Nitartha Digital Library
Tibetan
རྣལ་འབྱོར་གྱི་དབང་ཕྱུག་དམ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར།


   
   
  expand section
  collapse section
   
   
   
   
བཞི་པ། ཉམས་རྟོགས་ཀྱི་མྱུ་གུ་འཁྲུངས་པ།
   
   
   
   
   


 
previousབཞི་པ། ཉམས་རྟོགས་ཀྱི་མྱུ་གུ་འཁྲུངས་པ། next

བཞི་པ། ཉམས་རྟོགས་ཀྱི་མྱུ་གུ་འཁྲུངས་པ།


MLR001_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ནི། ཡང་རས་ཆུང་པས། རྗེ་བཙུན་གྱིས་གདམས་ངག་གསན་མ་ཐག་རི་ཁྲོད་ལ་བྱོན་ནམ། བླ་མའི་དྲུང་དུ་བཞུགས་ཞུས་པས། དེར་ང་ལ་བླ་མའི་གསུང་གིས་སྒྲུབ་པ་རེམ་ལ་གྱིས་ཤིག་གསུངས། འཚོ་བའི་ཡོ་བྱད་བཟང་པོ་དང་བཅས་ཏེ། ལྷོ་བྲག་སྟག་ཉའི་བྲག་ལ་སྒོམ་དུ་བཅུག་དེའི་ཚེ་ངས་མཆོད་ཀོང་མར་ཁུས་བཀང་བ་ལ་མེ་སྦར་ནས། སྤྱི་བོར་བཞག་སྟེ་མར་མེ་མ་རྫོགས་བར་དུ་ལུས་མི་འགུལ་བར་ཉིན་མཚན་ཐོག་ཐག་འདའ་བར་བྱས་ཏེ་བསྒོམས་ནས་ཟླ་བ་བཅུ་གཅིག་སོང་བ་དང་། བླ་མ་ཡབ་ཡུམ་ཚོགས་ཀྱི་འཁོར་ལོའི་ཡོ་བྱད་བཟང་པོ་བསྣམས་ནས་བྱོན་ཏེ། བླ་མའི་ཞལ་ནས། བུ་ཁོ་དེ་ཟླ་བ་བཅུ་གཅིག་ཙམ་སྟན་གྱི་དྲོད་མ་ཡལ་བར་སྒོམ་ནུས་པ་དགའ་རབ་ཡིན། ད་རེ་ཞིག་བུག་སྒོ་ཤིགས་ལ་ཕ་རྒན་ངའི་འགྲམ་དུ་ཁམས་དུབ་པ་བསང་བ་དང་། ཉམས་སྐྱེ་ཚུལ་གྱི་གླེང་མོ་བྱེད་པ་ལ་ཤོག་ཅིག་གསུང་


MLR001_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ། ཁམས་དུབ་གསོ་བ་རང་དེ་ཀ་ཡིན་ཏེ། བླ་མའི་བཀའ་ཡིན་པས་འགྲོ་དགོས་སྙམ་ནས། བུག་སྒོ་བཤིག་པར་བརྩམས་པས་ཕངས་པའི་སྣང་བ་ཞིག་བྱུང་སྟེ་བཤིག་མ་ཕོད་པར་ཡུག་ཅིག་དེ་ཀར་བསྡད་པས། ཡུམ་ཕེབས་ནས། བུ་འོང་གིན་ཡོད་དེ་གསུངས། བུག་སྒོ་བཤིག་མ་ཕོད་ལགས་ཞུས་པས། མི་སྐྱོན་གསང་སྔགས་ཟབ་མོ་རྟེན་འབྲེལ་གྱིས་ ཆེ་བ་ཡིན་ཞིང་། ཁྱད་པར་བླ་མ་ཡང་ཐུགས་གཏུམ་པས་རྟེན་འབྲེལ་འཆུགས་པ་སོགས་བྱུང་ན་མི་འོང་བས། ཨ་མས་བུག་སྒོ་བཤིག་གིས་མྱུར་དུ་བྱོན་ཅིག་གསུངས། བཤིག་བྱུང་བ་ལ། མད་སྙམ་ཕྱིན་པས། བླ་མའི་ཞལ་ནས། རང་རེ་ཕ་བུ་གཉིས་མངོན་རྟོགས་སྒོམ་ཆོ་ག་གྱིས། བདག་མེད་མས་ཚོགས་ཀྱི་སྟ་གོན་གྱིས་ཤིག་གསུངས། ཚོགས་འཁོར་བསྐོར་བའི་ཚེ། བླ་མའི་ཞལ་ནས། བུ་གདམས་ངག་རྣམས་ལ་ངེས་ཤེས་ཅི་སྐྱེས། ཉམས་རྟོགས་དང་གོ་ཡུལ་ཇི་འདྲ་ཤར་བ་རྣམས་བློ་ལྷོད་གྱིས་ལ་ཤོད་ཅིག་གསུང་བ་ལ། བླ་མའི་དྲུང་དུ་ཡིད་དད་གུས་ཆེན་པོའི་ངང་ནས། ལུས་པུས་མོ་བཙུགས་ཐལ་མོ་སྦྱར། མིག་མཆི་མ་འཁྲུག་བཞིན་ཉམས་རྟོགས་འབུལ་བའི་ཐོག་མར་ངག་གི་མགུར་ལ་སྔ་བ་བླ་མ་ལ་ཡན་ལག་བདུན་པ་འདི་ཕུལ་ལོ། །མ་དག་གདུལ་བྱའི་སྣང་ངོ་ལ། །སྣ་ཚོགས་སྤྲུལ་པའི་སྐུར་སྟོན་ཅིང་། །དག་པའི་འཁོར་གྱི་གདུལ་བྱ་ལ། །རྗེ་ལོངས་སྤྱོད་


MLR001_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སྐུར་འཆར་ལ་འདུད། །ཡན་ལག་དྲུག་ཅུའི་ཚངས་དབྱངས་ཀྱིས། །རང་རང་སྐད་དུ་དམ་པའི་ཆོས། །བརྒྱད་ཁྲི་བཞི་སྟོང་གསུང་མཛད་པའི། །གྲག་སྟོང་དབྱེར་མེད་གསུང་ལ་འདུད། །འོད་གསལ་ཆོས་སྐུའི་ནམ་མཁའ་ལ། །མཚན་མའི་སྒྲིབ་གཡོགས་མེད་བཞིན་དུ། །ཤེས་བྱ་ཀུན་ལ་ཁྱབ་མཛད་པ། །འགྱུར་མེད་ཆོས་སྐུའི་ཐུགས་ལ་འདུད། །ཆོས་དབྱིངས་དག་པའི་ཕོ་བྲང་ན། །མི་འགྱུར་བདག་མེད་སྒྱུ་མའི་སྐུ། །དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །ཡུམ་ཆེན་བདག་མེད་ཞབས་ལ་འདུད། །ཁྱེད་ཀྱིས་བསྡུས་པའི་སྲས་རྣམས་དང་། །བཀའ་བཞིན་སྒྲུབ་པའི་སློབ་མའི་ཚོགས། །འཁོར་དང་བཅས་པ་ཐམས་ཅད་ལ། །ཟོལ་མེད་གུས་པས་ཕྱག་འཚལ་ལོ། །འཇིག་རྟེན་ཁམས་ནི་ཐམས་ཅད་ན། །མཆོད་པའི་ཡོ་བྱད་ཅི་ཡོད་དང་། །བདག་ལུས་ཁྱེད་ཀྱི་སྤྱན་སྔར་འབུལ། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རང་། །ཆོས་འཁོར་རྒྱ་ཆེན་བསྐོར་དུ་གསོལ། །འཁོར་བ་མ་སྟོངས་བར་དུ་ནི། །དཔལ་ལྡན་བླ་མ་བཞུགས་སུ་གསོལ། །དགེ་ཚོགས་སེམས་ཅན་དོན་དུ་བསྔོ། །དེ་ལྟར་ཡན་ལག་བདུན་པ་ཞིག་སྔོན་དུ་གསོལ་ནས། སྐབས་ཀྱི་ཞུ་དོན་ལ། རྡོ་རྗེ་འཆང་དང་དབྱེར་མེད་པའི་བླ་མ་ཡབ་ཡུམ་སྲས་དང་བཅས་པའི་འཕྲིན་ལས་རྣམ་པར་


MLR001_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་བ་དང་། ཐུགས་རྗེ་ཚད་མེད་པའི་བྱིན་རླབས་ཀྱི་ནུས་མཐུ་དང་། འཁོར་བ་མེད་པའི་བཀའ་དྲིན་ལ་བརྟེན་ནས་འབངས་བདག་ལ། གོ་ཡུལ་གྱི་རྟོགས་པ་ཅུང་ཟད་ཡོད་པ་རྣམས་འབུལ་བས། ཐུགས་ཆོས་ཉིད་འགྱུར་བ་མེད་པའི་ངང་ནས་སྙན་ཅུང་ཞིག་གསན་དུ་གསོལ། ཐོག་མར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པའི་རྟེན་འབྲེལ་བཅུ་གཉིས་ཀྱིས་བསྡུས་པའི་ལུས། རྣམ་སྨིན་ཤ་ཁྲག་རྡོས་བཅས་རྣམ་པར་ཤེས་པའི་འཛིན་པ་དང་བཅས་པ་འདི་བསོད་ནམས་ཅན་ཐར་པ་འདོད་པ་རྣམས་ཀྱི་དལ་འབྱོར་ལུས་ཀྱི་གྲུ་ཆེན། ལས་ངན་ཅན་སྡིག་པ་གསོག་པ་རྣམས་ཀྱི་ངན་འགྲོར་འཁྲིད་པའི་སྣ་འདྲེན། ཡར་འགྲོ་མར་འགྲོའི་ས་མཚམས། མདུན་མ་གཏན་ལེགས་དང་གཏན་ཉེས་ཀྱི་ཁེ་ཉེན་ཤིན་ཏུ་ཆེ་བའི་དུས་ཀྱེམ་པ་ཞིག་ཡིན་པར་གོ་ཞིང་། དེ་ཡང་འཁོར་བའི་རྒྱ་མཚོ་སྡུག་བསྔལ་གྱི་འབྱུང་གནས་ཤིན་ཏུ་ཐར་དཀའ་བ་འདི་ལ། ད་ལན་རྗེ་འགྲོ་བའི་དེད་དཔོན་ཁྱེད་ཀྱི་མཐུ་ལ་བརྟེན་ནས་སྒྲོལ་དུ་རེ་བྱེད་པ་ལ། ཐོག་མར་བླ་མ་དཀོན་མཆོག་གསུམ་ལ་སྐྱབས་ཞུས་ནས་བསླབ་བྱ་ཚུལ་བཞིན་དུ་སློབ་པ་དང་། དེའི་ནང་ནས་ཀྱང་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་བླ་མ་ཡིན་པར་འདུག་པས། ཅི་གསུང་དང་དུ་ལེན་ཞིང་དམ་ཚིག་མ་ཉམས་པར་བྱེད་པ་འདི་གལ་ཆེ་བའི་གནད་ཀ་དང་པོ་ཡིན་པར་གོ་ལགས། དེ་རྗེས་དལ་འབྱོར་རྙེད་དཀའ་དང་།


MLR001_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ་མི་རྟག་པ། ལས་རྒྱུ་འབྲས་འཁོར་བའི་ཉེས་དམིགས་རྣམས་དྲག་ཏུ་བསམས་པས་བློ་རང་དབང་མེད་པར་འཁུལ་ནས། འཁོར་བ་ལས་ཐར་བར་འདོད་པའི་བསམ་པས་རྟེན་སོ་སོར་ཐར་པའི་སྡོམ་པ་གང་ཡང་རུང་བ་ཞིག་ལ་བརྟེན་དགོས་ཏེ། རྟེན་ས་གཞི་དང་འདྲ་ལ། དེ་ལ་བརྟེན་ནས་ཐེག་པ་རིམ་གྱིས་འཛེག་ཅིང་ཁས་བླངས་པའི་བསླབ་བྱ་མིག་འབྲས་ལྟར་བསྲུང་བ་དང་། གལ་ཏེ་ཉམས་ན་ཕྱིར་འཆོས་ཤིང་། རང་ཞི་བདེ་དོན་དུ་གཉེར་བ་ཐེག་པ་དམན་པར་གོལ་པས། སེམས་ཅན་ཐམས་ཅད་འཁོར་བ་མཐའ་དག་ལས་སྒྲོལ་བར་འདོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བྱམས་དང་སྙིང་རྗེས་ཅི་བྱེད་ཐམས་ཅད་གཞན་དོན་དུ་བསྔོ་བ་ཐེག་ཆེན་སེམས་བསྐྱེད་ཡིན་པར་གོ་ལགས། ཉན་རང་གི་ལམ་སྤངས་ནས། ཐེག་པ་ཆེན་པོའི་ལམ་དུ་འཇུག་པ་ལ་ལྟ་བ་རྣམ་དག་གིས་གཞི་བཟུང་ནས་བླ་མེད་རྡོ་རྗེ་ཐེག་པའི་ལམ་དུ་འཇུག་སྟེ། དེ་ཡང་ལྟ་བ་རྣམ་དག་རྟོགས་པར་བྱེད་པ་ལ། བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས། དབང་བཞི་རྣམ་པར་དག་པའི་ཆོ་ག་ཚང་ཞིང་མ་ནོར་བ་ལ་བརྡ་འཕྲོད་པའི་ཐབས་ཤེས་དང་ལྡན་པ་ཞིག་དགོས། དབང་ཞེས་པ་ཟབ་མོ་ལྟ་བ་ལ་དབང་བས། ད་གཟོད་རིམ་པ་བཞིན་སྒོམ་སྟེ། དེ་ཡང་མཚན་ཉིད་ཐེག་པ་དང་ཐུན་མོང་བ་གང་ཟག་གི་བདག་མེད་འཚོལ་བ་ལ་འབད་དེ། ལུང་དང་རིགས་པ་


MLR001_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་ལ་དཔེ་དང་རྒྱུ་མཚན་དུ་མའི་སྒོ་ནས་བཙལ་བས་བདག་མ་རྙེད་པ་དང་གང་ཟག་གི་བདག་མེད་རྟོགས། དེ་ལྟར་གང་ཟག་མ་རྙེད་པ་དང་སེམས་མཉམ་པར་འཇོག་དགོས་ཏེ། རྒྱུ་མཚན་དུ་མའི་སྒོ་ནས་བཞག་པའི་ཚེ། རྣམ་རྟོག་རྒྱུན་ཆད་ནས་སེམས་རྟོག་མེད་དུ་ལྷན་སོང་སྟེ། ལོ་དང་ཟླ་བ་ཞག་ལ་སོགས་པ་ཅི་ཙམ་སོང་ཡང་རང་གིས་མི་ཤེས་པར་གཞན་གྱིས་ཚོད་འཛིན་དགོས་པ་བྱུང་བ་ནི་ཞི་གནས་སྐྱེས་པ་ཡིན། དེ་ལ་དྲན་ཤེས་ཀྱིས་བསྐྱངས་ནས་བྱིང་རྨུགས་སུ་མ་སོང་བར། རིག་པའི་ངར་འདོན་བྱས་པས། སྣང་ལ་རང་བཞིན་མེད་པ་གསལ་ལ་རྟོག་པ་མེད་པ། རྗེན་ནེ་ཡེར་རེ། ས་ལེ་སིང་ངེ་བ་དེ་ཞི་གནས་ཀྱི་ཉམས་ཡིན། དེ་ལ་ལྷག་མཐོང་དུ་འཛིན་རུང་། སོ་སོ་སྐྱེ་བོ་ལ་ལྷག་མཐོང་མཚན་ཉིད་པ་མི་འཆར་བས། ས་དང་པོ་ཐོབ་པ་དང་ལྷག་མཐོང་དང་མཇལ་བ་ཡིན་སྙམ་ལགས། དེས་ན་དམིགས་པ་ལ་བརྟེན་ནས་རྣམ་པ་ལམ་དུ་བྱེད་པ་ཡིན། གཞན་ཞི་གནས་ཀྱི་ཉམས་སྣང་ལྷ་སྐུ་སོགས་མཐོང་སྣང་སྣ་ཚོགས་བྱུང་བ་རྣམས་བསྒོམས་པའི་རྟགས་ཙམ་ཡིན་གྱི། སྙིང་པོ་གང་ཡང་མེད་སྙམ་ལགས། མདོར་ན་ཞི་གནས་བཟང་པོའི་ཉམས་ངར་འདོན་དང་བཅས་པ་དང་། སོ་སོར་རྟོགས་པའི་ཤེས་རབ་ཟབ་མོས་དཔྱོད་པ་དང་བཅས་པ་འདི། ལྷག་མཐོང་ཐོབ་པར་བྱེད་པའི་ཐབས་མེད་མི་རུང་། སྐས་ལ་འཛེག་


MLR001_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐས་ཐེམ་འོག་མ་དང་འདྲ་བསམ་ལགས། ཞི་གནས་སྒོམ་པ་སོགས་མཚན་བཅས་མཚན་མེད་གང་བྱེད་ཐམས་ཅད་ཀྱི་སྔོན་དུ་བྱམས་སྙིང་རྗེས་ཀུན་ནས་སློང་སྟེ༑ ཅི་བྱེད་གཞན་དོན་དུ་དམིགས་པའི་སེམས་བསྐྱེད་ཀྱིས་ཟིན་པ་དང་། བར་དུ་ལྟ་བ་རྣམ་པར་དག་པས་དམིགས་མེད་དུ་སྦྱོང་བ་དང་། ཐ་མ་གཞན་དོན་དུ་བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་དམིགས་མེད་ཀྱི་ངང་ནས་བྱེད་པ་ལམ་ཐམས་ཅད་ཀྱི་མཆོག་ཡིན་པར་གོ་ལགས། མི་ལྟོགས་པ་ལ་ཟན་གོ་བས་མི་ཕན་ཟ་དགོས་པ་ལྟར། སྟོང་ཉིད་རྟོགས་པ་ལ་དོན་གོ་བས་མི་ཆོག་སྒོམ་དགོས་པར་གོ་ལགས་ཤིང་། ཁྱད་པར་ལྷག་མཐོང་རྟོགས་པའི་ཐབས་རྗེས་ཐོབ་ཏུ་བསགས་སྦྱང་གཉིས་ལ་ཡེངས་མེད་དུ་འབད་དགོས་པར་གོ་ལགས། དོན་དྲིལ་བ་ལ། ད་ལྟ་རྣལ་འབྱོར་པ་ཉམས་སུ་ལེན་པའི་སྟོང་ཉིད། མཉམ་ཉིད་བརྗོད་མེད་མི་རྟོག་པ་རྣམས་དབང་བཞི་དང་མཐུན་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་རིམ་གྱི་ལྟ་བ་ཡིན་པར་གོ་ལགས། གོ་བ་རྣམས་མངོན་དུ་བྱེད་པ་ལ་ལུས་ལ་བབ་བསྐུར། ལྟོ་ལ་གྱོང་བསྐུར། སེམས་ལ་ལས་བསྐུར་ནས་སྣང་བ་གདོང་འདེད། འཆི་ནུས་ཐོག་འགེལ་ཅི་བྱུང་རོ་སྙོམས་ནས། སྐུ་དྲིན་འཁོར་ཐབས་མེད་པའི་བླ་མ་ཡབ་ཡུམ་གྱི་དྲུང་དུ། ཟང་ཟིང་གི་ཞབས་ཏོག་འབུལ་རྒྱུ་མ་བྱུང་བས། སྒྲུབ་པའི་མཆོད་པ་ཇི་སྲིད་འཚོའི་བར་དུ་འབུལ་ཞིང་།


MLR001_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་གི་རྟོགས་པ་འོག་མིན་ཆོས་ཀྱི་ཕོ་བྲང་དུ་འབུལ་བར་ཞུ། རྡོ་རྗེ་འཆང་ཆེན་བླ་མ་དང་། །སངས་རྒྱས་བསྐྱེད་པའི་བདག་མེད་ཡུམ། །རྒྱལ་སྲས་སྤྲུལ་པའི་ཚོགས་རྣམས་ལ། །གོ་རྟོགས་ཡིད་ཡུལ་ཤར་བ་ཡི། །ཚིག་འགའ་སྙན་དུ་ཕུལ་བ་ལ། །མ་རྟོགས་ལོག་རྟོགས་འཁྲུལ་རྟོགས་སོགས། །ཉེས་ཚོགས་ཐམས་ཅད་བཟོད་པར་གསོལ། །སླར་ཡང་ཆོས་བཞིན་འཆོས་པར་ཞུ། །རྗེ་ཁྱེད་ཀྱི་ཐུགས་རྗེའི་དཀྱིལ་འཁོར་ལས། །བྱིན་རླབས་ཀྱི་ཚ་ཟེར་འཕྲོས་པ་ཡིས། །བདག་བློའི་པད་མོ་ཁ་ཕྱེ་སྟེ། །ཉམས་རྟོགས་ཀྱི་དྲི་བསུང་འཕྲོ་བ་འདི། །དྲིན་ལན་ལ་འཁོར་ཐབས་མ་མཆིས་པས། །སྒྲུབ་པའི་མཆོད་པ་རྒྱུན་དུ་འབུལ། །སྒྲུབ་པ་མཐའ་རུ་ཕྱིན་པ་དང་། །བསྒྲུབས་འབྲས་ཀྱིས་འགྲོ་ལ་ཕན་པར་མཛོད། །འབངས་ཞུ་ཕོད་ཆེས་ན་བཟོད་པར་གསོལ། །ཞེས་ཞུས་པས། བླ་མའི་ཞལ་ནས། བུ་ཁྱོད་ལ་དེ་ཙམ་ཞིག་རེ་ཡང་རེ་སྟེ་བྱུང་འདུག་གསུང་མཉེས་མཉེས་མཛད། ཡུམ་གྱི་ཞལ་ནས། ངའི་བུ་འདི་ལ་འདི་ཙམ་ཞིག་འོང་བའི་བློ་སྟོབས་དང་ནུས་པ་ཞིག་ཡོད་གསུང་ཤིན་ཏུ་དགྱེས་ཏེ་ཆོས་ཀྱི་གླེང་མོ་མང་དུ་གནང་ནས་ཡབ་ཡུམ་གཉིས་གཟིམས་ཁང་དུ་བྱོན། ངས་ཀྱང་སྔར་ལྟར་འདག་སྦྱར་ལ་བསྒོམས། དེའི་ཚེ་བླ་མ་ཡང་དབུ་རུ་བྱང་ཕྱོགས་ལ་འགྲོ་དོན་ལ་བྱོན་ནས། མར་པ་མགོ་ལེགས་ཀྱི་སར་ཚོགས་


MLR001_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཞིག་མཛད་པའི་ནུབ་མོ་སྔར་པཎ་ཆེན་ནཱ་རོའི་བརྡའི་གསུང་མ་གོ་བ་ཞིག་ཡོད་པ་དེ། མཁའ་འགྲོས་བཀྲོལ་ཞིང་། བརྡས་བསྐུལ་ཏེ། ནཱ་རོ་པ་དང་མཇལ་དུ་འབྱོན་པར་དགོངས་ཏེ། གྲོ་བོ་ལུང་དུ་ཕེབས་ནས་ཞག་འགའ་བཞུགས་ཡོད་པའི་ཚེ། ནུབ་གཅིག་ངའི་རྨི་ལམ་དུ་བུད་མེད་སྔོ་བསངས་མ་དར་གྱི་ན་བཟའ་དང་། རུས་པའི་རྒྱན་གྱིས་མཛེས་པ། སྨིན་མ་དང་སྨ་ར་སེར་ཁྱུག་གེ་ཡོད་པ་ཞིག་བྱུང་ནས། བུ་ཁྱོད་ལ་ཡུན་དུ་བསྒོམས་པས་སངས་རྒྱ་བ་ཕྱག་རྒྱ་ཆེན་པོ་དང་། ཆོས་དྲུག་གི་གདམས་ངག་དེ་འདུག་སྟེ༑ སྐད་ཅིག་མ་གཅིག་བསྒོམས་པས་སངས་རྒྱ་བ་ཁྱད་པར་གྱི་འཕོ་བ་གྲོང་འཇུག་གི་གདམས་ངག་དེ་མི་འདུག་པ་ཞུས་ཤིག་ཟེར་སོང་བ་ལ༑ ངས་བསམ་མནོ་ཞིག་བཏང་བས། བུད་མེད་དེ་མཁའ་འགྲོ་མའི་ཆ་བྱད་དུ་འདུག་རུང་། མཁའ་འགྲོའི་ལུང་བསྟན་ཡིན་ནམ། བདུད་ཀྱི་བར་ཆད་ཡིན་མི་ཤེས། གང་ཡིན་ནའང་ངའི་བླ་མ་དུས་གསུམ་གྱི་སངས་རྒྱས་ཀྱིས་མི་མཁྱེན་པའམ། མ་རྟོགས་པ་གཅིག་ཀྱང་མེད་དེ། ཡ་གི་སངས་རྒྱས་ཐོབ་པའི་གདམས་ངག་མན་ཆད་ནས། མ་གི་རྫ་གཏུགས་བྱེད་པའི་གདམས་པ་ཡན་ཡོད་པ་ཡིན་པས། རྒྱ་ལ་མཁའ་འགྲོའི་ལུང་བསྟན་ཡིན་ན་གྲོང་འཇུག་ཅིས་ཀྱང་ཞུ་དགོས་སྙམ་ནས། འདག་སྦྱར་བཤིག་སྟེ་བླ་མའི་དྲུང་དུ་ཕྱིན་པས།


MLR001_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ཞལ་ནས། མཚམས་དམ་པོ་ལ་མི་སྡོད་པར། བར་ཆད་བྱུང་ཉེན་ཡང་ཡོད་ཅི་ལ་འོངས་གསུང་བ་ལ། བདག་ལ་བུད་མེད་འདི་འདྲ་ཞིག་གིས་འདི་སྐད་ཟེར་བྱུང་བ་བར་ཆད་ཡིན་ནམ་ལུང་བསྟན་ཡིན་མ་ཤེས། གལ་ཏེ་ལུང་བསྟན་ཡིན་ན་གྲོང་འཇུག་ཞུར་འོངས་པ་ལགས་པས་གནང་བར་ཞུ་ཞུས་པས། ཡུག་གཅིག་དགོངས་པ་ལ་བཞུགས་ནས། དེ་མཁའ་འགྲོའི་ལུང་བསྟན་ཡིན་པར་འདུག་སྟེ། ང་རྒྱ་གར་ནས་ཚུར་འོང་དུས། པཎ་ཆེན་ནཱ་རོའི་ཞལ་ནས། གྲོང་འཇུག་གི་གསུང་སྒྲོས་ཤིག་བྱུང་བ་ལས་ཞུས་སུ་ཚོར་བ་མི་འདུག་པས། རྒྱ་དཔེ་རྣམས་བཀླགས་ཏེ་འཚོལ་བ་ཡིན་གསུངས། དཔོན་སློབ་གཉིས་ཀས་ཉིན་མཚན་ཕྲུགས་གཅིག་ཏུ་གྲོང་འཇུག་གི་དཔེ་ཆ་བཙལ་བས། འཕོ་བའི་ཡིག་ཆ་མང་དུ་རྙེད་དེ། གྲོང་འཇུག་གི་ཡི་གེ་འབྲུ་གཅིག་ཀྱང་མ་རྙེད་པ་ལ། བླ་མའི་ཞལ་ནས། དབུ་རུ་བྱང་ཕྱོགས་སུ་བྱུང་བའི་བརྡ་དེ་ཡང་འདི་ཞུ་བ་ལ་བསྐུལ་བར་འདུག་གཞན་ཡང་གདམས་ངག་ཅི་ཡོད་མི་ཤེས་པར་འདུག་པས་ཞུ་རུ་འགྲོ་གསུང་བ་ལ། སྐུ་ན་བགྲེས་པའི་རྒྱུ་མཚན་སོགས་ཕུལ་ནས་བཤོལ་ཅི་བཏབ་རུང་མ་ཐེབས་པར། སློབ་མ་རྣམས་ཀྱི་འབུལ་བ་གསེར་དུ་བསྒྲིལ་བས། གསེར་དཀར་ཡོལ་གང་བྱུང་བ་བསྣམས་ཏེ་རྒྱ་གར་ལ་བྱོན་པས། ནཱ་རོ་པ་སྤྱོད་པ་ལ་གཤེགས་པ་དང་ཐུག་སྲོག་


MLR001_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མ་ལྟོས་པར་འཚོལ་སྙམ་རྟེན་འབྲེལ་མང་པོ་བསྒྲིགས་པས་མཇལ་བའི་ལུང་བསྟན་ཁོ་ན་ཐོབ་སྟེ། གསོལ་བ་འདེབས་ཤིང་བཙལ་བས། ནགས་གསེབ་ཅིག་ཏུ་མཇལ་ཏེ། ཕུ་ལ་ཧ་རིའི་དགོན་པར་གདན་དྲངས་ནས། འཕོ་བ་གྲོང་འཇུག་གི་གདམས་ངག་ཞུས་པས། པཎ་ཆེན་ནཱ་རོའི་ཞལ་ནས། འདི་ཁྱོད་རང་དྲན་ནམ་ལུང་བསྟན་བྱུང་གསུང་བ་ལ། འདི་བདག་རང་དྲན་པ་མིན། བདག་ལ་ལུང་བསྟན་བྱུང་བའང་མིན། བདག་ལ་སློབ་མ་ཐོས་པ་དགའ་ཞེས་བྱ་བ་ཡོད་པ་དེ་ལ་མཁའ་འགྲོའི་ལུང་བསྟན་བྱུང་ནས་ཞུར་འོངས་པ་ལགས་ཞུས་པས། ངོ་མཚར་ཆེ། བོད་མུན་ནག་གི་གླིང་ན་སྐྱེས་བུ་གངས་ལ་ཉི་མ་ཤར་བ་འདྲ་བ་ཡང་ཡོད་པར་འདུག་གསུངས། ཕྱག་གཉིས་སྤྱི་བོར་ཐལ་མོ་སྦྱར་ཏེ། བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་འདྲ་བའི། །ཐོས་པ་དགའ་ཞེས་བྱ་བ་ཡི། །སྐྱེས་བུ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུང་ཞིང་སྤྱན་བཙུམས་ཏེ། དབུ་གུག་གུག་པ་ལན་གསུམ་མཛད་པས། རྒྱ་གར་གྱི་རི་དང་རྩི་ཤིང་རྣམས་ཀྱང་བོད་ཀྱི་ཕྱོགས་ལ་མགོ་གུག་གུག་པ་ལན་གསུམ་བྱུང་། དུས་ད་ལྟའི་བར་དུ་ཡང་ཕུ་ལ་ཧ་རིའི་རི་དང་ཤིང་རྣམས་བོད་ཀྱི་ཕྱོགས་ལ་མགོ་གུག་གེ་ཡོད་པར་འདུག་དེ་ནས་མཁའ་འགྲོ་སྙན་བརྒྱུད་ཀྱི་གདམས་ངག་རྣམས་


MLR001_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་གནང་ནས། པཎ་ཆེན་ནཱ་རོས་རྟེན་འབྲེལ་ཞིག་བསྒྲིགས་པ་ལས། མར་པའི་ཕྱག་འཚལ་ལུགས་ཀྱི་རྟེན་འབྲེལ་གྱིས་གདུང་རྒྱུད་ཐུང་བ་ཙམ་བྱུང་ནའང་། ངའི་འཕྲིན་ལས་ཀྱི་ཆོས་རྒྱུད་ཆུ་བོའི་གཞུང་ལས་རིང་བ་འོང་བའི་ལུང་བསྟན་ཐོབ་སྟེ། བོད་དུ་གདན་ཕེབས། དེ་ནས་ཕྱག་འཚལ་ལུགས་ཀྱི་རྟེན་འབྲེལ་གྱིས་སྲས་དར་མ་མདོ་སྡེ་སྐུ་ཡལ་བའི་ལོ་མཆོད་ཀྱི་མཆོད་འབུལ་ལ། གྲྭ་བུ་སློབ་ཀུན་འཛོམ་པའི་མཆོད་པའི་ཚོགས་གྲལ་དུ། བླ་མ་ལ་སློབ་མ་བུ་ཆེན་རྣམས་ཀྱིས་ཞུས་པ། བླ་མ་རིན་པོ་ཆེ། སྲས་དུས་གསུམ་གྱི་སངས་རྒྱས་ལྟ་བུ་དེ་ནི་བདག་ཅག་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱིས་མ་ཐུབ། བླ་མ་རང་ནི་སྐུ་ན་བགྲེས་གདའ་བས། ད་བཀའ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་བར་འགྱུར་བ་དང་། བདག་ཅག་སློབ་མ་རྣམས་ལ་གདུལ་བྱ་དང་འཕྲིན་ལས་ཇི་ལྟར་འབྱུང་བའི་ལུང་བསྟན་ཅིག་གནང་བར་ཞུ་ཞུས་པས། བླ་མའི་ཞལ་ནས། ང་ནཱ་རོ་པཎ་ཆེན་གྱི་བུ་རྒྱུད་འདི་རྟེན་འབྲེལ་དང་རྨི་ལམ་ལ་མངའ་བརྙེས་པ་ཡིན་ཞིང་། བཀའ་བརྒྱུད་ཀྱི་བསྟན་པ་ལ་ཕན་ཆེན་ནཱ་རོའི་ལུང་བསྟན་བཟང་པོ་ཡང་ཡོད། ཁྱེད་བུ་ཆེན་རྣམས་ཀྱིས་རྨི་ལམ་སྒུགས་ལ་ཤོག་ཅིག་གསུངས། དེར་བུ་ཆེན་རྣམས་ཀྱིས་རྨི་ལམ་བཟུང་ནས་ཞུས་པས། ཀུན་ལ་རྨི་ལམ་བཟང་པོ་འགའ་བྱུང་འདུག་ནའང་།


MLR001_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་ཕོག་པ་མ་བྱུང་སྟེ། ང་ལ་ཀ་ཆེན་བཞིའི་རྨི་ལམ་བྱུང་ཚུལ་རྣམས་བླ་མའི་དྲུང་དུ་ཕུལ་བ་འདི་ལྟར་རོ། །རྗེ་རྡོ་རྗེ་འཆང་གི་བཀའ་བཞིན་དུ། །མདང་སུམ་ཉལ་བའི་རྨི་ལམ་ན། །བྱུང་ཚུལ་བླ་མའི་དྲུང་དུ་འབུལ། །སྙན་དར་ཅིག་བདག་ལ་གསན་པར་ཞུ། །འཛམ་གླིང་ཡངས་པའི་བྱང་ཕྱོགས་འདིར། །ལྷུན་སྡུག་གངས་རི་ཆགས་པ་རྨིས། །གངས་རྩེ་མོ་དགུང་ལ་རེག་པ་རྨིས། །རྩེ་ལ་ཉི་ཟླ་འཁོར་བ་རྨིས། །འོད་ཀྱིས་ནམ་མཁའ་གང་བ་རྨིས། །རྩ་བས་ས་གཞི་ཁྱབ་པ་རྨིས། །ཕྱོགས་བཞིར་ཆུ་རྒྱུན་འབབ་པ་རྨིས། །ཆུ་དེས་འགྲོ་ཀུན་ཚིམ་པ་རྨིས། །ཆུ་སྣ་རྒྱ་མཚོར་འབབ་པ་རྨིས། །མེ་ཏོག་སྣ་ཚོགས་བཀྲ་བ་རྨིས། །སྤྱིར་གྱི་རྨི་ལམ་དེ་ལྟར་རྨིས། །བླ་མ་དུས་གསུམ་སངས་རྒྱས་ལ་ཞུས་པ་ལགས། སྒོས་ལྷུན་སྟུག་གངས་རི་མཐོན་པོ་དེའི། །ཤར་དུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་སེང་ཆེན་འགྱིང་བ་རྨིས། །སེང་གཡུ་རལ་མཐའ་ནས་རྒྱས་པ་རྨིས། །སྡེར་བཞི་གངས་ལ་བགྲད་པ་རྨིས། །སྤྱན་མིག་གྱེན་དུ་གཟིགས་པ་རྨིས། །སེང་གངས་དཀར་གྱི་ལྟོངས་སུ་འཕྱོ་བ་རྨིས། །བླ་མ་དུས་གསུམ་སངས་རྒྱས་ལ་ཞུས་པ་ལགས། །ལྷོ་རུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་སྟག་མོ་ངར་བ་རྨིས། །སྟག་གྲ་འཛུམ་མཐའ་ནས་རྒྱས་པ་རྨིས། །ཁོང་འཛུམ་ལན་གསུམ་བྱས་པ་རྨིས། །སྡེར་བཞི་ནགས་ལ་བགྲད་པ་རྨིས། །སྤྱན་མིག་གྱེན་ལ་


MLR001_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པ་རྨིས། །སྟག་ནགས་ཀྱི་གསེབ་ལ་འཕྱོ་བ་རྨིས། །ནགས་ཐང་ཤིང་རྒྱུད་དུ་སྦྲེལ་བ་རྨིས། །བླ་མ་དུས་གསུམ་སངས་རྒྱས་ལ་ཞུས་པ་ལགས། །ནུབ་ཏུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་ཁྱུང་ཆེན་ལྡིང་བ་རྨིས། ཁྱུང་གཤོག་སྒྲོ་མཐའ་ནས་རྒྱས་པ་རྨིས། །ཁྱུང་རཱ་གནམ་དུ་གཟེངས་པ་རྨིས། །སྤྱན་མིག་གྱེན་དུ་གཟིགས་པ་རྨིས། །ཁྱུང་ནམ་མཁའི་མཐོངས་ལ་འཕུར་བ་རྨིས། །བླ་མ་དུས་གསུམ་སངས་རྒྱས་ལ་ཞུས་པ་ལགས། །བྱང་དུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་རྒོད་པོ་ལྡིང་བ་རྨིས། །རྒོད་རྩེ་སྒྲོ་མཐའ་ནས་རྒྱས་པ་རྨིས། །རྒོད་ཚང་བྲག་ལ་བཅས་པ་རྨིས། །རྒོད་དེ་ལ་བུ་གཅིག་བྱུང་བ་རྨིས། །བྱ་ཕྲན་གྱིས་ནམ་མཁའ་གང་བ་རྨིས། །སྤྱན་མིག་གྱེན་དུ་གཟིགས་པ་རྨིས། །རྒོད་ནམ་མཁའི་མཐོངས་ལ་འཕུར་བ་རྨིས། །བླ་མ་དུས་གསུམ་སངས་རྒྱས་ལ་ཞུས་པ་ལགས། །དེ་ལྟར་རྨིས་པའི་རྟེན་འབྲེལ་གྱིས། །བཟང་བའི་དགེ་ལྟས་ཡིན་ནམ་སྙམ། །བདག་ནི་ཉམས་དགའ་ཤེས་པ་སྤྲོ། །ངོ་སྤྲོད་ལུང་བསྟན་གནང་དུ་གསོལ། །ཞེས་ཞུས་པས། བླ་མ་ཤིན་ཏུ་མཉེས་ཏེ། རྨི་ལམ་བཟང་འདུག་གསུངས། ཡུམ་ལ་བདག་མེད་མ་ཚོགས་ཀྱི་འཁོར་ལོ་བཟང་པོ་ཞིག་གི་གྲབས་གྱིས་གསུངས། དེར་ཡུམ་གྱིས་ཡོ་བྱད་རྣམས་འཛོམ་པ་དང་། སློབ་མ་བུ་ཆེན་རྣམས་བསགས་ནས་ཚོགས་འཁོར་བཟང་པོ་ཞིག་མཛད་པའི་གྲལ་དུ། བླ་མའི་ཞལ་ནས། མི་ལ་རྡོ་རྗེ་རྒྱལ་མཚན་ལ་རྨི་ལམ་འདི་


MLR001_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་བྱུང་འདུག་པ་ངོ་མཚར་ཆེ་ཨང་གསུང་བ་ལ། བུ་ཆེན་རྣམས་ཀྱིས་རྨི་ལམ་དེ་དག་གི་བརྡ་དོན་བཀྲོལ་ནས་ལུང་བསྟན་གནང་བར་ཞུ་ཞུས་པས། སྐྱེས་མཆོག་སྒྲ་སྒྱུར་ཆེན་པོས་བུ་སློབ་རྣམས་ལ་རྨི་ལམ་བརྡ་གྲོལ་གྱི་མགུར་འདི་གསུངས་སོ། །རྗེ་དུས་གསུམ་སངས་རྒྱས་འགྲོ་བའི་མགོན། །པཎ་ཆེན་ནཱ་རོའི་ཞབས་ལ་འདུད། །འདིར་བཞུགས་གདན་གང་བུ་སློབ་ཀུན། །རྨི་ལམ་བརྡ་ལས་བྱུང་བ་ཡི། །ངོ་མཚར་མ་འོངས་ལུང་བསྟན་འདི། །ཕ་རྒན་ང་ཡིས་བཤད་ཀྱིས་ཉོན། །འཛམ་གླིང་བྱང་ཕྱོགས་ས་སྟེང་དེ། །བོད་ན་དར་བའི་ཐུབ་བསྟན་ཡིན། །དེ་སྟེང་གངས་རི་ཆགས་པ་དེ། །ཕ་རྒན་མར་པ་ལོ་ཙཱ་དང་། །བཀའ་བརྒྱུད་ཡོངས་ཀྱི་བསྟན་པ་ཡིན། །གངས་རྩེ་མོ་དགུང་ལ་རེག་པ་འདི། །ལྟ་བ་འགྲན་ཟླ་མེད་པ་ཡིན། །རྩེ་ལ་ཉི་ཟླ་འཁོར་བ་དེ། །སྒོམ་པ་འོད་གསལ་མཁྱེན་བརྩེ་ཡིན། །འོད་ཀྱིས་ནམ་མཁའ་གང་བ་དེ། །ཐུགས་རྗེས་མ་རིག་མུན་སེལ་ཡིན། །རྩ་བས་ས་གཞི་ཁྱབ་པ་དེ། །འཕྲིན་ལས་ཀྱིས་ས་གཞི་ཁྱབ་པ་ཡིན། །ཕྱོགས་བཞིར་ཆུ་རྒྱུན་འབབ་པ་དེ། །སྨིན་གྲོལ་དབང་བཞིའི་གདམས་ངག་ཡིན། །ཆུ་དེས་འགྲོ་ཀུན་ཚིམ་པ་དེ། །གདུལ་བྱ་སྨིན་ཞིང་གྲོལ་བ་ཡིན། །ཆུ་སྣ་རྒྱ་མཚོར་འབབ་པ་དེ། །འོད་གསལ་མ་བུ་མཇལ་བ་ཡིན། །མེ་ཏོག་སྣ་ཚོགས་བཀྲ་བ་དེ། །འབྲས་བུ་སྐྱོན་བྲལ་ཉམས་མྱོང་ཡིན། །སྤྱིར་རྨི་ལམ་མི་ངན་རྨི་ལམ་བཟང་། །འདིར་


MLR001_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་གྲྭ་པ་བུ་སློབ་ཀུན། །སྒོས་ལྷུན་སྟུག་གངས་རི་མཐོན་པོ་དེའི། །ཤར་དུ་ཀ་ཆེན་བཙུགས་པ་དེ། །དོལ་གྱི་ཚུར་སྟོན་དབང་ངེ་ཡིན། །ཀ་ཐོག་ཏུ་སེང་གེ་འགྱིང་བ་དེ། །ཁོ་མི་གཞི་སེང་དང་འདྲ་བ་ཡིན། །སེང་གཡུ་རལ་མཐའ་ནས་རྒྱས་པ་དེ། །སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན། །སྡེར་བཞི་གངས་ལ་བགྲད་པ་དེ། །ཚད་མེད་བཞི་དང་ལྡན་པ་ཡིན། །སྤྱན་མིག་གྱེན་དུ་གཟིགས་པ་དེ། །འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཡིན། །སེང་གངས་དཀར་ལྟོངས་སུ་འཕྱོ་བ་དེ། །ཐར་པའི་གླིང་དུ་གཤེགས་པ་ཡིན། །ཤར་རྨི་ལམ་མི་ངན་རྨི་ལམ་བཟང་། །འདིར་ཚོགས་གྲྭ་པ་བུ་སློབ་ཀུན། །ལྷོ་རུ་ཀ་ཆེན་བཙུགས་པ་དེ། །གཞུང་གི་རྔོག་སྟོན་ཆོས་རྡོར་ཡིན། །ཀ་ཐོག་ཏུ་སྟག་མོ་ངར་བ་དེ། །ཁོ་མི་གཞི་སྟག་དང་འདྲ་བ་ཡིན། །སྟག་གྲ་འཛུམ་མཐའ་ནས་རྒྱས་པ་དེ། །སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན། །ཁོང་འཛུམ་ལན་གསུམ་བྱས་པ་དེ། །སྐུ་གསུམ་རང་ངོ་འཕྲོད་པ་ཡིན། །སྡེར་བཞི་ནགས་ལ་བགྲད་པ་དེ། །འཕྲིན་ལས་རྣམ་བཞི་གྲུབ་པ་ཡིན། །སྤྱན་མིག་གྱེན་དུ་གཟིགས་པ་དེ། །འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཡིན། །སྟག་ནགས་ཀྱི་གསེབ་ཏུ་འཕྱོ་བ་དེ། །ཐར་པའི་གླིང་དུ་གཤེགས་པ་ཡིན། །ཐང་ཤིང་རྒྱུད་དུ་འབྲེལ་བ་དེ། །བུ་ཚ་བོས་རྒྱུད་པ་འཛིན་པ་ཡིན། །ལྷོ་རྨི་ལམ་མི་ངན་རྨི་ལམ་བཟང་། །འདིར་ཚོགས་གྲྭ་པ་བུ་སློབ་ཀུན། །ནུབ་ཏུ་ཀ་


MLR001_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བཙུགས་པ་དེ། །གཙང་རོང་གི་མེས་སྟོན་ཚོན་པོ་ཡིན། །ཀ་ཐོག་ཏུ་ཁྱུང་ཆེན་ལྡིང་བ་དེ། །ཁོ་མི་གཞི་ཁྱུང་དང་འདྲ་བ་ཡིན། །ཁྱུང་གཤོག་མཐའ་ནས་རྒྱས་པ་དེ། །སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན། །ཁྱུང་རྭ་གནམ་དུ་གཟེངས་པ་དེ། །ལྟ་སྒོམ་གྱི་གོལ་ས་ཆོད་པ་ཡིན། །སྤྱན་མིག་གྱེན་དུ་གཟིགས་པ་དེ། །འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཡིན། །ཁྱུང་ནམ་མཁའི་མཐོངས་ལ་འཕུར་བ་དེ། །ཐར་པའི་གླིང་དུ་གཤེགས་པ་ཡིན། །ནུབ་རྨི་ལམ་མི་ངན་རྨི་ལམ་བཟང་། །འདིར་ཚོགས་གྲྭ་པ་བུ་སློབ་ཀུན། །བྱང་དུ་ཀ་ཆེན་བཙུགས་པ་དེ། །གུང་ཐང་གི་མི་ལ་རས་པ་ཡིན། །ཀ་ཐོག་ཏུ་རྒོད་པོ་ལྡིང་བ་དེ། །ཁོ་མི་གཞི་རྒོད་དང་འདྲ་བ་ཡིན། །རྒོད་རྩེ་སྒྲོ་མཐའ་ནས་རྒྱས་པ་དེ༑ །སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན། །རྒོད་ཚང་བྲག་ལ་བཅས་པ་དེ། །ཚེ་སྲོག་བྲག་ལས་སྲ་བ་ཡིན། །རྒོད་དེ་ལ་བུ་གཅིག་བྱུང་བ་དེ། །འགྲན་གྱི་དོ་མེད་ཅིག་འོང་བ་ཡིན། །བྱ་ཕྲན་གྱིས་ནམ་མཁའ་གང་བ་དེ། །བཀའ་བརྒྱུད་ཀྱི་བསྟན་པ་དར་བ་ཡིན། །སྤྱན་མིག་གྱེན་དུ་གཟིགས་པ་དེ། །འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཡིན། །རྒོད་ནམ་མཁའི་མཐོངས་སུ་འཕུར་བ་དེ། །ཐར་པའི་གླིང་དུ་གཤེགས་པ་ཡིན། །བྱང་རྨི་ལམ་མི་ངན་རྨི་ལམ་བཟང་། །ཁྱེད་འདིར་ཚོགས་རྣམས་ལ་བཤད་པ་ཡིན། །ང་ཕ་རྒན་གྱི་བྱ་བ་བྱས་ཤིང་ཚར། །


MLR001_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ད་ཁྱེད་བུ་སློབ་ཀྱི་དུས་ལ་བབ་ནས་གདའ། །ང་མི་རྒན་གྱི་ཁ་ལ་གཏད་ཡོད་ན། །ཕྱིས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་ནས་འོང་། །ཞེས་གསུངས་ནས། ཚོགས་པ་ཀུན་ལ་དགའ་སྤྲོ་དཔག་ཏུ་མེད་པ་ཐོབ་བོ། །དེ་ནས་བླ་མས་བུ་ཆེན་རྣམས་ལ་ཆོས་དང་གདམས་ངག་གི་དཀོར་མཛོད་རྣམས་ཁ་ཕྱེ་སྟེ། ཉིན་འཆད་ཅིང་། མཚན་སྒོམ་དུ་བཅུག་ནས་ཀུན་ཐུགས་དམ་དམར་བར་ཡོད་པའི་ཚེ། བདག་མེད་མའི་ཟབ་དབང་ཞིག་མཛད་པའི་ནུབ་མོ། ཐུགས་དགོངས་ལ། བུ་སློབ་འདི་རྣམས་ལ། ཁྱད་པར་དུ་ཆོས་གང་ལ་གང་གི་བཀའ་བབས་དང་འཕྲིན་ལས་ཡོད་པ་དེ་ལ་དེ་སྟེར་དགོས་པས། ནངས་པར་ཐོ་རངས་ཀྱི་རྟེན་འབྲེལ་ལ་བརྟག་པ་བྱ་དགོངས་ནས། ཐོ་རངས་འོད་གསལ་གྱི་ངང་ནས་བུ་ཆེན་རྣམས་ལ་གཟིགས་པས། གཞུང་གི་རྔོག་སྟོན་ཆོས་རྡོར་དགྱེས་རྡོར་གྱི་རྒྱུད་འགྲེལ་འགའ་ལ་བཤར་སྦྱང་མཛད། དོལ་གྱི་ཚུར་སྟོན་དབང་ངེ་འཕོ་བ་སྒོམ། གཙང་རོང་གི་མེས་སྟོན་ཚོན་པོ་འོད་གསལ་སྒོམ། ང་གཏུམ་མོ་སྒོམ་པ་གཟིགས་པས། ཆོས་སོ་སོའི་བཀའ་བབས་དང་འཕྲིན་ལས་གང་ཡོད་མཁྱེན་པས། བླ་མ་རྔོག་པ་ལ་མཐའ་དྲུག་ཚུལ་བཞིའི་སྒོ་ནས་རྒྱུད་བཤད་ཐབས་ཀྱི་མན་ངག་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་ཞིག་ཡོད་པ་དེ་དང་། ནཱ་རོའི་རྒྱན་དྲུག་ཐུགས་དམ་པདྨ་རཱ་ག་དགང་གཟར་བླུགས། རྒྱ་


MLR001_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་གྱི་ཕྱག་དཔེ་དང་བཅས་པ་གནང་ནས་བཤད་པའི་སྒོ་ནས་འགྲོ་དོན་གྱིས་ཤིག་གསུངས། དོལ་གྱི་ཚུར་སྟོན་དབང་ངེ་ལ་འཕོ་བ་རྒྱ་མཐོངས་ཁ་ཕྱེ་བ་ལ་བྱ་འཕུར་བ་ལྟ་བུ་ཞིག་ཡོད་པ་དེ་དང་། ནཱ་རོའི་དབུ་ལོ། ཕྱག་སེན། བདུད་རྩི་རིལ་བུ། རིགས་ལྔའི་དབུ་རྒྱན་རྣམས་གནང་སྟེ། འཕོ་བ་སྦྱོངས་ཤིག་གསུངས། གཙང་རོང་གི་མེས་སྟོན་ཚོན་པོ་ལ། འོད་གསལ་མུན་ནང་དུ་མར་མེ་སྦར་བ་ལྟ་བུ་ཞིག་ཡོད་པ་དེ་དང་། ནཱ་རོའི་རྡོ་རྗེ་དྲིལ་བུ། ཌཱ་མ་རུ། ཉ་ཕྱིས་ཀྱི་ཀ་པཱ་ལ་རྣམས་གནང་ནས། བར་དོ་ཆོད་ཅིག་གསུངས། ང་ལ་གཏུམ་མོའི་ཁྱད་ཆོས་ཤིང་གཤགས་ལ་མེ་སྦར་བ་ལྟ་བུ་དང་། མཻ་ཏྲི་པའི་དབུ་ཞྭ། ནཱ་རོའི་ན་བཟའ་རྣམས་གནང་ནས། གཡའ་ཁྲོད་དང་གངས་ཁྲོད་འགྲིམས་ལ་ལྟ་སྒོམ་ཉམས་སུ་ལོངས་ཤིག་གསུངས། དེ་ནས་གྲྭ་པ་ཀུན་འཛོམ་པའི་ཚོགས་འཁོར་ཞིག་མཛད་པའི་གྲལ་དུ། ངས་ཁྱེད་རྣམས་ལ་རྟེན་འབྲེལ་དང་མཐུན་པའི་གདམས་ངག་བྱིན་པ་བཞིན། སློབ་བརྒྱུད་རྣམས་ལ་ཡང་གཙོ་བོར་རང་རང་གི་གདམས་ངག་གི་ཕན་ཐོགས་དང་འཕྲིན་ལས་རྒྱ་ཆེར་འབྱུང་བ་ཡིན་ནོ། །ད་མདོ་སྡེ་འབུམ་ནི་མེད། ངའི་བཀའ་བརྒྱུད་ཀྱི་ཕ་རབས་ཀྱི་གདམས་ངག་དང་བྱིན་རླབས་ཀྱི་རྒྱུད་པ་ཁྱེད་རྣམས་ལ་གཏད་པ་ཡིན་པས་འབུངས་ཤིག་འགྲོ་དོན་འཕེལ་བར་ཡོང་ངོ་


MLR001_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། དེ་ནས་བུ་ཆེན་རྣམས་རང་རང་གི་གདན་སར་ཕེབས། ང་ལ་བླ་མའི་ཞལ་ནས། ཁྱོད་རང་ལོ་ཤས་ངའི་སར་སྡོད། དབང་དང་གདམས་ངག་ཁྱད་པར་བ་ཡང་སྟེར་རྒྱུ་ཡོད། ཉམས་རྟོགས་ཀྱང་བླ་མའི་དྲུང་དུ་གཏན་ལ་འབེབས་དགོས་པ་ཡིན་པས། མཚམས་དམ་པོ་ལ་སྡོད་གསུངས། ནཱ་རོས་ལུང་བསྟན་པའི་ཟངས་ཕུག་གི་ཕུག་པར་བསྡད་པས། ཡབ་ཡུམ་གཉིས་ཀྱིས་གཏོར་ཕོར་རེ་བཏང་བའི་ཚོགས་སྐལ་ཚུན་གནང་སྟེ། ཐུགས་ཤིན་ཏུ་བརྩེ་བར་མཛད་གསུངས། བླ་མའི་དྲུང་དུ་བསྒོམས་པས་ཉམས་རྟོགས་ཀྱི་མྱུ་གུ་འཁྲུངས་པའི་མཛད་པ་སྟེ་བཞི་པའོ། །


previousབཞི་པ། ཉམས་རྟོགས་ཀྱི་མྱུ་གུ་འཁྲུངས་པ། next