Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་བདུན་པ།  བོ་དོང་རས་ཆེན་དཔལ་འབྱོར་བཟང་པོའི་ལུགས་ཀྱི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བླ་མའི་ཞལ་ལུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་བདུན་པ། བོ་དོང་རས་ཆེན་དཔལ་འབྱོར་བཟང་པོའི་ལུགས་ཀྱི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བླ་མའི་ཞལ་ལུང་།next

གདམས་ངག་མཛོད་པོད་བཅུ་བདུན་པ།
བོ་དོང་རས་ཆེན་དཔལ་འབྱོར་བཟང་པོའི་ལུགས་ཀྱི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བླ་མའི་ཞལ་ལུང་།


LT26_Page_060A
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དོང་རས་ཆེན་དཔལ་འབྱོར་བཟང་པོའི་ལུགས་ཀྱི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།། །།


LT26_Page_060B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་ཝཱ་ར་ཧཱི་པཱ་དཱ་ཡ། །དེ་ལ་འདིར་རིང་བརྒྱུད་ནཱ་རོ་དང༌། ནི་གུ་ནས་བརྒྱུད་པའི་གཏུམ་མོའི་མན་ངག་ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ་ལ་བཀའ་བབས་པ་དང༌། ཉེ་བརྒྱུད་བོ་དོང་རས་ཆེན་དཔལ་འབྱོར་བཟང་པོ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མས་དངོས་སུ་གནང་བའི་སྙན་བརྒྱུད་གཏུམ་མོའི་མན་ངག་ཞག་བདུན་མའི་གདམས་ངག་ཟབ་མོ་ལ་བརྟེན་ནས་འཇའ་ལུས་རྡོ་རྗེའི་སྐུ་སྒྲུབ་པར་བྱེད་པའི་འཁྲིད་ཀྱི་རིམ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། ཐུན་མོང་དང༌། ཐུན་མོང་མ་ཡིན་པ་དང༌། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ནི། བདེ་མཆོག་འཁོར་ལོ་ལ་སོགས་པ་རྣལ་འབྱོར་བླ་མེད་མ་རྒྱུད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསྒོམ་པ་རྣམས་གཞན་དང་མཐུན། གཉིས་པ་ལ་གསུམ། སྐྱབས་འགྲོ། སེམས་བསྐྱེད། བླ་མའི་རྣལ་འབྱོར་རོ། །དང་པོ་ནི། ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་ཆེན་པོར་གསལ་བའི་རང་གི་མདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་ཆུ་གཏེར་


LT26_Page_061A
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་བཞིན་གྱི་ནོར་བུས་གཏམས་པའི་དབུས་སུ་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་ལྔ་པའི་ལྟེ་བར་རྩ་བའི་བླ་མ་རྡོ་རྗེ་འཆང་གཏུམ་མོ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མདུན་དུ་པད་ཉི་རོའི་གདན་ལ་ཡི་དམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་ཁ་ཊྭཱཾ་ག་འཛིན་ཅིང༌། རུས་པའི་ཕྱག་རྒྱ་ལྔས་སྤྲས་པ། མི་མགོ་སྐམ་པོའི་དབུ་རྒྱན་དང༌། རློན་པའི་དོ་ཤལ་ཅན་རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགས་པ། ཞབས་གཡས་བསྐུམ་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་མཐར་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ། གཡས་སུ་སངས་རྒྱས་སྤྲུལ་སྐུའི་རྣམ་པ་ཅན། རྒྱབ་ཏུ་དམ་ཆོས། གཡོན་དུ་དགེ་འདུན། མཐའ་བསྐོར་ཀུན་ཏུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་ཤིང་དྭངས་བས་འཁོད་པར་མོས་ལ། ཐོག་མར། ཨོཾ་ཨཱཿཧཱུྃ། སྒོ་གསུམ་དག་པར་བྱེད་པ་ཞེས་སོགས་རྡོ་རྗེའི་རྣལ་འབྱོར་ཟབ་མོ་ལ་འཇུག་པར་དམ་བཅའ་བའི་ཚུལ་གྱིས་བརྗོད་རྗེས། མོས་གུས་གདུང་ཤུགས་དྲག་པོས། སངས་རྒྱས་ཆོས་དང་ཞེས་སོགས་སྐྱབས་འགྲོ་ཅི་ནུས་སུ་བྱ།


LT26_Page_061B
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། །བདག་གཞན་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་གཏུམ་མོའི་རྣལ་འབྱོར་ལ་འཇུག་པར་བགྱིའོ་སྙམ་པས། རང་གཞན་དོན་གཉིས་སོགས་བརྗོད། མཐར་སྐྱབས་ཡུལ་རྣམས་ལས་འོད་ཟེར་འཕྲོས། རང་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་དག་ཅིང་བྱིན་གྱིས་རློབས། སྐྱབས་ཡུལ་རིམ་པར་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་མོ། །གསུམ་པ་ལ་ལྔ། བླ་མའི་རྣལ་འབྱོར་གསལ་གདབ་པ། འབྲུ་གསུམ་གྱི་བཟླས་པ་བྱ་བ། ནང་གི་མཎྜལ་འབུལ་བ། གདུང་ཤུགས་ཀྱིས་གསོལ་བ་གདབ་པ། ཏིང་ངེ་འཛིན་གྱི་དབང་བླང་བའོ། །དང་པོ་ནི། །ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་རང་གི་གཞི་ལུས་སྐད་ཅིག་གིས་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་ལམ་གྱིས་གསལ་བཏབ། དེ་ནས། ཨོཾ་ཞེས་བརྗོད་པས་གཟུང་སྣང་ཐམས་ཅད་སྐུ་རྡོ་རྗེའི་ངོ་བོ་རྣམ་སྣང་དཀར་པོ་འོད་དུ་ཞུ་བ་ལས་བྱུང་བའི་ཐར་པ་ཆེན་པོའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཨཱ༔ཞེས་བརྗོད་པས་སྒྲར་གྲགས་ཐམས་ཅད་གསུང་རྡོ་རྗེའི་ངོ་བོ་འོད་དཔག་མེད་དམར་པོ་འོད་དུ་ཞུ་བ་ལས་པདྨ་ཟླ་བའི་གདན། ཧཱུྃ་ཞེས་བརྗོད་པས་དེའི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་རང་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བཞིན་པ་སླར་ཡང་གསལ་སྣང་ལེགས་པར་འདོན། དེའི་སྤྱི་བོར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་མ་ཟླ་བ་སྟེ་གདན་བཞི་བརྩེགས་ཀྱི་སྟེང་དུ་རྩ་བའི་བླ་མ་ཉིད་རང་གིས་བསྒོམས་པ་ཇི་ལྟ་བའི་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བཏབ་ནས་སེམས་བཟུང༌། གཉིས་པ་ནི། །བླ་མའི་སྐུ་གསུང་ཐུགས་ཀྱིས་རང་གི་ལུས་ངག་ཡིད་གསུམ་དྭངས་མ་མི་ཤིགས་གསུམ་ལྡན་གྱི་ངོ་བོར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས། ཨོཾ་ཨཱཿཧཱུྃ་ཞེས་རྩེ་གཅིག་ཏུ་བཟླ། གསུམ་པ་ནི། །སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས་པའི་ངང་ལས། རང་གི་ལུས་ཐ་མལ་དུ་གནས་པ་རྒྱ་མ་ཞིག་པར་


LT26_Page_062A
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་པོར་མཎྜལ་དུ་འབུལ་ཏེ། དེ་ཡང་ཤ་ཁྲག་དྲོད་དབུགས་འབྱུང་བ་བཞིའི་ངོ་བོ་ཡབ་ཡུམ་བཞིའི་རང་བཞིན་རྣམ་པར་དག་པ་འབྱུང་བ་རིམ་བརྩེགས་ཀྱི་རྟེན། རྩ་ཨ་བ་དྷཱུ་ཏི་ལུས་ཀྱི་དབུས་དྲང་པོར་གནས་པ་དང་གཟུང་འཛིན་གྱི་ཕྱོགས་སུ་མ་ལྷུང་བས་རི་རབ། ལྟེ་བ་སྤྲུལ་པའི་འཁོར་ལོ་ལུས་ཀྱི་བསྐྱེད་གཞི་ཡིན་པས་ལུས་འཕགས། ལོངས་སྤྱོད་འཁོར་ལོ་ཟས་སྐོམ་ལོངས་སྤྱོད་ཅིང་སྨྲ་བ་ཆོས་མཐུན་དུ་འབྱུང་བས་འཛམ་གླིང༌། ཆོས་ཀྱི་འཁོར་ལོ་རང་བཞིན་བརྒྱད་ཅུའི་རྟོག་པ་ནུབ་པས་བ་ལང་སྤྱོད། བདེ་ཆེན་འཁོར་ལོ་ཧྂ་ཡིག་བདེ་བ་ཆེན་པོའི་རྒྱུན་གྱིས་ལུས་འཚོ་བར་བྱེད་པས་སྒྲ་མི་སྙན། དེ་ལས་གྱེས་པའི་རྩ་ཕྲན་དང༌། སྐྲ་དང༌། བ་སྤུ་ལ་སོགས་པ་གླིང་སོ་སོའི་རྒྱན། ལག་ངར་གཉིས། རྗེ་ངར་གཉིས། དཔུང་པ་གཉིས། བརླ་གཉིས་བཅས་གླིང་ཕྲན་བརྒྱད། རླུང་ཕྱིར་འབུད་པས་ཉོན་མོངས་དང་སྒྲིབ་པ་རྣམས་གཅོད་པའི་ཕྱིར་འཁོར་ལོ། །རླུབས་པས་རླུང་དབུ་མར་ཞུགས་པ་ལ་བརྟེན་ནས་ཡོན་ཏན་ཐམས་ཅད་འབྱུང་བས་ནོར་བུ། གནས་པས་རླུང་སེམས་དབུ་མར་འདུས་ཏེ་བདེ་སྟོང་གི་ཡེ་ཤེས་སྐྱེད་པས་བཙུན་མོ། །བརྟན་པས་མི་འགྱུར་བའི་བདེ་བ་གྲུབ་པས་བློན་པོ། དེ་ལྟ་བུའི་མྱུར་ལམ་གྱིས་ནང་གི་ས་ལམ་བདེ་བླག་ཏུ་ཐེག་པས་གླང་པོ། ཟུང་འཇུག་ཡན་ལག་བདུན་ལྡན་གྱི་ཞིང་ཁམས་སུ་མྱུར་དུ་བགྲོད་པས་རྟ་མཆོག །འགྲོས་བཞི་དབུ་མར་ཐིམ་པས་བདུད་བཞིའི་གཡུལ་ལས་རྒྱལ་བས་ན་དམག་དཔོན། ཁམས་དམར་ཆ་ཉི་མ། དཀར་ཆ་ཟླ་བ། སྙིང་འདོད་རྒུ་འབྱུང་བའི་རིན་པོ་ཆེའི་གཏེར་ཆེན་པོ་སོགས་ཀྱི་ངོ་བོར་དམིགས་ཏེ་ཕུལ་ལ། འདོད་པའི་དོན་ལ་གསོལ་བ་གདབ། །བཞི་པ་ནི། །རྗེ་འཇིགས་མེད་གྲགས་པའི་གསོལ་འདེབས། རྒྱ་ཆེན་ཤེས་བྱ་ཀུན་མཁྱེན་སོགས་དང༌། རང་གི་རྩ་བའི་བླ་མའི་སྐུ་བསྟོད་ཚར་གྲངས་ཅི་མང་དང༌། བརྒྱུད་པའི་གསོལ་འདེབས་སྐབས། བརྒྱུད་པའི་བླ་མ་རང་གི་བཞུགས་གནས་སོ་སོར་མངོན་སུམ་བཞིན་དུ་


LT26_Page_062B
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའམ། དེ་ལྟར་མི་ནུས་ན་སྤྱི་བོའི་བླ་མ་རྡོ་རྗེ་འཆང་ཉིད་བརྒྱུད་པའི་བླ་མ་ཐམས་ཅད་འདུས་པའི་ངོ་བོར་མོས་ཏེ་གསོལ་བ་གདབ། ལྔ་པ་ནི། །དཔལ་ལྡན་བླ་མ་རིན་པོ་ཆེ་སོགས་ཀྱིས་གསོལ་འདེབས་ལ་དབང་བཞི་ལེན་པའི་དམིགས་པ་ངག་འདོན་ལྟར་བསྐྱང༌། བླ་མ་རང་ལ་བསྟིམ་ནས་རང་སེམས་དང་བླ་མའི་ཐུགས་དབྱེར་མེད་དུ་འདྲེས་པའི་ངང་ལ་མཉམ་པར་བཞག་གོ །གསུམ་པ་ཁྱད་པར་གྱི་སྔོན་འགྲོ་ལ་གསུམ་ལས། ནུབ་དང་པོ་བླ་མ་སྐུ་རྡོ་རྗེ་ལ་བརྟེན་ནས་དག་བྱེད་ཨའི་སྟོང་ར་བསྒོམ་པ་ནི། །རང་ཐ་མལ་དུ་གསལ་བའི་སྤྱི་བོར་བྷཱུཾཿསེར་པོ་ལས་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི། དེའི་སྟེང་དུ་པྂ་དཀར་པོ་ལས་པདྨ་དཀར་པོ་འདབ་མ་འབུམ་ལྡན་གྱི་དབུས། རྂ་དམར་པོ་ལས་ཟེའུ་འབྲུ་དམར་སེར་གྱི་ཚད་དང་མཉམ་པའི་ཉི་མའི་དཀྱིལ་འཁོར་འོད་འབར་བ། དེའི་སྟེང་དུ་ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་གང་བ། དེའི་སྟེང་དུ་བླ་མ་སྐུ་རྡོ་རྗེའི་ངོ་བོ་རྒྱལ་བ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་དང༌། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གཡས་གྲི་གུག་དང༌། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། ཞབས་གཉིས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་འོད་ཟེར་དཀར་པོ་འཕྲོ་བའི་ཀློང་ན་བཞུགས་པར་གསལ་བཏབ་ནས། ཕ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་བར་ཆད་ཞི་བར་བྱིན་གྱིས་རློབས། ལས་ངན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་ཤུགས་དྲག་ཏུ་བཏབ་པས་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་གདན་ཁྲི་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་ནས་རང་གི་སྤྱི་བོར་སིབ་ཀྱིས་ཐིམ་པའི་རྐྱེན་གྱིས་མགོན་པོའི་ནང་དུ་ཆོས་འབྱུང་དཀར་པོ་ཟུར་གསུམ་པ། རྩ་བ་ཕྲ་བ་ལྕེ་ཆུང་ལ་ཟུག་པ། གདེངས་ཀ་ཆེ་བ་གྱེན་དུ་ཕྱོང་


LT26_Page_063A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟུར་གཉིས་རྣ་ལྟག་གཡས་གཡོན་དང༌། ཟུར་གཅིག་སྨིན་མཚམས་སུ་བསྟན་པ། དེའི་ནང་དུ་ཨ་དཀར་པོ་གསལ་ཞིང་འཚེར་བ་ལ་དམིགས་པ་གཏད་ནས། ཨ་ཨ་ཞེས་བརྒྱ་སྟོང་གི་བར་བརྗོད་པས། ཨ་ལས་བདུད་རྩིའི་རྒྱུན་དཀར་པོ་དཔག་ཏུ་མེད་པ་བབས་པས་ཆོས་འབྱུང་གི་ནང་ཐམས་ཅད་ཁེངས། མཐར་ཆོས་འབྱུང་གི་ཁ་ནས་ལུད་པ་དང༌། རྩ་བ་ནས་འཁྲིལ་བའི་ཚུལ་གྱིས་བབས། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་ཁྱབ། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དུད་ཁུའམ་སོལ་ཁུའི་རྣམ་པར་འོག་སྒོ་གཉིས་དང༌། རྐང་པའི་སྲིན་ལག་གི་རྩེ་མོ་དང༌། བ་སྤུའི་བུ་ག་ཚུན་ཆད་ནས་ཐོན། ས་རིམ་པ་དགུ་ཡི་འོག་ཏུ་སོང་བས་སྡིག་སྒྲིབ་ཐམས་ཅད་དག །ཤུལ་ཐམས་ཅད་བདུད་རྩིས་སྐྱ་མེར་གྱིས་ཁེངས་པས་བྱིན་གྱིས་རླབས་པར་བསམས་ལ། རྐང་པ་གཉིས་སེམས་སྐྱིལ་ལྷོད་ཆགས་པར་བྱ། །ལག་པ་གཉིས་ཀྱི་མཐེ་བོང་གིས་སྲིན་ལག་གི་འདྲེ་རྩ་མནན་པའི་རྡོ་རྗེ་ཁུར་ཚུར་པུས་མོའི་སྟེང་དུ་ཁ་སྦུབ་ཏུ་བཞག་ལ་སྣ་བུག་གཉིས་ནས་རླུང་ཤུགས་བསྐྱེད་དེ་ལྷག་མེད་དུ་སངས་ཀྱིས་བུས་པ་དང་མཉམ་དུ་འོག་རླུང་འཐེན་ཞིང་སྟོང་འདྲེན་བྱ། །རླུང་ཕྱིར་ཐུབ་ཚད་བཟུང༌། མི་ཐུབ་པ་དང་སྣ་བུག་གཉིས་ཀྱི་སྤུ་མི་འགུལ་བའི་ཚོད་ཀྱིས་དལ་བུས་རྔུབས་ལ་ལྟེ་འོག་ཏུ་ཧྲིལ་གྱིས་མནན་ལ་རླུང་ཁ་སྦྱར་ཐུབ་ཚད་བཟུང་མི་ཐུབ་པ་དང་སྔར་བཞིན་ཕྱིར་འབུད་ལ། དེ་འདྲ་བ་ལན་གསུམ་བྱས་པའི་རྗེས་མའི་ཚེ་ལྟོ་བ་གཡས་བསྐོར་གསུམ། གཡོན་བསྐོར་གསུམ། དཔུང་པ་གཡས་གཡོན་རེས་མོས་སུ་འདེགས་པ་དང༌། དབུས་འདེགས་པ་སྟེ། གསུམ་གྱི་མཐར་རླུང་ཁ་སྣ་གཉིས་གནས་སྒྲ་དང་བཅས་ཏེ་ལྷག་མ་མེད་པར་ཕྱིར་འབུད་ཅིང་ཧ་སྤྲུགས་བྱ། དེ་ལ་ལས་དང་པོ་པས་འཛིན་ཡུན་རིང་པོ་མ་བྱུང་རུང༌། འབུད་རྔུབས་ཀྱི་དུས་སུ་རླུང་ལྷག་མ་མ་ལུས་པ་དང༌། འཛིན་པའི་སྐབས་སུ་རླུང་རྐུན་


LT26_Page_063B
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤོར་བས་འཇམ་རླུང་དལ་བུའི་སྦྱོར་བ་ལ་ཡུང་ཐུན་གྲངས་མང་གི་ཚུལ་དུ་བསླབ་པས་རིམ་གྱིས་གོམས་པ་བརྟན་པར་འགྱུར་རོ། །མདོར་ན་དེ་ལྟ་བུའི་རླུང་སྦྱོར་ཐུན་རེ་ལ་བརྒྱ་རྩ་སོགས་ནས་བདུན་ནམ་གསུམ་ལ་ཉུང་མཐའ་བྱས་པ་བསྒོམ་པར་བྱའོ། །ནུབ་གཉིས་པ་བླ་མ་གསུང་རྡོ་རྗེ་ལ་བརྟེན་ནས་དག་བྱེད་ཨའི་སྟོང་ར་བསྒོམ་པ་ནི། །སྦྱོར་དངོས་ཀྱི་ཁྱད་པར་གཞན་གོང་དང་འདྲ་བ་ལ། བླ་མ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་དང༌། འོད་དམར་པོ་འཕྲོ་བར་གསལ་བཏབ་ལ་གསོལ་འདེབས་བྱ། དེ་ཉིད་རང་ལ་ཐིམ་པའི་རྐྱེན་གྱིས་མགོ་བོའི་ནང་དུ་ཆོས་འབྱུང་དམར་པོ་ལྕགས་སྲེག་གི་རྣམ་པ་ཅན་དུ་ཡོད་པའི་ནང་དུ་ཨ་དམར་པོ་ལ་ཡིད་བཟླས་ཏེ་བཟླས་པ་བྱས་པས་བདུད་རྩི་དམར་པོ་རེག་བྱ་ཚ་བ་དཔག་ཏུ་མེད་པ་བབས་པས་ནད་ཐམས་ཅད་རྣག་ཁྲག་གི་རྣམ་པས་ཐོན། ཤུལ་ཐམས་ཅད་བདུད་རྩི་ཟངས་ཞུན་གྱི་ཁུ་བ་ལྟ་བུ་སྐྱོ་ཚ་ཁོལ་བ་བཞིན་བུན་བུན་དུ་ཁོལ་བས་གང་བར་བསམ། །རླུང་འཛིན་པ་སོགས་འདྲ། །ནུབ་གསུམ་པ་བླ་མ་ཐུགས་རྡོ་རྗེ་ལ་བརྟེན་ནས་དག་བྱེད་ཨའི་སྟོང་ར་བསྒོམ་པ་ནི། །སྦྱོར་དངོས་ཀྱི་དམིགས་པ་གཞན་ཐམས་ཅད་སྔར་བཞིན་ལ། དམིགས་བསལ་གྱི་ཁྱད་པར་བླ་མ་སྐུ་མདོག་སྔོན་པོ་དང༌། ཆོས་འབྱུང་སྔོན་པོའི་ནང་ཨ་ཡིག་སྔོན་པོ་བསྒོམ། དེ་ལས་འོད་ཟེར་འཕྲོས། གཤིན་རྗེ་གཤེད་དང༌། དཔལ་རྟ་མགྲིན་དང་རྡོ་རྗེ་གཏུམ་མོ་སོགས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། ཨ་ལ་ཐིམ། ཨ་བརྗོད་པའི་རྐྱེན་གྱིས་ཨ་ཡིག་ལས་ཁྲོ་བོ་དཔག་ཏུ་མེད་པ་བྱུང༌། ལུས་གང༌། གདོན་ཐམས་ཅད་སྲོག་ཆགས་མི་སྡུག་པའི་རྣམ་པས་ཐོན། ལུས་དང་ཆོས་འབྱུང་གི་ནང་བཅས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་མཚོན་ཆ་ཕྱིར་གདེངས་པས་བར་མཚམས་མེད་པར་བུན་གྱིས་ཁེངས་པར་བསམས་ལ་རླུང་བུམ་པ་ཅན་བཟུང་ངོ༌། །གཉིས་པ་དངོས་གཞི་ལ་བཞི། རླུང་ཁ་སྦྱོར་ལ་བརྟེན་ནས་མེ་གསོ་བ། ས་བོན་གཉིས་ལ་བརྟེན་ནས་མེ་སྦར་བ། རྩ་གསུམ་འཁོར་ལོ་བཞི་ལ་བརྟེན་ནས་འབར་འཛག་བསྒོམ་


LT26_Page_064A
[མ་དཔེ་གཟིགས་ན་འདིར་གནོན།]

པ། མཆོག་གི་གཏུམ་མོ་ལ་བརྟེན་ནས་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་མངོན་དུ་བྱའོ། །དེ་ལ་ཐོག་མར་ནུབ་བཞི་པ་མེ་གསོ་བའི་དམིགས་པ་ནི། །སྐྱབས་འགྲོ་ནས་བཟུང་དག་བྱེད་མའི་སྟོང་རའི་བར་གོང་བཞིན་ཉམས་སུ་བླང༌། །དེ་ནས་རང་གི་སྤྱི་བོར་བླ་མ་རྡོ་རྗེ་འཆང་བསྒོམས་ལ། མོས་གུས་དྲག་པོ་རྩེ་གཅིག་པས། ཕ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་སྐྱེ་བར་བྱིན་གྱིས་རློབས། བདག་ལ་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་བྱིན་གྱིས་རློབས། །ཏིང་ངེ་འཛིན་ཁྱད་པར་ཅན་བདག་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པའི་རྐྱེན་གྱིས་བླ་མ་ཡབ་ཡུམ་འོད་དུ་ཞུ། རང་ལ་ཐིམ་པས་སྐད་ཅིག་གིས་རང་ཉིད་པདྨ་དམར་པོ་དང་ཉི་མའི་གདན་ལ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་གཅེར་བུ་རུས་པའི་རྒྱན་གྱིས་སྤྲས་པ། དབུ་སྐྲ་ཕྱེད་སྤྱི་བོར་བཅིངས་པར་དུས་པའི་འཁོར་ལོས་མཚན་པ། ཕྱེད་ཐུར་དུ་གྲོལ་ཞིང་མི་མགོ་སྐམ་པོ་ལྔས་དབུ་བརྒྱན་པ། ཕྱག་གཉིས་རླུང་འཛིན་པའི་ཕྱག་རྒྱ་དང༌། །ཞབས་གཉིས་རླུང་འཛིན་པའི་འདུག་སྟངས་ཀྱིས་བཞུགས་པའི་སྤྱན་གསུམ་ནམ་མཁར་བཀྲ་ཧྲིག་གེར་གཟིགས་པ། སྐུ་ལུས་གྱི་ནང་ལྟེ་བའི་ཐད་དུ། མེའི་སྙིང་པོ་ཚ་ཞིང་ངར་ལ་རྩུབ་པ་རྣོ་བ་སྟེ་མཚན་ཉིད་བཞི་ལྡན་བྱ་ངང་པའི་སྒོ་ང་ཙམ་མདུན་རྒྱབ་གཡས་གཡོན་བཞི་སྒྲོམ་དུ་ཡོད་པར་བསམ། །དེ་ནས་རླུང་རོ་བསལ། རླུང་སྟོང་འདྲེན་སྐབས་འོག་རླུང་ཕོག་པའི་རྐྱེན་གྱིས་མེ་སྔོ་ཡལ་ཡལ་འབར། རླུང་རྔུབས་ཅིང་དགང་གཞི་ལ་མནན་པས་དེ་ལས་ཀྱང་མེ་ཆེར་འབར་བས་ལུས་ཀྱི་ནང་ཐམས་ཅད་མེས་ཁེངས་ཡང་སྟོང་འདྲེན་གྱིས་རླུང་བུས་སྐབས་སྟོད་ཐམས་ཅད་མེས་ཁེངས་ཤིང་འབར། དགང་དུས་བརླ་གཉིས་ནས་བརྒྱུད་རྐང་པ་གཉིས་སོགས་ལུས་སྨད་ཀུན་མེས་ཁེངས་ཤིང་འབར་བར་དམིགས་པ་གཏད་པ་བུམ་ཅན་གོང་བཞིན་བཟུང༌། ཕོ་བ་བསྐོར་སྐབས་མེ་ལྕེ་དམར་འཁྱིལ་འཁྱིལ་བྱེད་པར་བསམ་མོ། །ནུབ་ལྔ་པ་ས་བོན་གཉིས་ལ་བརྟེན་


LT26_Page_064B
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མེ་སྦར་བ་ནི། རང་ཕག་མོར་གསལ་བའི་ལྟེ་བའི་ཐད་དུ་མེ་བཞི་སྒྲོམ་གསལ་བཏབ་པ་ཡན་གོང་ལྟར་ལ། དམིགས་པའི་ཁྱད་པར། ཉི་གདན་དང་བཤང་ལམ་གྱི་བར་དུ་རླུང་གི་ས་བོན་ཡྂ་ཡིག་ལྗང་གུ་ཞིག་དང༌། བཤང་ལམ་གྱི་ནང་སྒོར་ཞུགས་པ་ཙམ་དུ་མེའི་ས་བོན་རྂ་ཡིག་དམར་པོ་འབར་ལ་ཁད་པར་བསམས་ལ། རླུང་ཕྱིར་བུས། སྟོང་འདྲེན་སྐབས་ཡྂ་ཡིག་ལས་རླུང་གཡོས་རྂ་ཡིག་ལ་ཕོག་པས་མེ་འབར། ལྟེ་བའི་མེ་བཞི་སྒྲོམ་ལ་ཕོག་པས་མེ་ལྷག་པར་འབར་བས་ལུས་ཀྱི་ནང་ཀུན་ཁེངས། སྟོང་འདྲེན་སྐབས་མེ་སྟོང་དུ་འབར་བས་རང་ཕག་མོར་གསལ་བའི་ཞལ་དང༌། སྤྱན་དང༌། སྙན་སོག་མེ་ལྕེ་དམར་ཉུག་ཉུག་འབར་ཞིང༌། དགོང་དུས་སྨད་ཆ་ཀུན་མེས་ཁེངས། མེ་ཐུར་དུ་འབར་བས་འོག་སྒོ་གཉིས་ནས་མེ་ལྕེ་ཕྱིར་འཕྲོས་ཤིང་འབར་བས་ཕྱི་དབྱིབས་ཀྱི་ལུས་ཀྱང་མེ་འབར་བའི་དབུས་སུ་ཡོད་པར་བསམས་ལ་ཕོ་བསྐོར་གོང་བཞིན་བྱ། དེ་ནས་ཕྱི་ནང་ཀུན་མེ་སྦར་བའི་དབུས་སུ་རང་ཕག་མོར་གསལ་བའི་སྤྱན་གསུམ་བཀྲ་ཧྲིག་གེ་བ། སྣང་སྟོང་སྒྱུ་མའི་སྐུར་དམིགས་པ་གཏད་ལ་རླུང་བུམ་པ་ཅན་ཅི་ནུས་སུ་འཛིན་ནོ། །ནུབ་དྲུག་པ་རྩ་གསུམ་འཁོར་ལོ་བཞི་ལ་བརྟེན་ནས་འབར་འཛག་བསྒོམ་པ་ནི། །རང་གི་ལུས་ཕྱི་དབྱིབས་ཀྱི་ལུས་རྡོ་རྗེ་ཕག་མོ་མེ་དབུས་སུ་ཡོད་པ་གོང་བཞིན་ལ། ལྟེ་འོག་སོར་བཞི་ནས་ཡར་སྣ་སྤྱི་བོར་ཟུག་པའི་རྩ་དབུ་མ་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། པདྨའི་སྣལ་མ་ལྟར་སྲབ་པ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་སྣུམ་པ། ཏིལ་མར་གྱི་མར་མེ་ལྟར་གསལ་བ་སྟེ་ཁྱད་ཆོས་བཞི་དང་ལྡན་པའི་ཕྱི་སྔོ་བ། ནང་དམར་བ། ཁོག་པ་སྟོང་པ་ལུས་ཀྱི་དབུས་དྲང་པོར་ཡོད་པའི་གཡས་སུ་རོ་མ་དམར་མོ་ཕྱི་ནང་གཉིས་དམར། གཡོན་དུ་རྐྱང་མ་དཀར་མོ་ཕྱི་དཀར་ནང་དམར་བ། དེ་གཉིས་དབུ་མའི་མར་སྣེ་ནས་སྐྱེས་པའི་ཚུལ་གྱིས་རོ་རྐྱང་དབུ་གསུམ་གྱི་གཤམ་ཡི་གེ་དབུ་ཅན་གྱི་ཆའི་གཤམ་ལྟར་ཡོད་པ། རོ་རྐྱང་ཕྱིར་གྱེས། ལྟེ་བར་འདུས་མཚམས་


LT26_Page_065A
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རེ་བཞི་པས་ཁམས་མཚོན་པའི་ཕྱི་སེར་ནང་དམར་བ། ཕྱིའི་རྩི་རྣམས་ཁ་གྱེན་ཕྱོང་གདུགས་ཡུ་གནམ་ལ་བསྟན་ནས་འཕྱངས་པ་ལྟ་བུ། ཡང་རོ་རྐྱང་གཉིས་གཡས་གཡོན་གཉིས་སུ་གྱེན། སྙིང་གར་འདུས་མཚམས་སུ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ་ཅུང་ཟུང་ཐུར་བསྟན་གདུགས་ཕུབ་པ་ལྟ་བུ་རླུང་ཁམས་མཚོན་པའི་ཕྱི་སྔོ་ནང་དམར་བ། ཡང་རོ་རྐྱང་ཕྱིར་གྱེས། མགྲིན་པར་འདུས་མཚམས་ལོངས་སྤྱོད་འཁོར་ལོ་རྩ་འདབ་བཅུ་དྲུག་པ་མེ་ཁམས་མཚོན་པའི་ཕྱི་ནང་གཉིས་དམར་བ། ཅུང་ཟད་ཁ་གྱེན་ལ་ཕྱོང་པ། ཡང་རོ་རྐྱང་གཉིས་པོ་ཕྱིར་གྱེས། སྤྱི་བོར་འདུས་མཚམས་སུ་བདེ་ཆེན་འཁོར་ལོ་རྩ་འདབ་སུམ་བཅུ་རྩ་གཉིས་པ་ཆུ་ཁམས་མཚོན་པའི་ཕྱི་དཀར་ནང་དམར་བ། ཅུང་ཟད་ཁ་ཐུར་བསྟན་གདུགས་ཕུབ་པ་ལྟ་བུ་དང༌། རོ་རྐྱང་གཉིས་གྱེས་པའི་སྣེ་གཉིས་སྣ་བུག་ལ་གཏད་ཅིང༌། རྩའི་འཁོར་ལོ་དེ་རྣམས་ཀྱི་རྩ་བ་རོ་རྐྱང་དབུ་གསུམ་ལས་སྐྱེས་པའི་རྩེ་མོ་རང་ལུས་རྡོ་རྗེ་ཕག་མོ་གསལ་བའི་ཕྱིའི་པགས་པའི་མཚམས་སུ་རེག་པ། དབུ་མའི་མར་སྣའི་སུམ་མདོའི་ནང་དུ། གཏུམ་མོ་ཨ་ཤད་ཀྱི་རྣམ་པ་མེ་ཁབ་རྩེ་འདྲ་བ་རིང་ཐུང་ཚོན་གང་པ་ཁྱད་ཆོས་བཞི་དང་ལྡན་པ། དབུ་མའི་ཡ་སྣར་ཡི་གེ་དབུ་ཅན་གྱི་ཧྂ་དཀར་པོ་མགོ་ཐུར་བསྟན་གཅིག་བསམས་ལ། རླུང་འབུད་སྐབས་གོང་ལྟར་གསལ་བཏབ། རླུང་རྔུབས་ནས་གནོན་སྐབས་རླུང་རོ་རྐྱང་གི་ལམ་བརྒྱུད། མར་སྣ་སུམ་མདོའི་ཨ་ཤད་ཀྱི་མེ་ལ་ཕོག་པའི་རྐྱེན་གྱིས་མེ་འབར་བ་དབུ་མའི་ནང་བརྒྱུད་ཡར་སྣའི་ཧྂ་ཡིག་ལ་ཕོག་པས་ཧྂ་ལས་ཡེ་ཤེས་ཀྱི་བདུད་རྩི་དཀར་པོའི་རྒྱུན་བསམ་གྱིས་མི་ཁྱབ་པ་བབས། མར་སྣའི་ཨ་ཤད་ཀྱི་མེ་ལ་ཕོག་པའི་རྐྱེན་གྱིས་མེ་ཚ་རུ་སོང༌། དེའི་རྐྱེན་གྱིས་བདུད་རྩི་ཆེར་བབས་པས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་རྣམས་བདུད་རྩིས་ཁེངས། རོ་རྐྱང་དབུ་གསུམ་གྱི་ལམ་


LT26_Page_065B
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་མགྲིན་པའི་འཁོར་ལོའི་རྩ་འདབ་ཁེངས། མེ་ཆེར་སོང་བས་བདུད་རྩི་འབབ་ཇེ་ཆེར་གྱུར་པས་སྙིང་ཁའི་འཁོར་ལོ་ཁེངས། དེ་ནས་རིམ་བཞིན་ལྟེ་བའི་འཁོར་ལོ་ཁེངས། རོ་རྐྱང་དབུ་གསུམ་གྱི་སྨད་ཆ་སོགས་ཀྱིས་མཚོན་མདོར་ན་རྩ་ནང་ཐམས་ཅད་བདུད་རྩིས་ཁེངས་ཤིང་སྐུ་ལུས་ཀྱི་ཕྱི་ཡང་མེ་འབར་བའི་དབུས་སུ་ཡོད་པར་བསམས་ལ་རླུང་བུམ་པ་ཅན་བཟུང༌། ནུབ་བདུན་པ་མཆོག་གི་གཏུམ་མོ་ལ་བརྟེན་ནས་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་མངོན་དུ་བྱ་བ་ནི། རང་ཕག་མོར་གསལ་བའི་སྐུ་རྩ་འཁོར་ལོ་རོ་རྐྱང་སོགས་གོང་བཞིན་བསྐྱེད། དབུ་མའི་ཡ་སྣེར་ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྡོ་རྗེ་འཆང་ཡབ་ཡུམ་རྒྱན་མཚན་དཔེས་སྤྲས་པ་ཚོན་གང་པ་གཅིག་གསལ་བའི་སྟེང་གི་ཆར། རྒྱལ་བ་རྡོ་རྗེ་འཆང་ཡབ་ཡུམ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མར་སྣར་ཉི་གདན་ལ་མེའི་རང་བཞིན་གྱི་ཚེ་དཔག་མེད་ཚོན་གང་པ་ལོངས་སྤྱོད་རྫོགས་སྐུའི་རྒྱན་དང་མཚན་དཔེས་སྤྲས་པ་འོད་ཀྱི་རང་བཞིན་ཅན་གསལ་བཏབ་ནས། དབུ་མའི་ཡར་སྣའི་བླ་མར་གསོལ་བ་རྩེ་གཅིག་གིས་བཏབ་པས། སྐུ་ལས་འོད་ཟེར་འཕྲོས། སྟེང་གི་བླ་མ་གཙོ་འཁོར་ལ་ཕོག །དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་དཔག་མེད་བབས་པས་དབུ་མའི་ཡར་སྣའི་རྩ་བའི་བླ་མ་ཡབ་ཡུམ་ལ་ཐིམ། སླར་ཡང་གསོལ་བ་ཡིད་ཀྱིས་རྩེ་གཅིག་ཏུ་བཏབ་པས་བླ་མ་ཡབ་ཡུམ་གྱི་སྐུ་ལས་བདུད་རྩིའི་རྒྱུན་དཀར་དམར་དཔག་ཏུ་མེད་པ་བབས། དབུ་མའི་མར་སྣའི་ཚེ་དཔག་མེད་ལ་ཕོག་པའི་རྐྱེན་གྱིས་མེ་སྒྲ་བཅས་དབུ་མའི་ནང་དུ་དལ་གྱིས་འབར། དབུ་མའི་ཡར་སྣའི་བླ་མའི་སྐུ་ལས་ཀྱང་བདུད་རྩི་དེ་ཆེར་བབས། དེས་མེ་ཡང་ཆེར་འབར། དེས་བདུད་རྩི་ཡང་ཆེར་བབས་པས་སྤྱི་བོའི་འཁོར་ལོ་ཀུན་ཁེངས། སླར་ཡང་རོ་རྐྱང་གི་ལམ་བརྒྱུད་མགྲིན་པ་སོགས་འཁོར་ལོ་འོག་མ་ཀུན་ཁེངས། སླར་ཡང་འབར་འཛག་ཆེས་ཆེར་རྒྱས་པས་


LT26_Page_066A
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ནང་ཀུན་དང་རོ་རྐྱང་དབུ་གསུམ་གྱི་སྨད་ཆ་ཡང་ཁེངས། དེ་ནས་ཀྱང་མེ་དང་བདུད་རྩི་ཇེ་ཆེར་བབས་པས་རྩ་རྣམས་ཇེ་ཆེར་ཇེ་ཆེར་སོང༌། མཐར་རང་གི་ལུས་རི་རབ་དང་མཚུངས་བའི་ནང༌། རོ་རྐྱང་དབུ་གསུམ་ཕྱི་ནང་མེ་འབར་བ་དང་བཅས་པའི་དབུས་བླ་མ་ཡུམ་སོགས་བཀྲ་ལམ་མེ་བར་དམིགས་པ་རྩེ་གཅིག་ཏུ་གཏད་དེ་རླུང་བུམ་པ་ཅན་འཛིན་ཅི་ནུས་སུ་འཛིན་ལ་དབྱིངས་རིག་བསྲེའོ། །གསུམ་པ་རྗེས་ནི། །དེ་ལྟར་ནུབ་བདུན་དུ་འབད་པས། རབ་ཀྱིས་ཆོས་འདི་ཞུ་བའི་འདུན་པ་ཡོད་པ་ཙམ་དང༌། འབྲིང་སྔོན་འགྲོའི་དུས་སུ། ཐ་མའང་མི་དམིགས་ཀྱི་མགོ་ཚུགས་ནས་དྲོད་མི་སྐྱེ་བ་མི་སྲིད། གང་ལྟར་ཡང་ནུབ་བདུན་པའི་སྲོད་ལ་གཏུམ་མོའི་མེ་དབང་བསྐུར་ཞིང་རས་གཟན་སོགས་སྦྱིན། ཐོ་རངས་ནས་རས་འབུད་ཕྱག་ལེན་ལྟར་བཏང༌། ཕྱིར་ཉིན་དཔོན་སློབ་ཐམས་ཅད་ཀྱིས་ཕག་མོའི་གཞུང་གང་རུང་བསྲངས་ནས། དགའ་སྟོན་ཚོགས་ཀྱི་འཁོར་ལོ་བཅས་མཐའ་རྒྱས་སུ་ཕྱག་ལེན་མཛད་དོ། །དེ་ནས་ཀྱང་མ་ཆགས་པར་ཉམས་སུ་བླངས་པས་དྲོད་ཀྱི་གཏུམ་མོ་ལ་བརྟེན་ནས་བདེ་བའི་གཏུམ་མོས་རྒྱུད་ཡོངས་སུ་གང་ཞིང༌། དེས་དྲངས་པའི་མི་རྟོག་པའི་གཏུམ་མོ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་སུམ་དུ་རྟོགས་པར་འགྱུར་ལ། གེགས་སེལ་དང་བོགས་འདོན་གྱི་སླད་དུ་རླུང་ཐར་པའི་སྒོ་འབྱེད་ཞལ་ལས་འབྱུང་བ་ལྟར་ཉམས་སུ་བླང༌། རྒྱུན་གྱི་ཉམས་ལེན་སྐབས། ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི་ངེས་པར་དགོས། ཁྱད་པར་གྱི་སྔོན་འགྲོ་རས་མོས་སུ་ཉམས་སུ་བླང་བའམ། སྔོན་དུ་ལེགས་པར་འབྱོངས་ཟིན་པ་ཡིན་ན་དངོས་གཞིའི་མི་དམིགས་བཞི་ལ་གནད་དུ་བསྣུན། དེའང་ནུབ་རེར་རེས་མོས་སུ་བྱས་པས་ནུབ་བཞིའི་དམིགས་པ་ཚར་རེ་གཅིག་རྫོགས་པ་སྟེ། དེ་ལྟ་བུའི་ཚུལ་གྱིས་བསྐྱར་ཏེ་ཉམས་སུ་བླང་ཞིང༌། དམིགས་པ་སྔ་མ་སྔ་མ་ལ་གོམས་པ་བརྟན་པོར་གྱུར་ན། ཕྱི་མ་རྣམས་ལ་རིམ་གྱིས་གཙོ་བོར་བྱས་པས་ཀྱང་རུང་ངོ༌། །ཞེས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་


LT26_Page_066B
[མ་དཔེ་གཟིགས་ན་འདིར་གནོན།]

རས་ཆེན་དཔལ་འབྱོར་བཟང་པོ་ནས་བརྒྱུད་པའི་བོ་དོང་ལུགས་ཀྱི་གཏུམ་མོ་ཞག་བདུན་མའི་དམིགས་ཁྲིད་བླ་མའི་ཞལ་ལུང་ལས་ཇི་ལྟར་བྱུང་བ་བཞིན་དག་པར་བྲིས་པའི་དགེ་བས་འགྲོ་ཀུན་གཉུག་མ་དོན་གྱི་ཙཎྜ་ལཱི་ཟུང་འཇུག་དྭངས་མ་གསུམ་ལྡན་གྱི་ཡེ་ཤེས་ཚེ་འདི་ཉིད་ལ་མངོན་སུམ་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལམ་བྷ་ཝ་ཏུ།


previousགདམས་ངག་མཛོད་པོད་བཅུ་བདུན་པ། བོ་དོང་རས་ཆེན་དཔལ་འབྱོར་བཟང་པོའི་ལུགས་ཀྱི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བླ་མའི་ཞལ་ལུང་།next