Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
གདམས་ངག་མཛོད་པོད་བཅུ་བདུན་པ།  ཐུགས་རྗེ་ཆེན་པོའི་སྨར་ཁྲིད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་བདུན་པ། ཐུགས་རྗེ་ཆེན་པོའི་སྨར་ཁྲིད།next

གདམས་ངག་མཛོད་པོད་བཅུ་བདུན་པ།
ཐུགས་རྗེ་ཆེན་པོའི་སྨར་ཁྲིད།


LT26_Page_014A
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་སྨར་ཁྲིད་བཞུགས་སོ། །


LT26_Page_014B
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དཀར་ཡོན་ཏན་རྒྱུ་སྐར་གྱི། །ཐིག་ལེའི་སྡེས་བཀུར་རྒྱལ་བ་སྤྱིའི། །སྙིང་རྗེས་གང་བ་སྤྱན་རས་གཟིགས། །འགྲོ་བའི་ཡིད་མཁར་རོལ་དེས་སྐྱོངས། །འདིར་དགེ་སློང་མ་དཔལ་མོའི་ཞལ་སྐྱིན་མོ་ཐུགས་རྗེ་ཆེན་པོའི་སྨར་ཁྲིད་འཆད་པ་ལ། བརྒྱུད་པའི་ལོ་རྒྱུས་དང༌། གདམས་པ་གཉིས་ལས། དང་པོ་ནི། ཨུ་རྒྱན་གྱི་ཡུལ་ཆེན་པོར་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་མཚན་བཟུང་བ་དགུ་བྱུང་བའི་ནང་ནས་མཆོག་ཏུ་གྱུར་བ་ཆེ་འབྲིང་ཆུང་གསུམ་གྱི་འབྲིང་པོ། རབ་ཏུ་བྱུང་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པའི་མཚན་ལྭ་བའི་ན་བཟའ་ཅན། དེའི་ལྕམ་ལྷ་མོ་ཆེན་མོ་ལཀྵིཾ་ཀ་ར་ཞེས་སམ་ལེགས་སྨིན་ཀ་ར་ཞེས་པ་བུད་མེད་རིན་པོ་ཆེའི་མཚན་ཉིད་ཅན་དུ་གྲགས་པ། ཕྱོགས་ཀྱི་རྒྱལ་པོ་རྣམས་ཀྱིས་སློང་པ་ནི། གཅིག་ལ་བྱིན་ན་ལྷག་མ་དགྲར་འགྱུར་བར་ཤེས་ནས་ཡབ་ཡུམ་གྱིས་གནང་བ་བྱིན་ནས་རབ་ཏུ་བྱུང་བས་མཐར་གྱིས་དགེ་སློང་མར་གྱུར་ཏེ། རིག་པའི་གནས་ལྔ་ལ་མཁས་པར་སྦྱངས་པ། དེར་བསྙུན་མཛེའི་རྐྱེན་གྱིས་བསྐུལ་བས། ཇོ་བོ་དཔལ་


LT26_Page_015A
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྙིང་པོ་ལས་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་འདི་བླངས་ནས། ཁ་སར་པ་ཎི་རང་བྱུང་གི་ལྷ་ཁང་དུ་བསྙེན་དུ་བྱོན་པས། ནང་དུ་དཀོར་གཉེར་གྱིས་གཏོར་མ་འདོད་པར། ལྷ་ཁང་གི་རྒྱབ་ཏུ་རྩའི་སྤྱིལ་བོ་བཅས་ནས་བསྒྲུབས་པས་འཕགས་པ་གྲུབ་སྟེ། ལྷ་ཁང་གི་སྒོ་ངང་གིས་དཔལ་མོ་གནས་པའི་ཕྱོགས་སུ་འགྱུར་ཞིང༌། །མཐར་གྲུབ་ཆེན་ཕག་ཚང་པ་དང་ལྷན་ཅིག་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་པས། དགེ་སློང་མའི་བསླབ་པ་ལས་ཉམས་སོ་ཞེས་གྲགས་པ་ངན་པ་བྱུང་བ་བཟློག་པའི་ཕྱིར། བཅོམ་ལྡན་འདས་མ་ཕག་མོ་དབུ་བཅད་མའི་ཚུལ་དུ་ཀུན་གྱིས་མཐོང་བར་མཁའ་སྤྱོད་ལ་གཤེགས་པ་ཡིན་ནོ། །དེས་པཎྜི་ཏ་དཔལ་གྱི་བཟང་པོ། དེས་ཏིང་འཛིན་བཟང་པོ། དེས་ཀྱང་ལྷག་པའི་ལྷ་འོད་དཔག་ཏུ་མེད་པའི་ཐུགས་རྗེའི་སྒྱུ་མ་ཇོ་བོ་རྗེ་ལྷ་གཅིག་ལ་གདམས་ཤིང༌། དེ་ལས་རིམ་པར་བརྒྱུད་དེ། ཆོས་ཀྱི་རྗེ་གཙང་པ་རྒྱ་རས་པ་དཔོན་སློབ་ཀྱིས་ཉམས་སུ་གདར་བྱར་གྱུར་ཏོ། །གཉིས་པ་ལ།


LT26_Page_015B
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ། དངོས་གཞི་གཉིས་ལས། དང་པོ་ནི། དལ་འབྱོར་རྙེད་དཀའ་ཞིང་མྱུར་དུ་འཇིག་པ་དང༌། ལས་དང་འབྲས་བུའི་འབྲེལ་པ་ལ་ཡིད་ཆེས་པས་འཁོར་བས་འཇིགས་ཤིང༌། ཐར་པ་ཆེན་པོ་ཐོབ་པར་འདོད་པའི་དད་པ་ཅན་དག་གིས་བདེ་བའི་སྟན་ལ་འདུག་སྟེ། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་དང༌། སེམས་ཅན་ཐམས་ཅད་བུ་ཆུང་དུ་མའི་མ་དང་མཚུངས་པར་ལྟ་བས་ཚད་མེད་པའི་མིང་ཐོབ་པ་ལ་བསླབ་པར་བྱའོ། །གཉིས་པ་དངོས་གཞི་ལ། བསྐྱེད་རིམ། རྫོགས་རིམ། ལས་ཁ་ཚར་བ་བསྟན་པ་གསུམ་ལས། དང་པོ་ལ། གཙོ་རྐྱང་དུ་སྒྲུབ་པ་གཙོ་འཁོར་སྦྲགས་ཏེ་སྒྲུབ་པ། སེམས་དཔའ་སུམ་བརྩེགས་སུ་སྒྲུབ་པ། རིགས་དྲུག་གིས་ས་བོན་སྲེག་པ། རིགས་ལྔར་སྒྲུབ་བ། ཞིང་ཁམས་སྦྱང་བ། ཚེ་རུ་སྒྲུབ་པ་དང་བདུན་ལས་དང་པོ་ནི། ཤེས་རབ་ཀྱི་མིག་གིས་གང་ཟག་གི་བདག་མེད་རྙེད་པ་བདག་གི་དེ་ཁོ་ན་ཉིད་དེ། དེ་ལ་གནས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ། དེའི་གསལ་སྣང༌། བྷྲཱུྃ་ལས་པོ་ཊ་ལའི་རི་སྤོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་བརླབས་པའི་ནོར་བུ་རིན་པོ་ཆེའི་གཞལ་མེད་ཁང་མཚན་ཉིད་ཚང་ལ་ཡིད་དུ་འོང་བ་ཐམས་ཅད་ཀྱིས་བལྟ་ན་སྡུག་པར་བྱས་པའི་ནང་དུ། པཾ་ལས་པདྨའི་སྡོང་པོ་ཟེའུ་འབྲུའི་ནང་དུ་ཟླ་བ་ཕྱེད་ཙམ་དིམ་པའི་གདན་ལ་ཧྲཱིཿ དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། འཕགས་པའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ཁ་བ་གསར་བའི་མདངས་ལྟར་དཀར་


LT26_Page_016A
[མ་དཔེ་གཟིགས་ན་འདིར་གནོན།]

བ། རྩ་བའི་ཕྱག་གཉིས་ཐལ་མོ་སྦྱར་ཞིང༌། འོག་མ་གཉིས་བགྲང་འཕྲེང་དང་ཆུ་སྐྱེས་འཛིན་པ། ཤིན་ཏུ་ཞི་བའི་སྐུ་མཛེས་སྡུག་གི་རི་མོ་རྫོགས་པ། མཚན་དཔེའི་བྱིན་གྱིས་མཚར་ཞིང༌། རིན་པོ་ཆེའི་རྒྱན་དང༌། དར་གྱི་ན་བཟས་ཀླུབས་ནས་ཁ་དོག་ལྔ་བའི་འཇའི་སྣལ་མས་ཁོར་ཡུག་ཏུ་བྱས་པའི་ནང་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་ཆ་སྟོད་དུ་ཧཱུྃ། ཆ་སྨད་དུ་ཟླ་བ་ལ་ཧྲཱིཿ དེ་ལས་འཕྲོས་པའི་འོད་ཟེར་གྱི་ལྕགས་ཀྱུས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེའི་སྤྱི་གཟུགས་ཅན་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ། བདག་ཉིད་དང་གཉིས་སུ་མེད་པར་བསྲེས། སླར་ཡང་དེ་བཞིན་གཤེགས་པ་ལྔ་སྤྱན་དྲངས་པ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་བརྩིའི་གང་བས་དབང་བསྐུར་བའི་རྒྱུན་སྤྱི་བོར་ལུད་པ་ལས། རལ་པའི་ཟུར་ཕུད་ཀྱི་དབུས་སུ་རྩ་བའི་བླ་མ་འོད་དཔག་མེད་མཆོག་གི་སྤྲུལ་པའི་སྐུ་ཡི་ཆ་བྱད་ཅན་གྱི་རྒྱས་བཏབ་པ་ལ་སེམས་བཟུང་སྟེ། རེག་པའམ་མཐོང་བ་ཙམ་གྱིས་བར་དུ་བསླབ་པར་བྱའོ། །དེ་ནས་ངལ་ན་ས་བོན་གྱི་མཐར། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་སྔགས་གཡས་བསྐོར་དུ་གསལ་བཏབ་སྟེ་འོད་ཀྱི་སྤྲོ་བསྡུ་ལ་དམིགས་ཏེ་བཟླ་བར་བྱའོ། །དེ་ལས་དུབ་ན་སྣོད་བཅུད་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་འདུ་བ་ལྟར་སྐད་ཅིག་གིས་སྟོང་པ་ཉིད་ལ་བཅུག་སྟེ། དེའི་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་གཏང་བར་བྱའོ། །གཉིས་པ་ནི། གཞན་འདྲ་བ་ལས། པཾ་ལས་རྩ་བ་གཅིག་ལས་སྡོང་པོ་གསུམ་དུ་གྱེས་པའི་པདྨའི་གེ་སར་གྱི་ནང་དུ་ཕྱེད་རྩམ་དིམ་པའི་ཟླ་བ་ལ་དབུས་སུ་ཧྲཱིཿ གཡོན་གཡས་སུ་ཐིག་ལེ་དཀར་སེར་གསལ་བཏབ་ནས། གཙོ་བོ་བསྐྱེད་པའི་བར་སྔར་བཞིན་ལ། གཡོན་གྱི་ཐིག་ལེ་


LT26_Page_016B
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་ཡི་གེ་དྲུག་མ། ལྷའི་བུ་མོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། དཀར་མོ་རྒྱན་དང་ཕྱག་རྒྱ་བཅོམ་ལྡན་འདས་དང་མཚུངས་པ་ལ་ཕྱེད་སྐྱིལ་གྱིས་བཞུགས་པ་གཡས་ཀྱི་ཐིག་ལེ་སྲས་ནོར་བུ་འཛིན་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི། རྩ་བའི་ཕྱག་ཐལ་སྦྱར་དང༌། ནོར་བུ་དང་ཆུ་སྐྱེས་འཛིན་པ། རྒྱན་གྱི་སྤྲས་ཏེ་ཕྱེད་སྐྱིལ་གྱིས་བཞུགས་ཏེ། གཉིས་ཀའང་བཅོམ་ལྡན་འདས་ལ་གུས་པས་མངོན་པར་ཕྱོགས་པའོ། །ལྷ་གསུམ་ཀའི་སྤྱི་བོར་ཨོཾ་ནས་བཟླས་པའི་བར་སྔར་བཞིན། བཟླ་དུས་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས་པ། ཡུམ་སྲས་ཀྱི་ཐུགས་ཀ་ནས་སླར་འཁོར་བའི་སྤྲོ་བསྡུ་ལ་དམིགས་པར་བྱའོ། །གསུམ་པ་ནི། ལྷ་གསུམ་བསྐྱེད་པ་ནས་རྒྱས་བཏབ་ཀྱི་བར་སྔར་བཞིན་ལ་གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཁའ་ལ་སྤྱོད་པའི་སྤྱན་རས་གཟིགས། ཕྱག་གཡས་མཆོག་སྦྱིན། གཡོན་ཐུགས་ཀར་ཆུ་སྐྱེས་ཀྱི་སྡོང་བུ་འཛིན་པ། ཤིན་ཏུ་བཞེངས་སྐུ་དྲང་སྲོང་གི་ཆ་བྱད་ཅན་པད་ཟླ་ལ་བཞུགས་པ། དེའི་ཡང་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ། ཟླ་བ་ལ་ཧྲཱིཿཡིག་སྔགས་ཀྱིས་བསྐོར་བ་ལ་གསལ་བཏབ་ནས་ལྷ་གསུམ་ཀའི་ཐུགས་ཀ་ནས་རང་དང་འདྲ་བའི་ལྷ་འོད་ཟེར་གྱི་སྣ་ལ་བཞུགས་པ་སྤྲོས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་བསམ་མོ། །བཞི་པ་ནི། བདག་ཉིད་ཀྱི་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་སུ་དམར་སྐྱ། སྙིང་གར་མིའི་ནྲྀ་སྔོན་པོ། ལྟེ་བར་དུད་འགྲོའི་ཏྲི་སེར་པོ། ཆུ་ལམ་དུ་ཡི་དྭགས་ཀྱི་པྲེ་ལྗང་ཁུ། བཤང་ལམ་དུ་དམྱལ་བའི་དུ་དུད་ཁ་རྣམས་དང༌། མདུན་དུ་བཅོམ་ལྡན་འདས་གཙོ་རྐྱང་སྤྱན་རས་གཟིགས་གཙོ་རྐྱང་བཞིན་བསྐྱེད། བཟླས་པའི་དུས་བཅོམ་ལྡན་


LT26_Page_017A
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱི་གནས་དྲུག་ཏུ་ཟླ་བའི་དཀྱིལ་འཁོར་ལ། ཨོཾ༴ མ༴ ཎི༴ པད༴ མེ༴ ཧཱུྃ། ཞེས་པའི་ས་བོན་ལ་རིག་པའི་རྒྱལ་པོ་དེ་ཉིད་ཀྱིས་བསྐོར་བ། དཀར་དམར་སྔོ་སེར་ལྗང་མཐིང་ག་གསལ་བཏབ་སྟེ་སྔགས་དྲག་པོའི་བཛབ་ཏུ་བཟླ་དུས། བཤང་བའི་དུ་ལས་འོད་ཟེར་ནག་པོ་འཕྲོས་པས། རང་གཞན་གྱིས་ཐོག་མ་མེད་པ་ནས་བསགས་པའི་དམྱལ་བ་མྱོང་འགྱུར་གྱི་ལས་ངན་བག་ཆགས་དང་བཅས་པ་བསྡུས། དམྱལ་བའི་གནས་གཟུགས་སྡུག་བསྔལ་དང་བཅས་པ་བསྒྱུར་ནས། ཅུང་ཟད་གསལ་བཏབ་པའི་མཐར། མདུན་བསྐྱེད་ཀྱི་ཧཱུྃ་ཡིག་ལས་ཡེ་ཤེས་ཀྱི་མེ་ལྕེ་འཕྲོས། བཤང་བའི་ལམ་དུ་ཞུགས། དམྱལ་བའི་གནས་གཟུགས་སྡུག་བསྔལ་རྣམས་བསྲེགས་ནས། ཧཱུྃ་ཡིག་ནག་པོ་གཅིག་ཏུ་གྱུར། དེ་བཞིན་དུ་གནས་ལྔ་ལའང་རིགས་འགྲེའོ། །མཐར་མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་བདག་ཉིད་ལ་བསྟིམ་མོ། །ལྔ་པ་ནི། རང་གི་བཤང་ལམ་གྱི་ཧཱུྃ་ཡིག་ལས་མེ་འབར། རྣམ་སྨིན་གྱི་ལུས་སྦྱངས་ནས། སྤྱན་རས་གཟིགས་ཀྱི་སྐུར་བྱས་པའི་སྤྱི་བོར་ཨོཾ་ལས་སྐུའི་སྤྱན་རས་གཟིགས་དཀར་པོ། མགྲིན་པར་མ་ལས་གསུང་གི་དམར་པོ། སྙིང་གར་ཎི་ལས་ཐུགས་ཀྱི་སྔོན་པོ། ལྟེ་བར་པད་ལས་ཡོན་ཏན་གྱི་སེར་པོ། གསང་གནས་སུ་མེ་ལས་ཕྲིན་ལས་ཀྱི་སྤྱན་རས་གཟིགས་ལྗང་ཁུ་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་ས་བོན་སྔགས་ཕྲེང་དང་བཅས་པ་རང་གི་ཁ་དོག་དང་མཐུན་པར་གསལ་བཏབ། སྔགས་བཟླ་བའི་དུས། སྤྱི་བོ་ལས་འོད་ཟེར་དཀར་པོ་འཕྲོས། བདག་གི་ལུས་ཐམས་ཅད་གང༌། བ་སྤུའི་བུ་ག་རྣམས་ནས་ཕྱིར་སོང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བདག་གཞན་ཐམས་ཅད་ཀྱི་ཉོན་མོངས་པ་གཏི་མུག་དང་དེའི་


LT26_Page_017B
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་བསགས་པའི་ལས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། སྤྱན་རས་གཟིགས་ཀྱི་སྐུའི་དངོས་གྲུབ་ཐོབ་པར་བསམས་ལ་བཟླའོ། །དེ་བཞིན་དུ་མགྲིན་པར་འདོད་ཆགས་གསུང་གི༴ སྙིང་གར་ཞེ་སྡང་༴ ཐུགས་ཀྱི༴ ལྟེ་བར་ང་རྒྱལ༴ ཡོན་ཏན༴ གསང་གནས་སུ་ཕྲག་དོག༴ ཕྲིན་ལས༴ དྲུག་པ་ནི། སེམས་གཡོ་བ་མེད་པའི་རྒྱུན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ཅིང༌། དེ་ལས་མི་གནས་པར་འཕྲོ་ན། འཕྲོ་མཁན་གྱི་ཤེས་པ་ལ་སོ་སོར་བརྟགས་ཏེ་ཕྱིན་ཅི་ལོག་ལས་ཕྱུང་ནས་ཡང་དག་པའི་ངང་དུ་བཞག་གོ །འདི་ནི་ངོ་བོའི་སྒོ་ནས་ཞིང་ཆོས་སྐུར་སྦྱར་བ་ཞེས་བྱའོ། །དེ་ལས་ལངས་པའི་རྗེས་ཐོག་ཏུ་གང་ཤར་གྱི་སྣང་བ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུར་རྟོགས་པས་ལྷག་པར་མོས་པར་བྱེད་པ་སྣང་ཚད་སྐུའི་འཁྱེར་སོ་ཞེས་བྱའོ། །སྒྲ་ལྷང་ལྷང་གྲགས་པ་ཐམས་ཅད་ཡི་གེ་དྲུག་པར་རྟོགས་པས་ལྷག་པར་མོས་པར་བྱེད་པ་གྲགས་ཚད་གསུང་གི་འཁྱེར་སོ་ཞེས་བྱའོ། །ཡིད་ཀྱི་རབ་ཏུ་གཡོ་བ་ཐམས་ཅད་སྒྱུ་མ་ཙམ་དུ་རྟོགས་པས་ལྷག་པར་མོས་པ་འཆར་ཚད་ཐུགས་ཆོས་ཉིད་ཀྱི་འཁྱེར་སོ་ཞེས་བྱའོ། །འདི་ནི་རྣམ་པའི་སྒོ་ནས་ཞིང་ལོངས་སྐུར་སྒྱུར་བ་ཞེས་བྱའོ། །ཐོ་རངས་ཀྱི་ཚེ། བདག་ཉིད་འཕགས་པའི་སྐུར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་ཤི་གསོས་ཀྱི་བདུད་རྩི་ལྟ་བུ་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་ནད་དང་སྡུག་བསྔལ། མྱ་ངན་དང་ཡིད་མི་བདེ་བ་ཐམས་ཅད་དག་པ་དང༌། སྔ་དྲོ་འོད་ཟེར་དམར་པོ་ལྕགས་ཀྱུའི་རྣམ་པ་ཅན་འཕྲོས་པས། སྣང་མི་སྣང་བའི་རྒྱུ་མི་རྒྱུའི་འགྲོ་བ་ཐམས་ཅད་རང་དབང་དང་བྲལ་བར་བདག་གི་དབང་དུ་གྱུར་པ་དང༌། དགོང་མོ་སྔགས་འཕྲེང་སྔོན་པོ་ལས་འོད་ཟེར་འཕྲོས་པས། བདག་གཞན་ཐམས་ཅད་


LT26_Page_018A
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་འདོད་ཆགས་ཞེ་སྡང་གཏི་མུག་གི་དགྲ་བོ་སྟོང་པ་ཉིད་ཀྱི་འབྲུག་ཁུང་དུ་བཀུག །འདོད་ཆགས་མི་སྡུག་པ་དང༌། ཞེ་སྡང་བྱམས་པ་དང༌། གཏི་མུག་སོ་སོར་རྟོགས་པའི་མཚོན་ཆས་བསད། སོ་སོ་རང་རིག་པའི་ཕོ་ཉས་ཟོས་པས་ཚིམ་པར་བསམ་པ་དང༌། སྲོད་ལ་འོད་ཟེར་སེར་པོ་འཕྲོས་པས། བདག་གཞན་གྱི་བསོད་ནམས་དང་འབྱོར་བ་ཕུན་སུམ་ཚོགས་པ་རྒྱས་པར་བསམ། བདག་སངས་རྒྱས་པའི་ཞིང་དུ་སེམས་ཅན་ཐམས་ཅད་ཞི་རྒྱས་དབང་དྲག་བཞི་ལ་དབང་འབྱོར་པ་ཤ་སྟག་འབྱུང་བར་གྱུར་ཅིག་ཅེས་བསྔོ་བ་ཞིང་སྤྲུལ་སྐུར་སྦྱང་བའོ། །བདུན་པ་ནི། སྤྱི་བོའི་བླ་མ་འོད་དཔག་མེད་པའི་ཕྱག་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་རླབས་པའི་འཆི་བ་མེད་པའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ་ལ་དམིགས་ནས། སྔགས་གསོལ་འདེབས་ཀྱི་ཚུལ་དུ་བཟླས་པས། བདུད་རྩི་ཆིལ་ཆིལ་ལུད་པ་བདག་སྤྱན་རས་གཟིགས་སུ་གསལ་བའི་སྤྱི་བོ་ནས་བཞུགས་པས། ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ནད་ཐམས་ཅད་དུད་ཁུའི་རྣམ་པ་དང༌། གདོན་བགེགས་འཆི་བདག་ལ་སོགས་པའི་བདུད་བཞི་མི་སྡུག་པའི་གཟུགས་སུ་རྐང་པའི་མཐེ་བོང་ནས་དོན་པས། ལུས་དྲི་མ་མེད་པར་གྱུར་པ་འཆི་མེད་ཀྱི་བདུད་རྩིས་གང་བས། གསེར་འགྱུར་གྱི་རྩིས་ལྕགས་བསྲེགས་པ་ལ་རེག་པ་བཞིན། ལུས་ངག་ཡིད་གསུམ་འཆི་བ་མེད་པ་སྐུ་གསུང་ཐུགས་རྡོ་རྗེར་གྱུར་པར་བསམ་མོ། །གཉིས་པ་རྫོགས་རིམ་ལ། ཞི་གནས་དང༌། ལྷག་མཐོང་གཉིས་ལས། དང་པོ་ནི། ཀླུའི་དབང་པོ་གཉིད་ཀྱིས་ལོག་པ་ལྟ་བུར་ལུས་དྲང་པོར་བསྲང༌། མིག་གཉའ་ཤིང་གང་ཙམ་གྱི་ཐད་དུ་གཡོ་བ་མེད་པར་གཏད། དེ་ནས་སེམས་དང་པོར་ནང་ཉིད་ལ་བསྒྲིམས་ནས། དམིགས་པ་


LT26_Page_018B
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་སེམས་གཏང་ན་གནས་པ་སྐྱེ་བར་འགྱུར་བ་དེ་བསྒོམ་སྟེ། ཀླུའི་བྱང་ཆུབ་ལ་མགོ་ལ་མ་ཧེའི་ར་སྐྱེས་པ་སྒོམ་དུ་བཅུག་པས་སེམས་ཟིན་པ་བཞིན་ནོ། །གལ་ཏེ་མི་གནས་པར་འཕྲོ་ན། ཐོལ་སྐྱེས་རྦད་གཅོད་ཀྱིས་འགྱུ་པའི་འཕྲང་དགག་པར་བྱའོ། །གཞན་དུ་དྲན་པའི་སོ་བ་བཀོད་ནས་དམིགས་པའི་རྒྱུན་ལ་བརྟགས་པས། ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པར་འགྲུབ་སྟེ་ཞི་གནས་ཞེས་བྱའོ། །དེའི་ངང་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་བསྒྲུབ་པར་བྱའོ། །གཉིས་པ་དཔྱོད་པ་ལ། སྤྱོད་ལམ་ལ་རྣམ་པར་དཔྱོད་པ་དང༌། དམིགས་པ་རྣམ་པར་སྤྱོད་པ་དང༌། ཉོན་མོངས་པ་རྣམ་པར་སྤྱོད་པའི་ཚུལ་གསུམ་ལས། དང་པོ་ནི། འགྲོ་བ་དང༌། འཆགས་པ་དང༌། ཉལ་བ་དང༌། འདུག་པའི་གནས་སྐབས་ཐམས་ཅད་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་མ་ཡེངས་པར་ཡོངས་སུ་དཔྱོད་པར་བྱེད་པའོ། །གཉིས་པ་ནི། ཚོགས་དྲུག་གི་སྣང་བ་དགག་སྒྲུབ་ཀྱི་བཟོ་བཅོས་མི་བྱ་བར་ལྷུག་པར་འཇོག་པ་སྟེ། དེས་མི་འཆིང་ཞིང་གྲོལ་བར་འགྱུར་བ་སྒྱུ་མ་མཁན་ལ་སྒྱུ་མ་བཞིན་ནོ། །གསུམ་པ་ནི། ཉོན་མོངས་པ་དུག་གསུམ་མམ་ལྔ་ལ་སོགས་པ་གང་ཤར་ཡང་དེ་ཉིད་དངོས་བཟུང་ནས། དེའི་རང་ངོ་ལ་སོ་སོར་རང་གི་རིག་པས་བརྟགས་ནས། ཆེད་དུ་སྤང་མ་དགོས་པར་རང་ཞིར་འགྱུར་ཏེ། ཚུལ་འདིས་ཉོན་མོངས་པ་ཐམས་ཅད་བྱང་ཆུབ་ཐོབ་པའི་ཐབས་ཀྱི་མཆོག་ཏུ་འགྱུར་རོ། །གསུམ་པ་ལས་ཁ་ཚར་བསྟན་པ་ལ། ཐོག་མར་ལྡང་བའི་ཚེ་རང་ཉིད་འཕགས་པ་སྤྱན་རས་གཟིགས་དང༌། གོས་དང་རྒྱན་ཐམས་ཅད་ན་བཟའ་དང་རྒྱན་དུ་ཤེས་པས་བགོ་ཞིང༌། བྱ་སྤྱོད་ཐམས་ཅད་གཞན་དོན་གྱི་བསམ་པས་སྤྱོད་པའོ། །ཆུ་སྦྱིན་ནི། ལག་པ་གཙང་མར་བཀྲུས་


LT26_Page_019A
[མ་དཔེ་གཟིགས་ན་འདིར་གནོན།]

རྩམ་པའི་དྲིས་མ་རེག་པར་བྱས་ལ། མ་ཎི་ངག་ཏུ་བརྗོད་ཅིང་ཆུ་སྦྱིན་པ་དང༌། ཡིད་ཀྱི་དམིགས་པ་རང་ཉིད་འཕགས་པ་སྤྱན་རས་གཟིགས་སུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡི་དྭགས་ཀྱི་ཚོགས་མདུན་དུ་བཀུག །ཕྱག་མཐིལ་ནས་བདུད་རྩི་འོ་མ་ལྟ་བུའི་རྒྱུན་བྱིན་པས་ངོམས་ཤིང་ཚིམས་པས་སྡུག་བསྔལ་དང༌། མྱ་ངན་དང༌། ཡིད་མི་བདེ་བ་ལས་ཐར་པར་བསམས་ལ་མཐར་རང་གནས་སུ་སོང་བར་བལྟའོ། །སཱཙྪ་གདབ་པ་ནི། ས་རྐོ་བ། འབི་འབི་རིན་པོ་ཆེ་ལྔའི་རང་བཞིན་དུ་བྱིན་གྱིས་རླབས་པ། འདེབས་པ། ཡེ་ཤེས་པ་བསྟིམ་པ། རབ་གནས་ཐམས་ཅད་ཡི་གེ་དྲུག་པའི་རིག་སྔགས་ཀྱིས་འགྲུབ་བོ། །ཟས་ཀྱི་རྣལ་འབྱོར་ནི། རང་ཉིད་ལྷར་གསལ་བའི་གནས་ལྔར་རིགས་ལྔ་གསལ་བཏབ། སྤྱི་བོའི་བླ་མ་དང་བཅས་པས་བཟའ་བཏུང་འཆི་མེད་ཀྱི་བདུད་རྩིར་གྱུར་པ་ལོངས་སྤྱོད་པས་ཚིམ་པར་བསམ་པས་སོ། །ནམ་གུང་ཤེས་བྱ་བུམ་པར་བཅུག་པའི་རྣལ་འབྱོར་ནི། རང་ཉིད་འཕགས་པར་གསལ་བཏབ་པའི་སྙིང་གར་ཡེ་ཤེས་སེམས་དཔའ། དེའི་འོད་ཀྱིས་སྣང་བ་ཐམས་ཅད་སྒྲིབ་བྲལ་དུ་སྦྱང་བར་བྱ་སྟེ། སེམས་མ་ཡེངས་པའི་དྲན་པ་ལ་བཅིངས་པ་ཉིད་ཀྱིས་སོ། །འདའ་ཁ་མ་འཕོ་བའི་རྣལ་འབྱོར་ནི། རང་སྤྱན་རས་གཟིགས་དང༌། སྤྱི་བོར་བླ་མ་འོད་དཔག་མེད་གསལ་བཏབ་པའི་སྐུ་ལུས་ཀྱི་དབུས་སུ་ཡེ་ཤེས་ཀྱི་དབུ་མ། རང་གི་ལྟེ་བའི་ཐད་དུ་རྣམ་པར་ཤེས་པ་ཐིག་ལེ་ཙ་ན་ཀའི་ཚད་ཙམ་དུ་ཕྲ་བ་བལྟས་ཏེ། རླུང་བཟུང༌། མཐར་འོག་གི་རླུང་དྲག་ཏུ་བསྐུལ་བས་སྣའི་སྒོར་ཤུགས་དང་བཅས་ཏེ་འབྱིན་པ་བསྟུན། ཡིད་ཀྱི་ཐིག་ལེ་དབུ་མའི་ནང་ནས་བླ་མའི་ཐུགས་ཀར་རྩལ་པོ་ཆེས་འདའ་འཕངས་བ་བཞིན་སོང་བར་བསམས་ཏེ། མཐར་


LT26_Page_019B
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་མེད་པ་ལ་ཡུད་ཙམ་གཞག་ཅིང༌། དེའི་ཚེ་རླུང་ནང་དུ་མི་རྔུབས་པའོ། །ཐམས་ཅད་ཀྱི་མཐར་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བྱང་ཆུབ་ཆེན་པོར་བསྔོ་བ་ནི། བསྔོ་བ་སྨོན་ལམ་གྱི་རྣལ་འབྱོར་རོ། །དེ་ལྟར་ཐུགས་རྗེ་ཆེན་པོའི་སྨར་ཁྲིད་ཤིན་ཏུ་ཉུང་ངུར་བསྡུས་པའི་ཡི་གེ་འདིའང༌། འཕྱོངས་རྒྱས་ནས་སྡེ་བ་ཧོར་ཕྲུག་མགོན་པོ་ཚེ་འཕེལ་གྱིས་བསྐུལ་བའི་ངོར། དགེ་སློང་པདྨ་དཀར་པོས། དགེ་བའི་བཤེས་གཉེན་མང་པོས་བྱིན་གྱིས་བརླབས་པའི་ཐང་པོ་ཆེའི་ཆོས་སྐྱོང་བའི་ཕོ་བྲང་ཐོབ་རྒྱལ་ལྷ་རྩེར་སྦྱར་བའོ།། །།


previousགདམས་ངག་མཛོད་པོད་བཅུ་བདུན་པ། ཐུགས་རྗེ་ཆེན་པོའི་སྨར་ཁྲིད།next