསྒོམ་པ་དང་བཞི་ལས། དང་པོ་ནི། རང་ཡི་དམ་གང་བྱེད་དུ་གསལ་བ་ལ། སེམས་དཔའ་སུམ་བརྩེགས་དངོས་སུ་བསྒོམ་པའམ། དེའི་མཚོན་དོན་ཐུགས་ཀར་ཐིག་ལེ་ཟླུམ་པོ། །དེའི་དབུས་སུ་ཡི་དམ་གྱི་ས་བོན་བསྒོམས་ལ། དེ་ལས་འོད་ཟེར་འཕྲོས་ལུས་ཀྱི་ནང་ཐམས་ཅད་གང༌། རང་ལུས་འོད་ཀྱི་གོང་བུར་གྱུར་པ། མི་དམིགས་པར་ཡལ་བར་བསམ་མོ། །འདི་ལ་རང་ལུས་སྟོང་པར་ཐིམ་པའི་ཞོར་ལ་སྡང་བ་ཐམས་ཅད་ཀྱང་ནུབ་པར་བསམ་པས་ཆོག་གོ །གཉིས་པ་ནི། སྙིང་གའི་ས་བོན་ཐིག་ལེ་དང་བཅས་པ་ལས་འོད་ཟེར་འཕྲོས། སྣོད་ཐམས་ཅད་གཞལ་མེད་ཁང་དང༌། བཅུད་ཐམས་ཅད་ཡི་དམ་གྱི་སྐུར་གྱུར། དེ་རྣམས་འོད་དུ་ཞུ། དེ་རྣམས་རིམ་པས་རྒྱ་ཇེ་ཆུང་ངུ་འདུས་ཏེ་རང་ལུས་ལ་ཐིམ། རང་ལུས་འོད་ཀྱི་གོང་བུར་གྱུར་པ་ཡང་མཐའ་ནས་རིམ་པས་འདུས་ཏེ། སྙིང་གའི་ཐིག་ལེ་ལ་ཐིམ། དེ་ཡང་ས་བོན་ལ་ཐིམ། དེ་ཡང་རིམས་པས་ནཱ་དའི་བར་དུ་བསྡུས་ལ། སྟོང་པའི་ངང་ལས། སླར་ཡང་ཡི་དམ་གྱི་སྐུ་ཐིག་ལེ་ས་བོན་དང་བཅས་པ་གྲུབ་པར་བསམ། ས་བོན་དང་ཐིག་ལེ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ལྷ་སྐུར་གྱུར། དེ་རྣམས་འོད་དུ་ཞུ། རིམ་པས་ཚུར་འདུས། རང་ལུས་ལ་ཐིམ། དེ་ཡང་འོད་དུ་ཞུ་སྟེ་སྙིང་གའི་ཐིག་ལེ་ལ་ཐིམ་པ་ན། ནཱ་ད་ཡང་མི་དམིགས་པར་བསྒོམ་པའོ། །བཞི་པ་ནི། རང་གཞན་ཐམས་ཅད་ལྷ་སྐུར་བསྒོམ་ཞིང༌། སྟོང་པར་


LT26_Page_132A
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་ཡིན་ཡང༌། ལས་དང་པོ་པས་མཐའ་དག་དམིགས་པའི་ཡུལ་དུ་འཆར་དཀའ་བས། རང་གིས་ཇི་ལྟར་གསལ་བའི་འགྲོ་བ་བཅུ་ལ་སོགས་པ་དངོས་སུ་བསྒོམ། དེ་རྣམས་ལ་འགྲོ་བ་གཞན་ཐམས་ཅད་ཐིམ་པའི་མོས་པ་བྱ། རང་དང་དེ་རྣམས་ཀྱང་ཡི་དམ་གྱི་སྐུར་གསལ་བའི་སོ་སོའི་སྙིང་ཁར་ཐིག་ལེ་དང༌། ས་བོན་ཡང་བསྒོམ། སོ་སོའི་ས་བོན་ཐིག་ལེར་བཅས་པ་ལས་འོད་ཟེར་འཕྲོས། སྣོད་ཐམས་ཅད་གཞལ་ཡས་ཁང་དང༌། བཅུད་ཐམས་ཅད་ལྷ་སྐུར་བསྒོམ། དེ་རྣམས་འོད་དུ་ཞུ། རིམ་པས་ཚུར་འདུས། རང་རང་སོ་སོའི་ཡི་དམ་དུ་གསལ་བའི་ལུས་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་སོ་སོའི་སྙིང་གའི་ཐིག་ལེ་ལ་ཐིམ། དེ་སོ་སོའི་ས་བོན་ལ་ཐིམ་ནས་ནཱ་ད་ཡང་མི་དམིགས་པར་སྟོང་པར་གྱུར་པའི་བར་དུ་བསྒོམ་མོ། །ལྔ་པ་ལས་ཀྱི་ཕྱག་རྒྱའི་མན་ངག་ལ། སྔོན་འགྲོའི་བླ་མའི་རྣལ་འབྱོར་ནི། རང་གི་སྤྱི་བོའམ། མདུན་དུ་སེང་ཁྲི། པདྨ་ཉི་མ་ཟླ་བའི་སྟེང་དུ། རྩ་བའི་བླ་མའི་སྐུ་ལ་རྡོ་རྗེ་དབྱིངས་ཕྱུག་མའི་ངོ་བོ་མི་མོའི་རྣམ་པས་འཁྱུད་པ། བླ་མའི་དཔྲལ་བར་རྣམ་སྣང་ཡབ་ཡུམ། མགྲིན་པར་འོད་དཔག་མེད་ཡབ་ཡུམ། སྙིང་གར་མི་བསྐྱོད་པ་ཡབ་ཡུམ། ལྟེ་བར་རིན་འབྱུང་ཡབ་ཡུམ། གསང་གནས་སུ་དོན་གྲུབ་ཡབ་ཡུམ་རྣམས་བསྒོམས་ལ། གསོལ་བ་བཏབ་པས་རྣམ་སྣང་ཡབ་ཡུམ་སྙོམས་པར་ཞུགས་པས་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་དཔག་ཏུ་མེད་པ་བྱུང༌། སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང་བུམ་དབང་ཐོབ་པར་བསམ། མགྲིན་པའི་འོད་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས་པས་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་རྒྱུན་བྱུང༌། སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང༌། གསང་དབང་ཐོབ་པར་བསམ། སྙིང་གའི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་


LT26_Page_132B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་ཀྱི་རྒྱུན་བྱུང༌། སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བསམ། དེ་བཞིན་དུ་ལྟེ་བའི་རིན་འབྱུང་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བབས་པས་ལུས་ཐམས་ཅད་གང་བར་བསམ། གསང་གནས་ཀྱི་དོན་གྲུབ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བབས། སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་གང་བས་དབང་བཞི་ཐོབ་པར་བསམ་མོ། །སྔོན་འགྲོ་གཉིས་པ་རྩ་ཁྲུས་ནི། རང་ཐ་མལ་པའི་ལུས་ལ་རྩ་གསུམ་འཁོར་ལོ་བཞི་རགས་པ་ཙམ་གསལ་བཏབ་པའི་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོའི་དབུས་སུ་རྣམ་སྣང་ཧེ་རུ་ཀ་དཀར་པོ་འཁོར་ལོ་དྲིལ་བུ་འཛིན་པ། རུས་པའི་རྒྱན་གྱིས་སྤྲས་པ། ཞབས་གཡོན་བསྐུམས་གཡས་བསྐྱང་བའི་སྟབས་ཀྱིས་བཞུགས་པ། སངས་རྒྱས་སྤྱན་མ་དང་མཉམ་པར་སྦྱོར་བ་ཞིག་གསལ་བཏབ་ལ། མཆོད་པ་དཔག་ཏུ་མེད་པ་བློས་སྤྲུལ་ནས་གུལ་ཞིང་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པས། རྣམ་སྣང་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང༌། སྤྱི་བོའི་འཁོར་ལོ་བཀྲུས་ཤིང་དག་པར་བསམ། དེ་ནས་རིམ་པས་བརྒྱུད་དེ་རྩ་འཁོར་ལོ་བཞིའི་གནས་ཐམས་ཅད་དུ་ཁྱབ་པས། སྡིག་སྒྲིབ་ཐམས་ཅད་བཀྲུས་ཤིང་དག་པར་བསམས་ལ། འཇམ་རླུང་བུམ་པ་ཅན་འཛིན་པའམ། ཧེ་རུ་ཀའི་ཡི་གེ་བརྒྱ་པ་གང་རུང་བཟླའོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་སུ། འོད་དཔག་མེད་ཧེ་རུ་ཀ་ཡབ་ཡུམ་བསྒོམས་ལ་མཆོད་པ་ཕུལ་ཞིང་གསོལ་བ་བཏབ་པས། འོད་དཔག་མེད་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང༌། མགྲིན་པའི་འཁོར་ལོ་བཀྲུས། དེ་ནས་ཡས་མར་ཐམས་ཅད་དུ་སོང་


LT26_Page_133A
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། འཁོར་ལོ་བཞི་པོ་ཐམས་ཅད་བཀྲུས་ཤིང་སྦྱངས་པར་བསམས་ལ། བུམ་པ་ཅན་ནམ་ཡིག་བརྒྱ་གང་རུང་བཟླའོ། །ཡང་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་མི་བསྐྱོད་པ་ཧེ་རུ་ཀ་ཡབ་ཡུམ་བསྒོམ་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་བྱུང༌། སྙིང་གའི་འཁོར་ལོ་བཀྲུས་ཤིང་སྦྱངས། དེ་ནས་ཡས་མར་ཐམས་ཅད་དུ་སོང་སྟེ་འཁོར་ལོ་བཞིའི་གནས་ཐམས་ཅད་བཀྲུས་ཤིང་དག་པར་བསམས་ལ། བུམ་ཅན་ནམ་ཡིག་བརྒྱ་གང་རུང་བཟླའོ། །ཡང་ལྟེ་བར་སྤྲུལ་འཁོར་གྱི་དབུས་སུ་རིན་ཆེན་འབྱུང་ལྡན་ཧེ་རུ་ཀ་ཡབ་ཡུམ་བསྒོམས་ལ། སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང༌། ལྟེ་བའི་འཁོར་ལོ་བཀྲུས། དེ་ནས་ཡས་མར་ཐམས་ཅད་དུ་སོང་སྟེ། འཁོར་ལོ་བཞི་སོགས་ལུས་ཀྱི་རྩ་གནས་ཐམས་ཅད་བཀྲུས་པས་དག་པར་བསམས་ལ་བུམ་པ་ཅན་ནམ་ཡིག་བརྒྱ་གང་རུང་བཟླའོ། །ཡང་གསང་གནས་བདེ་སྐྱོང་གི་འཁོར་ལོའི་དབུས་སུ་དོན་ཡོད་གྲུབ་པ་ཧེ་རུ་ཀ་ཡབ་ཡུམ་བསྒོམས་ལ། སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་དཔག་ཏུ་མེད་པ་བྱུང༌། གསང་གནས་ཀྱི་འཁོར་ལོ་བཀྲུས། དེ་ནས་ཡས་མར་ཐམས་ཅད་དུ་སོང་སྟེ། འཁོར་ལོ་བཞི་སོགས་ལུས་ཀྱི་གནས་ཐམས་ཅད་བཀྲུས་པས་དག་པར་བསམས་ལ། འཇམ་རླུང་བུམ་པ་ཅན་འཛིན་པའམ། ཧེ་རུ་ཀའི་ཡི་གེ་བརྒྱ་པ་གང་རུང་བཟླའོ། །དེ་རྣམས་རེ་རེ་བཞིན་དམིགས་ཐུན་རེ་རེ་ཡིན་ནོ། །སྔོན་འགྲོ་གསུམ་པ་མཎྜལ་འབུལ་བ་ནི། རང་གི་མདུན་དུ་བླ་མ་བསྒོམས་ལ། མཎྜལ་འབུལ་ཚུལ་སྤྱི་དང་འདྲ་བ་ལས། ལྷ་མོ། ཀླུ་མོ། མི་མོ། གནོད་སྦྱིན་མོ་སོགས་རིག་མ་གྲངས་མེད་པས་ཕྱུར་བུར་བཀང་སྟེ་ཕུལ་བར་བསམ་མོ། །གཉིས་པ་དངོས་གཞི་ལ། གོང་གཏུམ་མོའི་སྐབས་སུ་བསྟན་པ་ལྟར་གྱི་བུམ་པ་ཅན་ལ་སོགས་པའི་རླུང་སྦྱོར་


LT26_Page_133B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གོམས་པར་བྱས་ནས། ཐོག་མར་མཆོག་གི་འདྲེན་པ་ནི། ལུས་གནད་ལེགས་པར་བཅས། རླུང་རོ་བསལ་ལ། དེའི་རྗེས་སུ་རླུང་དལ་བུས་ཕྱིར་བུས། འབུད་པ་རྫོགས་མཚམས་སུ་འཕྲོ་བཅད་ཅིང༌། ཕྱིར་ཅུང་ཟད་བཟུང༌། ཡང་གཅིག་བུས་ལ་འཕྲོ་བཅད་ཅིང༌། ཕྱིར་ཅུང་ཟད་བཟུང༌། ཡང་བུས་ལ་དེ་ནས་དལ་བུས་ནང་དུ་རྔུབ་ཅིང༌། རྔུབ་པ་རྫོགས་མཚམས་སུ་ཡང༌། འཕྲོ་བཅད་ཅིང་རྔུབ། དེ་རྫོགས་པ་དང༌། ཡང་འཕྲོ་བཅད་ཅིང་རྔུབ་ལ། དེ་ནས་སྟེང་རླུང་རྒྱུ་ཞབས་ཕྱོགས་སུ་དྲག་ཏུ་མནན། འོག་རླུང་རྒྱབ་ཀྱི་ཕྱོགས་སུ་ཡར་འཐེན་ལ་རྐེད་པ་ཉག་རེ་བྱ་ཞིང་ཐུབ་ཚད་དུ་བཟུང༌། མི་ཐུབ་པ་དང་ཕྱིར་འབུད་ཚུལ་འབུད་ཐང་གཅིག་ལ་དུམ་བུ་གསུམ་དུ་བྱས་ཏེ་འབུད་ཚུལ་གོང་བཞིན་དང༌། ནང་དུ་རྔུབ་པ་ཡང༌། རྔུབ་ཐེངས་གཅིག་ལ་ཚན་པ་གསུམ་དུ་བྱས་ཏེ་རྔུབ་ལ། ནང་དུ་འཛིན་པ་སོགས་ཡང་ཡང་བསྒོམ་པའོ། །སེམས་ཀྱི་དམིགས་པ་ནི། ཕྱིར་འབུད་པའི་ཚེ། ལུས་ཀྱི་ནང་ནས་རླུང་རྣམས་དུ་བ་ལྟ་བུའི་རྣམ་པས་བུན་བུན་དོན་པར་བསམ། རླུང་ནང་དུ་རྔུབ་པའི་ཚེ། རླུང་རྣམས་འོད་ཟེར་སྣ་ལྔའི་རྣམ་པས་ཞུགས་ཤིང་ཉམས་བདེ་བ་དང་ལྡན་པར་བསམ། ནང་དུ་བཟུང་བའི་ཚེ་སེམས་མི་རྟོག་པར་བཞག་གོ །གཉིས་པ་རྩ་བའི་འདྲེན་པ་ནི། ལུས་གནད་ལེགས་པར་བཅས། རླུང་རོ་མང་དུ་བསལ། དེ་རྗེས་རླུང་ནང་དུ་ཤར་ཏེ་རྔུབས་ལ། སྟེང་རླུང་ལྟེ་བར་མནན། ཐུར་སེལ་དྲག་ཏུ་འཐེན་ལ་རླུང་གཉིས་ཁ་སྦྱོར་དུ་བཟུང༌། སྟེང་རླུང་མནན་པའི་ཤུགས་མ་ཤོར་བར་ལྟག་པ་བསྐྱེད་བྱས་ལ་སྟོད་དུ་དྲག་ཏུ་འཐེན། ཡང་འོག་རླུང་བཤང་སྒོར་དྲག་ཏུ་བསྡམས་པའི་ཤུགས་མ་ཤོར་བར་རླུང་ཁ་སྦྱོར་དེ་ཉིད་རྒྱུ་ཞབས་ཕྱོགས་སྨད་ཀྱི་གནས་སུ་དྲག་ཏུ་མནན། དེ་འདྲ་ལན་གསུམ་ཙམ་བྱས་པའི་མཐར་རླུང་ཕྱིར་བཏང་ངོ༌། །ཐོག་མར་ཞག་


LT26_Page_134A
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཙམ་གྱི་རིང་རླུང་ཐེངས་རེ་རེ་ལ་རླུང་ཁ་སྦྱོར་སྟོད་སྨད་དུ་འཐེན་མནན་བྱེད་པ་ལན་གསུམ་ཙམ་བྱ། དེ་ནས་རིམ་པས་ཇེ་མང་ལ་བཏང་ངོ༌། །གསུམ་པ་ཡན་ལག་འདྲེན་པ་ནི། ལུས་གནད་ལེགས་པར་བཅས་ལ། རླུང་རོ་མང་དུ་བསལ། དེ་རྗེས་རླུང་ཡོངས་སུ་རྫོགས་པར་བུས་ལ། ཕྱིར་ཐུབ་ཚད་དུ་བཟུང༌། ལྟོ་བ་ཚིགས་པར་གཅེར་བྱ་ཞིང༌། ཐུར་སེལ་དྲག་ཏུ་གྱེན་ཏུ་འཐེན་པ་དང༌། ཁོང་ནང་གི་ཤུགས་སྟོད་དུ་ལན་གསུམ་ཙམ་འཐེན། རླུང་ཕྱིར་བཟུང་བཟུང་བར་བཤང་སྒོ་ལྷོད་ཅིང༌། ཁོང་ནང་གི་རླུང་གིས་ཤུགས་མཐུན་དུ་མནན། མི་བདེ་བ་སྐྱེས་པ་དང༌། རླུང་ནང་དུ་རྔུབ་ཚུལ་དེ་ལྟ་བུ་ཡང་ཡང་བསྒོམ་པའོ། །འདི་ལ་ཡང་ཁོང་ནང་གི་རླུང་གི་ཤུགས་གྱེན་དུ་འཐེན་པ་དང༌། ཐུར་དུ་མནན་པ་ཡང་ཐོག་མར་གསུམ་ཙམ་དང༌། དེ་ནས་རིམ་པས་ཇེ་མང་བཏང་ངོ༌། །བཞི་པར་བསྐོར་གྱི་རླུང་སྦྱོར་ནི། ལུས་གནད་ཅེ་སྤྱང་གི་འདུག་སྟངས་བྱ་བ། རྐང་པ་སེམས་དཔའི་སྐྱིལ་མོ་ཀྲུང་བྱས་པའི་ལོང་བུས་སྟོད་ཙམ་ནས་ལག་པ་གཉིས་ཀྱིས་བཟུང་ལ། ལུས་རྒུར་ཏེ་འདུག་པའམ་ཡང་ན་གླང་པོའི་འདུག་སྟངས་བྱ་བ། པུས་མོ་གཉིས་བཙུགས། ལག་པ་ཁུ་ཚུར་བཅངས་པ་མདུན་དུ་ས་ལ་བཙུགས་ལ་སྟོད་རྒུར་རོ། །དེ་ལྟར་ལུས་གནད་གཉིས་པོ་གང་རུང་དང་ལྡན་པས་རླུང་ཕྱིར་བུས་ལ། ཕྱི་རོལ་དུ་ཅི་ཐུབ་བཟུང༌། དེ་ཁའི་ངང་ལས་ཁོག་ནང་སྟོང་པའི་ཤུགས་དེ་ཉིད་གཡས་སུ་བསྐོར་བ་དང༌། གཡོན་དུ་བསྐོར་བ་བྱ། དེ་ནས་ནང་དུ་རྔུབས་ལ། རླུང་ཁ་སྦྱར་དུ་བཟུང་བ་དེ་གཉིས་གཡས་དང་གཡོན་དུ་བསྐོར་རོ། །འདི་ན་ཕྱི་རོལ་དུ་བཟུང་བ་ལ་བསྐོར་བ་ཡུན་རིང་བ་དང༌། ནང་དུ་འཛིན་ཞིང་བསྐོར་བ་ཡུན་ཐུང་བ་ཙམ་བྱའོ། །ལྔ་པ་འགྱུར་བ་དྲུག་ལྡན་ནི། ལུས་ཙོག་པུ་ལ། རྐང་པ་རེའུ་མིག་ལྟར་བསྣོལ།


LT26_Page_134B
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་ཁུ་ཚུར་བཅང་བ་བསྣོལ་ལ་མཆན་ཁུང་གཉིས་ཀྱི་འོག་ཏུ་བཅང་ངོ༌། །ཉྭ་བཞི་བསྒྲིམ། མིག་གྱེན་དུ་བལྟ། ལྕེ་རྐན་ལ་སྦྱར། མགྲིན་པ་དབུག་ཅིང༌། ཐུར་སེལ་འཐེན་པ་དང་མཉམ་དུ། ཧཱུྃ་ཡིག་གི་སྒྲས་རླུང་ཕྱིར་བསལ། ལྟོ་བ་ཚིགས་པ་ལ་བཅར། ཕྱི་རོལ་དུ་མི་བདེ་བ་མ་སྐྱེས་ཀྱི་བར་དུ་བཟུང་ལ། དེ་ནས་ནང་དུ་རྔུབ་ཡང་ལྟག་པ་བསྐྱེད་ཅིང་རླུང་སྦྱོར་སྔར་བཞིན་ནོ། །དམིགས་པ་ནི། ལྟེ་བར་ཧཱུྃ་ཡིག་གམ་ཨཾ་ཡིག་ལྟ་བུའི་ས་བོན་ནམ། ཐིག་ལེ་ཕྱག་མཚན་གང་རུང་ཞིག་བསྒོམས་ལ། ཐུར་སེལ་འཐེན་ཞིང༌། ཧཱུྃ་ཡིག་གི་སྒྲས་རླུང་བུས་པའི་ཚེ། དེ་ཉིད་ཡར་སོང་སྟེ་སྤྱི་བོ་ནས་ཐོན་པར་བསམ། དྲུག་པ་ཧཱུྃ་རིང་གི་སྦྱོར་བ་ནི། རྐང་ལག་གཉིས་བརྐྱངས་ཤིང༌། ཧཱུྃ་ཡིག་གིས་གདངས་ཉི་ཤུ་རྩ་གཅིག་གིས་རླུང་ཕྱིར་བུས་ལ་སྟོང་འདྲེན་བྱ་ཞིང༌། ཕྱིར་ཅུང་ཟད་བཟུང་ལ། ལྟོ་བ་ཚིགས་པ་ལ་གཅེར་ཏེ། ཐུར་སེལ་གྱེན་དུ་འཐེན་འཐེན་བྱའོ། །དེ་ནས་རླུང་ནང་དུ་རྔུབ་པ་དང་ལག་པ་གཉིས་ཀྱིས་རྐང་མགོ་ནས་བཟུང་ལ་སྒང་འཐེན་བྱའོ། །བདུན་པ་རང་འགགས་ནི། རླུང་རོ་བསལ་བ་སོགས་མི་བྱེད་པར། རླུང་རྒྱུ་བའི་འཕྲོ་རྦད་ཀྱིས་བཅད་ལ། ཁོང་ནང་གི་ཤུགས་ཐུར་དུ་མནན་ཅིང༌། ཐུར་སེལ་གློད་ཅི་ཐུབ་བྱེད་པའོ། །བརྒྱད་པ་ནི། རླུང་རོ་བསལ་ལ། སྟེང་རླུང་རྔུབ་ཅིང་མནན། ཐུར་སེལ་གློད་པར་བྱེད་པའོ། །དགུ་པ་ནི། རླུང་རོ་བསལ་བ་ནང་དུ་རྔུབ། ཐུར་སེལ་སྟེང་དུ་འཐེན་ལ། སྟེང་རླུང་གི་ཤུགས་གསང་གནས་སུ་གཏུན་བརྡུང་བ་ལྟ་བུའི་ཚུལ་གྱིས་ལན་གསུམ་བཞི་ཙམ། ལྔ་དྲུག་ཙམ་ཐུར་དུ་སྡིགས་པར་བྱེད་ཅིང༌། ལུས་འདར་ཐོན་པར་བྱེད་པའོ། །རླུང་སྦྱོར་ཕྱི་མ་ཆུང་བ་གསུམ་པོ་འདི་ལ། ལུས་གནད་རྟིང་པ་གཅིག་གིས་གསང་གནས་ཀྱི་རྩ་བ་ནས་བསྡོམ་པ་དང༌། རྟིང་པ་གཅིག་གིས་གསང་གནས་ཀྱི་


LT26_Page_135A
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་ནས་གནོན་པར་བྱེད་པའོ། །བཅུ་པ་ནི། རླུང་རོ་བསལ་ལ། དེ་ནས་སྣ་བུག་གི་རླུང་མ་བཟུང་བར་ཁོག་ནང་གི་ཤུགས་གསང་གནས་སུ་དྲག་ཏུ་མནན། དེ་ནས་དེ་རང་བབས་སུ་བཞག་ལ། ཐུར་སེལ་གྱེན་དུ་དྲག་ཏུ་འཐེན། དེ་རྗེས་ལྟོ་བ་ལྡིར་བྱས་ལ། བཤང་སྒོ་འབྱེད་འཛུམ་ལན་གསུམ་བྱའོ། །རླུང་སྦྱོར་དེ་རྣམས་ཡུན་རིང་དུ་གོམས་པར་བྱས་ལ། དེ་ནས་ཞག་ཤས་ཞིག་ཆུ་དྲོན་གྱིས་ལུས་ཐམས་ཅད་བཀྲུས་ལ་ཉི་མར་བདུགས་ཤིང་འཕུར་མཉེ་བྱ། །དེ་ནས་དྲི་ཆུས་བཀྲུས་ཤིང༌། འཕུར་མཉེ་བྱ། དེ་ནས་དྷ་དྷུ་ར་སྟེ་ཐང་ཕྲོམ་གྱི་ཁུ་བས་བཀྲུས་ཤིང་འཕུར་མཉེ་བྱ། དེ་ནས་བ་ཡི་ལྕི་བ་མེ་ལ་བསྲེགས་པའི་ཐལ་བ་ཆུ་ལ་བཏབ་པའི་སྙིགས་མས་རྡོ་དང་འདྲེས་པ་དེ་མིན་པའི་དྭངས་མ་འཇམ་པོ་དེས་དབང་པོའི་སྒོ་རྣམས་མ་ཡིན་པའི་ལུས་ཐམས་ཅད་ལ་བྱུགས་ཤིང༌། ཉི་མ་ལ་འཕུར་མཉེ་བྱས་ལ་མཐར་ཆུས་བཀྲུ། དེ་ནས་འབྲས་བུས་གསུམ་དང༌། ཚ་བ་གསུམ་གྱི་ཁུ་བས་པུས་ལ་བྱུགས་ཤིང་འཕུར་མཉེ་བྱེད་པའམ། ཡང་ན་གོང་གི་དེ་རྣམས་ལ་འབྲས་བུ་གསུམ་དང་ཚ་བ་གསུམ་ཅུང་ཟད་རེ་བསྲེའོ། །དེ་རྣམས་ཀྱིས་ལུས་ཀྱི་བ་སྤུ་དང་རྩ་རྣམས་འཇམ་ཞིང་མཉན་པར་འགྱུར་བས་གེགས་ཆུང་བར་བྱེད་པའོ། །དེ་ནས་ཡང་ཞག་འགའ་ལུས་སྟོང་སེང་ངེ་བར་འདུག་པར་བསམ་པ་དང༌། རྩ་འཁོར་ལོ་བཞི་སོགས་རྩ་ནང་རྣམས་སྟོང་སོང་ངེ་བར་འདུག་པ་ལ་སེམས་གཏད་པའི་སྟོང་ར་བསྒོམ་མོ། །དེ་ནས་དངོས་གཞི་སྲོག་ཐུར་བསྲེ་བ་ལ། འཇམ་རླུང་ལ་བརྟེན་པ་དང༌། རྩུབ་རླུང་ལ་བརྟེན་པ་དང༌། རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་ལ་བརྟེན་ནས་བསྲེ་བ་དང་གསུམ་ལས། དང་པོ་ནི། ལུས་གནད་ལེགས་པར་བཅས་པའི་ལག་པ་མཉམ་བཞག་ལྟེ་བར་བཀན་ལ་བཞག །རླུང་རོ་


LT26_Page_135B
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། དེ་ནས་རླུང་ནང་དུ་རྔུབ་ལ་སླར་ཡང་དལ་བུས་ལྷག་མ་མ་ལུས་པར་ཕྱིར་བུས་ལ། ལྟོ་བ་ཚིགས་པ་ལ་གཅེར་བྱ། ཕྱི་རོལ་དུ་བཟུང་ལ་ཐུར་སེལ་གྱེན་དུ་འཐེན་ལ་ཁོང་ནང་སྟོང་པའི་ཤུགས་སྟེང་དུ་དྲངས་ཤིང༌། རླུང་རོ་ཅུང་ཟད་འབུད་རྒྱུ་བྱུང་བ་རྣམས་ཀྱང་སྣ་སྒོ་ནས་ཕྱིར་དབྱུང་བར་བྱེད་པའོ། །དེའི་སྐབས་སེམས་ཀྱི་དམིགས་པ་ནི། ཐུར་སེལ་གྱེན་དུ་འཐེན་པས་རྐང་མཐིལ་ནས་བཟུང༌། རླུང་ཐམས་ཅད་ཁ་དོག་སྔོན་པོའི་རྣམ་པས་ཡར་བྱུང༌། གསང་གནས་སུ་གཅིག་ཏུ་འདྲེས། ལུས་ཀྱི་དབུས་ན་ཡར་སྦོམ་ཕྲ་མདའ་སྨྱུག་ཙམ་གྱི་རྣམ་པ་བྱུང༌། སྤྱི་གཙུག་ནས་རྒྱངས་ཏེ་ཐོན། རྩ་བ་གདུགས་ཀྱི་རྐང་པ་ལྟ་བུ་མདའ་གང་ངམ། འདོམ་གང་ཙམ་གྱི་སྟེང་དུ་རླུང་རྣམས་འཁྱིལ་པ་གདུགས་ལྟ་བུར་སྒོར་འཁོར་བ་ལ་སེམས་གཏད་དོ། །དེ་ནི་ཐུར་སེལ་སྲོག་ལ་བསྲེ་བའི་མན་ངག་ཡིན་ལ། དེ་ཉིད་ཁོ་ན་འབད་པས་བསྒོམ་ན། ཐུར་སེལ་སྲོག་ལ་བསྲེ་བའི་རྟགས་འཕྲལ་དུ་འབྱུང་སླ་བ་ཡིན་ཡང་འཕྲལ་གེགས་སྡང་ཞིང༌། ཕུག་བོགས་ཆུང་བས་སྲོག་ཐུར་སེལ་ལ་བསྲེ་བ་དང་གཉིས་སྤེལ་མར་བསྒོམ་ན་ལེགས་པས་དེ་ཀའི་འཕྲོ་ནས་རླུང་དལ་བུས་ནང་དུ་རྔུབས་ལ། སྟེང་རླུང་གསང་གནས་དང་བཤང་སྒོ་གཉིས་ཀར་དུ་མནན་ཅིང་སྒོ་དེ་ཉིད་ཀྱང་ཆ་མཉམ་དུ་ལྷོད་གློད། དམིགས་པ་ནི། མགོ་བོ་དང་ལག་པ་སོགས་ལུས་ཀྱི་སྟོད་ཀྱི་རླུང་རྣམས་མར་བྱུང་མགྲིན་པར་གཅིག་ཏུ་འདུས། ལུས་ཀྱི་ནང་ན་མར་སོང་བཤང་སྒོ་ནས་ཐོན། ས་འོག་ཐག་རིང་པོར་སོང་བར་བསམས་ལ། དེ་ཡང་རླུང་རྣམས་འཁྱིལ་དེ་འཁོར་ལོ་ལྟར་འཁོར་བ་ལ་སེམས་གཏད་དོ། །གཉིས་པ་ནི། རླུང་གནད་དང་དམིགས་པ་སྔར་དང་འདྲ་བ་ལས། རླུང་དྲག་ལ་མྱུར་བའི་ཚུལ་གྱིས་ཕྱིར་བུས། ཐུར་སེལ་གྱེན་དུ་འཐེན་ཞིང་ཁོང་ནང་གི་ཤུགས་


LT26_Page_136A
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་དུ་འདྲེན་པའི་སྐབས་ཐོག་མར་རྒྱུ་ཞབས་གཡས་སུ་བསྐོར་ཞིང་སྟོད་དུ་འདྲེན། ཡང་གཡོན་དུ་བསྐོར་བ་སྟོད་དུ་འདྲེན། དེ་ནས་རྐེད་པ་གཡས་གཡོན་དུ་བསྐོར་ལ་སྔར་བཞིན་འདྲེན་པ་དང༌། སྙིང་གའི་སྟོད་ཀྱི་ཐད་གཡས་གཡོན་དུ་བསྐོར་བ་སྔར་བཞིན་འདྲེན་པའོ། །ཡང་སྲོག་ཐུར་སེལ་ལ་བསྲེ་བའི་སྟེང་རླུང་གསང་གནས་དང༌། བཤང་སྒོ་གཉིས་སུ་གནོན་པའི་སྐབས། སྙིང་གའི་ཐད་གཡས་སུ་བསྐོར་ལ་ཐུར་དུ་གནོན་པ་དང༌། གཡོན་དུ་ཡང་བསྐོར་ལ་ཐུར་དུ་གནོན་པ་དང༌། དེ་བཞིན་དུ་རྐེད་པ་གཡས་གཡོན་དུ་བསྐོར་ལ་ཐུར་དུ་གནོན་པ་དང༌། རྒྱུ་ཞབས་གཡས་གཡོན་དུ་བསྐོར་ལ་ཐུར་དུ་གནོན་པར་བྱེད། རླུང་ནང་དུ་རྔུབ་པའི་ཚེ་དྲག་ལ་མྱུར་བར་རྔུབ་བོ། །གསུམ་པ་ནི། འཕོང་སྟེགས་བསྐུམ་ཁྲུ་གང་ཙམ་གྱི་སྟེང་དུ་འཕོང་བཞག་ལ་ཁྱེལ་སྟེགས་ཀྱིས་འདུག །དེ་ནས་རླུང་བཟུང་ལ། ལག་པ་གཉིས་ཁུ་ཚུར་བཅངས་པ་པུས་མོའི་སྟེང་ནས་ཡར་དྲངས་པ་ལ་རྒྱབ་ཏུ་ཤད་ཀྱིས་བརྐྱང༌། རླུང་གསང་གནས་དྲག་ཏུ་མནན། ཡང་སྟེང་དུ་འདྲེན། དེ་འདྲ་ལན་གསུམ་རྫོགས་མཚམས། ལག་པ་གཉིས་མདུན་དུ་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་བཅས་ལ། དེ་མགོ་མཇུག་སློག་པ་སྤྱི་བོའི་སྟེང་དུ་བཞག་ལ། ལང་ཞིང་དགང་འཐེན་གྱིས་རླུང་སྟོད་དུ་འདྲེན། དེ་ནས་ཕྱག་རྒྱ་དེ་བཀྲོལ་ལ། འཕོངས་ལ་བརྡེག་པ་དང་མཉམ་དུ་རླུང་རྒྱུ་ཞབས་སུ་མནན་ནོ། །དེ་དག་གི་སྐབས་སུ་གེགས་སེལ་བ་ལ། ཧ་རིང་དང་ཧ་ཐུང་འདོན་པ་གཉིས་ལ། དང་པོ་ནི། རྐང་པ་སེམས་སྐྱིལ་ལ། ལག་པ་གཉིས་པུས་མོའི་སྟེང་དུ་བཞག་ལ། རོ་སྟོད་རྒུར་ཞིང་ཧ་ཞེས་འདོན། དེ་ནས་རོ་སྟོད་བསྐྱང་ལ་བཅངས་ཕྲག་རྒྱག་པ་དང་མཉམ་དུ་ཧ་དྲག་ཏུ་འདོན་པར་བྱེད་པའོ། །གཉིས་པ་ནི། སྤྱི་དང་འདྲའོ། །


LT26_Page_136B
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་གེགས་སེལ་ཞིང་བོགས་འདོན་པ་ལ། རབ་སྐོར་ནི། འཇམ་རླུང་བཟུང་ལ། ལྟོ་བ་གཡས་སུ་ལན་གསུམ་བཞི་ཙམ་བསྐོར། གཡོན་དུ་ལན་གསུམ་བཞི་ཙམ་བསྐོར། དེ་ནས་རླུང་ཕྱིར་བུས་ལ་ཕྱི་རོལ་དུ་བཟུང་ཞིང༌། ཁོག་ནང་གིས་ཤུགས་དེ་ཉིད་གཡས་གཡོན་དུ་ལན་གསུམ་ཙམ་བསྐོར་བ་ནི་ནང་བསྐོར་དང༌། ཕྱི་བསྐོར་བ་ནི། མགོ་གཡས་གཡོན་དུ་བསྐོར་བ་དང༌། ལག་པ་ཁུ་ཚུར་བཅངས་པ་བརྐྱངས་ཏེ་ཕྱི་ནང་དུ་ལན་གསུམ་གསུམ་བསྐོར་བ་དང༌། ལག་པ་གཡོན་ལ་ཡང་དེ་དང་འདྲའོ། །དེ་ནས་ལངས་ལ་ཐོག་མར་རྐང་པ་གཡས་ཕྱི་ནང་ལན་གསུམ་གསུམ་བསྐོར་བ་དང༌། དེ་ནས་གཡོན་པའང་ཕྱི་ནང་དུ་ལན་གསུམ་གསུམ་བསྐོར་བ་དང༌། དེ་ནས་འབེབས་རྒྱག་པར་བྱེད་པའོ། །བརྡེག་པ་ནི། རླུང་བཟུང་ལ་སྟེང་གི་ཤུགས་དབུས་དང་མདུན་དང༌། གཡས་དང༌། གཡོན་དང༌། རྒྱབ་ཏུ་རྟེན་པར་བྱེད་པའོ། །དེ་ནས་རླུང་བུས་ལ་ཕྱིར་བཟུང་ཞིང༌། ཁོག་ནང་གི་ཤུགས་དབུས་དང༌། མདུན་རྒྱབ་གཡས་གཡོན་རྣམས་སུ་རྡེག་པར་བྱེད་པ་ནི། ནང་གི་བརྡེག་པ་དང༌། ཕྱི་ལ་བརྡེག་པ་ནི། མགོ་མདུན་རྒྱབ་གཡས་གཡོན་རྣམས་སུ་ལན་གསུམ་གསུམ་བརྡེག་པ་དང༌། ལག་པ་གཡས་པ་ཁུ་ཚུར་བཅངས་པ། དཔུང་པ་གཡས་པའི་སྟེང་དུ་ལན་གསུམ་གསུམ་བརྡེག་པ་དང༌། གཡོན་པའང་དེ་དང་འདྲ། དེ་ནས་ལངས་ལ། རྐང་པ་གཡས་པ་འཕོང་ལ་ལན་གསུམ་བརྡེག །གཡོན་པའང་དེ་དང་འདྲ། དེའི་རྗེས་སུ་འབེབས་རྒྱག་པར་བྱེད་པའོ། །སྤྲུག་པ་ལ། ནང་དང་ཕྱི་སྤྲུག་པ་གཉིས་ལས། དང་པོ་ནི། རྐང་པ་སེམས་སྐྱིལ་བྱས་ལ། ལག་པ་གཉིས་པུས་མོ་ལ་བཀབ། རླུང་ནང་དུ་དྲག་ཏུ་བཟུང་ཞིང་ཤུགས་དང་ལྡན་པས་ལན་གསུམ་ཙམ་སྤྲུག །དེ་ནས་རླུང་ཕྱིར་བུས་ལ་ཧ་ཞེས་བརྗོད་ཅིང་དྲག་


LT26_Page_137A
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྤྲུག་གོ །དེ་ནས་མགོ་མདུན་རྒྱབ་ཏུ་བསྒྱུར་ཞིང་སྤྲུག །གཡས་གཡོན་དུ་གཅུ་ཞིང་སྤྲུག །ལྷག་པ་བསྐྱེད་ཅིང་སྤྲུག །ལག་པ་གཡས་མགོ་ལ་བསྐོར་ཞིང༌། ཞགས་པ་འཕེན་པའི་ཚུལ་གྱིས་ལན་གསུམ་སྤྲུག །གཡོན་པའང་དེ་དང་འདྲ། ལག་པ་གཉིས་ཀ་དུས་གཅིག་ཏུ་ལན་གསུམ་སྤྲུག །དེ་ནས་ལངས་ལ་རྐང་པ་གཡས་ལན་གསུམ་སྤྲུག །གཡོན་པའང་དེ་དང་འདྲ། དེ་ནས་རླུང་བསྒྱུར་བྱས་ལ། ལག་པ་གཉིས་རྒྱབ་ཏུ་ལག་ཕུར་བཙུགས་ལ། རྐང་པ་གཡས་ལན་གསུམ་བརྐྱང་བསྐུམ་བྱ། གཡོན་པའང་དེ་དང་འདྲ། དེ་ནས་གན་རྐྱལ་དུ་རྐང་ལག་རྣམས་དུས་གཅིག་ཏུ་སྤྲུག་ཅིང་བརྐྱང་བསྐུམ་བྱའོ། །དེ་རྣམས་སྔོན་འགྲོའི་ཚུལ་དུ་བཏང་ནས། དངོས་གཞི་ལ་ཐོག་མར་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བསླབ་པ་ལ། །རང་ཉིད་ཡི་དམ་དུ་གསལ་བས། །ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་པར་ཞུགས་པའི་རྗེས་ཆགས་ཀྱི་བདེ་བ་བསྒོམ་པའི། བྱང་ཆུབ་ཀྱི་སེམས་རྣམས་སྤྱི་བོ་ནས་མར་རིམ་ལས་བབས་ཏེ། རྡོ་རྗེ་ནོར་བུར་སླེབ་པར་བསམས་ལ། དེར་བཟུང་བ་ནི། འགྱུར་བ་དྲུག་བྱ་བ། ལྟོ་བ་ཚིགས་པ་ལ་གཅེར་བ་དང༌། ཡན་ལག་བཞི་ཉྭ་བཞི་བསྒྲིམས་ཏེ་དྲག་ཏུ་བསྐུམ་པ་དང༌། ལྕེ་རྐན་ལ་སྦྱར། མིག་གྱེན་དུ་བསྒྲིམ། མགྲིན་པ་ཏེ་གུག་པ་སོགས་འགྱུར་བ་དྲུག་དང་ལྡན་པས་སྟེང་རླུང་ཕྱིར་བསལ་ཞིང༌། ཐུར་སེལ་དྲག་ཏུ་གློད་ལ། སྤྱི་བོའི་ཐད་ཀྱི་ནམ་མཁར་སེམས་གཏད་དེ། འདྲེན་པ་ཧི་འདྲེན་དང༌། ཧཱུྃ་འདྲེན་དང༌། ཧྲེཾ་འདྲེན་དང་གསུམ་ལས། དང་པོ་ནི། རླུང་ཧི་ཞེས་ཁ་ནས་སྒྲ་དང་བཅས་པས་ཕྱིར་བུས་ལ་སྟོང་འདྲེན་བྱ། ཡང་ནང་དུ་རྔུབས་ལ་སྒང་འཐེན་བྱའོ། །གཉིས་པ་ནི། སྣ་སྒོ་ནས་ཧཱུྃ་གི་སྒྲས་ཕྱིར་བུས་ལ། སྟོང་འདྲེན་དང༌། སྒང་འདྲེན་སྔར་བཞིན་བྱ།


LT26_Page_137B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། ཧྲིཾ་གྱི་སྒྲས། རླུང་ཁ་ནས་ཕྱིར་བུས་ལ། སྟོང་འདྲེན་དང༌། སྒང་འདྲེན་སྔར་བཞིན་བྱའོ། །དེ་ནས་སེང་གེ་རྣམ་རོལ་གྱི་ཕྱག་རྒྱའི་འགྲོས་སྤྱི་དང་མཐུན་པར་བྱ། གཞན་ཡང་རྐང་པ་ཅིག་ཤོས་ཀྱི་རྟིང་པས་བོལ་གོང་མནན་ལ། ལུས་ཅུང་ཟད་རྒུར། ལག་པ་གཉིས་ཁུ་ཚུར་བཅངས་པ་མདུན་དུ་ས་ལ་བཙུགས་ལ་རླུང་བཟུང་ཞིང༌། སྟེང་རླུང་གི་ཤུགས་གསང་གནས་སུ་མནན། འཕོང་ཅུང་ཟད་བཏེགས་ལ་སླར་འབེབས་ཀྱི་ཚུལ་གྱིས་གསང་གནས་ཀྱི་རྩ་བ་རྟིང་པ་ལ་ཐུག་པར་བྱ་བ་དེ་འདྲ་ལན་ཉི་ཤུ་རྩ་བདུན་བྱ་བ་ལས། དགུ་དགུའི་མཚམས་སུ་གཡས་གཡོན་དུ་གཅུད་ཅིང་གནོན་པ་ཡང་བྱའོ། །གསང་རྩ་མནན་པའི་རྐང་པའི་བོལ་གོང་གི་ཐད་དུ། ཅིག་ཤོས་ཀྱི་རྐང་པའི་རྟིང་པས་ལན་ཉི་ཤུ་རྩ་གཅིག་ཙམ་བརྡེག །གསང་བའི་རྩ་བ་གནོན་པ་རྐང་པ་གཡས་གཡོན་གྱི་རྟིང་པ་རེས་མོས་ཀྱིས་བྱའོ། །ཁྱབ་པར་བྱེད་པ་ནི། རླུང་བཟུང་བ་ལངས་ཤིང་ཤུགས་དང་ལྡན་པས་ལུས་རྒུར་ཏེ་ལག་པ་གཡས་པའི་མཐེ་བོང་གཡོན་པས་བཟུང་བ་མདུན་དུ་ས་ལ་བཙུགས། རྐང་པའི་བྲང་ང་ཡང་ས་ལ་བཙུགས། རླུང་གི་ཤུགས་སྟོད་ཀྱི་ཕྱོགས་སུ་ཡོང་བར་བྱས་ལ། རྐང་པའི་བརླ་བྱིན་པ་ལ་སྦྱར་ཞིང་གནོན་པ་དང་སྟེང་དུ་བཏེག་ཅིང་འཐེན་པ་ལན་འགའ་བྱའོ། །ཐུན་རྟིང་མ་ལ་ལག་པ་གཡོན་པའི་མཐེ་བོང་གཡས་པས་བཟུང་བ་སོགས་རེས་མོས་བྱའོ། །འཆིང་བར་བྱེད་པ། འཕོང་སྟེགས་ཅུང་ཟད་ཅིག་བཅུག་ལ། ཙོག་པུའི་རྣམ་པས་རྐང་པ་གཉིས་ཀྱི་མགོ་མདུན་དུ་ཡོང་བར་བྱས། ལག་པ་ཐལ་མོ་སྦྱར་བ་ཐུར་དུ་བསྟན་པ་ལྟེ་བའི་སྨད་ཙམ་དུ་ཐོག་མར་ཡོང་བར་བྱས་ལ། རླུང་ཁ་སྦྱར་དུ་བཟུང་བ་དང༌། ལྟོ་བ་ཚིགས་པ་ལ་གཅེར་བྱ་ཞིང༌། ཐལ་མོ་རྩེ་ཐུར་བསྟན་དེ་ཉིད་ཡར་དྲངས་ཏེ། མགྲིན་པའི་


LT26_Page_138A
[མ་དཔེ་གཟིགས་ན་འདིར་གནོན།]

ཐད་ཙམ་དུ་སླེབས་པ་ན། ཐལ་སྦྱར་རྩེ་གྱེན་དུ་བསྟན་ལ། ཐད་ཀར་ཡང་འདྲེན་ཅི་ཐུབ་བྱེད། དེ་མཚམས་ནས་ལངས་ཏེ། ལག་པ་གཉིས་རྐང་པ་ལ་ནང་ནས་འཁྱུད་དེ། རྐང་མགོ་གཉིས་ནས་ལག་པ་གཉིས་ཀྱིས་བཟུང་ལ། ལུས་རྒུར་ཞིང་གཡས་གཡོན་དབུས་གསུམ་དུ་བཅུད་པའོ། །དབྱིངས་སུ་སྐྱལ་བ་ནི། ལག་པ་གཉིས་མཉམ་བཞག་གི་ཕྱག་རྒྱས་ལྟོ་བ་སྐྱོར་བྱས་ཏེ། རླུང་ཁ་སྦྱོར་བཟུང་ཞིང་གསུས་པ་མདུན་དུ་ཧ་ཅང་མ་འཕེལ་བར་བྱས་ལ། རླུང་བུམ་པ་ཅན་མིག་ཐད་ཀར་བལྟ་ཞིང་ལུས་གཡས་གཅུ་གཡོན་གཅུ་བྱ། སེམས་མི་རྟོག་པར་བཞག་གོ །མེ་ཐབ་ནི། རྐང་པ་རེ་མིག་ལྟར་བསྣོལ། ལག་པ་གཉིས་བསྣོལ་བས་རྐང་པ་གཡས་གཡོན་གྱི་མཐེ་བོང་ནས་བཟུང་ལ། རླུང་བུམ་པ་ཅན་འཛིན་ཞིང་ཐོག་མར་ལྟོ་བའི་སྨད་གཡས་སུ་བསྐོར། གཡོན་དུ་བསྐོར་བ་ལན་གསུམ་གསུམ་བྱ། དེ་ནས་རྐེད་པ་གཡས་སུ་གཅུ་བ་དང༌། གཡོན་དུ་གཅུ་བ་དང༌། ལུས་བསྐྱེད་ཅིང་རྐེད་པ་མདུན་དུ་ཕུལ་བ་དང་ལུས་རྒུར་ཞིང་རྒྱབ་ཏུ་འཕུལ་བ་དང༌། དེ་ཀའི་ངང་ནས་འཕར་ཞིང་རྡེག་པ་རྣམས་ལན་གསུམ་གསུམ་བྱའོ། །ལུག་གི་འདུག་སྟངས་ནི། ལངས་ལ་རླུང་འཁྲབས་ཞིག་བྱས། དེ་ནས་ལུས་རྒུར་ཞིང་པུས་མོ་གཉིས་བར་ཐག་མཐོ་ཕྱེད་དོ་ཙམ་ཡོད་པར་བཅས་ཏེ་ས་ལ་བཙུགས། ལག་པ་གཉིས་ཀྱང་མདུན་དུ་མཐོ་གང་ཡོད་པར་བྱས་ལ་ས་ལ་བཙུགས། ལག་པ་གཡོན་མ་གུག་པར་བྱ་ཞིང༌། གཡས་པའི་ངར་དང་གྲུ་མོ་ས་ལ་བཞག་ཅིང༌། མགོ་གཡས་ཕྱོགས་ས་ལ་ཐུག་ཙམ་བྱ། དེ་ནས་ལག་པ་གཉིས་བསྲངས་ལ་ལུས་སྤྲུག་གོ །ལུས་འདར་ཐོན་པ་སྤྲུག །གཡོན་ཕྱོགས་སུའང་དེ་བཞིན་བྱ། དེ་ནས་ལག་པ་གཉིས་ཅར་གྱི་གྲུ་མོ་དང་ལག་ངར་ས་ལ་བཞག་ཅིང༌།


LT26_Page_138B
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་བ་ས་ལ་ཐུག་ཙམ་བྱ། དེ་ནས་ལག་པ་གཉིས་བསྲངས་ལ་ལུས་སྤྲུག་གོ །བྱི་ལའི་འདུག་སྟངས་ནི། བུམ་པ་ཅན་བཟུང་ཞིང་རླུང་འཁྲབས་ཞིག་བྱས་ལ། དེ་ནས་ལུས་སྒུར་ཞིང་ལག་པ་གཉིས་མདུན་དུ་ས་ལ་བཙུགས། རྐང་མགོ་གཉིས་ཀྱང་ས་ལ་བཙུགས། ཨུཾ་གི་སྒྲས་སྟོང་འདྲེན་བྱ་ཞིང༌། མགོ་དང་རོ་སྟོད་རྒུར། རྒྱབ་ཤད་གྱེན་དུ་འཐེན་ཅི་ཐུབ་བྱ། དེ་ནས་མགོ་དང་རོ་སྟོད་བསྒྱེད་ཅིང༌། ལུས་སྨད་འགུར་གྱིས་ཡོང་བར་བྱའོ། །ཅེ་སྤྱང་གི་འདུག་སྟངས་ནི། འཕོང་ས་ལ་མ་རེག་པར་རྐང་པའི་བྲང་ས་ལ་བཙུགས། ལག་པ་གཉིས་ཁུ་ཚུར་བཅངས་པ་མདུན་དུ་ས་ལ་བཞག །ཧཱུྃ་གི་སྒྲས་སྟོང་འདྲེན་བྱའོ། །དེ་ནས་སེང་གེའི་རྣམ་རོལ་ལོ། །འཁོར་ལོ་བསྐོར་བ་ནི། བུམ་པ་ཅན་གྱི་ངང་ལས། རྣ་བ་དཔུང་མགོ་ལ་ཐུག་པའི་མགོ་གཡས་སུ་ལན་གསུམ་བསྐོར་བ་དང༌། གཡོན་དུ་ལན་གསུམ་བསྐོར་བ་བྱ། དེ་ནས་ལག་པ་གཡས་ཁུ་ཚུར་བཅངས་པ་ཕྱི་ནང་དུ་ལན་གསུམ་གསུམ་བསྐོར་རོ། །དེ་བཞིན་དུ་གཡོན་པའང་བསྐོར། ལྟེ་བ་མན་ཆེར་མ་ཡོ་བར་བཅས་ལ། མགོ་དང་རོ་སྟོད་གཡས་གཡོན་དུ་ལན་གསུམ་གསུམ་བསྐོར། ཕོ་བ་སོགས་རོ་སྨད་གཡས་གཡོན་དུ་ལན་གསུམ་གསུམ་བསྐོར། དེ་ནས་ལངས་ལ་རྐང་བ་གཡས་ཕྱི་ནང་དུ་ལན་གསུམ་གསུམ་བསྐོར་ལ། རྐང་མགོ་འཕང་ལ་བརྡེག །རྐང་པ་གཡོན་པའང་དེ་བཞིན་བྱའོ། །ཞགས་པ་འཕེན་པ་ནི། བུམ་པ་ཅན་གྱི་ངང་ནས། མགོ་མདུན་རྒྱབ་ཏུ་ཕྱང་ཕྱང་འཕེན་པ་དང༌། གཡས་གཡོན་དུའང་འཕེན་པ་སྟེ་ལན་གསུམ་གསུམ་མོ། །ལག་པ་གཡས་ཀྱི་སོར་མོ་རྣམས་བརྐྱངས་ཏེ་འཕེན་པ་དང༌། ཁུ་ཚུར་བཅངས་ཏེ་དཔུང་མགོ་ལ་བརྡེག་པ་ལན་གསུམ་གསུམ་བྱ་ཞིང་གཡོན་པའང་དེ་བཞིན་བྱ།


LT26_Page_139A
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྐྱིལ་ཀྲུང་ནས་བཏེགས་པར་བྱས་ལ། གན་རྐྱལ་དུ་འགྱེལ་བ་དང་ཡང་ལངས་ལ་མདུན་དུ་ཁ་སྦུབས་བྱས་ཏེ་དཔྲལ་བ་ས་ལ་རེག་པ་ཙམ་ཡོང་བར་བྱ་བ་སྟེ་མདུན་རྒྱབ་ཏུ་ལན་གསུམ་དང༌། གཡས་གཡོན་གྱི་པུས་མོ་ས་ལས་མ་བཏེགས་པར་བྱས་ལ། མགོ་གཡས་གཡོན་གྱི་ས་ལ་རེག་པ་ཙམ་ཡོང་བའང་ལན་གསུམ་གསུམ་བྱའོ། །དེ་ནས་ལངས་ལ་རྐང་པ་གཡས་མདུན་དུ་ལན་གསུམ་བརྐྱང་བསྐུམ་བྱེད་པ་དང༌། དེ་བཞིན་དུ་གཡས་དང་རྒྱབ་རྣམས་སུའང་བྱ་ཞིང༌། གཡོན་པའང་དེ་བཞིན་བྱས་ལ་མཐར་འབེབས་བྱའོ། །སྐེ་རགས་འཆིང་བ་ནི། ལག་གཉིས་ཁུ་ཚུར་གཤིབ་པ་རྐེད་པ་ལ་ཤུགས་དང་ལྡན་པས་སྐེ་རགས་འཆིང་བའི་ཚུལ་བྱ་ཞིང་རླུང་བུམ་པ་ཅན་དྲག་ཏུ་བཟུང་ལ། རོ་སྟོད་ཅུང་ཟད་གྱེན་དུ་བསྒྱེད་ཅིང་ལན་གསུམ་བྱའོ། །བཅོ་བརྒྱད་སྤྲུག་ནི། རླུང་བཟུང་ལ་བཅའ་གཞི་དང་བཅས་ལངས་ལ། དེ་ནས་ལག་པ་གཉིས་སྟེང་དུ་འཕངས་པ་མཉམ་དུ་ལན་གསུམ་འཕར་བ་དང༌། དེ་ནས་ཀྱང་ལན་གསུམ་འོག་ཏུ་སྡིགས་པ་དང༌། དེ་ནས་ལག་པ་གཉིས་ཀྱིས་རྐང་པའི་སོར་མོ་ནས་བཟུང་ལ་ལུས་སྒུར་ཞིང་དགང་འདྲེན་དང་སྟོང་འདྲེན་བྱ་བ་ནི། སྟེང་དུ་འཐེན་པ་དང༌། དེ་ནས་ལག་པ་གཉིས་ཀྱིས་རྐང་པའི་གཤོག་པ་ནས་བཟུང་ལ། དགང་འདྲེན་དང་སྟོང་འདྲེན་བྱ་བ་ནི། ཐད་ཀར་འཐེན་པ་དང༌། དེ་ནས་གན་རྐྱལ་དུ་བྱས་ལ། ལག་པ་གཉིས་ཀྱིས་རྐང་པའི་སོར་མོ་ནས་བཟུང་ཞིང༌། སྲུབ་པ་དང་བཅས་དགང་འདྲེན་སྟོང་འདྲེན་བྱ་བ་ནི། འོག་ཏུ་འཐེན་པ་དང༌། དེ་ནས་གན་རྐྱལ་དུ་བསྡད་པའི་ངང་ནས་རྐང་ལག་བཞི་དུས་གཅིག་ཏུ་སྤྲུག་ཅིང་བརྐྱངས་བསྐུམས་ལན་གསུམ་བྱས་པའི་མཐར་རྒྱབ་འཕར་གཅིག་བྱའོ། །དེ་ལྟར་ལུས་སྤྱོད་


LT26_Page_139B
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། རླུང་སྦྱོར་དེ་རྣམས་ཡུན་རིང་དུ་གོམས་པར་བྱས་ལ། ཐོག་མར་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལག་པའི་ཕྱག་རྒྱ་ལ་བསླབ། དེ་ནས་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་རབ་ལམ་བསྒོམ་པ་ལ་ཡེ་ཤེས་ཅུང་ཟད་སྐྱེས་པ། དེ་ལྟར་མིན་ཡང་དམ་ཚིག་དང་ལྡན་པ། གསང་སྔགས་ལ་མོས་པ་ཐོབ་པ་ཞིག་ངེས་པར་དགོས་པ་ཡིན་ནོ། །དེ་ཉིད་ཀྱི་ཐོག་མར་གཟུགས་ལ་བལྟ་བའི་རྗེས་ཆགས་ཀྱི་བདེ་བ་བསྒོམས་ལ། བཟུང་བ་དང༌། བཟློག་པ་དང༌། དགྲམ་པ་དང༌། ཁྱབ་པར་བྱ། དེ་བཞིན་དུ་སྒྲ་དང༌། དྲི་དང༌། རོ་དང༌། ཕྱིའི་རེག་བྱ་རྣམས་ལ་བརྟེན་ནས་རྗེས་ཆགས་ཀྱི་བདེ་བ་བསྒོམ་པའང་སྔར་བཞིན་བསླབ། དེ་ནས་རང་ཉིད་ལྷག་པའི་ལྷ་དང༌། ཕྱག་རྒྱ་འཁོར་ལོའི་དབང་ཕྱུག་མར་བསྒོམས་ལ་མཁའ་གསང་བྱིན་རླབས་དང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་རླབས་པའང་དྲན་པར་བྱས་ལ། ཐབས་ཤེས་མཉམ་པར་སྦྱར་བའི་ཐོག་མར་དགའ་བ་ཙམ་ལ་བཟུང་བཟློག་ཁྱབ་དགྲམ་རྣམས་བྱ། དེ་ནས་མཆོག་དགའ་དང༌། ཁྱད་དགའ་དང༌། མཐར་ལྷན་སྐྱེས་ཀྱི་བར་དུ་བྱའོ། །དེ་ཡང་རྩ་མདུད་ཅུང་ཟད་གྲོལ་བ་རྣམས་ལ་དགའ་བ་བཞི་འཆར་བ་གསལ་པོ་ཤེས་ཀྱང༌། ལས་དང་པོ་པ་རྣམས་ལ་གསལ་པོར་ཤེས་པ་དཀའ་ཡང༌། སྤྱི་ཆ་ཤས་ཙམ་འཆར་བ་ནི་ངེས་པ་ཡིན་ནོ། །ཐབས་ཤེས་མཉམ་པར་སྦྱོར་བ་དང་མ་བྲལ་བའི་དུས་དེར་བཟུང་བའི་ཐབས་ནི་འོག་སྒོ་དྲག་ཏུ་ལྷོད། སྟེང་རླུང་ཕྱིར་བུས་ལ། ཕྱི་རོལ་དུ་བཟུང་བཞིན་པའི་ངང་ནས། ལྟོ་བ་ཚིགས་པ་ལ་གཅེར་བྱ། ཡང་རླུང་ཕྱི་རོལ་དུ་བཟུང་བཞིན་པའི་ངང་ནས། ལྟོ་བ་ཕྱིར་བསྐྱེད་པ་རྣམས་བྱ་ཞིང༌། སྟེང་རླུང་ནང་དུ་རྔུབ་པ་དང༌། གསང་གནས་དང༌། བཤང་སྒོའི་བར་དུ་སྡིགས་ཤིང་གཏུན་བརྡུང་བ་ལྟར་བྱ་བ་ནི་བཟུང་བ་དང༌། བཟློག་པ་ནི་


LT26_Page_140A
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་གི་སྒྲས་སྟོང་འདྲེན་བྱ་བ་དང༌། རླུང་ཁ་སྦྱོར་དུ་བཟུང་བ་བགྲང་འདྲེན་བྱ་བ་དང༌། མ་ནིང་གྲུག་གཞུང་རྣམས་བྱེད་དོ། །དགྲམ་པ་ནི་ཉྭ་བཞི་རྣམས་ལྷོད་གློད་པའོ། །དེ་ནས་གོང་དུ་བསྟན་པ་ལྟར་གྱིས་ལུས་སྒྱོང་འཁྲུལ་འཁོར་ཐམས་ཅད་བྱ་ཞིང༌། དེ་ནས་འཇམ་རླུང་བུམ་པ་ཅན་བཟུང་ལ། སེམས་ཀྱི་རང་ངོ་བལྟ་ཞིང་མི་རྟོག་པར་འཇོག་པ་ནི། རླུང་དང་བསྲེ་ཞིང་ཡེ་ཤེས་ཆེན་པོར་སྐྱེལ་བའོ། །དྲུག་པ་མན་ངག་ཐོར་བུ་ལ། ཐོག་མར་ཡི་དམ་བསྒོམ་པའི་མན་ངག་ནི། རང་གང་བསྒོམས་པའི་ཡི་དམ་རིགས་གང་ཡིན་པ་བརྟགས་ཏེ། རྡོ་རྗེའི་རིགས་ཡིན་ན་སྙིང་ག་དང༌། རིན་པོ་ཆེའི་རིགས་ཡིན་ན་ལྟེ་བ་དང༌། ལས་ཀྱི་རིགས་ཡིན་ན་གསང་གནས་དང༌། པདྨའི་རིགས་ཡིན་ན་མགྲིན་པ་དང༌། རྣམ་སྣང་རིགས་ཡིན་ན་སྤྱི་བོའི་འཁོར་ལོར་བསྒོམ་མོ། །དེ་ཡང་རང་ལུས་ཀྱི་རྩ་འཁོར་པདྨའི་གཞལ་ཡས་ཁང་གི་དབུས་སུ་ཡི་དམ་གྱི་ལྷ་བསྒོམ། དམིགས་པ་གསལ་ན། དེའི་ཐུགས་ཀར་ས་བོན་སྔགས་ཕྲེང་དང་བཅས་པའང་བསྒོམས་ལ་དེ་རྣམས་ལ་དམིགས་པ་གཏད་ཅིང༌། སྣང་སྟོང་སྒྱུ་མ་ལྟ་བུའི་ཤེས་པས་སྔགས་བཟླ་ཞིང༌། ཐུན་འཇོག་ཁར་མཆོད་པ་དཔག་ཏུ་མེད་པ་བློས་སྤྲུལ་ཏེ་ཕུལ་ལ་གསོལ་བ་གདབ། ཐུན་མཚམས་སུ་ཡང་ཁ་ཟས་ཟ་བའི་ཚེ། ཡི་དམ་ལ་མཆོད་པ་ཕུལ་བར་མོས་སོ། །ལྷ་བསྒོམ་པའི་ཚུལ་འདི་ནི་རང་ལུས་ཀྱི་རྩ་འཁོར་རྣམས་སུ་བསྒོམས་པས་རྫོགས་རིམ་དང་ཤིན་ཏུ་མཐུན་པའི་རྣལ་འབྱོར་རོ། །བླ་མ་བསྒོམ་པའི་མན་ངག་ལ། ཕྱི་སྒྲུབ་དང་ནང་སྒྲུབ་གཉིས་ལས། དང་པོ་ལའང་ཕྱི་ནང་གསང་གསུམ་ལས། དང་པོ་ནི། རང་གི་མདུན་དུ་བླ་མ་བསྒོམ།


LT26_Page_140B
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཐུགས་ཀར་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བར་བསམས་ལ། ཕྱག་འཚལ་བ་དང༌། མཆོད་པ་ཕུལ་བ་དང༌། གསོལ་བ་གདབ་པ་རྣམས་བྱས་རྗེས། བླ་མའི་མཚན་ལ་དེ་ཉིད་གསུམ་སྤེལ་བྱས་པའི་བཟླས་པ་བྱ་སྟེ། དཔེར་ན། ཨོཾ་ཨཱཿརིན་ཆེན་རྡོ་རྗེ་ཧཱུྃ་ཧཱུྃ་ཞེས་པ་ལྟ་བུའོ། །གཉིས་པ་ནི། བླ་མ་མདུན་དུ་བསྒོམས་པ་དེའི་ཐུགས་ཁར་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་འཆང་དར་དང་རིན་པོ་ཆེས་བརྒྱན་པ་དང་འཁོར་ལོས་བསྒྱུར་བའི་རྣམ་པ་ཅན། འཁོར་སངས་རྒྱས་བྱང་ཆུབ་སེམས་དཔའ་འཁོར་ལོས་བསྒྱུར་བའི་རྣམ་པ་ཅན་དཔག་ཏུ་མེད་པས་བསྐོར་བ་བསམས་ལ། ཕྱག་འཚལ་ནས་བཟླས་པའི་བར་གོང་བཞིན་ནོ། །གསུམ་པ་ནི། བླ་མའི་ཐུགས་ཀར་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དཔལ་ཧེ་རུ་ཀའི་རྣམ་པས་བཞུགས་པ་ལ། འཁོར་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བར་བསམས་ལ་ཕྱག་འཚལ་བ་སོགས་གོང་བཞིན་ནོ། །གཉིས་པ་ནང་སྒྲུབ་ནི། མདུན་དུ་བླ་མ་བསྒོམས་ལ་མོས་གུས་དུང་བ་བྱས་གསོལ་བ་བཏབ་པས། བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་སྤྱི་བོའི་འཁོར་ལོ་པདྨའི་གཞལ་ཡས་ཁང་གི་དབུས་སུ། བླ་མ་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་གཡས་འཁོར་ལོ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་སྤྱན་མ་དཀར་མོ་དང་མཉམ་པར་སྦྱོར་བ། མགྲིན་པའི་བླ་མ་འོད་དཔག་མེད་སྐུ་མདོག་དམར་པོ་གཡས་པདྨ་དང་གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་གོས་དཀར་མོ་དམར་མོ་དང་མཉམ་པར་སྦྱོར་བ། སྙིང་གར་བླ་མ་མི་


LT26_Page_141A
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ། ལྟེ་བར་བླ་མ་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་གཡས་རིན་པོ་ཆེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རིན་ཆེན་སྒྲོལ་མ་དང་མཉམ་པར་སྦྱོར་བ། གསང་གནས་སུ་བླ་མ་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་གུ་གཡས་རལ་གྲི་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བ་སྟེ། གནས་ལྔར་བླ་མ་རིགས་ལྔ་ཡབ་ཡུམ་བསྒོམས་ལ། བླ་མའི་མཚན་དང༌། རིགས་ལྔ་སོ་སོའི་ས་བོན་ལ་དེ་ཉིད་གསུམ་སྤེལ་བའི་བཟླས་པ་བྱ་བ་སྟེ། ཨོཾ་ཨཱཿརིན་ཆེན་རྡོ་རྗེ་བྷྲཱུྂ་ཧཱུྃ་ཞེས་པ་དང༌། དེ་བཞིན་དུ། ཛྲིཾ་ཧཱུྃ་དང༌། ཧཱུྃ་ཧཱུྃ་དང༌། ཨཱཾཿཧཱུྃ་དང༌། ཁཾ་ཧཱུྃ་ཞེས་པ་རྣམས་བཏགས་པ་བཟླ་བར་བྱའོ། །བར་ཆད་བསལ་བའི་མན་ངག་ལ། གོ་རཀྵ་དང༌། བི་རཱུ་པའི་ལུགས་གཉིས་ལས། དང་པོ་ནི། ཐོག་མར་རང་གི་ལུས་ངག་ཡིད་གསུམ་ལ་ཤེས་པ་གཏད་དེ། འདི་ལྟར་དུ་སྣང་བ་ནི་མེད་བཞིན་དུ་འཁྲུལ་པ་སྒྱུ་མ་ལྟ་བུའོ་སྙམ་དུ་བསམས་ལ། དེ་ནས་རང་གི་ལུས་ངག་ཡིད་གསུམ་གྱི་ངོ་བོ་ལ་ཆེར་གྱིས་བལྟས་ཤིང་བཙལ་བ་ན། རིག་ངོར་གང་ཡང་མ་རྙེད་པའི་ངོས་བཟུང་ཐམས་ཅད་དང་བྲལ་བ་དེའི་ངང་ལ་ཅི་གནས་སུ་མཉམ་པར་བཞག་པ་ནི་དམིགས་སྐོར་དང་པོ་དང༌། དེ་ལ་ཅུང་ཟད་གོམས་པ་ན། དེ་ནས་རང་དབང་བའི་གནས་ཁང་དང་ལོངས་སྤྱོད་འཁོར་གཡོག་ལ་སོགས་པ་རྣམས་ལ་འདི་ཐམས་ཅད་མེད་བཞིན་དུ་སྣང་བ་སྒྱུ་མ་ལྟ་བུའོ་སྙམ་དུ་བསྒོམ་པ་དང༌། དེ་དག་གི་ངོ་བོ་ལ་ཆེར་གྱིས་བལྟས་ཏེ་ངོས་བཟུང་བྲལ་བའི་ངང་ལ་མཉམ་པར་འཇོག་པ་ནི་དམིགས་སྐོར་གཉིས་པ་


LT26_Page_141B
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དེ་ནས་དགྲ་སྡང་བ་ལ་སྔར་བཞིན་བསྒོམ་པ་དམིགས་སྐོར་གསུམ་པ་དང༌། གཉེན་བྱམས་པ་ལ་བསྒོམ་པ་དམིགས་སྐོར་བཞི་པ་དང༌། དེ་ནས་མཐོང་ཐོས་སུ་གྱུར་པ་ཡུལ་ཉེ་སར་གནས་པ་རྣམས་ལ་བསྒོམ་པ་དམིགས་སྐོར་ལྔ་པ་དང༌། མཐར་སྣང་བ་ཐམས་ཅད་ལ་བསྒོམ་པ་དམིགས་སྐོར་དྲུག་པའོ། །དེ་རྣམས་ལ་རིམ་གྱིས་བསླབ་སྟེ་གོམས་པར་གྱུར་པ་ན། ཐོག་མར་ཚ་གྲང་ལ་སོགས་རྐྱེན་ཕྲན་བུ་ལ་ཧཱུྃ་གི་སྒྲས་རྣམ་པར་མི་རྟོག་པའི་དབྱིངས་སུ་བསྐྱེལ་བ་དང༌། དེ་ནས་ཆགས་སྡང་བདེ་སྡུག་འཇིགས་སྐྲག་སོགས་འཆར་སྒོ་ཐམས་ཅད་ཧཱུྃ་གི་སྒྲས་དབྱིངས་སུ་གཅོད་པས་རང་གི་ཁྱིམ་དུ་བསྒོམ་ཞིང༌། དེ་ནས་དུར་ཁྲོད་དང༌། ཚོང་འདུས་དང༌། འདྲེ་གདོན་གྱི་གནས་རྣམས་སུ་སྨྱོན་པར་བརྫུས་ཏེ་ཕྱིན་པ་ན། དེར་འདྲེ་གདོན་གྱི་ཆོ་འཕྲུལ་དང༌། སྐྱེ་བོ་རྣམས་ཀྱི་བསྟོད་སྨད་སོགས་རྐྱེན་བཟང་ངན་ཐམས་ཅད་ཧཱུྃ་གི་སྒྲས་རྣམ་པར་མི་རྟོག་པའི་དབྱིངས་སུ་བསྐྱལ་ལོ། །གཉིས་པ་བི་རཱུ་པའི་ལུགས་ལ་ཡང༌། ལས་དང་པོ་པའི་ཉམས་ལེན་དང༌། རང་གི་ཁྱིམ་དུ་རྐྱེན་དང་བསྲེ། མཐར་དུར་ཁྲོད་ལ་སོགས་པར་རྒྱུ་བ་སྟེ་སྔར་བཞིན་གསུམ་ལས། དང་པོ་ལ། སྙིང་རྗེ་བསྒོམ་པ་དང༌། སྟོང་ཉིད་བསྒོམ་པ་གཉིས་ལས། དང་པོ་ནི། སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕ་མ་ཡིན། འདི་དག་གིས་བསྐྱེད་པའི་གནོད་པ་བདག་ལ་བྱུང་བའང་སྐྱེ་ཤི་འཕོས་ནས་ངོ་མ་ཤེས་པས་ལེན་པ་ཡིན་སྙམ་དུ་བསམས་ལ་སྙིང་རྗེ་དྲག་ཏུ་བསྒོམ་པ་ནི་དམིགས་སྐོར་དང་པོ་དང༌། དེ་ནས་བདག་བདེ་བ་འདོད་པ་བཞིན་དུ་སེམས་ཅན་རྣམས་ཀྱང་བདེ་བ་འདོད། བདག་སྡུག་བསྔལ་མི་འདོད་པ་བཞིན་དུ་སེམས་ཅན་རྣམས་ཀྱང་སྡུག་བསྔལ་མི་འདོད་པས། དེ་


LT26_Page_142A
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་སྙམ་དུ་བསྒོམ་པ་ནི་དམིགས་སྐོར་གཉིས་པ་དང༌། དེ་ནས་སེམས་ཅན་རྣམས་ཉོན་མོངས་པས་སེམས་དཀྲུགས་ཏེ་ལས་བསགས། དེས་འཁོར་བར་འཁྱམས་ཏེ་སྡུག་བསྔལ་མྱོང་བ་སྙིང་རེ་རྗེ་སྙམ་དུ་བསྒོམ་པ་ནི་དམིགས་སྐོར་གསུམ་པ་དང༌། དེ་ནས་དོན་དམ་པར་སེམས་ཅན་ཀྱང་བདེན་པར་མ་གྲུབ། དེ་དག་གིས་མྱོང་བའི་སྡུག་བསྔལ་ཡང་བདེན་པར་མ་གྲུབ། རང་བཞིན་སྟོང་པ་ཉིད་ཡིན་ཡང་དེ་ལྟར་མ་རྟོགས་པར་སྡུག་བསྔལ་མྱོང་བའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ་སྙམ་དུ་བསྒོམ་པ་ནི་དམིགས་སྐོར་བཞི་པའོ། །གཉིས་པ་ནི། སྣང་བ་ཐམས་ཅད་རང་གི་སེམས་ཡིན། སེམས་ལས་ལོགས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་སྙམ་དུ་བསྒོམ་པ་ནི་དམིགས་སྐོར་དང་པོ་དང༌། དེ་ནས་སེམས་ཀྱི་ངོ་བོ་ཡང་མ་གྲུབ་སྟེ། ངོས་བཟུང་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་ཀྱི་ངང་ལ་བཞག་གོ །དེ་ནས་སྟོང་པའི་ངང་ལས་སྣང་བ་ཐམས་ཅད་ལྷ་སྐུར་ལམ་སྟེ་བསྒོམ་པ་ནི། སྟོང་པའི་ངང་ལས་དག་པའི་སྣང་བ་བསྒོམ་པ་དང༌། ཡང་ན་སྟོང་པའི་ངང་ལས་མ་དག་པའི་སྣང་བ་བསྒོམ་པ་ནི་ཤར་བའི་ཚེ། རང་གི་ལུས་དུམ་བུ་བརྒྱ་སྟོང་དུ་མར་བཏུབས་ཏེ། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པས་མཉེས། རིགས་དྲུག་རྣམས་རང་རང་སོ་སོའི་བསམ་པ་དང་མཐུན་པའི་ལོངས་སྤྱོད་བྱུང་སྟེ་ཚིམ་པར་བསམ། ཁྱད་པར་ཡང་ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་ཤ་ཁྲག་གི་གཏོར་མས་ཚིམ་པར་མོས། མཐར་དེ་རྣམས་ཀྱི་སེམས་དང་རང་གི་སེམས་སྟོང་པ་ཉིད་དུ་བསྲེས་ལ་མཉམ་པར་བཞག་གོ །དེ་


LT26_Page_142B
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཅུང་ཟད་གོམས་པར་གྱུར་པ་ན། རང་ཁྱིམ་དུ་ཚ་གྲང་ལ་སོགས་པའི་རྐྱེན་ཆེད་གཏད་ཡོང་བར་བྱས་ཏེ། སྟོང་ཉིད་སྙིང་རྗེ་ལམ་དུ་ཁྱེར། དེ་ནས་རང་ཁྱིམ་དུ་རྐྱེན་སྣ་ཚོགས་དང་བསྲེ་བ་ལ་གོམས་པ་ན། དུར་ཁྲོད་དང༌། ཚོང་འདུས་དང༌། འདྲེ་གདོན་ཐམས་ཅད་ཀྱི་གནས་སུ་ཕྱིན་ལ་རྐྱེན་བཟང་ངན་ཐམས་ཅད་དང་བསྲེ་བར་བྱའོ། །སེམས་འཛིན་གྱི་མན་ངག་ལ། སྤྱིར་བཀའ་བབས་དྲུག་ལྡན་གྱི་མན་ངག་འདི་ལ་སེམས་འཛིན་གྱི་རྣམ་གྲངས་ལྔ་བརྒྱ་ཙམ་ཡོད་ཀྱང༌། འདིར་དཀྱུས་སུ་གསུངས་པ་ལ་བཅུ་དྲུག་ཙམ་ལས། ཐོག་མར་ཞག་འགའ་ལུས་གནད་ཇི་ལྟར་བདེ་བ་ཞིག་བཅས་ལ། བྱ་བྱེད་ཐམས་ཅད་སྤངས་ཏེ་གང་ཡང་མི་བསྒོམ་པར་བསྡད། དེ་ནས་ཐོ་རངས་ལྟ་བུ་རིག་པ་དྭངས་པ་ཞིག་ལ། རང་ཉིད་ཀྱི་ལུས་རི་ཞིག་ཏུ་གྱུར་པར་བསམས་ལ། དེའི་རི་སུལ་དང༌། དེ་ལ་གནས་པའི་ཤིང་དང་ཆུ་འབབ་ཚུལ་སོགས་ལ་རིམ་གྱིས་སེམས་གཏད། ཡང་འཕྲོ་བཅད་ཅིང་བསྒོམ་པ་ནི་དམིགས་པ་དང་པོ་དང་ཡང་རང་གི་ལྟེ་བའི་ཐད་ཙམ་དུ་ནེའུ་སེང་ཡིད་དུ་འོང་བ་ཞིག་བསམ། དེའི་ཕྱོགས་ཞིག་ཏུ་ཤིང་སྡོང་པོ་ལོ་འདབ་ལྡན་པ་ཞིག་ལྡེམ་ཅུག་གེ་འདུག་པ་ལ་སེམས་གཏད་ཅིང༌། ཡང་འཕྲོ་བཅད་ཀྱིན་བསྒོམ་པ་ནི་དམིགས་པ་གཉིས་པ་དང༌། ཡང་རང་གི་སྙིང་གའི་ཐད་དུ་ས་གཞིའི་དབུས་སུ་མཚོ་ཤིན་ཏུ་དྭངས་པ་མེ་རེ་བ་ལ་ཆུ་གཉེར་ཤིག་ཤིག་འདུག་པ་ལ་སེམས་འཛིན་ཞིང༌། སླར་འཕྲོ་བཅད་ཀྱིན་བསྒོམ་པ་ནི་དམིགས་པ་གསུམ་པ་དང༌། ཡང་རང་ཉིད་ཀྱི་སྤྱི་བོའི་སྟེང་ན་ནམ་མཁའ་དེའི་ཡང་སྟེང་ན་རྒྱལ་ཆེན་རིགས་བཞི། དེའི་སྟེང་ན་སུམ་ཅུ་རྩ་གཉིས། དེའི་སྟེང་ན་གཟུགས་ཁམས། དེའི་སྟེང་ན་གཟུགས་མེད་ཁམས། དེའི་སྟེང་ན་འཇིག་རྟེན་གྱི་ཁམས་གཞན་ཞིག་གི་རླུང་གི་དཀྱིལ་འཁོར་ནས་གཟུགས་མེད་ཀྱི་ཁམས་


LT26_Page_143A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་དང༌། དེའི་སྟེང་ན་ཡང་འཇིག་རྟེན་གྱི་ཁམས་གཞན་ཞིག་གི་རླུང་གི་དཀྱིལ་འཁོར་ནས་གཟུགས་མེད་ཁམས་ཀྱི་བར་ལ་སེམས་གཏད་པ་སོགས་མང་པོ་ཞིག་སོང་བ་ན། དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུགས་པར་བསམས་ལ། དེར་ཤེས་པ་གཏད་ཅིང་སླར་འཕྲོ་བཅད་ཀྱིན་ཡང་ཡང་བསྒོམ་པ་ནི་དམིགས་པ་བཞི་པ་དང༌། ཡང་རང་གི་འོག་ཕྱོགས་ན་ས་ཡི་དཀྱིལ་འཁོར་དང༌། དམྱལ་བའི་གནས་རྣམས་རིམ་པ་བཞིན་དང༌། ཆུའི་དཀྱིལ་འཁོར་དང༌། དེའི་འོག་ན་རླུང་གི་དཀྱིལ་འཁོར་དང༌། དེའི་འོག་ན་འཇིག་རྟེན་ཁམས་གཞན་ཞིག་གི་གཟུགས་མེད་ཁམས་ནས་རླུང་གི་དཀྱིལ་འཁོར་གྱི་བར་དང༌། དེའི་ཡང་འོག་ནས་འཇིག་རྟེན་གྱི་ཁམས་གཞན་ཞིག་གི་གཟུགས་མེད་ཁམས་ནས་རླུང་གི་དཀྱིལ་འཁོར་གྱི་བར་ལ་ཤེས་པ་གཏོད་པ་སོགས་མང་པོ་ཞིག་སོང་བ་ན། དེ་བཞིན་གཤེགས་པ་ཐལ་བའི་དབང་པོ་བཞུགས་པར་བསམས་ལ་དེ་ལ་སེམས་ཅུང་ཟད་ཅིག་གཏད། སླར་འཕྲོ་བཅད་ཀྱིན་བསྒོམ་པ་ནི་དམིགས་པ་ལྔ་པ་དང༌། ཡང་ཡིད་ཀྱི་ཕོ་ཉ་བཏང་བ་བྱ་བ། རང་ཉིད་འདི་ཉིད་ན་ཡོད་པར་བསམས་པའི། རང་གཉིས་པ་ཞིག་ཕར་འགྲོ་བར་བསམ། རྒྱང་ཙམ་དུ་སླེབས་པ་ན། དེས་ཚུར་བལྟ་ཞིང༌། འདི་ནས་ཀྱང་ཕར་བལྟས་པར་བསམས་ལ། དེ་གཉིས་རིམ་པས་རི་བརྒལ་ཏེ་ཐག་རིང་པོར་ཕྱིན་པ་ན། ཡང་འདི་ནས་ཕར་བལྟ་བ་དང༌། ཕར་ནས་ཚུར་བལྟ་བར་བསམ་པ་ནི་དམིགས་པ་དྲུག་པ་དང༌། ཡང་རང་ཉིད་ཀྱི་འོག་ཕྱོགས་ལྟ་བུ་ཞིག་ཏུ་མཚོ་ཆུང་ངུ་ཞིག་བསྒོམ། དེ་རིམ་པས་ཇེ་ཆེ་དང༌། དབང་ཇེ་མཐོ་ལ་སོང་ནས། མཐར་རང་གི་སྟེང་དང་ཕྱོགས་ཐམས་ཅད་ཆུས་བསྐོར་བའི་དབུས་ན། རང་ཉིད་འདུག་པར་བསམ་པ་ནི་དམིགས་པ་བདུན་པ་དང༌། ཡང་རང་གི་མདུན་


LT26_Page_143B
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཕྱོགས་གང་ཡང་རུང་བ་ཞིག་ཏུ། དམིགས་རྟེན་གྱི་མར་མེ་ཞིག་བཞག །དེ་ལ་སྐབས་སྐབས་སུ་ཅུང་ཟད་བལྟ་ཞིང༌། གཞན་ཡིད་ཀྱིས་མར་མེ་གཡོ་བ་མེད་པ་ཞིག་བསྒོམ་སྟེ། དེ་ལ་སེམས་འཛིན་པ་ནི་དམིགས་པ་བརྒྱད་པ་དང༌། ཡང་རང་གི་གསང་གནས་སུ་མར་མེ་དགུ་རབ་ཏུ་གཡོ་བ་ལ་སེམས་འཛིན་པ་ནི་དགུ་པ་དང༌། ཡང་རང་ཉིད་ཡུལ་གང་ལ་སེམས་འཕྲོ་བར་གྱུར་པའི་དངོས་པོ་ཞིག་ལ་ཡིད་གཏོད་འཇོག །གཞན་ལ་སེམས་འཕྲོ་ན་དེ་ལ་འཕྲོ་བ་བཅད་དེ། །སླར་དམིགས་རྟེན་སྔ་མ་དེ་ཀ་ལ་སེམས་འཇོག་པ་ནི་བཅུ་པ་དང༌། ཡང་རང་གི་ཡིད་དུ་འོང་བའི་དངོས་པོ་ཞིག་ལ་སེམས་འཛིན་རྣམ་རྟོག་གཞན་འཕྲོ་ན། སླར་རང་གི་གང་ཡིད་དུ་འོང་བའི་དངོས་པོ་དེ་ཀ་ལ་སེམས་འཇོག་པ་ནི་དམིགས་པ་བཅུ་གཅིག་པ་དང༌། ཡང་ལུས་གནད་རྐང་པ་མདུན་དུ་གཤིབས། རྒྱུ་མོ་ཁུང་གཉིས་ནས་ལག་པ་གཡས་གཡོན་གྱིས་བཟུང་ལ། དེའི་ཐད་ཀྱི་རྐང་མཐིལ་དུ་འོད་ཟེར་འཕྲོ་བ་ལ་སེམས་འཛིན་པའམ། ཡང་ན་ཤིང་རིལ་མོ་སྦམ་ཕྲ་འཚམས་པ་ཞིག་རྐང་པའི་རྒྱུ་མོ་ཁུང་དུ་བཅུག །རྐང་སོར་གཡས་གཡོན་ལག་པས་ཅུང་ཟད་བཟུང་ལ། ཤིང་གིས་རེག་པའི་རེག་བྱ་ཡོད་པ་དེར་སེམས་གཏོད་པ་ནི་གདན་ཁྲི་ལ་སེམས་འཛིན་པ་སྟེ་དམིགས་པ་བཅུ་གཉིས་པ་དང༌། ཡང་ཤོག་བུའམ་རས་ལྟ་བུའམ་གཞི་སྔོན་པོ་དེའི་དབུས་སུ་ལྗོན་ཤིང་ངམ་རི་ལྟ་བུ་ཞིག་བྲི། དེའི་རྩ་བར་མི་ཡི་གཟུགས་བརྙན་ཞིག་དྲིས་ལ། དེ་མདུན་དུ་དམིགས་རྟེན་དུ་བཞག་ལ། གཞི་སྔོན་པོ། །ནེའུ་སེང་དང༌། དེའི་དབུས་སུ་རིའམ་ལྗོན་ཤིང་གང་རུང་ཞིག་ལ་རང་ཉིད་བསྐོར་བ་བྱེད་པ་ནི་དམིགས་པ་བཅུ་གསུམ་པ་དང༌། ཡང་རང་གི་སྤྱི་བོར་ཤིང་ལྟ་བུ་ཞིག་བཙུགས་ལ། དེའི་རེག་བྱ་ཡོད་པར་ནོར་བུ་འོད་འཕྲོ་བ་ཞིག་ལ་སེམས་འཛིན་པ་ནི་གཙུག་གི་ནོར་བུ་


LT26_Page_144A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སེམས་འཛིན་པ་སྟེ་དམིགས་པ་བཅུ་བཞི་པ་དང༌། སྤྱི་བོར་ཤིང་ལྟ་བུ་འཇོག་པ་མི་བདེ་ན། ལག་པ་གཉིས་ཐལ་མོ་སྦྱར་བ་སྤྱི་བོར་བཞག་གོ །ཡང་ལག་པ་གཉིས་ཁུ་ཚུར་བརླ་སྟེང་དུ་བཞག །རོ་སྟོད་དང་ལྟག་པ་བསྒྱེད་བྱས་ལ། གདོང་གྱེན་དུ་ཕྱོགས་པས་མིག་བར་སྣང་ལ་བལྟ། ལུས་ཀྱི་དབུས་སུ་འོད་ཀྱི་གོང་བུ་ཁ་དོག་ཇི་ལྟར་བདེ་བ་ཞིག་བསྒོམས་ལ། དེ་ལུས་ཀྱི་དབུས་ནས་ཡར་སོང༌། སྤྱི་བོ་ནས་ཐོན། ནམ་མཁའ་མཐོན་པོར་ཡལ་བར་བསྒོམ་པ་ནི་དམིགས་པ་བཅུ་དྲུག་པའོ། །གེགས་སེལ་གྱི་མན་ངག་ལ། རྩ་དང༌། རླུང་དང༌། ཐིག་ལེ་ལ་བརྟེན་པའི་གེགས་གང་ཡིན་ངོས་ཟིན་པར་བྱས་ལ། གྲང་བའི་ནད་རྣམས་ལྟེ་བའི་འཁོར་ལོའི་བྱེད་པ་ལ་བརྟེན་ནས་འབྱུང་བའི་དབང་དུ་མཛད་དེ། ཐོག་མར་བར་རླུང་བཟུང་བཞིན་པའི་ངང་ནས་རླུང་རོ་བསལ་སྟེང་རླུང་རྔུབ་ཅིང་འོག་རླུང་འཐེན་ལ་རླུང་གཉིས་ཁ་སྦྱོར་དུ་བཟུང༌། ལྟེ་བ་གཡས་གཡོན་དུ་ལན་གསུམ་བསྐོར་བ་དང༌། སྟེང་དུ་འཐེན་པ་དང༌། འོག་ཏུ་གནོན་པ་དང༌། ལྟོ་བ་ཚིགས་པ་ལ་གཅེར་ཏེ་རྒྱབ་ངོས་སུ་འཐེན་པ་དང༌། ལྟོ་བ་ཕྱིར་བསྐྱེད་པ་རྣམས་བྱས་ལ་རླུང་ཕྱིར་འབུད་པའི་ཚེ། གྲང་བའི་ནད་སོགས་མི་བདེ་བ་གང་ཡིན་པ་དེ་འོད་ཟེར་འཇའ་ཚོན་གྱི་རྣམ་པས་སྣ་སྒོ་དང་འོག་སྒོ་གཉིས་ནས་ཀྱང་བུན་བུན་ཐོན་པར་བསམ་མོ། །རླུང་ཕྱི་རོལ་དུ་འཛིན་པའི་ངང་ནས། ཁོང་ནས་སྟོང་པའི་ཤུགས་གཡས་གཡོན་དུ་བསྐོར་བ་དང༌། སྟེང་འོག་ཏུ་འཐེན་གནོན་བྱེད་པ་དང༌། རྒྱབ་མདུན་དུ་བཅོལ་བ་རྣམས་བྱེད་དོ། ཁྲག་སོགས་ཚ་བའི་ནད་རྣམས་ལུས་ཀྱི་སྟོད་དུ་འབྱུང་བས། དེ་སེལ་བ་སྔར་བར་རླུང་བཟུང༌། དེ་རྗེས་རླུང་རྔུབས་ཏེ་ཁ་སྦྱོར་དུ་བཟུང༌།


LT26_Page_144B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཕོ་སྟོད་དུ་དྲངས་པ་ལ་ཕོ་སྟོད་དང༌། རོ་སྟོད་གཡས་གཡོན་དུ་བསྐོར་བ་དང༌། སྟེང་འོག་ཏུ་འཐེན་གནོན་དང༌། རྒྱབ་མདུན་དུ་བཅོལ་བ་རྣམས་བྱས་ལ། རླུང་ཕྱིར་བཏང་བའི་ཚེ། སྣ་བུག་དང་འོག་སྒོ་གཉིས་ནས་ནད་འཇའ་ཚོན་གྱི་རྣམ་པས་ཐོན་པར་བསམ། རླུང་ཕྱིར་བཟུང་ལ་དེ་ཉིད་སྟོད་ཀྱི་ཆར་འཐེན་བྱས་ཏེ་མགོ་གཡས་གཡོན་དུ་བསྐོར་བ་དང༌། སྟེང་འོག་ཏུ་འཐེན་གནོན་དང༌། མདུན་རྒྱབ་ཏུ་བཅོལ་བ་རྣམས་བྱེད་པ་དང༌། ལག་པ་བསྐོར་ལ་བརྐྱང་བསྐུམ་བྱེད་ཅིང་སྤྲུག་པ་དང༌། རྐང་པ་ཡང་བརྐྱང་བསྐུམ་བྱེད་ཅིང་སྤྲུག་པ། རླུང་གཏོང་བའི་ཚེ་ནད་རྣམས་དབང་པོའི་སྒོ་རྣམས་དང༌། མགྲིན་པ་ཡན་གྱི་བ་སྤུའི་བུ་ག་རྣམས་དང༌། རྐང་ལག་གི་སེན་མོའི་གསེབ་རྣམས་ནས་བུན་བུན་ཐོན་པར་བསམ། རླུང་ཕྱི་རོལ་དུ་བཟུང་བཞིན་པས་མགོ་བོ་བསྐོར་བ་སོགས་བྱའོ། །རླུང་རེངས་བཅུའི་གེགས་སེལ་ནི། བུམ་པ་ཅན་ལ་སོགས་པའི་རླུང་གི་སྦྱོར་བ་བསྒོམ་པའི་གེགས་བྱུང་བའམ། དེ་ལྟ་མིན་ཡང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་གང་རུང་བསྒོམས་པས་རླུང་འདུ་བར་འགྱུར་ཞིང༌། དེ་ལ་བརྟེན་ནས་གེགས་བྱུང་ན་གེགས་སེལ་གྱི་མན་ངག་འདི་རྣམས་བསྒོམ་དགོས་པ་ཡིན་ནོ། །དེ་ཡང་སྲོག་རླུང་ལ་སྐྱོན་ཞུགས་ཏེ་རོ་སྟོད་གཟེར་བ་དང༌། སྙིང་མི་དགའ་བ་དང༌། ཤེས་པ་འཕྱོ་བ་ལ་སོགས་བྱུང་ན་རྡོ་རྗེ་ནོར་བུའི་རྩེ་མོར་སེམས་དྲག་ཏུ་གཏད་ལ། སྔར་བུམ་པ་ཅན་ལ་སོགས་གོམས་པ་ཞིག་ཡིན་ན། ཐུར་སེལ་འཐེན་འཐེན་བྱེད་པ་ཡིན་ཞིང༌། དེ་ལྟ་མིན་ན་སྟེང་རླུང་གསར་གནས་སུ་མནན་པ། འོག་རླུང་རྣམས་རྡོ་རྗེ་ནོར་བུར་ཡལ་བར་བསམ་པ་ཡང་ཡང་བསྒོམས་པས་སེལ་ལོ། །རོ་སྟོད་ལ་ཆུ་ཚན་སོགས་ཆུ་དྲོན་མོས་བྲན་པས་ཀྱང་ཕན་པར་འགྱུར་རོ། །


LT26_Page_145A
[མ་དཔེ་གཟིགས་ན་འདིར་གནོན།]

མེ་མཉམ་ལ་སྐྱོན་ཞུགས་ན། ཕོ་བ་སྦོ་འཁྲོགས་དང་སྒྲེགས་སྐྱུག་སོགས་འབྱུང་བས། དེ་ལ་སེམས་མགྲིན་པར་གཏད་ལ་བར་རླུང་བཟུང་ཞིང༌། ལྟོ་བའི་སྨད་བར་རླུང་ཡོད་པར་བསྐོར་བ་དང༌། ཕོ་སྟོད་བསྐོར་བར་བྱས་པས་སེལ་ལོ། །འདི་ལ་ལྟོ་བ་ལ་ཐོག་མར་ཆང་གི་བཤུགས་པ་བྱས་ལ། དེ་ནས་བྱེ་མ་བསྲེགས་མ་ལྟ་བུ་གང་ཡང་རུང་བས་གྲང་དུགས་བྱས་པས་ཀྱང་ཕན་པར་འགྱུར་རོ། །ཐུར་སེལ་ལ་སྐྱོན་ཞུགས་ཏེ་ཆུ་ལམ་དང༌། བཤང་ལམ་དུ་ན་ཚ་སྐྱེ་བ་དང༌། བཤང་གཅི་བསྡོམས་པ་དང༌། བཤང་གཅི་མི་ཐོན་པ་སོགས་བྱུང་ན་སེམས་སྤྱི་བོར་གཏད་ལ། བཤང་ལམ་དང་ཆུ་ལམ་གྱི་སར་དང༌། ཚང་ར་ལ་སོགས་པར་ཁུ་ཚུར་བརྡེག་ཅིང་འཕུར་མཉེ་བྱས་པས་སེལ་ལོ། །གྱེན་རྒྱུའི་རླུང་རེངས་ན། མགྲིན་པ་འགགས་པ་དང༌། ནང་དུ་ཤ་སྐྱེ་བ་དང༌། གྲེ་བ་ཚ་བ་ལ་སོགས་པ་དང༌། སྣ་བུག་ཚ་བ་ལ་སོགས་པ་འབྱུང་ཞིང༌། དེ་སེལ་བ་ལ་རླུང་དྲག་ཏུ་རྔུབས་ལ། རླུང་བཟུང་ཞིང་མགོ་བོ་བསྐོར་བར་བྱ། དྲག་ཏུ་རླུང་བུས་ལ་ཡང་མགོ་བསྐོར་རོ། །འདི་ལ་མགྲིན་པའི་བུམ་ཅན་ལྟ་བུ་དང་སྦྲགས་ཏེ་མགོ་བསྐོར་བར་བྱས་ན། གེགས་སེལ་མཆོག་ཏུ་འགྲོའོ། །ཁྱབ་བྱེད་ཀྱི་རླུང་རེངས་ན། ལུས་ཐམས་ཅད་ན་བའམ། སྦྲིད་པའམ། ལུས་ཁོལ་བུ་ཁོལ་བུར་ཚ་ཙག་པ་ལ་སོགས་འབྱུང་བས། ཡན་ལག་ཐམས་ཅད་སྤྲུག་ཅིང༌། ལུས་འདར་ཕྲུག་ཕྲུག་བྱའོ། །འདི་ལ་རྫས་ཀྱི་ཁྱད་པར་སྣུམ་དང་གཡེར་མ་བསྲེས་པས་ལུས་ལ་བྱུགས་པ་དང༌། འཁྲུལ་འཁོར་གྱི་ཁྱད་པར། ཀ་པཱ་ལ་ཨཱ་ས་ན་བྱ་བ། སྤྱི་བོ་ས་ལ་བཙུགས། རྐང་པ་གཉིས་གནམ་དུ་བསྟན་པའི་ལུས་སྤྱོད་བྱས་པའི་ཀྱང་སེལ་བར་འགྱུར་རོ། །ཡན་ལག་གི་རླུང་རེངས་པ་སེལ་བ་ལ། མིག་ཏུ་རྒྱུ་བའི་རླུང་


LT26_Page_145B
[མ་དཔེ་གཟིགས་ན་འདིར་གནོན།]

རེངས་ཏེ། མིག་ཚ་བ་དང་མི་གསལ་བར་འགྲོ་བ་ལ་སོགས་བྱུང་ན། ལྟོ་བ་ཕྱིར་བསྐྱེད་པའི་བུམ་པ་ཅན་བཟུང་ལ་ཤུགས་དང་ལྡན་པས་མིག་དྲག་ཏུ་གཡས་གཡོན་དུ་བསྐོར་བ་དང༌། ཡས་མར་དུ་བལྟ་བ་རྣམས་བྱས་ལ་མཐར་རླུང་འབུད་ཅིང་ལུས་དྲག་ཏུ་སྤྲུག་གོ །འདི་ལ་རྫས་ཀྱི་ཁྱད་པར་ཚ་བ་ལ་བརྟེན་ཏེ་མིག་ན་ན་གུར་གུམ་སོགས་འདེབས་པ་དང༌། གྲང་བ་ལ་བརྟེན་ན་སྐྱེར་པའི་ཁཎྜ་སོགས་བྱུག་ཅིང༌། སྔ་དྲོ་སོ་བརྡར་བ་བྱུགས་པས་ཀྱང་ཕན་པར་འགྱུར་རོ། །རྣ་བར་རྒྱུ་བའི་རླུངས་རེངས་ན། རྣ་བར་འུར་བ་དང༌། ན་ཟུག་སྐྱེ་བ་ལ་སོགས་པ་འབྱུང་བས་དེ་སེལ་བ་ལ། རླུང་དྲག་ཏུ་རྔུབས་ལ་ལྟོ་བ་བསྒྱེད་པས་བུམ་པ་ཅན་བཟུང་ལ། རྣ་བ་མི་བདེ་བའི་ཕྱོགས་དེ་བཀབ་ཅིང༌། མཐར་དྲག་ཏུ་འབུད་པའི་ཚེ་རླུང་རྣམས་རྣ་བ་མི་ན་བའི་ཕྱོགས་ནས་འཐོན་པར་བསམས་ལ། ལུས་ཐམས་ཅད་དྲག་ཏུ་སྤྲུག་གོ །འདི་ལ་རྫས་ཀྱི་ཁྱད་པར་དྲི་ཆུ་དྲོན་མོས་རྣ་བ་བཀང་སྟེ་མཐར་ཕྱིར་འབོའོ། །ཡང་དག་པར་རྒྱུ་བའི་རླུང་རེངས་ན། སྣ་བུག་གི་ལམ་ཚ་བ་སོགས་མི་བདེ་བ་འབྱུང་བས། དེ་སེལ་བ་ལ། རླུང་དྲག་ཏུ་རྔུབས་ལ། ལྟོ་བ་ཕྱིར་བསྐྱེད་པས་བུམ་པ་ཅན་བཟུང་ལ། ལག་པ་གཡས་གཡོན་རེས་མོས་ཀྱིས་སྣའི་རྩེ་ནས་བཟུང་སྟེ་མཉེ་བ་དང༌། བྱ་གཤོག་གཡས་གཡོན་ནས་དུས་གཅིག་ཏུ་ལག་པ་གཡས་གཡོན་གྱི་བཟུང་ལ་མཉེ་ཞིང༌། མཐར་དྲག་ཏུ་འབུད་ཅིང་ལུས་ཐམས་ཅད་སྤྲུག་གོ །རབ་ཏུ་རྒྱུ་བའི་རླུང་རེངས་ན། ལྕེ་མི་བདེ་བ་དང༌། སྦྲིད་པ་དང༌། ཐོར་བ་སྐྱེ་བ་སོགས་འབྱུང་བས་དེ་སེལ་བ་ལ། རླུང་དྲག་ཏུ་རྔུབས་ལ་ལྟོ་བ་ཕྱིར་བསྒྱེད་པའི་བུམ་པ་ཅན་བཟུང་ལ། ལྕེ་བརྐྱངས་ཤིང་བསྒྲིལ་ལ་རྐན་ལ་སྦྱོར་ཅི་ཐུབ་བྱ་བ་ལན་མང་དུ་བྱས་པའི་མཐར། རླུང་དྲག་ཏུ་འབུད་ཅིང་ལུས་ཐམས་ཅད་སྤྲུག་གོ །ངེས་


LT26_Page_146A
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྒྱུ་བའི་རླུང་རེངས་ན། ལུས་ཐམས་ཅད་ན་བ་དང༌། སྦྲིད་པ་དང༌། ལུས་ཁོལ་བུར་ན་བ་སོགས་འབྱུང་བས་དེ་སེལ་བ་ལ་རླུང་དྲག་ཏུ་རྔུབས་ལ། ལྟོ་བ་ཕྱིར་བསྐྱེད་པའི་བུམ་པ་ཅན་བཟུང་ལ། ལག་པ་གཉིས་ཀྱི་སོར་མོ་གཅན་གཟན་གྱི་སྡེར་མོ་ལྟར་བསྐུམས་ལ། ཉྭ་བཞི་བསྒྲིམ་པས་སྤྲུག་པ་དང༌། རྐང་པའི་སོར་མོ་ཡང་བསྐུམས་ལ་ཉྭ་བཞི་བསྒྲིམ་པས་སྤྲུག་པ་དང༌། ཁ་བགྲད་པས་ཉྭ་བཞི་བསྒྲིམས་ལ་མགོ་སྤྲུག་པ་དང༌། རོ་སྟོད་གཅུ་བ་དང༌། རྒྱ་མཚོ་བསྐྱོད་པ་སོགས་བྱས་ལ། མཐར་རླུང་དྲག་ཏུ་འབུད་ཅིང༌། ལུས་ཐམས་ཅད་སྤྲུག་གོ །ཚ་བའི་ནད་སེལ་བ་ལ། རང་གི་སྤྱི་བོར་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་དུ་བསྟན་པ། འོད་ཟེར་དཀར་པོ་ཤིན་ཏུ་བསིལ་བ་འཕྲོ་བ་ལས། བདུད་རྩི་རེག་བྱ་ཤིན་ཏུ་བསིལ་བ་བབས་ཏེ། འོད་ཟེར་དང་བདུད་རྩིས་ལུས་ཀྱི་ནང་གྲང་བསིལ་བསིལ་གྱུར་པ་ལ་སེམས་གཏད་པས་སེལ་ལོ། །གྲང་བའི་ནད་སེལ་བ་ལ། རང་གི་ལྟེ་བའམ་གསང་གནས་སུ་ཨ་ཡིག་དམར་པོ་ཤིན་ཏུ་ཚ་བའི་རང་བཞིན་ཅན་ལས། འོད་ཟེར་དམར་པོ་རེག་བྱ་ཤིན་ཏུ་ཚ་བ་འཕྲོས་ཏེ། དེས་ལུས་ཀྱི་ནང་ཐམས་ཅད་གང་བས་ཚ་འུར་རེ་གྱུར་པར་བསམས་པས་སེལ་ལོ། །འདུས་པའི་ནད་ཀྱིས་ལུས་ལྗི་བར་གྱུར་ན། གསང་གནས་སུ་ཡཾ་ཡིག་ཤིན་ཏུ་གཡོ་བའི་རང་བཞིན་ཅན་བསྒོམས་ལ། དེ་ལས་འོད་ཟེར་འཕྲོས་པས། ལུས་ཀྱི་ཤ་ཁྲག་ལྤགས་པ་རུས་པ་བརྗིད་མེད་པ་དུ་བ་འདྲ་བ་ཞིག་ཏུ་གྱུར་པ་ཡཾ་ལས་འཕྲོས་པའི་རླུང་གིས་ཡར་ཡར་གྱེན་དུ་འདེགས་པར་བསམས་པས་སེལ་ལོ། །གཞན་ཡང་རླུང་རེངས་པ་སྟེ། རྩ་གནས་སུ་འགགས་པའི་གེགས་སེལ་སྤྱི་ཁྱབ་ནི། རང་གི་ལུས་ཀྱི་གནས་ཐམས་ཅད་ནས་རླུང་རྣམས་འོད་ཟེར་གྱི་རྣམ་པ་རྟ་རྔ་ལྟ་བུ་རྐང་དང་


LT26_Page_146B
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་བྱུང་སྟེ་བཤང་སྒོ་ནས་འཐོན་ས་འོག་ཐག་རིང་པོར་སོང་སྟེ་མཐར་ཡལ་བར་བསམ། འདི་ལ་འཁྲུལ་འཁོར་ཡང་ལངས་ཏེ་རྐང་པ་གཉིས་དྲག་ཏུ་བསྒྲད་པ་དང་བཤང་སྒོ་ཕྱིར་ཕུལ་ཞིང་ལྷོད་པས་ཀྱང་སེལ་ལོ། །ཡང་རླུང་རྩ་གནས་རྣམས་སུ་འཁྱིལ་བའི་གེགས་ནི། རླུང་རེངས་པ་ལས་གེགས་དང་མི་བདེ་བའི་རྣམ་པ་ཆ་ཕྲ་བར་འབྱུང་སྟེ་དེ་སེལ་བ་ལ། རླུང་རྣམས་འོད་ཟེར་གྱི་རྣམ་པས་ལུས་ཀྱི་ནང་ནས་ཡར་བྱུང་སྟེ། སྤྱི་བོ་ནས་ཐོན་པ་བར་སྣང་ཐག་རིང་པོར་ཡལ་བར་བསམ་ཞིང་ཧ་རིང་དང༌། ཧ་ཐུང་ཡང་འདོན་ནོ། །གཞན་ཡང་གཟེར་ལུས་ཀྱི་དབུས་སུ་སྟེང་འོག་ཏུ་འབྱུང་བའམ། སྟོད་ཀྱི་ཆར་རྒྱབ་མདུན་དུ་གཟེར་བ་ལྟ་བུ་བྱུང་ན། རྡོ་རྗེ་རྒྱ་གྲམ་གྱིས་སྟེང་དུ་གཟེར་བ་ལ་སྟེང་ནས་མནན་པར་བསམ་ཞིང༌། མདུན་རྒྱབ་ཏུ་གཟེར་ན་རྡོ་རྗེ་རྒྱ་གྲམ་གྱིས་ནང་ནས་མདུན་ཕྱོགས་སུ་མནན་པར་བསམ་མོ། །འཁོར་ལོ་བསྐོར་བ་ནི། རོ་སྟོད་དང༌། ལྟོ་བ་དང༌། རྒྱུ་ཞབས་རྣམས་ནས་མི་བདེ་བར་གྱུར་ན། ཐད་དེ་དང་དེར་འཁོར་ལོ་རྩེ་མོ་ཤིན་ཏུ་རྣོ་བ་ཁ་དོག་ཇི་ལྟར་རིགས་པ་ཞིག་བསྒོམས་ལ། དེ་དྲག་ཏུ་འཁོར་བས་ཇེ་ཆེར་གྱུར་ཏེ། རྩིབས་རྣམས་ཀྱིས་ཡོངས་སུ་བཅད་པའི་ལུས་ཀྱི་ཕྱི་ན་མར་ཐོན་པས་ལུས་ཉིད་སྨད་ཧར་གྱིས་བཅད་པར་བསམ། འདི་ལ་རླུང་སྦྱོར་བུམ་ཅན་གང་ན་སར་སྡིགས་པར་བྱེད་པའོ། །སྲད་བུ་ལ་བརྟེན་པ་ནི། རང་གང་ན་སར་སྲད་བུ་གྲུ་གུ་ལྟ་བུ་ཞིག་ཡོད་པ་དེ་ནར་གྱིས་ཕར་སོང༌། ལུས་ཀྱི་ན་སར་བུ་ག་བྱུང་སྟེ་སོང་བ་སྣེ་གཅིག་ལུས་ནང་ན་ཐོགས་པར་ཡོད་པ་སྟེ། སླར་གྲུ་གུ་འགྲིལ་བ་ལྟར་ཕར་ཧྲིལ་ཏེ་འགྲིལ་བར་བསམ། དེ་ལྟ་བུ་ཡང་ཡང་བསྒོམ་ཞིང༌། རྐང་སྦྱོར་བུ་ག་ནས་སྲད་བུ་ཕར་འགྲོ་བའི་ཚེ། རླུང་ཁ་སྣ་གཉིས་ཀ་ནས་དྲག་ཏུ་


LT26_Page_147A
[མ་དཔེ་གཟིགས་ན་འདིར་གནོན།]

འབུད་དོ། །བུ་ག་མང་པོའི་སྦྱོར་བ་ནི། ལུས་ཐམས་ཅད་ཚགས་སེ་ལྟར་ཁྲོལ་ཚགས་སུ་འདུག་པ་ལ། འབེབས་ཆུང་དང་བཅས་ཧ་བཏོན་པས། རླུང་རྣམས་དུ་བའི་རྣམ་པས་བུ་ག་ནས་བུན་བུན་ཐོན་པར་བསམ་མོ། །འཁོར་ལོ་མེད་པ་ནི། རང་གི་གསང་གནས་ཡན་ཆད་དང༌། མགྲིན་པ་མན་ཆད་ཀྱི་ལུས་སྦ་དོང་ལྟ་བུ་སྟོད་སྨད་ཟང་ཐལ་དུ་ཡོད་པ་དབང་མཐོ་བ་ཞིག་བསྒོམ། ཤེས་པ་བྱིང་བ་དང༌། ཐུར་སེལ་ལ་སྐྱོན་ཞུགས་པའི་ནད་དང༌། ཆུ་སེར་དང༌། གྲང་བ་སོགས་ཀྱིས་རྐེད་པ་མན་ཆད་ན་ན། འོག་ནས་རླུང་གི་ཚོགས་དཔག་ཏུ་མེད་པ། རང་ལུས་སྦ་དོང་ལྟ་བུའི་ནང་ན་ཡར་ཤོང་ཚད་དུ་སོང༌། སྟེང་གི་བུ་ག་ནས་ཐོན། བར་སྣང་ཐག་རིང་པོར་ཡལ་བར་བསམ་ཞིང༌། རླུང་ཁ་སྣ་གཉིས་ཀ་ནས་དྲག་ཏུ་བུས་ལ། ལག་པ་དྲག་ཏུ་སྤྲུག་གོ །ཡང་རྒོད་པ་ཤས་ཆེ་བ་དང༌། ལྟེ་བ་ཡན་ཆད་ན་ན། སྟེང་ཕྱོགས་ཀྱིས་ནམ་མཁའ་ནས་རླུང་གི་ཚོགས་དཔག་ཏུ་མེད་པ་བྱུང༌། ལུས་སྦ་དོངས་ལྟ་བུའི་ནང་ནས་མར་ཞུགས་ཏེ་སོང༌། ས་འོག་ཐག་རིང་པོར་ཡལ་བར་བསམ། རླུང་ཁ་སྣ་གཉིས་ཀ་ནས་རྔུབས་ལ། སྡོད་ཡོད་ན་འབེབས་ཆུང་བྱ་བའམ། ལངས་ནས་རྐང་པ་གཉིས་རེས་མོས་ཀྱིས་དྲག་ཏུ་སྤྲུག་གོ །ལུས་རབ་ཏུ་ཞུ་བའི་སྦྱོར་བ་ནི། རང་གི་འོག་ཏུ་ཐོག་མར་མཚོ་ཆུང་མར་ཁུའམ་ཆུ་དྲོན་ལྟ་བུས་གང་བ་ཞིག་བསམས་ལ། དེ་ཀ་ཆེར་གྱུར་བའི་ནང་དུ་རང་གི་ལུས་ཀྱང་རིམ་པས་ནུབ་སྟེ། སྤྱི་བོ་མན་དེའི་ནང་དུ་ནུབ་ཅིང་བྱིང་བ་ན། རང་གི་ལུས་ཡོངས་སུ་ཞུ་སྟེ་དེ་དང་འདྲེས་པར་བསམ། འདིས་ནི་སེམས་མི་གནས་པར་རྣམ་རྟོག་དྲག་ཏུ་འཕྲོ་བའི་གེགས་སེལ་ལོ། །བོགས་འདོན་གྱི་དམིགས་པ་ནི། མཉམ་བཞག་ཏུ་རྟོག་མེད་རྣམ་པར་མི་རྟོག་པ་སྒོམ་པར་བྱེད་པ་ཞིག་ཡོད་ན། འགྲོ་འཆག་ཉལ་འདུག་སོགས༌།


LT26_Page_147B
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མཚམས་རྣམས་སུ་ཡང་དྲན་སོའི་རྟེན་དངོས་པོ་ཇི་ལྟར་རིགས་པ་ཞིག་བཞག་ལ། དེ་ཡང་ཡང་མཐོང་བའི་རྐྱེན་གྱིས་བསྐུལ་ཏེ། མི་རྟོག་པ་ཡང་ཡང་དྲན་པར་བྱས་སྟེ་བསྒོམས་ཀྱང་མཉམ་བཞག་ལ་བོགས་ཐོན་པར་འགྱུར་རོ། །ཡང་མཉམ་བཞག་ཏུ་གཏུམ་མོ་ལྟ་བུ་རྟོག་བཅས་ཀྱི་རྣལ་འབྱོར་སྒོམ་པར་བྱེད་པ་ཞིག་ཡིན་ན། ཐུན་མཚམས་རྣམས་སུ། དཔེར་ན། ཟས་ཟ་བའི་ཚེ། ཟས་ཀྱི་དབུས་སུ་གཏུམ་མོ་ཨཾ་ཡི་གེ་སྒོམ་བར་བྱེད་པ་དང༌། གཞན་ཡང་གཏམ་སྨྲ་བའི་ཚེ། དེའི་ཁའི་ནང་དུ་གཏུམ་མོ་ཨཾ་ཡིག་སྒོམ་པར་བྱེད་པ་སོགས་ལ་བསླབ་པས་ཀྱང་བོགས་ཐོན་པར་འགྱུར་རོ། །གཞན་བླ་མ་ཡི་དམ་རང་གང་མོས་ཞིག་བར་སྣང་ཐག་རིང་པོར་བཞུགས་པར་བསམས་ལ། རང་ཉིད་ལྗོན་ཤིང་ལྟ་བུ་ཞིག་ལ་འཛེགས་ཏེ་ཡར་ཕྱིན་ཞིང༌། བླ་མ་ཡི་དམ་བཞུགས་པ་དང་ཐད་མཉམ་པར་སླེབ་པ་ན། འདི་དག་ཐམས་ཅད་རང་སེམས་ཀྱི་སྣང་བ་ཙམ་ཡིན། བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་སྙམ་པའི་འདུན་པ་ཅུང་ཟད་གཏད་ལ། རང་དང་བླ་མ་ཡི་དམ་དང་སྣང་བ་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་དུ་ཐག་བཅད་དེ། ཡིད་ལ་མི་བྱེད་པའི་ཚུལ་གྱིས་ཅུང་ཟད་མཉམ་པར་བཞག །ཡང་དེ་ལས་ལངས་ཏེ་བླ་མ་ཡི་དམ་དེ་ལས་ཀྱང་མཐོ་བའི་ནམ་མཁའི་དབྱིངས་ནས་བཞུགས་པར་བསམས་ལ། རང་ཉིད་ཉི་ཟླའི་འོད་ཟེར་རམ། ལྗོན་ཤིང་ལྟ་བུ་གང་རུང་ཞིག་ལ་འཛེགས་ཏེ་ཕྱིན་པ་ན། བླ་མ་ཡི་དམ་བཞུགས་པའི་ཐད་དང་མཉམ་པར་སླེབ་པ་ན། སྔར་བཞིན་སྟོང་ཉིད་ཀྱི་ངང་དུ་མཉམ་པར་འཇོག་པ་སོགས་མཐའ་མེད་ཀྱི་བར་དུ་བྱས་པས་ཀྱང་ཏིང་ངེ་འཛིན་ཐམས་ཅད་ལ་བོགས་ཐོན་ཞིང་ཡོན་ཏན་ཡར་འཕེལ་དུ་འགྱུར་རོ། །འདིར་སྨྲས་པ། ཚངས་སོགས་གྲགས་ལྡན་ལྷ་ཡིས་བཏུད་


LT26_Page_148A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འོད་ཀྱིས་ཕྱོགས་ཀུན་མཐའ་བསྐོར་ཞིང༌། །ཐུགས་རྗེའི་ཆ་ཤས་ཡོངས་སུ་གང་བར་གྲུབ་པའི་རྟགས་རིས་མ་ཉམས་པ། །བགྲང་ཡས་ལུས་ཅན་རྒྱ་མཚོའི་གཉེན་གྱུར་ཕན་བདེའི་བདུད་རྩིས་སྤྲོ་བ་མཁན། །དཔལ་ལྡན་བདེ་ཆེན་རྡོ་རྗེའི་ཟླ་བ་འཕགས་ཡུལ་ཤར་རིའི་ཕྲག་པར་ཤར། །གང་དེས་དངོས་གྲུབ་མཆོག་བརྙེས་བྱེ་བ་བརྒྱའི། །རྨད་བྱུང་ཕན་བདེའི་ལམ་བཟང་ཇི་སྙེད་པ། །གཅིག་ཏུ་དྲིལ་བ་རྡོ་རྗེའི་ཐེག་པ་ཡི། །རིམ་གཉིས་རྣལ་འབྱོར་མཆོག་གི་དགའ་སྟོན་བསྐྲུན། །གང་འདི་རིགས་ཀྱི་ཁྱབ་བདག་རྡོ་རྗེ་འཆང༌། །བཤེས་གཉེན་དམ་པར་སྣང་བ་ཀུན་དགའི་མཚན། །འདྲེན་པ་མཆོག་དེས་གངས་རིའི་ཁྲོད་འདི་རུ། །སྟོན་མེད་ལེགས་བཤད་གསལ་བའི་བདུད་བཀྱེ། །བརྒྱད་ཁྲི་བཞི་སྟོང་ཆོས་རྣམས་ཀྱི། །སྙིང་པོ་ལས་ཀྱང་ཆེས་སྙིང་པོ། །འདི་བྲིས་དགེ་བ་གང་ཐོབ་པས། །ཟུང་འཇུག་རྡོ་རྗེའི་སྐུ་ཐོབ་ཤོག །ཅེས་པ་འདིའང་རྒྱལ་བ་ཀུན་འདུས་ཀྱི་ངོ་བོ་རྗེ་བཙུན་རྡོ་རྗེ་འཆང་ཀུན་དགའ་སྙིང་པོའི་གསུང་ལས་ཇི་ལྟར་བྱུང་བ་བཞིན། ཤཱཀྱའི་དགེ་སློང་ཡེ་ཤེས་རྒྱ་མཚོས་ཟིན་བྲིས་སུ་བགྱིས་པའོ།། །མངྒ་ལམ།། །།

གདམས་ངག་མཛོད་པོད་བཅུ་བདུན་པ།
བཀའ་བབས་དྲུག་ལྡན་གྱི་ཟབ་ཁྲིད་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ།


LT26_Page_149A
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བབས་དྲུག་ལྡན་གྱི་ཟབ་ཁྲིད་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།


LT26_Page_149B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་རཱ་ཡ། བཀའ་བབས་དྲུག་ལྡན་གྱི་ཁྲིད་ཀྱི་ཐོག་མར་བསྐྱེད་རིམ་གྱི་བརྒྱུད་འདེབས་ནི། ཁྱབ་བདག་ཡོན་ཏན་བརྒྱད་ལྡན་རྡོ་རྗེ་འཆང༌། །འཇམ་པའི་རྡོ་རྗེས་རྗེས་བཟུང་ཡེ་ཤེས་ཞབས། །མཐོང་ཆོས་ཞིར་གཤེགས་མར་མེ་མཛད་བཟང་པོ། །ཧཱུྃ་མཛད་ངོ་བོར་གྲུབ་པ་སྨན་པའི་ཞབས། །སངས་རྒྱས་དཔལ་ཞིའི་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་ཡེ་ཤེས་པད་འབྱུང་བདེ་བ་ཅན། །རིན་ཚུལ་ཡིག་མཁན་བགྲེས་པོ་དུར་ཧ་རི། །སྨན་ཞབས་ཨ་བ་དྷཱུ་ཏི་ཤཱནྟི་པ། །ཆུ་བོ་གསུམ་འདུས་རྡོ་རྗེ་གདན་པ་ཆེ། །རིན་འབྱུང་སྦས་པ་འཇིགས་མེད་འབྱུང་གནས་ཞབས། །དགེ་འབྱུང་སྦས་པ་སྟོབས་བཅུ་བཛྲ་ཤྲཱི། །ཆོས་དཔལ་བཟང་པོ་སངས་རྒྱས་རིན་ཆེན་གྲགས། །རཱ་ཏི་གུཔྟ་རྣམས་ལ༴ དཔལ་ལྡན་སེམས་ཅན་མགོན་པོ་ཞི་བ་སྦས། །གྲུབ་ཆེན་དཱི་ན་ཀ་ར་ཟབ་མོའི་བློ། །གསུམ་ཀས་རྗེས་བཟུང་སངས་རྒྱས་སྦས་པའི་མགོན། །གང་བའི་རྡོ་རྗེ་མྱང་འདས་དཔལ་བ་སྟེ། །ཐུགས་སྲས་རྣམ་གསུམ་བཀའ་བབས་གདམས་པའི་ཀླུང༌། །གཅིག་བསྡུས་གསང་བདག་སྒྲོལ་བའི་མགོན་པོའི་ཞབས། །རིན་ཆེན་རྒྱ་མཚོ་བློ་གྲོས་རྣམ་པར་རྒྱལ། །ངག་དབང་ཕྲིན་ལས་ཆོས་རྗེ་ཀུན་བཟང་དབང༌། །ཀུན་དགའ་རྣམ་རྒྱལ་ངག་དབང་རྒྱལ་བའི་མཚན། །གྲུབ་ཆེན་དྲི་མེད་འོད་གསལ་འགྱུར་མེད་མཚན། །རྩ་བའི་བླ་མ་རྣམས་ལ༴ བསྙེན་པ་གསུམ་གྱིས་རང་རྒྱུད་བྱིན་རླབས་ཤིང༌། །རྣལ་འབྱོར་གཉིས་ཀྱི་གསལ་སྣང་མཐའ་རུ་ཕྱིན། །ཞུ་བདེ་སྟོང་ཉིད་ཟབ་མོའི་རྒྱས་ཐབས་ནས། །བསྐྱེད་རིམ་མཐའ་རུ་ཕྱིན་པར་བྱིན་གྱི་རློབས།། ༈ །གཉིས་པ་ཕྱག་ཆེན་བརྒྱུད་འདེབས་ནི།


LT26_Page_150A
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཞི་ཀུན་ཁྱབ་དྲུག་པ་རྡོ་རྗེ་འཆང༌། །རྒྱུད་དང་གྲུབ་པའི་སྒོ་འབྱེད་ས་ར་ཧ། །སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཤ་བ་རི། །ལུ་ཡི་དཱ་རི་ཀ་དང་ཌེཾ་གི་པ། །ཨནྟར་ཏེ་ལོ་ནཱ་རོ་ཌོམྦྷི་པ། ཀུ་ས་ལི་པ་ཨ་སི་ཏ་གྷ་ན། །ཡེ་ཤེས་བཤེས་གཉེན་རྣམས་ལ་གསོལ༴ རི་ཁྲོད་དབང་ཕྱུག་མདའ་བདག་མེ་ཏྲི་པ། །གངྒཱ་དྷ་རི་ཛྙཱ་ན་མི་ཏྲ་དང༌། །ཡེ་ཤེས་སྐུ་མཉེས་གྲུབ་ཆེན་ཞི་བའི་ཞབས། །སློབ་མའི་མཆོག་གཉིས་ཐུགས་སྲས་རྣམ་པ་གསུམ། །ཀུན་དགའ་སྙིང་པོ་རྒྱལ་ཚབ་རིན་རྒྱམ་ཞབས། །བློ་གྲོས་རྣམ་རྒྱལ་ངག་དབང་ཕྲིན་ལས་དང༌། །ཀུན་བཟང་དབང་པོ་ཀུན་དགའ་རྣམ་པར་རྒྱལ། །ངག་དབང་རྒྱལ་མཚན་གྲུབ་ཆེན་དྲི་མེད་མཚན། །འོད་གསལ་འགྱུར་མེད་རྩ་བའི་བླ་མ་སྟེ། །ཁྱབ་བདག་བརྒྱུད་པར་བཅས་ལ༴ དམིགས་བཅས་དམིགས་མེད་སེམས་གནས་མཐར་ཐུག་འགྲུབ། །ངོ་སྤྲོད་བརྒྱད་པས་ཅི་སྣང་སྒོམ་དུ་གྱུར། །གེགས་གསུམ་སེལ་ཞིང་བོགས་གསུམ་ཐོན་ནས་ཀྱང༌། །གནས་ལུགས་ཕྱག་ཆེན་རྟོགས་པར་བྱིན་གྱི་རློབས།། ༈ །གསུམ་པ་གཏུམ་མོའི་བརྒྱུད་འདེབས་ནི། །རྡོ་རྗེ་བཙུན་མོ་ཙཎྜ་རྒྱལ་བའི་ཡུམ། །མཐུ་སྟོབས་དབང་ཕྱུག་དཔལ་ལྡན་ཆོས་སྐྱོང་ཞབས། །ནག་པོ་བི་རུ་པ་དང་བྱ་རྔོན་པ། །ཀུ་ས་ལི་པའི་ཞབས་ལ་གསོལ་བ་འདེབས། །བི་རཱུ་ཌོམྦི་གཡུང་མོ་རྣལ་འབྱོར་མ། །ར་ཏ་བཛྲ་སྤྱོད་འཆང་དབང་པོའི་ཞབས། །སིངྒ་ལི་མ་མི་ཐུབ་ཟླ་བ་དང༌། །སྒྲ་གཅན་འཛིན་པའི་རྡོ་རྗེ་དཱ་ན་ཤྲཱི། །སོ་སོ་རིག་པ་དང་ཀུ་ས་ལི་བྷ་དྲ། །ཨ་སི་ཏ་མཚན་ཡེ་ཤེས་བཤེས་གཉེན་དང༌། །གཏུམ་མོས་རྣམ་སྨིན་ལུས་སྦྱངས་ཞི་བའི་ཞབས། །དགེ་ཚུལ་རྣལ་འབྱོར་མ་དཔལ་རྒྱ་གར་བ། །རྣམ་


LT26_Page_150B
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཅུད་འདུས་ཀུན་སྙིང་ཧེ་རུ་ཀ །རིན་རྒྱམ་བློ་གྲོས་ངག་དབང་ཀུན་བཟང་མཚན། །ཀུན་རྣམ་ངག་དབང་རྒྱལ་མཚན་དྲི་མ་མེད། །འོད་གསལ་འགྱུར་མེད་དྲིན་ཅན་བླ་མའི་ཞབས། །ཐུགས་རྗེའི་བདག་ཉིད་རྣམས་ལ་གསོལ་བ་འདེབས། རྣལ་འབྱོར་མཐུ་ཡིས་རྩ་བའི་ལམ་འབྱོངས་ཤིང༌། །བྱིན་གྱིས་བརླབ་ཐོབ་རླུང་བཞི་གཏུམ་མོ་བཞི། །ཐིག་ལེ་གསུམ་དང་རྡོ་རྗེའི་བཟླས་པ་གཉིས། །མཐར་ཕྱིན་མཆོག་གི་གཏུམ་མོ་འགྲུབ་གྱུར་ཅིག། ༈ །བཞི་པ་འོད་གསལ་གྱི་བརྒྱུད་འདེབས་ནི། །མཐའ་ཡས་ཡེ་ཤེས་སྤྱི་གཟུགས་རྡོ་རྗེ་འཆང༌། །འོད་གསལ་བསམ་མི་ཁྱབ་བརྙིས་རྟ་མཆོག་ཞབས། །བཱི་ན་ས་དང་ཙིནྟོ་རྣལ་འབྱོར་མ། །རྡོ་རྗེ་དྲིལ་བུ་པ་དང་ལྭ་བ་པ། །ཨིནྡྲ་བྷཱུ་ཏི་གྲུབ་ཆེན་བྱིས་པའི་ཞབས། །ནག་པོ་སྤྱོད་པ་གུ་ཧྱ་ཨནྟར་པ། །ཏེ་ལོ་ནཱ་རོ་དཔལ་མཆོག་ཌོམྦི་པ། །ཀུ་ས་ལི་པ་རྣམས་ལ་གསོལ༴ ཨཱནྟར་པ་དང་སྤྱོད་ཆུང་བྷུ་ཧ་རི། །བྷུ་བ་བློ་ལྡན་ཀུ་ས་ལི་བྷ་དྲ། །ཨ་སི་ཏ་གྷ་ཡེ་ཤེས་བཤེས་པའི་གཉེན། །འོད་གསལ་མཁའ་ཁྱབ་ཤྭནྟི་གུཔྟ་དང༌། །ཟབ་བློ་དི་ནཱ་ཀ་ར་ཐུགས་སྲས་གསུམ། །ཆུ་བོ་ཀུན་འདུས་རྗེ་བཙུན་ཐམས་ཅད་མཁྱེན། །རྒྱལ་ཚབ་རཏྣ་བློ་གྲོས་ངག་དབང་མཚན། །ཀུན་བཟང་དབང་པོ་ཀུན་དགའ་རྣམ་པར་རྒྱལ། །ངག་དབང་དྲི་མེད་འོད་གསལ་འགྱུར་བ་མེད། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །མཉམ་རྗེས་སད་རྨི་བར་དོ་སྒྱུ་མར་རྟོགས། །སྐུ་གསུང་ཐུགས་དང་ཡེ་ཤེས་གོང་དུ་འཕོ། །ཉིན་མཚན་འོད་གསལ་རིལ་འཛིན་རྗེས་གཞིག་གིས། །སྐུ་བཞིའི་ཡེ་ཤེས་འགྲུབ་པར་བྱིན་གྱི་རློབས།། ༈ །ལྔ་པ་ལས་རྒྱའི་ཁྲིད་ཀྱི་བརྒྱུད་འདེབས་ནི། །ཁ་སྦྱོར་བདུན་ལྡན་རྒྱལ་བ་རྡོ་རྗེ་འཆང༌། །ཨིནྡྲ་བྷཱུ་ཏི་བདེ་བའི་རོལ་པ་མོ། །པདྨ་བཛྲ་དཔལ་ལྡན་ཕག་ཚད་པ། །མཚོ་སྐྱེས་ཞབས་དང་ཨིནྡྲ་བྷཱུ་ཏིའི་མཚན། །ཛ་ལནྡྷ་རི་གྲུབ་ཆེན་ཀ་ཧཱ་པ། །དག་པའི་


LT26_Page_151A
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཨ་མི་ཏ་བཛྲ། །ཀུ་ས་ལི་པ་རྣམས་ལ༴ དབང་པོའི་འབྱོར་པ་པདྨཱ་ཀ་རིའི་ཞབས། །གདམས་པའི་མངའ་བདག་ཀུ་ས་ལི་ཆེ་ཆུང༌། །ཨ་སི་ཏ་དང་ཛྙཱ་ན་མི་ཏྲ་དང༌། །བདེ་ཆེན་རྡོ་རྗེའི་སྐུར་བཞེངས་ཞི་བ་སྦས། །མཆོག་གཉིས་སྲས་གསུམ་སྒྲོལ་མགོན་རྡོ་རྗེ་འཆང༌། །རིན་རྒྱམ་བློ་གྲོས་ངག་ཕྲིན་ཀུན་བཟང་དབང༌། །ཀུན་རྒྱལ་ངག་དབང་དྲི་མེད་འོད་གསལ་མཚན། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དབང་ཐོབ་སྒྲིབ་དག་ཚོགས་རྫོགས་འདྲེན་འབྱོངས་ནས། །སྲོག་ཐུར་མཉམ་འདྲེས་གེགས་སེལ་བོགས་ཐོན་ཅིང༌། །ཡེ་ཤེས་ལས་རྒྱར་དབབ་བཟུང་ཟློག་དགྲམ་ལ། །དབང་འབྱོར་བདེ་ཆེན་རྡོ་རྗེའི་སྐུ་ཐོབ་ཤོག། ༈ །དྲུག་པ་མན་ངག་ཐོར་བུའི་བརྒྱུད་འདེབས་ནི། །བརྟན་གཡོ་ཀུན་གྱི་དབང་ཕྱུག་རྡོ་རྗེ་འཆང༌། །མཆོག་གི་གྲུབ་བརྙེས་ཙ་རཔ་ཊི་པ་དང༌། །བཅུད་ལེན་དངོས་གྲུབ་ཐོབ་པ་བྱཱ་ལི་པ། །ཀུཀྐུ་ཊི་པ་སློབ་དཔོན་མ་ཚིནྡྲ། །གྲུབ་པ་བྱེ་བའི་འབྱུང་གནས་གཽ་རཀྵ། །ཀཱ་ཎ་རི་པ་ནཱ་གོ་རྫ་མའི་མགོན། །ཨོ་ཀོར་ནཱ་ཐ་རཱ་ཏི་གུཔྟ་དང༌། །ཚིག་དོན་གསང་བ་ཀུན་བདག་ཞི་བའི་ཞབས། །སློབ་མའི་མཆོག་གཉིས་ཐུགས་སྲས་རྣམ་པ་གསུམ། །འཇིགས་བྲལ་ཤིང་རྟ་ཆེན་པོ་ཀུན་དགའ་སྙིང༌། །རིན་རྒྱམ་བློ་གྲོས་ཕྲིན་ལས་ཀུན་བཟང་དབང༌། །རྣམ་རྒྱལ་ངག་དབང་དྲི་མེད་འོད་གསལ་མཚན། །དྲིན་ཅན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཡི་དམ་བླ་སྒྲུབ་མཐར་ཕྱིན་བར་ཆད་སེལ། །སེམས་འཛིན་དབང་འབྱོར་རྩ་རླུང་ཐིག་ལེའི་གེགས། །རབ་གསལ་ཏིང་ངེ་འཛིན་ལ་བོགས་ཐོན་ཏེ། །ཡོན་ཏན་གོང་དུ་འཕེལ་བར་བྱིན་གྱིས་རློབས། །ཞེས་བརྒྱུད་འདེབས་ཀྱི་ཕྲེང་བ་འདི་རྣམས་ཀུན་མཁྱེན་བླ་མ་འཇམ་པའི་དབྱངས་ཀྱིས་རྗེས་སུ་གནང་བ་ལྟར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བླ་བྲང་དབེན་པ་ཟླ་མཛེས་སུ་བྲིས་པ་དགེ་ལེགས་འཕེལ།། །།

གདམས་ངག་མཛོད་པོད་བཅུ་བདུན་པ།
བཅུད་ལེན་གྱི་གདམས་པ་རིམ་པ་ལྔ་པ།


LT26_Page_152A
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ལེན་གྱི་གདམས་པ་རིམ་པ་ལྔ་པ་བཞུགས་སོ།། །།


LT26_Page_152B
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བདེ་བའི་རང་བཞིན་ཕྱག་རྒྱ་ཆེ། །སྒྱུ་མའི་གར་གྱིས་རོལ་པ་དཔའ་མོའི་གཟུགས། །རྣལ་འབྱོར་མ་ཁྱོད་ཁོ་ནར་ཡིད་གཏད་ཀྱི། །འཁྱུད་པའི་མཛའ་བ་སྦྱིན་པའི་བཀའ་དྲིན་སྩོལ། །སྙིང་པོ་མེད་པ་ཚེ་འདིའི་བུན་ལོང་གི། །རྣམ་རྟོག་སྣ་ཚོགས་གཏིང་ནས་དགྲ་མཐོང་སྟེ། །སྙིང་ནས་དམ་ཆོས་སྒྲུབ་པའི་ཆ་རྐྱེན་དུ། །བཅུད་ལེན་གདམས་པ་བདག་གིས་སྦྱིན་པར་བྱ། །འདིར་བཅུད་ལེན་གྱི་གདམས་པ་ལ་གཉིས་ཏེ། གང་ལས་བྱུང་བའི་ལོ་རྒྱུས། དེ་ལས་བརྒྱུད་པའི་གདམས་པའོ། །དང་པོ་ནི། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་ཕ་དམ་པ་རིན་པོ་ཆེ་ལ་ཐོག་མར་གནང་སྟེ་ཉམས་སུ་བཞེས་པས་སྐུ་ཚེ་ལོ་ལྔ་བརྒྱ་དང་བདུན་ཅུ་དོན་གཉིས་ཐུབ་ཅིང་གྲུབ་པ་བརྙེས་པ་ཡིན་ལ། དེ་ནས་རིམ་གྱིས་བརྒྱུད་པ་ནི། དེ་ཡང་བར་སྐབས་སུ་བརྒྱུད་པའི་རྩད་གཅོད་མ་བྱུང་ཞིང༌། །དེ་ནས་མི་ཉག་རིན་རྒྱལ། དེ་ནས་རས་སྟོན་བློ་གྲོས་མཚུངས་མེད། །དེ་ནས་བླ་མ་ཚེ་དབང་པ། །དེས་གནས་རྙིང་པ་ཆོས་ཀྱི་རྗེ་རྒྱལ་མཚན་རིན་ཆེན་ལ། དེས་རང་གི་སྲས་ཀུན་དགའ་བདེ་ལེགས་རིན་ཆེན་


LT26_Page_153A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་དཔལ་བཟང་པོ་ལ། དེ་ཉིད་ཀྱིས་དགྱེས་བཞིན་དུ་བདག་ལ་གནང་བ་ཡིན་ལ། ད་ལྟ་གང་དག་རྡོ་རྗེ་རྣལ་འབྱོར་མས་མི་ཉག་རིན་རྒྱལ་ལ་དངོས་སུ་གནང་བར་སྨྲ་བ་སོགས་ལ་ཡིད་བརྟན་མི་རུང་བར་སྣང་ངོ་ཞེས་བདག་གི་བླ་མས་གསུང༌། གཉིས་པ་ལ་གཉིས། གདམས་ངག་སྦྱིན་པའི་སྣོད་ངོས་བཟུང་བ་དང༌། སྦྱིན་བྱའི་གདམས་པ་རིན་པོ་ཆེ་དངོས་ཀྱི་དོན་ནོ། །དང་པོ་ནི། གང་དག་འཁོར་བ་མཐའ་དག་མེའི་འོབས་ལྟར་མཐོང་སྟེ་བརྒྱ་བྱིན་དང་ཚངས་པའི་བདེ་བ་ཡང་མཆིལ་མའི་ཐལ་བ་ལྟར་རིག་པའི་ངེས་འབྱུང་ཤུགས་དྲག་པོ་ཅན། ཟང་ཟིང་གི་ལོངས་སྤྱོད་ཀྱིས་ལྷག་པར་ཡིད་སུན་ཏེ་ཐར་པ་བླ་ན་མེད་པའི་བདེ་བ་ལ་རིངས་པར་ཆས་པ། ཚེ་བློས་བཏང་ནས་གཅིག་ཏུ་དབེན་པ་ལ་དགའ་བའི་ངང་ཚུལ་ཅན་དག་ནི་འདི་སྦྱིན་པའི་སྣོད་དངོས་ཡིན་ལ། ཟས་གོས་ཀྱིས་ལྷག་པར་ཕོངས་པའི་ཐོས་བསམ་པ་དང༌། ནད་ཆེན་པོས་ཡོངས་སུ་ཟིན་པ་དག་ནི་འབྲིང་དང་ཐ་མ་སྟེ། དེ་དག་ལས་གཞན་འཚོ་བ་བཅུད་ལེན་ལ་རེ་ནས་བསོད་སྙོམས་ཁེ་བསྐྱེད་དུ་གཏོང་བའི་ཐོས་བསམ་པ་དང༌། དགོས་རྙེད་བཀུར་ལ་


LT26_Page_153B
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ནས་དཀའ་ཐུབ་ཀྱིས་ལུས་གདུང་བའི་བོད་སྒོམ་བླུན་པོ་དང༌། རང་གི་ཟས་ནོར་ལ་ལོངས་སྤྱོད་མི་ནུས་པའི་སེར་སྣ་ཅན་དག་ལ་ནི་སྦྱིན་པར་བྱ་བ་མ་ཡིན་ཏེ། ཕལ་ཆེར་ཡི་དྭགས་ཀྱི་རྒྱུར་འགྱུར་བ་དང༌། དགོས་པ་ཇི་ལྟར་ཆེ་ཡང་མུ་སྟེགས་ཅན་དག་གི་དཀའ་ཐུབ་དང་བརྟུལ་ཞུགས་ལས་མ་འདས་པ་ཤ་སྟག་ཏུ་སྣང་བའི་ཕྱིར་རོ། །གཉིས་པ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་སྦྱོར་བ་ནི། ལག་ཏུ་བླང་བའི་རིམ་པ་འདི་ལྟར་ཡིན་ཏེ། ཐོག་མར་མེ་ཏོག་རྒྱས་པའི་དུས་སུ་ཚེས་བརྒྱད་ལྟ་བུའི་དུས་ཁྱད་པར་ཅན་གྱི་ཚེ་རང་ཉིད་གྲོགས་དང་བཅས་པས་ཁྲུས་བྱས། གོས་གསར་པ་གྱོན་ཏེ་འཕགས་པ་སྤྱན་རས་གཟིགས་སུ་གསལ་བའི་ངང་ནས་མ་ཎི་ཟློ་ཞིང་མེ་ཏོག་གི་ཚལ་དུ་ཕྱིན་ལ། བད་ཀན་ཤས་ཆེ་ན་བ་ལུའི་མེ་ཏོག །མཁྲིས་པ་ལ་སྤྲད་འཛིན་ཞེས་པ་རྟག་ཏུ་དུའི་མེ་ཏོག །རྣ་བ་མི་བདེན་ཨུག་ཆོས་མེ་ཏོག་མ་ཉམས་པ། མིག་ལ་དབྱར་མོ་ཐང་སྟེ་རང་རང་གི་ནད་གཞི་དང་བསྟུན་པའམ། དེ་བཞིན་མིན་ན་དུག་གི་རིགས་མ་ཡིན་པའི་མེ་ཏོག་ཐམས་ཅད་ཀྱང་རུང་སྟེ། ཀུན་ཀྱང་མགུལ་གྱི་ཤིང་བལ་སོགས་མེད་པར་བཏུས་ལ་ལྟེམ་གཙང་མར་གྲིབ་བསྐམས་སམ། བྱ་ནན་མ་རུལ་བར་ལེགས་པར་བསྐམས་ལ། ཕྱེ་ཞིབ་མོར་བཏགས་པའི་ཕྱེ་མ་བྲེ་གང་ཙམ་ལ་རབ་ཨ་རུ་ར་གསེར་མདོག །དེ་མ་རྙེད་ན་ཨ་རུ་ར་ཤ་ཆེན་ཐུན་གསུམ། དབང་ལག་ཐུན་ཕྱེད་གསུམ། ཛཱ་ཏི་ཐུན་གཅིག་རྣམས་མེད་ཁ་མེད་ཀྱི་སྨན་དང༌། འབྱོར་ན་བཟང་དྲུག་རྣམས་དང་ཨ་ཀ་རུ་དེ་དག་ལས་ནད་གཞི་ལ་ཕན་གང་ཆེ་ཨ་རུ་ར་དང་མཉམ་པ། གཞན་རྣམས་ཐུན་ཕྱེད་རེ་སྟེ་ཐམས་ཅད་ཀྱང་བཏགས་ལ་བསྲེས་ཏེ། སྦྲང་བུ་རམ་གང་འཐད་ཀྱིས་ཁུ་བ་བྱས་ལ་རིལ་བུ་ལུག་གི་རིལ་མ་ཆེ་ཤོས་ཙམ་བྱས་ཏེ་རིན་པོ་ཆེའི་ཐོད་པའི་སྣོད་གཙང་མར་འགོམ་ཡུག་མི་འཆོར་བར་བཞག་སྟེ་སྦྱོར་བའི་རིམ་པའོ། །གཉིས་པ་དངོས་གཞི་ཉམས་སུ་ལེན་པའི་ཚུལ་ནི། དེ་ནས་གནས་དབེན་པར་བྱི་དོར་བྱས། རྟེན་གྱི་དྲུང་དུ་མཆོད་པ་ཅི་འབྱོར་


LT26_Page_154A
[མ་དཔེ་གཟིགས་ན་འདིར་གནོན།]

བཤམ། རང་ཉིད་སྟན་བདེ་བ་ལ་འདུག་སྟེ། ཁ་ཙམ་མིན་པར་ཡིད་འཁྲུལ་ངེས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་སྟེ། སྭ་བྷཱ་ཝའི་སྔགས་དོན་དྲན་པའི་ངང་ནས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པའི་མཆན་ཁུང་གཡོན་ན་ཁ་ཊྭཱཾ་ག་བསྣམས་པ། རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་ཕྱག་རྒྱ་ལྔས་བརྒྱན་པ། རོའི་གདན་ལ་གཡས་བརྐྱང་གིས་བཞུགས་པར་གསལ་བའི་ངང་ནས་སྤྱན་ནམ་མཁའ་ལ་གཟིགས་པས་རྩ་བརྒྱུད་ཀྱི་བླ་མ་དང༌། རྒྱལ་བ་སྲས་བཅས་ཐམས་ཅད་སྤྲིན་གྱི་ཕུང་པོ་བཞིན་དུ་བྱོན། དེ་དག་གི་བྱིན་རླབས་དང༌། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔའི་བཅུད་ཐམས་ཅད་དང༌། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སྲིད་པ་གསུམ་གྱི་བཀྲག་མདངས་གཟི་བརྗིད། འཇིག་རྟེན་ཁམས་ཀྱི་དཔལ་དང་ཕུན་སུམ་ཚོགས་པ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་བཀུག་ནས་རིལ་བུ་རྣམས་ལ་རིམ་པར་ཐིམ་པས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པ་བསམས་ལ་དམིགས་པ་གསལ་བའི་ངང་ནས་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཧ་རི་ནི་ས་ཨ་མྲྀ་ཏ་སིདྡྷི་ཧཱུྃ། ཞེས་པ་སྟོང་སྨྲ་བཅད་བྱས་ནས་བཟླ་སྟེ། ཡི་གེ་སྔ་མ་དག་ཏུ་ཧ་རི་ནི་ས་ཞེས་པ་མི་འབྱུང་ཡང་མ་དག་པ་ཡིན་ནོ། །རིལ་བུ་བསྒྲུབ་པའི་རིམ་པའོ། །དེ་ནས་བཟའ་བའི་ཚུལ་ནི། དུས་གསུམ་མམ་གཉིས་ཀྱི་ཚེ་རང་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་པའི་དམིགས་པ་སྔར་ལྟར་བྱས་ལ་སྔགས་ཉེར་གཅིག་བཟླས་ཏེ་ཐུག་པ་སླ་སིང་ངེ་བ་ཕོར་བུ་དོ་རེས་ཕུལ་ལ་རི་ལུ་རེ་མིད་པས་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང༌། ཟག་པ་མེད་པའི་བདེ་བས་སྟོང་ཉིད་ཡུལ་དུ་བྱས་པའི་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེས་པར་བསམས་ལ་བཟའ་ཞིང༌།


LT26_Page_154B
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་ནི་ཞག་ཉེར་གཅིག་བྱ་སྟེ། ཞག་བདུན་ཕྲག་དང་པོ་ལ་ལྟོ་དང༌། གཉིས་པ་ལ་ནད་བྱང་ཞིང༌། གསུམ་པ་ལ་ལུས་ཟུངས་སྐྱེ་བ་ཡིན་ལ། དེ་ཡང་ནད་ཀྱི་ཕྱིར་དུ་བྱེད་པ་ཡིན་ལ། གཞན་དུ་ནི་ངེས་པ་མེད་དོ། །རིལ་བུ་ཟ་ཚུལ་གྱི་རིམ་པའོ། །དེའི་སྐབས་སུ་སྤྱོད་ལམ་ནི་ལུས་ཀྱིས་ཕྱག་འཚལ་བ་དང་བསྐོར་བ། ངག་བཟླས་བརྗོད། ཡིད་ལྷའི་སྒོམ་བཟླས་སོགས་ཀྱིས་མི་དལ་བར་བྱ་སྟེ། གཞན་དུ་བད་ཀན་སྐྱེ་བས་ནད་ཀྱི་རྒྱུར་འགྱུར་བ་ལ་རླུང་གི་གེགས་སེལ་བ་ལ་འབད་པ་གལ་ཆེའོ། །ཇ་དང་བུ་རམ་གྱི་ལྡེ་གུ་ཅུང་ཟད་རེ་མ་གཏོགས་ཟས་རགས་པ་སྤང་ངོ༌། །གསུམ་པ་རྗེས་ཀྱི་ཕན་ཡོན་ནི། ནད་གཞི་ཀུན་ལ་ཕན། ཚེ་རིང༌། ལུས་མདངས་ལེགས། རྒས་ཁ་སྲ། སྐྲ་དཀར་དང་གཉེར་མ་ཉུང༌། ནད་ཡན་པས་མི་ཚུགས། ལུས་ལ་ཤིག་སྲོ་མི་འབྱུང༌། ཤེས་རབ་ཆེ། རིག་པ་དྭངས། ཟས་དང་ལོག་འཚོས་མ་གོས་པས་ལམ་གྱི་རྟོགས་པ་སྐྱེ་སླ། མིས་བྱམས། མཁའ་འགྲོ་འདུ་བ་སོགས་ངེས་པར་འབྱུང་སྟེ་ཕན་ཡོན་གྱི་རིམ་པའོ། །སྨྲས་པ། སྙིང་པོ་མེད་པའི་ཚེ་འདི་བློས་བཏང་ནས། །ཕུན་ཚོགས་དབེན་པའི་གནས་སུ་བག་ཕབ་སྟེ། །གཅིག་ཏུ་དམ་ཆོས་སྒྲུབ་པའི་ཆ་རྐྱེན་དུ། །ཟབ་མོའི་བཅུད་ལེན་གདམས་པ་བདག་གིས་བྱིན། །རྙེད་བཀུར་དོན་གཉེར་འབྱུང་པོའི་གདོན་གྱིས་བཟུང༌། །སེར་སྣའི་ཞགས་པ་དམ་པོས་བཅིངས་པ་ལས། །ལོ་རྒྱུས་རྫུན་གྱིས་ཕྲེང་བས་ཡིད་བསྒྱུར་ནས། །གདམས་ངག་འདོམས་པའི་བླུན་པོ་ཨེ་མ་མཚར། །བཅུད་ལེན་གྱི་གདམས་པ་རིམ་པ་ལྔ་པ་ཞེས་བྱ་བ་འདི་ནི། །བྱ་བྲལ་བ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་གཞན་ལ་ཕན་པར་འདོད་པའི་བསམ་པས་ཡི་གེར་བཀོད་པའོ། །དགེའོ།། ༈ །འདིའི་ཁྲིད་ལུང་གཉིས་ཀའི་བརྒྱུད་པ། རྒྱལ་བ་དགེ་འདུན་རྒྱ་མཚོ་ནས། པཎ་ཆེན་བསོད་ནམས་གྲགས་པ། རྒྱལ་བ་བསོད་ནམས་རྒྱ་མཚོས། སྒོམ་སྡེ་ནམ་མཁའ་


LT26_Page_155A
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན། གྲུབ་དབང་བཀྲ་ཤིས་རྒྱལ་མཚན། གནས་བརྟན་འཇམ་དབྱངས་གྲགས་པ། རྗེ་བློ་བཟང་སྒོམ་ཆུང༌། ཉང་ཚང་པ་ངག་དབང་བསྟན་པའི་ཉི་མ། ཞབས་དྲུང་ནམ་མཁའ་སེང་གེ། རི་ཁྲོད་པ་འཇམ་དབྱངས་ཤེས་རབ། རི་ཁྲོད་པ་ངག་དབང་བསམ་གྲུབ། མཁན་ཆེན་དཀོན་མཆོག་རྒྱལ་མཚན། འཇམ་པའི་དབྱངས་ཡེ་ཤེས་དོན་གྲུབ་ཞི་བའི་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། །དེས་བདག་ལའོ།། །།

གདམས་ངག་མཛོད་པོད་བཅུ་བདུན་པ།
ཆུའི་བཅུད་ལེན་གྱི་གདམས་པ་འཆི་མེད་རིག་འཛིན་སྒྲུབ་བའི་ཆུ་རྒྱུན།


LT26_Page_156A
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་བཅུད་ལེན་གྱི་གདམས་པ་འཆི་མེད་རིག་འཛིན་སྒྲུབ་བའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།། །།


LT26_Page_156B
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་མོ་བཛྲ་ཌཱ་ཀི་ནཱི་ཡཻ། ཕྱི་ཡི་དངོས་པོ་བརླན་ཞིང་གཤེར་བ་ཡི། །རྩ་རྣམས་འཆི་མེད་བདུད་རྩིར་བསྒྱུར་བྱས་ཏེ། །རྒྱུན་གྱི་བཏུང་བ་ཆུ་ཉིད་ལོངས་སྤྱོད་པས། །རིག་འཛིན་བསྒྲུབ་བའི་བཅུད་ལེན་འཆད་པར་བྱ། །དེའང་པཎ་ཆེན་ནཱ་རོ་པའི་སློབ་མ་མ་ཧཱ་རི་པས་ལྷོ་ཕྱོགས་དཔལ་གྱི་རིར་སྒྲུབ་པ་མཛད་པའི་དུས་མཐུན་རྐྱེན་མ་འཛོམས་པར། ཌཱ་ཀི་ནཱི་རོ་ཧི་མ། ཤཱནྟི་མ། དུམ་སྐྱེས་མ། ལས་གྲུབ་མ་སྟེ་བཞིས་གནང་བའི་ཆུའི་བཅུད་ལེན་གྱི་གདམས་པ་ཀརྨ་པ་རང་བྱུང་རྡོ་རྗེས་ཡི་གེར་བཀོད་ཅིང༌། དེ་ནས་བརྒྱུད་པའི་ཕྱག་ལེན་དབེན་པ་བས་མཛད་པ་ཡང་ཁུངས་དེ་ཉིད་ལ་ཐུག །བིརྺ་བ་ནས་བརྒྱུད་པའི་ས་ལུགས་དང༌། གྲུབ་ཆེན་ས་ར་ཧ་པ་ལ་རྣལ་འབྱོར་མས་དངོས་སུ་གནང་བའི་ཆུའི་བཅུད་ལེན་སུ་ཁ་པས་ཟིན་བྲིས་མཛད་པ་ཀུ་ཅོར་རྟོགས་ལྡན་གྱི་ཁྲིད་བརྒྱའི་ནང་ན་བཞུགས་པ་དེ་བསྲེ་བསླད་མ་སོང་བའི་ཁུངས་དག་པར་གསལ་ལོ། །དེ་ལ་གང་འཐུང་རྒྱུའི་ཆུ་ནི། མཚོ་ཆུ་དང༌། བ་ཚྭ་ཅན་དང༌། ཉི་ཟླའི་འོད་མ་ཕོག་པའི་ཁྲོན་ཆུ་སོགས་མ་ཡིན་པ་བླངས་ནས། ཞག་བདུན་སོགས་ཡུན་རིང་


LT26_Page_157A
[མ་དཔེ་གཟིགས་ན་འདིར་གནོན།]

ལོན་པའི་ཆུ་རུལ་རྣམས་དང་བསྐོལ་ནས་ཞག་འདས་པ་མ་ཡིན་ཞིང༌། རིང་ནས་འབབ་པའི་ཆུ་ཀླུང་གཙོ་བོ་དང༌། །ཆུ་མིག་གི་ཆུ་འཇམ་པོ་ལ་ཡང་རུང༌། །ཆུ་མིག་གི་ཆུ་མགོ་ནས་བླངས་པ་དང༌། །ཆུ་དྲེག་ཡོད་པ་ལ་མི་བྱའོ། །ཆར་ཆུ་སོགས་ཆུའི་བཟང་ངན་བཤད་ཚུལ་ཡང་སྨན་རྒྱུད་ལས། ཆུ་ནི་ཆར་ཆུ་གངས་ཆུ་ཆུ་ཀླུང་ཆུ། །ཆུ་མིག་ཁྲོན་པ་བ་ཚྭ་ཤིང་གི་ཆུ། །རིམ་པས་དང་པོ་མཆོག་ཡིན་ཕྱི་མ་དམན། །ཞེས་གསུངས་ཤིང༌། གངས་ཆུ་ནི་གངས་ཅན་ལས་འབབ་པའི་ཆུ་ཡིན་ལ། ཁ་བའི་ཆུ་སྤང་བྱ་ཡིན་པར་བཤད། །མཁའ་ལས་འབབ་པའི་ཆར་ཆུ་ནི་རང་བྱུང་གི་ཡན་ལག་བརྒྱད་ལྡན་ཡིན་ཏེ། རྒྱུད་ལས། མཁའ་ལས་འབབ་པ་རོ་མི་གསལ་ལ་ཞིམ། །འཚོ་ངོམས་བསིལ་ལ་ཡང་བས་བདུད་རྩིར་མཚུངས། །ཞེས་དང༌། ཡན་ལག་བརྒྱད་པར། མཁའ་ལས་འབབ་པ་གངྒཱའི་ཆུ། །འཚོ་བྱེད་ངོམས་བྱེད་ཡི་གར་འོང༌། །ཚིམ་ཞིང་སེམས་ནི་གསལ་བྱེད་པ། །སླ་ཞིང་རོ་མི་གསལ་ལ་ཞིམ། །བསིལ་ཞིང་ཡང་བས་བདུད་རྩིར་མཚུངས། །ཞེས་གསུངས་ཏེ།


LT26_Page_157B
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བརྒྱད་ལྡན་ངོས་འཛིན་ཚུལ་ཡང་བརྒྱད་སྟོང་འགྲེལ་ཆེན་དུ། དྲི་ཞིམ་མངར་དང་བསིལ་བ་དང༌། །ཡང་དང་དྭངས་དང་གཙང་བ་དང༌། །འཐུང་ན་ལྟོ་དང་མགྲིན་པ་ལ། །མི་གནོད་ཡན་ལག་བརྒྱད་ལྡན་ཆུ། །ཞེས་དྲངས་སོ། །བཅོས་པའི་ཡན་ལག་བརྒྱད་ལྡན་ནི། །རང་བྱུང་རྡོ་རྗེས། །ཆུ་བསྐོལ་ཡན་ལག་བརྒྱད་དང་ལྡན། །རླུང་གནོན་བད་ཀུན་འབྱིན་པར་བྱེད། །ཅེས་དང༌། རྒྱུད་ལས། །ཆུ་བསྐོལ་ཟས་འཇུ་དྲོད་སྐྱེད་སྐྱིགས་བུ་སེལ། །བད་ཀན་ལྟོ་སྦོས་དབུགས་མི་བདེ་བ་དང༌། །ཆམ་པ་རིམས་གསར་འཕྲལ་དུ་ལྡོག་པར་བྱེད། །ཅེས་དང༌། པཎ་ཆེན་ཟླ་བ་མངོན་དགས། །ཡུལ་དུས་ལྕི་དང་ཡང་བ་ལས། །བཞི་ཆ་སུམ་ཆ་ཕེད་གདུ་བར། །ལྦུ་བ་མེད་པར་བསྐོལ་བ་ནི། །ཤུགས་མེད་དྲི་མ་མེད་ཅིང་ཕན། །ཞེས་སོ། །ཆུས་ཉེས་པ་སྐྱེད་པ་ཡང་རྒྱུད་ལས། །ཞག་གཅིག་ལོན་ནས་དུག་འདྲ་ཉེས་ཀུན་སྐྱེད། །ཅེས་དང༌། རང་བྱུང་རྡོ་རྗེས། ཆུ་ནི་ཞག་ལོན་ཉེས་གསུམ་སྐྱེད། །མ་གདུས་ཁྲེབ་པོ་དེ་དང་མཚུངས། །ཞེས་པ་ལྟར་རོ། །གང་གིས་འཐུང་བའི་གང་ཟག་ནི། །ཚེ་འདི་བློས་བཏང་ནས་རི་ཁྲོད་དབེན་པའི་གནས་སུ་གཞོལ་ཞིང་སྒྲུབ་པ་མཛད་འདོད་པ་ལ། མཐུན་པའི་རྐྱེན་མ་འཛོམས་པའམ་དེ་ལ་མ་ལྟོས་པ་ཞིག་གོ །ནམ་འཐུང་བའི་དུས་ནི། སྟོན་ཀ་རི་ཥི་འཆར་བ་སོགས་ཆུ་བཟང་བའི་དུས་སུ་ཐོག་མར་བསྩམས་ཏེ། གོམས་ནས་དུས་ཐམས་ཅད་དུ་ཆུ་འབའ་ཞིག་གིས་འཚོ་བར་བྱའོ། །ཇི་ལྟར་འཐུང་བའི་ཚུལ་ནི། ཟས་སྐོམ་ལ་མ་ལྟོས་པར་དམ་ཆོས་སྒྲུབ་པ་པོས་ཆུ་འབའ་ཞིག་གིས་ལུས་རྟེན་འཚོའི་ཐབས་སུ་ཆུའི་བཅུད་ལེན་ལ་ཇེ་ཆུང་ཇེ་ཆུང་རིམ་གྱིས་གོམས་ཤིང་སྦྱོང་བ་སྟེ། དེའང་རང་རྗེ་བཙུན་རྣལ་འབྱོར་མའམ་ཕག་མོ་མངོན་རྟོགས་བཞིན་བསྒོམ། ཆུ་ལེགས་པར་བསྐོལ་ཞིང་གདུས་པར་རྩམ་པ་ཐུར་མ་རེ་བཏབ་པ་བཟུང་ནས། ཨོཾ་ལཾ་ལཾ་རུང་རུང་ཞི་ཞི་ཉལ་ཉལ་སྭཱ་ཧཱ། ཞེས་ཉེར་གཅིག་བཟླས་པས་


LT26_Page_158A
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་ཕཻཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་རྣམས་ཀྱི་བྱིན་རླབས་ནུས་མཐུ། འཆི་མེད་ཚེའི་དངོས་གྲུབ་བརྙེས་པའི་དྲང་སྲོང་རྣམས་ཀྱི་ཚེའི་དངོས་གྲུབ། ལྷའི་བདུད་རྩིའི་བཅུད་ཐམས་ཅད་བདུད་རྩིའི་འོད་ཟེར་ཁ་དོག་ལྔའི་རྣམ་པར་བཀུག་ནས་ཆུ་ལ་ཐིམ་པར་བསམ། འབྲུ་གསུམ་གྱིས་བྱིན་གྱིས་རླབས་ཏེ་བཏུང་ངོ། །ཨོཾ་ཛ་ལེ་སྭཱ་ཧཱ། ཉེར་གཅིག་བཟླས་པས་གེགས་མི་འབྱུང༌། ཨོཾ་ཐུད་དེ་ཐུད་དེ། ཐུང་ཏ་ཐུང་ཏ་སྭཱ་ཧཱ། ཉེར་གཅིག་བཟླས་པས་སྲིན་ལོག་སྤོང་ཞེས་གསུངས། དབེན་པ་པས། ས་ར་ཧའི་འབེབས་སྦྱོང་གསུངས་ཀྱང་ཡི་གེ་སྔ་མ་རྣམས་སུ་མ་བྱུང་ངོ༌། །དམིགས་རིམ་གཙོ་ཆེ་བ་ནི། འཐུང་བས་ལུས་ཐམས་ཅད་བདུད་རྩིའི་ཆུ་རྒྱུན་གྱིས་གང༌། བདུད་རྩི་སྤྱི་བོར་ལུད་པ་ལས་པདྨ་འདབ་མ་བཞི་པའི་དབུས་སུ་ཧེ་རུ་ཀ་སྔོན་པོ་བདུད་རྩིས་གང་བའི་བུམ་པ་ཐོད་པ་འཛིན་པ། ཡུམ་ཕག་མོ་བུམ་ཐོད་འཛིན་མས་འཁྱུད་པ། ཤར་དུ་རྡོ་རྗེ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་གུ་ཐམས་ཅད་ཀྱང་བུམ་ཐོད་འཛིན་པ། རུས་པའི་རྒྱན་གྱིས་བརྒྱན་པ། འབྲུ་གསུམ་གྱིས་མཚན་པ་ལས་འོད་འཕྲོས་སངས་རྒྱས་བྱང་སེམས་སྤྱན་དྲངས་ལ་ཐིམ་པར་མཆོད་ཅིང་གསོལ་བ་བཏབ་པས། བདེ་མཆོག་གསང་གནས་དང་ལྷ་རྣམས་ཀྱི་བུམ་ཐོད་ནས་བདུད་རྩི་བབས་པས་ལུས་ཐམས་ཅད་བདེ་བས་གང་ཞིང་ནད་གདོན་བཀྲེས་སྐོམ་མ་ལུས་ཞི་བར་བསམ། ལུས་མི་སྡོད་དེ་འཁྲུལ་འཁོར། ངག་མི་སྡོད་དེ་བཟླས་པ། ཡིད་མི་སྡོད་དེ་ཏིང་ངེ་འཛིན་ལ་བརྩོན་པར་དབེན་པ་བས་གསུངས། དེ་ནས་ལུས་གནད་བཅས་ལ་ཕོ་བའི་འཁྲུལ་འཁོར་བྱ་ཞིང༌། བརྩན་ཐབས་སུ་གཏུམ་མོའི་ཐབས་ལམ་ཉི་ཟླ་འབར་འཛག་ནི། ལྟེ་བར་ཉི་མ་སྤྱི་བོར་ཟླ་བ་གཉིས་དབུ་མ་དང་འབྲེལ་བར་འབྲུ་གསུམ་བསམས་ལ། བུམ་པ་ཅན་གྱི་འབར་འཛག་ཧཱུྃ་ལ་ཐིམ་པར་བསམ་མོ། །དེ་ཡང་ཐོག་མར་ཉི་མ་རེ་


LT26_Page_158B
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བཞིན་ཐུན་གསུམ་གསུམ། ཟླ་བ་རེ་སོང་ནས་ཐུན་གཉིས་རེ། དེ་ནས་ཟླ་བ་རེ་སོང་ནས་ཐུན་གཅིག་གིས་ཐུབ། རུས་རྙིང་གི་ཁུ་བ་ལེགས་པར་གདུས་པར་མར་རྙིང་བུ་རམ་ཚ་བ་གསུམ་དང་རྩམ་པ་བསྲེས་པའི་རིལ་བུ་བྱས་ལ། ཟླ་བ་དང་པོའི་ཉི་མ་རེ་རེ་བཞིན་གསུམ་རེ། ཟླ་བ་རེ་སོང་ནས་གཉིས་རེ། ཟླ་བ་རེ་སོང་ནས་རིལ་བུ་རེས་འཚོ་བར་ནུས་པ་སྟེ། སྟོན་པ་སངས་རྒྱས་ཀྱིས་དཀའ་ཐུབ་མཛད་པའི་ཚེ་ཤུག་འབྲུ་རིམ་བཞིན་བཞེས་པའི་རྣམ་ཐར་དང་ཕྱོགས་མཐུན་པ་ཡིན་ནོ། །རང་བྱུང་རྡོ་རྗེས་བཅུད་ལེན་དུ་ཆུ་བསྐོལ་བར་རྩམ་པ་བཏབ་པར་བཤད་པ་ནི་ཐོག་མ་ནས་ཟས་ཐམས་ཅད་གཅོད་ན་བཟོད་མི་ནུས་པས་རིམ་གྱིས་སྦྱང་དགོས་ཆེད་ཡིན་ལ། རིམ་གྱིས་ལེགས་པར་སྦྱངས་ནས་ཆུ་འབའ་ཞིག་གིས་ཐུབ་ངེས་པར་མྱོང་བས་གྲུབ་བོ། །དབེན་པ་པས། ཉི་ཤུ་རྩ་གཅིག་བྱས་པས་བརྟན་པ་ཐོབ། དེའི་རིགས་ལ་རྩམ་པ་མི་གཏོང༌། བརྟན་པ་ཐོབ་ན་ཤ་ཆང་ལ་སོགས་པ་ཁ་ཟས་ཡོད་པ་མི་སྤང༌། མེད་པ་མི་སྒྲུབ། བཅུད་ལེན་འདི་ལྟ་བུ་ལ་གནས་པར་བྱའོ་གསུངས་སོ། །ཡང་ན། ལྟེ་བར་ཧཱུྃ་མཐིང་ག །ཤར་དུ་བྷྲཱུྃ་སེར་པོ། །ལྷོར་ཨྃ་དམར་པོ། །ནུབ་ཏུ་བྃ་དཀར་པོ། །བྱང་དུ་ཁྃ་ལྗང་གུ་གསལ་བཏབ་པའམ། རང་བྱུང་རྡོ་རྗེས། ཟས་སྲེད་གཅོད་ན་ས་རླུང་བཟུང༌། །མགྲིན་པར་བྷྲཱུྃ་ལ་ཤེས་པ་གཏད། །སྐོམ་སྲེད་གཅོད་ན་ཆུ་རླུང་བཟུང༌། །སྤྱི་བོར་བྃ་ལ་ཤེས་པ་གཏད། །གོས་སྲེད་གཅོད་ན་མེ་རླུང་བཟུང༌། །ལྟེ་བར་ཨྃ་ལ་ཤེས་པ་གཏད། །རྟོག་པ་གཅོད་ན་ནམ་མཁའི་རླུང༌། །སྙིང་གར་ཧཱུྃ་ལ་བཟུང་ཞིང་བསྒོམ། །འདོད་སྲེད་གཅོད་ན་རླུང་གི་རླུང༌། །མཐིང་ག་གསང་བ་ཁྃ་ལ་གཏད། །ཀུན་ལ་མ་བཅོས་ཏིང་འཛིན་བསྒོམ། །ཞེས་པ་གང་རུང་ལྟ་བུ་ཞིག་ལ་དམིགས་པ་གཏད་པས། ཡི་གེ་དེ་ལས་རང་མདོག་ཅན་གྱི་བདུད་རྩི་འབབ་པས་རྩ་ཐམས་ཅད་ལ་ཁྱབ་པར་བསམས་ལ་རླུང་ཁ་སྦྱོར་བཟུང༌། གེགས་སེལ་


LT26_Page_159A
[མ་དཔེ་གཟིགས་ན་འདིར་གནོན།]

ནི། རླུང་ལོག་པ་བྱུང་ན་རུས་ཁུ་འཐུང་བས་སེལ། ཡུན་རིང་ལོན་ནས་མངར་གསུམ་ཟོས་པས་སྟོབས་འཕེལ་བར་འགྱུར། ཆུ་སྐྱུགས་ན་བུ་རམ་འདེབས། ཆུ་འགགས་པ་ལ་སྒ་སྐྱ་གཏང༌། ཆུ་སྙི་བ་ལ་གཞུག་ཆུང་གཏང༌། རླུང་ལངས་ན་ཟ་ཚོད་མ་བོར་ཕོར་གང༌། དྭང་ག་མི་བདེ་ན་སྒ། ཆུ་ཐུར་བྱུང་ན་ཕྱེ་ཚོད་ཕོར་གང་གཏང༌། མགོ་འཁོར་ན་རུས་རྙིང་གཏང༌། ཕན་ཡོན་ནི། རང་བྱུང་བས། ཞག་བདུན་ལོན་ནས་ནུས་པ་རྙེད། །ཉི་ཤུ་རྩ་གཅིག་བརྟན་པ་ཟིན། །དེ་ནས་གེགས་ལས་ཐར་བ་ཡིན། །ཟླ་བ་གཅིག་གིས་ལེགས་པར་འབྱོངས། །རྗེན་པའི་ཟས་དང་གྲང་མོའི་ཆུ། །གཏོར་བས་འབྱོངས་ཚད་ངེས་པའོ། །ཟླ་དྲུག་འབད་པས་ཡོན་ཏན་འཆར། །དེས་ན་ཆགས་མེད་རི་ཁྲོད་འགྲིམས། །ཞག་བདུན་ཉམས་སུ་བླངས་པ་ན། །མུ་གེའི་བསྐལ་པ་དག་ལས་ཐར། །ཉེར་གཅིག་ཁམ་གྱི་ཟས་དང་བྲལ། །ལུས་ཡང་དབུགས་དལ་སེམས་མི་གཡོ། །ཟླ་གཅིག་ཟས་ཀྱི་རྩོལ་སྒྲུབ་བྲལ། །གཉིད་ཆུང་མདངས་གསལ་རྨི་ལམ་རྣོ། །ཟླ་དྲུག་ངོ་སྲུང་ཆོས་བརྒྱད་བྲལ། །ཞེས་གསུངས། དབེན་ས་པས། མི་ཆགས་པ་གསུམ་ནི། ལུས་ལ་དྲི་མ་མི་ཆགས། སྲིན་བུ་མི་ཆགས། མི་གཙང་བ་དང་སྣབས་ལུད་མི་ཆགས། འདུ་བ་གསུམ་ནི། ཉིན་མོ་མི་འདུ། ནུབ་མོ་མཁའ་འགྲོ་འདུ། ནང་ནུབ་ཟས་འདུ། བདེན་པ་གསུམ། སེམས་ལ་སྡུག་བསྔལ་མེད་པས་བདེན། །ཡིད་ལ་ཞེན་ཆགས་མེད་པས་བདེན། །ངག་ངན་པའི་རྫུན་མེད་པས་བདེན། བྲལ་བ་གསུམ་ནི། སེམས་སྡུག་བསྔལ་དང་བྲལ། ལུས་ངལ་དུབ་དང་བྲལ། ངག་རྫུན་དང་བྲལ། བདེ་བ་གསུམ་ནི། ཕྱི་སྣང་བ་ལ་ཞེན་པ་མེད་དེ་བདེ། ནང་ཉོན་མོངས་པ་ལ་གཉེན་པོ་མི་དགོས་ཏེ་བདེ། གསང་བ་འབྱུང་བ་ཆ་སྙོམས་པས་བདེ། མཉམ་པ་གསུམ་ནི། ཚེ་ཉི་ཟླ་དང་མཉམ། སྟོབས་གླང་པོ་ཆེ་དང་མཉམ། མགྱོགས་བ་རླུང་དང་


LT26_Page_159B
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ། གྲོལ་བ་གསུམ་ནི། ཕྱི་ནད་ལས་གྲོལ། ནང་ཕུང་པོ་ལས་གྲོལ། བར་བཏང་སྙོམས་ལས་གྲོལ། །ཞེས་གསུངས་སོ།། །།འཆི་མེད་བདུད་རྩིའི་བཅུད་ལེན་གྲུབ་པ་ལས། །རིང་འཚོའི་ཚེ་ཡིད་པདྨོ་རྒྱས་པ་དང༌། །བསོད་ནམས་ཡེ་ཤེས་འབྲས་བུས་རབ་འབྱོར་བའི། །ཕན་བདེའི་དཔལ་གྱིས་རྟག་ཏུ་དགེ་གྱུར་ཅིག །ཅེས་མང་དུ་ཐོས་པའི་བཙུན་པ་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས་ཡིག་རྙིང་རྣམས་ཀྱི་བཅུད་བསྡུས་པ་མངྒ་ལམ།། །།

གདམས་ངག་མཛོད་པོད་བཅུ་བདུན་པ།
སྙན་བརྒྱུད་རྡེའུ་བཅུད་ལེན་དང་མེ་ཏོག་བཅུད་ལེན་གྱི་འདོན་ཁྲིད་སྦྲགས་མ།


LT26_Page_160A
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་བརྒྱུད་རྡེའུ་བཅུད་ལེན་དང་མེ་ཏོག་བཅུད་ལེན་གྱི་འདོན་ཁྲིད་སྦྲགས་མ་བཞུགས་སོ།།


LT26_Page_160B
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་མ་ལུས་ཀྱིས་བདག་གཅེས་འཛིན་དང༌། འཁོར་བའི་ཆོས་ལ་སྙིང་པོ་མེད་པར་མཁྱེན་ཏེ། འཇིག་རྟེན་ཆོས་བརྒྱད་དང་ཚེ་འདིའི་བདེ་སྐྱིད་ཐམས་ཅད་བློས་ལིང་བཏང༌། ལོག་འཚོ་དཀོར་ཟས་སྒྲུབ་པ་བཟང་ངན་གྱི་འཛིན་པ་ཀུན་བོར་ཏེ་དབེན་པའི་རི་ལ་གང་བྱུང་ཆོག་ཤེས་ཅི་བྱུང་ལམ་ཁྱེར་ན་ནུས་འཆི་ནུས་ཀྱི་བྱང་ཆུབ་ལམ་ཆེན་ལ་བཞུད་པའི་གཤེགས་ཤུལ། ཆོས་སྐུ་ཀུན་བཟང་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། །སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་མནྡཱ་ར་བའམ་ནི་གུ་མ་ཞེས་སྐུ་གཅིག་མཚན་གཉིས་ཀྱི་རྣམ་གྲངས་དུ་མར་འབོད་པ་དེ་ཉིད་ཀྱིས། འཇིགས་བྲལ་དུས་གསུམ་རྣམ་མཁྱེན་ལ་སྙན་བརྒྱུད་དུ་བསྩལ་བའི་དཀའ་ཐུབ་རྡེའུ་བཅུད་ལེན་གྱི་གདམས་པ་བསྟན་པ་ལ། རྡོ་བརྟག་པ་དང་གཅིག །ཐུ་བ་དང་གཉིས། བྱིན་གྱིས་བརླབ་པ་དང་གསུམ། ཟ་ཐབས་དང་བཞི། དམ་ཚིག་དང་ལྔ། གེགས་སེལ་དང་དྲུག །ཡོན་ཏན་དང་བདུན། ཁུངས་བསྟན་པ་དང་བརྒྱད་ལས།


LT26_Page_161A
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་རྡོ་བརྟག་པ་ནི། རྡོ་རིགས་ལྔ་སྟེ། ཤ་ཆེན་ཚིལ་ཆེན་གཉིས། རུས་པ་ཅན། མཁྲིས་པ་ཅན་གཉིས། ཤི་ཤ་ཅན་དང་ལྔ་ལས། ཤ་ཆེན་ནི་མདོག་གང་ཡང་རུང་ལ་སོ་མི་བརྩེ་ཞིང་ཤ་ཆེན་ཉམས་ཅན། ཚིལ་ཆེན་ནི་དཀར་ལ་ཚིལ་བུའི་རྣམ་པ་ཡོད་པ། རུས་ཅན་ནི། དཀར་སྒོང་དང་མེ་རྡོ་ལྟ་བུ། མཁྲིས་པ་ཅན་ནི་གཡའ་མ་དང་ལྗང་གུ་ཆུ་རྡོའི་རིགས་སོ། །ཤི་ཤ་ཅན་ནི་རྡོ་ཕལ་པ་རྣམས་སོ། །བསྟེན་པ་ནི་ཤ་ཚིལ་ཅན་བསྟེན་ཅིང༌། གཞན་རྣམས་སྤང་བྱའོ། །དེ་ནས་རྡོ་ཐུ་བ་ནི། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། རང་རྟ་མགྲིན་དཔའ་བོ་གཅིག་པར་བསྐྱེད། སོར་མོ་རྣམས་མཁའ་འགྲོ་ལྔར་བསྒོམ། སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་བསྐྱེད། རྡོ་བདུད་རྩིར་བསམས་ལ་སྔགས་འདི་བཟླས་ལ་ཐུའོ། །ཨོཾ་ཏྲིག་ཡེར་ཏྲིག་ཡེར་སྭཱ་ཧཱ། །ཞེས་བཟླ་ཞིང་མདུན་དུ་བསག །དེ་ནས་རྩ་གསུམ་མཆོག་གསུམ་སྐྱབས་ཡུལ་ཐམས་ཅད་བསྟིམས་ལ་སྣོད་དུ་བླུགས། རྡོ་ཐུ་བའི་ཐབས་ཡིན། དེ་ནས་བྱིན་རླབས་བྱ་བའི་ཐོག་མར་ཟངས་


LT26_Page_161B
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གཡའ་ཅན་ནམ། རྫ་གང་རིགས་ཀྱི་སྣོད་དུ། སྨན་བཟང་དྲུག་ལ་སོགས་པས་བཙོས། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབས་ལ་བྱིན་གྱི་བརླབ་པ་ནི། རྡེའུ་རྣམས་ཀ་པཱ་ལའི་ནང་དུ་བླུགས། སྐྱབས་སེམས་སྤྱི་མཐུན་རྗེས། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྣང་སྲིད་ཆོས་ཀུན་འོད་གསལ་སྟོང་པའི་ངང༌། །རང་ཉིད་སྐད་ཅིག་རྡོ་རྗེ་རྣལ་འབྱོར་མ། །སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། །སྤྱན་གསུམ་ཅུང་ཟད་ཞི་ཁྲོའི་ཉམས་དང་ལྡན། །ཕྱག་གཡས་གྲི་གུག་འཕྱར་ཞིང་གཡོན་ཐོད་པ། །ཤ་ལྔ་བདུད་རྩིས་གང་བ་ཐུགས་ཀར་འཛིན། །རིན་ཆེན་རུས་རྒྱན་གྲུ་མོར་ཁ་ཊཱྃ་འཆང༌། །རྣ་ལྟག་གཡས་ན་ཕག་ཞལ་ངུར་སྒྲ་སྒྲོགས། །ཐོད་སྐམ་དབུ་རྒྱན་རློན་པའི་དོ་ཤལ་ཅན། །གཡས་བསྐུམ་གཡོན་བརྐྱང་པད་ཉི་རོ་གདན་བཞུགས། །མེ་དཔུང་འཇའ་འོད་འཁྲུགས་པའི་ཀློང་ན་བཞུགས། །དེ་ཡི་དབུ་གཙུག་རྩ་བརྒྱུད་བླ་མ་རྣམས། །འཇའ་འོད་ཀློང་ན་ཐོ་བརྩེགས་ཚུལ་དུ་བཞུགས། །ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་ལ། རྡེའུ་རྣམས་ཤ་ལྔ་བདུད་རྩི་ལྔར་མོས་ལ། བྱིན་གྱི་རློབ་པའི་སྔགས་ནི། ཨོཾ་མུ་ལེ་མུ་ལེ་མ་ཧཱ་མུ་ལེ་སྭཱ་ཧཱ། ཞེས་བརྒྱ་སྟོང་བཟླས་ལ་ཕུ་གདབ། བགེགས་བསལ་གྱི་སྔགས་ནི། ཨོཾ་ཤ་པ་ཏྲི་ཤི་ཤག་ཤིག་སྭཱ་ཧཱ། ཞེས་ཉེར་གཅིག་བཟླས་ཏེ་རྡེའུ་ལ་འདེབས། བཟའ་ཐབས་ནི། དང་པོ་ཡར་དཀར་མཐེ་བོང་ཙམ་རེ་རྡེའུའི་སྔ་ཕྱིར་བཏང༌། རྗེས་སུ་མ་བྱུང་ཡང་རུང༌། ཇ་ཆང་སྐྱོ་ཚ་གང་རིགས་ཕོར་ཚད་རེ་ཙམ་གྱིས་བུལ་ཏེ་མིད་རྗེས་གསོལ་འདེབས་ནི། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་བྷྱཿ །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་པད་འབྱུང་མཁའ་འགྲོ་ནི་གུ་མར། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འབྱུང་བ་རྡོ་ཡི་བཅུད་མཆོག་ལོན་པ་དང༌། །བཅུད་ལེན་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །དུས་གསུམ་རྣམ་མཁྱེན་ཕྱོགས་ལས་རྣམ་རྒྱལ་ལ། །


LT26_Page_162A
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ༴ འབྱུང་བ༴ བཅུད་ལེན༴ རས་ཆེན་ཆོས་རྗེ་སངས་རྒྱས་བཟང་མོ་ལ། གསོལ་བ༴ འབྱུང་བ༴ བཅུད་ལེན༴ རིན་ཆེན་རྒྱལ་པོ་འཇམ་དབྱངས་པདྨ་གར། གསོལ་བ༴ འབྱུང་བ༴ བཅུད༴ གྲགས་པ་འོད་ཟེར་རབ་འབྱམས་ཆོས་ཀྱི་རྗེ། །གསོལ་བ༴ འབྱུང་བ༴ བཅུད༴ རཏྣའི་མཚན་ཅན་འདུས་ཆེན་རབ་རྒྱས་ལ། གསོལ༴ འབྱུང་༴ བཅུད༴ འཇམ་དབྱངས་དགའ་བ་རིན་ཆེན་བཟང་པོ་ལ། །གསོལ་བ༴ འབྱུང་༴ བཅུད༴ འཇིགས་མེད་རྣམ་རྒྱལ་འཇམ་དབྱངས་རྣམ་རྒྱལ་ལ། །གསོལ༴ འབྱུང་༴ བཅུད༴ རིག་འཛིན་རྣམ་རྒྱལ་བདེ་ཆེན་མཚོ་མོ་ལ། གསོལ༴ འབྱུང་༴ བཅུད༴ ཚུལ་ཁྲིམས་རྡོ་རྗེ་རྩ་བའི་བླ་མ་ལ། །གསོལ༴ འབྱུང་༴ བཅུད༴ ཡི་དམ་མཁའ་འགྲོ་བཀྲ་ཤིས་འོད་འབར་ལ། གསོལ༴ འབྱུང༴ བཅུད༴ གནས་གསུམ་མཁའ་འགྲོ་རྡོ་རྗེའི་སྤུན་གྲོགས་ལ། །གསོལ༴ འབྱུང་༴ བཅུད༴ ཞེས་གསོལ་བ་བཏབ་པས། ཆོས་སྐུ་སྣང་བ་མཐའ་ཡས་འོད་དུ་ཞུ་ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་ཐིམ། ལོངས་སྐུ་ཐུགས་རྗེ་ཆེན་པོ་སྤྲུལ་སྐུ་པདྨ་འབྱུང་གནས་ལ་ཐིམ། སྤྲུལ་སྐུ་པདྨ་འབྱུང་གནས་མཁའ་འགྲོ་ནི་གུ་མ་ལ༴ ནི་གུ་མ་འཇིགས་མེད་གྲགས་པ༴ འཇིགས་མེད་གྲགས་པ་དཔལ་འབྱོར་བཟང་པོ་ལ༴ རས་ཆེན་དཔལ་འབྱོར་བཟང་པོ་ཡང་འོད་དུ་ཞུ་ཌཱ་ཀི་མ་སངས་རྒྱས་བཟང་མོ༴ སངས་རྒྱས་བཟང་མོ་ཡང་༴ མཁས་གྲུབ་རིན་ཆེན་རྒྱལ་པོ་ལ༴ མཁས་གྲུབ་ཆེན་པོ༴ འཇམ་དབྱངས་པདྨ་གར་དབང་ལ༴ འཇམ་དབྱངས་པདྨ་གར་དབང་ཡང་༴ རྗེ་བཙུན་གྲགས་པ་འོད་ཟེར་ལ༴ གྲགས་པ་འོད་ཟེར་ཡང་༴ རབ་འབྱམས་ཆོས་རྗེ་ལ༴ རབ་འབྱམས་ཆོས་རྗེ་ཡང་༴ རཏྣའི་མཚན་ཅན་ལ༴ རཏྣའི་མཚན་ཅན་ཡང་༴ འདུས་ཆེན་རབ་རྒྱས་ལ༴ འདུས་ཆེན་རབ་རྒྱས་ཡང་༴ འཇམ་དབྱངས་དགའ་བ་ལ༴ འཇམ་དབྱངས་དགའ་བ་


LT26_Page_162B
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་༴ བཀའ་དྲིན་འཁོར་མེད་རིན་ཆེན་བཟང་པོ་ལ༴ རིན་ཆེན་བཟང་པོ་ཡང་༴ སྦས་པའི་རྣལ་འབྱོར་འཇིགས་མེད་རྣམ་རྒྱལ་ལ༴ སྦས་པའི་རྣལ་འབྱོར་ཡང་༴ རྗེ་བཙུན་འཇམ་དབྱངས་རྣམ་རྒྱལ་ལ༴ འཇམ་དབྱངས་རྣམ་རྒྱལ་ཡང་༴ རིག་འཛིན་རྣམ་རྒྱལ་ལ༴ རིག་འཛིན་རྣམ་རྒྱལ་ཡང་འོད་དུ་ཞུ་ཆོས་དབྱིངས་བདེ་ཆེན་མཚོ་མོ་ལ༴ ཆོས་དབྱིངས་བདེ་ཆེན་མཚོ་མོ་ཡང་༴ ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་རྡོ་རྗེ་ལ་ཐིམ། ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་རྡོ་རྗེ་ཡང་འོད་དུ་ཞུ། བཀའ་དྲིན་སུམ་ལྡན་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དབྱེར་མ་མཆིས་པའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། བདག་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ། སེམས་གཟུང་འཛིན་དང་བྲལ་བར་མཉམ་པར་བཞག་གོ །འདིའི་དམ་ཚིག་ལ། རྡོ་བྱིན་གྱིས་མ་བརླབས་པ་དང༌། ཡི་དམ་མ་བསྒོམས་པར་མི་བཟའ། གཞན་ལ་གསང་ཞིང་ཉམས་གྲིབ་ལ་འཛེམ། ཟས་ནོར་གསོག་འཇོག་མི་བྱ་ཚོགས་སུ་གཏང༌། ཐིག་ལེ་ཉམས་སུ་མི་འཇུག །སྔགས་འདྲེན་སྐབས་ངག་མི་གཏོང༌། གེགས་སེལ་ནི། འདི་ཉམས་སུ་ལེན་པའི་དུས་སུ་ཚེ་འདི་བློས་མི་ཐོང་བ་དང༌། བཟའ་སྙིང་མི་འདོད་པ་དང༌། དཀའ་ཐུབ་ཀྱི་དམ་བཅའ་བློས་གཏོང་བར་འདོད་པ་བྱུང་ན། གེགས་དང་བར་ཆད་དུ་ཤེས་པར་བྱས་ལ། ན་ཤི་ལྟོག་རྒྱགས་ཅི་བྱུང་རུང༌། འདིས་མགོ་ཐོན་པ་མི་བྱ་རེ་སྙམ་པའི་བློ་ཤེད་བསྐྱེད། དེས་གེགས་མི་འོང༌། གལ་ཏེ་བྱུང་ན་སེལ་ཐབས་ཆུ་བསྐོལ་ལ་མར་བཏབ་ནས་འཐུང༌། སྐྱུག་ན་ཆུ་དྲོན་གཏང༌། འབྱམས་ན་སྐྱོ་ཚ་གཏང༌། རླུང་ལ་རླུང་སྨན་བསྟེན། དེས་གེགས་སེལ་ལོ། །འདིའི་ཡོན་ཏན་ལ་རྡོ་བཟའ་བའི་དུས་སུ་ཡོག་ཚད་ཟོས་པས་ཆོག །ལྟོ་གོས་ཀྱི་རྩོལ་བ་ཆད། ཞག་བདུན་བརྒྱད་ནས་ཀྱིས་ཤ་བྲི། དྲི་ཆུང༌། ཞག་བཅུ་ནས་ཤེད་དང༌། ཤ་དྭངས་སྐྱེ་ལ། ཤེས་པ་དང་དབང་པོ་གསལ། དགེ་སྦྱོར་ལ་བོགས་ཐོན། རྡོ་


LT26_Page_163A
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རོ་མཆོག་ཐོན། ལུས་ཡང་ཞིང་མགྱོགས། སྲོག་ཆགས་མི་འབྱུང༌། དྲོད་སྐྱེ། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱིས་རློབ། དཔའ་བོ་དང་ཌཱ་ཀི་འདུ། ཆོས་སྐྱོང་དང་ལྷ་སྲིན་བྲན་དུ་འགྱུར། །ཟས་ནོར་དང་ལོངས་སྤྱོད་འདུ། མངོན་ཤེས་དང་འོད་གསལ་གྱི་ཉམས་སྐྱེ། དགེ་སྦྱོར་ལ་བརྟན་པ་ཐོབ། སེར་སྣ་དང་ཆགས་པའི་དྲི་མ་དག །ཕྱི་མ་མུ་གེའི་བསྐལ་པ་ལས་ཐར་བ་སོགས་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ༌། །རྡོའི་འབྱུང་ཁུངས་བསྟན་པ་ནི། སྤ་གྲོ་སྟག་ཚང༌། ཆུ་བོ་རིའི་ནུབ་དང་བྱང༌། ཕག་མོ་གྲུ། གཞོ་སྟོད་ཏི་གྲོ་བྲག་དཀར། ལྷོ་བྲག་མཁར་ཆུ་གཟད་ཀྱི་བྱེ་མ་ལུང་སོགས་ལ་ཡོད་དོ། །བདུད་རྩི་རྡོའི་བཅུད་ལེན་གྱི་གདམས་ངག་གཞན་ལས་ཁྱད་པར་འཕགས་པ་རྫོགས་སོ། །ཞེས་པ་མེ་ཏོག་བཅུད་ལེན་གྱི་ཟིན་བྲིས་དང་ཆབས་ཅིག་རང་སློབ་རྣམས་ཀྱིས་ཉམས་སུ་ལེན་པའི་ཆེད་དུ་ཆོས་དབྱིངས་བདེ་ཆེན་མཚོ་མོས་ཡི་གེར་སྤེལ་བའོ།། ༈ །བླ་མ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །དཔལ་དེ་ཁོ་ན་ཉིད་འདུས་པའི་ལུགས་ཡེ་ཤེས་ཀྱི་མཁའ་འགྲོ་མས་འཇིགས་བྲལ་དུས་གསུམ་རྣམ་མཁྱེན་ལ་སྙན་བརྒྱུད་དུ་གདམས་པའི་དཀའ་ཐུབ་མེ་ཏོག་བཅུད་ལེན་གྱི་གདམས་པ་ལ་དོན་གསུམ། སྔོན་འགྲོ། །དངོས་གཞི། རྗེས་ཕན་ཡོན་བསྟན་པའོ། །དེ་ལ་དང་པོ་སྔོན་འགྲོའི་རིམ་པ་ལ། མེ་ཏོག་ཐུ་བ་ནི། སྐྱབས་སེམས་སྔོན་དུ་གཏང༌། རང་ཉིད་རྡོ་རྗེ་ཕག་མོ་དཀར་མོའི་བསྐྱེད་རིམ་དང་ལྡན་པའི་སྒོ་ནས་སྙིང་པོ་བཟླ་བཞིན་དུ་ས་གཙང་ས་མེ་ཏོག་སྣ་ཚོགས་སྐྱེ་བའི་སའི་ཆར་ཁ་ཤར་དུ་བལྟས་ཏེ་དུག་རིགས་མེད་པའི་རྩི་ཤིང་གང་ཡང་རུང་བའི་མེ་ཏོག་རྣམས་ཕྱག་གཡས་ཀྱི་གྲི་གུག་གི་མགུལ་པ་ནས་བཅད་ཕྱག་གཡོན་པའི་ཐོད་པའི་ནང་དུ་བླུགས་པར་བསམས་ལ་བསྡུས་ཏེ། དེ་རྣམས་རུལ་སུམ་མེད་པའི་གྲིབ་སྐམ་དུ་བྱས་པ་ཆ་


LT26_Page_163B
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དུག་རིགས་མེད་པའི་སྨན་སྣ་ཚོགས་ཀྱིས་ཆ་གཅིག་སྟེ། དེ་ཡང་སོ་སོའི་ནད་བབས་དང་བསྟུན་པའི་ཕན་བྱེད་ཀྱི་མེ་ཏོག་དང་སྨན་སོགས་མང་བ་གཏོང་ལུགས་བྱ། དེ་གཉིས་བྲེ་གང་གི་ཚོད་ཙམ་ལ་ཞིབ་ཕུལ་གང་བཏབ་པ་འདམ་ཐག་ལེགས་པར་བྱས་ཏེ་རིལ་བུ་ཁམ་ཚིག་ཙམ་སྒྲིལ་ལ་རིལ་ཆགས་དང་གྲིབ་སྐམ་བྱའོ། །གཉིས་པ་དངོས་གཞི་དེ་ཉིད་བསྒྲུབ་པ་ནི། གནས་ཁང་བྱི་དོར་དང་སྤོས་ཆུས་ཆག་ཆག་གདབ། རིལ་བུ་རྣམས་ཀ་པཱ་ལའི་ནང་དུ་བླུགས་ལ་ཉེར་མཆོད་བཤམ། སྐྱབས་སེམས་སྔོན་དུ་འགྲོ་བས་རང་ཉིད་ཕག་མོའི་བསྐྱེད་རིམ་དང་ལྡན་པའི་སྒོ་ནས་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབས། རང་དང་རིལ་བུ་གཉིས་ཀ །སྭ་བྷཱ་ཝས་སྟོང་པར་སྦྱང༌། སྣང་སྲིད་ཆོས་ཀུན་འོད་གསལ་སྟོང་པའི་ངང༌། །རང་ཉིད་སྐད་ཅིག་རྡོ་རྗེ་རྣལ་འབྱོར་མ། །སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་ཅུང་ཟད་ཞི་ཁྲོའི་ཉམས་དང་ལྡན། །ཕྱག་གཡས་གྲི་གུག་འཕྱར་ཞིང་གཡོན་ཐོད་པ། །བདུད་རྩི་རིལ་བུས་གང་བ་ཐུགས་ཀར་འཛིན། །གཡས་བསྐུམ་གཡོན་བརྐྱང་པད་ཉི་རོ་སྟེང་བཞུགས། །མེ་དཔུང་འཇའ་འོད་འཁྲུགས་པའི་ཀློང་ན་གསལ། །ཨོཾ་ཨཱཿཧཱུྃ། ཞེས་གནས་གསུམ་འཐུ་གསུམ་གྱིས་མཚན་པར་གསལ་གདབ། དེ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་སྤྱན་དྲངས། རིལ་བུ་ཕག་མོར་གསལ་བ་ལ་ཐིམ་པར་དམིགས་ཏེ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཧ་རི་ནི་ས་ཨ་མྲྀ་ཏ་སིདྡྷི་ཧཱུྃ། ཞེས་བརྒྱ་སྟོང་བཟླས་རྗེས་རིལ་བུ་ལྷར་གསལ་བ་བདུད་རྩིའི་རང་བཞིན་དུ་གྱུར་པར་མོས། རང་ཡི་དམ་གྱི་བསྐྱེད་རིམ་དང་ལྡན་པའི་སྒོ་ནས་ཇ་ཆང་གང་རིགས་ཀྱི་བོར་ཚད་རེས་ཕུལ་ཏེ་རིལ་བུ་གཉིས་རེ་ཁྱུར་མིད་དུ་གཏང༌། དཀའ་ཐུབ་ཀྱི་ཟས་ལ་བསྟེན་དགོས་པ་ཡིན་ཚེ། ཐུག་པ་སླ་སིང་བ་བཀའ་བརྒྱུད་རིན་པོ་ཆེས་གསུངས་པ་ལྟར་ཕུལ་རེ་གཏང༌། དམིགས་པ་ནི་རྩ་སྟོང་ཕྲག་བདུན་


LT26_Page_164A
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་རྩ་གཉིས། བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་སྟེ་བདེ་སྟོང་ལྷན་སྐྱེས་ཡེ་ཤེས་གཡོ་མེད་ཀྱི་རང་མདངས་འགགས་མེད་ངང་ནས་གསོལ་བ་འདེབས་པ་ནི་སྤྱི་བོར་བླ་མ་ཀུན་འདུས་རྡོ་རྗེ་འཆང་ཡབ་ཡུམ་བསྐྱེད་ལ། ན་མོ་གུ་རུ་བྷྱཿ །གནས་མཆོག་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །བཅོམ་ལྡན་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །གནས་མཆོག་དཔལ་མོ་ཆོས་སྡིང་ཆོས་གྲྭ་རུ། །ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ་ལ༴ གནས་མཆོག་ཤམ་པོ་གངས་ཀྱི་ར་བ་རུ། །མི་ཉག་རིན་ཆེན་རྒྱལ་བ་ལ༴ གནས་མཆོག་གསང་ཕུ་ནེའུ་ཐང་ཡང་སྟེང་དུ། །མཚུངས་མེད་རས་སྟོན་ཆོས་རྗེ་ལ༴ གནས་མཆོག་རི་ཁྲོད་ཡངས་པའི་དགོན་པ་རུ། །བྱ་བཏང་ཀུན་མཁྱེན་ཆོས་མཛད་ལ༴ གནས་མཆོག་ཟབ་བུ་ལུང་གི་དགོན་པ་རུ། །གྲུབ་ཆེན་བ་ལུའི་མེ་ཏོག་ལ༴ གནས་མཆོག་བཀྲ་ཤིས་དཔལ་གྱི་དགོན་པ་རུ། །འདྲེན་མཆོག་སངས་རྒྱས་བརྩོན་འགྲུས་ལ༴ གནས་མཆོག་བྱེ་ཚགས་དབེན་པའི་རི་ཁྲོད་དུ། །རྗེ་བཙུན་རཏྣའི་མཚན་ཅན་ལ༴ གནས་མཆོག་འོན་ཕུ་དཀར་གྱི་རི་ཁྲོད་དུ། །རྗེ་བཙུན་དཔལ་ལྡན་གྲགས་པ་ལ༴ གནས་མཆོག་ཤེལ་དཀར་ཅོག་བུའི་ཕོ་བྲང་དུ། །འགྲོ་མགོན་ལྕོག་གྲ་ཡབ་སྲས་ལ༴ གནས་མཆོག་ཐུབ་བསྟན་ཆོས་འཁོར་ཆོས་གྲྭ་རུ། །སྐྱབས་མཆོག་འཇམ་དབྱངས་དགའ་བ་ལ༴ གནས་མཆོག་ལྷ་རྩེ་བླ་མའི་གདན་ས་རུ། །མཉམ་མེད་རིན་ཆེན་བཟང་པོ་ལ༴ གནས་མཆོག་གར་བཞུགས་དག་པའི་ཕོ་བྲང་དུ། །སྐྱབས་མགོན་དགེ་ལེགས་རྒྱལ་མཚན་ལ༴ གནས་མཆོག་དགའ་ལྡན་ལྷ་རྩེའི་ཕོ་བྲང་དུ། །འདྲེན་མཆོག་འཇམ་དབྱངས་རྣམ་རྒྱལ་ལ༴ གནས་མཆོག་བྱང་ཆུབ་སྦྱོར་ལམ་ཕོ་བྲང་དུ། །སྐལ་བཟང་རིན་ཆེན་རྣམ་རྒྱལ་ལ༴ གནས་མཆོག་མཁའ་སྤྱོད་བསམ་འགྲུབ་ཆོས་ལྡིང་དུ། །ཆོས་དབྱིངས་བདེ་ཆེན་མཚོ་མོ་ལ༴ གནས་མཆོག་སྦྱོར་རྩེ་ཆོས་ཀྱི་ཕོ་བྲང་དུ། །ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ་ལ༴ གནས་མཆོག་སྤྱི་


LT26_Page_164B
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ་ལ༴ གནས་མཆོག་རང་ལུས་རྒྱལ་བའི་ཕོ་བྲང་དུ། །རྩ་ཁམས་དཔའ་བོ་མཁའ་འགྲོ་ལ༴ གནས་མཆོག་དག་སྣང་ཕྱོགས་མེད་གཞལ་ཡས་སུ། །མཆེད་གྲོགས་ཆོས་མཛད་ཐམས་ཅད་ལ༴ མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཚེ་འདི་བློ་ཡིས་ཐོངས་པར༴ བདེ་དྲོད་ལུས་ལ་འབར་བར༴ སྟོང་ཉིད་སྙིང་རྗེ་འབྱོངས་པར༴ སྒྲུབ་པའི་རྒྱལ་མཚན་ཚུགས་པར༴ རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །རྡོ་རྗེ་ཕག་མོའི་གོ་འཕང་མྱུར་ཐོབ་ཤོག །ཅེས་གསོལ་བ་བཏབ་པས་སྤྱི་བོའི་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམས་ཏེ། དཔལ་ལྡན་བླ་མ་སྐུ་བཞིའི་དབང་ཕྱུག་སོགས་དང༌། བསྔོ་སྨོན་རྣམས་ཕྱག་ཆེན་གསོལ་འདེབས་ཀྱི་རྗེས་ལྟར་སོང་རྗེས། རང་ཉིད་ཕག་མོའི་བསྐྱེད་རིམ་དང་ལྡན་པའི་སྒོ་ནས། རྩ་བུག་སྟོང་ཕྲག་བདུན་ཅུ་རྩ་གཉིས་བྱང་སེམས་བདུད་རྩིས་གང་བར་དམིགས་ཏེ་རླུང་བུམ་ཅན་གང་ལྕོགས་རེ་འཛིན། ཐུན་མཚམས་ཐམས་ཅད་དུ་རླུང་ཕྱག་ལ་བརྩོན་པ་དང༌། ལུས་སྦྱོང་འཁྲུལ་འཁོར་སོགས་ལ་འབད། ལྟོག་བགེགས་བསལ་ཕྱིར་ནམ་མཁའ་ཟས་སུ་ཟ་བའི་དམིགས་པ་ནི་འོག་རླུང་ཅུང་ཟད་བསྡམ། ཧཱུྃ་ཞེས་པས་སྟེང་རླུང་དྲག་ཏུ་རྔུབས་པའི་ནམ་མཁའ་སྔོ་འདུར་གྱིས་ཞུ་ནས་སྣ་བུག་ནས་དྲངས་ཁོང་དུ་མིད་པར་བསམ། གསུམ་པ་རྗེས་ཕན་ཡོན་དང་དམ་ཚིག་སོགས་རྡེའུ་དང་མཚུངས། ཉིན་རེ་ཐུན་བཞིའི་རིམ་པས་ཞག་བདུན་བསྟེན་ནོ། །རིལ་བུ་ལྷག་བྱུང་ཚེ་རྗེས་སུ་གཏོང་རྒྱུ་ཆོག་པས་སྣོད་ཀོ་ཁུག་སོགས་རླུང་མི་ཤོར་པའི་ནང་ལ་བླུགས་ཏེ་ཚགས་བྱའོ། །མེ་ཏོག་བཅུད་ལེན་གྱི་གདམས་པ་རྫོགས་སོ།། །ཞེས་པ་འདི་ཡང་རྟ་ལོ་དབྱར་ཟླའི་ཐ་ཆུང་གི་ཚེས་ནང་ཆོས་དབྱིངས་དཔལ་ལྡན། འཇིགས་བྲལ་བསྟན་སྐྱོང༌། སྐལ་བཟང་བློ་གྲོས་གསུམ་ནས་མཚམས་


LT26_Page_165A
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ཀྱིས་བཅུད་ལེན་ཉམས་སུ་ལེན་པའི་སྐབས་ཆོས་དབྱིངས་བདེ་ཆེན་མཚོ་མོས་གོང་མའི་ཕྱག་བཞེས་མཐོང་བརྒྱུད་ལྟར་ཡི་གེར་སྤེལ་བའོ། །སརྦ་དཱ་མངྒ་ལམ།། །།

གདམས་ངག་མཛོད་པོད་བཅུ་བདུན་པ།
ཚེ་སྒྲུབ་ཞག་བདུན་མའི་ཉམས་ལེན་གྱི་རིམ་པ་འཆི་མེད་བདུད་རྩིའི་བཅུད་ལེན།


LT26_Page_166A
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་ཞག་བདུན་མའི་ཉམས་ལེན་གྱི་རིམ་པ་འཆི་མེད་བདུད་རྩིའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།། །།


LT26_Page_166B
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟི། །བདེ་ལྡན་པདྨོའི་ནགས་རུམ་ནས། །འཆི་མེད་བུང་བ་འོད་དཔག་མེད། །དེང་འདིར་ཐུགས་རྗེའི་འཕུར་ལྡིང་གིས། །བྱོན་ལ་ཕན་བདེའི་སྦྲང་རྩི་སྩོལ། །བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྒོ་ནས་ཚེའི་དངོས་གྲུབ་བསྒྲུབ་པར་འདོད་པས་ཐོ་རངས་བྱ་ཁྭ་ཏ་སྐད་མ་བསྒྲག་པའི་དུས་ལ་སོགས་པར་བསམ་གཏན་གྱི་འདུག་སྟངས་ཀྱིས་འདུག་ལ། སངས་རྒྱས་ཆོས་ཚོགས་མ་ལན་གསུམ་གྱིས་སྐྱབས་འགྲོ་སེམས་བསྐྱེད་དང༌། ཚད་མེད་བཞི་བསྒོམ་པ། རང་གི་མདུན་གྱི་ནམ་མཁར་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་གསལ་ལ་དྭངས་པ། ལོ་བཅུ་དྲུག་ལོན་པའི་ན་ཚོད་དང༌། འཛུམ་ཞིང་ཞི་བ་ཡིད་དུ་འོང་བའི་ཞལ་གཅིག་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་ན་བཻ་ཌཱུརྻའི་ལྷུང་བཟེད་འཆི་མེད་བདུད་རྩིས་གང་བ་བསྣམས་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། དབུ་སྐྲ་བུང་བ་ལྟར་གནག་པའི་རལ་པ་


LT26_Page_167A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་ཐོར་ཅོག་གི་ཚུལ་དུ་སྤྱི་བོར་བཅིངས་ཤིང༌། ལྷག་མ་ལན་བུར་གྱུར་པས་ཞབས་ཀྱི་རྟིང་པའི་བར་དུ་སླེབས་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་དང་དར་དམར་པོའི་སྟོད་གཡོགས་དང་ལྷབ་ལྷུབ་ཀྱིས་བརྒྱན་པ། རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པཱ་རི་ཝཱ་ར་ཨརྒྷཾ་པཱ་དྱཾ། ནས། ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱཿ །འཇིག་རྟེན་འདྲེན་པའི་སོགས་ནས། ཕྱག་འཚལ་ལོ། །ཞེས་པས་མཆོད་ཅིང་བསྟོད། བཅོམ་ལྡན་འདས་ལ་མོས་གུས་དྲག་པོ་དུངས་པ་དང་བཅས་པས། ཨོཾ་བཛྲ་ཨཱ་ཡུ་ཥེ། ས་ར་ཧེ། ཤ་ར་རེ།⁽1763⁾ས་ར་ཧ། ཀ་ར་རེ། ཤྭ་ར་རེ་ཧཱུྃ། ཟེར་བའང་སྣང༌། ཀ་ར་རེ་ཧཱུྃ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། དེ་རྗེས་རང་གི་སྣ་བུག་ནས་རླུང་རོ་ལན་གསུམ་བུས། དེ་རྗེས་སྣ་བུག་གཡོན་ནས་རླུང༌། ཅུང་ཟད་ཕྱིར་བུས་པའི་ཚེ། རང་གི་སྣ་རྩེ་ནས་རླུང་སྤོས་རེངས་ཀྱི་དུ་བ་ལྟ་བུ་སྔོ་བུན་ཏེ་སོང་བ། བཅོམ་ལྡན་འདས་ཀྱི་ཕྱག་གི་ལྷུང་བཟེད་བདུད་རྩིས་


LT26_Page_167B
[མ་དཔེ་གཟིགས་ན་འདིར་གནོན།]

གང་བའི་ནང་དུ་སོང་བས། འཆི་མེད་བདུད་རྩིའི་ཆུ་རྒྱུན་རླུང་དེ་ལ་འཁྲིལ་བའི་ཚུལ་དུ་སྐྱ་ནར་གྱིས་བབས་པ། རང་གི་ཁས་རྔུབ་པའི་ཚུལ་དུ་བྱས་པས། བདུད་རྩིའི་རྒྱུན་དཀར་པོ་དེ་ཁ་ནས་མར་ཆིལ་གྱིས་བྱུང༌། ལུས་ཐམས་ཅད་མེར་གྱིས་གང་བས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་སངས་ཀྱིས་དག །འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ནས་རླུང་བུམ་པ་ཅན་ཅི་ཐུབ་འཛིན། དེ་ལྟར་ལན་ལྔའམ། བཅུའམ། བཅོ་ལྔའམ། ཉི་ཤུ་ནས་བརྒྱའི་བར་ཅི་འགྲུབ་བྱ། རྗེས་དམིགས་པ་སྔར་ལྟར་བྱེད་ཅིང༌། ངག་ཏུ། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་བརྒྱ་སྟོང་ལ་སོགས་པ་བཟླ། ཡང་སྔར་བཞིན་མཆོད་བསྟོད་བྱས་པས། མདུན་གྱི་བཅོམ་ལྡན་འདས་འོད་ཟེར་དམར་པོའི་ཚུལ་དུ་ཞུ་སྟེ་རང་ལ་ཐིམ་པས་བདག་ཉིད་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལམ་གྱིས་གྱུར་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་ལ་གཟུངས་རིང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་ལུས་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་སོགས་གཟུངས་རིང་ཉེར་གཅིག་བཟླ། དགེ་བ་འདི་ཡིས་མྱུར་དུ་བདག །ནས། ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་བ་སྨོན་ལམ་བྱ།། ༈ །འདི་ལ་བརྟེན་ནས་ཚེ་སྒྲུབ་ཞག་བདུན་མ་བྱེད་པར་འདོད་པས། ལོ་གསར་ཟླ་བ་སོགས་ཀྱི་ཡར་ངོའི་ཚེས་གཅིག་སོགས་གཟའ་སྐར་གང་བཟང་ནས་ཞག་བདུན་གྱི་བར་ལ་མཚམས་ཤིན་ཏུ་དམ་པར་བཅད། ཟས་རྡོར་དཀར་དང་གུང་ཚིགས་མ་ཡོལ་བར་བྱེད། ཞག་རེ་བཞིན་ཁྲུས་བྱ་ཞིང༌། གྲུབ་ན་གསོ་སྦྱོང་གི་སྡོམ་པ་བླང་ཞིང༌། ཚ་བ་ཞེས་གྲོལ་ནས་གུང་ཚིགས་ཡན་ལ་ཐུན་གཅིག་བྱ། ཐུན་རེ་ལ་ཉམས་སུ་ལེན་ཚུལ་སྔར་ལྟར་བྱ་ཞིང༌། དེ་ཡང་རླུང་སྦྱོར་དང་སྔགས་སྤེལ་མར་བྱས་པ་ཡིན་པས་རླུང་ལྔ་བཅུ་ནས་བརྒྱ་མན་ཅི་རིགས། སྔགས་སྟོང་ནས་ཁྲི་མན་ཅི་


LT26_Page_168A
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་བཟླ། གཟུངས་རིངས་ཀྱང་ཐུན་རེ་ལ་ཉེར་གཅིག་ནས་བརྒྱའི་བར་ཅི་འགྲུབ་བཟླ། མཐར་བསྔོ་བ་སྨོན་ལམ་སོགས་སྔར་ལྟར་མཚུངས། ཉི་མ་ཕྱེད་མན་ཤེར་སྙིང་སོགས་བཟློག་པ་དང་སྲུང་འཁོར་ཁོ་ན་ལ་འབད། ནུབ་མོ་གཉིད་དུ་འགྲོ་ཁར་ནུབ་ཕྱོགས་བདེ་བ་ཅན་ལ་སྔས་གཏད་དེ་སེང་གེའི་ཉལ་སྟབས་ཀྱིས་ཉལ། རྣམ་རྟོག་གཞན་གྱི་བར་མ་ཆད་པར་གཉིད་ལོག་པས། རྨི་ལམ་དུ་སྐུ་མཐོང༌། གསུང་ཐོས་པ་ལ་སོགས་དང༌། ཉི་ཟླ་འཆར་བ། སྒྲ་གཅན་ལས་གྲོལ་བ། ནམ་ལངས་པ་དང༌། ལྷུང་བཟེད་དང་བུམ་པ་སོགས་སྣོད་དཀར་གསུམ་གྱིས་གང་བ། སཙྪ་དཀར་པོས་ལུང་པ་ཁེངས་པ་སོགས་དགེ་བའི་ལྟས་དུ་མ་དང་ཁྱད་པར་ཚེ་ལོ་འདི་ཙམ་ཐུབ་ཅེས་པའི་ལུང་བསྟན་ངེས་པ་ཅན་དང༌། སྲོག་ཆགས། ཕྲེང་བ། ཤིང་ཐོག །ཟན་རིལ། སྦ་སྨྱུག་ཚིགས་ཅན། དཔེ་ཤོག །ཉ་ག་ལ་སོགས་པ་ཚེ་འདི་ཙམ་ཐུབ་པའི་གྲངས་ལུང་སྟོན་པའི་བརྡའི་རྣམ་པ་མཐའ་ཡས་པ་གཅིག་འོང་བས། དེ་དག་ཤིན་ཏུ་གསང་པར་བྱ། གལ་ཏེ་ལུང་བསྟན་མ་བྱུང་ན། སླར་ཡང་ཞག་བདུན་བསྐྱར་བས་ངེས་པར་འབྱུང་བ་ཡིན་ནོ། །དེ་ལྟར་ཞག་བདུན་མའི་དུས་དང༌། རྒྱུན་གྱི་ཉམས་ལེན་གྱི་ཚེ་ཡང་ཚིག་གཞན་གྱིས་བར་མ་ཆོད་པའི་སྨྲ་བཅད་དམ་པོ་དང་ཐེ་ཚོམ་མེད་པའི་ཡིད་ཆེས་ཁྱད་པར་ཅན་གྱི་སྒོ་ནས་འབད་སྩོལ་གྱིས་ཉམས་སུ་བླངས་པས། ཇི་སྐད་བཤད་པ་བཞིན་འབྱུང་བ་ནི་ཉམས་སུ་མྱོང་བས་གྲུབ་པ་ཡིན་ནོ། །འཕགས་ཡུལ་གྲུབ་དབང་པདྨའི་ངང་ཚུལ་གང༌། །གངས་ཅན་འདི་ན་རོང་སྟོན་ཆོས་ཀྱི་རྗེ། །རྗེ་བཙུན་དམ་པའི་ཐུགས་བཅུད་བདུད་རྩིའི་རྒྱུན། །རྒྱུན་ཆད་མེད་པར་བླ་མའི་དྲིན་ལས་ཐོབ། །གང་འདི་རིས་མེད་བསྟན་པའི་སྦྱིན་བདག་ཆེ། །ནོར་འཛིན་སྐྱོང་བ་ངག་དབང་མཚན་ཅན་གྱི། །རྒྱུན་གྱི་ཉམས་བཞེས་ཚུལ་དུ་བཀོད་པ་ནི། །ཤཱཀྱའི་བཙུན་པ་བློ་གསལ་མིང་ཅན་ནོ། །ཨཱ་


LT26_Page_168B
[མ་དཔེ་གཟིགས་ན་འདིར་གནོན།]

ཡུཿཔུཎྱ་ཝརྡྷ་གུ་རུ་མངྒ་ལཾ་བྷ་བནྟུ།། ༈ །ཚེ་སྒྲུབ་ཞག་བདུན་མའི་བརྒྱུད་འདེབས་དངོས་གྲུབ་མཆོག་སྩོལ་ཅེས་བྱ་བ་བཞུགས་སོ།། །ན་མོ་རཏྣ་གུ་རུ། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་ཚེ་དཔག་མེད། །རྒྱལ་བས་རྗེས་བཟུང་གྲུབ་པའི་རྒྱལ་མོའི་ཞབས། །རྣལ་འབྱོར་ཀུན་གྱི་གཙུག་རྒྱན་ཏི་ཕུ་པར། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །ཐམས་ཅད་མཁྱེན་པ་རོང་སྟོན་ཆོས་ཀྱི་རྗེ། །ཐུགས་ཀྱི་སྲས་མཆོག་ནམ་མཁའ་དཔལ་ལྡན་པ། །ཐུབ་པའི་དབང་ཕྱུག་ཀུན་སྤོང་ཆོས་རྗེ་ལ། །གསོལ་བ༴ རྒྱལ་བ་ཀུན་དངོས་ཚར་ཆེན་ཆོས་ཀྱི་རྗེ། །འཇམ་དཔལ་རྡོ་རྗེ་མཁྱེན་བརྩེའི་དབང་ཕྱུག་དང༌། །མཁས་གྲུབ་ཆེན་པོ་བསླབ་གསུམ་རྒྱལ་མཚན་ལ། །གསོལ་བ༴ དུས་མིན་འཆི་བ་ལས་རྒྱལ་དབང་ཕྱུག་མཚན། །ཚེ་དཔག་མེད་དངོས་ཁྱབ་བདག་ཞྭ་ལུ་པ། །མགོན་དེས་རྗེས་བཟུང་ངག་གི་དབང་ཕྱུག་ལ། གསོལ་བ༴ སློབ་བཤད་བསྟན་པའི་ཉི་མ་རྨོར་ཆེན་རྗེ། །གདམས་པ་རྒྱ་མཚོའི་མངའ་བདག་གནས་གསར་པ། །འཆི་མེད་མཆོག་བརྙེས་འཇམ་དཔལ་རྡོ་རྗེ་ལ། །གསོལ་བ༴ མཁས་གྲུབ་ཆེན་པོ་ཀུན་དགའ་དཔལ་བཟང་པོ། །གདམས་པའི་མཛོད་འཛིན་ཀུན་དགའ་འཇམ་དཔལ་དང༌། །བརྒྱུད་སྲོལ་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། དེ་ལྟར་ཁྱེད་ལ་གསོལ་བ་བཏབ་པའི་མཐུས། །དུས་མིན་འཆི་བའི་དགྲ་ལས་རྣམ་རྒྱལ་ཏེ། །ཕུན་ཚོགས་བསམ་པ་ཡིད་བཞིན་འགྲུབ་པ་དང༌། །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་ཚེ་སྒྲུབ་ཞག་བདུན་མའི་ཉེ་བརྒྱུད་ཀྱི་བླ་མ་ལ་གསོལ་བ་འདེབས་པ་འདིའང༌། ཡུལ་གཙང་སྟོད་ཀྱི་བཙུན་པ་བློ་གསལ་གྱིས་སྙུག་རི་ཁང་བཟང་གི་དབང་པོའི་ཕྱོགས་ཀྱི་བ་གམ་ལྔ་པའི་མེ་ཏོག་མདངས་ཅན་གྱི་གནས་སུ་སྦྱར་བའི་ཡི་གེ་པ་ནི་མགོན་པོ་འོད་ཟེར་གྱིས་བགྱིས་པའོ། །སླར་


LT26_Page_169A
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཚར་ཆེན་ནས་ངག་གི་དབང་ཕྱུག་བར་མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་ཀྱིས་མཛད། དེ་ཕྱིན་གྱི་ཞལ་སྐོང་རྣམས་ཡོངས་འཛིན་དམ་པ་རྣམ་པ་བཞི་ལས་གདམས་ཟབ་འདི་ཉིད་ཀྱི་བཀའ་དྲིན་ཐོབ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ། །།

གདམས་ངག་མཛོད་པོད་བཅུ་བདུན་པ།
གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་རིན་འབྱུང་ལས་ཁོལ་དུ་ཕྱུངས་པ།


LT26_Page_170A
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་རིན་འབྱུང་ལས་ཁོལ་དུ་ཕྱུངས་པ་བཞུགས་སོ། །


LT26_Page_170B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། །གང་གི་མཚན་ཙམ་ཐོས་པས་ཀྱང༌། །དུས་མིན་འཆི་བ་ཉེར་ཞི་ཞིང༌། །སྡིག་སྒྲིབ་མཐའ་དག་སྦྱོང་མཛད་པའི། །གཙུག་ཏོར་རྣམ་རྒྱལ་ལ་ཕྱག་འཚལ། །སྐྱབས་སེམས་སྔོན་དུ་འགྲོ་བས། སྤྲོ་ན་ཚོགས་ཞིང་སྤྱན་འདྲེན་དང༌། ཡན་ལག་བདུན་པ་རྒྱས་པར་བྱ། མདོར་བསྡུ་ན་ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧོ། །སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན་དུ་གྱུར་པ་ནི། རིན་པོ་ཆེའི་རང་བཞིན་སེང་ཁྲིའི་སྟེང་དུ་པདྨ། དེའི་སྟེང་དུ་ཁྲི་ཟླུམ་པོ་བང་རིམ་སུམ་བརྩེགས། དེའི་སྟེང་དུ་ཟླ་བ་ལ་གནས་པའི་བུམ་པ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་སྒོ་དང་བཅས་པ། སྟེང་དུ་རིན་པོ་ཆེའི་བྲེ། གདུགས་བཅུ་གསུམ། ཆར་ཁེབས་ཏོག་དང་བཅས་པ། མེ་ཏོག་གི་ཕྲེང་བ་དང༌། དར་གྱི་ལྡ་ལྡི་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་བུམ་པའི་ནང་དུ་པདྨ་དང་ཟླ་བའི་གདན་ལ་བྷྲཱུྃ་ལས་སྣ་ཚོགས་རྡོ་རྗེ་བྷྲཱུྃ་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར་བ། གཡས་སེར་བ། གཡོན་སྔོ་ཞིང་ཡིད་ཙམ་ཁྲོ་བ། ཞལ་རེ་རེ་ཞིང་ཞི་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་ཀྱི་དང་པོས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་པས་པདྨའི་སྟེང་དུ་འོད་དཔག་ཏུ་མེད་པ་བཞུགས་པ་བསྣམས་པ། གསུམ་པས་མདའ་བཞི་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ་


LT26_Page_171A
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དང་པོས་ཞགས་པ་དང་བཅས་པའི་སྡིགས་མཛུབ། གཉིས་པས་གཞུ། གསུམ་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ། བཞི་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པའི་སྟེང་ན་བདུད་རྩིའི་བུམ་པ་དང་བཅས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ། གཡས་རྔ་ཡབ་དང་གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ། གཡོན་དུ་ཕྱག་ན་རྡོ་རྗེ་སྔོན་པོ། གཡས་རྔ་ཡབ་དང་གཡོན་རྡོ་རྗེ་སྔོན་པོ་འཛིན་པ། གཙོ་འཁོར་གསུམ་གྱི་ཕྱོགས་བཞིར་ཁྲོ་བོ་བཞི་གནས་པ་ནི། ཤར་དུ་མི་གཡོ་བ་གཡས་རལ་གྲི་ཕྱར་བ། ལྷོར་འདོད་པའི་རྒྱལ་པོ་གཡས་ལྕགས་ཀྱུ་ཕྱར་བ། ནུབ་ཏུ་དབྱུག་སྔོན་གཡས་དབྱུག་པ་ཕྱར་བ། བྱང་དུ་སྟོབས་པོ་ཆེ་གཡས་རྡོ་རྗེ་རྩེ་གསུམ་ཕྱར་བ། ཐམས་ཅད་ཀྱང་སྐུ་མདོག་མཐིང་ཁ་རབ་ཏུ་ཁྲོས་པ། ཕྱག་གཡོན་སྡིགས་མཛུབ་ཐུགས་ཀར་གཏོད་ཅིང་སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་ནག་པོ་ཐོར་ཚུགས་སུ་བྱས་པ། སྟག་ལྤགས་དང༌། སྦྲུལ་གྱི་རྒྱན་ཅན། མེ་དཔུང་འབར་བའི་དབུས་ན་གཡོན་བརྐྱང་གིས་བཞུགས་པའོ། །གཙོ་མོའི་སྟེང་གི་ནམ་མཁའ་ལ་གནས་གཙང་མའི་རིས་ཀྱི་ལྷའི་བུ་གཉིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། གཙོ་མོ་ལ་སྐུ་ཁྲུས་གསོལ་བ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། དཔྲལ་བར་ཏྲཱཾ་སེར་པོ། ལྟེ་བར་ཧྲཱིཿདམར་པོ། བརླ་གཉིས་ལ་ཨཾ་ཨ་ལྗང་ཁུ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་


LT26_Page_171B
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་འཁོར་དང་བཅས་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ །དེ་བཞིན་དུ་སྦྱར་ཏེ། ཨཱརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ ཡང་འོད་ཟེར་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ནས། ཤབྡ་ཨཱཿཧཱུྃ་གིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཇི་ལྟར་བལྟམས་པ་ནས། ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུངས་ཤིང༌། བུམ་པའི་ཆུས་དབང་བསྐུར། སྐུ་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག །ཆུ་ལྷག་མ་སྤྱི་བོར་ལུད་པ་ལས། གཙོ་མོ་ལ་རྣམ་པར་སྣང་མཛད། སྤྱན་རས་གཟིགས་ལ་འོད་དཔག་མེད། ཕྱག་ན་རྡོ་རྗེ་དང༌། ཁྲོ་བོ་བཞི་ལ་མི་བསྐྱོད་པ། ལྷའི་བུ་གཉིས་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། བཛྲ་ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་བསྟོད། །སྙིང་གར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བྷྲཱུྃ་ཡིག་བསྲུང་བྱ་སྔགས་ཕྲེང་དང་བཅས་པ་འཁོད་པར་གྱུར། ཨོཾ་ཨཱཿཧཱུྃ་ཏྲཱཾ་ཧྲཱིཿཨཾ་ཨཿ བདག་དང་བསྲུང་བྱ་ལ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། །ཞེས་ཅུང་ཟད་བཟླས་ནས། གཙོ་བོར་གཟུངས་རིང་ཉིད་བཟླའོ། །བཟླས་པ་ཚར་ནས། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་


LT26_Page_172A
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ལ་མཆོད་བསྟོད། ཡིག་བརྒྱ། འདོད་གསོལ། བཤགས་གསོལ་རྣམས་བྱས་ནས། དགེ་བ་བསྔོས་ལ། ཐུན་མཚམས་ལ་འཇུག །གཏོར་མ་དཀར་གཏོར་ཞིག །ཨོཾ་བཛྲ་ཡཀྴ་ཧཱུྃ་གིས་བསང༌། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧཱ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུྃ་ཕཊ་ཀྱིས་སྦྱང༌། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཏ་ཀྱིས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་རྒྱལ་ལྷ་དགུའི་དཀྱིལ་འཁོར་སྤྱན་དྲངས། གཟུངས་རིང་ཚར་གཅིག་གི་མཐར། ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་རེ་བྷྱཿ ཨོཾ་ཨ་ཀཱ་རོ་སོགས་ལན་བདུན་གྱིས་ཕུལ། གོང་བཞིན་མཆོད་བསྟོད་བྱ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་འདོད་དོན་གསོལ་བ་བཏབ། ཡིག་བརྒྱ་བཟོད་གསོལ། གཤེགས་གསོལ་སྨོན་ལམ། བཀྲ་ཤིས་རྣམས་བྱའོ། །འདིའི་རྗེས་གནང་གི་བྱ་བ་ནི། སྟེགས་བུ་གྲུ་བཞི་པ་རས་བཟང་པོས་གཡོགས་པའི་དབུས་སུ་མཎྜལ་གུར་གུམ་གྱིས་བྱུགས་པར་མེ་ཏོག་གི་ཚོམ་བུ་དབུས་སུ་ཆེ་བ་གཅིག །གཡས་གཡོན་དུ་དེ་ལས་ཆུང་བ་རེ། དེ་རྒྱབ་ཕྱོགས་བཞིར་བཞི་བཀོད། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག །ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ། ལྷོར་མེ་ཏོག །ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དུ་དྲི་ཆབ། །བྱང་དུ་ལྷ་བཤོས་ཀྱི་བར་དུ་གཏོར་འབུལ་དཀར་ཟླུམ་བཤམ། སྐྱབས་སེམས་ནས་བདག་བསྐྱེད་བཟླས་པ་གཤེགས་གསོལ་བར་ཚང་བར་བཏང༌། དེ་ནས་མཆོད་པ་བྱིན་རླབས་ནི། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི། ཞལ་ཟས།


LT26_Page_172B
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་དཔག་ཏུ་མེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་པཱ་དྱཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས་ཤབྡ་ཨཱཿཧཱུྃ། ཨོཾ་བཛྲ་སྥ་ར་ཎ་ཁཾ། དེ་ནས་མདུན་བསྐྱེད་སྒྲུབ་པ་ནི། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་དྲིའི་མཎྜལ་གྱི་དབུས་སུ་པཾ་ལས་པདྨ་དང་སོགས་བདག་བསྐྱེད་ལྟར་ལ། རང་ཉིད་ཅེས་པའི་ཚིག་དོར། །འདི་ལ་དབང་བསྐུར་དུ་གསོལ། ཅེས་ཁ་བསྒྱུར། མཆོད་བསྟོད་དང་བཟླས་པ་བདུན་ཙམ་གྱིས་མཉེས་པར་བྱ། གཏོར་འབུལ་འདོད་གསོལ་བར་བྱ་བ་ལ་གཏོར་མགྲོན་སྤྱན་འདྲེན་མི་དགོས། དེ་ནས་སློབ་མ་རྣམས་ལ་ཁྲུས་ཀྱི་ཕྱིར་ཆབ་བཏང༌། མེ་ཏོག་བཀྲམ་བསྡུ་དང༌། སེམས་བསྐྱེད་གསལ་བཏབ་ལ། དེའང་རྒྱུད་སྡེ་བཞི་ལས་སྒྲུབ་ཐབས་དུ་མ་གསུངས་པ་རྣམས་ལ། རྒྱ་གར་གྱི་སློབ་དཔོན་སོ་སོས་སྒྲུབ་ཐབས་མཛད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་བཞུགས་པ་ཡིན་ལ། བསྡུས་པ་བ་རི་ལོ་ཙཱས་བསྒྱུར་བའི་སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་ནང་ཚན་རྣམ་རྒྱལ་ལྷ་དགུའི་རྗེས་གནང་སྒྲུབ་པ་སྟེ། སྤྱིར་གཙུག་ཏོར་རྣམ་པར་རྒྱལ་མ་འདི་ཉིད་ངོ་བོ་མགོན་པོ་ཚེ་དཔག་ཏུ་མེད་པ་ཡིན་ཀྱང༌། སྒྲུབ་ན་འགྲུབ་སླ་བའི་ཁྱད་པར་གྱིས་གསང་སྔགས་སུ་མི་སྟོན་པར་གཟུངས་སྔགས་སུ་མཛད་ཅིང་ལྷ་མོའི་རྣམ་པར་བསྟན་པས་བྱིན་རླབས་ཤིན་ཏུ་མྱུར་བ་ཡིན་ལ། འདི་ལ་བདེ་བ་ཅན་གྱི་གཙུག་ཏོར་རྣམ་རྒྱལ་དང༌། ངན་འགྲོ་ཡོངས་སྦྱོང་གི་གཙུག་ཏོར་རྣམ་རྒྱལ་དང༌། འཆི་བདག་དབྱུག་འཛིན་གྱི་གཙུག་ཏོར་རྣམ་རྒྱལ་ཏེ་གཟུངས་མདོ་གསུམ་དུ་བཞུགས་པ་ལས། ད་ལྟའི་རྣམ་རྒྱལ་ལྷ་དགུ་


LT26_Page_173A
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་གཟུངས་མདོ་དང་པོ་ལ་བརྟེན་པར་བཞེད་ཅིང་བྱ་རྒྱུད་གཤེགས་རིགས་ཀྱི་གཙུག་ཏོར་ཏེ། འདི་ཉིད་ཀྱི་མཚན་བཟུང་བ་དང་གཟུངས་སྔགས་བཟླས་པ་ཙམ་གྱིས་འདི་ཕྱིའི་འཇིགས་པ་ཀུན་ལས་སྐྱོབས། ཚེ་རིང་དུ་སྤེལ། ཕྱི་མ་བདེ་བ་ཅན་དུ་སྐྱེ་ངེས་པ་སོགས་ཕན་ཡོན་ངོ་མཚར་མཐའ་ཡས་པ་དང་ལྡན་པར་གསུངས་པའི་རྗེས་གནང་གི་ཆོ་ག་ལ་བསྒྲུབ་པ་ལ། སློབ་དཔོན་གྱི་བགྱི་བར་འོས་པ་རྣམས་སྔོན་དུ་གྲུབ་ཟིན་པ་ལགས་པས། ད་སློབ་མ་རྣམས་ཀྱི་བྱ་བ་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། སློབ་མས་འདིར་མཎྜལ་ཕུལ། ཡང་བླ་མས་མཎྜལ་ཕུལ་ནས། གསོལ་བ་འདེབས་པ་འདིའི་རྗེས་ཟློས་གསུངས་ཤིག །དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར། མདུན་བསྐྱེད་ཀྱི་ལྷ་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་དུ་རྒྱུན་བཤགས་དང་སྐྱབས་གསུམ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་བཟུང་བ་ལ་སོགས་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། སོགས་གསུམ་དང༌། ཁྱད་པར་དུ་གཙུག་ཏོར་རྣམ་པར་རྒྱལ་མའི་རྗེས་གནང་སྩལ་དུ་གསོལ་སྙམ་པའི་འདུན་པས་འདིའི་རྗེས་ཟློས་ཀྱང་གསུངས་ཤིག །སློབ་དཔོན་དགོངས་སུ་གསོལ། བདག་ལ་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་རྗེས་གནང་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་གྱི་གསོལ་བ་བཏབ་ནས། ད་སྦྱོར་བ་རྗེས་གནང་གི་གཞི་


LT26_Page_173B
[མ་དཔེ་གཟིགས་ན་འདིར་གནོན།]

དགོད་ཅིང་སྐུའི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་པར་ཞུ། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཕྱི་ནང་གི་དངོས་པོ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས་པཾ་ལས་པདྨ་སོགས་མངོན་རྟོགས་ལྟར་ལ། རང་ཉིད་ཅེས་པའི་མལ་དུ། ཁྱེད་རང་རྣམས་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་སོགས་ནས། གཙོ་མོ་ལ་སྐུ་ཁྲུས་གསོལ་བའོ་བར་བརྗོད། དེ་ནས་སློབ་དཔོན་ཡང་རང་གིས་བསྒོམ་པ་དང་འདྲ་བའི་གཙུག་ཏོར་རྣམ་པར་རྒྱལ་མ་དངོས་ཡིན་སྙམ་པའི་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། །དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་དང༌། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་གཙུག་ཏོར་རྣམ་པར་རྒྱལ་མ་འཁོར་དང་བཅས་པའི་སྐུ་ཆེ་ཆུང་མ་ངེས་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ལ་སོགས་པ་དང་བ་སྤུའི་བུ་ག་རྣམས་ནས་ཆར་བབས་པ་བཞིན་དུ་སིབ་སིབ་ཐིམ་པར་མོས་མཛོད། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། དེས་སྐུའི་རྗེས་གནང་ཐོབ། ལུས་ཀྱི་སྡིག་སྒྲིབ་དག །ལུས་ལྷ་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། །གཉིས་པ་གསུང་གི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་སྙིང་གར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བྷྲཱུྃ་དཀར་པོ་དེ་ལས་གཟུངས་སྔགས་ཀྱི་ཕྲེང་བ་བྱུང་སློབ་དཔོན་གྱི་ཁ་ནས་ཐོན།


LT26_Page_174A
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་བྷྲཱུྃ་དཀར་པོ་གནས་པ་ལ་ཐིམ། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་ཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས། སྙིང་གའི་བྷྲཱུྃ་ལ་ཐིམ་པའི་མོས་པ་མཛོད་ལ། སྔགས་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག །གཟུངས་རིང་ལན་གསུམ། དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཅེས་ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ཏེ། ཁྱེད་རང་གི་སྤྱི་བོར་ཕུལ་བའི་མོས་པ་མཛོད་ཅིག །སློབ་དཔོན་གྱིས་མེ་ཏོག་གཏོར་ཞིང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག །བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་འདི་ཉིད་ཇི་སྲིད་བྱང་ཆུབ་མ་ཐོབ་བར་གྱི་ཡི་དམ་དུ་བཟུང་ངོ༌། བདག་ཐུགས་ཀྱིས་མ་བཏང་ཞིག་སྙམ་པའི་བསམ་པས་འདིའི་རྗེས་ཟློས་གསུངས་ཤིག །སློབ་དཔོན་དགོངས་སུ་གསོལ། བདག་རིག་པ་


LT26_Page_174B
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་འཁོར་དང་བཅས་པ་ཡི་དམ་གྱི་ལྷར་བཟུང་ནས་འདིའི་གཟུངས་སྔགས་ཉི་མ་རེ་རེ་བཞིན་འདོན་པར་དམ་བཅའ་ལགས་སོ། །ཞེས་ལན་གསུམ་བརྗོད། དེས་གསུང་གི་རྗེས་གནང་ཐོབ། ངག་གི་སྒྲིབ་པ་སྦྱངས། ངག་སྔགས་བཟླ་བ་ལ་དབང་བར་བྱས་པ་ཡིན་ནོ། །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་བསྐྱེད་ཀྱི་ལྷ་ལ་མོས་གུས་དུང་དུང་པ་དང་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་མཛད་པས། མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀ་ནས་གཙུག་ཏོར་རྣམ་པར་རྒྱལ་མའི་སྐུ་སོར་ཚད་ཙམ་ཅིག་རྒྱངས་སེ་བྱོན། ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་དང་དབྱེར་མེད་དུ་འདྲེས། རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། དེས་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཡིད་ཀྱི་སྒྲིབ་པ་སྦྱངས། སེམས་ཏིང་ངེ་འཛིན་བསྒོམ་པ་ལ་དབང་བར་བྱས་པ་ཡིན་ནོ། དེ་དག་གིས་གཙུག་ཏོར་རྣམ་པར་རྒྱལ་མ་ལྷ་དགུའི་རྗེས་གནང་གྲུབ་པ་ཡིན་པས་སོགས་མཚམས་སྦྱར་སྤྱི་ལྟར་བྱས་ལ། གཙོ་བོས་ཇི་ལྟར་སོགས་གསུམ་གྱི་དམ་ཚིག་བཟུང༌། གཏང་རག་གི་མཎྜལ་དང༌། དེང་ནས་བརྩམས་ཏེ་ཚར་གསུམ། བསོད་ནམས་འདི་ཡི་སོགས་བསྔོ་སྨོན་བྱས་པས་སློབ་མའི་བྱ་བ་གྲུབ། སྐབས་སུ་བབས་པའི་དོན་དུ་གཉེར་བ་སོགས་དགོས་པ་དང་འབྲེལ་ན། བདག་མདུན་གཉིས་ཀྱི་བར་དུ་བུམ་པ་སྒྲུབ་པ་དང༌། རྗེས་གནང་གི་ཐོག་མཐའ་གང་རུང་དུ་བཀྲུ་བྱ་བ་སྲུང་གསུམ་གྱི་ཆོ་ག་བྱ་སྟེ་ལག་ལེན་ནི་སྤྱི་དང་འདྲའོ། །མདུན་བསྐྱེད་རྗེས་ཆོག་མཆོད་པ་ཁ་གསོས་ལ་བྱིན་བརླབ། མཆོད་བསྟོད་


LT26_Page_175A
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་ལྟར་བྱ། དགོས་འདོད་ཀྱི་དངོས་གྲུབ་བླང༌། ཡིག་བརྒྱ་བརྗོད། བཟོད་པར་གསོལ། ཨོཾ་བཛྲ་མུཿ ཚོམ་བུའི་ཡེ་ཤེས་པ་གཤེགས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་རང་ལ་ཐིམ། བསྔོ་སྨོན་དང༌། སྟོན་མཆོག་དམ་པ་སོགས་བཀྲ་ཤིས་བརྗོད་ལ་རོལ་མོ་འཁྲོལ་བར་བྱའོ། །གཟུངས་འདིའི་སྒྲུབ་ཐབས་མང་ན་ཡང༌། །ཀུན་ལ་འདི་ཉིད་གྲགས་ཆེ་བས། །གཞན་ལ་ཕན་ཕྱིར་དགའ་བས་བྲིས། །འདུས་གསལ་སྙིང་པོ་ངོ་མཚར་རྨད། །རྣམ་རྒྱལ་ལྷ་དགུའི་སྒྲུབ་ཐབས་ཀྱི་ལེ་ཚན་ནོ། །དར་རྒྱས་འཕེལ།། །།

གདམས་ངག་མཛོད་པོད་བཅུ་བདུན་པ།
རྣམ་རྒྱལ་ལྷ་དགུའི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ།


LT26_Page_176A
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་ལྷ་དགུའི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ་བཞུགས་སོ།། །།


LT26_Page_176B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། གུ་རུ་བུདྡྷ་བོ་དྷི་ས་ཏྭ་ན་མོ་ན་མཿ །ཡེ་ཤེས་ལྷ་མོ་ངོ་མཚར་ཆ་ཤས་ནི། །རྣམ་པ་དུ་མས་ཡོངས་སུ་རྫོགས་པའི་སྐུ། །ནང་གི་མུན་སེལ་བདུད་རྩིའི་འོད་དཀར་ཅན། །གང་ཁྱོད་འདིར་ནི་རྣམ་པར་རྒྱལ་གྱུར་ཅིག །དེ་ལ་གཙུག་ཏོར་རྣམ་རྒྱལ་གྱི་རིགས་སྔགས་འདི། གང་གཱའི་ཀླུང་ཁྲག་ཁྲིག་ཆེན་པོ་བརྒྱད་ཅུ་རྩ་བརྒྱད་ཀྱི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་ཀྱིས་གསུངས་ཤིང༌། བྱིན་གྱིས་བརླབས་པས། ངན་འགྲོ་དང་ལས་ཀྱི་སྒྲིབ་པ་མཐའ་དག་ཡོངས་སུ་སྦྱོང་བ། བདེ་འགྲོ་དང་བདེ་བའི་ལམ་སྟོན་པ། འཆི་བ་མེད་པའི་གོ་འཕང་མྱུར་དུ་ཐོབ་པར་བྱེད་པ་ཡིན་པར་གསུངས་པས། བློ་ལྡན་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ཀྱིས། མཆོག་ཏུ་ནན་ཏན་དུ་བྱ་བའི་འོས་སོ། །དེ་ལ་འདི་ཉིད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་གཞན་དུ་འབྲི་བར་འགྱུར་ལ། ལྷ་དགུའི་རྣལ་འབྱོར་ལ་བརྟེན་ནས་ཁྲུས་ཆོག་དང་སྟོང་མཆོད་སོགས་བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་དུ་མཛད་པ་གང་ཡིན་པ་དེ་བྲི་བར་བྱའོ། །འདི་ལ་ཆོ་གའི་སྔོན་དུ་འགྲོ་བའི་བྱ་བ་ནི། སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་སྤྱི་དང་མཐུན་པར་བཤམས། བུམ་པའི་སྟེང་དུ་གཟུངས་འདིའི་སྙིང་པོ་ཅན་


LT26_Page_177A
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣམ་རྒྱལ་མཆོད་རྟེན་བཞུགས་སུ་གསོལ། མཉྫི་སོགས་སྟེགས་མཐོ་བ་ལ། དུང་ཆོས་སམ་ཟངས་ཆོས་སུ་མཆོད་ཡོན་ཆུ་གཙང་ལ་འོ་མ་དང་མེ་ཏོག་དཀར་པོ་བཏབ་པ་བཞག །མཆོད་པ་གཞན་རྣམས་བཤམས་ཚུལ་ནི། ཕྱིས་ཀྱི་བླ་མ་འགའ་ཞིག་གི་ཕྱག་ལེན་ལྟར། བྱང་ཤར་དུ་མཚམས་འཛིན་གྱི་མེ་ཏོག་དང་མཆོད་ཡོན་ནས། ཞལ་ཟས་ཀྱི་བར་བདུན་པོ་ཤར་ནས་བྱང་གི་བར་དུ་གཡས་བསྐོར་དུ་བྱེད་པའི་ལུགས་བཞིན་བཤམས་ཀྱང་ཆོག །མདུན་དུ་མཆོད་ཡོན་ཞབས་བསིལ། གཡས་སུ་མེ་ཏོག་བདུག་སྤོས་མར་མེ་གསུམ། གཡོན་དུ་ཞལ་ཟས་དྲི་ཆབ། ཡང་མར་མེ་དེ་གསུམ། རྒྱབ་ཏུ་མཚམས་འཛིན་བཤམས་པའམ། ཡང་ན་གཡས་སུ་ཉེར་སྤྱོད་ལྔ་དང༌། གཡོན་དུ་ཆུ་གཉིས་སོགས་བཤམས་པས་ཆོག་ལ། གཅིག་ཏུ་ངེས་པར་དགོས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་འཇིག་རྟེན་ལས་འདས་པའི་གཏོར་མ་དང༌། རྒྱལ་ཆེན་བཞིའི་གཏོར་མ་དང༌། ཆ་གསུམ་རྣམས་སྤྱིར་ཕྱོགས་ལ་ངེས་པ་མེད་ཀྱང༌། འདས་གཏོར་དཀྱིལ་འཁོར་གྱི་མདུན་གྱི་ཕྱོགས་དང༌། རྒྱལ་ཆེན་བཞིའི་གཏོར་མ་ཕྱི་རོལ་གྱི་ཕྱོགས་བཞི། ཆ་གསུམ་ཇི་ལྟར་བདེ་བར་སྒྲིག །ཡང་


LT26_Page_177B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མི་བདེ་ན། ཤར་དུ་འཇིག་རྟེན་འདས་གཏོར་གྱི་སྣེ་འཐུང་ནས་རྒྱལ་ཆེན་བཞིའི་གཏོར་མ་སྒྲིགས། ཆ་གསུམ་ཅི་བདེ་བའི་ཕྱོགས་སུ་བཞག་པས་ཆོག་གི། ལྷོ་ཉིད་དུ་དགོས་ཟེར་བ་ནི་ལུང་རིག་མེད་དོ། །སྤྱིར་བཏང་ལ་བུམ་པ་དང་རྟེན་གྱི་ཞལ་ཡང་འཇིག་རྟེན་ཤར་ལ་བལྟ། །ཅི་སྟེ་སྟོང་མཆོད་བྱེད་ན། ལྷ་བཤོས་སྟོང་དང༌། མར་མེ་སྟོང་དང༌། བདུག་སྤོས་སྟོང་རྣམས་ངེས་པར་དགོས་ཤིང༌། གཞན་ཡང་གདུགས་དང་བ་དན་ལ་སོགས་པ་འགྲུབ་ན་སྟོང་དུ་ཚང་བར་དགོས་ཤིང༌། མ་འགྲུབ་ན་ཇི་ལྟར་རིགས་པ་བྱ་བ་ལས། རས་སམ་དར་གྱི་ཚལ་པ་ཕྲ་མོས་ཀྱང་རུང་མོད། དུག་ཅན་གྱི་ཤོག་བུ་ལ་འབྲི་བ་དང༌། རས་བྲིས་དྲི་མ་ཅན་གྱིས་ནི་གོ་མི་ཆོད་དོ། །དེ་འདྲ་བྱེད་པ་དེ་ནི། གང་ལ་བྱ་བའི་བསྒྲུབ་བྱ་ལ་ཕན་མི་ཐོགས་པ་དང༌། དཀྱིལ་འཁོར་གྱི་ལྷ་ལ་བརྙས་པར་འགྱུར་བ་དང༌། ལག་ལེན་ངན་པས་ལག་ལེན་བཟང་པོ་སུན་འབྱིན་པའི་སྤྱོད་པར་འགྱུར་བའི་ཕྱིར། རིང་དུ་དོར་བར་བྱའོ། །མཆོད་པ་དེ་རྣམས་ནི་བུམ་པའི་དཀྱིལ་འཁོར་གྱི་མཐའ་ལ་བསྐོར་ཀྱང་རུང༌། སྟེགས་བུ་གཞན་ལ་བཀོད་ནས་ཕྱོགས་བཞི་ནས་བསྐོར་ཀྱང་རུང་ངོ༌། །གཏོར་མ་སྟོང་ཕྲག་ཀྱང་དེ་ལྟར་བཀོད་ན་རུང་མོད་ཀྱི། གཏོར་སྣོད་གཞན་དུ་སྒྲིགས་པའི་ལག་ལེན་གཙོ་ཆེ་ལ། གཞན་ཡང་རོལ་མོ་སོགས་དགོས་པའི་ཡོ་བྱད་ཚང་བར་བྱས་ཏེ། དེ་རྣམས་ལག་ལེན་མཐོང་བ་ལས་ཀྱང་ཤེས་པར་བྱའོ། །དེ་ནས་ཐམས་ཅད་ཁྲུས་དང་གཙང་སྦྲ་སྔོན་དུ་འགྲོ་བས། སངས་རྒྱས་བྱང་སེམས་འཕགས་པའི་དགེ་འདུན་སོགས་ནམ་མཁའ་གང་བ་ལ་དམིགས་ནས། ཕྱག་འཚལ་རྒྱས་བསྡུས་གང་ཡང་རུང་བ་རེ་བྱ་སྟེ། དེ་ཡང་ལས་དང་པོ་པའི་རིམ་པ་ཆོས་སྤྱོད་ཁྲིགས་ཆགས་སུ་བཤད་ཟིན་ཏོ། །དེ་ནས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་ཚར་གསུམ་བྱ་སྟེ། མེ་ཏོག་དམ་པ་ཞེས་སོགས་མཆོད་པའི་ཚིགས་བཅད་གསུམ་པོ་ལ་རོལ་ཆེན་བྱེད། དེ་ནས་བསྙེན་གནས་རང་གིས་བླང་བའི་ཆོ་ག་བྱེད་པ་ཞིག་སྣང་བ་ལ། ཆོ་ག་བྱེད་པ་པོ་ཐམས་ཅད་དགེ་ཚུལ་ཡན་ཆད་ཀྱི་སྡོམ་པ་ཐོབ་ལ་མ་ཉམས་པ་ཡིན་ན། བསྙེན་གནས་བླང་དགོས་པ་མ་ཡིན་ཞིང༌། དགེ་


LT26_Page_178A
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དགེ་སློང་གི་སྡོམ་པ་མ་ཐོབ་པ་ཤ་སྟག་ཡིན་ན། ངེས་པར་བླང་བར་བྱ་ལ། རབ་བྱུང་གི་སྡོམ་པ་ཐོབ་མ་ཐོབ་འདྲེས་མ་ཡིན་ན། ལེན་པ་དང་མི་ལེན་པའི་དབྱེ་བ་སོ་སོར་བྱེད་དགོས་པ་ཡིན་ཀྱང༌། དུས་ཀྱི་ཐ་མ་འདི་ལྟ་བུར་ལག་ལེན་ལྟར་སྣང་གི་ཆོ་ག་གྲ་སྒྲིག་དགོས་པ་འདི་འདྲའི་རིགས་ལ། རབ་བྱུང་གི་སྡོམ་པ་མ་ཐོབ་པ་རྣམས་ཀྱིས་བསྙེན་གནས་ལེན་པའི་ཞོར་ལ། དགེ་སློང་དང་དགེ་ཚུལ་རྣམས་ཀྱང་ཇི་སྲིད་འཚོའི་བར་དུ་རང་གི་སྡོམ་པ་བརྟན་པོར་དམ་འཆའ་བའི་བསམ་པས། ཆོ་ག་དེ་ཁ་ཏོན་དུ་བྱེད་པ་ཙམ་ལ་འགལ་བ་མེད་དོ། །དེ་ལ་ཆོ་ག་ནི་འདི་ལྟ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང༌། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ་ལེགས་པར་རྣམ་པར་གྲོལ་བའི་ཐུགས། ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་རྣམས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང༌། ཕན་པར་བྱ་བའི་ཕྱིར་དང༌། གྲོལ་བར་བྱ་བའི་ཕྱིར་དང༌། །ནད་མེད་པར་བྱ་བའི་ཕྱིར་དང༌། མུ་གེ་མེད་པར་བྱ་བའི་ཕྱིར་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར། གསོ་སྦྱོར་ངེས་པར་མཛད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བས་ཀྱང༌། དུས་འདི་ནས་བཟུང་སྟེ། ཇི་སྲིད་སང་ཉི་མ་མ་ཤར་གྱི་བར་དུ། གསོ་སྦྱོང་ངེས་པར་ཡང་དག་པར་བླང་བར་བགྱིའོ། །


LT26_Page_178B
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྲོག་གཅོད་མི་བྱ་ཞིང༌། །གཞན་གྱི་ནོར་ནི་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང༌། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བརྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་གདན་ཆེ་མཐོ་མི་བྱ་ཞིང༌། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་པ། །དེ་བཞིན་སྲོག་གཅོད་ལ་སོགས་སྤང༌། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །སྡུག་བསྔལ་མང་དཀྲུགས་འཇིག་རྟེན་འདི། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་ལན་གསུམ་བརྗོད། ཨོཾ་ཨ་མོ་གྷ་ཤཱི་ལ་སམྦྷ་ར་སམྦྷ་ར་བྷ་ར་བྷ་ར་མ་ཧཱ་ཤུདྡྷ། ས་ཏྭ་པདྨ་བི་བྷུ་ཥི་ཏེ། བྷུ་ཛ་དྷ་ར་དྷ་ར། ས་མནྟ་ཨ་བ་ལོ་ཀི་ཏེ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་བདུན་ནམ་ཉེར་གཅིག་བཟླ། ཁྲིམས་ཀྱིས་ཚུལ་ཁྲིམས་སྐྱོན་མེད་ཅིང༌། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་སྨོན་ལམ་གདབ། དེ་དག་ནི་ཆོ་གའི་སྔོན་དུ་གྲུབ་ན་ལེགས་པའི་ཡན་ལག་ཡིན་གྱི། མ་བྱས་ཀྱང་ཆོ་ག་ཆད་པའི་སྐྱོན་དུ་མི་འགྱུར་རོ། །དེ་ནས་མཆོད་པ་བྱིན་བརླབ་པ་ནི། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས་རྣམས་དང༌། གཞན་ཡང་རོལ་


LT26_Page_179A
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དང༌། ཕན་གདུགས་ལ་སོགས་པའི་མཆོད་རྫས་བསམ་གྱིས་མི་ཁྱབ་པ། དྭངས་ཤིང་ཐོགས་པ་མེད་པ། ནམ་མཁའི་མཐའ་ཀླས་པར་གྱུར། སོ་སོའི་ཕྱག་རྒྱ་བཅས་ཏེ། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པདྱཾ༴ ཨོཾ་བཛྲ་པུཥྤཾ༴ ཨོཾ་བཛྲ་དྷཱུ་པཾ༴ ཨོཾ་བཛྲ་དཱི་པཾ༴ ཨོཾ་བཛྲ་གནྡྷཾ༴ ཨོཾ་བཛྲ་ནཻ་བི་དྱཾ༴ ཨོཾ་བཛྲ་ཤབྡ་སྭཱ་ཧཱ། ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲཛྙཱ་པ་ར་མི་ཏཱ་ནཱ་ད་སམྦྷ་ཝི་ཏེ། བཛྲ་དྷརྨ་ཧྲྀ་ད་ཡ་ནི། སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱཿཁཾ་སྭཱ་ཧཱ། རོལ་མོ་ཇི་སྙེད་པ་འབུད་དཀྲོལ་བྱས་ཏེ་བྱིན་དབབ། འདི་མ་གཏོགས་པའི་མཆོད་པ་བྱིན་རླབས་འོག་མ་རྣམས་ཝ་དྷརྨ་ར་ཎི་དང་རོལ་ཆེན་མི་དགོས་སོ། །དངོས་གཞི་ལ་བདག་བསྐྱེད་བསྒོམ་བཟླས། མདུན་བསྐྱེད་སྒྲུབ་མཆོད། གཏོར་མ་འབུལ་བའོ། །དང་པོ་ནི། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ ཞེས་གསུམ་ནས་ཉི་ཤུ་རྩ་གཅིག་གི་བར་ཅི་རིགས་ཀྱི་མཐར། བླ་མ་དང་དཀོན་མཆོག་རིན་པོ་ཆེ་དམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་གཙུག་ཏོར་རྣམ་པར་རྒྱལ་མའི་སྒོམ་བཟླས་ལ་འཇུག་པར་བགྱིའོ། །ཞེས་


LT26_Page_179B
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་བརྗོད། རང་སྐད་ཅིག་གིས་བཅོམ་ལྡན་འདས་མར་གསལ་བའི་ཐུགས་ཀར། །ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་དཀར་པོ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་ལྷ་དགུའི་དཀྱིལ་འཁོར་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མ་ཛཿ དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷ། ནཻ་བེདྱ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཕྱག་རྒྱ་ཡང་སྤྱི་དང་འདྲའོ། །དེ་ནས་ཐལ་མོ་སྦྱར་ཏེ་རྒྱུན་བཤགས་བྱ་བ་ནི། འཇིག་རྟེན་དག་གི་ཕྱོགས་ཀུན་ན། །དེ་བཞིན་གཤེགས་པ་གང་བཞུགས་དང༌། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དག །དེ་དག་བདག་ལ་དགོངས་སུ་གསོལ། །ཚེ་རབས་གང་ཡང་རུང་བ་ན། །བདག་གིས་སྡིག་པ་ཅི་བགྱིས་པ། །སྔོན་གྱི་ཚེ་རབས་གཞན་དག་དང༌། །ཚེ་རབས་འདི་དང་འཁོར་བ་ན། །འདོད་ཆགས་དབང་དང་བླུན་པ་དང༌། །ཁྲོ་བ་དག་གིས་འཁྲུགས་གྱུར་ཏེ། །སངས་རྒྱས་ཆོས་དང་དགེ་འདུན་ནམ། །བླ་མ་དག་དང་ཕ་མ་དང༌། །དགྲ་བཅོམ་བྱང་ཆུབ་སེམས་དཔའ་དང༌། །སྦྱིན་གནས་གང་ཡང་རུང་བ་དང༌། །དེ་ལས་གཞན་པའི་སེམས་ཅན་དག །ཡོན་ཏན་ལྡན་དང་མི་ལྡན་ལ། །སྡིག་པའི་ལས་རྣམས་གང་བགྱིས་དང༌། །


LT26_Page_180A
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་བགྱིད་དུ་སྩལ་བ་དང༌། །གང་ཡང་ཅུང་ཟད་ཡི་རང་བ། །བག་མེད་པས་ནི་ཕྲ་མོ་ཡང༌། །ལུས་ངག་ཡིད་ཀྱིས་བགྱིས་པ་རྣམས། །དེ་དག་མ་ལུས་བློས་བསྡུས་ནས། །རྫོགས་པའི་སངས་རྒྱས་སྲས་བཅས་ལ། །བདག་གིས་ད་ནི་མངོན་སུམ་བཞིན། །རབ་ཏུ་གུས་པས་ཕྱག་འཚལ་ཏེ། །སྐྱོ་བའི་ཡིད་དུ་གྱུར་པ་ཡིས། །ཐལ་མོ་སྦྱར་ཏེ་ནོངས་པ་རྣམས། །ཡང་དང་ཡང་དུ་སོ་སོར་བཤགས། །བདག་གིས་མི་དགེ་བགྱིས་པ་རྣམས། །རྫོགས་སངས་རྒྱས་ཀྱིས་མཁྱེན་པ་བཞིན། །དེ་ལྟར་བདག་གིས་སོ་སོར་བཤགས། །སླན་ཆད་དེ་ལྟར་ཡོངས་མི་བགྱིད། །མི་རྟོག་བློ་གྲོས་བསྐྱེད་པའི་ཕྱིར། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །གདུལ་བྱ་ཇི་སྲིད་ཚིམ་བར་དུ། །མྱ་ངན་མི་འདའ་གསོལ་བ་འདེབས། །སྲོག་ཆགས་སྡུག་བསྔལ་ཞི་བྱའི་ཕྱིར། །བདག་ནི་ཇི་སྲིད་འཚོ་ཡི་བར། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པས་ཡང་དག་སྐྱབས་སུ་མཆི། །སེམས་ཅན་ཁམས་ནི་མཐའ་ཡས་པའི། །སྡུག་བསྔལ་ཉེ་བར་ཞི་བ་དང༌། །ངན་འགྲོ་རྣམས་ལས་བསྒྲལ་བ་དང༌། །ཉོན་མོངས་རྣམས་ལས་དགྲོལ་བའི་ཕྱིར། །སྲིད་པ་མི་བདེ་དྭོགས་པ་ན། །སྡུག་བསྔལ་སྣ་ཚོགས་ཅི་མཆིས་པ། །དེ་ལྟར་ཡོངས་སུ་སྐྱབས་པའི་ཕྱིར། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་འཕོངས་པ་ཐམས་ཅད་ཀྱི། །སྐྱབས་སུ་བདག་ཉིད་རྟག་ཏུ་ཤོག །བདག་ནི་མགོན་མེད་རྣམས་ཀྱི་མགོན། །རྟེན་མེད་རྣམས་ཀྱི་རྟེན་དུ་བདག །སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང༌། །སྡུག་བསྔལ་བདེ་བར་བྱེད་པ་དང༌། །བདག་


LT26_Page_1780B
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་ཞི་བར་བྱེད་པར་ཤོག །དགེ་བའི་ལས་རྣམས་གང་དང་གང༌། །འདི་ནི་གཞན་དུ་བསགས་པ་རྣམས། །བསོད་ནམས་ཡེ་ཤེས་ཞེས་བྱ་ཡི། །ཚོགས་ནི་རྣམ་པ་གཉིས་སུ་ཤོག །ཕ་རོལ་ཕྱིན་པ་དྲུག་སྒོ་ནས། །བདག་གིས་བརྩོན་འགྲུས་གང་བརྩམས་པ། །དེ་ཡང་སེམས་ཅན་མ་ལུས་པ། །ཐམས་ཅད་ལ་ནི་ཕན་པར་ཤོག །སྔོན་གྱི་རྒྱལ་བའི་སྲས་རྣམས་ཀྱིས། །སྨོན་ལམ་ཇི་ལྟར་མཛད་པ་བཞིན། །བདག་ཀྱང་དགེ་བའི་སེམས་ཀྱིས་སུ། །དེ་བཞིན་དུ་ནི་སྨོན་ལམ་འདེབས། །སེམས་ཅན་ཐམས་ཅད་བདེ་བ་དང༌། །ཐམས་ཅད་ནད་ཀྱང་མེད་པར་ཤོག །བདག་ནི་བྱ་བ་ཀུན་ནུས་ཤིང༌། །ཡོན་ཏན་དང་ཡང་ལྡན་པར་ཤོག །ནོར་ལྡན་གཏོང་ཕོད་ཤེས་རབ་ཅན། །བཟོད་ལྡན་དགེ་ལ་དད་པ་དང༌། །སེམས་ཅན་ཚེ་རབས་ཐམས་ཅད་དུ། །སྐྱེ་བ་དྲན་ཞིང་བརྩེ་ལྡན་ཤོག །ཅེས་ལན་གསུམ། ཤིན་ཏུ་བསྡུས་པ་ལ་དགའ་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ཟུར་ནས་འབྱུང་བའི་རྒྱུན་བཤགས་བྱེད། དེ་ནས་ཚད་མེད་བཞི་བསྒོམ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་


LT26_Page_181A
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་དང༌། །ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་མཆོད་རྟེན་དུ་གྱུར་པ་ནི། རིན་པོ་ཆེའི་རང་བཞིན་སེང་ཁྲིའི་སྟེང་དུ་པདྨ། དེའི་སྟེང་དུ་ཁྲི་ཟླུམ་པོ་བང་རིམ་སུམ་བརྩེགས། དེའི་སྟེང་དུ་ཟླ་བ་ལ་གནས་པའི་བུམ་པ་ཟླུམ་པོ་ཡངས་ཤིང་རྒྱ་ཆེ་བ་སྒོ་དང་བཅས་པ། སྟེང་དུ་རིན་པོ་ཆེའི་བྲེ། གདུགས་བཅུ་གསུམ། །ཆར་ཁེབས་ཏོག་དང་བཅས་པ། མེ་ཏོག་གི་ཕྲེང་བ་དར་གྱི་ལྡ་ལྡི་སོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་བུམ་པའི་ནང་དུ་པདྨ་དང་ཟླ་བའི་གདན་ལ་བྷྲཱུྃ་ལས་སྣ་ཚོགས་རྡོ་རྗེ་བྷྲཱུྃ་གྱིས་མཚན་པ་ལས་འོད་འཕྲོས། །འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ། སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར་བ། གཡས་སེར་བ། གཡོན་སྔོ་ཞིང་ཡིད་ཙམ་ཁྲོ་བ། ཞལ་རེ་རེ་ཞིང་ཞི་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་ཀྱི་དང་པོ་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་པ། གཉིས་པས་པདྨའི་སྟེང་དུ་འོད་དཔག་ཏུ་མེད་པ་བཞུགས་པ་བསྣམས་པ། གསུམ་པས་མདའ། བཞི་པས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་དང་པོ་ཞགས་པ་དང་བཅས་པའི་སྡིགས་མཛུབ། གཉིས་པས་གཞུ། གསུམ་པས་


LT26_Page_181B
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སྦྱིན། བཞི་པས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་གཡས་སུ་སྤྱན་རས་གཟིགས་དཀར་པོ། ཕྱག་གཡས་རྔ་ཡབ་དང༌། གཡོན་པདྨ་དཀར་པོའི་སྡོང་པོ་འཛིན་པ། གཡོན་དུ་ཕྱག་ན་རྡོ་རྗེ་སྔོན་པོ། ཕྱག་གཡས་རྔ་ཡབ་དང༌། གཡོན་ཨུཏྤལ་ལ་གནས་པའི་རྡོ་རྗེ་སྔོན་པོ་འཛིན་པ་དེ་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ཤིང༌། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ། ཞི་ཞིང་སྒེག་པའི་སྐུར་གྱུར། གཙོ་འཁོར་གསུམ་གྱི་ཕྱོགས་བཞིར་ཁྲོ་བོ་བཞི་གནས་པ་ནི། ཤར་དུ་མི་གཡོ་བ་གཡས་རལ་གྲི་ཕྱར་བ། ལྷོར་འདོད་པའི་རྒྱལ་པོ་གཡས་ལྕགས་ཀྱུ་ཕྱར་བ། ནུབ་ཏུ་དབྱུག་སྔོན་ཅན་གཡས་དབྱུག་པ་ཕྱར་བ། བྱང་དུ་སྟོབས་པོ་ཆེ་གཡས་རྡོ་རྗེ་རྩེ་གསུམ་ཕྱར་བ། ཐམས་ཅད་ཀྱང་སྐུ་མདོག་མཐིང་ག་རབ་ཏུ་ཁྲོས་པ། ཕྱག་གཡོན་སྡིགས་མཛུབ་ཐུགས་ཀར་གཏོད་ཅིང༌། སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་ནག་པོ་ཐོར་ཚུགས་སུ་བྱས་པ། སྟག་ལྤགས་དང་སྦྲུལ་གྱི་བརྒྱན་ཅན། རོལ་པའི་ཁྲོ་བོ་ཆེན་པོ་སྟེ། མེ་དཔུང་འབར་བའི་དབུས་ན་གཡོན་བརྐྱང་གིས་བཞུགས་པའོ། །གཙོ་མོའི་སྟེང་གི་ནམ་མཁའ་ལ་གནས་གཙང་མའི་རིས་ཀྱི་ལྷའི་བུ་གཉིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས་གཙོ་མོ་ལ་སྐུ་ཁྲུས་གསོལ་བ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ། དཔྲལ་བར་ཏྲཱྃ་སེར་པོ། ལྟེ་བར་ཧྲཱིཿདམར་པོ། བརླ་གཉིས་ལ་ཨཾ་


LT26_Page_182A
[མ་དཔེ་གཟིགས་ན་འདིར་གནོན།]

ཨཿལྗང་གུ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་འཁོར་དང་བཅས་པ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ དེ་བཞིན་དུ་སྦྱར། ཨཱརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཡང་འོད་ཟེར་འཕྲོས་པས། དབང་གི་ལྷ་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། སྐུ་ལུས་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག །ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས། གཙོ་མོ་ལ་རྣམ་པར་སྣང་མཛད། སྤྱན་རས་གཟིགས་ལ་འོད་དཔག་མེད། ཕྱག་ན་རྡོ་རྗེ་དང་ཁྲོ་བོ་བཞི་ལ་མི་བསྐྱོད་པ། ལྷའི་བུ་གཉིས་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ནས། བཛྲ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་


LT26_Page_182B
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །སྙིང་གར་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། བྷྲཱུཾྃ་ཡིག་བསྲུང་བྱ་སྔགས་ཕྲེང་དང་བཅས་པ་འཁོད་པར་གྱུར། ཨོཾ་ཧཱུྃ་ཏཱཾ་ཧཱིཿཨཾ་ཨཱཿ བདག་དང་བསྐུབ་བྱ་བ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་ཅུང་ཟད་བཟླས། །ལག་པ་གཉིས་ཐལ་མོ་མཉམ་པར་སྦྱར་བའི་མཛུབ་མོའི་ཚིགས་བར་པ་བཅག །མཐེབ་མཛུབ་རྩེ་སྤྲད་དེ་གཟུངས་རིང་ཚར་གཅིག་བརྗོད་ལ་དམ་ལ་བཞག །དེ་རྗེས་གཟུངས་རིང་ཉིད་གཙོ་བོར་བཟླ་ཞིང༌། སྔགས་ཐུང་གཉིས་ཀྱང་ཅི་རིགས་སུ་བཟླའོ། །ཨོཾ་ཨ་མྲྀ་ཏེ། །ཨ་མྲྀ་ཏོདྦྷ་བེ། ཨ་མྲྀ་ཏ་བི་ཀྲཱན་ཏེ། ཨ་མྲྀ་ཏ་ག་ཏྲེ། ཨ་མྲྀ་ཏ་གཱ་མི་ནི། ཨ་མྲྀ་ཏ་ཨཱ་ཡུར་དད་ཏེ། ག་ག་ན། ཀཱི་རྟི་ཀ་རེ་སརྦ་ཀརྨ་ཀླེ་ཤ་ཀྵ་ཡཾ་ཀ་རཱི་ཡེ་སྭཱ་ཧཱ། ཞེས་པའང་ཚེ་སྤེལ་བའི་དོན་དུ་ཅི་ནུས་བཟླའོ། །མཐར་སྙིང་ག་ནས་འོད་ཟེར་འཕྲོས་པས་ཡོངས་སུ་དྲངས་ཏེ། བསྒོམ་པའི་དཀྱིལ་འཁོར་རང་གི་སྙིང་གར་ཐིམ། ཞེས་བརྗོད། ཡེ་ཤེས་པ་གཤེགས་འདོད་ཅིང་བདག་བསྐྱེད་ཁོ་ན་ཡིན་ན། འོག་ནས་འཆད་པའི་རྗེས་བསྡུ་དེ་བྱ་ཞིང༌། མདུན་བསྐྱེད་དང་འབྲེལ་ན། རྗེས་ཆོག་གི་མཐར་བྱས་པས་རུང་བ་ཡིན་ལ། སྤྱིར་བྱ་རྒྱུད་ཀྱི་ལྷ་སྔགས་ལ། རྒྱུད་སྡེ་གོང་མའི་ཐུན་མོང་གི་ཆོ་ག་སྦྱར་བ་འདི་རིགས་ལ། བདག་བསྐྱེད་ཀྱི་ཡེ་ཤེས་པ་གཤེགས་པ་མཐའ་གཅིག་ཏུ་ཡང་མི་དགོས་ལ། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་ལྟར་དེ་ལྟར་བྱེད་པ་ཡང་མི་འགལ་ལོ། །གཉིས་པ་ནི། མདུན་བསྐྱེད་ལ་དམིགས་ཏེ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་


LT26_Page_183A
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་བུམ་པའི་སྟེང་དུ། པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ། བྷྲཱུྃ་ལས་རིན་པོ་ཆེ་ལས་གྲུབ་པའི་ཞེས་པ་ནས་བི་ཛ་ཡ་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཞེས་པའི་བར་བདག་བསྐྱེད་བཞིན་ལས། རང་ཉིད་བཅོམ་ལྡན་འདས་མ་ཞེས་པའི་རང་ཉིད་ཅེས་པ་དོར། ས་མཱ་ཛཿའི་རྗེས་ལ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་སྤྲོ་ན་དབྱངས་དང་བཅས་པས་སྤྱན་དྲངས། ཡང་མཆོད་པ་ནས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་གྱི་བར་ཡང་གོང་དང་འདྲ་བ་ལས། བདག་ལ་མངོན་པར་ཅེས་པ། འདི་ལ་མངོན་པར་ཅེས་པ་སྤོ། དེ་ནས་མཆོད་པ་གསར་པའང་བཤམས་ཤིང༌། སྔ་མ་རྣམས་ཀྱང་ཁ་གསོས་ལ་གོང་བཞིན་བྱིན་བརླབ་བྱ། ཆུ་བོ་གངྒཱའི་རྒྱུན་བཞིན་དུ། །ཨརྒྷཾའི་རྒྱུན་ཡང་མི་འཆད་དེ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དྲི་ཞིམ་རེག་ན་བདེ་བ་ཡི། །ཞབས་བསིལ་རྒྱུན་ཡང་མི་འཆད་དེ། །བླ་མེད་མཆོད་པ་འདི་འབུལ་ན། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་བཱ་ར་པཱདྱཾ་པྲ་ཏིཙྪ་སྭཱ་ཧཱ། ཇི་ལྟར་བལྟམས་པ་ཙམ་ཉིད་ཀྱིས། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །དེ་ལྟར་བདག་གིས་ལྷ་རྣམས་ལ། །གཙང་མའི་ཆབ་ཀྱིས་ཁྲུས་གསོལ་ལོ། །ཨོཾ་སརྦ་དེ་ཝ་ཏ་ཨ་རྩི་ཏ་ཨ་མྲྀ་ཏ་སྭཱ་ཧཱ། སྣ་ཚོགས་དབང་


LT26_Page_183B
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གཞུ་ལྟར་རབ་བཀྲ་ཞིང༌། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་བཱ་ར་བཛྲ་ཝསྟྲ་ཡེ་པྲ་ཏིཙྪ་སྭཱ་ཧཱ། ཕྲེང་བ་རིན་ཆེན་སེ་མོ་དོ་ཤལ་དང༌། །རྒྱན་གྱི་དམ་པ་མ་ལུས་ཕུལ་བ་ཡིས། །བྱང་ཆུབ་མཆོག་གི་རྒྱན་དང་ལྡན་གྱུར་ནས། །བླ་མེད་ཐར་པ་མཆོག་ལ་གནས་པར་ཤོག །ཐེག་མཆོག་བླ་རེ་མགོན་སྐྱབས་གདུགས་དང་ལྡན། །བདུད་བཅོམ་རྒྱལ་མཚན་བ་དན་ཏིང་འཛིན་འཕན། །བདག་དང་འགྲོ་བའི་དོན་དུ་འབུལ་ལགས་ཀྱི། །དབང་མཆོག་དམ་པ་དུས་འདིར་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་བཱ་ར་ཨུ་པ་སྠ་ན་པྲ་ཏིཙྪ་སྭཱ་ཧཱ། སྣ་ཚོགས་རོལ་མོ་སྙན་པའི་སྒྲ་དག་དང༌། །ལྷ་དང་མི་ཡི་མཆོད་པའི་གླུ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པར་རབ་བརྒྱན་པ། །ཐེག་པ་མཆོག་གི་ངེས་པས་བགྲོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་བཱ་ར་སྭ་ར་ན་ད་པྲ་ཏིཙྪ་སྭཱ་ཧཱ། གཙང་ཞིང་གཙང་མ་ལས་བྱུང་བའི། །ལྷ་རྫས་བཟང་པོའི་དྲི་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་བཱ་ར་གནྡྷེ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། གཙང་ཞིང་གཙང་མར་སྐྱེས་པ་ཡི། །ལྷ་རྫས་བཟང་པོའི་མེ་ཏོག་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་བཱ་ར་པུཥྤེ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏ་སྭཱ་ཧཱ། དྲི་


LT26_Page_184A
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རྒྱས་པ་ལྷ་ཡི་རྫས། །ནགས་ཚལ་བཅུད་ནི་ཡིད་འོང་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥཱི་ཥ་བི་ཛ་ཡ་ས་པ་རི་བཱ་ར་དྷཱུ་བེ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། སྨན་རྣམས་བཅུད་གཙང་ཡིད་གར་འོང༌། །སྔགས་ཀྱི་ཞལ་ཟས་མཆོག་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་བཱ་ར་ནཻ་ཝཱིདྱ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། གནོད་པ་འཇོམས་ཤིང་བཀྲ་ཤིས་པ། །དགེ་ཞིང་མུན་པ་རྣམས་ལ་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་བཱ་ར་ཨཱ་ལོ་ཀེ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། །ཞེས་པ་ནི་མཆོད་པ་དཀྱུས་སོ། །སྟོང་མཆོད་ཀྱི་སྐབས་ནི། ཞལ་ཟས་སོགས་སྟོང་ཕྲག་ཏུ་སྤེལ་བ་ལ། མཆོད་པ་སྒོས་སུ་བསྔོ་བར་འདོད་ན། སྟོང་ཚན་ལྔ་པོ་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། །ཞེས་ལན་གསུམ་གསུམ་གྱིས་བྱིན་གྱིས་བརླབས་ནས། ཞལ་ཟས། མར་མེ། སྤོས་རྣམས་ལ་སྔགས་སྤྱི་འགྲོ་དང༌། གདུགས་ལ། ཚཱ་ཏྲཾ་ཀ །བ་དན་ལ། པ་ཏཾ་ཀ །ཞེས་སྦྱོར་བ་ལན་མང་དུ་བཟླས་པས་མཆོད། སྔ་མའམ་སྟོང་མཆོད་གང་ཡིན་ཡང་རུང༌། མཐར། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །


LT26_Page_184B
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པ་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཚིགས་བཅད་བཞི་པ་དེ་དག་རེ་རེའི་མཐར་རོལ་ཆེན་དང༌། རོལ་མོ་བྱིན་འབེབས་ཀྱི་སྔགས་དང༌། མཆོད་པའི་སྤྲིན་གྱི་གཟུངས་གང་རུང་རེ་བརྗོད། དེ་ནས་བསྟོད་པ་ནི། སློབ་དཔོན་ཙནྡྲ་གོ་མིས་མཛད་པ་འདི་བྱ་སྟེ། །གཙོ་མོ་བཅོམ་ལྡན་འདས་མ་ནི། །པུཎྜ་རི་ཀའི་མེ་ཏོག་ལྟར། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞལ་གསུམ་ཕྱག་བརྒྱད་སྤྱན་གསུམ་མངའ། །དབུ་རྒྱན་མགུལ་རྒྱན་སྙན་ཆའི་ཚོགས། །རིན་ཆེན་སྣ་ཚོགས་མཛེས་པས་བརྒྱན། །པདྨ་ཟླ་བའི་གདན་ལ་བཞུགས། །དབུས་དཀར་གཡས་སེར་གཡོན་ཞལ་སྔོ། །ཁྲོ་མོའི་ཞལ་ནི་མཆེ་བ་གཙིགས། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང༌། །པད་སྟེང་རྒྱལ་བ་འོད་དཔག་མེད། །མདའ་དང་མཆོག་སྦྱིན་ཕྱག་རྒྱའོ། །གཡོན་པ་སྡིགས་མཛུབ་ཞགས་པ་དང༌། །གཞུ་དང་མི་འཇིགས་ཕྱག་རྒྱ་ཅན། །རིན་ཆེན་བུམ་པ་ལེགས་པར་བསྣམས། །བཻ་རོ་ཙ་ནས་དབུ་བརྒྱན་ཅིང༌། །འོད་ཟེར་དཀར་པོ་འཕྲོ་ཞིང་འདུ། །སྟོད་གཡོགས་ལྷ་ཡི་ན་བཟའ་ཅན། །མཆོད་རྟེན་ན་པན་ལེགས་པར་བཞུགས། །བློ་དང་ཚེ་འཕེལ་མཛད་པ་མོ། །བཅོམ་ལྡན་འདས་མ་ཉིད་ལ་བསྟོད། །གཡས་ན་རྗེ་བཙུན་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་སྐྱོན་མ་གོས། །གཡོན་


LT26_Page_185A
[མ་དཔེ་གཟིགས་ན་འདིར་གནོན།]

པས་པདྨ་གཡས་པ་ན། །རྔ་ཡབ་འཛིན་ལ་ཕྱག་འཚལ་ལོ། །གཡོན་ན་གསང་བའི་བདག་པོ་ནི། །ཨུཏྤལ་མདོག་འདྲ་རྡོ་རྗེ་གཡོན། །གཡས་པས་རིན་ཆེན་རྔ་ཡབ་འཛིན། །མཐུ་སྟོབས་ཅན་ལ་ཕྱག་འཚལ་ལོ། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། །ཁྲོ་བོའི་རྒྱལ་པོ་བཞི་པོ་ནི། །མདུན་ན་ཁྲོ་རྒྱལ་མི་གཡོ་མགོན། །སྔོ་སངས་གཡས་པ་རལ་གྲི་འཛིན། །གཡོན་པ་སྡིགས་མཛུབ་མཛད་པ་ཡིས། །མ་རུངས་འདུལ་ལ་ཕྱག་འཚལ་ལོ། །ཁྲོ་ཆེན་འདོད་པའི་རྒྱལ་པོ་ནི། །སྔོ་སངས་ལྕགས་ཀྱུ་འབར་བ་བསྣམས། །མ་རུངས་འདུལ་བའི་ཆ་ལུགས་ཅན། །ཐམས་ཅད་འགུགས་ལ་ཕྱག་འཚལ་ལོ། །ཁྲོ་ཆེན་དབྱུག་པ་སྔོན་པོ་ནི། །ཞལ་གཅིག་ཕྱག་གཉིས་གཡས་པ་ན། །དབྱུག་ཏོ་གཡོན་པ་སྡིགས་མཛུབ་མཛད། །སྔོ་སངས་ཀུན་འདུལ་ཁྱོད་ལ་བསྟོད། །ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །ཨུཏྤལ་མདོག་འདྲ་ཕྱག་གཉིས་པ། གཡས་པ་རྡོ་རྗེ་སྡིགས་མཛུབ་གཡོན། །བདུད་འདུལ་དྲག་པོ་ཁྱོད་ལ་བསྟོད། །ཀུན་ཀྱང་སྦྲུལ་དང་སྟག་ལྤགས་བརྒྱན། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །གཡོན་བརྐྱང་པད་ཉིའི་གདན་ལ་བཞུགས། །སྟེང་གི་ཕྱོགས་སུ་བཞུགས་པ་ཡི། །གནས་གཙང་ལྷ་ཡི་བུ་གཉིས་པོ། །ལྷ་ཡི་རྒྱན་དང་ན་བཟའ་འཛིན། །ཕྱག་ན་བདུད་རྩིའི་བུམ་པ་བསྣམས། །བདུད་རྩིའི་ཆུ་རྒྱུན་ཀུན་ལ་སྙོམས། །དག་པའི་སྐུ་ལ་ཕྱག་འཚལ་ལོ། །གང་ཞིག་ནང་པར་སྔར་ལངས་ནས། །བསྟོད་པ་འདི་ཡིས་དུས་ཀུན་དུ། །འཁོར་དང་བཅས་ལ་བསྟོད་བྱས་ནས། །བློ་དང་ཚེ་རྣམས་འཕེལ་བར་འགྱུར། །དཔལ་དང་འབྱོར་པའི་དངོས་གྲུབ་སྟེར། །མཆོག་གི་


LT26_Page_185B
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐོབ་པར་འགྱུར། །གུས་པའི་ཡིད་ཀྱིས་བསམ་པ་ཡི། །རྩེ་གཅིག་སེམས་ཀྱིས་བསྟོད་པར་བྱ། །བདག་བསྐྱེད་ཀྱི་དམིགས་པ་མདུན་བསྐྱེད་ལ་གོང་རྗེ་ཞིང༌། སྔར་གྱི་ཕྱག་རྒྱ་དེས་མེ་ཏོག་བཟུང་སྟེ་གཟུངས་རིང་ཚར་གཅིག་བཏོན་ནས། །སྭཱ་ཧཱ་ཞེས་བརྗོད་པའི་མེ་ཏོག་མདུན་བསྐྱེད་ལ་དོར་རོ། །དེ་ནས་བཟླས་པ་བྱེད་པ་ཡིན་ལ་དེས་གཟུངས་རིང་ངམ་རྩ་སྔགས་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚཱ་ཡ། བུདྡྷ་ཡ་ཏེ་ན་མཿ ཏདྱ་ཐཱ། ཨོཾ་བྷྲཱུྃ་བྷྲཱུྃ་བྷྲཱུྃ། ཤོ་དྷ་ཡ་ཤོ་དྷ་ཡ་བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ་ཨ་བ་བྷཱ་ས་སྥ་ར་ཎ་ག་ཏི་ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ། ཨ་བྷི་ཥིཉྩནྟུ་མཱ། སརྦ་ཏ་ཐཱ་ག་ཏཱ། སུ་ག་ཏ་བ་ར་བ་ཙ་ན་ཨ་མྲྀ་ཏ། ཨ་བྷི་ཥཻ་ཀཻ་ར་མ་ཧཱ་མུ་དྲཱ་མནྟྲ་པ་དེཿ ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུསྶཾ་དྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ་ཨུཥྞཱེ་ཥ་བི་ཛ་ཡ་པ་རི་ཤུདྡྷེ་ས་ཧ་སྲ་ར་སྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི། ཥ་ཊྭཱར་མི་ཏཱ་པ་རི་པཱུ་ར་ཎི་ས་ཐ་ཏ་ཐཱ་ག་ཏ་མཱ་ཏེ་ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛ་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ་བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷེ་པྲ་ཏི་ནི་ཝཏྟ་ཡ་མ་མ་ཨཱ་ཡུར་བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ། ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛ་ཏེ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི་མ་ཧཱ་བི་མུ་ནི། མ་ཏི་མ་ཏི་མ་ཧཱ་མ་ཏི་མ་མ་ཏི་སུ་མ་ཏི། ཏ་ཐཱ་ཏ་བྷཱུ་ཏ་ཀོ་ཊི་པ་རེ་ཤུདྡྷེ། བི་སྤུ་ཊ་བུདྡྷི་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛ་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ་མ་ཧཱ་བཛྲེ་སུ་བཛྲེ། བཛྲ་གརྦྷེ་ཛ་ཡ་གརྦྷེ་བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལཱ་གརྦྷེ། བཛྲོད་བྷ་བེ།


LT26_Page_186A
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་སཾ་བྷ་བེ་བཛྲེ་བཛྲི་ཎི་བཛྲཾ་བྷ་བ་ཏུ་མ་མ་ཤ་རཱི་རཾ། སརྦ་ས་ཏྭཱནཱཉྩ་ཀཱ་ཡ་པ་རི་ཤུདྡྷེ་བྷ་བ་ཏུ། མེ་ས་དཱ་སརྦ་ག་ཏི་པ་རི་ཤུདྡྷི་ཤྩ། སརྦ་ཏ་ཐཱ་ག་ཏཱཤྩ་མཱཾ་ས་མཱ་ཤྭཱ་ས་ཡནྟུ། བུདྷྱ་བུདྷྱ་སིདྷྱ་སིདྷྱ། །བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟུ་མོ་ཙ་ཡ་མོ་ཙ་ཡ་ས་མནྟ་ར་སྨི་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ། མ་ཧཱ་མུ་དྲྭ་མནྟྲ་པཱ་དཻཿསྭ་ཧཱ། ཞེས་པའོ། །དེ་ལྟར་ན། དེ་ཉིད་བཟླས་པའི་གཙོ་བོར་བྱ་ཞིང༌། གོང་དུ་བཤད་པ་ལྟར་ཚེ་སྒྲུབ་ཀྱི་གཟུངས་དང༌། ཨོཾ་བྷྲཱུྃ་སྭཱ་ཧཱ། ཞེས་པ་དང༌། ཨོཾ་ཨ་མྲྀ་ཏ་ཨ་ཡུརྡ་དཻ་སྭཱ་ཧཱ། ཞེས་པའང་ཅི་ནུས་སུ་བཟླའོ། །དེ་ཡང༌། ཐུགས་དམ་བསྐུལ་བའི་གཟུངས་ཚར་གཅིག་བརྗོད་རྗེས་སུ། བཟླས་པ་བྱེད་པ་ཙམ་དཀྱུས་མའི་ལུགས་ཡིན་ལ། སྟོང་མཆོད་ཀྱི་སྐབས་ཡིན་ན་སླར་ཡང་ཚོགས་ཞིང་གི་སྐབས་ལྟར། ཨརྒྷཾ་ནས། །ཤབྡའི་བར་གྱིས་མཆོད། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཅོམ་ལྡན་འདས་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས། བུམ་པ་ཡོངས་སུ་གང་བར་གྱུར། ཅེས་བརྗོད། དེ་ནས་བཟླས་པ་དངོས་ལ། ཨོཾ་ན་མོ་ཞེས་བརྗོད་པའི་ཚེ་ཐོབ་ཐང་ལ་ཕྱག་དངོས་འཚལ་བ་ཡིན་ནའང༌། ལག་ལེན་ལ་ཐལ་མོ་སྦྱར་ནས་མགོ་འདུད་པར་བྱེད། གཟུངས་བཟླ་མཁན་བཅུ་ཡོད་པའི་དབང་དུ་བྱས་ནས། གཟུངས་རིང་ཚར་བཅུ་སོང་བའི་རྗེས་སུ་མཆོད་བསྟོད་བསྡུས་པ་རེ་བྱ། དེ་ལྟར་ལན་བཅུས་གཟུངས་སྟོང་ཕྲག་གཅིག་འགྲོ་བ་ཡིན་པ་ལས། གཟུངས་བཅུ་ཚན་ལྔ་ཙམ་ལོང་བས། གཟུངས་


LT26_Page_186B
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་ལ་བསྐོར་བ་གཉིས་གཉིས་འགྲོ་བར་བྱས་པས། བསྐོར་བ་ཡང་སྟོང་འགྲོ། འདིའི་རིགས་འགྲེས་ཏེ་གཟུངས་བཟླ་མཁན་མང་ཉུང་གི་རྩིས་གདབ་མ་འཁྲུགས་པར་བྱ་དགོས་ཏེ། དཔེར་ན་བཟླས་པ་བྱེད་མཁན་ཉི་ཤུ་ཡོད་ན་ལྔ་ཚན་བཅུ་དང༌། བཟླས་པ་བྱེད་མཁན་ལྔ་ལས་མེད་ན་ཉི་ཤུ་ཚན་བཅུ་བྱེད་དགོས་པ་བཞིན་ནོ། །གཏོར་མ་སྟོང་ཕྲག་བསྔོ་བ་ནི། བསངས་སྦྱངས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། དེ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་ཐམས་ཅད་ལ་དམིགས་ནས། ཨ་ཀཱ་རོའི་སྔགས་ཁོ་ན་སྟོང་ཕྲག་གཅིག་གིས་བསྔོ་བ་ལས། སྔགས་བརྒྱ་བརྒྱ་སོང་བའི་མཚམས་སུ། མཆོད་སྦྱིན་གཏོར་མ་དམ་པ་འདིས། །འཕགས་པའི་ཚོགས་རྣམས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་སྐོངས་གྱུར་ཅིག །རིགས་དྲུག་གཏོར་མས་ཚིམས་གྱུར་ནས། །ལན་ཆགས་བུ་ལོན་ཁྱེར་བ་དང༌། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །དེ་རྗེས་འབུད་དཀྲོལ་གྱི་སྒྲ་དང་བཅས་ཏེ། འདོད་དོན་གང་ཡིན་པ་དེ་གསོལ་བ་དྲག་ཏུ་གདབ་བོ། །གསུམ་པ་ནི། གཏོར་མ་དང་པོ། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང༌། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ན་ཧཱུྃ་ཕཊ། ཀྱིས་སྦྱང༌། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། བྱིན་གྱིས་བརླབས། གཟུངས་རིང་ཚར་གཅིག་གི་མཐར། ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་ར་བྷྱཿ ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་བདུན་གྱིས་ཕུལ། མཆོད་བསྟོད་བསྡུས་པ་བྱས་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་བསྐལ་པ་བཟང༌། །ལོངས་


LT26_Page_187A
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་སྩོལ་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་གསོལ་བ་བཏབ། རྒྱལ་ཆེན་བཞིའི་གཏོར་མའང་གོང་བཞིན་བྱིན་གྱིས་བརླབ། ཨོཾ་དྷྲྀཥྚ་རཥྚཱ་ཡ། ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ། ཨོཾ་བཻ་རུ་ཌྷ་ཀཱ་ཡ། དང༌། ཨོཾ་བི་རཱུ་ཡ། དང༌། ཨོཾ་བཻ་ཤྲ་མ་ཎཱ་ཡ་དང་ཞེས་པ་རྣམས་ལའང༌། ཨ་ཀཱ་རོ་སྦྱར་བ་ལན་གསུམ་གྱིས་ཕུལ། རྒྱལ་པོ་ཆེན་པོ་དཔལ་ལྡན་པ། །མར་གད་མདོག་ཅན་པི་ཝཾ་འཛིན། །དྲི་ཟའི་ཚོགས་ལ་དབང་བསྒྱུར་བའི། །ཡུལ་འཁོར་སྲུང་ལ་ཕྱག་འཚལ་ལོ། །བདག་ཅག་དཔོན་སློབ་ཡོན་མཆོད་ཐམས་ཅད་ཤར་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག །དཔའ་བོ་ཆེན་པོ་སྟོབས་པོ་ཆེ། །ཁ་དོག་སྔོན་པོ་རལ་གྲི་འཛིན། །གྲུལ་བུམ་ཚོགས་ལ་དབང་བསྒྱུར་བའི། །འཕགས་སྐྱེས་པོ་ལ་ཕྱག་འཚལ་ལོ། །བདག་ཅག་དཔོན་སློབ་ཡོན་མཆོད་ཐམས་ཅད་ལྷོ་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག །མངའ་བདག་ཆེན་པོ་མཐུ་བོ་ཆེ། །ཁ་དོག་དམར་པོ་སྦྲུལ་ཞགས་འཛིན། །ཀླུ་ཡི་ཚོགས་ལ་དབང་བསྒྱུར་བའི། །མིག་མི་བཟང་ལ་ཕྱག་འཚལ་ལོ། །བདག་ཅག་དཔོན་སློབ་ཡོན་མཆོད་ཐམས་ཅད་ནུབ་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག །


LT26_Page_187B
[མ་དཔེ་གཟིགས་ན་འདིར་གནོན།]

དེད་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་བསྒྱུར་བའི། །རྣམ་ཐོས་སྲས་ལ་ཕྱག་འཚལ་ལོ། །བདག་ཅག་དཔོན་སློབ་ཡོན་མཆོད་ཐམས་ཅད་བྱང་ཕྱོགས་སུ་བདེ་ལེགས་སུ་གྱུར་ཅིག །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་བསྐལ་པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་པར་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་སྩོལ་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །འདོད་དོན་ཞུ། དེ་ནས་བར་འདིར་གཏོར་མ་ཆ་གསུམ་བཏང༌། རྗེས་ཆོག་ནི། མཆོད་པ་རྣམས་ཁ་གསོས་ལ། མཆོད་ཡོན་ཕལ་ཆེར་མཆོད་ཡོན་བླ་བྲེ་དང༌། །མཆོད་ཡོན་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང༌། །མཆོད་ཡོན་སྣ་ཚོགས་རབ་ཏུ་བཀྲམ་བྱས་ནས། །རྒྱལ་བ་བདག་ཉིད་ཆེན་པོ་དེ་དག་མཆོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ས་པ་རི་ཝཱ་རེ་བྷྱཿ བཛྲ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་པ་དང༌། དེ་བཞིན་དུ་སྦྱར་ཏེ། ཞབས་བསིལ་དང༌། མེ་ཏོག་དང༌། བདུག་སྤོས་དང༌། སྣང་གསལ་དང༌། དྲི་མཆོག་དང༌། ཞལ་ཟས་དང༌། སིལ་སྙན་རྣམས་ཀྱང༌། པཱ་དྱཾ། པུཥྤེ།


LT26_Page_188A
[མ་དཔེ་གཟིགས་ན་འདིར་གནོན།]

དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་བི་དྱ། ཤབྡ་སོགས་ཀྱིས་ཚིགས་བཅད་དང་སྤེལ་བའམ། མ་སྤེལ་ཀྱང་རུང་སྟེ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། བསྟོད་པ་རྒྱས་བསྡུས་གང་རུང་གིས་བསྟོད། བཅོམ་ལྡན་འདས་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་མཛད་དུ་གསོལ། སྡིག་སྒྲིབ་མ་ལུས་པ་བྱང་ཞིང་དག་ནས། འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ་པར་མཛད་དུ་གསོལ། །ཞེས་སོགས་འདོད་དོན་གསོལ་བ་བཏབ་བདག་བསྐྱེད་ཀྱི་ལྷ་གཤེགས་སུ་གསོལ་བར་འདོད་ན། རྗེས་ཆོག་གི་སྔོན་དུ། བདག་བསྐྱེད་ཀྱི་ལྷ་ཡེ་ཤེས་པ་མདུན་དུ་བཞུགས་པར་གྱུར། ཅེས་བརྗོད་ལ། མཆོད་བསྟོད་མན་ཆད་ལྷན་ཅིག་ཏུ་བྱས་ན་ཟོར་ཡང་ཞིང༌། སོ་སོར་བྱེད་ན་མདུན་བསྐྱེད་ཀྱི་ལྷ་རྣམས་གཤེགས་སུ་གསོལ་བའི་རྗེས་ལ་བྱེད་པ་ཡིན་ཀྱང༌། རྒྱུད་སྡེ་གོང་མའི་སྒྲུབ་པ་པོས་ནི་གཤེགས་སུ་མི་གསོལ་བ་ཉིད་བཟང་བར་མཐོང་ངོ༌། །དེ་ནས་ཡིག་བརྒྱ་མང་དུ་བཟླས། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་རྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། ཀྱིས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ ཞེས་པས་མགྲོན་རྣམས་གཤེགས་སུ་གསོལ། མཆོད་རྟེན་དང་རས་བྲིས་ལ་དམིགས་ནས་བརྟན་བཞུགས་བྱ། དགེ་བ་བསྔོ་བ་དང་ཤིས་བརྗོད་རོལ་མོ་དང་བཅས་པ་བྱ། ལས་ཀྱི་རྗེས་མི་མངོན་པར་བསྡུ་ཞིང༌།


LT26_Page_188B
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་ཆུས་སེམས་ཅན་ཐམས་ཅད་པ་མན་གདམས་པར་བྱ་བ་ལས་བསྒྲུབ་བྱ་དམིགས་བསལ་ཅན་ལ། ཁྲུས་ཀྱི་རྗེས་སུ་བཟུང་དགོས་ན། དང་པོ་ཞི་བ་དང༌། ཞི་དྲག་ཕྱེད་མ་དང༌། དྲག་པོའི་སྒོ་ནས་བགེགས་སྦྱངས། དེ་རྗེས་ཏིལ་ལམ་ཉུངས་ཀར་གྱིས་སྡིག་སྒྲིབ་སྦྱང་བ་ཡང་བྱས་ན་ལེགས། དེ་ནས་སྙིང་གའི་འོད་ཟེར་གྱིས། དཀྱིལ་འཁོར་མདུན་གྱི་ནམ་མཁར་སྐད་ཅིག་གིས་སྤྱན་དྲངས། མཆོད་བསྟོད་བསྡུས་པ་དང༌། བསྒྲུབ་བྱའི་དོན་དུ་གསོལ་བ་འདེབས་ཚུལ་ཙམ་བྱས་ནས། ནམ་མཁའི་ལྷ་རྣམས་ཀྱིས་ཆོ་ག་མཛད་པར་མོས་ནས། དངོས་སུ་བཀྲུ་བྱ་བ་བསྲུང་གསུམ། བཀྲ་ཤིས་དང་བཅས་པ་བྱ། ནམ་མཁའི་ལྷ་མཆོད་ནས་རང་བཞིན་གྱི་གནས་སུ་བཞུགས་པར་བསྒོམ། བཀྲུ་བྱ་བ་བསྲུང་གསུམ་གྱི་བྱ་བ་འདི་གཞན་དང་འདྲ་བའི་ཕྱིར། འདིར་ཞིབ་པར་མ་སྨོས་སོ། །བྱིན་རླབས་མཆོག་གི་གཟི་བྱིན་ཟླ་བྲལ་པས། །སྡིག་འཕྲོག་མི་འགྱུར་ཚེ་ཡི་དཔལ་སྟེར་བ། །གང་གི་ཆོ་གའི་ལག་ལེན་གསལ་པོར་བཤད། །དགེ་འདིས་ཚེ་དཔག་མེད་པའི་གནས་ཐོབ་ཤོག །ཅེས་པའང་ཤིན་ཏུ་ཉེར་མཁོར་མཐོང་ནས་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །དགེ་ལེགས་འཕེལ།། །།

གདམས་ངག་མཛོད་པོད་བཅུ་བདུན་པ།
སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཐུན་མོང་མ་ཡིན་པའི་སྒྲུབ་ཅིང་མཆོད་པའི་ཆོ་ག་འཆི་མེད་བདུད་རྩིའི་རོལ་མཚོ།


LT26_Page_189A
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཐུན་མོང་མ་ཡིན་པའི་སྒྲུབ་ཅིང་མཆོད་པའི་ཆོ་ག་འཆི་མེད་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །


LT26_Page_189B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱཿ འཆི་མེད་རྟག་པ་དམ་པའི་སྣང་བ་ཡིས། །འཆི་མེད་ཚེ་དང་ཡེ་ཤེས་སྦྱིན་མཛད་པ། །འཆི་མེད་འཕགས་མ་ཡིད་བཞིན་འཁོར་ལོ་ཡིས། །འཆི་མེད་གྲུབ་པའི་དགའ་སྟོན་མཆོག་སྩོལ་ཅིག །གང་དེའི་ཐུན་མོང་མ་ཡིན་པའི། །སྒྲུབ་ཅིང་མཆོད་པའི་ཟླ་ཤེལ་ནི། །ཕུན་ཚོགས་ཚེ་དང་བློ་གྲོས་ཀྱི། །བདུད་རྩིའི་རོལ་མཚོ་རྒྱས་ཕྱིར་འཆར། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། །ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་དང་མན་ངག་གི་རྒྱུན་ལེགས་པར་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པའི་གང་ཟག་གིས་རང་གཞན་གྱི་ཕན་བདེའི་དགའ་སྟོན་སྤེལ་བའི་སླད་དུ་གནས་གཙང་ཞིང་ཡིད་དང་མཐུན་པར་རྗེ་བཙུན་མའི་སྐུ་བརྙན་བྲིས་འབུར་གང་རིགས་ཀྱི་མདུན། སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་མཎྜལ་རྡུལ་ཚོན་གྱིས་པདྨ་དཀར་པོ་འདབ་མ་བརྒྱད་བྲིས་པའི་ལྟེ་བར་ཟླ་གདན་ལ་ཚོམ་བུ་དཀར་པོ་གཅིག་བཀོད། དེའི་གཡས་སུ་རིན་པོ་ཆེའི་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ། གཡོན་དུ་རྗེ་བཙུན་མར་འབུལ་གཏོར་དཀར་ཟླུམ། མདུན་དུ་བྱང་ཤར་ནས་བརྩམས་ཏེ་གཏོར་མ་ཆ་གསུམ་དང༌། ཆུ་གཉིས་


LT26_Page_190A
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོའི་ཉེར་སྤྱོད་གཡས་སྐོར། རང་གི་མདུན་དུ་རྡོར་དྲིལ་མེ་ཏོག་གི་སྣོད་སོགས་སྟ་གོན་བྱ། གཉིས་པ་ལ་གསུམ་ལས། དང་པོ་བདག་བསྐྱེད་ནི། ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་ལ་གནས་པས་སྟན་བདེ་བ་ལ་འདུག་སྟེ། ཐོག་མང་མདུན་གྱི་ནམ་མཁར་རྩ་བརྒྱུད་ཀྱི་བླ་མ་རྣམས་ལམ་གྱིས་གསལ་བཏབ་ནས། དེ་དག་གི་གསང་གསུམ་གྱི་ཡོན་ཏན་ཡིད་ལ་དྲན་བཞིན་དུ་བརྒྱུད་པའི་གསོལ་འདེབས་ལམ་རིམ་གྱི་སྨོན་ལམ་དང་བཅས་པ་བྱ། དེ་ནས་མཆོད་པ་རྣམས། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨཱརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་སྦྱར་བས་བྱིན་གྱིས་བརླབ། དྷརྨཱ་ར་ཎི་ཏ་རོལ་མོ་དང་བཅས་པ་ལན་གསུམ་གྱིས་བྱིན་དབབ་པ་སྔོན་དུ་འགྲོ་བས། སྐྱབས་ཡུལ་ཞིང་


LT26_Page_190B
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཡོངས་སུ་དག་པའི་དབུས་སུ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་དཔག་བསམ་གྱི་ཤིང་གི་སྡོང་པོའི་སྟེང་པདྨ་འདབ་མ་བཞི་བའི་དབུས་སུ་རྩ་བའི་བླ་མ་འོད་དཔག་མེད་ཀྱི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མས་བསྐོར་བ། མདུན་གྱི་འདབ་མ་ལ་སྒྲོལ་དཀར་སོགས་ཡི་དམ། གཡས་སུ་སངས་རྒྱས་ཐུབ་བའི་དབང་པོ་སོགས་སྤྲུལ་སྐུའི་རྣམ་པ། རྒྱབ་ཏུ་གསུང་རབ་པུསྟི་བརྩེགས་པ། གཡོན་དུ་ཉེ་བའི་སྲས་བརྒྱད་སོགས་དགེ་འདུན། གཞན་ཡང་སྐྱབས་ཡུལ་རྣམས་ཀྱིས་དཔག་བསམ་ཤིང་གི་ཡལ་ག་ལོ་མ་མེ་ཏོག་གི་ཁྲོད་ཐམས་ཅད་གང་བ་ལ་དམིགས་ནས་བདག་གཞན་ཐམས་ཅད་ལུས་ངག་ཡིད་གསུམ་འཇུགས་གཅིག་ཏུ་དྲིལ་ནས། ངག་ཏུ། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོས་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཉེར་གཅིག་སོགས། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ལན་གཅིག །སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་བསྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ། །དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་ལ་བླ་མ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛ། ཞེས་པས་སྤྱན་དྲངས། ན་མོ་གུ་རུ་བྷྱཿ ན་མ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་རེ་བྷྱཿ ཞེས་པས་ཕྱག་བྱ། ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱཾ། ཤབྡ་ཨཱཿཧཱུྃ། ཞེས་པས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་གྱིས་སྡོམ་པ་བཟུང༌། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ཚད་མེད་བཞི་


LT26_Page_191A
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཏཱྃ་ཡིག་དཀར་པོ། །དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་མ་སྒྲོལ་མ་ཡིད་བཞིན་གྱི་འཁོར་ལོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ལྟར་དྭངས་ཤིང་འོད་འཕྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་པས་ཨུཏྤལ་དཀར་པོའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་དུས་གསུམ་གྱི་སངས་རྒྱས་མཚོན་པའི་བརྡར་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ་གྱེས་པའི་དབུས་ཀྱི་མེ་ཏོག་ཁ་བྱེ་བ། གཡས་འབྲས་བུ། གཡོན་གང་བུའི་རྣམ་པར་ཡོད་པ། །དབུ་སྐྲ་མཐོན་མཐིང་རལ་པའི་ཟུར་ཕུད་ལྟག་པར་བཅིངས་ཤིང༌། ལན་བུ་རིང་དུ་འཕྱང་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང༌། དར་དམར་པོའི་ཤམ་ཐབས་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་ཞབས་ཀྱི་མཐིལ་རྣམས་ལ་སྤྱན་རེ་རེ་སྟེ་ཡེ་ཤེས་ཀྱི་སྤྱན་བདུན་མངའ་བ། ཟླ་བའི་རྒྱབ་ཡོལ་དང་འོད་ཀོར་ཅན། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་སྒྲོལ་མ་དཀར་མོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔའི་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ།


LT26_Page_191B
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུངས་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་སྐུ་གང༌། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བསམ། ཨོཾ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེའི་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་འདྲ་ཞིང༌། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མར་ཕྱག་འཚལ་ལོ། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ལྷའི་སྐུ་སྣང་སྟོང་དབྱེར་མེད་ལ་སེམས་གཏད་དེ་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག །དེ་ནས་བཟླས་པ་བྱ་བར་འདོད་པས། རང་གི་སྙིང་གར་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་མུ་ཁྱུད་ལྔ་དང་ལྡན་པའི་ལྟེ་བར་ཏཱྃ་ཡིག་དཀར་པོ། དེའི་མཐའ་སྐོར་དུ། མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཅེས་པས་བསྐོར་བ། དེའི་མདུན་དུ་ཨོཾ། རྒྱབ་ཏུ་ཧཱ། རྩིབས་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ། ཅེས་པའི་ཡིག་འབྲུ་རེ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ནང་མ་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་པ་གཡོན་སྐོར་དུ་ཡོད་པ་དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ན། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཞེས་པ་གཡས་སྐོར་དུ་ཡོད་པ། དེའི་ཕྱི་རོལ་གྱི་


LT26_Page_192A
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁྱུད་ལ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ། ཞེས་པ་གཡས་སྐོར་དུ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་རྡོ་རྗེ་སྔོན་པོའི་ཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་ཡོད་པར་བསམ། །དེ་ནས། སྤྱི་བོའི་བླ་མ་འོད་དཔག་མེད་ཡོངས་སུ་གྱུར་པ་ལས། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཞལ་གཅིག་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་མཉམ་གཞག་གི་སྟེང་ན་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རང་ཉིད་ཀྱི་ཕྱི་རོལ་ཏུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་བ་སྦུབས་ཅན་ཞྭ་ཐེབ་ཁ་སྦྱར་བ་ལྟ་བུ་གཡས་སྐོར་དུ་འཁོར་བ། མེ་དཔུང་འབར་ཞིང་འཁྲུགས་པས་གདོན་བགེགས་གནོད་བྱེད་ཐམས་ཅད་བྱ་སྒྲོ་མགར་གྱི་སོལ་མལ་དུ་བབས་པ་ལྟར་གཞོབ་ཐུལ་ཐུལ་ཚིག་པར་བསམ། ཡང་སྙིང་གའི་ཏཱྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་ཟླ་བ་སྟོང་དུས་གཅིག་ཏུ་ཤར་བ་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འཁོར་ལོའི་ཕྱི་རོལ་འདོམ་གང་ཙམ་དུ་འོད་དཀར་པོའི་གུར་ཁང་དུ་གྱུར། ཞི་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་སེར་པོ་གསེར་ཞུན་མ་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་རྒྱས་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་དཀར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་སེར་པོའི་གུར་ཁང་དུ་གྱུར། རྒྱས་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་ཁའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་བྱེ་རུའི་མདོག་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། བརྟན་གཡོ་སྣོད་བཅུད་ཐམས་ཅད་དབང་དུ་བསྡུས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་སེར་པོའི་གུར་ཁང་གི་ཕྱི་རོལ་འདོམས་གང་ཙམ་དུ་འོད་དམར་པོའི་གུར་ཁང་དུ་གྱུར།


LT26_Page_192B
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་ཁའི་སྔགས་ཕྲེང་ལས་འོད་ཟེར་མཐིང་ག་འཕྲོས་ལུས་ཀྱི་ནང་ཐམས་ཅད་གང༌། མི་མཐུན་པའི་ཕྱོགས་ཐམས་ཅད་ཚར་བཅད། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་དམར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་མཐིང་གའི་གུར་ཁང་དུ་གྱུར། དྲག་པོའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་ལྗང་གུ་མརྒད་ཞུན་མའི་མདོག་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་གཅིག་ཆར་དུ་འགྲུབ་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་མཐིང་གའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་ལྗང་གུའི་གུར་ཁང་དུ་གྱུར། ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་མཆིན་ཁ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། དངོས་གྲུབ་ཐམས་ཅད་བརྟན་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་ལྗང་གུའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་མཆིན་ཁའི་གུང་ཁང་དུ་གྱུར། བྱིན་རླབས་དང་ཕྲིན་ལས་ཐམས་ཅད་བརྟན་པར་བསམ། འོད་ཀྱི་གུར་ཁང་དྲུག་པོ་ཐམས་ཅད་ཀྱང་དབྱིབས་སྒོ་ངའི་རྣམ་པ་ལྟ་བུ་དུམ་བུ་གཅིག་ཏུ་གྱུར་པ་སྲ་ཞིང་མཁྲེགས་པ་བསྐལ་པའི་རླུང་གིས་ཀྱང་གཞིག་པར་མི་ནུས་པ། བར་མཚམས་ཐམས་ཅད་ཨུཏྤལ་སྔོན་པོ་མེ་ཏོག་ཁ་བྱེ་མ་ཐག་པ་གསར་ཞིང་མཉེན་ལྕུག་དང་ལྡན་པས་བུན་ལོང་གིས་གཏམས་པར་བསམ། རང་ཉིད་རྗེ་བཙུན་མར་གསལ་བ་ནས་བཟུང་འོད་ཟེར་མཆིན་ཁའི་གུར་ཁང་གི་བར་དུ་སེམས་འཛིན་ཅིང་སྣང་སྟོང་གི་ངང་དུ་མཉམ་པར་འཇོག །དེ་བཞིན་དུ་ཕྱི་ནས་རིམ་བཞིན་དུ་ཐུགས་ཀའི་ཏཱྃ་ཡིག་གི་བར་དུ་སེམས་འཛིན་ཅིང་སྣང་སྟོང་དབྱེར་མེད་ཀྱི་ངང་དུ་མཉམ་པར་འཇོག །དེ་ནས་སྤྱི་བོའི་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་བུམ་ནང་དུ་སོང་བས་འཆི་མེད་བདུད་རྩིའི་ཆུ་རྒྱུན་དུ་གྱུར། དེ་ཉིད་གྱེན་དུ་


LT26_Page_193A
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱུར་ཞིང་ཁ་ནས་ལུད་པས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་སྦྱངས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམས་ལ། རླུང་བུམ་པ་ཅན་ཉེར་གཅིག་གམ་བདུན་ནས་གསུམ་གྱི་བར་དུ་འཛིན། དེ་ནས་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་ཀྱང་འཆི་མེད་བདུད་རྩིའི་ཟིལ་དངར་གྱི་རྒྱུན་དང་འོད་ཟེར་དཀར་པོ་སོགས་ཀྱི་སྒྲ་སྒྲོགས་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་གི་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐམས་ཅད་མེར་གྱིས་ཁེངས་པས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་བྱང་ཞིང་དག །འཆི་མེད་ཚེའི་དངོས་གྲུབ་ཐོབ། ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཀྱང་བདུད་རྩིའི་ཟིལ་པ་ཕྲམ་མེར་ཡོད་པར་བསམ་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཨུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ཅི་ནུས་བཟླས། དམིགས་པ་ནམ་མི་གསལ་བའི་དུས་སྙིང་གའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་བདུད་རྩི་འབབས་ཅིང་འོད་ཟེར་སྤྲོ་བསྡུའི་ཚིག་གོང་བཞིན་བརྗོད་ལ། སྔགས་དང་དམིགས་པ་སྤྲད་དེ་ཡེ་མ་ཡེངས་པ་བཟླས་པའི་རྗེས་སུ་སྔར་ལྟར་མཆོད་བསྟོད་དང༌། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨཱ་ལི་ཀཱ་ལི་ཡེ་དྷརྨ་ཡིག་བརྒྱ་རྣམས་ཚར་གསུམ་རེས་བྱིན་རླབས་བརྟན་ཞིང་ལྷག་ཆད་ཁ་བསྐང༌། དེ་ནས་ཐུགས་ཀའི་ཏཱྃ་ཡིག་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས་དེ་རྣམས་འོད་དུ་ཞུ་ནས་འོད་མཆིན་ཁའི་གུར་ཁང་ལ་ཐིམ། དེ་འོད་ལྗང་གུའི་གུར་ཁང་ལ་ཐིམ། དེ་འོད་མཐིང་གའི་གུར་ཁང་ལ་ཐིམ། དེ་འོད་དམར་པོའི་གུར་ཁང་ལ་ཐིམ། དེ་འོད་སེར་པོའི་གུར་ཁང་ལ་ཐིམ། དེ་འོད་དཀར་པོའི་གུར་ཁང་ལ་ཐིམ། དེ་འཁོར་ལོའི་གུར་ཁང་ལ་ཐིམ། དེ་རང་རྗེ་བཙུན་མར་གསལ་བ་ལ་ཐིམ། དེ་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་ཏཱྃ་ཡིག་ལ་ཐིམ། དེའི་ཁོག་པ་མགོ་བོ་ལ་ཐིམ། མགོ་བོ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་ནཱ་ད་ལ་ཐིམ། ནཱ་ད་ཡང་མི་དམིགས་ཏེ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་བསམ་ལ། ཇི་ཙམ་གནས་ཀྱི་བར་


LT26_Page_193B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཉམ་པར་བཞག །རྟོག་པ་འགྲོ་ན། རང་སྐད་ཅིག་གིས་རྗེ་བཙུན་མ་སྒྲོལ་མའི་སྐུར་གྱུར། བླ་མ་དང་སྦྱིན་བདག་སོགས་ཀྱི་ཆེད་དུ་ཡིན་ན་དམིགས་པའི་ཁྱད་པར་ཐུགས་སྲོག་ཏཱྃ་ཡིག་གི་ཀླད་ཀོར་ནང་དུ་བླ་མ། ཁོག་པར་བསྒྲུབ་བྱའི་གཙོ་བོ་དང༌། མདུན་རྒྱབ་གཡས་གཡོན་སོགས་སུ་བསྒྲུབ་བྱ་གཞན་རྣམས་ངོ་བོ་དེ་ག་ཡིན་པ་ལ། རྣམ་པ་གཞོན་ཚུལ་ལང་ཚོ་རྒྱས་ཤིང་གོས་རྒྱན་སོགས་ཕུན་སུམ་ཚོགས་པར་བསྒོམ། ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་གྲུབ་ནས། ངོ་བོ་བསྒྲུབ་བྱ་ལ་རྣམ་པ་རྡོ་རྗེ་སྔོན་པོ་རྩེ་ལྔ་གྱེན་འགྲེང་ལྟེ་བར་ཧཱུྃ་སྔོན་པོས་མཚན་པ་རེ་རེ་གསལ་བཏབ། རང་དང་བསྒྲུབ་བྱའི་སེམས་གཉིས་ཀའི་ངོ་བོ་བློ་འདས་བརྗོད་བྲལ་དུ་ཤེས་པར་བྱས་ལ་འཛིན་མེད་དུ་འཇོག་གོ །གཉིས་པ་མདུན་བསྐྱེད་སྒྲུབ་ཅིང་མཆོད་པ་ལའང་གསུམ་ལས། དང་པོ་ཚོམ་བུ་ལྷར་བསྐྱེད་ཅིང་བཟླས་པ་བྱ་བ་ནི། སྔར་ལྟར་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ་ཞེས་པ་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པའི་བར་བདག་བསྐྱེད་བཞིན་ལ། རང་ཉིད་ཅེས་པའི་ཚིག་རྣམས་དོར། དེ་ནས་རྡོ་རྗེ་དྲིལ་བུ་སྤོས་བཅས་འཛིན་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། སོགས་ཤོ་ལོ་ཀ་གསུམ་གྱི་མཐར། ཨོཾ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཞེས་པས་སྤྱན་དྲངས་ཏེ་ནམ་མཁའ་བཞུགས་པ་ལ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། སོགས་ནས། འདི་ཉིད་དུ་ནི་བཞུགས་སུ་གསོལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ག་ན་ས་མ་ཡེ་ཧཱུྃ་སྭཱ་ཧཱས་མཆོད་ཡོན་ཕུལ། ཇི་ལྟར་བལྟམས་པ་སོགས་ཀྱིས་སྐུ་ཁྲུས་གསོལ། བདག་དང་འགྲོ་ལ་སོགས་ནས། པདྨ་ཀ་མ་ལཱ་ཡ་སྟཾ་གྱིས་གདན་འབུལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ནཻ་ཝི་དྱའི་བར་གྱིས་མཆོད། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཨཱཿ ཕྱག་རྒྱ་དང་བཅས་པས་དགུག་གཞུག་བཅིང་ཞིང་མཉེས་པར་བསམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས། ནས། འོད་དཔག་མེད་ཀྱིས་དབུ་བརྒྱན་པར་བདག་བསྐྱེད་བཞིན་ལ། བདག་ལ་མངོན་པར་དབང་བསྐུར་བ་ཞེས་པའི་ཚབ་ཏུ། འདི་ལ་ཞེས་བསྒྱུར་བ་ཙམ་ཁྱད་པར་རོ། །དེ་ནས། ཨོཾ་ཨཱརྻཱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་


LT26_Page_194A
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཤབྡའི་བར་གྱིས་མཆོད། འཁོར་བ་ལས་སྒྲོལ་སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། མདུན་བསྐྱེད་ཀྱི་ཐུགས་ཀར་ཟླ་བའི་རང་བཞིན་གྱི་འཁོར་ལོ་ནས། འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་ཡོད་པ་ཞེས་པའི་བར་བདག་བསྐྱེད་བཞིན་ལ། དེ་ལས་འོད་ཟེར་འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱས། ཚེ་དང་བསོད་ནམས་ཡེ་ཤེས་ལ་སོགས་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར། ཅེས་བརྗོད་ཅིང་བསམ་ལ། སྔགས་ཡི་གེ་བཅུ་པ་སྤེལ་ཚིག་དང་བཅས་པ་ཅི་ནུས་བཟླ། ཚེ་སྒྲུབ་དམིགས་བསལ་བྱེད་ན། སླར་ཡང་མདུན་བསྐྱེད་ཀྱི་སྤྱི་བོའི་བླ་མ་འོད་དཔག་མེད་ཡོངས་སུ་གྱུར་པ་ལས། མགོན་པོ་ཚེ་དཔག་མེད་ནས། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་སོང་བས་འཆི་མེད་བདུད་རྩིའི་ཆུ་རྒྱུན་དུ་གྱུར། དེ་ཉིད་གྱེན་དུ་འཕྱུར་ཞིང་ཁ་ནས་ལུད་པ་དང༌། རྗེ་བཙུན་མའི་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་ཀྱང་འཆི་མེད་བདུད་རྩིའི་ཟིལ་དངར་གྱི་རྒྱུན་དང༌། འོད་ཟེར་དཀར་པོ་སྔགས་ཀྱི་སྒྲ་སྒྲོགས་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་འདི་སྐབས་བསྒྲུབ་བྱ་གསལ་འདེབས་ཚུལ་མདུན་བསྐྱེད་ཀྱི་ཐུགས་ཀར་བསྒོམ་ནའང་རུང་མོད། ཡིག་ཆ་གཞན་ལས་བདག་མདུན་གཉིས་ཀྱི་བར་དུ་ཟླ་བའི་གདན་ལ་བསྒྲུབ་བྱ་ཉིད་གོས་རྒྱན་གཟབ་འཕྱོར་ཕུན་སུམ་ཚོགས་པས་མདུན་བསྐྱེད་ལ་གདོང་ཕྱོགས་ཏེ་གུས་པའི་ཚུལ་གྱིས་འཁོད་པར་བསམ་ཞེས་འབྱུང་བ་ལྟར་དམིགས་ཀྱང་ལེགས་ཤིང༌། བུམ་བསྐྱེད་སྐབས་ཀྱང་དེ་གཉིས་གང་ལྟར་བྱས་ཀྱང་རུང་ངོ༌། དང་བསྒྲུབ་བྱའི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་སྦྱངས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། ལུས་ཀྱི་བ་སྤུའི་བུ་ག་ཚུན་ཚད་ཀྱང་བདུད་རྩིའི་ཟིལ་པ་ཕྲམ་མེར་ཡོད་པར་བསམ་ལ་སྔགས་བཟླ།འདིར་འོད་ཟེར་དྲུག་སྦྲགས་ཀྱི་དམིགས་པ་ཡོངས་རྫོགས་མདུན་བསྐྱེད་ལ་སྦྱར་བའི་ཚུལ་ཡང་སྣང་བ། དེ་ལྟར་ན། རང་གི་ཕྱི་རོལ་


LT26_Page_194B
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོགས་ལ་མདུན་བསྐྱེད་ཀྱི་ཕྱི་རོལ་ཏུ་སོགས་དང༌། མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་དཀར་པོ་འཕྲོས་སོགས་དང༌། རང་དང་བསྒྲུབ་བྱའི་ལུས་ཀྱི་ནང་ཐམས་ཅད་གང༌། སོགས་ཀྱིས་མཚོན་ཚིག་གི་ཁ་བསྒྱུར་ཚུལ་རིགས་འགྲེ་སྦྱར་དགོས་པར་སྣང་ནའང༌། ཞྭ་ལུ་བ་སོགས་ཀྱིས་ཡིག་ཆར་དེ་ལྟ་བུའི་དམིགས་བསལ་མི་སྣང་བས་འདིར་མ་བྲིས་ལ། སྤྲོ་ན་འགལ་བ་མེད་པར་སེམས། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི། ཨཱ་ལི་ཀཱ་ལི་ཡེ་དྷརྨ་ཡིག་བརྒྱ་རྣམས་ལན་གསུམ་རེས་ལྷག་ཆད་ཁ་བསྐང་ཞིང་དངོས་གྲུབ་བརྟན་པར་བྱ། མཐར་ཐལ་མོ་སྦྱར་ཏེ། དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ་བོ། །གཉིས་པ་བུམ་བསྐྱེད་བཟླས་པ་དང་བཅས་པ་ནི་བུམ་པའི་སྟེང་དུ་དུང་ཆོས་དྲི་བཟང་གི་ཆུས་གང་བའི་སྟེང་རྡོ་རྗེ་ལ་གཟུངས་ཐག་བཏགས་པ་བཞག །བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱིས་གོས་ཀྱིས་མགུལ་པ་བཅིངས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ་ནས། འོད་དཔག་མེད་ཀྱིས་དབུ་བརྒྱན་ཞེས་པའི་བར་བདག་བསྐྱེད་བཞིན་ལ། རང་ཉིད་ཅེས་པའི་ཚིག་དོར། བདག་ལ་ཞེས་པའི་ཚབ་ཏུ་འདི་ལ་ཞེས་བསྒྱུར། གོང་བཞིན་མཆོད་ཅིང་བསྟོད་ལ། བུམ་ནང་གི་ལྷ་ཡི་ཐུགས་ཀར་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་སོགས་ནས། གཡས་སྐོར་དུ་ཡོད་པ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་བས་བུམ་ནང་གི་ལྷ་ཡི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་དང༌། སྐུའི་ཆ་ཐམས་ཅད་ནས་ཀྱང་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བུམ་པར་གང་བར་བསམ་ཞིང་གཟུངས་ཐག་ནས་བཟུང་སྟེ། སྔགས་སྤེལ་ཚིག་ཅན་སྟོང་ཕྲག་སོགས་བཟླས་མཐར་གཟུངས་ཐག་བསྡུ། སྤྲོ་ན། སླར་ཡང་བུམ་པའི་ལྷ་ཡི་སྤྱི་བོའི་བླ་མ་འོད་དཔག་མེད་ཡོངས་སུ་གྱུར་པ་ལས།


LT26_Page_195A
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཚེ་དཔག་མེད་སོགས་གོང་བཞིན་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་བཟླས་ཀྱང་བྱ། ཡིག་བརྒྱ་དང་དབྱངས་གསལ་རྟེན་སྙིང་རྣམས་ཚར་གསུམ་རེའི་མཐར་གསོལ་བ་གདབ། གསུམ་པ་མདུན་བུམ་ཐུན་མོང་དུ་མཆོད་བསྟོད་དང་མདུན་བསྐྱེད་ལ་གཏོར་མ་འབུལ་བ་ནི་མར་མེ་ལ་སོགས་པ་སྦར་ནས། མཆོད་པ་རྣམས་བསང་སྦྱངས་བྱིན་རླབས་གོང་བཞིན་ལ། ཐལ་མོ་སྦྱར་ཏེ། །རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །འཕགས་མ་ཡིད་བཞིན་འཁོར་ལོ་དང༌། །རྒྱལ་བ་སྲས་དང་བཅས་ལ་འབུལ། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །ཚེ་དང་ཡེ་ཤེས་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང༌། ཨརྒྷཾ་གྱི་གནས་སུ་པཱདྱཾ་ནས། ཤབྡའི་བར་སྦྱར་བས་མཆོད་ཅིང༌། དྷརྨཱ་ར་ཎི་ཏས་རོལ་མོ་དབུལ། སྤྲོ་ན་རྒྱལ་སྲིད་སྣ་བདུན་དང༌། འདོད་ཡོན་ལྔ་རྣམས་སྤྱི་ལྟར་སྦྱར་བས་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། འཁོར་བ་ལས་སྒྲོལ་སོགས་ནས། འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞེས་པའི་བར་གྱིས་བསྟོད། བཅོམ་ལྡན་འདས་མས་སོགས་གསོལ་བ་གདབ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་པའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་ལ་དུད།ཞ་ལུ་མཁན་ཆེན་གྱིས་འདི་ལྟར་མཛད་སྣང་བ་རྗེས་གནང་སོགས་ཀྱི་ཚིག་འདི་ཁོ་ན་འཐད་ཅིང༌། གཞན་རྗེས་ཆོག་གི་བཟོད་གསོལ་རྗེས་སུ་ཕུལ་ཀྱང་ཆོག །ཆོས་ཀྱི་ཆུ་བུམ་ནང་དུ་ཕུལ།འདིར་ཡེ་ཤེས་པ་གཤེགས་པ་རྒྱུད་སྡེ་འོག་མ་སྤྱིར་བཏང་ལྟར་བྱས་ཀྱི། དཀོན་མཆོག་ལྷུན་གྲུབ་སོགས་ཀྱི་ཡིག་ཆར་དམ་ཡེ་དབྱེར་མེད་དུ་འོད་ཞུ་མཛད་པ་ལྟར་བྱས་ཀྱང་རུང་ངོ༌། །གཏོར་མ་རྣམས་ཆབ་གཙང་མས་བྲན་ཏེ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ལྷ་ཡི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབ། གཏོར་མ་དང་པོ་ནམ་མཁའ་བརྗོད་ཀྱི་ཕྱག་རྒྱ་དང་བཅས།


LT26_Page_195B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་སརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏཱི་མ་ཧཱ་ས་ཏ་སརྦ་བུདྡྷ་ཨ་བ་ལོ་ཀི་ཏེ། མཱ་བི་ལམྦ་མཱ་བི་ལམྦ་ཨི་དཾ་བ་ལིཾ་གྲྀཧྞ་པ་ཡ། ཧཱུྃ་ཧཱུྃ་སརྦ་བི་སཉྩ་རེ་སྭཱ་ཧཱ། ལན་གསུམ་གྱིས་ཕུར། མཚན་སྔགས་སྔོན་དུ་འགྲོ་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས། །སོགས་ཤླཽ་ཀ་གཅིག་གིས་བསྟོད། རྗེ་བཙུན་འཕགས་མ་སྒྲོལ་མས་བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་བསྐྱབ་ཏུ་གསོལ། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། གཏོར་མ་ལྷག་མ་རྣམས་ཆ་གསུམ་གྱི་ཆོ་གས་བཏང་ངོ༌། །གསུམ་པ་རྗེས་ནི། མཆོད་པ་རྣམས་ཁ་གསོས། བསང་སྦྱང་བྱིན་རླབས་སྔར་བཞིན་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་དང༌། དྷརྨཱ་ར་ཎི་ཏས་མཆོད། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བ་དང༌། ཚེ་དང་བསོད་ནམས་ཡེ་ཤེས་ལ་སོགས་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །ཞེས་འདོད་དོན་གསོལ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཞག་གྲངས་སྦྲེལ་ནས་བྱེད་ན། ཉིན་སྔ་མ་རྣམས་སུ། ཕྱོགས་བཅུ་ན་སོགས་ནས། བྱེ་བྲག་ཏུ་ཚོམ་བུའི་རྟེན་འདི་ཉིད་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་དུ་གསོལ། ཅེས་སོགས་ཀྱིས་བརྟན་བཞུགས་བྱ། གྲོལ་རྒྱུའི་ཐུན་ཐ་མ་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། སོགས་ཀྱིས་ཚོམ་བུའི་ཡེ་ཤེས་པ་གཤེགས། །དམ་ཚིག་པ་རང་ལ་ཐིམ་པར་བསམ། གང་ལྟར་ཡང༌། རང་གི་དཔྲལ་བར་ཨོཾ་དཀར་པོ་སོགས་ཀྱིས་གནས་གསུམ་བསྲུང༌། དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །སོགས་བསྔོ་བ་དང༌། ཆེ་བའི་ཆེ་མཆོག་


LT26_Page_196A
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་དང་བཅས་མེ་ཏོག་གི་ཆར་སིལ་མ་དགྲམ་ཞིང༌། ལས་ཀྱི་རྗེས་མི་མངོན་པར་བྱའོ། །འཆི་མེད་ཚེ་དང་བསོད་ནམས་ཡེ་ཤེས་ཀྱིས། །འཆི་མེད་གྲུབ་པའི་དགེ་མཚན་བརྙེས་འདོད་ན། །འཆི་མེད་ཡིད་བཞིན་འཁོར་ལོ་འདི་བསྟེན་དང༌། །འཆི་མེད་གོ་འཕང་ཐོབ་པར་གདོན་མི་ཟ། །དེ་སྐད་སྲས་བཅས་རྒྱལ་བའི་ཡེ་ཤེས་སྐུ། །ཁྱབ་བདག་བླ་མའི་ཐུགས་རྗེའི་བདུད་རྩིའི་ཡིས། །མོས་གུས་པདྨོའི་དགའ་ཚལ་དར་བབས་པས། །རང་དང་སྐལ་མཉམ་གཞན་ལ་ཕན་ཕྱིར་གདམས། །གང་ལས་བྱུང་བའི་ལེགས་བྱས་སྣང་བ་ཡིས། །སྲིད་དང་ཞི་བའི་གདུང་བ་ཀུན་བསལ་ནས། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །འཆི་མེད་མགོན་དེའི་གོ་འཕང་མྱུར་ཐོབ་ཤོག །ཅེས་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ཐུན་མོང་མ་ཡིན་པའི་སྒྲུབ་ཅིང་མཆོད་པའི་ཆོ་གའི་ངག་འདོན་སྙིང་པོར་དྲིལ་བ་འདི་ཡང༌། གནས་གསར་པ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་དང༌། ཞྭ་ལུ་མཁན་ཆེན་རིན་པོ་ཆེ་བསོད་ནམས་མཆོག་གྲུབ། མཁྱེན་རབ་བྱམས་པ་ངག་དབང་ལྷུན་གྲུབ་སོགས་ལུགས་འདི་ལ་ཚད་མར་གྱུར་པ་རྣམས་ཀྱི་གསུང་གི་སྣང་བ་ལ་བརྟེན་ནས་རང་གཞན་མང་པོར་ཕན་པའི་ལྷག་བསམ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ། ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར་པ་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་འཛིན་སོགས་ཡོངས་འཛིན་དམ་པ་བདུན་ལས་ཆོས་ཚུལ་འདིའི་བཀའ་དྲིན་མང་དུ་ཐོས་པའི་རྒྱལ་ཁམས་ཀྱི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། ༈ །སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཐུན་མོང་མ་ཡིན་པའི་རྗེས་གནང་གི་ཆོ་ག་གསལ་བར་བཀོད་པ་འཆི་མེད་གྲུབ་པའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །དྲན་པས་ཚེ་དང་ཡེ་ཤེས་མཆོག་སྟེར་བའི། །བླ་མ་ཡིད་བཞིན་འཁོར་ལོར་གུས་བཏུད་ནས། །གང་དེའི་ཐུན་མོང་མིན་པའི་རྗེས་གནང་ཚུལ། །འཆི་མེད་གྲུབ་བའི་བདུད་རྩིའི་དགའ་སྟོན་སྦྱིན། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་ཡར་ངོའི་ཚེས་བརྒྱད་ལ་སོགས་པའི་དུས་ཁྱད་པར་ཅན་གྱི་ཚེ། སྟེགས་ཀྱི་ཁར་མཉྫིའི་སྟེང་དུ་མཎྜ་ལར་


LT26_Page_196B
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དཀར་པོ་འདབ་བརྒྱད་ཀྱི་ལྟེ་བར་ཟླ་གདན་ལ་ཚོམ་བུ་དཀར་པོ་གཅིག་བཀོད། མདུན་དུ་གཏོར་མ་དཀར་ཟླུམ་དང༌། ཆོ་ག་རྒྱས་པ་ལྟར་ན་ཆ་གསུམ་ཀྱང་བཤམ། མཐའ་སྐོར་དུ་མཚམས་འཛིན་མེ་ཏོག་དང་བཅས་པའི་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། བུམ་པ་བཅུད་ལྡན། མེ་ཏོག་གི་སྣོད། སློབ་མ་ལ་དགོས་པའི་མཎྜལ་མེ་ཏོག་སོགས་སྟ་གོན་བྱའོ། །གཉིས་པ་ལ། སློབ་དཔོན་གྱི་བྱ་བ་དང༌། སློབ་མའི་བྱ་བ་གཉིས་ལས། དང་པོ་ནི། རྒྱས་པར་སྤྲོ་ན་སྒྲུབ་ཅིང་མཆོད་པའི་ཆོ་ག་བདུད་རྩིའི་རོལ་མཚོ་ལས་ཇི་ལྟར་འབྱུང་བ་བཞིན་གཏོར་མ་ཆ་གསུམ་གྱི་བར་ཉམས་སུ་བླངས། དེ་ཙམ་མི་ནུས་ན། ཐོག་མར་བརྒྱུད་འདེབས་སྔོན་དུ་འགྲོ་བས་མཆོད་པ་རྣམས། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་བརླབ། དྷརྨཱ་ར་ཎི་ལན་གསུམ་གྱིས་བྱིན་དབབ། བདག་བསྐྱེད་སྐྱབས་འགྲོ་ནས་ཐུན་མཚམས་ཀྱི་ལྷང་ལྡང་བའི་བར་སྒྲུབ་ཐབས་ལྟར་བྱ། མདུན་བསྐྱེད་ཚོམ་བུ་བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ་ནས། འོད་དཔག་མེད་ཀྱིས་དབུ་རྒྱན། །ཞེས་པའི་བར་བདག་བསྐྱེད་བཞིན་ལ་རང་ཉིད་ཅེས་པའི་ཚིག་དོར། བདག་ལ་མངོན་པར་དབང་བསྐུར་བ། ཞེས་པའི་ཚབ་ཏུ་འདི་ལ་ཞེས་བསྒྱུར། མཆོད་པ་བསང་སྦྱང་བྱིན་རླབས་སྔོན་དུ་འགྲོ་བས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱརྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ནས། ཤབྡའི་བར་གྱིས་མཆོད། དྷརྨ་ར་ཎི་ཏས་རོལ་མོ་དབུལ། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད། གཏོར་མ་ཆབ་ཀྱིས་བྲན་ལ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ལྷ་ཡི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བརླབ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ན་མསྶ་མནྟ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏཱི་


LT26_Page_197A
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ས་ཏྭ། སརྦ་བུདྡྷ་ཨ་བ་ལོ་ཀི་ཏེ། མཱ་བི་ལམྦ། མཱ་བི་ལམྦ། ཨི་དཾ་བ་ལིཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ། ཧཱུྃ་ཧཱུྃ་སརྦ་བི་སཉྩ་རེ་སྭཱ་ཧཱ། །ལན་གསུམ་གྱིས་ཕུལ། གོང་བཞིན་མཆོད་ཅིང་བསྟོད། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། མདུན་བསྐྱེད་ཀྱི་ཐུགས་ཀར་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་སོགས་ནས། འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་ཡོད་པ། དེ་ལས་འོད་ཟེར་འཕྲོས་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བྱས། ཚེ་དང་བསོད་ནམས་ཡེ་ཤེས་ལ་སོགས་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་པར་བསམ་ལ་སྔགས་སྤེལ་ཚིག་ཅན་ཅི་ནུས་བཟླས་མཐར་གོང་བཞིན་གསོལ་བ་བཏབ། བུམ་པའི་ཁར་དུང་ཆོས་དྲི་བཟང་གི་ཆུས་གང་བའི་སྟེང་གཟུངས་ཐག་རྡོ་རྗེ་བཞག་ལ། བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་དཀྲིས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་ནང་དུ་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ་སོགས་ནས། བསྟོད་པའི་བར་མདུན་བསྐྱེད་བཞིན་བྱ། བུམ་ནང་གི་ལྷ་ཡི་ཐུགས་ཀར་ཟླ་བའི་རང་བཞིན་གྱི་འཁོར་ལོ་སོགས་ནས། འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་ཡོད་པ་རང་གི་སྙིང་ཁ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང་བས་བུམ་ནང་གི་ལྷ་ཡི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་དང༌། སྐུའི་ཆ་ཤས་ཐམས་ཅད་ནས་ཀྱང་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བུམ་པ་གང་བར་གྱུར་པར་བསམ་ལ། སྔགས་སྤེལ་ཚིག་ཅན་སྟོང་ཕྲག་གཅིག་བཟླ། གོང་བཞིན་མཆོད་ཅིང་བསྟོད་ལ་གསོལ་བ་གདབ། ཡིག་བརྒྱ་


LT26_Page_197B
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར། ཞེས་བརྗོད་ཅིང་དུང་ཆོས་ཀྱི་ཆུ་བུམ་ནང་དུ་ཕུལ། གཉིས་པ་སློབ་མ་ལ་བྱ་བ་ནི། དབང་གིས་སྨིན་ཅིང་སྣོད་དང་ལྡན་པའི་སློབ་མ་རྣམས་ཁྲུས་བྱས། ཕྱག་དང་ཡོན་ཕུལ་ཏེ་རང་རང་གི་གྲལ་ལ་སྙིམས་པ་མེ་ཏོག་དང་བཅས་ཏེ་འཁོད་པ་ལ། དཀོན་མཆོག་ལྷུན་གྲུབ་སོགས་ཀྱི་ཡིག་ཆར་དམ་ཡེ་དབྱེར་མེད་འོད་ཞུ་མཛད་སྣང༌། གཞན་རྒྱུད་སྡེ་འོག་མ་གསུམ་ལ་འདི་བཞིན་ནོ། །སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། སོགས་ཀུན་སློང་དང་ཀུན་སྤྱོད་གསལ་འདེབས་སྔོན་དུ་འགྲོ་བས། ངེས་འབྱུང་དང་བྱང་ཆུབ་སེམས་ཀྱི་གཏམ་ཅི་རིགས་པ་དང༌། བཤད་བྱའི་ཆོས་མདོ་སྔགས་ཀྱི་བྱེ་བྲག །རྒྱུད་སྡེའི་དབྱེ་བསྡུ་སོགས་ཇི་ལྟར་འཚམས་པ་བཤད་རྗེས། ལོ་རྒྱུས་ཀྱི་ཁྱད་པར། ད་ལམ་འདི་སྐབས་སུ་བབས་པ་ནི། སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པས། ཆོས་སྤྱོད་དབང་པོ་ཐུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་གནས། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཁོར་བར་སྲོག་ལས་གཅེས་པ་ནི། །ཅི་ཡང་ཡོད་པ་མ་མཐོང་ཏེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་སླུ་བ་ཀུན་ཏུ་སྤྱོད། །ཅེས་གསུངས་པ་ལྟར་ཆོས་སྒྲུབ་པའི་དལ་འབྱོར་གྱི་ལུས་རྟེན་ཡུན་རིང་དུ་འཚོ་བའི་ཐབས་ཚུལ་ལྷུར་ལེན་པ་ཤིན་ཏུ་གལ་ཆེ་བ་ཡིན་ཞིང༌། དེ་ལའང༌། ལུས་དང་ངག་གི་ལས་ཀྱིས་ཕྱི། །བསམ་གཏན་ལས་ཀྱིས་ནང་གི་ཡིན། །ནོར་བུ་སྨན་སོགས་ཕྱི་ཡིན་ཏེ། །རྣལ་འབྱོར་ནུས་པ་ནང་གིའོ། །ཞེས་གསུངས་པ་ལྟར་ཕྱི་ནོར་བུ་རིན་པོ་ཆེའི་རིགས་དང་བཅུད་ལེན་གྱི་སྨན་སྦྱོར་སོགས་ལ་བརྟེན་པ་དང༌། ནང་རྣལ་འབྱོར་པའི་བསམ་གཏན་གྱི་ནུས་པས་ཚེ་སྲིང་བའི་ཐབས་གཉིས་སུ་ཡོད་པ་ལས། འདིར་ནང་གི་རྣལ་འབྱོར་མཆོག་ཏུ་གྱུར་པ་མཚན་འཛིན་པའམ། སྐུའི་སྣང་བརྙན་དྲན་པ་ཙམ་གྱིས་ཀྱང་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་སྐྱོབ་ཅིང༌། ཚེ་དང་བསོད་ནམས་


LT26_Page_198A
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡེ་ཤེས་སོགས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་ལ་བརྟེན་ནས་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡང་དཀའ་བ་མེད་པར་འཐོབ་ནུས་པའི་ལྷག་པའི་ལྷ་ཁྱད་པར་ཅན། བྱ་རྒྱུད་པདྨའི་རིགས་ཀྱི་ཡུམ་དུ་གཏོགས་པ་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་གྱི་འཁོར་ལོའི་སྐོར་ཡིན། དེ་ལའང་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། ད་ལམ་འདིར་སྐབས་སུ་བབ་པ་ནི། སྙིང་རྗེ་ཆེན་པོ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ནས་རིམ་པར་བརྒྱུད་པའི་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཞེས་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་ཟབ་མོ་འབུལ་བའི་སྐབས་ཡིན། དེ་ལའང་ཐོག་མར་ཡིད་ཆེས་ཤིང་ཁུངས་བཙུན་པའི་ཕྱིར་ལོ་རྒྱུས་ཅུང་ཟད་ཞིག་སྙན་དུ་གསོལ་ན། རྗེ་བཙུན་སྒྲོལ་མའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བའི་སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པས་རིང་པོར་འཚོ་བའི་ཐབས་ཚུལ་གྱི་ཆོ་ག་མ་ལུས་པ་ཕྱོགས་གཅིག་ཏུ་བསྡུས་པ་འཆི་བདག་སླུ་བའི་རྟོག་པ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་ཞིག་མཛད་པ་ལས། སྒྲོལ་མ་དཀར་མོའི་སྒྲུབ་པའི་ཐབས་ཚུལ་འདི་ཉིད་ཀྱང་བྱུང་བ་ཡིན་ཞིང༌། འདིའི་མན་ངག་རྣམས་སློབ་དཔོན་ཉིད་ལ་སྒྲོལ་མས་དངོས་སུ་གནང་སྐད། དེ་ལ་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བླ་མ་རྡོ་རྗེ་གདན་པས་གསན། སྒྲུབ་ཐབས་ཀྱང་མང་དུ་མཛད། དེ་ལ་སྙིང་རྗེའི་དབང་ཕྱུག་འཕགས་མཆོག་ཕྱག་ན་པདྨོའི་རྣམ་འཕྲུལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་བླ་མ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ཀྱིས་གསན། སྒྲུབ་ཐབས་མང་པོ་བོད་དུ་བསྒྱུར་དེ་ལ་བླ་མ་གླེ་ནག་པས་གསན། སྒྲུབ་པ་ལོ་དྲུག་ཏུ་མཛད་པས་མངོན་སུམ་དུ་ཞལ་གཟིགས་ཏེ་ཆོས་ཀྱི་བདུད་རྩི་བཞེས། འདིས་ཇོ་བོ་རྗེ་ལས་བརྒྱུད་པའི་མན་ངག་ཀྱང་སྤྱན་སྔ་རིན་པོ་ཆེ་ལས་གསན་ཞེས་ལོ་རྒྱུས་ཁ་ཅིག་ལས་འབྱུང༌། དེ་ལ་དགེ་བའི་བཤེས་གཉེན་སྒྲེ་པ་རིན་པོ་ཆེས་གསན་པ་ཡིན་ཏེ། ཁོང་གིས་དང་པོར་ཐོས་བསམ་མཛད་པའི་དུས་སུ་ལ་སྟོད་སྟག་རི་བ་ཡིན་ཟེར་བའི་རྣལ་འབྱོར་པ་ཅིག་ལ་ལག་རིས་བསྟན་པས། ཇོ་བོ་བཙུན་པ་ཁྱོད་ལ་ཆོས་


LT26_Page_198B
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལས་འཕྲོ་གཤའ་མ་ཅིག་འདུག་པ་ལ་ཚེ་ལ་ལོང་མི་འདུག་སྟེ། ལོ་གསུམ་ལས་མི་ཐུབ་པར་འདུག་ཟེར་བ་དང༌། སྔར་ནས་ཁོང་རང་གི་རྨི་ལམ་དུ་ལྟས་ངན་ཡང་ཡང་བྱུང་བ་གཉིས་འཛོམ་པས། ཚེ་འདི་ལ་ཐུགས་གཤའ་མར་བྱུང་སྟེ་ལོ་གཅིག་ཐུབ་བམ་ཅི་ཙམ་ཐུབ་ཐུབ་ཀྱི་ཚེ་ལྷག་མ་འདི་ལ་ཆོས་ལག་ལེན་གཤའ་མར་ཐེབས་པ་ཅིག་བྱ། དེ་ལ་ཐོག་མར་གདམས་ངག་ཁྱད་པར་ཅན་སྟོན་པའི་དགེ་བའི་བཤེས་གཉེན་ཅིག་བཙལ་དགོས་དགོངས་ནས་གསན་པ་འཕྲོ་བཅད་ནས་དབུས་སུ་བྱོན་པའི་ལམ་ཁར་གཞུའི་མཁར་གོང་དུ་བླ་མ་གླེ་ནག་པ་དང་མཇལ་ནས་ལོ་རྒྱུས་བྱས་པས། བྱང་ཆུབ་སྒྲུབ་པ་ལ་ལམ་གྱི་བར་ཆད་སེལ་བའི་ཐབས་ཁྱད་པར་ཅན་ང་ལ་ཡོད་ཀྱི་སྟོན་པ་ཁྱོད་ཐུགས་བདེ་འབོལ་གྱིས་ཐོང་ཞིང་གསུངས་ནས་འདིའི་སྒྲུབ་ཐབས་གདམས་ངག་དང་བཅས་པ་མ་ལུས་པ་གནང༌། ད་ཁྱོད་ཀྱིས་གཞན་དུ་མ་འགྲོ་བར་འདི་རང་དུ་སྡོད་ལ་སྒོམས་ཤིག་གསུངས་ནས། ལུང་པ་དེ་རང་གི་ལུང་ལག་མཁར་ལུང་བྱ་བ་ཅིག་གི་ཕུར་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་ཟླ་བ་བཅུ་གཅིག་ལོན་ཙ་ན་རྗེ་བཙུན་མས་ཞལ་མངོན་སུམ་དུ་གཟིགས་ནས་ཁྱོད་ཀྱིས་ལོ་དྲུག་ཅུ་ཙམ་ཐུབ། སེམས་ཅན་ལ་ཕན་ཐོགས་པར་འོངས་གསུངས། དེ་ནས་ཕྱིས་དགུང་ལོ་དྲུག་ཅུ་ལོན་པའི་དུས་སུ་རྗེ་བཙུན་མ་ལ་གསོལ་བ་བཏབ་པས། ངའི་སྐུ་ཅིག་བཞེངས་དང་ལོ་བཅུ་ཙམ་སྡོད་པར་འདུག་གི་གསུངས་ནས་རས་བྲིས་ཅིག་བཞེངས་སྐད། དགུང་ལོ་བདུན་ཅུ་བཞེས་པའི་དུས་སུ་གསོལ་བ་བཏབ་པས་ཡང་ངའི་སྐུ་གཅིག་བཞེངས་དང་ལོ་བཅུ་ཐུབ་བར་འདུག་གསུངས་ནས་ལུགས་མ་ཅིག་བཞེངས་སྐད། སྐུ་དེ་གཉིས་བྱིན་རླབས་ཆེ་བར་གྲགས་ཏེ། རས་བྲིས་དེ་ཕྱིས་རྭ་སྒྲེང་ན་བཞུགས་སྐད། དགུང་ལོ་བརྒྱད་ཅུ་བཞེས་པའི་དུས་སུ་རྗེ་བཙུན་མ་ལ་གསོལ་བ་བཏབ་པས། ད་རུང་ང་ཡི་སྐུ་ཅིག་བཞེངས་ན་ལོ་མང་དུ་ཐུབ་པར་འདུག་གསུངས་པ་ལ། ཁོང་རང་གི་བཞུགས་པའི་མདུན་གྱི་གྱང་ལོགས་ལ་རི་མོ་ཅིག་བཞེངས་སྐད། དེ་ནས་ལོ་བཅོ་ལྔའི་བར་དུ་བཞུགས་ཏེ། ཡོངས་སུ་རྫོགས་པ་དགུང་ལོ་དགུ་བཅུ་རྩ་ལྔར་བཞུགས་པར་གྲགས་སོ། །


LT26_Page_199A
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་སྤྱན་སྔ་རིན་པོ་ཆེ་ལས་ཇོ་བོ་ནས་བརྒྱུད་པའི་གདམས་པ་རྫོགས་པར་གསན་པས་བརྒྱུད་པའི་ཆུ་བོ་གཉིས་འདྲེས་སུ་གྱུར། དེ་ལ་སྟོན་མཆོག་ཐུབ་པའི་དབང་པོས་མ་འོངས་པ་ན་རི་བྲག་ཚང་ཚིང་ཅན་དུ་ཆོས་སྨྲ་བའི་དགེ་སློང་འཚོ་བྱེད་ཅེས་འབྱུང་ཞེས་ལུང་བསྟན་པའི་ས་གསུམ་ན་མཉམ་མེད་སྒམ་པོ་པ་བསོད་ནམས་རིན་ཆེན་གྱིས་གསན་ཏེ། རྗེ་དེ་ཉིད་ཀྱིས་དགུང་ལོ་བཞི་བཅུ་རྩ་གཉིས་བཞེས་པའི་དུས་སུ་བསྒྲུབ་པ་མཛད་པས་རྟོགས་པ་ཁྱད་པར་ཐུགས་རྒྱུད་ལ་འཁྲུངས་ནའང༌། མཁའ་འགྲོས་སྐུ་ཚེའི་ཚད་ལོ་གསུམ་ལས་མེད་པར་ལུང་བསྟན་པས། རྒྱལ་ཁམས་སུ་རོ་སྙོམས་ཀྱི་སྤྱོད་པ་ལ་བྱོན་པ་ན་ཨེ་ནས་མར་ཕེབས་པས་དགེ་བའི་བཤེས་གཉེན་སྒྲེ་པ་དང་མཇལ་བས། ཁོང་ན་རེ། ཁྱེད་སྐྱེས་བུ་དམ་པ་གཅིག་ཏུ་འདུག་པས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་འདུག་གི་གསུངས་པས། བླ་མ་སྒམ་པོ་པས། ང་ལ་སེམས་ཅན་གྱི་དོན་བྱ་བའི་ལོངས་མེད། མཁའ་འགྲོ་མའི་ལུང་བསྟན་ལ་ད་ཚེ་ལོ་གསུམ་ལས་མེད་གསུངས་པ་བྱུང་བའི་ཚུལ་ཞུས་པས། དགེ་བཤེས་སྒྲེ་པའི་ཞལ་ནས། འོ་ན་ང་ལ་དེས་མི་གནོད་པའི་ཐབས་ཡོད་ཀྱི། རོ་ཁུང་བྲུས་ཀྱང་ཨའུ་རྩི། རྐང་ལག་འཐོར་ཡང་ཨའུ་རྩི། འཆི་རྟགས་ཚང་ཡང་ཨའུ་རྩི་བའི་གདམས་ངག་ཇོ་མོ་སྒྲོལ་མ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་བྱ་བའི་གདམས་པ་ཁྱད་པར་ཅན་ཞིག་ཡོད་ཀྱི་གསུངས་ནས་འདི་གནང་བས་དགུང་ལོ་བརྒྱད་ཅུ་རྩ་ལྔར་བསྲིངས་ཏེ་ཕྲིན་ལས་ནམ་མཁའ་དང་མཉམ་པར་གྱུར། དེས་རང་གི་སྲས་ཀྱི་ཐུ་བོ་རྗེ་སྒོམ་པ་ཚུལ་ཁྲིམས་སྙིང་པོར་གནང་བ་ནས་རིམ་པར་བརྒྱུད་པ་སོགས། མ་བྱོན་པའི་སངས་རྒྱས་རབ་གསལ་གྱི་རྣམ་པར་འཕྲུལ་པ་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་ཚར་ཆེན་ཆོས་ཀྱི་རྒྱལ་པོ་བློ་གསལ་རྒྱ་མཚོ་ལ་བཀའ་བབས་ཅིང༌། དེ་ཉིད་ཀྱིས་སྙན་བརྒྱུད་རྒྱ་མཚོའི་བསྟན་པའི་སྲོག་ཤིང་འཇམ་དཔལ་དབྱངས་མཁྱེན་བརྩེའི་དབང་ཕྱུག་ལ་གནང་བ་ནས་བཟུང་སྟེ། བདག་གི་རྩ་བའི་བླ་མ་དམ་པའི་བར་དུ་ལྷག་པའི་ལྷ་འདི་


LT26_Page_199B
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཐུགས་ཉམས་སུ་བཞེས་ཤིང་དངོས་གྲུབ་བརྙེས་པ་ཤ་སྟག་ཏུ་བྱོན་པ་དང༌། གཞན་ཡང་རྒྱུད་སྲོལ་འདི་ལ་ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་ཏྲ་ནས་བརྒྱུད་པ་དང༌། གཉན་ལོ་དར་མ་གྲགས་ནས་བརྒྱུད་པ་རྣམས་ཀྱང་དོན་གྱིས་འདུས་པས་ཁྱད་པར་དུ་འཕགས་པའི་རྗེས་སུ་གནང་བ་ཟབ་མོ་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱི་བྱ་བ་དང༌། སློབ་མ་ལ་བྱ་བ་གཉིས་སུ་ཡོད་པ་ལ། ཐོག་མར་སློབ་དཔོན་གྱི་བྱ་བ་བརྒྱུད་པའི་གསོལ་འདེབས་དང་མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་བདག་བསྐྱེད་བཟླས་པ་དང་བཅས་པ་བྱ་བ་དང༌། མདུན་གྱི་ཚོམ་བུ་བཅོམ་ལྡན་འདས་མར་ཡན་ལག་བཞི་རྫོགས་ཀྱི་ཚུལ་གྱིས་བསྐྱེད་ཅིང་མཆོད་བསྟོད་གཏོར་མ་འབུལ་བ་དང༌། ཐུགས་རྒྱུད་བསྐུལ་བའི་ཕྱིར་བཟླས་པ་བྱ་བ། བུམ་པ་བསྒྲུབ་པ་སོགས་སྔོན་དུ་ལེགས་པར་གྲུབ་ཟིན་ནས་ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་བ་སློབ་མའི་བྱ་བ་ལའང་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་མཎྜལ་འབུལ་ཞིང་གསོལ་བ་གདབ་པ། རྒྱུད་དག་པར་བྱ་བ། ཁྱད་པར་གྱི་གསོལ་བ་འདེབས་པ་རྣམས་སྔོན་དུ་འགྲོ་དགོས་པས། ཐོག་མར་སློབ་དཔོན་ལ་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་རྗེས་སུ་གནང་བ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་ཕྱག་སྙིམས་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། སོགས་ནས། རྡོ་རྗེ་ཅན་ཞབས་པད་ལ་འདུད། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་གསོལ་བ་བཏབ་ནས། རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་གྱི་འཁོར་ལོ་ལ་གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་


LT26_Page_200A
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བ་སྤྲིན་ཕུང་ཆེན་པོ་འཐིབས་པ་བཞིན་མངོན་སུམ་ལྟ་བུར་བཞུགས་པར་མོས་པ་བྱས་ཏེ། དེ་དག་གི་སྤྱན་སྔར་བདག་གཞན་གྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ནས། འགྲུབ་པར་ཤོག །ཅེས་རྒྱུད་དག་པར་བྱས་ནས། སླར་ཡང་ཁྱད་པར་གྱི་དོན་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེས། བདག་གི་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་བསལ་ནས་རྗེ་བཙུན་བཅོམ་ལྡན་འདས་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ཚེ་སྦྱིན་མའི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ཞེས་པ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ་ཐོག་མར་རྗེས་གནང་གི་གཞི་དགོད་པའི་སླད་དུ། སློབ་དཔོན་ལ་རྗེ་བཙུན་སྒྲོལ་མ་དཀར་མོ་དངོས་ཡིན་སྙམ་པའི་མོས་གུས་དྲག་པོ་དུང་པ་ཞིག་བྱས་པའི་རྐྱེན་གྱིས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་བརྒྱུད་བསྐུལ་ཏེ། དེའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས་ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་དང༌། དེར་མ་ཟད་རྣམ་སྨིན་གདོས་བཅས་ཤ་ཁྲག་གིས་བསྡུས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་སོགས་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་སྦྱངས་པའི་མོས་པ་མཛོད། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཏཱྃ་ཡིག་དཀར་པོ། །དེ་ལས་འོད་ཟེར་འཕྲོས། འཕགས་


LT26_Page_200B
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་རྗེ་བཙུན་སྒྲོལ་ནས། ཟླ་བའི་རྒྱབ་ཡོལ་དང་འོད་ཀོར་ཅན་གྱི་སྐུ་ཅན་དུ་ལམ་གྱིས་གསལ་བའི་སྙིང་གར་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ནས། འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་ཡོད་པའི་མོས་པ་མཛོད། ཁྱེད་རང་རྣམས་ཀྱི་ཕྱི་རོལ་ཏུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་སྦུབས་ཅན་ཞྭ་ཐེབ་ཁ་སྦྱར་བ་ལྟ་བུ་གཡས་སྐོར་དུ་འཁོར་བ་མེ་དཔུང་འབར་ཞིང་འཁྲུགས་པས་གདོན་བགེགས་གནོད་བྱེད་ཐམས་ཅད་བྱ་སྒྲོ་མགར་གྱི་སོ་མལ་དུ་བབས་པ་ལྟར་གཞོབ་ཐུལ་ཐུལ་དུ་ཚིག་པའི་མོས་པ་མཛོད། སླར་ཡང་སྙིང་གའི་ཏཱྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་སོགས་ནས། ཞི་བའི་ཕྲིན་ལས་ཐམས་ཅད་འགྲུབ་པའི་མོས་པ་མཛོད། སོགས་བདག་བསྐྱེད་བཞིན་ལ་གོང་གི་རིགས་འགྲེས་ཚིག་ཁ་བསྒྱུར་དང་བཅས་ཏེ། གསར་ཞིང་མཉེན་ལྕུག་དང་ལྡན་པས་བུན་ལོང་གིས་གཏམས་པར་གྱུར་པའི་མོས་པ་མཛོད། སླར་ཡང་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་གསལ་བཏབ་ནས། སློབ་དཔོན་ལ་མོས་གུས་དྲག་པོ་དུང་བ་ཞིག་བྱས་པས་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ཁྱད་པར་དུ་ཡང་བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོའི་ཐུགས་རྒྱུད་བསྐུལ་ཏེ་དེ་རྣམས་ཀྱི་གསང་བ་གསུམ་གྱི་གནས་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟེ་བ་ཡིག་འབྲུ་དང་བཅས་པ་སྔགས་ཀྱི་རང་སྒྲ་སྒྲོགས་ཤིང་འཆི་མེད་བདུད་རྩིའི་ཆར་འབེབས་བཞིན་པའི་རྣམ་པ་ནམ་མཁའ་གང་བར་བྱོན་པ་དང་ལྷན་ཅིག་ཏུ། མདུན་བསྐྱེད་དང་སློབ་དཔོན་ལས་ཀྱང་དེ་འདྲ་བའི་འཁོར་ལོ་དཔག་ཏུ་མེད་པ་ཆད་དེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་སྒོ། བ་སྤུའི་བུ་ག །དབང་པོའི་སྒོ་རྣམས་ནས་


LT26_Page_201A
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མིད་དུ་ཞུགས་ཏེ། ཐུགས་ཀའི་འཁོར་ལོ་ལ་སིབ་སིབ་ཐིམ་པས་དེ་ལས་ཀྱང་འཆི་མེད་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་སྐྱ་ཆལ་ཆལ་བབས། ལུས་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་ཁེངས་པས། དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཀྱིས་དག །ཚེ་དང་བསོད་ནམས་ཡེ་ཤེས་དང་ཡོན་ཏན་ལ་སོགས་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་པའི་ཐུགས་མོས་བརྟན་པོ་གནང་བར་ཞུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བྃ་ཧོཿ ཞེས་ལན་མང་དུ་བརྗོད་སྤོས་རོལ་བྱ། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་ཏཱྃ་ཡིག་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་རྗེ་བཙུན་སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྐུར་བྱེད་ནམ་མཁའི་ལྷ་ཚོགས་སྤྱན་དྲངས་པ་ལ་ཁྱེད་རང་རྣམས་ཀྱིས་ཡན་ལག་བཞི་པ་སྒྲུབ་པའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བུམ་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བར་ཐོགས་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་སྟེ། ཇི་ལྟར་བལྟམས་པ་སོགས་ནས། དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང༌། ཡི་གེ་བཅུ་པའི་མཐར། ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། །ཞེས་གསུངས་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མར་ཡར་ལུད་པ་ལས་འོད་དཔག་མེད་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུར་བརྒྱན། སློབ་དཔོན་གྱིས། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། དེ་ལྟར་ཁྱེད་རྣམས་རྗེ་བཙུན་སྒྲོལ་


LT26_Page_201B
[མ་དཔེ་གཟིགས་ན་འདིར་གནོན།]

མ་དཀར་མོའི་སྐུར་བསྐྱེད་ཅིང་བྱིན་གྱིས་བརླབས་པ་དེ་ཉིད་ལ་མངའ་དབུལ་གྱི་སླད་དུ་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཀྱང་མཆོད་པའི་མོས་པ་མཛོད། སློབ་དཔོན་གྱིས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས། ནཻ་བིདྱ་ཨཱཿཧཱུྃ། གིས་ཕྱག་རྒྱ་དང་བཅས་པ་བྱ་ཞིང་ལས་རྡོར་གྱིས་མཆོད་པ་སྟོབ་པའི་ཚུལ་བྱ། སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པས་མེ་ཏོག་གི་ཆར་འབེབས་ཤིང་བཀྲ་ཤིས་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཅེས་དང༌། རྡོ་རྗེ་དྲིལ་བུ་འཛིན་པས་མེ་ཏོག་འཐོར་བཞིན་དུ། །ཕུན་སུམ་ཚོགས་པ་ནས། བཀྲ་ཤིས་གསུམ་པའོ། །ཞེས་པའི་བར་བརྗོད། དེ་ལྟར་ན་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྐུ་ཡི་རྗེས་སུ་གནང་བ་ཐོབ། ཁྱེད་རང་རྣམས་ཀྱི་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱས། གནས་སྐབས་སུ་ལུས་ལྷ་ཡི་སྐུར་བསྒོམ་པ་ལ་དབང་ཞིང༌། མཐར་ཐུག་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྐུ་དང་དབྱེར་མེད་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་ཐུགས་མོས་མཛོད། རྗེས་གནང་དངོས་ལ་ལུང་གསུམ་ལས། ཐོག་མར་རྗེས་སུ་བཟླས་པའི་ལུང་གི་སླད་དུ། སློབ་དཔོན་དང་ཁྱེད་རང་རྣམས་ཀྱི་ཐུགས་ཀར་སྔར་གསལ་བཏབ་བཞིན་པའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་དེ་ཉིད་སླར་ཡང་དྲན་པར་བྱས་ཏེ། སློབ་དཔོན་ལ་གུས་འདུད་དྲག་པོ་དུང་བ་ཞིག་མཛད་པ་ལ་བརྟེན་ནས། སློབ་དཔོན་གྱི་ཐུགས་ཀའི་ཏཱྃ་ཡིག་སྔགས་ཕྲེང་རྣམས་དང་བཅས་པ་ལས་མར་མེ་གཅིག་ལ་གཉིས་མཆེད་ཀྱི་ཚུལ་དུ་བྱུང་བ་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཏཱྃ་ཡིག་སྔགས་ཕྲེང་རྣམས་དང་བཅས་པ་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། དེ་ནས་སྤྱི་བོའི་བླ་མ་འོད་དཔག་མེད་ཡོངས་སུ་གྱུར་པ་ལས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་


LT26_Page_202A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་མཉམ་གཞག་གི་སྟེང་ན་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་བུམ་པའི་ནང་དུ་སོང་བས་འཆི་མེད་བདུད་རྩིའི་ཆུ་རྒྱུན་དུ་གྱུར། དེ་ཉིད་གྱེན་དུ་འཕྱུར་ཞིང་ཁ་ནས་ལུད་པ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས། ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་སྦྱངས། འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། སླར་ཡང་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་ཀྱང་འཆི་མེད་བདུད་རྩིའི་ཟིལ་དངར་གྱི་རྒྱུན་དང༌། འོད་ཟེར་དཀར་པོ་སྔགས་ཀྱི་སྒྲ་སྒྲོགས་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་རང་གི་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐམས་ཅད་མེར་གྱིས་ཁེངས་པས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག །འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ། །ལུས་ཀྱི་བ་སྤུའི་བུ་ག་ཚུན་ཆད་ཀྱང་བདུད་རྩིའི་ཟིལ་པ་ཕྲ་མ་མེར་ཡོད་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་བརྒྱ་རྩ་བརྒྱད་མཛད་པར་ཞུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་དང༌། སླར་ཡང་འདི་རྣམས་ཀྱི་རྗེས་ཟློས་ཀྱང་ལན་གསུམ་གསུམ་རེ་མཛད་པར་ཞུ། ཨ་ཨཱ་སོགས་ནས། ཨཾ་ཨཿ ཀ་ཁ་ག་གྷ་ང་ནས། ཧ་ཀྵཿ ཡེ་དྷརྨ་ནས། ཤྲཱ་མ་ཎཿ དེ་ལྟར་བཟླས་པས་རྒྱུད་བྱིན་གྱིས་བརླབས་ཤིང་དབྱེར་མེད་དུ་བརྟན་པར་བྱས་པའི་མོས་པ་དང་བཅས་


LT26_Page_202B
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །སློབ་དཔོན་གྱིས་ཀྱང་ཁྱེད་རང་རྣམས་ཀྱིས་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་སྤྱི་བོར་བཞག་པས་སྙིང་ཁའི་སྔགས་ཕྲེང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་ཅིང་ནུས་ལྡན་དུ་བྱས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདས་མའི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་གྱི་འཁོར་ལོའི་གསུང་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་ཅིང་བརྟན་པར་གྱུར་ཅིག །ཅེས་བརྗོད་ཅིང་མེ་ཏོག་འཐོར། དམ་བཅའ་བའི་ལུང་གི་སླད་དུ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་གནང་བར་ཞུ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེ་བཙུན་སྒྲོལ་མ་དཀར་མོ་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ། །དེ་ལྟར་ན་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་གསུང་གི་རྗེས་སུ་གནང་བ་ཐོབ། ཁྱེད་རང་རྣམས་ཀྱི་ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱས། གནས་སྐབས་སུ་ངག་སྔགས་བཟླ་བ་ལ་དབང་ཞིང༌། མཐར་ཐུག་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་གསུང་དང་དབྱེར་མེད་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། བྱིན་གྱིས་བརླབས་པའི་ལུང་གི་སླད་དུ། ཁྱེད་རང་རྣམས་ཀྱི་སྙིང་གའི་འཁོར་ལོའི་དབུས་ཀྱི་ཏཱྃ་ཡིག་ལ་


LT26_Page_203A
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཞུགས་པ་བཞིན་ཆེར་གྱིས་གཏད་པས། དེ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས་དེ་ཐམས་ཅད་ལན་ཚྭ་ཆུར་བཅུག་པ་བཞིན་འོད་དུ་ཞུ་ནས་འོད་མཆིན་ཁའི་གུར་ཁང་ལ་ཐིམ། དེ་འོད་ལྗང་གུའི་གུར་ཁང་ལ་ཐིམ། དེ་འོད་མཐིང་གའི་གུར་ཁང་ལ་ཐིམ། དེ་འོད་དམར་པོའི་གུར་ཁང་ལ་ཐིམ། དེ་འོད་སེར་པོའི་གུར་ཁང་ལ་ཐིམ། དེ་འོད་དཀར་པོའི་གུར་ཁང་ལ་ཐིམ། དེ་འཁོར་ལོ་དཀར་པོའི་གུར་ཁང་ལ་ཐིམ། དེ་རང་རྗེ་བཙུན་མར་གསལ་བ་ལ་ཐིམ། དེ་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་ཏཱཾ་ཡིག་ལ་ཐིམ། དེའི་ཁོག་པ་མགོ་བོ་ལ་ཐིམ། མགོ་བོ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་ནཱ་ད་ལ་ཐིམ། ནཱ་ད་ཡང་མི་དམིགས་པ་ནམ་མཁའ་ལ་འཇའ་ཡལ་བ་བཞིན་གྱུར་བ་ལ་བརྟེན་ནས་འཁོར་འདས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་གནས་ལུགས་འོད་གསལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ་རྒྱུད་ལ་སྐྱེས་པར་མོས་པ་བྱས་ཏེ་དེའི་ངང་ལ་བློ་ལྷོད་ཀྱིས་གློད་དེ་ཟད་ཟད་རེ་མཉམ་པར་འཇོག་པར་ཞུ། དེ་ལྟར་ན་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཁྱེད་རང་རྣམས་ཀྱི་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱས། གནས་སྐབས་སུ་ཡིད་འོད་གསལ་གྱི་ཡེ་ཤེས་སུ་བསྒོམ་པ་ལ་དབང་ཞིང༌། མཐར་ཐུག་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་ཐུགས་དང་དབྱེར་མེད་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་ཐུགས་མོས་མཛོད། སླར་ཡང་ཁྱེད་རང་རྣམས་སྐད་ཅིག་གིས་སྒྲོལ་མ་དཀར་མོའི་སྐུར་ལམ་གྱིས་གསལ་བ་ལ་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་དེ་རྣམས་བརྟན་པར་བྱ་བའི་སླད་དུ་སློབ་དཔོན་གྱིས་མེ་ཏོག་གི་ཆར་འབེབས་ཤིང་བདེན་པའི་ཚིག་གིས་ཀྱང་མངའ་གསོལ་བའི་མོས་པ་མཛོད།


LT26_Page_203B
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མའི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་འཇུག་ཅིང་བརྟན་པར་གྱུར་ཅིག །ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་ཅིང་མེ་ཏོག་གཏོར། དེ་རྣམས་ཀྱིས་རྗེས་སུ་གནང་བའི་དངོས་གཞི་ལེགས་པར་གྲུབ་ནས། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས། རྗེས་སུ་གནང་བ་ལེགས་པར་ཐོབ་པའི་བཀའ་དྲིན་གཏོང་རག་གི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་དུ་མ་ཟད་ལུས་ལོངས་སྤྱོད་ཐམས་ཅད་ཀྱང་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམས་ཏེ་སོགས། དེ་རྣམས་ཀྱི་སྒོ་ནས་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་རྗེས་སུ་གནང་བ་ཐུན་མོང་མ་ཡིན་པ་ཟབ་གསང་སྙན་བརྒྱུད་ཀྱི་ཚུལ་དུ་བཞུགས་པ་ཉིད་ལེགས་པར་ཕུལ་གྲུབ་པ་ཡིན་པས། འདིའི་སྒོ་ནས་ཀྱང་རང་དང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས། བརྗོད་ལ་སློབ་མ་རྣམས་རང་གནས་སུ་བཏང་ངོ༌། །གསུམ་པ་རྗེས་ནི། མཆོད་པ་ཁ་གསོས། བསང་སྦྱང་བྱིན་རླབས་གོང་བཞིན་ལ། མཚན་སྔགས་སྔོན་དུ་འགྲོ་བའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད། འདོད་དོན་གསོལ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སོགས་དང༌། བཛྲ་མུཿས་ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། དགེ་བ་འདི་ཡིས་མྱུར་དུ་བདག་སོགས་བསྔོ་སྨོན་དང༌། ཆེ་བའི་ཆེ་མཆོག་སོགས་ཤིས་པ་བརྗོད་པས་མེ་ཏོག་གི་ཆར་སིལ་མར་དགྲམ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །བརྒྱ་ཚར་སོགས་མཛད་ན། ཐོག་མར་དེ་ལ་


LT26_Page_204A
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཁ་སོར་བཞག་དང༌། གཉིས་པ་མན་ཆད་ལ་མཎྜལ་ས་གཞི་སྤོས་བྱུགས་དང༌། གསོལ་གདབ་བསྟོད་པ་གཉིས་ཚར་གཅིག་གི་རྗེས་སུ། འདི་ཡི་ཁྱད་པར་གྱི་གསོལ་གདབ་སྦྲེལ་བ་ལས་རྒྱུན་བཤགས་མི་དགོས། བཟླས་ལུང་སྔགས་གསུམ་གསུམ་མཛད། གཞན་དཀྱུས་བཞིན་མཛད་པ་ཕྱག་ལེན་ཡིན་ནོ། །དེ་ལྟར་འཕགས་མ་ཡིད་བཞིན་འཁོར་ལོ་ཡི། །ཐུན་མོང་མིན་པའི་རྗེས་སུ་གནང་བའི་ཚུལ། །འཆི་མེད་གྲུབ་པའི་བདུད་རྩིས་ལུས་ཅན་ཀུན། །ཚེ་དང་ཡེ་ཤེས་པདྨོ་རྒྱས་གྱུར་ཅིག །ཅེས་སྒྲོལ་མ་དཀར་མོ་ཐུན་མོང་མ་ཡིན་པ་འོད་ཟེར་དྲུག་སྦྲགས་ཀྱི་རྗེས་སུ་གནང་བའི་ཚུལ་གསལ་བར་བཀོད་པ་འདི་ནི། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་རྗེས་གནང་ཐུན་མོང་པའི་ཡིག་ཆ་ལ། སྙན་བརྒྱུད་ཞལ་ཤེས་ཀྱི་ཟིན་ཐོ་རྣམས་ཀྱིས་བརྒྱན་ཏེ་རྗེ་བླ་མ་རྣམས་ཀྱིས་ཇི་ལྟར་ཕྱག་ལེན་མཛད་པ་གཞི་བྱས། ཚིག་གི་མཐའ་བསྐྱེད་ཚུལ་མི་འགལ་བས་ཟུར་བརྒྱན་ཏེ་ཉམས་སུ་བླངས་བདེ་བར་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོར་བཞུགས་པ་མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་འཛིན། རྒྱུད་སྡེ་རྒྱ་མཚོའི་མངའ་བདག་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང༌། འཇམ་མགོན་བླ་མ་བྱམས་པ་ངག་དབང་བསྟན་འཛིན་སྙན་གྲགས། ཟབ་རྒྱས་གདམས་པའི་གཏེར་མཛོད་རྡོ་རྗེ་འཛིན་པ་ཆེན་པོ་ངག་དབང་ལེགས་གྲུབ་རྣམས་ལས་ཚུལ་འདིའི་བཀའ་དྲིན་ཅི་རིགས་པ་ཐོབ་ཅིང༌། གཞན་ཡང་ངེས་པར་ཐམས་ཅད་མཁྱེན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་དང༌། རྗེ་བླ་མ་དཀོན་མཆོག་བསྟན་པ་རབ་རྒྱས་སོགས་ལས་སྒྲོལ་མ་དཀར་མོའི་ཆོས་ཚུལ་མང་དུ་ཐོས་པའི་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་ཟབ་གསང་སྙན་བརྒྱུད་རིན་པོ་ཆེའི་བསྟན་པ་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་པའི་རྒྱུར་གྱུར་ཅིག །དཔེ་འདི་ཆར་ལུགས་ཐུན་མོང་མ་ཡིན་པའི་བརྒྱུད་འཛིན་ལས་གཞན་ལ་བཀའ་རྒྱ་དམ་པར་བྱ་བ་གཅེས་སོ།། །།ཤུ་བྷཾ།

གདམས་ངག་མཛོད་པོད་བཅུ་བདུན་པ།
སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བླ་མ་བརྒྱུད་པའི་གསོལ་འདེབས།


LT26_Page_205A
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ཐུབ་པའི་དབང་པོ་རྗེ་བཙུན་སྒྲོལ་མའི་ཞབས། །ངག་དབང་གྲགས་པ་རྡོ་རྗེ་གདན་པ་དང༌། །བ་རི་ལོ་ཙཱ་གྲུབ་ཆེན་གླེན་ག་བར། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །བཤེས་གཉེན་སྒྲེ་པ་མཉམ་མེད་སྒམ་པོ་པ། །སྒོམ་ཚུལ་ཤེས་རབ་བྱང་ཆུབ་འདུལ་འཛིན་ཞབས། །འབྲི་གུང་གླིང་པ་དམ་ཆོས་གླིང་པ་ལ། །གསོལ་བ་འདེབས༴ ཆོས་ཀྱི་ཚུལ་ཁྲིམས་མཉམ་མེད་ལྷ་ལུང་པ། །ཐོག་གནས་པ་དང་ཆོས་ཀྱི་དབང་ཕྱུག་ཞབས། །སྐྱེ་དགུའི་འདྲེན་མཆོག་བྱང་ཆུབ་བཟང་པོ་ལ། །གསོལ་བ༴ ཐམས་ཅད་མཁྱེན་པ་བཀྲ་ཤིས་རྣམ་རྒྱལ་ཞབས། །བསོད་ནམས་ལྷ་དབང་དཔལ་ལྡན་རྒྱལ་མཚན་དང༌། །མཁས་གྲུབ་དབང་པོ་རྗེ་བཙུན་ཕྲིན་ལས་པར། །གསོལ་བ༴ རྒྱལ་བའི་ཡུམ་མཆོག་རྗེ་བཙུན་བཅོམ་ལྡན་མ། །ཡིད་བཞིན་འཁོར་ལོའི་སྐུ་ཡི་སྣང་བརྙན་ནི། །བློ་མཚོར་ཤར་བའི་མོད་ནས་འཆི་བདག་བདུད། །མིང་གི་མཐར་བྱས་འཆི་མེད་འགྲུབ་པར་ཤོག །སྙིང་དབུས་ཟླ་བའི་འཁོར་ལོར་ཡིག་འབྲུར་བཅས། །འཆི་མེད་བདུད་རྩིའི་ཟིལ་དངར་བབས་པ་ཡིས། །ལུས་ཀུན་ཕྱུར་བུར་གཏམས་པའི་དགའ་སྟོན་གྱིས། །འཆི་མེད་ཚེ་ཡི་དངོས་གྲུབ་འགྲུབ་པར་ཤོག །འོད་ཟེར་དྲུག་སྦྲགས་ལྡན་པའི་སྲུང་འཁོར་ནི། །ཨུཏྤལ་གསར་པས་བར་མཚམས་ཀུན་ཁྱབ་པ། །སྲ་བརྟན་རྡོ་རྗེའི་རང་བཞིན་བསྒོམས་པ་ཡིས། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བར་ཤོག །ཅེས་པ་འདི་ཡང་བནྡེ་བློ་གསལ་གྱིས་སྦྱར་བ་བཀྲ་ཤིས་པར་གྱུར་ཅིག། ༈ །།གོང་གི་བརྒྱུད་པའི་ཁ་སྐོང་ལ། རྗེས་གནང་རྐྱང་པའི་བརྒྱུད་པ་ནི། །མཁས་གྲུབ་དབང་པོ་རྗེ་བཙུན་ཕྲིན་ལས་པར། །གསོལ་བ་འདེབས་སོ་ཚེ་ཡི་དངོས་


LT26_Page_205B
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་སྩོལ། །ཞེས་པའི་མཚམས། ཚར་ཆེན་རྗེ་དང་འཇམ་དབྱངས་མཁྱེན་བརྩེའི་ཞབས། །བསླབ་གསུམ་རྒྱལ་མཚན་དབང་ཕྱུག་རབ་བརྟན་དང༌། །བསོད་ནམས་མཆོག་ལྡན་བསོད་ནམས་མཆོག་གྲུབ་ལ། །གསོལ་བ༴ མཁྱེན་རབ་བྱམས་པ་རྨོར་ཆེན་གནས་གསར་པ། །ཀུན་དགའ་བློ་གྲོས་ཀུན་དགའ་མཁས་གྲུབ་དབང༌། །རིགས་ཀུན་ཁྱབ་བདག་ཀུན་དགའ་བསྟན་འཛིན་ལ། །གསོལ་བ་འདེབས་སོ༴ ཞེས་དང༌། ཁྲིད་ཀྱི་བརྒྱུད་པ་ལྟར་ན། བསོད་ནམས་མཆོག་གྲུབ་རྗེས་སུ། རིན་ཆེན་འཇམ་དཔལ་བློ་གསལ་བསྟན་འཛིན་དང༌། །ཀུན་དགའ་བློ་གྲོས་ཀུན་དགའ་མཁས་གྲུབ་དབང༌། །འཆི་མེད་དཔལ་སྟེར་ཀུན་དགའ་བསྟན་འཛིན་ལ། །གསོལ་བ༴ ཞེས་སམ། ཡང་ན། ཀུན་དགའ་བློ་གྲོས་ཆོས་ཉིད་ཡེ་ཤེས་དང༌། །བསྟན་པའི་ཉི་མ་ཀུན་དགའ་རིན་ཆེན་ལ། །གསོལ་བ་འདེབས་སོ༴ འཇམ་དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན་དང༌། །བློ་གསལ་བསྟན་སྐྱོང་རྣམ་འདྲེན་ངག་གི་དབང༌། །སྙན་བརྒྱུད་དཔལ་སྟེར་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །རྒྱལ་བའི་ཡུམ་མཆོག །སོགས་དང་སྦྲེལ་ལོ། །ཞེས་པའང་མཉྫུ་གྷོ་ཥས་སྦྱར་བ་དགེ།། །།

གདམས་ངག་མཛོད་པོད་བཅུ་བདུན་པ།
རྗེ་བཙུན་སྒྲོལ་མ་ཡིད་བཞིན་འཁོར་ལོའི་ཟབ་ཁྲིད་ཐུན་མོང་མ་ཡིན་པའི་ཡི་གེ་བདེ་ལྡན་མགོན་པོའི་ཞལ་ལུང་རིང་འཚོའི་བསིལ་སྦྱིན།


LT26_Page_206A
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་སྒྲོལ་མ་ཡིད་བཞིན་འཁོར་ལོའི་ཟབ་ཁྲིད་ཐུན་མོང་མ་ཡིན་པའི་ཡི་གེ་བདེ་ལྡན་མགོན་པོའི་ཞལ་ལུང་རིང་འཚོའི་བསིལ་སྦྱིན་ཞེས་བྱ་བ་བཞུགས་སོ།།


LT26_Page_206B
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་ཚོགས་རིང་པོར་འཚོ་བའི་⁽1763⁾ཤིས་པ་བརྗོད་པའི་རྒྱན་གསོན་རྐྱེན་ཉེར་སྩལ་ཞིང༌། །སྲོག་འཕྲོག་ལ་སོགས་དཀར་མིན་བྱ་བ་རབ་སྤངས་པས། །བྱིས་བློས་བགྲང་བས་འཛད་མིན་ཚེ་ཚད་ལ་དབང་བ། །བླ་མ་བདེ་ལྡན་མགོན་པོའི་ཤིས་པས་སྐྱོངས་ཤིག་ཀྱེ། །མཚན་དཔེའི⁽1763⁾དངོས་པོའི་དཔེ་ཆ་རྫོགས་འཛུམ་ཞལ་ཀུན་ཕན་ལྟར། །ཅུང་ཟད་གདངས་པའི་མཆུ་སྒྲོས་བིམ་པ་བཞིན། །འགྲོ་ལ་གཟིགས་པའི་སྤྱན་བདུན་ཨུཏྤ་ལའི། །རྗེས་འགྲོ་མངའ་བ་ཡིད་བཞིན་འཁོར་ལོས་སྐྱོངས། །ཐར་⁽1763⁾ངེས་པའི་དཔེ་འདོད་ཡོངས་ཀྱི་དེད་དཔོན་ཚར་པ་རྗེ། །གསང་རྒྱུད་མན་ངག་ཀུན་གྱི་གཏེར་གྱུར་པ། །རྡོ་རྗེ་འཛིན་པའི་རྗེས་སུ་འགྲོ་ལས་གཞན། །དཔེར་འོས་སྲིད་ན་མེད་ཕྱིར་དད་ཕྱག་བརྩེགས། །དྲི་བཅས་⁽1763⁾འགལ་བའི་གཟུགས་ཅན་མཐོ་རིས་ལམ་ནས་མ་ཕབ་ཅིང༌། །གདུག་ཅན་དྲང་སྲོང་ལྟོ་ནས་བཟུང་མིན་པའི། །སྙན་བརྒྱུད་གངྒཱས་འཚོ་བ་ཐུང་བའི་རྒྱུ། །མཐའ་དག་སྦྱངས་པའི་ཚུལ་འདི་རྨད་ཀྱི་ཆོས། །གདམས་པའི་རྫས་བཀོད་པ་ཐོག་མའི་གསལ་བྱེད།ཟིན་བྲིས་ཉུང་གསལ་རྟོགས་སླ་ཞིང༌། །ཟློས་དང་མ་ཚང་མེད་ཅིང་རང་བཟོའི་དྲིས། །བསླད་པ་མིན་སོགས་ཁྱད་ཆོས་མང་ལྡན་པ། །


LT26_Page_207A
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་གཉིས་གསོས་སུ་སྦྱིན་གྱིས་དགའ་བས་ལོངས། །དེ་ཡང་བདག་ཅག་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་སྟོན་མཆོག་ཟས་གཙང་སྲས་པོའི་གསང་ཆེན་འབྲས་བུའི་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་དུས་མིན་འཆི་བ་ལས་ལྡོག་ཅིང་རིང་འཚོའི་དངོས་གྲུབ་སྒྲུབ་པའི་ཐབས་ཚུལ་མང་དུ་གསུངས་ཀྱང༌། མདོར་བསྡུ་ན། སློབ་དཔོན་ངག་དབང་གྲགས་པས། །ལུས་དང་ངག་གི་ལས་ཀྱིས་ཕྱི། །བསམ་གཏན་ལས་ཀྱིས་ནང་གི་ཡིན། །ནོར་བུ་སྨན་སྔགས་ཕྱི་ཡི་སྟེ། །རྣལ་འབྱོར་ནུས་པ་ནང་ཡིན་ནོ། །ཞེས་གསུངས་པ་ལྟར། ཕྱི་རོལ་བཅུད་ལེན་སོགས་རྫས་དང་རྟེན་འབྲེལ་གཏོ་ཐབས་ཙམ་གྱི་ངལ་བ་ལ་མ་ལྟོས་པར། ནང་གི་རྣལ་འབྱོར་བསམ་གཏན་ཁོ་ན་གཙོ་བོར་སྟོན་ཅིང༌། བཟླས་བརྗོད་ཟུང་དུ་འབྲེལ་བ་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་གདམས་པ་ལ་བོད་ཡུལ་དུ་བརྒྱུད་པའི་བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་བྱུང་ཡང༌། འདིར་སྐད་གཉིས་སྨྲ་བའི་དབང་པོ་སྙིང་རྗེ་ཆེན་པོ་བ་རི་ལོ་ཙཱ་བ་ནས་བརྒྱུད་པ་གཙོ་ཆེ་ཞིང༌། ཇོ་བོ་ཆེན་པོ་རྗེ་དང༌། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང༌། གཉན་ལོ་དར་མ་གྲགས་ནས་བརྒྱུད་པ་རྣམས་ཀྱང་དོན་གྱིས་ཚང་བར་བཞེད་པ། ཀུན་


LT26_Page_207B
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྤྱོད་ཡུལ་དུ་མ་གྱུར་པའི་གདམས་པ་ཟབ་པའི་མཐར་ཐུག་པ་འདི་ཉིད་ཉམས་སུ་ལེན་པ་ལ། སྔོན་འགྲོ་དང༌། དངོས་གཞི་དང༌། རྗེས་ཀྱི་རིམ་པ་སྟེ་གསུམ། དང་པོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། དེའི་དང་པོ་ལའང༌། ལམ་ལོག་པ་ལས་ཁྱད་པར་དུ་བྱ་བ་སྐྱབས་འགྲོ་དང༌། ལམ་དམན་པ་ལས་ཁྱད་པར་དུ་བྱ་བ་སེམས་བསྐྱེད་གཉིས་ལས། དང་པོ་ལ་ཀུན་རྫོབ་དང་དོན་དམ་པའི་སྐྱབས་འགྲོ་གཉིས། དེའི་དང་པོ་ལ། གང་ལ་སྐྱབས་སུ་འགྲོ་བའི་ཡུལ། གང་གིས་སྐྱབས་སུ་འགྲོ་བའི་གང་ཟག །སྐྱབས་སུ་འགྲོ་བའི་རྒྱུ། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ། ཕན་ཡོན་དང༌། བསླབ་བྱ་སྟེ་དྲུག་ལས། དང་པོ་ནི། །དབེན་པའི་གནས་སུ་ཁྲུས་བྱས་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ། སེམས་གཞན་དུ་མི་འཕྲོ་བའི་ཚུལ་གྱིས། རང་ཉིད་གནས་པའི་ས་ཕྱོགས་གནས་ཁང་ས་རྡོ་རི་བྲག་ལ་སོགས་པ་ཐ་མལ་གྱི་སྣང་བ་ཐམས་ཅད་དབྱིངས་སུ་ཐིམ་པའི་སྟོང་ཉིད་ཀྱི་ངང་ལས་བཻ་ཌཱུརྻའི་ས་གཞི་ལ་གསེར་གྱི་མིག་མང་རིས་སུ་བྲིས་པ། ཐ་གྲུ་ཡངས་ཤིང་རྒྱ་ཆེ་བ་མནན་ན་ནེམ་བྱེད་ཅིང༌། བཏེགས་ན་སྤར་བྱེད་པ། རེག་ན་བདེ་བ་བསྐྱེད་པ། སྟེང་ན་འཇའ་འོད་ཀྱི་གུར་ཁྱིམ་ཕུབ་ཅིང༌། མེ་ཏོག་གི་ཆར་འབེབས་པ་སྟེ་ཞིང་ཁམས་ཡོངས་སུ་དག་པའི་དབུས་སུ་དཔག་བསམ་གྱི་ཤིང་ལོ་འདབ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པའི་རྩེར་པདྨ་འདབ་མ་བཞི་པའི་ལྟེ་བར་དབུས་སུ་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ངོ་བོ་རང་གི་རྩ་བའི་བླ་མ་དེ་ཉིད། རྣམ་པ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་སྤྲུལ་སྐུའི་ཆ་ལུགས་ཅན། ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ། མཚན་དཔེའི་གཟི་བྱིན་འབར་བ། དགྱེས་ཤིང་འཛུམ་པའི་ཚུལ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་མཐར་མདུན་ནས་བརྩམས་ཏེ་གཡས་བསྐོར་གྱི་སྔར་གྱི་གདན་དེ་འདྲ་བ་ཆུང་ངུ་རེ་རེའི་སྟེང་དུ་བརྒྱུད་པའི་བླ་མ་རྣམས་ཀྱང་འོད་དཔག་


LT26_Page_208A
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་རྣམ་པ་ཅན་དང༌། མདུན་གྱི་འདབ་མ་ལ་རྗེ་བཙུན་མ་གཙོ་བོར་གྱུར་པའི་ཡི་དམ་ལྷ་ཚོགས་རྣམས་དང༌། གཡས་ཀྱི་འདབ་མ་ལ་རྣམ་སྣང་སོགས་ལོངས་སྐུའི་ཆ་བྱད་ཅན་དང༌། སྟོན་པ་ཐུབ་པའི་དབང་པོ་ལ་སོགས་པ་སྤྲུལ་སྐུའི་རྣམ་པ་ཅན་ཏེ་སངས་རྒྱས་དཀོན་མཆོག་དང༌། རྒྱབ་ཀྱི་འདབ་མ་ལ་ངོ་བོ་སྐྱབས་ཡུལ་རྣམས་ཀྱི་ཐུགས་རྒྱུད་ལ་བཞུགས་པའི་འགོག་ལམ་གྱིས་བསྡུས་པ་རྟོགས་པའི་ཡོན་ཏན་ཡིན་ཡང༌། རྣམ་པ་གསུང་རབ་གླེགས་བམ་བྲག་རི་བརྩེགས་པ་ལྟ་བུའམ་ས་ལེ། གདོང་དར་ཁྲ་བུན་ནེ་ཡོད་པ་ནི། ཆོས་དཀོན་མཆོག་དང༌། གཡོན་གྱི་འདབ་མ་ལ་འཕགས་པའི་དགེ་འདུན་ཁྱིམ་པ་དང་རབ་ཏུ་བྱུང་བའི་རྣམ་པ་ཅན་རྣམས་དང༌། མཐའ་སྐོར་ཀུན་ཏུ་ཡལ་འདབ་ཀྱི་ཁྲོད་རྣམས་སུ་ཡང་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གྲུབ་པའི་རིག་འཛིན་སོགས་སྐྱབས་གནས་སུ་འོས་སོ་ཅོག་ཐམས་ཅད་ཀྱང་སྤྲིན་ཕུང་གཏིབས་པ་ཙམ་སྒོམ་པ་ནི་དགེ་འདུན་དཀོན་མཆོག་ཡིན། །གཉིས་པ་ནི། །དེ་རྣམས་ཀྱི་མདུན་ངོས་སུ་རང་ཉིད། གཡས་སུ་ཚེ་འདིའི་ཕ། གཡོན་དུ་མ། མདུན་དུ་དགྲ་འདྲེ། མཐའ་སྐོར་ཀུན་ཏུ་རིགས་དྲུག་བར་དོ་དང་བཅས་པའི་སེམས་ཅན་ཐམས་ཅད་སྟོན་མོ་ཆེན་པོ་ལ་ཁྲོམ་ཚོགས་པ་བཞིན་ཁྲིག་མེར་གྱིས་གང་བར་བསམ། །གསུམ་པ་ནི། །དད་པ་དང༌། འཇིགས་པ་དང༌། སྙིང་རྗེ་གསུམ་ཡིན་ལ། དེའི་དང་པོ་ལ་གསུམ་སྟེ། སྐྱབས་ཡུལ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་ངོ་མཚར་ཞིང་སེམས་དང་བ་ནི་དང་བའི་དད་པ། དེ་ལྟ་བུའི་གོ་འཕང་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་འདོད་པ་ནི་འདོད་པའི་དད་པ་དང༌། སྐྱབས་ཡུལ་རྣམས་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཡིན་པ་ལ་ཡིན་པར་ངོ་ཤེས་ཤིང་ཐེ་ཚོམ་དང་ཡིད་གཉིས་མེད་པ་ནི་ཡིད་ཆེས་ཀྱི་དད་པའོ། །འཇིགས་པ་ལ་གསུམ་སྟེ། འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱིས་འཇིགས་པ་དང༌། རང་དོན་ཡིད་བྱེད་ཀྱིས་འཇིགས་པ་དང༌། ཐ་མལ་སྣང་ཞེན་གྱིས་འཇིགས་ནས་སྐྱབས་སུ་འགྲོ་བའོ། །སྙིང་རྗེ་སྐྱབས་འགྲོའི་རྒྱུར་


LT26_Page_208B
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ནི་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་བཟོད་དཀའ་བས་མནར་ཚུལ་ལ་ལེགས་པར་བསམ་ན་ཤས་མི་བཟོད་པའི་སྙིང་རྗེ་སྐྱེ་ཞིང་དེ་ལ་བརྟེན་ནས་སྡུག་བསྔལ་ལས་སྐྱོབས་འདོད་ཀྱི་བློ་སྐྱེ་ལ། དེ་ཡང་ད་ལྟ་རང་ཉིད་ལ་དེ་ལྟ་བུའི་ནུས་པ་མེད་ལ། གཞན་ཉན་རང་དང་འཇིག་རྟེན་པའི་ཆེན་པོ་རྣམས་ལའང་མེད་པས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་འདོད་དང༌། ཐོབ་བྱེད་ལམ་གྱི་རྩ་བ་ཡང་སྐྱབས་འགྲོ་ཉིད་ཡིན་པར་ཤེས་ནས་སྐྱབས་སུ་འགྲོ་འདོད་ཀྱི་བློ་སྐྱེ་བ་ནི་ཐེག་ཆེན་ཁོ་ནའི་དབང་དུ་བྱས་པའོ། །བཞི་པ་ནི། །བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ཏེ་དུས་འདི་ནས་བཟུང་སྟེ་ཇི་སྲིད་སྤང་གཉེན་རོ་གཅིག་ཏུ་གྱུར་ཏེ་བསྐྱབ་བྱ་སྐྱོབ་བྱེད་དང་བྲལ་བར་མ་གྱུར་གྱི་བར་དུ་ཅི་མཛད་ཁྱེད་མཁྱེན་སྙམ་པས་བློ་ལིངས་ཀྱིས་བཀལ་ནས་རང་ཉིད་ཀྱིས་བྱང་དྲངས་ཏེ་སེམས་ཅན་ཐམས་ཅད་ཀྱིས་སྐྱབས་འགྲོ་གུ་དིར་རེ་བྱེད་པར་བསམ་ཞིང་ཚིག་རྗེས་སུ་སེམས་ཧྲི་ལི་ལི་འབྲང་སྟེ་སྐྱབས་འགྲོ་བཞི་སྐོར་བརྒྱ་སྟོང་ནས་གྲངས་མེད་པར་བརྗོད། དེ་ཡང་དཔལ་ལྡན་བླ་མ་ཞེས་པའི་ཚེ་རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་དམིགས་པ་གཏད་དེ་བདག་ཅག་གི་ལམ་སྣ་འདྲེན་པ་པོ་མཛད་དུ་གསོལ་སྙམ་པ་དང༌། རྫོགས་པའི་སངས་རྒྱས་ཞེས་པའི་ཚེ་མདུན་གྱི་ཡི་དམ་དང་གཡས་ཀྱི་སངས་རྒྱས་རྣམས་ལ་དམིགས་པ་གཏད་དེ་བདག་ཅག་གི་སྟོན་པ་མཛད་དུ་གསོལ་སྙམ་པ་དང༌། དམ་པའི་ཆོས་ཞེས་པའི་ཚེ་རྒྱབ་ཀྱི་གླེགས་བམ་རྣམས་ལ་དམིགས་པ་གཏད་དེ་བདག་ཅག་གི་ལམ་དངོས་མཛད་དུ་གསོལ་སྙམ་པ་དང༌། འཕགས་པའི་དགེ་འདུན་ཞེས་པའི་ཚེ་གཡོན་ཕྱོགས་ཀྱི་དགེ་འདུན་དང་མཐའ་སྐོར་གྱི་ཆོས་སྐྱོང་སོགས་ལ་དམིགས་པ་གཏད་དེ་བདག་ཅག་གི་ལམ་སྒྲུབ་པའི་ཟླ་གྲོགས་མཛད་དུ་གསོལ་སྙམ་པ་བྱ། མདོར་ན་སྐྱབས་འགྲོས་མཚོན་པའི་དགེ་སྦྱོར་ཐམས་ཅད་སེམས་གཞན་དུ་མ་ཡེངས་པའི་ངང་ནས་གནད་དུ་སྨིན་པར་བྱ་དགོས། དེ་ལས་ལྡོག་ན་བྱས་ལ་མ་བསགས་པའི་ལས་ཞེས་ངལ་བ་འབྲས་མེད་དུ་གསུངས་


LT26_Page_209A
[མ་དཔེ་གཟིགས་ན་འདིར་གནོན།]

པའང་སྙིང་གི་བུམ་པར་བཅང་བར་རིགས་སོ། །མཐར་སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་ཞིག་འཕྲོས་ཏེ་སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་ལུས་ཟག་མེད་འཇའ་ལུས་དང་སེམས་རྟོག་མེད་ཆོས་སྐུར་གྱུར་ཏེ་སོ་སོའི་ཞིང་ཁམས་སུ་བྱ་ཁྱུ་འཕུར་བ་བཞིན་སོང་བར་བསམ། །སླར་ཡང་མོས་གུས་དུང་ངེ་བའི་ངང་ནས་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་སོགས་ཀྱིས་གསོལ་བ་བཏབ་པས་མཐའ་སྐོར་གྱི་ཆོས་སྐྱོང་སོགས་དགྱེས་བཞིན་འོད་དུ་ཞུ་ནས་དགེ་འདུན་ལ་ཐིམ། དེ་ཆོས་ལ། དེ་སངས་རྒྱས་ལ། དེ་ཡི་དམ་ལ། དེ་བརྒྱུད་པའི་བླ་མ་ལ། དེ་གཙོ་བོ་ལ་ཐིམ། དེ་ཡང་དབུའི་གཙུག་ཏོར་ནས་མར་འོད་དུ་ཞུ། དཔག་བསམ་གྱི་ཤིང་གི་རྩ་བ་ནས་ཡར་ཞུ་སྟེ་ཐུགས་ཀའི་ཐད་དུ་འོད་དམར་པོ་ཉི་མ་བྱེ་བའི་གཟི་བྱིན་ཅན་སྣུམ་ལ་འདྲིལ་བ་དམར་ལ་དྭངས་པ་ཞིག་ཏུ་གྱུར་ཏེ་རང་དང་ཇེ་ཉེ་ཇེ་ཉེར་བྱུང་སྟེ་སྤྱི་བོ་ནས་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་སེམས་དབྱེར་མེད་རོ་གཅིག་ཏུ་འདྲེས་སོང་སྙམ་པ་ཡན་ཆད་ཀུན་རྫོབ་ཀྱི་སྐྱབས་འགྲོ་དང༌། དེ་གའི་ངང་ལ་དང་པོ་ཧྲིལ་གྱིས་བསྒྲིམ། བར་དུ་ལྷོད་ཀྱིས་ཀློད། ཐ་མ་རང་སོ་བཟུང་སྟེ། དུས་གསུམ་གྱི་རྟོག་པའི་རྒྱུ་འགྲུལ་ཆད་པའི་རིག་པ་སྟོང་གསལ་རྗེན་ནེ་བ་དེ་ཉིད་ཀྱི་སྟེང་ན་སྐྱབས་གནས་ཐམས་ཅད་ཚང་བ་ཡིན་ཏེ། གསལ་བ་དགེ་འདུན། སྟོང་པ་དམ་ཆོས། ཟུང་འཇུག་སངས་རྒྱས། དེ་གསུམ་དབྱེར་མི་ཕྱེད་པ་བླ་མ་སྟེ་རིམ་བཞིན་སྤྲུལ་ལོངས་ཆོས་སྐུ་ངོ་བོ་ཉིད་ཀྱི་སྐུར་ཐག་བཅད་ངེས་ཤེས་བསྐྱེད་དེ་འཛིན་པ་མ་ཞུགས་པར་རྒྱུན་བསྐྱང་བ་ནི་དོན་དམ་པའི་སྐྱབས་འགྲོའོ། །ཕན་ཡོན་དང་བསླབ་བྱ་ནི་ཐེག་པ་ཆེན་པོའི་སྐབས་དང་བསྟན་བཅོས་རྣམས་ནས་འབྱུང་བ་བཞིན་ངེས་པར་བྱས་ལ་མི་འགལ་བར་བསླབ་པར་བྱའོ། །གཉིས་པ་སེམས་བསྐྱེད་ལ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་སེམས་སྒོམ་པ་གཉིས། དང་པོ་ལ་སྨོན་འཇུག་གཉིས་ལས། སྨོན་པ་


LT26_Page_209B
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་པ་ནི་འདི་ལྟར་ངེས་པར་བྱ་སྟེ། ནམ་མཁའ་ལ་མཐའ་མེད་པ་བཞིན་དུ་སེམས་ཅན་ལ་མཐའ་མེད། མཐའ་མེད་པའི་སེམས་ཅན་རེ་རེས་ཀྱང་རང་ཉིད་ཀྱི་ཕ་མ་ཡང་ཡང་བྱས་ཤིང༌། བྱས་རེས་ཀྱིས་ཕན་ཚད་མེད་པ་བཏགས། གནོད་པ་མཐའ་དག་ལས་སྐྱོབ་པའི་དྲིན་ཅན་ཤ་སྟག་ཡིན། འདི་རྣམས་འདོད་པ་བདེ་བ་འདོད་ཀྱང་དེ་སྒྲུབ་པའི་ཐབས་ལ་མི་མཁས་པས་ལ་ལ་ནི་སྡུག་བསྔལ་དངོས་ལ་ལོངས་སྤྱོད། ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམས་པོ་ཆེ་ལ་ལོངས་སྤྱོད། མ་རིག་པའི་ལིང་ཐོག་གིས་མིག་ལྡོངས། ཐར་པའི་རྟེན་གྱི་འཁར་བ་དང་བྲལ། དགེ་བའི་བཤེས་གཉེན་གྱི་དམིགས་བུས་མ་ཟིན། མཐོ་རིས་དང་ཐར་པའི་ལམ་ལ་བརྡེག་འཆོས་ཤིང་ངན་སོང་གསུམ་གྱི་གཡང་ཁར་འགྲིམ་པ་འདི་རྣམས་སྙིང་རེ་རྗེ། སྙིང་རྗེའོ་བྱས་ནས་བཞག་པས་མི་ཕན་སྡུག་བསྔལ་ལས་བསྒྲལ་ནས་བདེ་བ་ལ་འགོད་དགོས། དེའི་ནུས་པ་ད་ལྟ་བདག་ལ་མེད། བདག་ལས་ལྷག་པའི་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་འཇིག་རྟེན་པའི་ཆེན་པོ་དང༌། ཉན་རང་ལ་སོགས་པ་འཕགས་པའི་ཁོངས་སུ་གཏོགས་པ་འགའ་ཞིག་ལའང་མེད། སུ་ལ་ཡོད་ན་རྫོགས་པའི་སངས་རྒྱས་ཁོ་ན་ལ་ཡོད་དེ། ཁོང་གི་སྐུ་ལས་འོད་ཟེར་རེ་སྤྲོས་པ་དང༌། ཆོས་ཐུན་རེ་གསུངས་པས་ཀྱང་འགྲོ་བ་དཔག་ཏུ་མེད་པ་འཁོར་བ་ལས་སྒྲོལ་བར་ནུས་པས། བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཅི་ནས་ཀྱང་ཐོབ་པར་བྱ་སྙམ་དུ་ཡང་ཡང་བསམས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་སོགས་བརྗོད། གཉིས་པ་འཇུག་པའི་སེམས་བསྐྱེད་ནི། དེ་ལྟ་བུའི་གོ་འཕང་དེ་ཡང༌། སྐྱེ་བོ་ཕལ་པ་དགེ་བ་མི་བྱེད་པ་ལྟ་བུ་རྒྱུ་མེད་པ་དང༌། མུ་སྟེགས་བྱེད་ལྟ་བུ་རྒྱུ་ལོག་པ་དང༌། ཉན་རང་ལྟ་བུ་རྒྱུ་མ་ཚང་བ་ལ་མི་འབྱུང་བས། ཚང་ལ་མ་ནོར་བར་རྒྱལ་བ་སྲས་དང་བཅས་པས་བགྲོད་པ་གཅིག་པའི་ལམ་ཐེག་ཆེན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཐབས་ལ་ཅི་ནུས་ཀྱི་བསླབས་ཤིང༌། ཁྱད་པར་རྗེ་བཙུན་མ་སྒྲོལ་མ་


LT26_Page_210A
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་མོ་ཡིད་བཞིན་འཁོར་ལོའི་སྒོམ་བཟླས་ཟབ་མོ་ཉམས་སུ་བླང་སྙམ་དུ་བསམས་ལ་དེའི་ཆེད་དུ་རྗེ་བཙུན་སྒྲོལ་མ་དཀར་མོ་ཞེས་སོགས་བརྗོད་པ་ཡན་ཀུན་རྫོབ་སེམས་བསྐྱེད་དང༌། གཉིས་པ་ནི། སེམས་བསྐྱེད་བྱ་སྐྱེད་བྱེད་ཐམས་ཅད་ཀྱང་རང་བཞིན་གྱི་མི་དམིགས་པར་བསམས་པ་ནི་དོན་དམ་པའི་སེམས་བསྐྱེད་ཡིན་ཞེས་གསུངས། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་བསོད་ནམས་ཀྱི་ཚོགས་བསགས་པ་དང༌། ཡེ་ཤེས་ཀྱི་ཚོགས་བསགས་པ་གཉིས། དང་པོ་ལ་ཡུལ་དག་པ་ལ་བརྟེན་པ་དང༌། མ་དག་པ་ལ་བརྟེན་པ་གཉིས། དེའི་དང་པོ་ལ་ཚོགས་ཞིང་སྤྱན་དྲངས་པ་དང༌། ཚོགས་གསོགས་པ་དངོས་སོ། །དང་པོ་ནི། རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ་ལངས་ཐབས་སུ་གནས་པ་ལས་འོད་ཟེར་འཕྲོས་ལུས་ཀྱི་ནང་ཐམས་ཅད་གང༌། སྡིག་སྒྲིབ་བག་ཆགས་དང་བཅས་པ་དང༌། ཁྱད་པར་ཚོགས་ཞིང་མཐོང་བ་ལ་སྒྲིབ་བྱེད་ཀྱི་ལས་ཉོན་བག་ཆགས་དང་བཅས་པ་སྦྱངས་ནས་རླུང་སྣ་བུག་གཡས་ནས་ཕྱིར་རྒྱུ་བ་དང་བསྟུན་འོད་ཟེར་ཕྱིར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་མ་བླ་མ་འོད་དཔག་མེད་ཀྱིས་དབུར་བརྒྱན་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་རྡོ་རྗེ་བསྡུ་བའི་སྔགས་དང་ཕྱག་རྒྱས་སྤྱན་དྲངས། དེ་ཡང་རྒྱལ་བ་རྣམས་རང་བཞིན་གྱི་སྐུ་སྐྱེ་འགགས་གནས་གསུམ་གཤེགས་བཞུད་བཞུགས་གསུམ་གྱི་སྤྲོས་པ་དང་བྲལ་བ་མཁའ་དབྱིངས་ཁྱབ་པར་ལྷུན་གྲུབ་འདུ་འབྲལ་མེད་པར་བཞུགས་པ་ལ་འོད་ཟེར་གྱིས་ཕོག་པས་གསལ་བར་བྱས་པ་ལ་རང་བཞིན་གྱི་གནས་སམ་ཆོས་སྐུའི་ཞིང་ཁམས་ནས་སྤྱན་དྲངས་ཞེས་ཐ་སྙད་བྱས་པ་ཡིན། གཉིས་པ་ཚོགས་བསགས་པ་དངོས་ནི། ཕྱག་འཚལ་བ། མཆོད་པ་འབུལ་བ། སྡོམ་པ་བཟུང་བ་སྟེ་གསུམ་ལས། དང་པོ་ནི། རང་ལུས་ཞིང་གི་རྡུལ་གྱི་གྲངས་མཉམ་དུ་སྤྲུལ་ནས་ཕྱག་འཚལ་བར་བསམ་ཞིང༌། ཐལ་མོ་སྦྱར་ཏེ། ན་མོ་གུ་རུ་བྷྱཿ ཞེས་པས་བླ་མ་དང༌། ན་མ་ཨཱརྻ་ཏཱ་ར་


LT26_Page_210B
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་ཡི་དམ་འཁོར་བཅས་ལ་ཕྱག་བྱས་པར་བསམ། གཉིས་པ་ནི། །རང་གི་སྙིང་ག་ནས་སྤྲོས་པའི་འོད་ཟེར་གྱི་རྩེ་མོ་ལས་མཆོད་པའི་ལྷ་མོ་ལང་ཚོ་དར་ལ་བབས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤུད་པ་མང་པོར་སྤྲུལ་ཏེ། དེ་ཡང་ལྷ་མོ་དཀར་མོས་ཕྱག་ན་དུང་ཕོར་ཡན་ལག་བརྒྱད་ལྡན་གྱི་ཆུ་གཙང་མེ་ཏོག་དཀར་པོ་དང་བཅས་པས་གང་བར་ཐོགས་ཏེ་ཚོགས་ཞིང་རྣམས་ཀྱི་ཕྱག་ཏུ་འབུལ་བ་དང༌། ལྷ་མོ་དམར་མོས་དུང་ཕོར་དང་རིལ་བ་དང་བྱ་མ་བུམ་སོགས་དྲི་བཟང་གིས་སྦགས་པའི་ཆུས་བཀང་བ་ཐོགས་ཏེ་ཞབས་བསིལ་བ་དང༌། ཡང་ལྷ་མོ་དཀར་མོས་ཐང་ལས་སྐྱེས་པ་དང༌། ཆུ་ལས་སྐྱེས་པའི་མེ་ཏོག་གི་བྱེ་བྲག་མཚར་ཞིང་དྲི་བསུང་དང་ལྡན་པས་བཀང་བའི་ཟ་མ་ཏོག་ཐོགས་ཏེ་དབུ་ལ་འཐོར་བཞིན་པ་དང༌། ལྷ་མོ་དུད་ཁས་ལྷན་ཅིག་སྐྱེས་པ་དང་སྦྱར་བའི་བདུག་སྤོས་དྲི་ཞིམ་པོའི་རེང་བུ་དང་སྤོས་ཕོར་སོགས་ཐོགས་ཏེ་ཤངས་ལ་འབུལ་བ་དང༌། ལྷ་མོ་དམར་སྐྱས་ཉི་ཟླའི་དཀྱིལ་འཁོར་དང༌། མེ་ཤེལ་དང༌། ནོར་བུ་རིན་པོ་ཆེ་དང༌། མར་མེའི་སྡོང་བུའི་འོད་ཀྱིས་ཉི་ཟླ་ཡང་མོག་མོག་པོར་བྱེད་པ་སོགས་སྣང་གསལ་གྱི་རིགས་ཐོགས་ཏེ་སྤྱན་ལམ་དུ་ངོམ་བཞིན་པ་དང༌། ལྷ་མོ་ལྗང་གུས་ག་བུར་དང༌། ཙན་དན་དང༌། གུར་གུམ་སོགས་བསིལ་སྨན་སྣ་ཚོགས་བཏབ་པའི་ཆུས་བཀང་བའི་དུང་ཕོར་ཐོགས་ཏེ་ཐུགས་ཀར་བྱུགས་པ་དང་འཐོར་ཡབ་ཀྱིས་སྐུ་ལ་འཐོར་བ་དང༌། ལྷ་མོ་དམར་མོས་ལྷ་དང་མི་ཡི་ཟས་བཟང་དགུ་རོ་བརྒྱ་དང་ལྡན་པས་བཀང་བའི་རིན་པོ་ཆེའི་གཞོང་བ་ཐོགས་ཏེ་ལྗགས་ལ་འབུལ་བཞིན་པ་དང༌། ལྷ་མོ་སྔོན་མོས་ལྷ་ཡི་སིལ་སྙན་དང༌། པི་ཝང་དང་གླིང་བུ་དང་ཕེག་རྡོབ་དང་རྫ་རྔ་དང་རྔ་ཟླུམ་སོགས་རོལ་མོའི་བྱེ་བྲག་ཀུན་སྙན་ལམ་དུ་འཁྲོལ་བས་ཚོགས་ཞིང་རྣམས་ཀྱི་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་མཉེས་པར་བསམས་ལ་སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་གུ་རུ་ཨཱརྻ་ཏཱ་རེ་ས་པཱ་རི་ཝཱ་ར་ཨཱརྒྷཾ་ནས། ཤབྡ་ཨཱཿཧཱུྃ་བར་བརྗོད། ལྷ་མོ་རྣམས་ཚུར་འདུས་རང་གི་ཐུགས་ཀའི་ས་བོན་ལ་ཐིམ་པར་བསམ། གསུམ་པ་སྡོམ་པ་བཟུང་བ་ནི། རྡོ་རྗེ་ཐལ་མོར་སྦྱར་བ་སྙིང་ཁར་བཞག་སྟེ། དོན་ཡིད་ལ་དྲན་


LT26_Page_211A
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་པས་གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ་བྱ། དེ་ཡང་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་པས་རྟེན་གྱི་སྟོབས་ཏེ་ཚོགས་ཞིང་རྣམས་སོ། །སྡིག་པ་ཐམས་ཅད་སོ་སོར་བཤགས། །ཞེས་པས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་དྲག་པོ་བསྐྱེད་པ་རྣམ་པར་སུན་འབྱིན་པའི་སྟོབས་དངོས་སུ་བསྟན་ལ། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་དུ་སྡོམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང༌། དེ་ལྟར་བྱས་པས་སྡིག་སྒྲིབ་ཇི་ལྟར་ཆེ་ཡང་དག་ངེས་སྙམ་པ་སོར་ཆུད་པའི་སྟོབས་གཉིས་ཤུགས་ལས་བསྟན་པ་སྡིག་པ་བཤགས་པའི་ཡན་ལག་དང༌། འགྲོ་བའི་དགེ་ལ་རྗེས་ཡི་རང༌། ཞེས་པས་འཁོར་འདས་དུས་གསུམ་གྱིས་བསྡུས་པའི་དགེ་བ་ལ་དགའ་ཞིང་ཕྲག་དོག་མེད་པ་ནི་རྗེས་སུ་ཡི་རང་བའི་ཡན་ལག་དང༌། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་པས་སངས་རྒྱས་ཐམས་ཅད་ཀྱིས་ཉེ་བར་བརྟེན་པའི་དོན་དམ་བྱང་ཆུབ་ཀྱི་སེམས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དེ་བདག་གིས་ཀྱང་བསྒོམ་པར་བགྱིའོ་སྙམ་པ་དོན་དམ་བྱང་ཆུབ་ཀྱི་སེམས་བཟུང་བའི་ཡན་ལག་དང༌། སངས་རྒྱས་ཆོས་དང་ཚོགས་མཆོག་སོགས་ཚིག་རྐང་གཉིས་ཀྱིས་སྐྱབས་འགྲོའི་ཡན་ལག་དང༌། རང་གཞན་དོན་ནི་ཞེས་སོགས་ཚིག་རྐང་གཉིས་ཀྱིས་སྨོན་པ་སེམས་བསྐྱེད་དང༌། བྱང་ཆུབ་མཆོག་གི་སོགས་ཚིག་རྐང་གསུམ་གྱིས་འཇུག་པ་སེམས་བསྐྱེད་ཀྱི་ཡན་ལག་བསྟན་ཏེ་གོང་དུ་བཤད་པ་ལྟར་རོ། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པས་དེ་ལྟར་བགྱིས་པའི་དགེ་བས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་སྙམ་པས་བསྔོ་བའི་ཡན་ལག་རྣམས་བསྟན་ཏོ། །དེ་ལྟར་བྱས་པས་ཚོགས་ཞིང་རྣམས་དགྱེས་བཞིན་དུ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་མོ། །གཉིས་པ་ཡུལ་མ་དག་པ་ལ་བརྟེན་ནས་ཚོགས་བསགས་པ་ནི། ཡུལ་ཚད་མེད་པ་མཁའ་ཁྱབ་ཀྱི་སེམས་ཅན་ལ་དམིགས་ཏེ་བསམ་པ་ཚད་མེད་པ་རིས་སམ་ཕྱོགས་སུ་མ་


LT26_Page_211B
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུང་བ་བསྒོམ་པས་ན་ཚད་མེད་དམ། གནས་སྐབས་ཀྱི་འབྲས་བུ་གཟུགས་ཁམས་ཀྱིས་ཚངས་པའམ། མཐར་ཐུག་གི་འབྲས་བུ་སངས་རྒྱས་ལ་ཚངས་པའི་སྒྲས་བཤད་པའང་འདི་ཉིད་བསྒོམས་པ་ལས་འབྱུང་བས་ན་ཚངས་པའི་གནས་ཞེས་བྱ་སྟེ། བསྒོམ་པའི་ཚུལ་ནི། སེམས་ཅན་ཐམས་ཅད་ཡིད་ཡུལ་དུ་བྱས་ཏེ། འདི་རྣམས་བདེ་བ་དང་བདེ་བའི་རྒྱུ་དགེ་བ་བཅུ་སྤྱོད་པའི་སྐལ་བ་དང་ལྡན་ན་ཅི་མ་རུང་སྙམ་པ་འདུན་པ་དང་འབྲེལ་བ། དེ་དང་ལྡན་པ་ཞིག་བདག་གིས་བྱའོ་སྙམ་པའི་དམ་བཅའ་དང་འབྲེལ་བ། དེ་བཞིན་དུ་གྱུར་ཅིག་སྙམ་པ་སྨོན་ལམ་དང་འབྲེལ་བ། དེ་བཞིན་ཏུ་འགྱུར་བ་བླ་མ་དང་དཀོན་མཆོག་མཁྱེན་སྙམ་པ་གསོལ་འདེབས་དང་འབྲེལ་བ་སྟེ་གཞན་གསུམ་ལའང་འགྲེ་ཤེས་པར་བྱས་ལ་ཚིག་ཙམ་མ་ཡིན་པར་ཞེ་ཐག་པ་ནས་བསམ་ཞིང་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པ་སོགས་བརྗོད་པར་བྱའོ། །ཁྲིད་ཀྱི་སྔོན་འགྲོའི་སྐབས་སོགས་སུ་འདི་ཁོ་ན་བཞིན་བྱ་ཡི་རྒྱུན་དུ་ནི་ཚིག་རིས་དང་མཐུན་པ་སྨོན་ལམ་དང་འབྲེལ་བ་ཙམ་གྱིས་ཆོག་གོ །གཉིས་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། གཅིག་དུ་བྲལ་གྱི་རིག་པས་དཔྱད་པ་སྟོང་ཉིད་བཤིགས་ནས་བསྒོམ་པ་དང༌། སྔགས་ཀྱིས་སྟོང་པར་སྦྱངས་པ་བཙན་ཐབས་སུ་བསྒོམ་པ་གཉིས་ལས་ཕྱི་མ་ཉིད་སྐབས་སུ་བབས་ཏེ། དེ་ལའང་སྣང་བཅས་སུ་བསྒོམ་པ་དང་སྣང་མེད་དུ་བསྒོམ་པ་གཉིས་ཡོད་པ་ལས་ལྷ་དང་གཞལ་ཡས་ཁང་སྒོམ་པའི་ཕྱོགས་ལ་ཕྱི་མ་ཉིད་ལེགས་པར་བཞེད། དེ་ཡང་སྭ་བྷཱ་ཝ་སོགས་སྔགས་བརྗོད་པ་ཙམ་གྱིས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ནམ་མཁའ་ལ་དུ་བ་ཡལ་བ་བཞིན་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཐིམ་པར་བསམས་ལ་རང་སེམས་སྟོང་པ་ནམ་མཁའ་གསུམ་པོ་རོ་གཅིག་ཏུ་འདྲེས་པའི་རིག་སྟོང་རྗེན་ནེ་བ་དེ་གའི་ངང་ལ་ཧྲིལ་གྱིས་བསྒྲིམ། ལྷོད་ཀྱིས་གློད། རང་སོར་བཟུང་བ་སྤེལ་མར་བྱས་ཏེ་ཅི་གནས་སུ་མཉམ་པར་འཇོག་པ་ནི་གནད་ཀྱི་དོན་ཏེ་འོག་ནས་འབྱུང་བའི་ལམ་ཐམས་ཅད་ཀྱང་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་ནས་ཞེན་པ་


LT26_Page_212A
[མ་དཔེ་གཟིགས་ན་འདིར་གནོན།]

རང་གྲོལ་དུ་འགྱུར་བ་དང༌། གོང་འོག་གི་ཐབས་ཀྱི་ཆ་ཐམས་ཅད་ཀྱང་ཤེས་རབ་དང་ཟུང་འབྲེལ་དུ་འགྱུར་བ་དང༌། སྟོང་ཉིད་ཀྱི་ངང་ལས་ལྷར་བཞེངས་པས་འབྲས་དུས་སུ་སྐུ་གཉིས་ཕྲིན་ལས་དང་བཅས་པ་འབད་མེད་ལྷུན་གྲུབ་ཏུ་རྫོགས་པའི་དགོས་པ་ཡོད་དོ།། ༈ །སྤྱི་དོན་གཉིས་པ་དངོས་གཞིའི་རིམ་པ་ལ། །ཐུན་མོང་དུ་ལྷ་བསྒོམ་པ་དང༌། འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་དམིགས་པའི་ཟབ་ཁྱད་རྣམས་བསྒོམ་པ་དང་གཉིས་ཀྱི། དང་པོ་ལ་བླ་མ་དག་གི་བཞེད་པས་བྱ་བ་ཅན་གྱི་བསྐྱེད་རིམ་དང༌། བྱེད་པ་ཅན་གྱི་བསྐྱེད་རིམ་ཞེས་རྣལ་འབྱོར་བླ་མེད་ཀྱི་ཁྲིད་གཞུང་ཆེན་པོ་རྣམས་དང་འགྲོས་མཐུན་པར་མཛད་ཀྱང༌། དོན་ལ་ཡན་ལག་བཞི་རྫོགས་ཀྱི་ཆོ་གས་ལྷ་ཡི་སྐུར་བསྒོམ་པ་དང༌། དེ་ཉིད་ལ་གསལ་སྣང་ཁྱད་པར་ཅན་སྐྱེ་བའི་ཕྱིར་རིམ་བཞིན་སེམས་བཟུང་བ་གཉིས་ལས། དང་པོ་ནི། རང་ལྷར་བསྒོམས་པའི་ཐད་དེར་པྃ་ཡིག་དཀར་པོ་ཞིག་ཐོལ་གྱིས་བྱུང་བ་ཡོངས་སུ་གྱུར་པ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལྗང་གུ། གེ་སར་དམར་སེར་ཁ་བྱེ་མ་ཐག་པ་ལྟ་བུ་དེའི་ལྟེ་བར་ཨ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་འོད་ཟེར་འཕྲོས་པ་དང་བཅས་པ་ཤེལ་དཀར་གྱི་མེ་ལོང་ཁ་སྦུབས་པ་ལྟ་བུ། དེའི་སྟེང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཏཱྃ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས་ཞེས་པ་ནས། འོད་ཀོར་ཅན་ཞེས་པའི་བར་ཤར་སྒོམ་གྱི་ཚུལ་དུ་ཉམས་སུ་ལེན་པ་ནི་བསྙེན་པའི་ཡན་ལག་གོ །དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་བསམས་པ་ནི་ཉེར་སྒྲུབ་ཀྱི་ཡན་ལག་གོ །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཞེས་པ་ནས། གཉིས་སུ་མེད་པར་ཐིམ་ཞེས་པའི་བར་ནི་སྒྲུབ་པའི་ཡན་ལག་གོ །སླར་ཡང་འོད་ཟེར་འཕྲོས་པས་དབང་ལྷ་སྤྱན་དྲངས་ནས་གསོལ་བ་བཏབ། དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་བཏབ་ཏེ་དབང་ལྷ་རྣམས་ཀྱང་རིགས་བདག་ལ་


LT26_Page_212B
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་པར་བསམ་པ་ནི། སྒྲུབ་པ་ཆེན་པོའི་ཡན་ལག་གོ །དེ་ནས་རང་གི་སྙིང་གའི་ས་བོན་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་རང་ཉིད་ལ་མཆོད་པ་བྱེད་པར་བསམས་ལ་མཚན་སྔགས་སྔོན་དུ་འགྲོ་བའི་ཆུ་གཉིས་ཉེར་སྤྱོད་ལྔས་མཆོད། ལྷ་མོ་དེ་རྣམས་ཀྱིས་བསྟོད་པར་བསམ་ཞིང༌། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད་ནས་ལྷ་མོ་རྣམས་རང་གི་ཐུགས་ཀར་ཐིམ་པར་བསམ་མོ། །གཉིས་པ་སེམས་འཛིན་གྱི་རིམ་པ་ལ། ང་རྒྱལ་ལ་བསླབ་པ་དང༌། རྣམ་པ་ལ་བསླབ་པ་གཉིས་ལས། དང་པོ་ནི། ང་ནི་ཐ་མལ་པ་ནམ་ཡང་མ་ཡིན་ཏེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་འབྲས་དུས་སངས་རྒྱས་ཀྱི་ས་མངོན་དུ་མཛད་ཀྱང་འགྲོ་བ་བུད་མེད་ཀྱིས་འདུལ་བ་ལ་གཟིགས་ནས་ཤེས་རབ་ལྷ་མོའི་སྐུར་བཞེངས་པ་རྗེ་བཙུན་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་དངོས་ཡིན་སྙམ་པའི་ང་རྒྱལ་ཏུ་བཏུད་པོ་དེ་ཀ་ལ་དང་པོ་ཧྲིལ་གྱིས་བསྒྲིམ། བར་དུ་དེ་ཙམ་དུ་མི་འཛིན་པར་ལྷོད་ཀྱིས་གློད། དེ་ལྟར་གྲིམ་ལྷོད་རན་པོས་ཤེས་པ་རང་སོ་བཟུང་སྟེ་འཛིན་མེད་ཀྱི་ལྟ་བས་རྒྱས་འདེབས་པ་ནི་གནད་དམ་པ་ཡིན་ནོ། །གཉིས་པ་ནི། །བླ་མེད་ཀྱི་ཁྲིད་གཞུང་ཆེན་པོ་རྣམས་སུ་རྣམ་པ་སྤྱི་དང་བྱེ་བྲག་ལ་སེམས་བཟུང་བ་སོགས་ས་བཅད་མང་དུ་མཛད་ཀྱང༌། འདིར་ནི་སྤྱི་ཡི་སེམས་འཛིན་རྒྱས་ཙམ་ལས་མི་མཛད་པས། ང་རྒྱལ་ལ་སེམས་བཟུང་བ་དེ་ཀའི་ངང་ལས་སླར་ཡང་ང་ཉིད་སྒྲོལ་མ་དངོས་ཡིན་ན་དེ་ཡང་རྣམ་པ་འདི་ལྟ་བུ་སྟེ། སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ལྟར་དྭངས་ཤིང་འོད་འཕྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། མཛེས་སྡུག་གི་ཕུལ་དུ་བྱུང་བས་དྲང་སྲོང་རྣམས་ཀྱི་བརྟན་པའང་འཕྲོག་པར་ནུས་པ། མཉེན་ལྕུགས་དང་ལྡན་པའི་ཕྱག་གཉིས་ཀྱི་གཡས་པ་པུས་མོའི་སྟེང་དུ་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་པས་ཨུཏྤལ་དཀར་པོའི་ཡུ་བ་མཐེབ་སྲིན་སྦྱར་བས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ་གྱེས་པའི་དབུས་


LT26_Page_213A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མེ་ཏོག་ད་ལྟར་གྱི་སངས་རྒྱས་རྣམས་མཚོན་པའི་བརྡར་ཁ་བྱེ་བ། གཡས་ཀྱི་མེ་ཏོག་འདས་པའི་སངས་རྒྱས་རྣམས་མཚོན་པའི་བརྡར་འབྲས་བུའི་ཚུལ་དུ་ཡོད་པ། གཡོན་གྱི་མེ་ཏོག་མ་འོངས་པའི་སངས་རྒྱས་རྣམས་མཚོན་པའི་བརྡར་གོང་བུ་སྟེ་ཁ་མ་བྱེ་བའི་ཚུལ་དུ་ཡོད་པ། སྨིན་མཚམས་སུ་སྤྱན་དབུ་མ་དབུས་ནག་པ། མཐའ་སྐྱ་བ། སྤྱན་རྩ་ཡིད་ཙམ་དམར་བ། དཀྱུས་རིང་ཞིང་ཟིམ་བུར་གཟིགས་པ། སྤྱན་གཡོན་པ་གྱེན་དུ་བསྐྲངས་པ་ལྟ་བུ། བ་མཆོག་གི་རྫི་མ་ལྟ་བུས་མཛེས་ཤིང་སྨིན་མ་དང་བཅས་པ། གཡས་གཡོན་གྱི་སྤྱན་གཉིས་ཀྱང་དེ་དང་འདྲ་བ། ཤངས་གངས་རིའི་ཟུར་ལྟར་ལེགས་པའི་ནང་ནས་ཨུཏྤ་ལའི་དྲི་བསུང་འཐུལ་བ། སྙན་གཉིས་སྙན་ཤལ་རིང་བ། མཆུའི་སྒྲོས་ལེགས་ཤིང་བིམྦ་ལྟར་དམར་བ། ལྗགས་སྲབ་ཅིང་མཉེན་པ། ཚེམས་བཞི་བཅུ་ཐམ་པ་དཀར་ཞིང་ཐགས་བཟང་བ། ཟུར་བཞིར་མཆེ་བའི་མྱུ་གུ་ཅུང་ཟད་དང་བཅས་པ། མགུལ་པ་བུམ་པ་ལྟར་ཟླུམ་ཞིང་གཉེར་མ་གསུམ་དང་བཅས་པ། དབུ་སྐྲ་མཐོན་མཐིང་རལ་པའི་ཟུར་ཕུད་ལྟག་པར་བཅིངས་པའི་ལན་བུ་རིང་དུ་འཕྱང་བ། འཕྲང་ཞིང་རྒྱས་པའི་ནུ་འབུར་ཟུང་གིས་མཛེས་པ། སྐུ་སྟོད་ཚོ་སྐེམ་རན་པ། སྐེད་སྐབས་ཕྲ་བ། སྐུ་སྨད་ཤེས་རབ་ཀྱི་རང་བཞིན་རྒྱས་པ། གསང་བའི་པདྨ་རུས་སྦལ་གྱི་རྒྱབ་ལྟར་མཐོ་ཞིང་མཛེས་པ། ཕྱག་ཞབས་ཀྱི་མཐིལ་རྣམས་པ་ལ་ཤ་ལྟར་འཇམ་པའི་དབུས་སུ་སྤྱན་རེ་རེ་ཡོད་པ། སོར་མོ་རྣམས་ངང་པ་ལྟར་དྲྭ་བས་འབྲེལ་བ། དབུ་རྒྱན་ནི་སྲོག་ཞུ་རིམ་པ་གསུམ་རིན་པོ་ཆེའི་རྩེ་བྲན་ནམ་ཟེ་སྲོག་ལྔའི་རྩ་བ་ནས་བཻ་ཌཱུརྻའི་འཁྱུད་མོས་བསྡོམས་ཤིང་རྣ་ལྟག་གཉིས་སུ་ཨུཏྤལ་རྒྱས་པ་ལས་དར་དཔྱངས་འཕྱང་བ། སྙན་རྒྱན་ནི་རིན་པོ་ཆེའི་རྣ་ཀོར་ཟླུམ་པོ་ལ་ཕྲ་ཚོམ་གྱིས་མཛེས་པ། མགུལ་རྒྱན་ནི་གཡས་གཡོན་དབུས་གསུམ་དུ་རིན་པོ་ཆེའི་གཞུང་གསུམ་གྱི་བར་དྲྭ་བས་སྦྲེལ་བ་མགུལ་པར་འཁྱིལ་པའི་ཚུལ་དུ་ཡོད་པ། ཕྱག་གདུབ་ནི་རིན་པོ་ཆེའི་གཞུང་གསུམ་གྱི་དྲྭ་བར་དྭ་བས་སྦྲེལ་


LT26_Page_213B
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེ་བ་གཉིས་ཀྱིས་དཔུང་པ་དང༌། ཆུང་བ་གཉིས་ཀྱིས་མཁྲིག་མར་བརྒྱན་པ། ཞབས་གདུབ་དེ་དང་འདྲ་བ་ལ་སྨད་དུ་རིན་པོ་ཆེའི་ཟར་ཚགས་མང་པོ་འཕྱང་བས་ལོང་བུར་བརྒྱན་པའོ། །འོག་པགས་སམ་རྐེད་རྒྱན་ནི་རིན་པོ་ཆེའི་གཞུང་ལྔ་གྱེན་དུ་བྱས་པའི་བར་དྲྭ་བས་སྦྲེལ་ཞིང་ཟུར་དུ་རིན་པོ་ཆེའི་ཆུན་འཕྱང་མང་པོས་སྤྲས་པ། དོ་ཤལ་ནི་རིན་པོ་ཆེའི་ཕྲེང་བས་མགུལ་ནས་ལྟེ་བའི་འོག་ཡན་འཁོར་བ། སེ་མོ་དོ་ནི་དེ་ལས་ཐུང་བ་ནུ་མ་ཡན་འཁོར་བ་སྟེ་བརྒྱད་ཡིན་ལ། དྲུག་ཏུ་བཤད་པ་ནི་གདུ་བུ་རྣམས་གཅིག་ཏུ་བརྩིས། དོ་ཤལ་དང་སེ་མོ་དོ་གཅིག་ཏུ་བརྩིས་པའོ། །དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་དར་དམར་པོའི་ཤམ་ཐབས་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཟླ་བའི་དཀྱིལ་འཁོར་ལ་རྒྱབ་བརྟེན་ཅིང༌། འོད་ཀོར་དང་འོད་ཟེར་གྱི་ཕྲེང་བ་མུ་མེད་པ་འཕྲོ་བཞིན་པ་དང་གནས་གསུམ་གྱི་ཡི་གེ་གསུམ་རིགས་བདག་དང་བཅས་པ་ལ་རིམ་བཞིན་སེམས་བཟུང༌། དེ་ཡང་གོང་བཞིན་སྒྲིམ་ལྷོད་རེས་འཇོག་གི་ཚུལ་དུ་བསླབ་ཅིང་མཐར་ལྷར་ཞེན་པའི་ཨ་འཐས་དེས་སངས་རྒྱས་ཐོབ་པའི་གེགས་ཀྱང་བྱེད་སྲིད་པས་འཛིན་སྟངས་ཧྲིང་ཧྲིང་པོ་དེ་ཡང་གཤིགས་ནས་དམིགས་མེད་ཀྱི་ལྟ་བས་རྒྱས་བཏབ་ཅིང་སྐྱོང་བ་ནི་གཙོ་ཆེ་སྟེ། རྒྱ་གཞུང་རྣམས་སུ་ཡང་ལྷ་ཡི་སྐུ་སྣང་ལ་རང་བཞིན་མེད་པ་ལ་སེམས་ཡུན་རིང་དུ་བལྟས་ལ་ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་དམིགས་པ་ལ། ཐུགས་ཀའི་འཁོར་ལོ་བསྒོམ་པ། རིགས་བདག་འཕོ་བ། སྲུང་འཁོར་བསྒོམ་པ། ཚེ་བཅུད་བསྡུ་བ། སྔགས་བཟླས་པའི་དམིགས་པ་རྣམས་ལ། དང་པོ་ནི། རང་ཉིད་རྗེ་བཙུན་མའི་སྐུ་སྣང་ལ་རང་བཞིན་མེད་པ། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གསལ་བའི་ཐུགས་ཀར་ཏེ་ནུ་མ་གཉིས་ཀྱི་བར་གྱི་ཐད་སྒལ་ཚིགས་ལ་ཉ་བའི་གནས་དེར་རྒྱུ་ཟླ་བ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། དབྱིབས་ལེབ་ཆགས་ལ་ལྟེ་བ་དང་རྩིབས་དང་མུ་ཁྱུད་རྣམས་ཁྲོལ་ཚགས་ཀྱི་རྣམ་པ་ཅན་གྱི་ལྟེ་བའི་དབུས་སུ་ཏཱྃ་


LT26_Page_214A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དཀར་པོ། དེའི་མཐའ་སྐོར་དུ་མ་མ་ཨཱཿཡུ་པུཎྱ་ཛྙཱ་ན་པུཥྚིཾ་ཀུ་རུ་ཞེས་གཡས་སྐོར་དང༌། ཏཱྃ་ཡིག་གི་མདུན་ངོས་སྤེལ་ཚིག་གི་ཕྱི་རོལ་དུ་ཨོཾ། རྒྱབ་ཏུ་ཧཱ། རྩིབས་བརྒྱད་སོ་སོའི་དབུས་སུ་རིམ་བཞིན་ཏ་རེ་ཏུཏྟ་རེ་ཏུ་རེ་སྭཱ། ཞེས་པའི་ཡིག་འབྲུ་རེ་ཡོད་པ་རྣམས་ཁ་དོག་དཀར་པོ་དང༌། དེའི་ཕྱི་རོལ་གྱི་མུ་ཁྱུད་ནང་མ་ལ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿརྣམས་ཁ་དོག་དཀར་པོ་གཡོན་སྐོར་དུ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་ཀ་ཁ་ག་གྷ་ང་ནས་ཧ་ཀྵའི་བར་དུ་ཁ་དོག་དཀར་ལ་དམར་མདངས་ཅན་གཡས་སྐོར་དང༌། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་ཡེ་དྷརྨཱའི་སྔགས་ཕྲེང་ཁ་དོག་དཀར་པོ་གཡས་སྐོར་དུ་ཡོད་པ་སྟེ་སྔགས་ཕྲེང་ཐམས་ཅད་ཀྱང་ལངས་ཐབས་ཀྱི་རྣམ་པ་ཅན། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་རྡོ་རྗེ་སྔོན་པོའི་ཕྲེང་བ་ཕྱེད་མུ་ཁྱུད་ལ་ནུབ་ཅིང་ཕྱེད་ཡར་འགྲེང་བུར་ཐོན་པ། དེའི་ཕྱི་རོལ་དུ་འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་བསྐོར་དུ་ཡོད་པར་བསམ། །གཉིས་པ་ནི། །སྤྱི་བོའི་བླ་མ་འོད་དཔག་མེད་ཡོངས་སུ་གྱུར་པ་ལས། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་མཉམ་བཞག་གི་སྟེང་ན་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ཞིག་ཏུ་གནས་པར་གྱུར་བར་བསམ། །གསུམ་པ་ནི། །རང་ཉིད་ཀྱི་ཕྱི་རོལ་ཏུ་འཁོར་ལོ་དཀར་པོ་སྦུབས་ཅན་ཞྭ་ཐེབས་ཁ་སྦྱར་བ་ལྟ་བུ། རྩེ་རིམ་གྱིས་རྣོ་བ། གཡས་སྐོར་དུ་འཁོར་བ་ལས་མེ་དཔུང་འབར་ཞིང་འཁྲུགས་པས་གདོན་བགེགས་ཐམས་ཅད་བྱ་སྒྲོ་མགར་གྱི་སོ་ལམ་དུ་བབས་པ་ལྟར་གཞོབ་ཐུལ་ཐུལ་དུ་ཚིག་པར་བསམ། །དེ་ནས་སྙིང་གའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་ཟླ་བ་སྟོང་དུས་གཅིག་ཏུ་ཤར་བ་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འཁོར་ལོའི་གུར་ཁང་གི་ཕྱི་རོལ་འདོམ་གང་


LT26_Page_214B
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་དུ་འོད་དཀར་པོའི་གུར་ཁང་དུ་གྱུར། ཞི་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་ཡིག་འབྲུ་རྣམས་ལས་འོད་ཟེར་སེར་པོ་གསེར་ཞུན་མ་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་རྒྱས་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས་འོད་དཀར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་སེར་པོའི་གུར་ཁང་དུ་གྱུར། རྒྱས་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། །ཡང་སྙིང་གའི་སྔགས་ཕྲེང་ལས་འོད་དམར་པོ་བྱེ་རུའི་མདོག་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། བརྟན་གཡོ་སྣོད་བཅུད་ཐམས་ཅད་དབང་དུ་བསྡུས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་སེར་པོའི་གུར་ཁར་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་དམར་པོའི་གུར་ཁང་དུ་གྱུར། །དབང་གི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། །ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་མཐིང་ག་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། མི་མཐུན་པའི་ཕྱོགས་ཐམས་ཅད་ཚར་བཅད། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་དམར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་མཐིང་གའི་གུར་ཁང་དུ་གྱུར། །དྲག་པོའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་ལྗང་གུ་མརྒད་ཞུ་བའི་མདོག་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་གཅིག་ཆར་དུ་འགྲུབ་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་མཐིང་གའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་ལྗང་གུའི་གུར་ཁང་དུ་གྱུར། ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྔགས་ཕྲེང་ལས་འོད་ཟེར་མཆིན་ཁ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བརྟན་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་ལྗང་གུའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་མཆིན་ཁའི་གུར་ཁང་དུ་གྱུར། བྱིན་རླབས་དང་ཕྲིན་ལས་ཐམས་ཅད་བརྟན་པར་བསམ། འོད་ཀྱི་གུར་ཁང་དྲུག་པོ་ཐམས་ཅད་ཀྱང་དབྱིབས་


LT26_Page_215A
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ངའི་རྣམ་པ་ལྟ་བུ་དུམ་བུ་གཅིག་ཏུ་གྱུར་པ་སྲ་ཞིང་མཁྲེགས་པ་བསྐལ་པའི་རླུང་གིས་ཀྱང་གཞིག་པར་མི་ནུས་པར་བར་མཚམས་ཐམས་ཅད་ཨུཏྤལ་སྔོན་པོའི་མེ་ཏོག་ཁ་བྱེ་མ་ཐག་པ་གསར་ཞིང་མཉེན་ལྕུགས་དང་ལྡན་པས་བུན་ལོང་གིས་གཏམས་པར་བསམ་མོ། །དེ་ནས་ཏཱྃ་ཡིག་གིས་སྐོར་གྱི་ནང་དུ་རང་གི་བླ་མ་ཞལ་བཞུགས་པ་རྣམས་སྐུ་བསྒྲེས་གཞོན་བསྙུན་ཚུལ་བསྟན་པ་སོགས་ཇི་ལྟར་ཡིན་ཀྱང་སྐབས་འདིར་སྐུའི་རྣམ་པ་ཅན་དེ་ཀ་ཡིན་པ་ལ་གཞོན་ཚུལ་ལང་ཚོ་རྒྱས་ཤིང་ན་བཟའ་སོགས་ཀྱང་གཟབ་འཕྱོར་གྱི་རྣམ་པ་ཅན་དུ་བསྒོམ་པ་རྟེན་འབྲེལ་གྱི་དགོས་པ་དང༌། བསྒྲུབ་བྱ་གཙོ་ཆེ་བ་དེ་ཏཱྃ་ཡིག་གི་འོག་པའི་ནང་དང༌། གཞན་རྣམས་གཡས་གཡོན་གང་བདེར་སོ་སོའི་རྣམ་པ་གཞོན་ཚུལ་གཟབ་འཕྱོར་ཅན་དུ་བསྒོམ། འོག་གི་ཚེ་བཅུད་བསྟིམ་པའི་དམིགས་པ་སོགས་ཚར་ནས་ངོ་བོ་དེ་དང་དེ་ཡིན་པ་ལ་རྣམ་པ་རྡོ་རྗེ་སྔོན་པོ་རྩེ་ལྔ་གྱེན་འགྲེང་གི་ལྟེ་བར་ཧཱུྃ་ཡིག་སྔོན་པོས་མཚན་པ་རེ་གསལ་འདེབས། དེ་ཡང་རྡོ་རྗེས་ནི་སྐུ། ཧཱུྃ་དེ་སྤྱིར་ཡི་གེ་ཡིན་པས་གསུང༌། བྱེ་བྲག་ཏུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་ས་བོན་ཡིན་པས་བསྒྲུབ་བྱའི་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་གྱི་ངོ་བོར་རྒྱས་བཏབ་པར་འགྲོ་བས་ཤིན་ཏུ་ཟབ་ཅེས་གསུང་སྒྲོས་ཟིན་བྲིས་ཁ་ཅིག་ལས་འབྱུང་ངོ༌། །དེ་དག་བརྟན་པའི་ཕྱིར་ཐུགས་ཀའི་འཁོར་ལོ་དང༌། སྤྱི་བོའི་རིགས་བདག་ནས་འོད་མཆིན་ཁའི་བར་རིམ་བཞིན་གསལ་བཏབ། ཡང་ཕྱི་རོལ་ནས་ཚུར་རིམ་བཞིན་གསལ་འདེབས་པ་སེམས་འཛིན་དང་ཆ་འདྲ་བའི་སྒོ་ནས་གསལ་སྣང་ཁྱད་པར་ཅན་མ་ཐོན་གྱི་བར་དུ་འབད་པར་བྱའོ། །བཞི་པ་ནི། སྤྱི་བོའི་བླ་མ་ཚེ་དཔག་མེད་ལ་མོས་གུས་དུང་དུང་པ་ཞིག་བྱས་པས་དེའི་ཐུགས་ཀའི་ཧྲཱིཿཡིག་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཕྱོགས་ཐམས་ཅད་དུ་བུན་གྱིས་འཕྲོས་པས་སྣོད་ཀྱི་འཇིག་རྟེན་རི་གླིང་ཉི་ཟླ་སོགས་འབྱུང་བ་བཞིའི་བཅུད་དྭངས་མ་བཀྲག་མདངས་གཟི་བརྗིད་ནུས་མཐུ་ཐམས་ཅད་དང༌། བཅུད་ཀྱི་སེམས་ཅན་མཁས་པ་


LT26_Page_215B
[མ་དཔེ་གཟིགས་ན་འདིར་གནོན།]

པཎྜི་ཏ་དང༌། གྲུབ་པ་རིགས་འཛིན། ཚེའི་དངོས་གྲུབ་བརྙེས་པའི་ལྷ་དང་དྲང་སྲོང་གི་ཚོགས་ཐམས་ཅད་དང༌། ལྷ་ཀླུ་གནོད་སྦྱིན་དྲི་ཟ་མཁའ་ལྡིང་ལ་སོགས་པའི་མི་མ་ཡིན་མཐུ་བོ་ཆེ་རྣམས་དང༌། འཁོར་ལོས་བསྒྱུར་བའི་རྒྱལ་པོ། ཁམས་ཀྱི་རྒྱལ་ཕྲན་སོགས་མི་ཡི་བདག་པོ་རྣམས་དང༌། གཞན་ཡང་རིགས་དྲུག་གི་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་དང༌། གཟི་བརྗིད་དབང་ཐང་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས་ཏེ་ཕྱག་གི་བུམ་པའི་ནང་དུ་ཞུགས། སླར་ཡང་འོད་ཟེར་འཕྲོས་པས་ཕྱོགས་བཅུ་རབ་འབྱམས་མུ་མཐའ་མེད་པའི་ཞིང་ཁམས་ན་བཞུགས་པའི་རྒྱལ་བའི་དབང་པོ་སྲས་དང་སློབ་མར་བཅས་པ་ཐམས་ཅད་དང༌། ཁྱད་པར་དུ་ཡང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དང་ཡོན་ཏན་དཔག་ཏུ་མེད་པ་ལ་སོགས་པ་ན་བཞུགས་པའི་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ལྷ་ཚོགས་རྣམས་དང༌། རི་བོ་པོ་ཏཱ་ལ་དང་སེང་ལྡེང་གི་ནགས་ཁྲོད་སོགས་ན་བཞུགས་པའི་རྗེ་བཙུན་མ་འཁོར་དང་བཅས་པའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་མཁྱེན་བརྩེ་ནུས་པའི་ཡོན་ཏན་རྣམས་དང་འཆི་མེད་ཚེ་ཡི་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ། ཕྱག་གི་བུམ་པའི་ནང་དུ་ཞུགས། དེ་ཉིད་གྱེན་དུ་ཕྱུར་ཞིང་ཁ་ནས་མར་ཞོམ་གྱིས་ལུད་པ་གཞན་དུ་བོ་ཟེགས་མེད་པར་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས་ལུས་ཀྱི་ནང་ཐམས་ཅད་མེར་གྱིས་ཁེངས། བདག་དང་བསྒྲུབ་བྱ་རྣམས་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་དཔལ་འབྱོར་གཟི་བརྗིད་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་པར་བྱས་ནས་འཆི་བ་མེད་པའི་ཚེ། རྒུད་པ་མེད་པའི་ལང་ཚོ། རྟག་བརྟན་གཞོམ་གཞིག་བྲལ་བ་འགྱུར་མེད་རྡོ་རྗེའི་ལུས་སུ་གྱུར་པར་བསམ་ཞིང༌། ལུས་གནད་བསྲང༌། ལག་པ་གཡས་གཡོན་གང་བདེའི་གུང་མོ་བརྐྱངས་པའི་རྒྱབ་ཏུ་མཛུབ་མོ་བཀུག་སྟེ་སྦྱར། སྲིན་ལག་དང་མཐེའུ་ཆུང་ལག་མཐིལ་དུ་བཀུག་ལ་མཐེ་བོས་མནན་པ་རྡོ་རྗེ་ཕྱེད་པའི་ཕྱག་རྒྱས་སྣ་བུག་གཡས་


LT26_Page_216A
[མ་དཔེ་གཟིགས་ན་འདིར་གནོན།]

བཀག་སྟེ་གཡོན་ནས་རླུང་རོ་མགོ་མཇུག་ཕྲ་ལ་དབུས་སྦོམ་པ་ནས་འདྲ་ཞིག་སངས་ཀྱིས་འབུད། ཡང་གཡོན་པ་བཀག་ལ་གཡས་ནས་དེ་བཞིན་འབུད། ཡང་གཉིས་ཀ་ནས་མཉམ་དུ་འབུད། དེ་ནས་འོག་རླུང་སྙན་གསན་འབེབས་ཚུལ་དུ་ཕྱེད་འཐེན་ཙམ་བྱས། སྟེང་རླུང་ས་ལེན་མའི་ཚུལ་དུ་རྫོགས་པར་རྔུབས་ཤིང་རླུང་གི་རྟ་མཆིལ་མ་ཞིག་མིད་པ་དང་མཉམ་དུ་ལྟེ་འོག་ཏུ་མནན། སླར་ཡང་འོག་རླུང་རྫོགས་པར་འཐེན་ཏེ་ཁ་སྦྱོར་གྱི་ཚུལ་དུ་བཟུང༌། མི་ཐུབ་ན་དལ་བུས་བཏང༌། ཡང་གོང་འོག་གི་དམིགས་པ་རྣམས་གསལ་བའི་ངང་ནས་བཟུང༌། དེ་ལྟ་བུའི་བུམ་ཅན་གསུམ་ནས་ཉེར་གཅིག་གི་བར་དམིགས་པ་དང་སྦྲག་ཅིང་ཅི་ཐུབ་བཟུང་ངོ༌། །ལྔ་པ་ནི། །ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་ཀྱང་འཆི་མེད་བདུད་རྩིའི་ཟིལ་དངར་གྱི་རྒྱུན་དང༌། འོད་ཟེར་དཀར་པོ་སྔགས་ཀྱི་སྒྲ་སྒྲོགས་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་གི་ལུས་ཀྱི་རྐང་མཐིལ་ནས་སྤྱི་གཙུག་གི་བར་མེར་གྱིས་གང་བས། ནད་གདོན་སྡིག་སྒྲིབ་ཐམས་ཅད་དང་ཁྱད་པར་དུ་དུས་མ་ཡིན་པར་འཆི་བའི་རྒྱུ་ཚེ་རབས་གཞན་དུ་སྲོག་བཅད་པ་དང༌། ཚེ་ཐུང་བར་འགྱུར་བའི་རྒྱུ་གཞན་གྱིས་འཚོ་བའི་རྐྱེན་འཕྲོག་པ་ལ་སོགས་པའི་ལས་ངན་ཐམས་ཅད་སྦྱངས། འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ། བ་སྤུའི་བུ་ག་ཐམས་ཅད་ཀྱང་བདུད་རྩིའི་ཟིལ་པ་མུཀྟི་ཀའི་དོག་པའམ་སྐར་མའི་ཕྲེང་བ་ལྟ་བུ་ཁྲ་ཆེམ་ཆེམ་པས་བཀག་པར་བསམས་ལ་རྒྱས་པའི་ལས་མཐུན་གྱི་ཕྲེང་བའམ། མ་འབྱོར་ན་ལས་ཐམས་ཅད་ལ་བོ་དེ་ཙེ་ཁོ་ནས་རུང་བ་རྒྱུད་ཀྱི་དགོངས་པ་ཀླན་ཀ་དང་བྲལ་བ་ཡིན་པས་དེ་ལྟ་བུའི་ཕྲེང་བ་གྲངས་བརྒྱ་རྩ་བརྒྱད་ཡོད་ངེས་གཅིག་སྙེམ་པར་བཟུང་སྟེ། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ན་ཡེ་སྭཱ་ཧཱ། ཞེས་ལན་ཇི་ལྟར་རིགས་པས་སྔགས་ལ་གཡོན་པའི་མཐེ་བོང་ལྕགས་ཀྱུས་དངོས་གྲུབ་འགུགས་པར་བསམ་ཞིང་གུང་མོའི་སྟེང་ནས་བགྲང༌། མྱུར་ཆེས་པ་ལ་སོགས་པའི་སྐྱོན་བརྒྱད་སྤངས་ཏེ་སེམས་གཞན་དུ་མ་ཡེངས་པས་སྔགས་ཀྱི་གྲངས་བརྒྱ་རྩ་བརྒྱད་ནས་སྟོང་གི་བར་ཅི་ནུས་སུ་བཟླའོ། །བཟླ་བྱའི་སྔགས་ནི་ཡི་གེ་བཅུ་པ་


LT26_Page_216B
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་ཚིག་ཅན་ཁོ་ནའོ། །གང་དག་བསྒྲུབ་བྱའི་རིམ་གྲོ་ལྟ་བུའི་བསྙེན་པའི་ཚེ་མ་མ་ཞེས་པའི་ཚབ་ཏུ་གུ་རུ་དང་དཱ་ན་པ་ཏི་སོགས་མིང་དངོས་རྒྱ་སྐད་དུ་བྱས་ནས་འཇུག་དགོས་ཚུལ་སྨྲ་བ་ནི་བབ་ཅོལ་ཙམ་སྟེ། དཀྱུས་ཀྱི་མ་མ་ཞེས་པ་ནི་མིང་ལ་རྣམ་དབྱེ་བྱིན་ནས་ཚིག་ཏུ་གྲུབ་པ་སྟེ། བདག་གི་ཞེས་པ་འགྱུར་བས་མཚོན་ན་བླ་མའི་ཞེས་པ་དང་སྦྱིན་བདག་གི་ཞེས་པ་ལྟ་བུ་རྣམ་དབྱེ་དང་བཅས་པ་འདོན་དགོས་པར་འགྱུར་བས་བརྡ་སྤྲོད་ལ་མ་སྦྱངས་པ་དག་གིས་བསྙེན་པ་བྱེད་མི་རུང་བར་ཐལ་བའི་སྐྱོན་འབབས་སོ། །མང་དུ་སྨྲས་པས་ཅི་ཞིག་བྱ་སྟེ་གོང་གི་བསྒྲུབ་བྱ་སྦ་པའི་དམིགས་པ་མ་ཆད་པར་བྱས་ལ་རང་སེམས་དང་བསྒྲུབ་བྱའི་སེམས་གཉིས་ཀའི་ངོ་བོ་བློ་འདས་བརྗོད་བྲལ་དུ་རོ་གཅིག་པར་ཤེས་པར་བྱས་ལ་འཛིན་མེད་དུ་ཡང་ཡང་འཇོག་པ་ཉིད་ཀྱིས་དོན་འགྲུབ་པར་བརྒྱུད་ལྡན་བླ་མའི་གསུང་གི་བདུད་རྩི་ངན་རྟོག་གི་དུག་ཆུས་མ་བསླད་པ་ཡིན་པས་ཡིད་ཆེས་པར་བྱའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ནི། །གོང་གི་དམིགས་པ་དང་བཅས་པས་མཆོད་བསྟོད་བྱས་ལ་འདོད་པའི་དོན་ལ་གསོལ་བ་གདབ་པ། དབྱངས་གསལ། རྟེན་འབྲེལ་སྙིང་པོ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་རྣམས་ལན་གསུམ་རེ་བཟླས་པས། སྒོམ་བཟླས་ཀྱི་བྱིན་རླབས་བརྟན་པར་བསམ་མོ། །གོང་གི་དམིགས་པ་དང་བཅས་པས་མཆོད་བསྟོད་བྱས་ལ། དེ་ནས་ཐུགས་ཀའི་ཏཱཾ་ཡིག་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོགས་པས། དེ་རྣམས་འོད་དུ་ཞུ་ནས། འོད་མཆིན་ཁའི་གུར་ཁང་ལ་ཐིམ། དེ་ལྗང་གུའི། དེ་མཐིང་གའི། དེ་དམར་པོའི། དེ་སེར་པོའི། དེ་དཀར་པོའི། དེ་འཁོར་ལོའི་གུར་ཁང་ལ། དེ་རང་ཉིད། རང་ཡང་སྟོད་སྨད་ནས་རིམ་བཞིན་འོད་དུ་ཞུ་ནས། ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལ། དེ་ཏཱྃ་ཡིག་ལ། དེའི་ཁོག་པ་མགོ་བོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ་ཐིམ། དེ་ཡང་མི་དམིགས་པར་བསམ་ལ་འཛིན་མེད་དུ་འཇོག་གོ །སླར་ཡང་སྟོང་ཉིད་དེའི་ངང་ནས་ཆུ་ལས་ཉ་ལྡང་བ་བཞིན་ལྷའི་སྐུར་ལངས་ལ་གནས་གསུམ་


LT26_Page_217A
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་གསུམ་གྱིས་བསྲུང༌། དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །ཞེས་སོགས་ཀྱིས་བསྔོ་བ་དང་ཤིས་བརྗོད་བྱས་ལ་བུན་མཚམས་ཐམས་ཅད་དུ་སྣང་གྲགས་རིག་གསུམ་རྗེ་བཙུན་མའི་གསང་བ་གསུམ་གྱི་ངོ་བོར་ཤེས་པར་བྱ་ཞིང་དཀོན་མཆོག་མཆོད་པ། བླ་མ་དང་དགེ་འདུན་ལ་བསྙེན་བསྐུར། སཙྪ་གདབ་བ། གཏོར་མ་བཏང་བ། ཕྱག་དང་བསྐོར་བ། མདོ་བཀླག་པ། གསོད་པར་ངེས་པའི་སེམས་ཅན་གྱི་སྲོག་སླུ་བ། ཟས་སྐོམ་ཡོ་བྱད་སོགས་འཚོ་བའི་རྐྱེན་སྟེར་བ་སྟེ་མདོར་ན་ཆོས་མཐུན་གྱི་བྱ་བ་ཁོ་ནས་དུས་འདའ་བར་བྱའོ། །དེ་རྣམས་ཀྱིས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་ཟབ་ཁྲིད་ཐུན་མོང་མ་ཡིན་པ་ཡོངས་སུ་རྫོགས་པ་རྒྱས་བསྡུས་མཚམས་པའི་དག་གིས་བསྟན་ཟིན་ཏེ། །སླར་སྨྲས་པ། འདི་ཀོ་འགྲོ་ལ་འདོམས་རྣམས་⁽1763⁾དེ་ཉིད་བརྗོད་པའི་དཔེ་མཁས་དང་གྲུབ། རིམ་པར་བྱོན་གྱི་སྐྱ་བསེང་རྒྱལ་བརྒྱུད་མིན། །འཁྲུལ་མེད་གདམས་པ་ཡིད་ཅན་རིང་འཚོའི་གསོས། །ཡིན་གྱི་མི་ཚེ་འདའ་བའི་སྒྲུང་རྒྱུད་མིན། །རྒྱུ་དེས་ཨུཏྤལ་བཞིན་དད་སྒྲོལ་མཁྱེན་པའི་རོལ་སྒེག་ལས། སྦྲང་རྩིའི་བཅུད་བཞིན་བརྟེན་འོས་སྙན་བརྒྱུད་ཐུན་མོང་མིན་པའི་མཆོག །ར་མིག་གཉིས་པ་ཇི་བཞིན་བདག་བློའི་མོས་པས་ཡོངས་བླངས་པ། །བརྗོད་པས་འཇིགས་ཕྱིར་གསུང་རྒྱུན་ཇི་བཞིན་ཉམས་མེད་བརྩོན་པས་སྤེལ། ངག་དོན་དཔེ་ལས་བཞིན་སྒྲ་དུ་མ་ཅན། །འོན་ཏེ་བདག་བློའི་བུང་བ་ལྷན་སྐྱེས་འཐིབ་བུའི་⁽1763⁾མ་བསྡུས་པའི་གཟུགས་ཅན་བུམ་ནང་དུ། །རིང་ནས་བྱོང་བསླད་འཁོར་བའི་བག་ཆགས་སྟུག་པོའི་མཐུ་བརྟས་པས། སྤྱི་བརྟོལ་ལྡབ་ལྡིབ་དབྱངས་སུ་བླངས་ལ་འགལ་དང་མ་འབྲེལ་དང༌། །ཟློས་པའི་སྐྱོན་སོགས་གང་མཆིས་མཁས་པའི་མདུན་སར་འགྱོད་པས་བཤགས། འདིར་འབད་དགེ་བས་ཚོགས་གཉིས་ཆུ་གཏེར་བསྲུབས་ལས་⁽1763⁾མཐའ་དག་གཟུགས་ཅན་ཉེར་འཐོན་པའི། །རྒྱལ་བའི་གོ་འཕང་སྐུ་བཞིའི་བདག་ཉིད་རྙེད་དཀའི་བསམ་འཕེལ་དབང༌། །མཚན་དཔེའི་འོད་རྣོན་ཕྱོགས་


LT26_Page_217B
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱར་འབར་བའི་གཟི་བྱིན་བཀོད་དཀའ་ལྡན། །འགྲོ་བའི་དད་གསུམ་ཐོར་ཚུགས་རྩེ་མོར་སྒེག་པ་ཉིད་གྱུར་ཅིག །ཅེས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་ཟབ་ཁྲིད་ཐུན་མོང་མ་ཡིན་པའི་ཡི་གེ་བདེ་ལྡན་མགོན་པོའི་ཞལ་ལུང་རིང་འཚོའི་བསིལ་སྦྱིན་ཞེས་པ་འདིའང་ངེས་པར་ཐམས་ཅད་མཁྱེན་པའི་པཎྜི་ཏ་ཆེན་པོ་རྗེ་བཙུན་བླ་མ་མཁྱེན་བརྩེའི་ཞབས་ཀྱི་བཀའ་ལུང་གསེར་གྱི་ཅོད་པན་སྤྱི་བོའི་རྒྱན་དུ་ལྷུང་བ་ལ་བརྟེན་ནས། རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ཀྱི་པདྨོ་ལ་ཡན་ལག་མཆོག་གིས་བཏུད་པ་རྒྱལ་ཁམས་ཀྱི་བྱ་བྲལ་བ་འཁྱམས་པོ་ངག་དབང་ལེགས་གྲུབ་ཀྱིས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་དུ་ཁྲོ་མོའི་ལོ་དབོ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ། དང་པོའི་ཉིན་སྦྱར་བའི་དགེ་བས་འགྲོ་ཀུན་གཟུང་འཛིན་འཆི་བདག་གི་གཡུལ་ལས་བི་ཛ་ཡནྟུ། །སརྦ་དཱ་ཀ་ལྱ་ཎཾ་བྷ་ཝ་ཏུ།། ༈ །སྒྲོལ་དཀར་ཚེ་ཁྲིད་འཆད་ཐབས་སྐལ་བཟང་རྣ་བའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། །བླ་མ་མཆོག་དང་བདེ་ལྡན་མགོན། །ཐ་དད་མིན་ལ་གུས་བཏུད་ནས། །ཤིན་ཏུ་ཟབ་པའི་ཚེ་ཁྲིད་ཀྱི། །འཆད་ཐབས་དམ་པའི་གསུང་བཞིན་བྲི། །དེའི་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་སྐལ་པ་དང་ལྡན་པའི་སློབ་མ་བདུན་ལས་མི་མང་བ་ཚེ་ཁྲིད་ཟབ་མོའི་སྒོ་ནས་རྗེས་སུ་འཛིན་པའི་ཚུལ་ནི། །ཐོག་མར་ཟླ་བ་གང་རུང་གི་ཡར་ངོའི་ཚེས་བརྒྱད་ལ་གཟའ་སྐར་སྦྱོར་བྱེད་བཟང་པོ་འཛོམ་པའི་ཉིན་སྔ་དྲོར། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཡིག་ཆ་ལ་ཞལ་ཤེས་གསུང་སྒྲོས་ཀྱིས་བརྒྱན་པའི་རྗེས་གནང་ཐུན་མོང་མ་ཡིན་པ་གནང༌། དགོངས་ཀའི་དུས་སུ་སློབ་དཔོན་གདན་ལ་འཁོད་ནས་བདུད་ཚར་བཅད་པའི་སྔགས་ཚར་ཉེར་གཅིག་ཙམ་བགྲང༌། དེ་ནས་སློབ་མ་རྣམས་གྲལ་རིམ་བཞིན་འཁོད་ནས། སློབ་དཔོན་ནམ་གཞན་ཞིག་གིས་བསྐུལ་ཏེ། དཔལ་ལྡན་རྩ་བའི་བླ་མ་སོགས་ཤླཽ་ཀ་གཅིག་


LT26_Page_218A
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པའི་དབང་པོ་རྗེ་བཙུན་སྒྲོལ་མའི་ཞབས། །ཞེས་གྲལ་གཤམ་ནས་བསྡུས་ལ་ཕྱག་གསུམ་བཙལ། །འགྲེང་བཞིན་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པའི་དྲུང་དུ་དམ་པའི་ཆོས་ཀྱི་བཀའ་ཁྲིད་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་དང༌། ཨོཾ་བཛྲ་བྷཱུ་མི་སོགས་མཎྜལ་ཚོམ་བུ་སོ་བདུན་མ་འབུལ། སྤྲོ་ན་གོང་གི་མཆོད་རྫས་མ་དང༌། དེང་ནས་བྱང་ཆུབ་སོགས་ཀྱང་བྱ། དེ་ནས་སློབ་དཔོན་གྱིས་ཟང་ཟིང་མེད་པའི་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བས་སྐད་གདངས་མཐོན་པོས། འདི་སྐད་ཅེས་བརྗོད་པར་བྱའོ། །འོ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་ཁྲིད་ཀྱི་རིམ་པ་ཟབ་མོ་གསན་སྙམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང༌། །སྐྱེས་པ་རབས་ཀྱི་རྒྱུད་ལས། །རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་ཉེ་བར་བཞག །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པ་བསྐྱེད་དེ་རྩེ་གཅིག་ཏུ། །རབ་ཏུ་དྭངས་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་ཉན་ལྟར། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་དང༌། དཀྱིལ་འཁོར་གྱི་ཆོག་རྡོ་རྗེ་འབྱུང་བ་ལས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་ནས་ཉོན། །བརྗེད་པས་བློ་ལ་རྡོ་རྗེ་སེམས་སོགས་དང༌། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས། །ཞེས་གསུངས་པ་ལྟར། ཆོས་ཀྱི་ཚིག་དོན་ལ་ཡིད་མི་གཏོད་པ་སྣོད་ཁ་སྦུབས་ལྟ་བུའི་སྐྱོན་དང༌། ཡིད་གཏད་ཀྱང་དྲན་པ་དང་ཤེས་བཞིན་གྱིས་མི་འཛིན་པ་སྣོད་ཞབས་རྡོལ་ལྟ་བུའི་སྐྱོན་དང༌། དྲན་པ་དང་ཤེས་བཞིན་གྱིས་བཟུང་ཡང༌། རྣམ་བཤད་རིགས་པ་ལས། །ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་


LT26_Page_218B
[མ་དཔེ་གཟིགས་ན་འདིར་གནོན།]

གཡེངས་ཡིད་བསྡུས་དང༌། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་འབྱུང་བ་བཞིན་དྲི་མ་དྲུག་པོ་གང་རུང་དང་ལྡན་པ་ནི་སྣོད་དྲི་མ་ཅན་གྱི་སྐྱོན་ཏེ་སྣོད་ཀྱི་སྐྱོན་གསུམ་སྤང་དགོས་ཤིང༌། ཁྱད་པར་ཐ་མལ་སྣང་ཞེན་དང་བཅས་པས་གསང་སྔགས་ཟབ་མོའི་ཆོས་ཉན་དུ་མི་རུང་བས། ས་ཕྱོགས་འདི་ཉིད་ཀྱང་དག་པའི་ཞིང་ཁམས་བདེ་བ་ཅན་ལྟ་བུར་གྱུར་པའི་དབུས་སུ། རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་དང་བཅས་པའི་སྟེང་དུ་ད་ལྟ་ཆོས་སྟོན་མཁན་གྱི་སློབ་དཔོན་ཀྱང་ཐ་མལ་པའི་རྣམ་པ་འདི་ལྟ་བུ་མ་ཡིན་པ་ལྷག་པའི་ལྷ་རྗེ་བཙུན་མ་ཡིད་བཞིན་འཁོར་ལོ་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང༌། གསུང་ཆོས་ཀྱི་སྒྲ་དབྱངས་གྲགས་སྟོང་གཉིས་སུ་མེད་པ་ལྷང་ལྷང་སྒྲོགས་བཞིན་པ། ཐུགས་རྣམས་ཀུན་མཆོག་ལྡན་སྟོང་ཉིད་ཀྱི་རྒྱ་མཚོ་ཆེན་པོ་སྙིང་རྗེའི་རྦ་རླབས་སོགས་ལོང་ལོང་དུ་གཡོ་བ་དངོས་ཡིན་སྙམ་པ་དང༌། ཁྱེད་རྣམས་ཀྱང་ཐུན་མཚམས་ཀྱི་ལྷ་གང་ཡང་རུང་བའི་ང་རྒྱལ་དང་ལྡན་པའི་ངང་ནས་ཡེངས་པ་མེད་པའི་ཚུལ་གྱིས་གསན་པར་ཞུ། གང་གསན་པར་བྱ་བའི་ཆོས་ནི། བདག་ཅག་འགྲོ་བ་ཡོངས་ཀྱི་སོགས་ནས་དོན་དམ་པའི་སེམས་བསྐྱེད་ཡིན་ཞེས་གསུངས། ཐུན་ལས་ལྡང་བར་འདོད་ན། དགེ་བའི་རྩ་བ་འདིས་མཚོན་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག་སྙམ་པས། །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །ཞེས་སོགས་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ་ལ་སྤྱོད་ལམ་ཐམས་ཅད་དུ་ཆོས་མཐུན་གྱི་བྱ་བས་དུས་འདའ་བར་བྱའོ། །སླར་ཡང་ཐུགས་ངེས་པར་བྱ་བའི་སླད་དུ་ད་དུང་ལན་ཅིག་བསྐྱར་ན། དོ་ནུབ་རང་རང་གི་གནས་ཁང་དུ་བདེ་བའི་སྟན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད་དེ། དབུགས་རླུང་རྔམས་བག་རང་ཞིར་མ་སོང་གི་བར་ངལ་གསོ། དེ་ནས་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ཉམས་ལེན་གྱི་རིམ་པ་ལ་འཇུག་པར་སྟེ། དེ་ལའང་སྔོན་འགྲོ་དང་དངོས་གཞི་ཞེས་


LT26_Page_219A
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས། དུས་འདའ་བར་བྱའོ། །ཞེས་པའི་བར་གོང་བཞིན་བསྐྱར། སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་སོགས་ནས། དུས་འདའ་བར་བྱའོ་ཞེས་པའི་བར་བསྐྱར། མཐར། དེ་རིང་གི་ཐུགས་དམ་དེ་ཙམ་ལ་མཛད་པ་ཞུ། བསོད་ནམས་འདི་ཡིས་སོགས་དང༌། ཐེག་མཆོག་དམ་ཆོས་སོགས་སྨོན་ལམ་མཉམ་དུ་མཛད་ནས་གྲོལ། །ཉིན་གཉིས་པ་ལ། སློབ་དཔོན་གྱིས་ཚེ་ཁྲིད་རྒྱུན་གྱི་ཉམས་ལེན་བཞེས་གྲུབ་འཕྲལ་སློབ་མ་རྣམས་བོས་ཏེ་གྲལ་ལ་འཁོད་ནས་བརྒྱུད་འདེབས་མཎྜལ་སོགས་འདྲ། །འོ་ནམ་མཁའ་དང་མཉམ་པའི་སོགས་ནས། དོན་དམ་པའི་སེམས་བསྐྱེད་ཡིན་ཞེས་གསུངས། ཞེས་པའི་བར་ཁར་སང་བཞིན་བསྐྱར། དེས་ཁར་སང་གི་དམིགས་པ་སོང༌། དེ་རིང་གི་དམིགས་པའི་རིམ་པ་གསར་དུ་འབུལ་བ་ལ། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་ཞེས་ནས། ཡུན་རིང་དུ་བལྟས་ལ་ཞེས་སོགས་གསུངས་པའི་ཕྱིར་རོ། །ཞེས་པའི་བར། དེ་ལས་ལྡང་བར་འདོད་ན་སྒྲུབ་ཐབས་ཀྱི་འཕྲོ་རྣམས་དཀྱུས་བཞིན་ཉམས་སུ་བླངས་ལ་དགེ་བའི་རྩ་བ་སངས་རྒྱས་ཀྱི་རྒྱུར་བསྔོས་ལ་ཆོས་མཐུན་གྱི་སྤྱོད་པས་དུས་འདའ་བར་བྱའོ། །སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་ཅིག་བསྐྱར་ན། དོ་ནུབ་རང་རང་གི་གནས་ཁང་དུ་བདེ་བའི་སྟན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད་དེ། དབུགས་རླུང་རྔམ་བག་རང་ཞིར་མ་སོང་གི་བར་ངལ་གསོ། དེ་ནས་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ཉམས་ལེན་གྱི་རིམ་པ་ལ་འཇུག་པར་བྱ་སྟེ། དེ་ལའང་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་སྟེ་གསུམ་ལས་ཐུན་མོང་གི་སྔོན་འགྲོའི་རིམ་པ་རྣམས་སོང་ནས། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཞེས་པ་ནས། དུས་འདའ་བར་བྱའོ། །ཞེས་པའི་བར་བསྐྱལ། སླར་ཡང་སོང་ནས་དེ་བཞིན་དུ་བསྐྱར་མཐར། དེ་རིང་གི་ཐུགས་དམ་སོགས་འདྲ། །ཉིན་གསུམ་པ་ལ། གོང་འོག་གཞན་ཐམས་ཅད་འདྲ་བ་ལས། འོ་ནམ་མཁའ་དང་སོགས་ནས། སྔོན་འགྲོ་དང་དངོས་གཞི་དང་རྗེས་ཀྱི་རིམ་པ་སྟེ་གསུམ་ལས་ཐུན་མོང་གི་སྔོན་འགྲོའི་རིམ་པ་རྣམས་ངོས་ཟིན།


LT26_Page_219B
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཞེས་པ་ནས། ཡུན་རིང་དུ་བལྟས་ལ་ཞེས་སོགས་གསུངས་པའི་ཕྱིར་རོ། །ཞེས་པའི་བར་བསྐྱར། དེས་ཁ་སང་གི་དམིགས་པ་སོང༌། ད་དེ་རིང་གི་དམིགས་པའི་རིམ་པ་གསར་དུ་འབུལ་བ་ནི། གཉིས་པ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་དམིགས་པ་ལ་ཐུགས་ཀའི་འཁོར་ལོ་སོགས་ནས། ཁྱད་པར་ཅན་མ་ཐོན་གྱི་བར་དུ་འབད་པར་བྱའོ། །ཐུན་ལས་ལྡང་བར་འདོད་ན་སྒྲུབ་ཐབས་ཀྱི་འཕྲོས་རྣམས་དཀྱུས་བཞིན་ཉམས་སུ་བླངས་ལ། དགེ་བའི་རྩ་བ་སངས་རྒྱས་ཀྱི་རྒྱུར་བསྔོས་ལ་ཆོས་མཐུན་གྱི་བྱ་བས་དུས་འདའ་བར་བྱའོ། །སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་གཅིག་བསྐྱར་ན། དོ་ནུབ་རང་རང་གི་གནས་ཁང་དུ་བདེ་བའི་སྟན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད་དེ། དབུགས་རླུང་རྔམ་བག་རང་ཞིར་མ་སོང་གི་བར་ངལ་གསོ། དེ་ནས་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ཉམས་ལེན་གྱི་རིམ་པ་ལ་འཇུག་པར་བྱ་སྟེ། དེ་ལའང་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་སྟེ་གསུམ་ལས་ཐུན་མོང་དུ་ལྷ་བསྒོམ་པའི་དམིགས་པ་ཡན་ཆད་སོང་ཟིན་ནས། གཉིས་པ་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སོགས་ནས། དུས་འདའ་བར་བྱའོ་ཞེས་པའི་བར་བསྐྱར། སླར་ཡང་ཐུགས་ངེས་པར་སོགས་ནས། དུས་འདའ་བར་བྱའོ་ཞེས་པའི་བར་བསྐྱར། །དེ་རིང་གི་སོགས་འདྲ། །ཉིན་བཞི་པ་ལ། འོ་ནམ་མཁའ་དང་སོགས་ནས་ཁ་སང་གི་དམིགས་པ་གོང་བཞིན་བསྐྱར་མཐར། དེས་ཁ་སང་གི་དམིགས་པ་སོང༌། ད་དེ་རིང་གི་དམིགས་པའི་རིམ་པ་གསར་དུ་འབུལ་བ་ལ། བཞི་པ་ཚེ་བཅུད་བསྡུ་བ་ནི། །སྤྱི་བོའི་བླ་མ་ཚེ་དཔག་མེད་སོགས་ནས། ཁོ་ནས་དུས་འདའ་བར་བྱའོ་ཞེས་མཇུག་རྫོགས་ཀྱི་བར་བཤད། །སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་གཅིག་བསྐྱར་ན། དོ་ནུབ་རང་རང་གི་གནས་ཁང་བདེ་བའི་སྟན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད་དེ། དབུགས་རླུང་རྔམ་བག་རང་ཞིར་མ་སོང་གི་བར་ངལ་གསོ། དེ་ནས་བརྒྱུད་པའི་


LT26_Page_220A
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་སྔོན་དུ་འགྲོ་བས་ཉམས་ལེན་གྱི་རིམ་པ་ལ་འཇུག་པར་བྱ་སྟེ། དེ་ལའང་སྔོན་འགྲོ་དངོས་གཞི་རྗེས་ཀྱི་རིམ་པ་སྟེ་གསུམ་ལས་སྲུང་འཁོར་བསྒོམ་པ་ཡན་ཆད་སོང་ཟིན། །བཞི་པ་ཚེ་བཅུད་བསྡུ་བ་ནི། སྤྱི་བོའི་བླ་མ་ཞེས་པ་ནས་འདའ་བར་བྱའོ། །བར་རྫོགས་པར་བསྐྱར། སླར་ཡང་ཐུགས་ངེས་པར་སོགས་ནས། དུས་འདའ་བར་བྱའོ་ཞེས་པའི་བར་བསྐྱར་མཐར། དེ་རིང་གི་སོགས་འདྲ། །ཉིན་ལྔ་པ་ལ། སྔ་དྲོའི་དུས་སུ་ཆོས་ཐུན་འཇུག་དགོས་ཁ་སང་གི་དམིགས་པ་བསྐྱར་མཐར། དེ་རྣམས་ཀྱི་སྒོ་ནས་རྗེ་བཙུན་མ་ཡིད་བཞིན་འཁོར་ལོའི་སྒོ་ནས་འཆི་མེད་ཚེའི་དངོས་གྲུབ་སྒྲུབ་པའི་གདམས་པ་ཟབ་མོ་ཡོངས་སུ་རྫོགས་པ་ཁོ་བོ་ཅག་གི་རྣམ་འདྲེན་དམ་པ་ཁྱབ་བདག་བདེ་ལྡན་མགོན་པོ་དང་དབྱེར་མ་མཆིས་པ་ཆེ་གེ་མོའི་ཞལ་སྒོ་ནས་ཇི་ལྟར་བྱོན་པ་བཞིན་ཕུལ་གྲུབ་པ་ཡིན་པས་འདི་ལ་བརྟེན་ནས་རང་ཉིད་ཀྱི་ཆོས་སྒྲུབ་པའི་རྟེན་བཟང་ཡུན་རིང་དུ་འཚོ་བའི་ཐབས་སུ། ཐོག་མར་བསྙེན་པ་ལས་སུ་རུང་བར་བྱས་ནས་རྒྱུན་གྱི་ཉམས་བཞེས་ལ་བརྩོན་པའི་ངང་ནས་རང་གཞན་གྱི་དོན་དུ་ལས་ཀྱི་ཚོགས་རབ་འབྱམས་སྒྲུབ་པ་དང༌། སྐལ་ལྡན་རྣམས་གདམས་པས་རྗེས་སུ་འཛིན་པ་ལ་སོགས་པ་བསྟན་འགྲོ་འདི་གོ་སྐབས་སུ་གང་བབས་མཛད་འཚལ། །ཚེ་ཁྲིད་ཟབ་མོ་ཐོབ་པའི་གཏོང་རག་ཏུ་མཎྜལ་ཕུལ། །དེ་ལྟར་རང་རེ་རྣམས་ཀྱི་དམ་པའི་ཆོས་ཉན་བཤད་བྱས་པ་ལ་བསོད་ནམས་དཔག་ཏུ་མེད་པ་ཞིག་ཡོད་པ་རྣམས་བར་མདོར་ཆུད་མི་ཟ་བའི་ཕྱིར་འཁོར་གསུམ་མི་དམིགས་པའི་བསྔོ་བས་རྒྱས་གདབ་དགོས་པས། ཞེས་མཚམས་སྦྱར་ནས་དབུ་ཞྭ་ཕུད། ཕུན་སུམ་ཚོགས་པའི་དགེ་འདུན་སོགས་སྤྱི་བསྔོ་རྒྱས་པ་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །དེ་ནས་གནས་སྐབས་གང་འོས་ཞིག་ཏུ་སློབ་དཔོན་ངག་དབང་གྲགས་པས་མཛད་པའི་སྒྲུབ་ཐབས་སོགས་རྒྱ་བོད་ཀྱི་གཞུང་ལུང་རྒྱུན་གང་བཞུགས་ཀྱི་བཀླག་ལུང་བྱའོ། །སླར་སྨྲས་པ། །


LT26_Page_220B
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་འབད་ལེགས་བྱས་ཟླ་ཤེལ་འོད། །ལུས་ཅན་སྙིང་གི་ཀུ་མུ་དར། །ལྷུང་བ་ཙམ་གྱིས་སྔོན་མེད་པའི། །གྲུབ་གཉིས་འདབ་བརྒྱ་གྲོལ་གྱུར་ཅིག །ཅེས་པ་འདིའང་རང་ཉིད་ཀྱིས་སྔར་བརྩམས་པའི་གཞུང་གི་ཉེར་མཁོར་རྒྱལ་ཁམས་པ་ཝཱ་གིནྡྲ་སུ་སིདྡྷིས་སྦྱར་བ་ཤུ་བྷ་མསྟུ།

གདམས་ངག་མཛོད་པོད་བཅུ་བདུན་པ།
སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་ཉམས་ལེན་སྙིང་པོ་བསྡུས་པ།


LT26_Page_221A
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་ཉམས་ལེན་སྙིང་པོ་བསྡུས་པ་བཞུགས་སོ།། །།


LT26_Page_221B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྻ་ཏཱ་རཱ་ཡཻ། །ཟླ་ཤེལ་པདྨོ་བཞད་པའི་ལྟེ་བ་ལ། །ཟླ་བ་ཞུན་མའི་ཡིད་འཕྲོག་ལང་ཚོ་ཅན། །ཟླ་ཞལ་མཐོང་བས་དགའ་བདེའི་དཔལ་སྟེར་མ། །ཟླ་བའི་ཆུ་རྒྱུན་བདུད་རྩིས་རིང་དུ་སྐྱོངས། །རྗེ་བཙུན་བཅོམ་ལྡན་འདས་མ་སྒྲོལ་དཀར་ཡིད་བཞིན་གྱི་འཁོར་ལོའི་སྒོ་ནས་ཚེ་སྒྲུབ་པར་བྱེད་པའི་ཐབས་ཆེས་ཟབ་པ་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་དུ་གྲགས་པའི་ཉམས་ལེན་གྱི་སྙིང་པོ་བསྡུས་ཏེ་རྒྱུན་དུ་ཉམས་སུ་ལེན་པར་འདོད་པས་བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འདུག་སྟེ། །སྐྱབས་ཡུལ་ཞིང་ཁམས་ཡོངས་སུ་དག་པའི་དབུས་སུ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་དཔག་བསམ་ཤིང་གི་སྡོང་པོའི་སྟེང་པདྨ་འདབ་མ་བཞི་པའི་དབུས་སུ་རྩ་བའི་བླ་མ་འོད་དཔག་མེད་ཀྱི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མས་བསྐོར་བ། མདུན་གྱི་འདབ་མ་ལ་སྒྲོལ་དཀར་སོགས་ཡི་དམ། གཡས་སུ་སངས་རྒྱས་ཐུབ་དབང་སོགས་སྤྲུལ་སྐུའི་རྣམ་པ། རྒྱབ་ཏུ་གསུང་རབ་པོ་ཏི་བརྩིགས་པ། གཡོན་དུ་ཉེ་བའི་སྲས་བརྒྱད་སོགས་དགེ་འདུན། གཞན་ཡང་སྐྱབས་ཡུལ་རྣམས་ཀྱིས་དཔག་བསམ་གྱི་ཤིང་གི་ཡལ་ག་ལོ་མ་མེ་ཏོག་གི་ཁྲོད་ཐམས་ཅད་གང་བ་ལ་དམིགས་ནས་བདག་གཞན་ཐམས་ཅད་ལུས་ངག་ཡིད་གསུམ་འཇུག་པ་


LT26_Page_222A
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་དྲིལ་ནས་ངག་ཏུ། །བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཉེར་གཅིག་སོགས། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ལན་གཅིག །སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། །དེའི་ཆེད་དུ་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་ལ་བླ་མ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཅེས་པས་སྤྱན་དྲང༌། ན་མོ་གུ་རུ་བྷྱཿ ན་མ་ཨཱརྻ་ཏཱ་རེ་ས་པ་རི་ཝཱ་རེ་བྷྱཿ ཞེས་པས་ཕྱག་བྱ། ཨོཾ་


LT26_Page_222B
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས༴ ཤབྡ་ཨཱཿཧཱུྃ། ཞེས་པས་མཆོད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་གྱིས་སྡོམ་པ་བཟུང༌། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝས་སྦྱང༌། སྟོང་པར་གྱུར། །སྟོང་པའི་ངང་ལས་པཾ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཏཱྃ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་མ་སྒྲོལ་མ་ཡིད་བཞིན་གྱི་འཁོར་ལོ་སྐུ་མདོག་སྟོན་ཁའི་ཟླ་བ་ལྟར་དཀར་ཞིང་ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ལྟར་དྭངས་ཤིང་འོད་འཕྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ་ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་པས་ཨུཏྤལ་དཀར་པོའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར། དུས་གསུམ་གྱི་སངས་རྒྱས་མཚོན་པའི་བརྡར་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ་གྱེས་པའི་དབུས་ཀྱི་མེ་ཏོག་ཁ་བྱེ་བ། གཡས་འབྲས་བུ། གཡོན་གོང་བུའི་རྣམ་པར་ཡོད་པ། དབུ་སྐྲ་མཐོན་མཐིང་རལ་


LT26_Page_223A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟུར་ཕུད་ལྟག་པར་བཅིངས་ཤིང་ལན་བུ་རིང་དུ་འཕྱང་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང༌། དར་དམར་པོའི་ཤམ་ཐབས་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་ཞབས་ཀྱི་མཐིལ་རྣམས་ལ་སྤྱན་རེ་རེ་སྟེ་ཡེ་ཤེས་ཀྱི་སྤྱན་བདུན་མངའ་བ། ཟླ་བའི་རྒྱབ་ཡོལ་དང་འོད་ཀོར་ཅན། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་སྒྲོལ་མ་དཀར་མོ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡེ་ཤྲི་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུ་ཡི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ། ཨཱརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ལྷའི་སྐུ་སྣང་སྟོང་དབྱེར་མེད་ལ་སེམས་གཏད་དེ་ཇི་ཙམ་གནས་ཀྱི་བར་མཉམ་པར་བཞག །དེ་ནས་བཟླས་པ་བྱ་བར་འདོད་པས། རང་གི་སྙིང་གར་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་མུ་ཁྱུད་ལྔ་དང་ལྡན་པའི་ལྟེ་བར་ཏྲཱྃ་ཡིག་དཀར་པོ། དེའི་མཐའ་སྐོར་དུ། མ་མ་ཨཱ་ཡུཿཔུནྱ་ཛྙཱ་ན་པུཥྚིཾ་ཀུ་རུ་ཞེས་པས་བསྐོར་བ། དེའི་མདུན་དུ་ཨོཾ། རྒྱབ་ཏུ་ཧཱ། རྩིབས་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ། ཏཱ། རེ། ཏུཏ། ཏཱ། རེ། ཏུ། རེ། སྭ། ཞེས་པའི་ཡི་


LT26_Page_223B
[མ་དཔེ་གཟིགས་ན་འདིར་གནོན།]

གེ་འབྲུ་རེ་རེ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ནང་མ་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཱཿ ཅེས་པས་གཡོན་བསྐོར་དུ་ཡོད་པ། དེའི་ཕྱི་རོལ་མུ་ཁྱུད་ལ། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ཞེས་པས་གཡས་བསྐོར་དུ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཡེ་དྷརྨཿཧེ་ཏུ་པྲ་བྷ་བཱ་ཧེ་དུནྟེ་ཥནྟ་བཱ་ག་ཏེ་ཧྱ་བ་ད་ཏྲ་ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ། །ཞེས་པས་གཡས་བསྐོར་དུ་ཡོད་པ། །དེའི་ཕྱིའི་མུ་ཁྱུད་ལ་རྡོ་རྗེ་སྔོན་པོའི་འཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་འོད་ཟེར་སྣ་ལྔའི་ཕྲེང་བས་གཡས་བསྐོར་དུ་ཡོད་པར་བསམ། དེ་ནས་སྤྱི་བོའི་བླ་མ་འོད་དཔག་མེད་ཡོངས་སུ་གྱུར་པ་ལས། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཞལ་གཅིག་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་མཉམ་བཞག་གི་སྟེང་ན་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རང་ཉིད་ཀྱི་ཕྱི་རོལ་དུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་སྦུབས་ཅན་ཞྭ་ཐེབས་ཁ་སྦྱར་བ་ལྟ་བུ་གཡས་བསྐོར་དུ་འཁོར་བ། མེ་དཔུང་འབར་ཞིང་འཁྲུགས་པས་གདོན་བགེགས་གནོད་བྱེད་ཐམས་ཅད་བྱ་སྒྲོ་མགར་གྱི་སོལ་མལ་དུ་བབ་པ་ལྟར་གཞོབ་ཐུལ་ཐུལ་ཚིག་པར་བསམ། །ཡང་སྙིང་གིའི་ཏཱྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་ཟླ་བ་སྟོང་དུས་གཅིག་ཏུ་ཤར་བ་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འཁོར་ལོའི་ཕྱི་རོལ་འདོམ་གང་ཙམ་དུ་འོད་དཀར་པོའི་གུར་ཁང་དུ་གྱུར། ཞི་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་འཕྲེང་ལས་འོད་ཟེར་སེར་པོ་གསེར་ཞུན་མ་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། ཚེ་


LT26_Page_224A
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་དཀར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་སེར་པོའི་གུར་ཁང་དུ་གྱུར། །རྒྱས་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། །ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་བྱེ་རུའི་མདོག་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། བརྟན་གཡོ་སྣོད་བཅུད་ཐམས་ཅད་དབང་དུ་བསྡུས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་སེར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་དམར་པོའི་གུར་ཁང་དུ་གྱུར། དབང་གི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། །ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་མཐིང་ག་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། མི་མཐུན་པའི་ཕྱོགས་ཐམས་ཅད་ཚར་བཅད། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་དམར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་མཐིང་གའི་གུར་ཁང་དུ་གྱུར། །དྲག་པོའི་ཕྲིན་ལས་ཐམས་ཅད་འགྲུབ་བར་བསམ། །ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་ལྗང་གུ་མརྒད་ཞུ་བའི་མདོག་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་གཅིག་ཆར་དུ་འགྲུབ་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་མཐིང་གའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་ལྗང་གུའི་གུར་ཁང་དུ་གྱུར། །ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་མཆིན་ཁ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌། དངོས་གྲུབ་ཐམས་ཅད་བརྟན་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་ལྗང་གུའི་ཕྱི་རོལ་འདོམ་གང་ཙམ་དུ་འོད་མཆིན་ཁའི་གུར་ཁང་དུ་གྱུར། །བྱིན་རླབས་དང་ཕྲིན་ལས་ཐམས་ཅད་བརྟན་པར་བསམ། །འོད་ཀྱི་གུར་ཁང་དྲུག་པོ་ཐམས་ཅད་ཀྱང་དབྱིབས་སྒོ་ངའི་རྣམ་པ་ལྟ་བུ་དུམ་བུ་གཅིག་ཏུ་གྱུར་པ་སྲ་ཞིང་མཁྲིགས་པ་བསྐལ་པའི་རླུང་གིས་ཀྱང་གཞིག་པར་མི་ནུས་པ། བར་མཚམས་ཅད་


LT26_Page_224B
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤལ་སྔོན་པོའི་མེ་ཏོག་ཁ་བྱེ་མ་ཐག་པ་གསར་ཞིང་མཉེན་ལྕུག་དང་ལྡན་པས་བུན་ལོང་གིས་གཏམས་པར་བསམ། །རང་ཉིད་རྗེ་བཙུན་མར་གསལ་བ། ནས་བཟུང༌། འོད་ཟེར་མཆིན་ཁའི་གུར་ཁང་གི་བར་དུ་སེམས་འཛིན་ཅིང་སྣང་སྟོང་གི་ངང་དུ་མཉམ་པར་འཇོག །དེ་བཞིན་དུ་ཕྱི་ནས་རིམ་བཞིན་ཐུགས་ཀའི་ཏཱྃ་ཡིག་གི་བར་དུ་སེམས་འཛིན་ཅིང་སྣང་སྟོང་དབྱེར་མེད་ཀྱི་ངང་དུ་མཉམ་པར་འཇོག །དེ་ནས། སྤྱི་བོའི་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་བུམ་པའི་ནང་དུ་སོང་བས་འཆི་མེད་བདུད་རྩིའི་ཆུ་རྒྱུན་དུ་གྱུར། །དེ་ཉིད་གྱེན་དུ་ཕྱུར་ཞིང་ཁ་ནས་ལུད་པས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་དག །འཆི་མེད་ཀྱི་བདུད་རྩིའི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། །རླུང་བུམ་པ་ཅན་ཉེར་གཅིག་གམ་བདུན་ནམ་གསུམ་གྱི་བར་དུ་འཛིན། དེ་ནས། ཐུགས་ཀའི་འཁོར་ལོ་སྔགས་དང་བཅས་པ་ལས་ཀྱང་འཆི་མེད་བདུད་རྩིའི་ཟིལ་དངར་གྱི་རྒྱུན་དང་འོད་ཟེར་དཀར་པོ་སྔགས་ཀྱི་སྒྲ་སྒྲོགས་པའི་ཚོགས་དཔག་ཏུ་མེད་པ་འཕྲོས་རང་གི་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐམས་ཅད་མེར་གྱིས་ཁེངས་པས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་བྱང་ཞིང་དག །འཆི་མེད་ཚེའི་དངོས་གྲུབ་ཐོབ། ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་བདུད་རྩིའི་ཟིལ་པ་ཕྲོམ་མེར་ཡོད་པར་བསམས་ལ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱཿ⁽1763⁾ཀྱི་རྗེ་བཙུན་སྒྲོལ་མ་མཆོག་གི་སྒྲོལ་མ་མྱུར་མ་བདག་གི་ཚེ་བསོད་ཡེ་ཤེས་རྒྱས་པར་མཛད་པའི་གཞི་ཚུགས། མཆན། ཞེས་པ་ཅི་ནུས་བཟླ། དམིགས་པ་ནམ་མི་གསལ་བའི་དུས་སྙིང་གའི་འཁོར་ལོ་སྔགས་འཕྲེང་དང་བཅས་པ་ལས་བདུད་རྩི་བབས་ཅིང༌། འོད་ཟེར་གྱི་སྤྲོ་བསྡུའི་ཚིག་གོང་བཞིན་བརྗོད་ལ་སྔགས་དང་དམིགས་པ་སྤྲད་དེ་ཡིད་མ་ཡེངས་པར་བཟླས་པའི་རྗེས་སུ་སྔར་ལྟར་མཆོད་བསྟོད། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་


LT26_Page_225A
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མ་ལུས་པ་སྩལ་དུ་གསོལ། །ཨཱ་ལི་ཀཱ་ལི་ཡེ་དྷརྨ་ཡིག་བརྒྱ་རྣམས་ཚར་གསུམ་རེས་བྱིན་རླབས་བརྟན་ཅིང་ལྷག་ཆད་ཁ་བསྐང༌། དེ་ནས། ཐུགས་ཀའི་ཏཱྃ་ཡིག་ལས་འོད་ཟེར་འཕྲོས། སྣོད་བཅུད་རྣམས་ལ་ཕོག་པས་དེ་རྣམས་འོད་དུ་ཞུ་ནས་འོད་མཆིན་ཁའི་གུར་ཁང་ལ་ཐིམ། དེ་འོད་ལྗང་གུའི་གུར་ཁང་ལ་ཐིམ། དེ་འོད་མཐིང་གའི་གུར་ཁང་ལ་ཐིམ། དེ་འོད་དམར་པོའི་གུར་ཁང་ལ་ཐིམ། དེ་འོད་སེར་པོའི་གུར་ཁང་ལ་ཐིམ། དེ་འོད་དཀར་པོའི་གུར་ཁང་ལ་ཐིམ། དེ་འཁོར་ལོ་དཀར་པོ་ལ་ཐིམ། དེ་རང་རྗེ་བཙུན་མར་གསལ་བ་ལ་ཐིམ། དེ་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་ཏཱྃ་ཡིག་ལ་ཐིམ། དེ་ཁོག་པ་ལ་ཐིམ། དེ་མགོ་བོ་ལ་ཐིམ། མགོ་བོ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་ནཱ་ད་ལ་ཐིམ། །ནཱ་ད་ཡང་མི་དམིགས་ཏེ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར། །ཅེས་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག །རྟོག་པ་འཕྲོ་ན། རང་སྐད་ཅིག་གིས་རྗེ་བཙུན་མ་སྒྲོལ་མའི་སྐུར་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང༌། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སོགས་ཀྱིས་སྨོན་ལམ་དང་བཀྲ་ཤིས་བརྗོད། དེ་ལྟར་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཇོ་བོ་རྗེ་ནས་བརྒྱུད་པ། གཉན་ལོ་ཙཱ་བ་ནས་བརྒྱུད་པ། བ་རི་ལོ་ཙཱ་བ་ནས་བརྒྱུད་པ། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ནས་བརྒྱུད་པ་སྟེ། བོད་ཡུལ་དུ་བརྒྱུད་པའི་སྲོལ་མི་འདྲ་བ་བཞི་ཙམ་བྱོན་པའི་མན་ངག་གི་སྙིང་པོ་བསྡུས་པ། གཙོ་ཆེ་བ་བ་རི་བའི་སློབ་བརྒྱུད་བླ་མ་སླེ་ནགས་པས་དགེ་བའི་བཤེས་གཉེན་སྒྲེ་བ་ལ་གནང་བའི་ཉམས་ལེན་ངོ་མཚར་བའི་གཏམ་རྒྱུད་དང་བཅས་པ་འདི་ནི་ཚེ་སྒྲུབ་ཀྱི་མན་ངག་ལ་ཟབ་པའི་མཐར་ཐུག་པར་གྲགས་སོ། །ཞེས་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་ཁྱད་པར་ཅན་འོད་ཟེར་དྲུག་སྦྲགས་མ་རྒྱུན་དུ་ཉམས་སུ་ལེན་ཚུལ་ཚར་ཆེན་ཡབ་སྲས་ཀྱི་གསུང་ལྷན་ཅིག་ཏུ་བཀོད་ཅིང་སོགས་ཁོངས་རྣམས་ཀྱང་ནག་འགྲོས་དཀྱུས་གཅིག་


LT26_Page_225B
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བྲིས་པ་འདི་ཡང་གཉེར་དཔོན་བསོད་ནམས་མཆོག་ལྡན་ནས་ངོས་ཀྱི་རིམ་གྲོར་དགོན་ཁག་སོགས་སུ་སྒྲོལ་དཀར་གྱི་ཚེ་སྒྲུབ་འཇུག་འདུན་ལ་ཡིག་ཆ་ཞལ་གསལ་ཅན་དགོས་ཞེས་བསྐུལ་ངོར་ས་སྐྱ་བ་ཀུན་བློས་མགྱོགས་པར་སྦྱར་བ་དགེའོ། །

གདམས་ངག་མཛོད་པོད་བཅུ་བདུན་པ།
བླ་མ་ཚེ་ལྷ་རྣམ་གསུམ་གྱི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་ཚོགས་གཉིས་སྤེལ་བའི་ཆོ་ག་འཆི་མེད་གྲུབ་པའི་དགའ་སྟོན།


LT26_Page_226A
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཚེ་ལྷ་རྣམ་གསུམ་གྱི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་ཚོགས་གཉིས་སྤེལ་བའི་ཆོ་ག་འཆི་མེད་གྲུབ་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ།།


LT26_Page_226B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི་སིདྡྷཾ། །ཕུལ་བྱུང་ཐུགས་རྗེའི་འཇུག་པས་སྲིད་དང་ཞིའི། །ཤིས་རྒུའི་དངོས་ཀུན་འཇོ་བའི་རྫོགས་ལྡན་སྤྲིན། །བླ་མ་འཆི་མེད་ཚེ་ཡི་ལྷ་ཚོགས་ཀྱིས། །དགེ་ལེགས་རྟག་པའི་མེ་ཏོག་ཆར་དུ་སྙིལ། །གང་དེའི་རྣལ་འབྱོར་ཟབ་མོ་ལ། །བརྟེན་ནས་ཚོགས་གཉིས་སྤེལ་བའི་ཐབས། །འཆི་མེད་གྲུབ་པའི་དགའ་སྟོན་མཆོག །སྐལ་བཟང་རྣམས་ཀྱི་དཔལ་དུ་སྦྱིན། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དོར། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། །གནས་ཁང་བཀྲ་ཤིས་ཤིང་དབེན་ལ་ཡིད་དང་རྗེས་སུ་མཐུན་པར་ཕྱག་དར་ལེགས་པར་བྱས་པའི་གུང་དུ་དཀོན་མཆོག་གི་རྟེན་སྤྱི་དང༌། ཁྱད་པར་འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་སྣང་བརྙན་བྲིས་འབུར་ཇི་ལྟར་རིགས་པ་བཀྲམ་པའི་སྤྱན་སྔར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང༌། བྱེ་བྲག་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་ལྔ་བརྒྱ་རྩ་སོགས་ཇི་ལྟར་འབྱོར་པ་གཙང་ཞིང་བཀོད་པས་མཛེས་པར་བཤམ། གཞན་ཡང་མཎྜལ་དང་ཚོམ་བུའི་རྒྱུ། དྲི་ཆབ། རོལ་མོའི་བྱེ་བྲག་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བར་བྱའོ། །གཉིས་པ་ལ་གསུམ། གནས་ཡོ་བྱིན་རླབས། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པའོ། །དང་པོ་ནི། ངེས་འབྱུང་དང་སྙིང་རྗེའི་ཤུགས་དྲག་ཏུ་བསྐྱེད་ཅིང་དཀོན་མཆོག་གི་ཡོན་ཏན་ཡིད་ལ་བྱེད་བཞིན་པས་སྟོང་དང་རྟེན་འབྱུང་


LT26_Page_227A
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་དབྱེར་མེད་པའི་གནས་ལུགས་ལ་དྲན་པ་ཉེ་བར་བཞག་སྟེ། དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང༌། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་མཐུ། །ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་དཔལ། །ཆོས་དབྱིངས་རྣམ་པར་དག་པའི་བདེན་སྟོབས་ཀྱིས། །སྣོད་བཅུད་བདེ་ཅན་ཞིང་གི་འབྱོར་བ་ལྟར། །ཡིད་འཕྲོག་ངོ་མཚར་བཀོད་པ་འབྱམས་ཀླས་གཞིར། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིག་སྤྱོད་གྱུར་ཅིག །ཅེས་བདེན་པའི་སྟོབས་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་པྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱིས་གཟུངས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། གཉིས་པ་ནི། སྐྱབས་ཡུལ་ནམ་མཁའ་གང་བར་བཞུགས་པའི་སྤྱན་སྔར་རང་གཞན་ཡིད་ཅན་ཐམས་ཅད་འཁོད་ནས་འདུན་པ་རྩེ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ཏེ། །བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན། །དུས་འདི་ནས་བཟུང་


LT26_Page_227B
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སྙིང་པོའི་བར། །བླ་མ་མཆོག་དང་དཀོན་མཆོག་རྣམ་གསུམ་ལ། །མི་ཕྱེད་གུས་པ་ཆེན་པོས་སྐྱབས་སུ་མཆི། །ཞེས་ཅི་ནུས་བརྗོད། གསུམ་པ་ནི། འགྲོ་ཀུན་སྲིད་ཞིའི་འཇིགས་ལས་བསྒྲལ་བའི་ཕྱིར། །བདག་གིས་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །དེ་ཡི་ཆེད་དུ་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་གཉིས་སྤེལ་བའི་ཆོ་ག་བསྒྲུབ་པར་བགྱི། །ཞེས་ལན་གསུམ་གྱིས་སྨོན་འཇུག་གི་སེམས་གསལ་གདབ་ཅིང༌། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ་མོ། །གཉིས་པ་དངོས་གཞི་ལ་གསུམ། ཚོགས་ཞིང་གསལ་གདབ་པ། །ཡན་ལག་བདུན་པ་འབུལ་བ། བཟླས་པས་ཐུགས་དམ་བསྐུལ་བའོ། །དང་པོ་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། །སྣོད་བཅུད་ཐམས་ཅད་མི་དམིགས་འོད་གསལ་དང༌། །ཟུང་འཇུག་ཏིང་ངེ་འཛིན་གྱི་རྣམ་རོལ་ལས། །ཕྱི་སྣོད་དག་པའི་ཞིང་ཁམས་བདེ་བ་ཅན། །ཡིད་འཕྲོག་ངོ་མཚར་བཀོད་པས་མཛེས་པའི་གཞིར། །རང་ཉིད་ཐ་མལ་གསལ་བའི་མདུན་གྱི་མཁར། །ཕུན་ཚོགས་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །པད་དཀར་ཟླ་སྟེང་རྩ་བའི་བླ་མ་ནི། །རྣམ་པ་ཚེ་དང་ཡེ་ཤེས་མཆོག་སྩོལ་ཕྱིར། །བཅོམ་ལྡན་འཕགས་མ་ཡིད་བཞིན་འཁོར་ལོའི་ཚུལ། །དྲི་མེད་ཟླ་བ་ནོར་བུའི་མཚན་དཔེ་ལ། །རབ་ཞི་བརྒྱད་གཉིས་ལང་ཚོའི་མཚར་སྡུག་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཕྱག་ཞབས་ཀྱི། །མཐིལ་བཞིར་ཡེ་ཤེས་སྤྱན་རེས་མཚན་པ་སྟེ། །བྱང་ཆུབ་ཡན་ལག་བདུན་གྱི་གཟིགས་པས་མཛེས། །ཕྱག་གཡས་མཆོག་སྦྱིན་རྫོགས་ལྡན་སྤྲིན་ཆེན་ལས། །ཕན་དང་བདེ་བའི་དངོས་ཀུན་ཆར་དུ་འབེབས། །གཡོན་པས་དུས་གསུམ་དེ་བཞིན་གཤེགས་མཚོན་པའི། །ཨུཏྤལ་བསྣམས་པས་སྲིད་ཞིའི་འཇིགས་པ་འཕྲོག །དར་དཀར་སྟོད་གཡོགས་དམར་པོའི་ཤམ་ཐབས་དང༌། །ནོར་བུ་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཟླ་བར་རྒྱབ་བརྟེན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དེ་ཡི་སྤྱི་བོར་རིགས་བདག་ཚེ་དཔག་མེད། །དཀར་དམར་མདངས་ཅན་མཉམ་གཞག་ཚེ་བུམ་འཛིན། །མཚན་དཔེའི་དཔལ་འབར་


LT26_Page_228A
[མ་དཔེ་གཟིགས་ན་འདིར་གནོན།]

དར་དང་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་རོལ། །གཙུག་ཏོར་ལས་སྐྱེས་འོད་ཀྱི་ཕུང་པོའི་དབུས། །འཕགས་མ་རྣམ་པར་རྒྱལ་མ་སྟོན་ཟླའི་མདོག །དཀར་སེར་སྔོ་བའི་ཞལ་གསུམ་ཕྱག་བརྒྱད་མ། །ཞལ་རེར་རབ་ཏུ་རྒྱས་པའི་སྤྱན་གསུམ་མཛེས། །ཕྱག་གཡས་དང་པོས་སྣ་ཚོགས་རྡོ་རྗེ་དང༌། །གཉིས་པས་པད་དཀར་ལ་གནས་འོད་དཔག་མེད། །གསུམ་པས་མདའ་དང་བཞི་པས་མཆོག་སྦྱིན་མཛད། །གཡོན་གྱི་དང་པོས་རྡོ་རྗེའི་ཞགས་པ་དང༌། །གཉིས་པས་གཞུ་དང་གསུམ་པས་སྐྱབས་སྦྱིན་རྒྱ། །བཞི་པས་མཉམ་གཞག་བདུད་རྩིའི་བུམ་པ་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །རྣམ་གསུམ་སྐུ་ཡི་ཆ་ཤས་ཐམས་ཅད་ནས། །འོད་ཟེར་ཕྲེང་བ་དཔག་ཡས་ཕྱོགས་བཅུར་འཕྲོ། །དེ་དག་རེ་རེའི་རྩེར་ཡང་དག་པའི་ཞིང༌། །རབ་འབྱམས་རྡུལ་གྱི་གྲངས་སྙེད་སྣང་བ་ན། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །ཚེ་ལ་དབང་བའི་རིག་འཛིན་དྲང་སྲོང་དང༌། །ཆོས་སྲུང་ནོར་ལྷའི་ཚོགས་ཀུན་སྤྲིན་ལྟར་གཏིབས། །ཀུན་ཀྱང་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་སྐུའི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །སྐྱབས་གནས་ཐམས་ཅད་འདུས་པའི་ཇོ་བོར་གྱུར། །ཅེས་བརྗོད་ཅིང་ནན་ཏན་དུ་གསལ་གདབ། གཉིས་པ་ལ་བདུན་ལས། །དང་པོ་ཕྱག་འཚལ་བ་ལ། ཐོག་མར་ཚོགས་ཞིང་སྤྱིར་ཕྱག་འཚལ་བ་ནི། །ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །ཞེས་ཕྱག་འཚལ་བའི་དམིགས་རྣམ་གསལ་བཏབ་ལ། །ཇི་སྙེད་སུ་དག་སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པའི་བར་གྱིས་ཕྱག་བྱ། བྱེ་བྲག་ཏུ་ཚོགས་ཞིང་སོ་སོར་དམིགས་ནས། གང་གི་སོ་སོར་རྟོགས་པའི་ཡེ་ཤེས་ནི། །དྲན་པས་འཆི་མེད་མཆོག་སྩོལ་ཚེ་ཡི་ལྷར། །ཡོངས་ཤར་སྐྱབས་གནས་དཀོན་འདུས་བླ་མ་ལ། །


LT26_Page_228B
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མར་མེ་མཛད་སོགས་རྒྱལ་བ་འདས་པ་དང༌། །བྱང་ཆུབ་ཆེན་པོར་ད་ལྟར་བཞུགས་པ་དང༌། །བྱམས་པ་ལ་སོགས་སླད་ནས་འབྱོན་པ་ཡི། །དུས་གསུམ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་མའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །རབ་དཀར་ཞལ་གཅིག་ཕྱག་གཉིས་སྤྱན་བདུན་མ། །ཡུམ་གྱུར་ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །རླབས་ཆེན་སྤྱོད་པའི་ཚུལ་ནི་རབ་བཟུང་ནས། །བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་གྱུར་པ། །རབ་དགའ་ལ་སོགས་ས་ལ་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་སོགས། །དགྲ་བཅོམ་རིགས་གྱུར་སྐྱེས་བུ་ཟུང་བཞི་དང༌། །ཚོགས་ན་སྤྱོད་དང་བསེ་རུ་ལྟ་བུ་ཡི། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །གང་གིས་འཕྲུལ་དང་མངོན་པར་མཁྱེན་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང༌། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །གནོད་སྦྱིན་ནོར་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །རྟག་ཏུ་གུས་པའི་ཡིད་ཀྱིས་


LT26_Page_229A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །ཞེས་ཕྱག་བྱའོ། །གཉིས་པ་མཆོད་པ་འབུལ་བ་ལ། ཐོག་མར་ཐུན་མོང་དུ། མེ་ཏོག་དམ་པ་སོགས་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་དང༌། མཆོད་པའི་སྤྲིན་གྱི་སྔགས་བརྗོད། བྱེ་བྲག་ཉེར་སྤྱོད་སོགས་ཀྱི་མཆོད་པ་ནི། །དངོས་སུ་བཤམས་པ་ཉིད་རྒྱུར་བྱས་པ་ལས་བྱུང་བའི་ཡིད་སྤྲུལ་གྱི་མཆོད་སྤྲིན་ནམ་མཁའ་གང་བ་ཁྱབ་ཅིང་རྟག་པའི་ཚུལ་དུ་སྤྲོས་ཏེ་ཕུལ་བར་བསམས་ལ། དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་མཆོད་ཡོན་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། །དངོས་སུ་འབྱོར་དང་༴ རབ་འབྱམས་ཞིང་ཀུན་ཁྱབ་པའི་ཞབས་བསིལ་ཚོགས། །བླ་མ་འཆི་མེད༴ བཞེས་ནས་ཚེ་དང་༴ པཱ་དྱཾ༴ དངོས་སུ༴ རབ་འབྱམས་ཞིང་ཀུན་ཁྱབ་པའི་མེ་ཏོག་ཚོགས། །བླ་མ༴ བཞེས་ནས༴ པུཥྤེ༴ དངོས་སུ༴ རབ་འབྱམས་ཞིང་ཀུན་ཁྱབ་པའི་བདུག་སྤོས་ཚོགས། །བླ་མ༴ བཞེས་ནས༴ དྷཱུ་པེ༴ དངོས་སུ༴ རབ་འབྱམས་ཞིང་ཀུན་ཁྱབ་པའི་མར་མེའི་ཚོགས། །བླ་མ༴ བཞེས་ནས༴ ཨཱ་ལོ་ཀེ༴ དངོས་སུ༴ རབ་འབྱམས་ཞིང་ཀུན་ཁྱབ་པའི་དྲི་ཆབ་ཚོགས། །བླ་མ༴ བཞེས་ནས༴ གནྡྷེ༴ དངོས་སུ༴ རབ་འབྱམས་ཞིང་ཀུན་ཁྱབ་པའི་ཞལ་ཟས་ཚོགས། །བླ་མ༴ བཞེས་ནས༴ ནཻ་བི་དྱེ༴ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་བའི་རོལ་མོའི་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཤབྡ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །འཁོར་ལོས་སྒྱུར་བ་ཆེན་པོའི་བསོད་ནམས་ཀྱི། །འབྱོར་པའི་ཁྱད་པར་ཕུལ་བྱུང་རིན་ཆེན་བདུན། །བླ་མ་འཆི་མེད༴ བཞེས་ནས་ཚེ་དང་༴ ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་སབྟ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། །ཕྱོགས་


LT26_Page_229B
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །བླ་མ༴ བཞེས་ནས༴ ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། །དགེ་མཚན་བཀྲ་ཤིས་རྟགས་ཀྱི་ཆར་འབེབས་པའི། །ཡིད་འཕྲོག་མཆོད་པའི་ལྷ་མོ་མཐའ་ཡས་པ། །བླ་མ༴ བཞེས་ནས༴ ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་ཙིཧྣ་པཱུ་ཛི་ཏེ་ཨཱཿཧཱུྃ། །སྟོབས་བཅུ་མངའ་བས་བྱིན་གྱིས་བརླབས་པ་ཡི། །ཀུན་ཏུ་ཤིས་པ་སྤེལ་བའི་རྫས་མཆོག་བརྒྱད། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨཱཥྚ་མངྒ་ལཾ་དྲ་བྱ་པཱུ་ཛི་ཏེ་ཨཱཿཧཱུྃ། །ཁྱད་པར་ཞིང་ཁམས་རྒྱ་མཚོའི་མཆོད་པ་ནི། །བྱི་དོར་ལེགས་པར་བྱས་པའི་རིན་པོ་ཆེའི་མཎྜལ་ལ་དྲི་བཟང་པོའི་རླན་དང་བཅས་ཏེ་རིན་པོ་ཆེ་དང༌། །སྨན་འབྲུ་ལ་སོགས་པའི་ཚོམ་བུ་དགོད་ཅིང༌། །ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། །གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམྦུ་གླིང༌། ནུབ་བ་ལང་སྤྱོད། །བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། །བླ་མ་འཆི་མེད་ཚེའི་ལྷ་ཚོགས། །ཆོས་སྲུང་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བདག་གི་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །ཚེ་དང་བསོད་ནམས་ཡེ་ཤེས་ཀྱི་དགེ་མཚན་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང༌། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་


LT26_Page_230A
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྒྱ་སྟོང་སོགས་ཅི་ནུས་དང༌། སྤྲོ་ན་ཚོམ་བུ་སོ་བདུན་མ་སོགས་ཇི་ལྟར་རིགས་པའང་འབུལ། སླར་ཡང་ཡིད་ལས་བྱུང་བའི་མཆོད་སྤྲིན་ནམ་མཁའ་གང་བར་སྤྲོས་ཏེ་དོན་སེམས་བཞིན་དུ། །རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང༌། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང༌། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང༌། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང༌། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང༌། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང༌། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང༌། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང༌། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གིས་


LT26_Page_230B
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང༌། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བར་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སོགས་ལའང་རྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡཱ་ར་དང་པདྨ་དང༌། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང༌། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཆུས་བྱུགས་པ་


LT26_Page_231A
[མ་དཔེ་གཟིགས་ན་འདིར་གནོན།]

དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཆང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང༌། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང༌། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པ། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པ་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་ལྟར། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པ་ཀུན་དུ་འབྱུང་གྱུར་ཅིག །ཅེས་དང༌། ན་མ་སྶརྦ་བུདྡྷ་བོ་དྷི་ས་ཏྭེ་བྷྱེཿ ཨོཾ་སརྦ་བི་ཏ་པཱུ་ར་པཱུ་ར། སུ་ར་སུ་ར་ཨཱ་བརྟ་ཡ་ཨཱ་བརྟ་ཡ་སྭཱ་ཧཱ། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་དང༌། བསྙེན་བཀུར་བ་དང༌། ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ། །གསུམ་པ་སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་ནི། འདོད་ཆགས་ཞེ་སྡང་སོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་བར་མདུན་པ་རྩེ་གཅིག་པས་བརྗོད། སྤྲོ་ན་སྤྱོད་འཇུག་སོགས་ལས་འབྱུང་བའི་ཚིགས་བཅད་རྒྱས་པ་ཇི་ལྟར་རིགས་པའང་སྤེལ། །གང་ལྟར་ཡང་སྐབས་འདིར་སེམས་བསྐྱེད་པའི་གོ་ཆ་བླང་བ་ནི་ཐུན་མོང་གི་ཚེ་སྒྲུབ་བའི་ཐབས་མཆོག་གཅིག་ཏུ་གསུངས་པས། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་


LT26_Page_231B
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཐམས་ཅད་དང༌། །ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང༌། །བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། །ཞེས་དགོངས་གསོལ་སྔོན་དུ་འགྲོ་བས། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་སེམས་བསྐྱེད་ཀྱི་རྟེན་དུ་གྱུར་པའི་སྐྱབས་འགྲོ་དང༌། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད་བླང༌། །དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་དང༌། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་དགའ་བ་བསྒོམ། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང༌། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་


LT26_Page_232A
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །དེ་ནས། །སྐྱབས་གནས་ཀུན་འདུས་བླ་མ་ཚེ་ཡི་ལྷར། །གུས་པས་ཕྱག་འཚལ་མཆོད་ཅིང་གསོལ་བ་འདེབས། །མཁྱེན་བརྩེ་ནུས་པས་བདག་རྒྱུད་བྱིན་གྱིས་རློབས། །འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཅེས་ཕུར་ཚུགས་སུ་གསོལ་བ་ལན་གྲངས་མང་དུ་བཏབ་པའི་མཐར། དེ་ལྟར་ཕྱག་འཚལ་མཆོད་ཅིང་གསོལ་བཏབ་མཐུས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང༌། །རྣམ་དག་བཤེས་དང་མཇལ་བར་བྱིན་གྱིས་རློབས། །ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་རོལ་སོན། །ངེས་འབྱུང་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་དབང་བསྒྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་ནད་གདོན་སྡིག་སྒྲིབ་ཉེར་འཚེ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང༌། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡེ་ཤེས་དང༌། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །ནོར་བུ་སྨན་སོགས་ཕྱི་ཡི་རྟེན་འབྲེལ་དང༌། །རྣལ་འབྱོར་ནུས་པ་ནང་གི་ཐབས་མཁས་ཀྱིས། །དུས་མིན་འཆི་བ་མཐའ་དག་ཞི་བྱས་ནས། །རིང་འཚོའི་དགའ་སྟོན་འཕེལ་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་པས་ལྷར་བཅས་ཀུན་གྱིས་སྲུང༌། །བྱང་ཆུབ་སེམས་ཀྱིས་གདོན་བགེགས་དབང་དུ་གྱུར། །སྤྲོས་བྲལ་ལྟ་བས་སྐྱེ་འཆིའི་འཁྲུལ་སྣང་ཀུན། །བདེན་མེད་སྒྱུ་མར་གྲོལ་བར་བྱིན་གྱིས་རློབས། །བླ་མར་ལྷར་བཅས་ཐུགས་རྗེའི་འོད་ཟེར་གྱིས། །


LT26_Page_232B
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་སྣོད་འབྱུང་ལྔའི་ཁམས་དང་སྲིད་ཞིའི་བཅུད། །བཀུག་སྟེ་ནང་གི་སྒོ་གསུམ་ལ་བསྟིམས་པས། །འགྱུར་མེད་རྡོ་རྗེའི་ངོ་བོར་བྱིན་གྱིས་རློབས། །རྒུད་པ་མེད་པའི་ལང་ཚོའི་གཟི་འོད་དང༌། །སྟོབས་དང་རྩལ་གྱིས་ཕས་རྒོལ་ཟིལ་གནོན་ཞིང༌། །དངོས་གྲུབ་བསོད་ནམས་རྣམ་པར་རྒྱས་པའི་དཔལ། །དབང་བཅུའི་མངའ་ཐང་འཕེལ་བར་བྱིན་གྱིས་རློབས། །འཆི་མེད་སྲོག་གི་མདུད་པ་དམ་པོར་བཅིངས། །མི་ཤིག་ཚེ་ཡི་ལྗོན་བཟང་རབ་ཏུ་བརྟན། །མ་འགགས་བློ་དང་མྱུར་བའི་སྤོབས་པ་ཡིས། །ཕྱོགས་ལས་རྣམ་པར་རྒྱལ་བར་བྱིན་གྱིས་རློབས། །མཐར་ཐུག་གསང་ཆེན་མྱུར་ལམ་ལ་བརྟེན་ནས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་གྱུར་ཏེ། །འཆི་མེད་རྟག་པ་དམ་པའི་ཕྲིན་ལས་ཀྱིས། །མཁའ་ཁྱབ་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས། །གཞན་ཡང་བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང༌། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་ཡིས། །ས་གསུམ་དགེ་ལེགས་འཕེལ་བར་བྱིན་གྱིས་རློབས། །བཀྲ་ཤིས་སྲིད་དང་ཞི་བའི་ཡོན་ཏན་གྱི། །དགེ་མཚན་སྣང་བ་ནུབ་པ་མེད་པའི་ཕུལ། །ཕུན་ཚོགས་འཆི་མེད་གྲུབ་པའི་ངོ་མཚར་དང༌། །ལྷན་ཅིག་ཕན་བདེའི་འབྱོར་བ་རྒྱས་གྱུར་ཅིག །ཅེས་འདོད་པའི་དོན་ལ་གསོལ་བ་གདབ། །གསུམ་པ་བཟླས་པས་ཐུགས་དམ་བསྐུལ་བ་ནི། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་ཅུང་ཟད་བཟླས་མཐར། རྩེ་གཅིག་བསྙེན་པས་གསོལ་བ་བཏབ་པའི་མཐུས། །བླ་མ་ཡིད་བཞིན་འཁོར་ལོའི་ཐུགས་ཀ་ནས། །འོད་འཕྲོས་རིགས་བདག་ཚེ་དཔག་མེད་པ་དང༌། །དེ་ཡི་གཙུག་ཏོར་ནོར་བུའི་འོད་ཟེར་གྱིས། །འཕགས་མ་རྣམ་པར་རྒྱལ་མའི་ཐུགས་རྒྱུད་བསྐུལ། །ཀུན་ཀྱང་ཐུགས་རྗེའི་འཇུག་པ་ལྷག་པར་གཡོས། །དཔག་ཡས་འོད་ཟེར་ཕྱོགས་བཅུའི་ཞིང་


LT26_Page_233A
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཁྱབ། །བདག་གི་བླ་ཚེ་ཆད་ཉམས་ཡར་བ་དང༌། །འབྱུང་བཞིའི་དྭངས་བཅུད་འཁོར་འདས་ཐམས་ཅད་ཀྱི། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཀུན། །འོད་ཟེར་སྣ་ལྔའི་རྣམ་པར་སྤྱན་དྲངས་ནས། །རིགས་ཀྱི་བདག་པོའི་ཕྱག་གི་བུམ་པར་ཐིམ། །བདུད་རྩིའི་རྒྱུན་ལུད་དེ་དང་ལྷན་ཅིག་ཏུ། །ཚོགས་ཞིང་ཀུན་གྱི་སྐུ་ཡི་ཆ་ཤས་ལས། །འཆི་མེད་གྲུབ་པའི་ཟིལ་དངར་ཆར་ལྟར་བབས། །རང་གི་སྤྱི་བོ་ཚངས་པའི་སྒོ་ནས་ཞུགས། །ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་སྦྱངས། །བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཆུད། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །འཆི་མེད་གཉུག་མའི་གོ་འཕང་ཐོབ་པར་གྱུར། །ཅེས་བརྗོད་ཅིང་དམིགས་པ་ནན་ཏན་དུ་གསལ་བཏབ་ལ། ཨོཾ་ཨ་མཱ་ར་ཎི་ཛི་བནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་དང༌། ཚེ་གཟུངས། རྣམ་རྒྱལ་མའི་གཟུངས་རིང་ཐུང་འབྲིང་པོ་བཅས། སྒྲོལ་དཀར་གྱི་སྙིང་པོ་སོགས་ཇི་ལྟར་རིགས་པ་བཟླ། དེ་ཙམ་མི་ནུས་ན། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཞེས་རྣམ་རྒྱལ་མའི་སྙིང་པོ་དང༌། ཨོཾ་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ། ཞེས་སྒྲོལ་དཀར་གྱི་སྙིང་པོ་དང༌། སྐབས་སུ་སྤེལ་ཚིག་དང་བཅས་པའང་ཅི་ནུས་སུ་བཟླ་ཞིང༌། སྤྲོ་ན་ཚེ་དཔག་མེད་པའི་གཟུངས་མདོ། །རྣམ་རྒྱལ་མའི་རྟོག་པ། སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་རྣམས་ཀྱང་བཀླག་པར་བྱ་སྟེ། སངས་རྒྱས་རྗེས་དྲན་དུ་བྱས་ནས་ཀློག་པར་གསུངས་པའི་དོན་ཡིན་པས་ཤིན་ཏུ་ལེགས། །གཞན་ཡང་འཕགས་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་བསྟོད་ཚོགས་དང༌། ཁོ་བོས་བགྱིས་པའི་ཚེ་ལྷ་རྣམ་གསུམ་གྱི་བསྟོད་པ་སོགས་གདངས་སྙན་པོས་བརྗོད་པའི་བར་བར་དུ་སྔགས་རྣམས་སྤེལ་ནས་བཟླས་ཀྱང་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་གསུམ། གཏང་རག་འབུལ་བ། ཚོགས་ཞིང་བསྡུ་བ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པའོ། །དང་པོ་ནི། མཆོད་པ་རྣམས་ཞལ་གསོས་ལ་མཆོད་པའི་སྤྲིན་གྱི་སྔགས་ཀྱིས་བརླབ། །གང་གི་སོ་སོར་རྟོག་པའི་ཡེ་ཤེས་ནི། །དྲན་པས་འཆི་མེད་མཆོག་སྩོལ་ཚེ་ཡི་ལྷར། །ཡོངས་ཤར་སྐྱབས་གནས་ཀུན་འདུས་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་


LT26_Page_233B
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཕྱག་འཚལ་ལོ། །ཞེས་དང༌། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད་སོགས་ཤླཽ་ཀ་གསུམ་གྱི་མཐར། །གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང༌། །ཚེ་ལ་དབང་བའི་དྲང་སྲོང་རིག་པ་འཛིན། །ཆོས་སྲུང་ནོར་ལྷ་རྒྱ་མཚོའི་ཚོགས་བཅས་ལ། །རབ་ཏུ་དྭངས་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང༌། །མོས་པའི་སྟོབས་ཀྱིས་སྤྲུལ་པའི་མཆོད་སྤྲིན་ནི། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བ། །སངས་རྒྱས་ཞིང་མཐར་ཁྱབ་པས་རྟག་ཏུ་མཆོད། །ཅེས་དང༌། མཆོད་པའི་སྤྲིན་གྱི་གཟུངས་བརྗོད། །བདག་གཞན་འཁོར་བ་ཐོག་མེད་ནས་བསགས་པའི། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ། །ཞེས་ཡན་ལག་བདུན་པ་ཚང་བར་བྱ་ཞིང༌། །དེ་ལྟར་ཕྱག་འཚལ་མཆོད་ཅིང་གསོལ་བཏབ་མཐུས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང༌། །རྣམ་དག་བཤེས་དང་མཇལ་བར་བྱིན་གྱིས་རློབས། །ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་རོལ་སོན། །ངེས་འབྱུང་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་དབང་བསྒྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་ནད་གདོན་སྡིག་སྒྲིབ་ཉེར་འཚེ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང༌། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡེ་ཤེས་དང༌། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །མཐར་ཐུག་གསང་ཆེན་མྱུར་ལམ་ལ་བརྟེན་ནས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་གྱུར་ཏེ། །འཆི་མེད་རྟག་པ་དམ་པའི་ཕྲིན་ལས་ཀྱིས། །མཁའ་ཁྱབ་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས། །གཞན་ཡང་བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །


LT26_Page_234A
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང༌། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་ཡིས། །ས་གསུམ་དགེ་ལེགས་འཕེལ་བར་བྱིན་གྱིས་རློབས། །བཀྲ་ཤིས་སྲིད་དང་ཞི་བའི་ཡོན་ཏན་གྱི། །དགེ་མཚན་སྣང་བ་ནུབ་པ་མེད་པའི་ཕུལ། །ཕུན་ཚོགས་འཆི་མེད་གྲུབ་པའི་ངོ་མཚར་དང༌། །ལྷན་ཅིག་ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག །ཅེས་གསོལ་བ་གདབ། གཉིས་པ་ནི། །ཚོགས་ཞིང་ཐམས་ཅད་འོད་ཞུ་རང་ལ་ཐིམ། །རང་གི་སྒོ་གསུམ་གཉུག་མའི་ཡེ་ཤེས་དང༌། །སྐྱབས་ཡུལ་རྣམས་ཀྱི་གསང་གསུམ་དབྱེར་མེད་དང༌། །གནས་ལུགས་འོད་གསལ་ཆོས་སྐུའི་རང་ཞལ་བལྟ། །ཞེས་བརྗོད་ཅིང་བསམས་ལ་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དབྱིངས་སུ་མཉམ་པར་བཞག །གསུམ་པ་ནི། དེ་ལས་ལྡང་བར་བརྩམ་པ་ན། །དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག །ཅེས་དང༌། སྤྲོ་ན། །འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །ཞེས་སོགས་བཟང་པོ་སྤྱོད་པའི་སྨོན་ལམ་གདབ། །ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ལས་གསུངས་པའི་བཀྲ་ཤིས་དང༌། །འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང༌། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང༌། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་འཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་སོགས་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ། །བསྒྲུབ་བྱ་གཞན་གྱི་ཆེད་དུ་བྱེད་པའི་ཚེ། བླ་མ་སོགས་ཡུལ་མཆོག་རྣམས་རང་གི་གཡས་ཕྱོགས་སུ་རིན་པོ་ཆེའི་ཁྲི་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་དུ་བཞུགས་པ་དང༌། སྦྱིན་བདག་


LT26_Page_234B
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་པའི་རིགས་རྣམས་མདུན་དུ་འཁོད་པ། །དེ་དག་ཀྱང་ལང་ཚོ་དར་ལ་བབས་ཤིང་གོས་རྒྱན་གཟབས་མཆོར་ཕུན་སུམ་ཚོགས་པར་གསལ་བཏབ་ལ་ཚེ་བཅུད་བསྡུ་བསྟིམ་ལྷན་ཅིག་ཏུ་བགྱིས་པས་དོན་གྲུབ་པ་ཡིན་ནོ། །དེ་ལྟར་འབད་པའི་ཕན་ཡོན་ནི། །ཚེ་དཔག་མེད་ཀྱི་གཟུངས་མདོ་དང༌། །གཙུག་ཏོར་རྣམ་རྒྱལ་མའི་རྟོགས་པ་དང༌། སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་ཕན་ཡོན་སོགས་ལས་ཇི་སྐད་གསུངས་པ་ལྟར་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང༌། །གནས་སྐབས་དང་མཐར་ཐུག་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང༌། ཚེ་དང་བསོད་ནམས་ཡེ་ཤེས་ལ་སོགས་པ་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། ཚེ་འཕོས་ནས་ཀྱང་དག་པའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེས་ནས་མྱུར་དུ་བྱང་ཆུབ་ཆེན་པོའི་གོ་འཕང་འཐོབ་པ་སོགས་སྲིད་པ་དང་ཞི་བའི་དགེ་མཚན་མཐའ་དག་གིས་འབྱོར་བར་འགྱུར་བ་ནི་ངེས་པའོ། །རྟག་པར་གཞན་ལ་སྨན་འདོད་པའི། །ཡིད་ཀྱི་ཆུ་གཏེར་ཉམས་དགའ་བ། །སངས་རྒྱས་བྱིན་རླབས་མཐུས་བསྐུལ་བས། །འཆི་མེད་སྒྲུབ་བའི་ཐབས་འདི་བྱུང༌། །དེ་ལས་འཐོབ་བའི་དགེ་ཚོགས་བདུད་རྩིའི་སྤྲིན། །བྱང་ཆུབ་སྙིང་པོའི་ཕ་མཐར་ཁྱབ་པ་ལས། །ལེགས་བྱས་ཟིལ་དངར་རྟག་ཏུ་བབས་པ་ཡིས། །ཕན་བདེའི་སྙེ་མ་གཡུར་དུ་ཟ་བར་ཤོག །ཅེས་པའང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཆོས་ཀྱི་འཁོར་ལོ་དུས་རྟག་ཏུ་བསྐོར་བ་དང༌། རང་གཞན་ཡིད་ཅན་མཐའ་དག་ཚེ་དང་བསོད་ནམས་ཡེ་ཤེས་ཀྱི་དགེ་མཚན་རྒྱས་པའི་རྟེན་འབྱུང་དུ་དམིགས་ཏེ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བ་དེ་དེ་བཞིན་དུ་འགྲུབ་པའི་དགེ་ལེགས་ཀྱི་སྣང་བས་ཕྱོགས་དུས་ཀུན་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ཝཱ་ཎཾ་བྷ་བ་ཏུ།། ༈ །འཕགས་མ་སྒྲོལ་མ་ལ་རྩ་སྔགས་དང་སྦྱར་བའི་སྒོ་ནས་གསོལ་བ་འདེབས་པ་དོན་ཀུན་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། །ཨོཾ་གྱིས་ཐར་དང་འདོད་རྒུའི་མོར་སྟེར། །དཔལ་དང་གཡང་སོགས་སྐལ་པ་བཟང་པོས། །སྲིད་ཞིར་སྨན་མཛད་གསང་བ་གསུམ་བདག །མཆོད་སྦྱིན་འཕགས་མ་ཡུམ་ལ་འདུད་དོ། །ཏཱ་རེ་ཐུགས་བསྐྱེད་རིན་ཆེན་གྲུ་པོས། །འཁོར་བ་ངན་སོང་


LT26_Page_235A
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་མཚོ་ལས། །མཁའ་མཉམ་ཡིད་ཅན་རྟག་ཏུ་སྒྲོལ་བའི། །རྗེ་བཙུན་སྒྲོལ་མ་ཡུམ་ལ་འདུད་དོ། །ཏུཏྟཱ་རེ་ཞེས་བྱིན་རླབས་བདུད་རྩིས། །འཇིག་བཅས་རྒུད་པའི་ཚ་གདུང་བསལ་ནས། །ཕན་བདེའི་པདྨོ་རྒྱས་པར་མཛད་པའི། །གདུང་བ་སྐྱོབ་མ་ཡུམ་ལ་འདུད་དོ། །ཏུ་རེ་ཁྱོད་ཞབས་དྲན་པའི་མདོ་ནས། །གང་འདུལ་མཚན་དང་སྐུ་ཡི་བཀོད་པས། །བདག་ལྟའི་ཕོངས་པ་ཀུན་ལས་སྲུང་བའི། །ཐུགས་རྗེ་མྱུར་མ་ཡུམ་ལ་འདུད་དོ། །སྭཱ་ཧཱ་ཕྲིན་ལས་རྫོགས་ལྡན་སྤྲིན་གྱིས། །དགེ་ལེགས་ནོར་བུའི་གྲུ་ཆར་འབེབས་པས། །ཁམས་གསུམ་འགྲོ་ཀུན་དབུགས་འབྱིན་སྩོལ་བའི། །ཡིད་བཞིན་འཁོར་ལོ་ཡུམ་ལ་འདུད་དོ། །མདོར་ན་སྲས་བཅས་རྒྱལ་བ་ཡོངས་ཀྱི། །ཡེ་ཤེས་གཅིག་བསྡུས་འཕགས་མ་ཁྱོད་ལ། །སྙིང་ནས་གུས་པས་གསོལ་བ་འདེབས་སོ། །བྱང་ཆུབ་བར་དུ་རྗེས་སུ་ཟུངས་ཤིག །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་ཞིང༌། །ཚེ་བསོད་དཔལ་འབྱོར་རིག་དང་བརྩེ་བའི། །མཐུན་རྐྱེན་མ་ལུས་ཕུན་སུམ་ཚོགས་པས། །དོན་གཉིས་འགྲུབ་པར་བྱིན་གྱིས་རློབས་ཤིག །ཅེས་པའང་ལྷག་པའི་ལྷ་མོ་འདི་ཉིད་ལ་གཅིག་ཏུ་གུས་པའི་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྙིང་ནས་དད་པས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག ༈ །ཨོཾ་སྭ་སྟི་སིདྡྷཾ། །རྣམ་དཀར་ཕྱི་མོ་ཆོས་ཀྱི་དབང་པོའི་སྡེས། །དད་པས་བསྒྲུབ་པའི་ལེགས་བྱས་བདུད་རྩི་ཡིས། །བསྟན་འཛིན་མཆོག་རྣམས་བསྐལ་བརྒྱར་ཞབས་བརྟན་ཅིང༌། །ཕན་བདེའི་ཕྲིན་ལས་ནམ་མཁའི་མཐར་ཁྱབ་ཤོག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།