cover

གླེགས་བམ་བཞི་པ།

པོད། པ༽

འཇམ་མགོན་མི་ཕམ་རིན་པོ་ཆེ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མཆན་འགྲེལ་པུཎྚ་རི་ཀའི་དོ་ཤལ།


MR04_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མཆན་འགྲེལ་པུཎྚ་རི་ཀའི་དོ་ཤལ་བཞུགས་སོ། །


MR04_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པའི་དཀྱིལ་འཁོར་ཤེས་བྱའི་མཐའ་དང་མཉམ། །བརྩེ་བའི་འོད་སྟོང་གདུལ་བྱ་ཀུན་ལ་ཁྱབ། །ལྷུན་གྲུབ་རྒྱུན་མི་ཆད་པའི་མཛད་པ་ཅན། །ཐུབ་དབང་ཉིན་བྱེད་གུས་པའི་གཙུག་གིས་མཆོད། །དགའ་ལྡན་ཆོས་ཀྱི་སྤྲིན་ལ་ལེགས་བཞུགས་ཤིང་། །རྒྱལ་བའི་དགོངས་ཟབ་བདུད་རྩིའི་ཆར་འབེབས་ནས། །འཛམ་གླིང་སྐལ་བཟང་གདུལ་བྱའི་རེ་སྐོང་བ། །རྒྱལ་ཚབ་བྱམས་ཆེན་སྨྲ་བའི་ཟླ་བ་རྒྱལ། །གྲངས་མེད་རྒྱལ་སྲས་འདུས་པའི་འཁོར་གྱི་དབུས། །རྨད་བྱུང་སྟོང་པ་


MR04_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་སེངྒེའི་སྒྲ། །སྒྲོགས་ལ་ཟླ་མེད་མཁྱེན་པའི་གཏེར་གཅིག་པུ། །འཇམ་དབྱངས་ལྷག་པའི་ལྷ་དེས་རྟག་པར་སྐྱོངས། །འཕགས་བཞིའི་བསྐྱེད་ཡུམ་ཤེར་ཕྱིན་གསལ་མཛད་པ། །ཐོགས་མེད་དབྱིག་གཉེན་འཕགས་གྲོལ་རྣམ་པ་གཉིས། །སེང་གེ་བཟང་སོགས་ལོ་པཎ་དངོས་བརྒྱུད་ཀྱི། །བླ་མ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །ཡུམ་དོན་ཟབ་རྒྱས་གཏིང་མཐའ་བྲལ་ནའང་། །དང་པོའི་ལས་ཅན་བློ་གྲོས་གསར་བུ་རྣམས། །རབ་དགའི་མཆོད་ཡོན་ཟེགས་མ་ཙམ་འདི་འང་། །


MR04_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་བླ་མའི་མཁྱེན་རབ་མཚོ་ལས་སོ། །འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འདི་འཆད་པ་ལ། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ་ལ་གསུམ། མཚན་བསྒྱུར་བ། མཚན་བཤད་པ། མཚན་གྱི་དགོས་པའོ། །དང་པོ་ནི། རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་ནི། བོད་སྐད་དུ་བསྒྱུར་ན་མངོན་པར་རྟོགས་པ། ཨ་ལ༷ཾ་ཀ་ར་ནི་རྒྱན། ནཱ་མ་ནི་ཞེས་བྱ་བ། པྲ་ཛྙཱ་པཱ་ར་མི་ཏ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི། ཨུ་པ་དེ་ཤ་ནི་མན་ངག་གི །ཤཱས་ཏྲ་ནི་བསྟན་བཅོས་སོ། །གཉིས་པ་ནི། གཞུང་ལམ་འབྲས་བུའི་ཤེར་ཕྱིན་ལས། འདིར་རྩ་བའི་མདོ་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཀའ་རྒྱས་འབྲིང་བསྡུས་གསུམ། དེ་དག་གི་དོན་ཚེགས་ཆུང་ངུས་དོན་ཆེན་པོ་བདེ་བླག་ཏུ་རྟོགས་པ་མན་ངག་གི་བསྟན་བཅོས་ནི། སྤྱིར་ངེས་ཚིག་གི་དབང་དུ་བྱས་ན། རྒྱལ་བའི་བཀའ་ཡང་བསྟན་བཅོས་ཡིན་ཏེ། སློབ་མའི་རྒྱུད་འཆོས་པའི་སྒྲ་བཤད་དུ་ཡོད་ལ། འདིར་ས་བཅུའི་དབང་ཕྱུག་གིས་མཛད་པའི་བསྟན་བཅོས་སོ། །བསྟན་བཅོས་ཀྱི་རང་བཞིན་ནི། ཐེག་དམན་རྣམས་མིང་ཚིག་ཡི་གེ་སྟེ། ཚོགས་གསུམ་


MR04_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རང་བཞིན་བེམ་པོའི་ངོ་བོར་འདོད་ལ། ཐེག་ཆེན་ལྟར་ན་མིང་ཚིག་ཡི་གེའི་རྣམ་པར་སྣང་བའི་རིག་པ་སྟེ། བཀའ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བདག་རྐྱེན་ལས་བྱུང་བའི་གདུལ་བྱའི་གཞན་སྣང་དང་། ས་བཅུ་མན་ཆད་ཀྱི་བསྟན་བཅོས་ནི། རང་གཞན་གཉིས་ཀའི་སྣང་བ་དང་འབྲེལ་བའོ། །ཤེར་ཕྱིན་གྱི་བཀའ་ཡི་དོན། དངོས་བསྟན་སྟོང་ཉིད་སྙིང་པོའི་དོན་དང་། སྦས་དོན་ལམ་གྱི་མངོན་རྟོགས་གཉིས་ལས། ཕྱི་མ་སྟེ། ཡུམ་དོན་ཡང་དག་པ་ལ་བློ་མངོན་དུ་ཕྱོགས་པས་དོན་མ་ནོར་བར་ཇི་ལྟ་བ་བཞིན་ལེགས་པར་རྟོགས་པ་སྟེ། སྦས་དོན་དངོས་པོ་བརྒྱད་དོ། །དེ་གསལ་བར་བྱེད་པའི་རྒྱན་ཏེ། རང་བཞིན་གྱི་རྒྱན་ཡུམ་དོན། མཛེས་བྱེད་ཀྱི་རྒྱན་དོན་བདུན་ཅུར་གནས་པ། གསལ་བྱེད་ཀྱི་རྒྱན་བསྟན་བཅོས་འདིས་གསལ་བར་བྱེད་པས་མཁས་པ་དགའ་བ་བསྐྱེད་པའོ། །ཞེས་བྱ་བ་ནི་མིང་དོན་འབྲེལ་བ་བརྗོད་པའོ། །དེ་ལའང་འདིར་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པས། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ལས་བཀའ་འཁོར་ལོ་བར་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ།


MR04_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

བོད་སྔ་རབས་པ་རྣམས་ཀྱིས་སྟོང་ཕྲག་བརྒྱ་པ་ཤེར་ཕྱིན་འབུམ་པ། ༡ ཉི་ཁྲི་ལྔ་སྟོང་པ། ༢ ཁྲི་བརྒྱད་སྟོང་པ། ༣ ཤེས་རབ་ཁྲི་པ། ༤ བརྒྱད་སྟོང་པ། ༥ མདོ་སྡུད་པ་ ༦ སྟེ་ཡུམ་དྲུག་དང་། ཤེར་ཕྱིན་བདུན་བརྒྱ་པ། ༡ ལྔ་བརྒྱ་པ། ༢ སུམ་བརྒྱ་པ། ༣ ཚུལ་བརྒྱ་ལྔ་བཅུ་པ། ༤ ལྔ་བཅུ་པ། ༥ སྒོ་ཉེར་ལྔ་པ། ༦ ཀཽའུ་ཤི་ཀས་ཞུས་པ། ༧ རབ་རྩལ་རྣམ་གནོན་གྱིས་ཞུས་པ། ༨ ཤེར་ཕྱིན་ཡི་གེ་ཉུང་ངུ་། ༩ ཡི་གེ་གཅིག་པ། ༡༠ ཤེས་རབ་སྙིང་པོ་ ༡༡ སྟེ་སྲས་བཅུ་གཅིག་བཅས་ཁྱོན་བཅུ་བདུན་དུ་གྲངས་ངེས་མཛད། རིག་རལ་ནས། ཤེར་ཕྱིན་མཚན་བརྒྱ་རྩ་བརྒྱད་མ། ༡ ཉི་མའི་སྙིང་པོ། ༢ ཟླ་བའི་སྙིང་པོ། ༣ ཀུན་ཏུ་བཟང་པོ། ༤ ལག་ན་རྡོ་རྗེ། ༥ རྡོ་རྗེ་རྒྱལ་མཚན་རྣམས་ ༦ ཤེར་ཕྱིན་ཡིན་ཀྱང་བཅུ་བདུན་དུ་མ་འདུས་ལ། སྡུད་པ་ཁྲི་བརྒྱད་སྟོང་པ་ལས་བཀོལ་བས། ལྷག་པའི་སྐྱོན་ཡོད་ཅེས་བཤད། ཨར་བྱང་ཆུབ་ཡེ་ཤེས་ཀྱིས་ནི་རྒྱས་འབྲིང་དགུར་དབྱེ་བར་མཛད་ལ། སྤྱིར་ཡུམ་རྒྱས་པ་ལའང་། དྲི་ཟའི་ཡུལ་དུ་བཞུགས་པའི་ཤེར་ཕྱིན་བྱེ་བ་ཕྲག་བརྒྱ་པ་དང་། ལྷ་ཡི་ཡུལ་དུ་བཞུགས་པ་འབུམ་ཕྲག་བརྒྱད་པ་དང་། ཀླུ་ཡི་ཡུལ་དུ་བཞུགས་པ་སྟོང་ཕྲག་བརྒྱ་པ་གསུམ་དུ་ཡོད་པར་གསུངས། འོན་ཀྱང་ཡུམ་སྲས་བཅུ་བདུན་ནི་བོད་དུ་ཐོག་མར་


MR04_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བསྒྱུར་དུས་ཀྱི་འགྱུར་ཟིན་གྱི་ཐ་སྙད་ལས། དེར་གྲངས་ངེས་མཛད་པ་མིན་པར་ངེས་ཏེ། པདྨ་བཀའ་ཐང་དུ། ཕ་རོལ་ཕྱིན་པ་ཡུམ་སྲས་བཅུ་བདུན་དང་། །ཤེར་ཕྱིན་སྟོང་ཉིད་གཙོར་བཏོན་མདོ་མང་འགྱུར། །ཞེས་གསུངས་སོ། །ཡུམ་གྱི་དགོངས་འགྲེལ་ལའང་། རྒྱལ་བ་མ་ཕམ་པས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཙོ་བོར་སྟོན་པ་མངོན་རྟོགས་རྒྱན་དང་། མགོན་པོ་ཀླུ་སྒྲུབ་ཀྱི་དངོས་བསྟན་སྟོང་ཉིད་སྟོན་པ་ལ་དབུ་མ་རིག་པའི་ཚོགས་དང་། ཕྱོགས་གླང་གིས་བརྒྱད་སྟོང་དོན་བསྡུས་སུ་གཙོ་བོའི་དོན་སོ་གཉིས་དང་། དཔའ་བོས་མཛད་པའི་འབུམ་ཊཱི་ཀ་གནོད་འཇོམས་སུ་སྒོ་གསུམ་རྣམ་གྲངས་བཅུ་གཅིག་གིས་འགྲེལ་པ་ཚུལ་བཞིར་གྲགས་ཀྱང་། ཕྱི་མ་གཉིས་ཀྱང་བསྡུ་ན་སྔ་མ་གཉིས་ལས་སྲོལ་གཞན་མིན་པར། ཡུམ་གྱི་བརྗོད་བྱ། ཟབ་པ་སྙིང་པོའི་དོན་དང་། རྒྱ་ཆེ་བ་མངོན་རྟོགས་ཀྱི་རིམ་པ་གཉིས་ཡིན་པས། ཤིང་རྟའི་སྲོལ་འབྱེད་གཉིས་སོ། །རྗེ་བཙུན་བྱམས་མགོན་གྱི་མན་ངག་ལ་བརྟེན་ནས་སློབ་དཔོན་ཐོགས་མེད་སྐུ་མཆེད་ཀྱིས་འགྲེལ་པ་མཛད་མོད། མཆེ་བའི་སྡེའི་འབུམ་ཊཱི་ཀ་ཏུ་གྲགས་པ་མཁས་པ་འགས་དབྱིག་གཉེན་ཡིན་པར་བཞེད་པ་ལས་སྐུ་མཆེད་ཀྱི་སྡེ་


MR04_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བོད་དུ་མ་བསྒྱུར་ལ། འཕགས་པ་རྣམ་གྲོལ་སྡེ། ༡ སློབ་དཔོན་གྲོལ་སྡེ། ༢ ཇོ་བོ་སྨྲྀ་ཏི་ཛྙཱ་ན། ༣ སེང་བཟང་གིས་ཉི་ཁྲི་དང་། ༤ བརྒྱད་སྟོང་དང་། ༥ སྡུད་པར་སྦྱར་བ་དང་། ༦ བྱམས་པ་ཉིད་ཀྱིས་ལུང་བསྟན་ཐོབ་ནས་འགྲེལ་པ་དོན་གསལ། ༧ དེའི་ཡང་འགྲེལ་གསེར་གླིང་པ་ཆོས་གྲགས། ༨ ཡང་དེ་འགྲེལ་ཚིག་གསལ་ཞེས་ཆོས་ཀྱི་བཤེས་གཉེན་ ༩ རྣམས་དང་སྡུད་པར་སྦྱར་བ་སངས་རྒྱས་ཡེ་ཤེས་དང་། ༡༠ རྒྱ་འགྲེལ་གྲགས་པའི་ཆ་ཞེས་རཏྣ་ཀིརྟིས་དང་། ༡༡ ཤེས་རབ་སྒྲོན་མའི་ཕྲེང་བ་ཞེས་ཁ་ཆེ་སངས་རྒྱས་དཔལ་ཡེས་དང་། ༡༢ རིན་འབྱུང་ཞི་བས་མཛད་པའི་དག་ལྡན་དང་། ༡༣ འབུམ་གྱི་རྣམ་བཤད་རྒྱན་སྦྱར་དྷརྨཱ་ཤྲཱིས་མཛད་པ་དང་། ༡༤ བརྒྱད་སྟོང་བཀའ་འགྲེལ་སྙིང་པོ་རིན་འབྱུང་ཞི་བ་དང་། ༡༥ ཤེར་ཕྱིན་དོན་བསྡུས་སྒྲོན་མ་ཇོ་བོས་མཛད་པ་དང་། ༡༦ བརྒྱད་སྟོང་འགྲེལ་པ་གནད་ཀྱི་ཟླ་འོད་རྒྱན་སྦྱར་འཇིགས་མེད་འབྱུང་གནས་དང་། ༡༧ ཤེར་ཕྱིན་མཛོད་ཀྱི་ལྡེའུ་མིག་སྡུད་པ་རྒྱན་སྦྱར་ཙམ་དྷརྨཱ་ཤྲཱིས་མཛད་པ་དང་། ༡༨ སེང་བཟང་འགྲེལ་པའི་བསྡུས་དོན་ཤེས་རབ་འབྱུང་གནས་དང་། ༡༩ དོན་བསྡུས་ཀུ་མཱ་ར་ཤྲཱི་བྷ་དྲས་མཛད་པ། ༢༠ སྡུད་པའི་གདམས་ངག་སྟེ། ༢༡ རྒྱ་གར་གྱི་འགྲེལ་པ་ཉི་ཤུ་རྩ་གཅིག་


MR04_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

གོ །དེ་ལས་སློབ་དཔོན་འཕགས་པ་རྣམ་གྲོལ་སྡེ་དང་། སེངྒེ་བཟང་པོའི་རྗེས་སུ་བོད་ཡུལ་གྱི་མཁས་པ་རྣམས་འབྲངས་པར་མཛད་ཅིང་དེ་ཉིད་གཙོ་བོར་བཟུང་ངོ་། །སྤྱི་རྒྱ་གར་ན་བཀའ་བབས་དྲུག་ཏུ་གྲགས་ཏེ། བདེ་བའི་འབྱུང་གནས་དགའ་ལྡན་ལྷ་ཡུལ། ལོངས་སྤྱོད་ཀྱི་འབྱུང་གནས་འོག་ཀླུ་ཡུལ། རིག་པའི་འབྱུང་གནས་ཤར་ཕྱོག་བྷདྒྷ་ལ། ཡོན་ཏན་གྱི་འབྱུང་གནས་བཻ་ཏའི་ཡུལ། བྱིན་རླབས་ཀྱི་འབྱུང་གནས་ནུབ་ཕྱོགས་ཨོ་རྒྱན་ཡུལ། ངོ་མཚར་གྱི་འབྱུང་གནས་བྱང་ཕྱོགས་བི་ཤྭ་ཀ་ཙན་དན་གྱི་གླིང་ནས་བརྒྱུད་པ་སྟེ་དྲུག་གོ །བོད་ཡུལ་འདིར་ཡང་ལྷ་བཙད་པོ་ཁྲི་སྲོང་གི་འབུམ་ཊཱི་ཀ་ཡོད་ཅིང་། བསྟན་པ་སྔ་དར་གྱི་བཤད་སྲོལ་ཡང་རྒྱུན་མ་ཆད་པར། ཕྱི་དར་རྔོག་ལོའི་བཤད་རྒྱུན་དུ་འདུ་བ་ཡིན་ནོ། །དེ་ལྟར་ཡང་ཀུན་གཟིགས་ཤེས་རབ་འོད་ཟེར་གྱིས། མཁྱེན་གསུམ་ཐོས་བསམ་སྐྱ་བ་འཛིན་མཁས་ཤིང་། །ཉམས་ལེན་སྦྱོར་བཞིའི་གཟིངས་ལ་བརྟེན་ནས་ནི། །ཆོས་སྐུའི་ལྷུན་པོ་མཛེས་པར་ལྟ་བ་ཡི། །འཁོར་ལོར་བར་པའི་སྦས་དོན་ལམ་རིམ་དེ། །དགའ་ལྡན་གནས་སུ་མི་ཕམ་ཆོས་རྗེས་བཀྲལ། །འཕགས་པའི་


MR04_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་བཀའ་བབས་རྣམ་པ་དྲུག །རྒྱན་གྱི་དགོངས་འགྲེལ་ཤད་སྲོལ་རྣམ་མང་ཡང་། །གང་དེ་འགྲེལ་ལ་འཕགས་སེང་ཁྱད་པར་འཕགས། །དེ་དག་གཞེད་གཞུང་རྔོག་ལོའི་ཐུགས་མཚོར་བབས། །ཤེར་ཕྱིན་རྒྱས་མཛད་འབྲེ་ཨར་རྣམ་གཉིས་ཀྱི། །འཆད་རྩོད་ཉི་ཟླའི་འོད་ཟེར་འབུམ་ཕྲག་གིས། །གངས་ཅན་མུན་པའི་ནགས་ཁྲོད་གསལ་བར་མཛད། །ཅེས་སོ། །རྒྱས་པར་དོན་བདུན་ཅུ་དེ། འབྲིང་ཤེས་བྱ་མཁྱེན་གསུམ། ཉམས་ལེན་སྦྱོར་བཞི། འབྲས་བུ་ཆོས་སྐུ་སྟེ་དངོས་པོ་བརྒྱད་དང་། དེའང་བསྡུ་ན་མཁྱེན་གསུམ་དུ་འདུས་ཏེ། འཕགས་བཞིའི་མངོན་རྟོགས་མཁྱེན་གསུམ་སྤྱིས་བསྡུས་ཤིང་། སྦྱོར་བཞི་ལམ་ཤེས་དང་། ཆོས་སྐུ་རྣམ་མཁྱེན་དུ་འདུས་སོ། །གསུམ་པ་ནི། སྤྱིར་རྒྱ་སྐད་སྨོས་པས་སྐད་ལ་བག་ཆགས་འཇོག །ཆོས་ཁུངས་མར་ཡིད་ཆེས་སྐྱེ། བྱེ་བྲག་ཏུ་ཕྱོགས་གང་དུ་གཏོགས་ངོས་ཟིན་པ་དང་གླེགས། བམ་བཙལ་སླ་བ་སོགས་སོ། །གཉིས་པ་འགྱུར་ཕྱག་ནི། མ་རིག་པའི་གཉིད་སངས་ཤིང་། ཡང་དག་པའི་ཡེ་ཤེས་ལ་བློ་རྒྱས་པ་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། ཤེས་བྱ་ལ་ནི་བློ་རྣམ་རྒྱས། །རྨོངས་པའི་ཟུམ་པ་


MR04_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པས་ནི། །སངས་རྒྱས་པདྨ་ལྟར་རྣམ་རྒྱས། །ཞེས་གསུངས་པ་ལྟ་བུ་དང་། སྒྲིབ་གཉིས་བྱང་ཞིང་། མཁྱེན་པའི་ཡེ་ཤེས་དང་ཡོན་ཏན་ཁོང་དུ་ཆུབ་པའི་རྣམ་མཁྱེན་དང་། གཞན་དོན་ལ་སེམས་དཔའ་བའི་སྙིང་སྟོབས་ཅན་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་རྒྱལ་པོའི་བཀས་བཅད་སྡེ་སྣོད་ངོས་འཛིན་གྱི་ཕྱག་གོ །གསུམ་པ་གཞུང་དོན་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་། བརྩམ་བྱ་བསྟན་བཅོས་ཀྱི་ལུས་དངོས་གཉིས། དང་པོ་ལ། གདུལ་བྱ་དང་བ་བསྐྱེད་པའི་ཡན་ལག་མཆོད་བརྗོད་དང་། རྟོགས་ལྡན་བསྟན་བཅོས་ལ་འཇུག་པའི་ཡན་ལག་དགོས་འབྲེལ་གཉིས། དང་པོ། གང་ཟག་ཉན་ཐོས་དང་། རང་སངས་རྒྱས་རང་དོན་ཕྱོགས་གཅིག་པའི་ཞི་བ་ཚོལ་བ་སྟེ་ཐོབ་པར་འདོད་པ་རྣམས། ཐབས་གཞི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གང་ཟག་གི་བདག་དང་། གཟུང་བས་གདོད་མ་ནས་སྟོང་པར་ཤེས་པའི་ཀུན་ཤེས་པ་ཉིད་ཀྱིས། བཞེད་དོན་འབྲས་བུ་ལྷག་བཅས་ལྷག་མེད་ཀྱི་མྱང་འདས། ཉོན་མོངས་དང་སྡུག་བསྔལ། ཉེར་ཞིར་ཏེ་ཉེ་བར་ཞི་བར་ཁྲིད་པར་མཛད་ནུས་པ་གང་ཡིན་པ་དང་། གང་ཟག་བྱང་ཆུབ་སེམས་


MR04_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་འཁོར་བ་ཇི་སྲིད་དུ་གདུལ་བྱའི་འགྲོ་ལ་ཕན་པར་བྱེད་པ་རྣམས། ཐབས་ཉན་རང་བྱང་སེམས་ཀྱི་ལམ་གསུམ་པོ་དོན་དམ་དུ་རང་བཞིན་སྐྱེ་མེད་དང་། ཐ་སྙད་དུ་རྒྱུ་འབྲས་ངོ་བོ་རྣམས་སུ་རྟོགས་པའི་ལམ་ཤེས་ཉིད་ཀྱིས། བཞེད་དོན། འཇིག་རྟེན་མཐའ་དག་གིས་དོན་དུ་གཉེར་བྱ་མངོན་མཐོ་དང་། ངེས་ལེགས་བྱང་ཆུབ་གསུམ་སྒྲུབ་པར་མཛད་ནུས་པ་གང་དང་། ཐབས་ཤེས་བྱའི་རྣམ་པ་ཀུན་ལྷག་མེད་དུ་ཐུགས་སུ་ཆུད་ཅིང་། སྐྱེ་བ་མེད་པར་གཟིགས་པའི་རྣམ་མཁྱེན་གང་དང་ཡང་དག་པར་ལྡན་པས། གང་ཟག་སྐུ་གསུང་ཐུགས་ཉེས་སྤྱོད་མཐའ་དག་བསྡོམ་པའི་སྐུ་ཅན་ཐུབ་པ་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བཞེད་དོན། བརྗོད་བྱ་བདེན་གཉིས་ཀྱི་རྣམ་པ་ཀུན་དང་ལྡན་པ། རྗོད་བྱེད་དྲང་ངེས་སྣ་ཚོགས་པའི་ཆོས་ཀྱི་འཁོར་ལོ་འདི་གསུངས་པར་མཛད་པ་སྟེ། ཡུམ་བར་མ་ལས། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་


MR04_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡིན་ནོ། །ཞེས་གསུངས་པ་ལྟར། ཉན་ཐོས་དང་རང་རྒྱལ། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྟེ། དེ་རྣམས་དང་ལྷན་ཅིག་པའི་སངས་རྒྱས་ཀྱི་ནི་ཡུམ་དེ་ལ། རྗེ་བཙུན་བྱམས་པས་སོ་སོར་རང་རིག་པའི་ཡེ་ཤེས་དང་དབྱེར་མེད་རོ་གཅིག་ཏུ་ཕྱག་འཚལ་ལོ། །དེ་ལྟར་མཆོད་པར་བརྗོད་པའི་དགོས་པ་རང་དོན་དུ་སྐྱེས་བུ་དམ་པར་མཚོན་པ་དང་། གཞན་དོན་དུ་ཡུམ་འདིས་སྲས་བཞིའི་བཞེད་དོན་སྒྲུབ་པའི་ཡོན་ཏན་ཐོས་ནས་དབང་བརྟུལ་ལ་དྭང་བ་དང་། དེ་ལ་རིགས་པའི་གནོད་པ་མེད་པར་མཐོང་ནས་དབང་རྣོན་ལ་ཡིད་ཆེས་སྐྱེ་བས། མདོ་དང་བསྟན་བཅོས་ལ་གུས་པས་དོན་གཉེར་གྱིས་ཞུགས་ནས་ཐོས་བསམ་སྒོམ་པའི་ཤེས་རབ་སྐྱེ་བ་གནས་སྐབས་དང་། མཐར་ཐུག་ཏུ་བྱང་ཆུབ་ཆེན་པོ་ཐོབ་པའི་དགོས་པ་ཡོད་དོ། །གཉིས་པ་དགོས་འབྲེལ་ནི། རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཉིད་ཀྱི་ལམ་རྣམ་མཁྱེན་གྱིས་མཚོན་ནས་ལྷག་མ་བདུན་དང་བཅས་པ། སྟོན་པ་དེ་བཞིན་གཤེགས་པས་རྒྱལ་བའི་ཡུམ་འདི་རྣམས་ལས་བཤད་པ་གང་ཡིན་པ་ནི་བསྟན་བཅོས་རྒྱན་གྱི་བརྗོད་བྱ་དང་། བྱང་སེམས་ལས་གཞན་མུ་སྟེགས་པ་དང་། ཉན་རང་སོགས་ཀུན་ཀྱིས་མྱོང་བ་མ་ཡིན་པའི་རྣམ་མཁྱེན་ཏེ།


MR04_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་དེ་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་། སྦྱིན་པ་ལ་སོགས་པ་ཆོས་སྒྲུབ་པའི་སྤྱོད་པ་ཕར་ཕྱིན་བཅུ་ཡི་བདག་ཉིད་ཅན་གྱི་མདོ་ཡི་དོན་ཤེས་བཞིན་དང་བཅས་པའི་ཤེས་རབ་ཀྱིས་ངེས་པ་མི་བརྗེད་པའི་དྲན་པ་ལ་བཞག་ནས། ས་བཅུ་བགྲོད་དེ། བྱང་ཆུབ་སེམས་དཔའ་བློ་དང་ལྡན་པས་ཆོས་སྐུ་མཐོང་བའམ་རྟོགས་པར་འགྱུར་བའི་ཕྱིར་ཞེས་པ་ནི་ཉིད་དགོས། དེའང་ཡུམ་དོན་རྟོགས་པར་དཀའ་བ་དངོས་པོ་བརྒྱད་སྦས་དོན་གྱི་ཚུལ་དུ་མདོ་ན་ཡོད་པ་གཞུང་འདིས་གསལ་བར་བཀྲལ་བས་བདེ་བླག་ཏུ་ནི་རྟོགས་པ་ཞེས་བྱ་བ་བསྟན་བཅོས་རྩོམ་པའི་དགོས་པ་སྟེ། དེའང་རྣམ་མཁྱེན་རྟོགས་པར་ཡུམ་དོན་ཤེས་པ་ལ་རགས་ལས། དེའང་བསྟན་བཅོས་འདི་ལ་རགས་ལས་པས། བརྗོད་བྱ་རྗོད་བྱེད་དང་འབྲེལ་དགོས་པ་ཉིད་དགོས་དང་འབྲེལ་བས་འབྲེལ་པ་ཤུགས་ལ་བསྟན་པ་ཡིན་ནོ། །ཆོས་སྤྱོད་བཅུ་ལ་ཡི་གེ་འདྲི་མཆོད་སོགས་བཅུ་དང་། སེམས་བསྐྱེད་སོགས་རྣམ་མཁྱེན་མཚོན་བྱེད་ཆོས་བཅུ་དང་། ཡན་ལག་བདུན་སྟེང་སྐྱབས་འགྲོ་སྨོན་འཇུག་གི་སེམས་བཅས་བཅུ་དང་། ཕར་ཕྱིན་བཅུ་བཅས་སྤྱིར་དབྱེ་བ་ཡོད་དོ། །གཉིས་པ་ལུས་དངོས་ལ། རྒྱས་པར་དད་པ་ལ་བརྒྱད་དུ་དབྱེ་བ། འབྲིང་པོར་དགའ་བ་ལ་དྲུག་ཏུ་དབྱེ་བ། བསྡུས་པར་མོས་པ་ལ་གསུམ་དུ་དབྱེ་བ་གསུམ། དང་པོ་


MR04_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྡོམ་གྱིས་མདོར་བསྟན་པ་དང་། དེ་དག་གི་དོན་རྒྱས་པར་བཤད་པ་གཉིས། དང་པོ་ལ་ལུས་མདོར་བསྟན་པ་དང་། ཡན་ལག་རྒྱས་པར་བཤད་པ་གཉིས། དང་པོ། སྔར་མཆོད་བརྗོད་དུ་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཇི་ལྟར་འཆད་ན་བརྗོད་བྱ་དངོས་པོ་བརྒྱད་ཀྱིས་ཡང་དག་པར་བཤད་པར་བྱ་སྟེ། ཤེར་ཕྱིན་དེ་ལའང་། སེང་གེ་བཟང་པོའི་བརྒྱད་སྟོང་འགྲེལ་ཆེན་ལས། སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་དེ་ནི་དངོས་ཡིན་ལ། དེ་ཐོབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ན་ཚིག་དང་། ངག་གི་ཚོགས་ཀྱི་གཞུང་དང་མཐོང་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་ལམ་ལ་ཡང་ཤེར་ཕྱིན་ཞེས་བྱ་བ་ནི་བཏགས་པའོ། །ཞེས་དང་། ཕྱོགས་གླང་གི་བརྒྱད་སྟོང་དོན་བསྡུས་ལས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །སྒྲུབ་བྱའི་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེ་སྒྲས་བཏགས། །ཞེས་གསུངས་པས། འབྲས་བུ་ཤེར་ཕྱིན་དངོས་དང་། ལམ་ཤེར་ཕྱིན་འབྲས་མིང་རྒྱུ་ལ་བཏགས་པ་དང་། གཞུང་ཤེར་ཕྱིན་བརྗོད་བྱའི་མིང་རྗོད་བྱེད་ལ་བཏགས་པ་ཡིན་ནོ། །གཉིས་པ་ནི། དངོས་པོ་བརྒྱད་ཀྱི་མཚན་ཉིད་ནི། ཤེས་བྱའི་རྣམ་པ་མ་ལུས་པ་ཀུན་


MR04_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གཅིག་ལ་མངོན་སུམ་དུ་མཁྱེན་པ་ཉིད་དེ། དབྱེ་ན་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པ་གཉིས། ལམ་གསུམ་སྐྱེ་མེད་དུ་རྟོགས་ཤིང་། རྫོགས་སྨིན་སྦྱངས་ནས་ཡང་དག་མཐའ་མངོན་དུ་བྱེད་པའི་སློབ་ལམ་ལམ་ཤེས་ཉིད་དེ། དབྱེ་ན། ཉན་རང་ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས་གསུམ། དེ་ནས། གཞི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གང་ཟག་གི་བདག་གིས་སྟོང་པ་ཙམ་དུ་ཤེས་པ་ཉན་ཐོས་པའི་རྟོགས་པ་དང་། གཟུང་བ་ཆོས་བདག་མེད་པར་ཤེས་པ་རང་རྒྱལ་དང་། བདག་གཉིས་ཀྱི་སྟོང་པ་སྤྲོས་བྲལ་དུ་ཤེས་པ་ཐེག་ཆེན་པའི་གཞི་ཤེས་པ་ཉིད་དེ། དབྱེ་ན་ཐེག་པ་ཆེ་ཆུང་གི་གཞི་ཤེས་གཉིས། ལམ་མཁྱེན་གསུམ་དུ་གཏན་ལ་ཕབ་པའི་རྣམ་པ་ཀུན་བསྡུས་ཏེ་མངོན་པར་རྫོགས་པར་རྟོགས་པ་ལ་རང་དབང་ཐོབ་པའི་ཕྱིར་དུ་སྒོམ་པའི་སྦྱོར་བ་སྟེ། དབྱེ་ན་སྦྱོར་བ་བཞིའམ་ཉི་ཤུ་དང་། སྦྱོར་བ་དེ་གོམས་ནས་གྲུབ་པའི་ཚད་དུ་གྱུར་པ་དྲོད་ནས་སྐད་ཅིག་མའི་བར་གྱི་གནས་སྐབས་བསྟན་པ་ནི། སྐབས་སོ་སོའི་གོམས་པ་རྫོགས་པའི་རྩེ་མོ་ཡིན་ལ། དེ་རྣམས་རྟགས་དང་རྣམ་འཕེལ་སོགས་ཀྱིས་མཚོན་ནས་བསྟན་པ་རྩེ་མོར་ཕྱིན་པའི་སྦྱོར་བ་སྟེ། དབྱེ་ན་སྦྱོར་ལམ་རྩེ་སྦྱོར་སོགས་བདུན་ནམ་བཞི་དང་། སློབ་ལམ་མཐར་ཐུག་པ་སྐད་ཅིག་མའི་སྦྱོར་བ་གྲུབ་


MR04_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆེད་དུ། ལམ་གྱི་རྣམ་པ་གྲངས་དང་གོ་རིམ་ངེས་ཅན་དུ་ཕན་ཚུན་གཅིག་གིས་ཀུན་འདྲེན་པའི་ཚུལ་གྱིས་སྒོམ་པ་མཐར་གྱིས་པ་ཡི་སྦྱོར་བ་སྟེ། དབྱེ་བ་བཅུ་གསུམ་སྦྱོར་བ་དེ་ཡོངས་སུ་གྲུབ་པ་མཐར་ཕྱིན་ནས་སྐད་ཅིག་གཅིག་ལ་ཟག་མེད་ཀྱི་ཆོས་ཀུན་ཚང་བར་སྒོམ་པས་མངོན་པར་རྫོགས་པར་བྱང་ཆུབ་པར་ནུས་པ་སྐད་ཅིག་མའི་སྦྱོར་བ་སྟེ། དབྱེ་ན་ལྡོག་པའི་སྒོ་ནས་བཞི། སྦྱོར་བཞི་བསྒོམས་པའི་འབྲས་བུ་མཐར་ཐུག་ཡོངས་སུ་དག་པ་ཆོས་ཀྱི་སྐུ་སྟེ། དབྱེ་ན་སྐུ་བཞི་དང་བཅས་དེ་རྣམས་དངོས་པོ་བརྒྱད་དོ། །གཉིས་པ་དོན་བདུན་ཅུའི་མཚན་ཉིད་ནི། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ། ལམ་ཤེས་བཅུ་གཅིག །གཞི་ཤེས་དགུ། རྣམ་རྫོགས་སྦྱོར་བ་བཅུ་གཅིག །རྩེ་མོ་བརྒྱད། མཐར་གྱིས་པ་བཅུ་གསུམ། སྐད་ཅིག་མ་བཞི། ཆོས་སྐུ་བཞི་བཤད་པ་རྣམས་རིམ་པར། དོན་གཉིས་སམ་ཟུར་གཉིས་ཚང་བའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། ༡ བདེན་གཉིས་ཟུང་དུ་ཆུད་པའི་སྒོ་ནས་ལམ་སྒྲུབ་པར་གདམས་པ་གདམས་ངག་དང་། ༢ དེ་ཉམས་སུ་བླངས་པས། ངེས་པར་འབྱེད་པ་མཐོང་ལམ་གྱི་ཡན་ལག་སྟེ་རྒྱུར་གྱུར་པ་སྦྱོར་ལམ་རྣམ་པ་བཞི་དང་། ༣ རྟེན་ཆོས་སྒྲུབ་པ་བཅུ་གསུམ་


MR04_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡི་ནི། གཞིའམ་རྟེན་དུ་གྱུར་པ་ཡི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གནས་རིགས་དང་། ༤ སྒྲུབ་པ་ལ་བླང་དོར་དུ་བྱ་བས་ཆོས་རྣམས་ཤེས་པར་བྱས་ནས། ཐུན་མོང་མ་ཡིན་པ་དེ་སྒྲུབ་པའི་ཚུལ་ལ་དམིགས་པ་དག་དང་། ༥ སྒྲུབ་པ་དེའི་ཆེད་དུ་བྱ་བ་མཐར་ཐུག་གི་འབྲས་བུ་སྤངས་རྟོགས་སེམས་ཆེན་པོ་གསུམ་དང་ནི། ༦ བསམ་པ་རྒྱ་ཆེ་བས་གོ་ཆ་བགོས་ནས་མི་མཐུན་ཕྱོགས་ཀྱིས་མི་ཚུགས་ཤིང་། ཕར་ཕྱིན་རེ་རེ་ཡང་དྲུག་ལྡན་དུ་སྒྲུབ་པ་དང་། ༧ གོ་ཆ་དེ་ལྟ་བུ་དང་ལྡན་པས་སྦྱོར་བ་ཐེག་ཆེན་ལམ་འབྲས་ཀྱིས་བསྡུས་པའི་ཆོས་ཀུན་ལ་འཇུག་པའི་བྱ་བ་སྒྲུབ་པ་དང་། ༨ བསམ་སྦྱོར་དེས་དྲངས་པའི་བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་པའི་སྒྲུབ་པ་ཚད་མེད་པའི་སྒོ་ནས་ཚོགས་མཐའ་ཡས་པ་སྒྲུབ་པ་དང་ནི། ༩ གོང་བཤད་དགུ་པོ་མཐར་ཕྱིན་པར་སྒྲུབ་པ་ལ་བརྟེན་ནས། མཐར་ཐུག་གི་འབྱུང་ས་བརྒྱད་དུ་ངེས་པར་འབྱུང་བའི་སྒྲུབ་པ་དང་བཅས་པ་དེ་ལྟར་བཅུ་པོ་རྣམས་ཀྱིས་ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད་མཚོན་པར་བྱེད་པའི་ཆོས་སོ། །ལམ་ཤེས་སྐྱེ་རུང་གི་རྟེན་དུ། ཐུབ་པའི་འོད་ཀྱིས་རྣམ་སྨིན་ལས་སྐྱེས་པ་ལྷ་རྣམས་ཀྱི་འོད་མོག་མོག་པོར་བྱེད་པས་ང་རྒྱལ་བཅོམ་པ་དང་། སྐྱེ་བའི་ཡུལ་ངེས་པ་དང་། ཁྱབ་པ་དང་། རང་


MR04_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འཁོར་བ་མི་འདོར་བ་དང་། བྱེད་ལས་གཞན་འཁོར་དུ་སྡུད་པ་རྣམས་ལ་སོགས་པའི་སྒྲས་བསྟན་པ་དང་། ༡ བྱང་སེམས་རྣམས་ཀྱིས་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བའི་ཆེད་དུ་ཤུགས་བསྟན། སློབ་མ་ཉན་ཐོས་ཀྱི་ལམ་དང་། ༢ རང་རྒྱལ་བསེ་རུའི་ལམ་གང་དང་། ༣ ཚེ་འདི་དང་ཚེ་རབས་གཞན་པའི་ཡོན་ཏན་གྱིས། ཕན་ཡོན་ཆེ་བ་དང་ལྡན་པ་བདེན་བཞི་མངོན་སུམ་མཐོང་བའི་ཡེ་ཤེས་ཐེག་ཆེན་གྱི་མཐོང་བའི་ལམ་དང་། ༤ སྒོམ་ལམ་གྱི་བྱེད་པ་ཕན་ཡོན་དང་ནི། ༥ དེ་ལྡན་སྒོམ་ལམ་དངོས་ལ། ཟག་བཅས་སྒོམ་ལམ་རྗེས་ཐོབ་ཀྱི་སྐབས་དང་། ཟག་མེད་སྒོམ་ལམ་མཉམ་བཞག་གི་སྐབས་གཉིས། དང་པོ་ལ། རང་དང་། གཞན་དང་། གཉིས་དོན་དུ་ཡུམ་ཡོན་ཏན་ཅན་དུ་འཛིན་པ་མོས་པ་ཡིད་ལ་བྱེད་པ་བླ་མེད་སྒོམ་ལམ་དང་། ༦ དེ་ལ་སངས་རྒྱས་བྱང་སེམས་རྣམས་ཐུགས་དགྱེས་པས་ཡོན་ཏན་བརྗོད་པའི་བསྟོད་པ་དང་བཀུར་བ་དང་བསྔགས་པ་མོས་པའི་ཕན་ཡོན་དང་། ༧ དགེ་བ་མི་ཟད་པར་བྱེད་པ་ཀུན་རྫོབ་ཏུ་རང་གཞན་གྱི་དགེ་རྩ་ཀུན་ལ་དམིགས་ནས་བྱང་ཆུབ་ཀྱི་རྒྱུར་བསྔོ་བ་དང་། དོན་དམ་པར་མི་དམིགས་པའི་ཚུལ་གྱིས་བསྔོ་བ་ཡིད་ལ་བྱེད་པ་བླ་མེད་སྒོམ་ལམ་དང་། ༨


MR04_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་འཕེལ་བར་བྱེད་པའི་ཕྱིར་རང་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ། ༩ ཡིད་ལ་བྱེད་པ་བླ་ན་མེད་པའི་སྒོམ་ལམ་དག་དང་། གཉིས་པ་ལ། མཉམ་བཞག་སྤྲོས་བྲལ་མངོན་སུམ་རྟོགས་པའི་ཡེ་ཤེས་ཡོན་ཏན་སྒྲུབ་པ་སྒོམ་ལམ་དང་། ༡༠ ཆོས་ཀུན་ཡེ་ནས་རྣམ་དག་ཏུ་གནས་ཀྱང་། དུང་ལ་སེར་སྣང་ལྟར་ཕྱིན་ཅི་ལོག་ཏུ་དམིགས་པའི་དྲི་མ་ཉིད་ཡང་དག་པའི་ལམ་གྱིས་སྦྱངས་ནས་རིམ་བཞིན་ཤིན་ཏུ་དག་པ་ཞེས་བྱ་བ་འདི་ནི་སྒོམ་པའི་ལམ་མོ། །༡༡ དེ་ལྟར་བཅུ་གཅིག་པོ་དེ་དག་གིས། བྱང་ཆུབ་སེམས་དཔའ་མཁས་པ་རྣམས་ཀྱི། ལམ་ཤེས་ཉིད་ནི་མཚོན་པར་བྱེད་པའི་ཆོས་དེ་འདྲར་བཤད་དོ། །དུས་གསུམ་མཉམ་པ་ཉིད་དུ་ཤེས་པས་སྲིད་པ་འཁོར་བ་ལ་མི་གནས་ཤིང་མ་གོས་པའི་གཞི་ཤེས་དང་། ༡ སྲིད་ཞི་མཉམ་ཉིད་དུ་རྟོགས་པས་དམིགས་མེད་ཀྱི་སྙིང་རྗེས་ཞི་བ་ལ་མི་གནས་པའི་གཞི་ཤེས་དང་། ༢ མཐའ་གཉིས་དང་བྲལ་བའི་ཡེ་ཤེས་དེ་ཇི་ལྟ་བ་བཞིན་དུ་མ་རྟོགས་ནས་དངོས་དངོས་མེད་ཀྱི་མཚན་མར་དམིགས་པས་འཇུག་ན་ཡང་དག་པའི་རྣམ་མཁྱེན་བསྒྲུབ་པའི་ཐབས་མ་ཡིན་པས་རིང་བ་ཡི་གཞི་ཤེས་དང་། ༣ དངོས་དངོས་མེད་ཀྱི་མཚན་མར་མི་རྟོག་པར་མཉམ་པ་ཉིད་དུ་རྟོགས་པ་ཐབས་ཀྱིས་རིང་བ་མ་ཡིན་པའི་གཞི་


MR04_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཉིད་དང་། ༤ གཞི་ལམ་འབྲས་བུའི་ཆོས་སུ་མཚན་མར་ཞེན་པ་སྤང་བྱ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་དང་། ༥ དེ་ལས་བཟློག་པ་གཉེན་པོའི་ཕྱོགས་ཀྱི་གཞི་ཤེས་དག་དང་། ༦ ཁྱད་གཞི་གཟུགས་སོགས་དང་། ཁྱད་ཆོས་མི་རྟག་སོགས་ལ་ཞེན་པ་བཀག་ནས་སྒོམ་པའི་ལམ་ཉན་རང་གི་སྦྱོར་བ་ཤུགས་ལ་འཕེན་བྱེད་གཞི་ཤེས་ཀྱི་སྦྱོར་བ་དང་། ༧ གཟུགས་ཀྱི་ངོ་བོ་དང་མཚན་མ་དང་ཁྱད་པར་དང་ཡུལ་ཅན་བཞིར་མངོན་ཞེན་གྱི་རློམ་པ་མེད་པ་གཞི་ཤེས་དེ་ཡི་མཉམ་ཉིད་དེ་འཛིན་སྟངས་དང་། ༨ སྦྱོར་བ་དེའི་འབྲས་བུ་ཉན་ཐོས་དང་། ལ་སོགས་པས་སྒྲས་རང་རྒྱལ་གྱི་མཐོང་ལམ་ཤུགས་བསྟན་དང་། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་ཐེག་ཆེན་གྱི་མཐོང་བའི་ལམ་དངོས་བསྟན་ཏེ། ༩ དེ་ལྟར་དགུ་པོ་དེ་འདྲ་ནི་ཀུན་ཤེས་སམ་གཞི་ཤེས་ཉིད་དུ་མཚོན་བྱེད་ཀྱི་ཆོས་སུ་འདོད་པའོ། །གང་བསྒོམ་བྱ་མཁྱེན་གསུམ་གྱི་རྣམ་པ་ཀུན་བསྡུས་ནས་རྣམ་པ་བརྒྱ་དོན་གསུམ་དུ་བཤད་པ་སྦྱོར་བའི་རྣམ་པ་དང་། ༡ ཇི་ལྟར་སྒོམ་པ་སྦྱོར་བར་དབྱེ་ན། རང་གི་ངོ་བོར་ཉི་ཤུ་བཅས་༢ པ་རྣམས་དང་། ༢སྦྱོར་བའི་སྔོན་འགྲོ་ལ། དེ་ལྟར་སྦྱོར་བ་བསྒོམས་པ་ལས་ཐོབ་པའི་ཡོན་ཏན་ ༣ བཅུ་བཞི་དང་། སྦྱོར་བ་སྒོམ་པ་ལ་བར་དུ་གཅོད་པ་


MR04_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དོར་བྱའི་སྐྱོན་ནི་བདུད་ལས་ཞེ་དྲུག་དང་། ༤སྦྱོར་བ་ཉིད་མཚོན་པར་བྱེད་པ་ཤེས་བྱ་མཚན་ཉིད་ལ་ཤེས་མཚན། ཁྱད་མཚན། བྱེད་མཚན། ངོ་བོ་ཉིད་མཚན་བཞི་ལས་ཕྱེ་བའི་མཚན་ཉིད་དགུ་བཅུ་གོ་གཅིག་བཅས་པ་དང་། ༥ སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་གོ་རིམ་ལ། མོས་སྤྱོད་ན་སྦྱོར་བ་སྒོམ་པའི་དབང་དུ་བྱས་ཏེ་རྒྱུད་ལ་བསྟེན་བྱ་ཐར་པ་ཆ་མཐུན་ཚོགས་ལམ་དང་། ༦ དེ་ཡོངས་སུ་སྨིན་པ་ངེས་འབྱེད་ཆ་མཐུན་སྦྱོར་ལམ་དང་། ༧ སྦྱོར་བ་སྒོམ་པ་པོའི་གང་ཟག་སློབ་པ་ཕྱིར་མི་བལྡོག་པའི་ཚོགས་དང་། ༨ སྦྱོར་བ་ཁྱད་པར་པའི་དབང་དུ་བྱས་པ་བརྟེན་པ་སངས་རྒྱས་ཆོས་སྐུ་ཐོབ་བྱེད་ཀྱི་རྒྱུ་སྲིད་དང་ཞི་བ་མཉམ་ཉིད་ཀྱི་སྦྱོར་བ་དང་། ༩ མ་དག་པ་དག་པར་སྒྲུབ་པའི་སྨོན་ལམ་དང་། དེ་བཞིན་འགྲུབ་པའི་ཚོགས་རྫོགས་པར་མཛད་པས་ལོངས་སྐུ་ཐོབ་བྱེད་ཀྱི་རྒྱུ། རྟེན་རང་གི་ཞིང་དག་པའི་སྦྱོར་བ་བླ་ན་མེད་པ་ནི། ༡༠ རྣམ་ཀུན་མངོན་རྫོགས་རྟོགས་པ་མཚོན་པར་བྱེད་པ་སྟེ། རྣམ་ཀུན་མངོན་རྫོགས་འདི་ནི་ཞིང་དེར་སེམས་ཅན་གྱི་དོན་མཛད་པ་ལ། དུས་དང་དུས་མིན་ཤེས་པ་དང་། སྒྲུབ་ཚུལ་མི་འདྲ་བ་དུ་མའི་ཐབས་ལ་མཁས་པའི་སྦྱོར་བ་སྤྲུལ་སྐུའི་རྒྱུ་སྟེ། ༡༡ དོན་གྱི་གཙོ་བོ་རྣམ་པ་བཅུ་དང་བཅས་པ་དེ་ལྟར་ཆོས་བཅུ་གཅིག་


MR04_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །བསྡུས་གོམས་རབ་ཏུ་གྱུར་པ་དེ་ཡི་རྟགས་བཅུ་གཉིས་ཀྱིས་མཚོན་པ་དྲོད་ཀྱི་རྩེ་མོ་དང་། ༡ བསོད་ནམས་རྣམ་འཕེལ་བཅུ་དྲུག་གིས་མཚོན་པ་རྩེ་མོའི་རྩེ་མོ་དང་། ༢ རང་དོན་རྟོགས་པ་བརྟན་པ་དང་གཞན་དོན་སྙིང་རྗེ་བརྟན་པས་མཚོན་པ་བཟོད་པའི་རྩེ་མོ་དང་། ༣ བསོད་ནམས་ཚད་མེད་པའི་སྒོ་ནས་མཚོན་པ་སྐྱེ་མེད་ཀྱི་དོན་ལ་སེམས་ཀུན་ཏུ་གནས་པ་ཡི་ཏིང་འཛིན་ཆོས་མཆོག་གི་རྩེ་མོ་དང་། ༤ མཐོང་སྤང་རྟོག་པའི་གཉེན་པོ་ཐུན་མོང་མ་ཡིན་པ་མཐོང་ལམ་རྩེ་མོ་ཞེས་བྱ་བ་དང་། ༥ སྒོམ་སྤང་རྟོག་པའི་གཉེན་པོ་ཐུན་མོང་མ་ཡིན་པ་སྒོམ་པ་ཞེས་བྱ་བའི་ལམ་གྱི་རྩེ་མོ་ནི་སོ་སོ་ལ། ༦ ཀུན་བཏགས་ཀྱི་ཆ་མཐོང་ལམ་དང་། ལྷན་སྐྱེས་ཀྱི་ཆ་སྒོམ་ལམ་གྱི་སྤང་བྱ་འཇུག་ལྡོག་རྫས་བཏགས་ཀྱི་རྣམ་པར་རྟོག་པ་རྣམ་པ་བཞི་བཞི་ཡི། གཉེན་པོ་རྣམ་པ་བཞི་བཞི་དང་ནི། སློབ་ལམ་མཐར་ཐུག་པ་ཕན་ཡོན་ཚད་མེད་པ་ཅན་གྱི་བར་ཆད་མེད་པའི་རྩེ་མོའི་ཏིང་ངེ་འཛིན་དང་། ༧ དེའི་ཞར་ལ་བར་ཆད་མེད་རྩེ་དེ་ལ་བསལ་བྱ་བདེན་གཉིས་འགལ་བར་འཛིན་པའི་ལོག་པར་བསྒྲུབ་པའི་རྩོད་སྤང་དང་བཅས་པ་ནི། ༨ ཆོས་བརྒྱད་པོ་དེ་དག་གིས་རྩེ་མོའི་མངོན་རྟོགས་མཚོན་པ་ཡིན་ནོ། །མཐར་གྱིས་པ་ལ། ལམ་གྱི་ངོ་བོ་སྦྱིན་པ་ནས་ཤེས་རབ་ཀྱི་


MR04_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཕྱིན་དྲུག་ལ་སྦྱོར་བ་ཕུན་སུམ་ཚོགས་པས་འཇུག་ཅིང་། ལམ་ཁྱད་པར་དུ་བྱེད་པའི་རྟེན་བསམ་པ་ཕུན་སུམ་ཚོགས་པས་སངས་རྒྱས་ཆོས་དགེ་འདུན་གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་དྲུག་དང་མི་འབྲལ་བ་དང་། ལམ་དག་པར་བྱེད་པ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ལམ་མཐར་གྱིས་སམ་རིམ་གྱིས་སློབ་པས། རྣམ་པ་གསུམ་དང་། རྣམ་པ་བཅུ་སྟེ་ཆོས་ཁྱོན་བཅུ་གསུམ་པོས་ཟིན་པའི་སྒོ་ནས་མཁྱེན་གསུམ་གྱི་རྣམ་པ་ཐམས་ཅད་དཀྱུས་ཐོག་གཅིག་ཏུ་ཚང་བའི་གོ་རིམ་ངེས་ཅན་དུ་བསྒོམ་པའོ། །སྦྱོར་བ་ཡོངས་སུ་རྫོགས་པའི་རབ་ཀྱི་མཐའ། བྱ་བ་རྫོགས་པའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཤེས་བྱའི་ཆོས་ཐམས་ཅད་སྣང་ཞིང་མཉམ་པར་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། ངོ་བོ་ལ་དབྱེ་བ་ཐ་དད་མེད་ཀྱང་ལྡོག་པའི་མཚན་ཉིད་ཀྱིས་ནི་རྣམ་པ་བཞི་ཡིན་ཏེ། རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མ་དང་། རྣམ་པར་སྨིན་པའི་སྐད་ཅིག་མ་དང་། མཚན་ཉིད་མེད་པའི་སྐད་ཅིག་མ་དང་། གཉིས་སུ་མེད་པའི་སྐད་ཅིག་མ་རྣམས་སོ། །སྦྱོར་བཞི་བསྒོམས་པའི་འབྲས་བུ་མཐར་ཐུག་ལ། སྣང་སྟོང་ཟུང་འཇུག་གི་ཆོས་ཉིད་དག་པ་གཉིས་ལྡན་ངོ་བོ་ཉིད་ཀྱི་སྐུ་ཡོན་ཏན་དང་བཅས་པ་༡དང་།


MR04_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་ལྔ་ལྡན་གྱི་ལོངས་ ༢ སྤྱོད་རྫོགས་པའི་སྐུ་མཚན་དཔེར་བཅས་པ་དང་། དེ་བཞིན་དུ། དེ་ལས་གཞན་པ་གདུལ་བྱ་སོ་སོའི་ངོ་སྐལ་ལ་སྣང་བའི་སྤྲུལ་པ་ཡི་སྐུ་མཚན་དཔེར་བཅས་པ་ ༣ ནི་དང་། ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་མངའ་བ་ཡེ་ཤེས་ཆོས་སྐུ་དང་། ༤ དེའི་བྱིན་བས་ལས་འཁོར་བ་ཇི་སྲིད་བར་རྒྱུན་མི་ཆད་པའི་ཕྲིན་ལས་མཛད་པ་དང་བཅས་པ། དེ་ལྟར་ཆོས་རྣམ་པ་བཞིར་ནི་ཆོས་སྐུའི་དབྱེ་བ་ཡང་དག་པར་བརྗོད་པ་ཡིན་ནོ། །དེ་ལ་སློབ་དཔོན་འཕགས་པ་ལྟར་ན་མཚོན་བྱེད་ཆོས་བཞིའི་གཅིག་ལ་ཕྲིན་ལས་འདྲེན་པར་མཛད་དོ། ༈ །གཉིས་པ་དེའི་དོན་རྒྱས་པར་བཤད་པ་ལ། གཏན་ལ་དབབ་བྱ་མཁྱེན་གསུམ་གྱི་ཡན་ལག་རྒྱས་པར་བཤད་པ། ཉམས་ལེན་སྦྱོར་བ་བཞི་བཤད་པ། འབྲས་བུ་ཆོས་སྐུའི་ཡན་ལག་རྒྱས་པར་བཤད་པ་གསུམ། དང་པོ་ལ་གསུམ། ཐོབ་བྱ་རྣམ་མཁྱེན། ཐོབ་བྱེད་ལམ་ཤེས། སྤང་བྱ་གཞི་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལའང་བཞི། ལམ་གྱི་རང་བཞིན་སེམས་བསྐྱེད་པ། སེམས་བསྐྱེད་དག་བྱེད་གདམས་ངག་ནོད་པ། གདམས་པའི་འབྲས་བུ་ངེས་འབྱེད་ཡན་ལག །གདམས་པའི་


MR04_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཕྱིན་ཅི་མ་ལོག་པར་བསྒྲུབ་པའོ། །དང་པོ་ལ་སེམས་བསྐྱེད་ཀྱི་མཚན་ཉིད་དང་། རབ་དབྱེ་གཉིས། དང་པོ་ལ་གཉིས། མཚན་ཉིད་དངོས་དང་། དེ་མདོ་དང་སྦྱར་བའོ། །དང་པོ་ནི། བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་འདུན་ལྡན་སེམས་བསྐྱེད་མཚན་གཞི། ཐེག་ཆེན་སེམས་བསྐྱེད་ཡིན་པར་མཚོན། མཚོན་བྱ་སེམས་བསྐྱེད་པ་ནི་མཚན་ཉིད་ཟུར་གཉིས་ཚང་བ་སྟེ། གཞན་འགྲོ་བ་མཐའ་ཡས་པ་སེམས་ཅན་ཐམས་ཅད་ཀྱི་དོན་ཁུར་དུ་ཁྱེར་བའི་ཕྱིར་ཞུགས་པ་སྙིང་རྗེའི་ཆེད་དུ་བྱ་བ་གཞན་དོན་ལ་དམིགས་པ་དང་། དོན་དུ་གཉེར་བྱ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་དང་མཚུངས་ལྡན་གྱི་སེམས་ཁྱད་པར་ཅན་ཡིན་ནོ། །དེའང་འདོད་པ་ནི་ཡུལ་ངེས་ལྔ་ཡི་ནང་གི་སེམས་བྱུང་ཡིན་ཀྱང་། རྒྱུ་དོན་གཉེར་གྱི་འདུན་པའི་མིང་། འབྲས་བུ་སེམས་བསྐྱེད་ལ་བཏགས་པ་ཡིན་ཏེ། འདོགས་པའི་རྒྱུ་མཚན་དགེ་བའི་ཆོས་བྱང་ཆུབ་ལ་འདུན་པའི་ངོ་བོ། བྱང་ཆུབ་དོན་གཉེར་ཡོད་ན་འབྲས་བུ་སེམས་བསྐྱེད་སྐྱེ་བའི་རྒྱུ་མཚན་གྱིས་སོ། །ཡང་ན་གཙོ་སེམས་བསྐྱེད་མོད་ཀྱི། གྲོགས་འདུན་པའི་མིང་གིས་གྲོགས་ཅན་སེམས་བསྐྱེད་ལ་བཏགས་པ་ཡིན་ནོ། །དགོས་པ་ནི། དེ་ལ་


MR04_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས་བྱང་སེམས་སྐྱེ་བས་དང་། དངོས་ལ་གནོད་བྱེད་ནི། སེམས་བྱུང་འདུན་པ་དེ་སེམས་བསྐྱེད་དེའི་རྒྱུ་ཡིན་པའི་ཕྱིར། དེ་དེའི་ངོ་བོ་ཡིན་ན་རྒྱུ་འབྲས་གཅིག་ཏུ་འགྱུར་བས། དཔེར་ན་བུད་ཤིང་དང་། མེ་གཅིག་ཡིན་པར་ཁས་བླངས་པ་བཞིན་ནོ། །མཚན་ཉིད་དེ་ལྡན་གྱི་སེམས་བསྐྱེད་པ་ལ། རྟེན་ཐེག་ཆེན་ལ་མོས་ཤིང་སངས་རྒྱས་ཐོབ་པར་འདོད་པའི་ལྷ་ཀླུ་སོགས་ལ་ཡང་སྐྱེ། འཇུག་པའི་རྟེན་བྱང་ས་དང་ལམ་སྒྲོན་དུ་སོ་ཐར་དགོས་པར་གསུངས་པ་རྟེན་ཁྱད་པར་བའི་དབང་དུ་ཡིན་གྱི། འདོད་ལྷ་དང་གོང་མའི་རྟེན་ཅན་གྱི་བྱང་སེམས་ཡོད་པས་སོ། །སེམས་བསྐྱེད་སྐྱེ་བའི་རྒྱུ་སངས་རྒྱས་ཀྱི་སྐུ་མཐོང་བ། སངས་རྒྱས་དང་བྱང་སེམས་ཀྱི་མཐུ་མཐོང་བ་དང་ཐོས་པ། ཐེག་ཆེན་གྱི་ཆོས་ཐོས་པ་སེམས་ཅན་སྡུག་བསྔལ་བ་མཐོང་ནས་མི་བཟོད་པ་སོགས་ལས་སྐྱེའོ། །སེམས་བསྐྱེད་དེ་ལ་དབྱེ་ན། སྨོན་པ་དང་། འཇུག་པ་གཉིས། དེའི་ཁྱད་པར་སྤྱོད་པ་ཉམས་ལེན་གྱིས་དངོས་སུ་མ་ཟིན་པ་སྨོན་པ་སེམས་བསྐྱེད་དང་། དེས་ཟིན་པ་འཇུག་པ་སེམས་བསྐྱེད་དོ། །ཕན་ཡོན་ནི་སྡིག་པ་ཟད་པ་དང་བསོད་ནམས་འཕེལ་བ་སོགས་གནས་སྐབས་དང་།


MR04_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་གི་དོན་སངས་རྒྱས་འགྲུབ་པའོ། །གཉིས་པ་ནི། ཆེད་དུ་བྱ་བ་གཞན་དོན་དེ་དང་། དོན་དུ་གཉེར་བྱ་སངས་རྒྱས་དེ་ནི་རང་བཟོ་མ་ཡིན་ཏེ་བློ་གྲོས་མི་ཟད་པ་དང་། སྡོང་པོ་བཀོད་པའི་མདོ་སོགས་དང་མཐུན་པར་རྒྱས་འབྲིང་བསྡུས་པའི་ཡུམ་གྱི་མདོ་ན་གསུངས་པ་ཇི་ལྟ་བ་བཞིན་དུ་ཡིན་ཏེ། མདོ་ན་བསྡུས་པ་དང་རྒྱས་པའི་སྒོ་ནས་བརྗོད་པ་ཡིན་ནོ། །འདི་ལ་མདོ་སྦྱོར་གསུངས་ནས། གཞན་ལ་མེད་པ་ཡང་འདི་དང་པོ་ཡིན་པས་འདི་ལ་བཤད་པ་ལྟར། གཞན་ཀུན་ལའང་ཡོད་པར་ཤེས་པར་བྱའོ། །དེ་ཡང་ཇི་ལྟར་ན་ཡུམ་བར་མ་ལས། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་པས་བྱང་ཆུབ་མདོར་བསྟན། ཡང་དེ་རྒྱས་པར། ཤཱ་རིའི་བུ་འདི་ལ་བྱང་སེམས་ཆེན་པོ་མི་གནས་པའི་ཚུལ་གྱིས་ཡུམ་ལ་གནས་ཏེ་སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོ་མི་དམིགས་པའི་ཕྱིར་ཡོངས་སུ་གཏོང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕར་ཕྱིན་ཡོངས་སུ་གྲུབ་པར་བྱའོ། །སོགས་ཕར་ཕྱིན་དྲུག་ལ་


MR04_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པར་གསུངས། ཡང་གཞན་དོན་མདོར་བསྟན་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱོགས་བཅུའི་ཞིང་གངྒཱ་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདའ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་དང་། ཡང་སེམས་ཅན་སེར་སྣ་ཅན་རྣམས་སྦྱིན་པ་ལ་འགོད་པ་ནས། ཤེས་རབ་འཆལ་པ་རྣམས་ཤེས་རབ་ཕུན་སུམ་ཚོགས་པ་ལ་འགོད་སོགས་ཀྱིས་གཞན་དོན་རྒྱས་པར་བཤད་དོ། །གཉིས་པ་རབ་དབྱེ་ནི། དེ་ཡང་ཚོགས་ལམ་ཆུང་ངུར་གྲོགས་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་ཆོས་ཅན། དཔེ་ས་ལྟ་བུ་ཡིན་ཏེ་ཆོས་དཀར་པོ་ཐམས་ཅད་ཀྱི་གཞི་ཡི་དངོས་པོ་ཡིན་པའི་ཕྱིར་དང་། ཚོགས་ལམ་འབྲིང་པོར་བསམ་པ་གསེར་ལྟ་བུ་བྱང་ཆུབ་བར་དུ་མི་འགྱུར་བས་མི་ཉམས་པ་དང་། ཚོགས་ལམ་ཆེན་པོར་ལྷག་པའི་བསམ་པ་ཟླ་བ་ལྟ་བུ་དགེ་བའི་ཆོས་མཐའ་དག་རྣམ་པར་འཕེལ་བ་དང་། སྦྱོར་ལམ་དུ་མཁྱེན་གཉིས་རྗེས་མཐུན་སྒོམ་པའི་སྦྱོར་བ་མེ་ལྟ་བུ། ཐམས་ཅད་མཁྱེན་པ་ཉིད་གསུམ་སྟེ་མཁྱེན་གསུམ་


MR04_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མི་མཐུན་ཕྱོགས་སྒྲིབ་པའི་བུད་ཤིང་བསྲེག་པ་དང་། མཐོང་ལམ་ས་དང་པོར། སེམས་བསྐྱེད་དང་མཚུངས་ལྡན་གྱི་སྦྱིན་པ་གཏེར་ལྟ་བུ་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་དང་ས་གཉིས་པར་ཚུལ་ཁྲིམས་རིན་ཆེན་འབྱུང་གནས་ལྟར་ཡོན་ཏན་རིན་པོ་ཆེའི་རྟེན་གྱི་དངོས་པོ་དང་། ས་གསུམ་པ་ན་བཟོད་པ་རྒྱ་མཚོ་ཆེན་པོ་ལྟར། མི་འདོད་པ་ཐམས་ཅད་ཐོག་ཏུ་བབས་པས་མི་འཁྲུགས་པ་དང་། ས་བཞི་པ་ན། བརྩོན་འགྲུས་རྡོ་རྗེ་ལྟ་བུ་ཡིད་ཆེས་པ་བརྟན་པས་མི་ཕྱེད་པ་དང་། ས་ལྔ་པ་ན་བསམ་གཏན་རི་ཡི་རྒྱལ་པོ་ལྟར། དམིགས་པའི་རྣམ་པར་གཡེང་བས་མི་བསྐྱོད་པ་དང་། ས་དྲུག་པ་ན་ཤེས་རབ་སྨན་ལྟ་བུ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་རབ་ཏུ་ཞི་བ་དང་། ས་བདུན་པ་ན་ཐབས་མཁས་པ་དགེ་བའི་བཤེས་གཉེན་ལྟ་བུ་དགེ་རྩ་མི་འཛད་པའམ་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བ་དང་། ས་བརྒྱད་པ་ན་སྨོན་ལམ་ཡིད་བཞིན་ནོར་བུ་ལྟར་ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པ་དང་། ས་དགུ་པ་ན་སྟོབས་ཀྱི་ཕར་ཕྱིན་ཉི་མ་ལྟར་གདུལ་བྱའི་རྒྱུད་ལ་དགེ་བའི་ལོ་ཏོག་ཡོངས་སུ་སྨིན་པར་བྱེད་པ་དང་། ས་བཅུ་པར་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་དང་


MR04_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་ལྡན་གྱི་སེམས་བསྐྱེད་ཆོས་ཀྱི་གླུ་དབྱངས་སྙན་པ་ལྟ་བུ་གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པ་དང་། དག་པའི་ཁྱད་པར་ལམ་ན་ལྔ་ཡོད་དེ། མངོན་ཤེས་དང་ལྡན་པ་རྒྱལ་པོ་ལྟ་བུ་མཐུ་ཐོགས་པ་མེད་པས་གཞན་གྱི་དོན་སྒྲུབ་པ་དང་། བསོད་ནམས་དང་ཡེ་ཤེས་ཚོགས་གཉིས་བང་མཛོད་ལྟ་བུ་བྱང་ཆུབ་ལ་མཁོ་བ་ཚང་བ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ལམ་པོ་ཆེ་ལྟ་བུ། འཕགས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པ་དང་། སྙིང་རྗེ་དང་ལྷག་མཐོང་བཞོན་པ་ལྟ་བུ། འཁོར་བ་དང་མྱ་ངན་ལས་འདས་པ་གང་དུ་ཡང་མི་ལྷུང་བས་བདེ་བླག་ཏུ་འགྲོ་བ་དང་། གཟུངས་དང་སྤོབས་པ་དང་མཚུངས་ལྡན་གྱི་སེམས་བསྐྱེད་བཀོད་མའི་ཆུ་སྟེ་ཆུ་མིག་གམ་ཁྲོན་པ་ལྟ་བུ། ཐོས་པ་དང་མ་ཐོས་པའི་ཆོས་འཛིན་པས་མི་ཟད་པ་དང་ནི། སངས་རྒྱས་ཀྱི་ས་ཡི་སྦྱོར་བ་ཆོས་ཀྱི་སྡོམ་བཞིའི་དགའ་སྟོན་དང་ལྡན་པ་སྒྲ་སྙན་ལྟ་བུ། ཐར་པ་འདོད་པའི་གདུལ་བྱ་ལ་ཆོས་ཀྱི་སྒྲ་སྙན་པར་སྒྲོགས་པ་དང་། སངས་རྒྱས་ཀྱི་ས་ཡི་དངོས་གཞི་བགྲོད་པ་གཅིག་པའི་ལམ་མཉམ་པ་ཉིད་ཆུ་བོ་ཡི་རྒྱུན་ལྟ་བུ། མངོན་མཐོ་ངེས་ལེགས་ཀྱིས་གཞན་གྱི་དོན་བྱ་བ་ལྷུན་གྲུབ་


MR04_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་མི་ཆད་པར་ཐ་མི་དད་པ་དང་། སངས་རྒྱས་ཀྱི་སའི་མཇུག་ཏུ། ཆོས་ཀྱི་སྐུ་དང་ལྡན་པ་སྤྲིན་ལྟ་བུ་སྟེ། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ཀུན་ཏུ་སྟོན་པར་བྱེད་པས། དེ་རྣམས་ཀྱིས། སེམས་བསྐྱེད་ཀྱི་དབྱེ་བ་རྣམ་པ་ཉི་ཤུ་རྩ་གཉིས་སོ། །མདོར་ན་དེ་དག་ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་ས་ཡི་བར་དུ་དེའི་གེགས་དང་བྲལ་ཞིང་གྲོགས་འདུན་པ་སོགས་དང་མཚུངས་པར་ལྡན་པའི་སྒོ་ནས་ས་ལྟ་བུའི་སེམས་བསྐྱེད་ལ་སོགས་པར་ཇེ་བཟང་དུ་སོང་ནས་འཇོག་པ་ཡིན་ནོ། །ས་མཚམས་འདི་ནི་སློབ་དཔོན་སེང་བཟང་གི་ལུགས་ཡིན་ལ། ས་བཅུ་རྒྱུན་མཐའི་སྦྱོར་དངོས་མཇུག་ན་ཡོད་པར་བཞེད་པའང་ཡོད་དོ། །ལམ་དེ་དང་དེར། དེ་དག་ལྷག་པོར་སྤྱོད་པ་ཙམ་ལས་ཕལ་ཆེར་ཐམས་ཅད་དུ་ཡང་ཡོད་པར་ཤེས་པར་བྱའོ། །གཉིས་པ་ལ། གདམས་ངག་སྤྱིར་བསྟན་པ་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་བཞི། སྒྲུབ་པ་རང་གི་ངོ་བོ་ལ་འདོམས་པའི་གདམས་ངག་དང་། དམིགས་ཡུལ་བདེན་པ་བཞི་ལ་འདོམས་པའི་གདམས་ངག་དང་། རྟེན་དཀོན་མཆོག་གསུམ་ལ་འདོམས་པའི་གདམས་ངག་དང་། སྒྲུབ་པ་ཕུན་ཚོགས་ཀྱི་རྒྱུ་ལ་གདམས་པའོ། །དང་པོ་ནི།


MR04_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་ནོད་ཡུལ་ཚོགས་ལམ་ཆེན་པོ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པས་མཆོག་གི་སྤྲུལ་སྐུ་དངོས་སམ། ཕལ་པ་ཚོགས་ལམ་ཆུང་ངུ་ནས་སོ། །ནོད་པ་པོ་གདམས་ངག་དོན་གཉེར་གྱི་སེམས་ཅན་ནོ། །ཉན་པའི་རྒྱུ་གང་ལ་མཉམ་པར་བཞག་ན་སངས་རྒྱས་བསམ་གྱིས་མི་ཁྱབ་པ་ལས་ཆོས་ཀྱི་ཚིག་དོན་བར་མ་ཆད་དུ་འཛིན་ནུས་པའི་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ནམ། རང་རང་གི་དྲན་ཤེས་སོ། །དབྱེ་བ་ལ་སྔར་མ་ཐོབ་པ་ཐོབ་བྱེད་གདམས་ངག་དང་། ཐོབ་ཟིན་ཁྱད་པར་དུ་བྱེད་པ་རྗེས་བསྟན་ཏེ་སློབ་དཔོན་གྲོལ་སྡེས་འདི་གོ་བཟློག་གོ །ཉན་བྱའི་གདམས་ངག་བཅུར་གསུངས་པའི་དང་པོ། སེམས་བསྐྱེད་སོགས་བསླབ་བྱའི་ཆོས་ཐམས་ཅད། ཐ་སྙད་སྣང་བ་སྒྱུ་མ་ལྟ་བུ་མི་འགོག་པས་ཀུན་རྫོབ་ཏུ་ཡོད་པ་དང་། དོན་དམ་པར་མི་དམིགས་པས་སྟོང་པ་ཉིད་ལ་སྐྲག་པ་མེད་པར་བདེན་གཉིས་ཟུང་དུ་ཆུད་པའི་སྒོ་ནས་ལམ་སྒྲུབ་པར་གདམས་པ་སྟེ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། བྱང་ཆུབ་སེམས་དཔར་གྱུར་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཞེས་འཁོར་གསུམ་མི་


MR04_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པར་འདོམས་པའི་གདམས་ངག་དང་། སྒྲུབ་པ་རང་གི་ངོ་བོ་སྦྱོར་བ་ཕྱིན་དྲུག་གི་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྟོགས་བྱ་ཆོས་སྐུ་ཐོབ་པར་བྱེད་པས་ཉན་རང་གི་སྒྲུབ་པ་ལས་ཁྱད་པར་འཕགས་པའོ། །འདིར་བདེན་པ་གཉིས་ལ། དབྱེ་གཞི་རང་བཞིན་མེད་པ་ཙམ་མམ། བདེན་པ་མ་ཡིན་པ་ལས་ལོག་ཙམ་དང་། དབྱེ་བ་ལ་ཀུན་རྫོབ་དོན་དམ་གཉིས་ལས། ཀུན་རྫོབ་ལ་དབང་པོ་དྲུག་གནོད་མེད་ཀྱི་ཡུལ་དུ་སྣང་བ་ཡང་དག་ཀུན་རྫོབ་དང་། གནོད་པས་དཀྲུགས་པའི་སྣང་བ་རབ་རིབ་དང་སྐྲ་ཤད་ལ་སོགས་པར་སྣང་བ་ལོག་པའི་ཀུན་རྫོབ་གཉིས། དོན་དམ་ལ་སྐྱེ་སོགས་བཀག་ཙམ་ལས་སྐྱེ་མེད་ཀྱི་སྤྲོས་པ་ལས་མ་གྲོལ་པ་རྣམ་གྲངས་པའི་དོན་དམ་དང་། སྐྱེ་བ་དང་སྐྱེ་མེད་ཀྱི་སྤྲོས་པ་མཐའ་དག་ལས་གྲོལ་བ་རྣམ་གྲངས་མིན་པའི་དོན་དམ་གཉིས་སོ། །མཚན་ཉིད་ནི། བློའི་ཡུལ་ལས་མ་འདས་པའི་ཆོས་རིགས་པ་ཡང་དག་གིས་དཔྱད་མི་བཟོད་པ་ཀུན་རྫོབ་བདེན་པ་དང་། བློ་ལས་འདས་པའི་ཆོས་ཉིད་སྤྲོས་བྲལ་དམིགས་པ་ཉེ་བར་ཞི་བ་དོན་དམ་བདེན་པའོ། །དེའང་ཡུལ་ཡུལ་ཅན་གཉིས་སུ་སྣང་བ་གཟུང་འཛིན་ཅན་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་


MR04_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཕགས་པའི་ཡེ་ཤེས་ཀྱིས་གཉིས་སྣང་ནུབ་པའི་ཚུལ་དུ་ཉམས་སུ་མྱོང་བའི་སྤྲོས་བྲལ་དེ་བཞིན་ཉིད་དོན་དམ་བདེན་པ་ཡིན་པས་ན། འཆད་པ་པོས་སྒྲས་བསྟན་པ་དང་། ཉན་པ་པོས་ཐོས་བསམ་གྱི་ཡུལ་དུ་བྱས་པའི་བདེན་པ་གཉིས་ནི། ཡུལ་ཅན་བློ་ལ་ལྟོས་ནས་བདེན་གཉིས་སོ་སོར་བཞག་ཏུ་རུང་མོད། འཕགས་པའི་མཉམ་བཞག་དོན་དམ་མཚན་ཉིད་པ་ལ་ལྟོས་ན་གཉིས་ཀ་ཀུན་རྫོབ་ཏུ་འགྱུར་བས་ཤན་ཕྱེད་པར་བྱའོ། །བདེན་གཉིས་དེ་དོན་དམ་པར་ཐ་དད་ན། དོན་དམ་སྣང་བའི་ཆོས་ཉིད་མིན་པར་ཐལ་བ་དང་། དོན་དམ་རྟོགས་པས་སྣང་བ་ལ་བདེན་ཞེན་གྱི་སྒྲོ་འདོགས་མི་ཆོད་པར་ཐལ་བ་དང་། ཀུན་རྫོབ་རིགས་པས་མ་རྙེད་པའི་དེ་ཁོ་ན་ཉིད་དེ་དོན་དམ་མ་ཡིན་པར་ཐལ་བ་དང་། ཀུན་ཉོན་དང་རྣམ་བྱང་གཉིས་གང་ཟག་གཅིག་གི་རྒྱུད་ལ་དུས་གཅིག་ཏུ་གྲུབ་པར་ཐལ་བ་དང་། ཀུན་རྫོབ་ཏུ་གཅིག་ཡིན་ན། ཀུན་རྫོབ་མཐོང་བས་དོན་དམ་བདེན་པ་མཐོང་བར་ཐལ་བ་དང་། ཀུན་རྫོབ་ལ་དམིགས་ནས་ཀུན་ཉོན་འཕེལ་བ་ལྟར་དོན་དམ་ལ་དམིགས་ཀྱང་དེ་ཉིད་འཕེལ་བར་ཐལ་བ་དང་། ཀུན་རྫོབ་ལས་ལོགས་སུ་དོན་དམ་བཙལ་དུ་མེད་པར་


MR04_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བ་དང་། ཀུན་རྫོབ་བདེན་པ་སྤྲོས་པ་སྣ་ཚོགས་དང་བཅས་པ་བཞིན་དུ་དོན་དམ་ཡང་དེར་ཐལ་ལོ། །དེས་ན་དོན་དམ་དུ་གཅིག་ཐ་དད་ཀྱི་སྤྲོས་པའི་མཚན་མ་ཐམས་ཅད་གང་དུའང་ཁས་མི་ལེན་ལ། ཐ་སྙད་དུ་རྣམ་གྲངས་པའི་དོན་དམ་གྱི་དབང་དུ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང་། རྣམ་གྲངས་མ་ཡིན་པའི་དོན་དམ་གྱི་དབང་དུ་གཅིག་པ་བཀག་ཙམ་གྱི་ཐ་དད་དེ། བདེན་གཉིས་དོན་ལ་གང་གི་སྒོ་ནས་ཀྱང་དབྱེར་མེད་པས་ཡིན་ལུགས་ལ་ཐ་དད་མེད་ཀྱང་། བློ་ལ་ལྟོས་ནས་འདུས་མ་བྱས་ནམ་མཁའ་ལ་ཤར་ཕྱོགས་དང་ནུབ་ཕྱོགས་བློས་ཐ་དད་དུ་ཕྱེ་བའི་ཐ་དད་པ་བཞིན་ནོ། །དེ་ལྟར་གཏན་ལ་དབབ་བྱའི་ཆ་ནས་བདེན་གཉིས་སུ་བསྟན་ཟིན་ནས། གཉིས་པ་བླང་དོར་བྱ་བའི་ཆ་ནས་བདེན་པ་བཞི་ལ་གདམས་པ་ནི། ཐར་པ་དོན་གཉེར་གྱིས། བླང་དོར་དུ་བྱ་བའི་ཆ་ནས་བདེན་པ་བཞིར་གྲངས་ངེས། གོ་རིམ་ནི། ལམ་མངོན་པར་རྟོགས་པའི་རིམ་པ་དང་བསྟུན་ན། ནད་པས་སྨན་བསྟེན་པ་བཞིན་དུ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། འགོག་པ་ཐོབ་བྱ། ལམ་རྒྱུད་ལ་བསྟེན་བྱ་ཡིན་ནོ། །སྒྲ་བཤད་ནི། ཇི་ལྟར་དེ་བཞིན་གཤེགས་པས་མི་


MR04_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་སོགས་གང་གསུངས་པ་ལྟར་བདེན་ཅིང་དེ་ལྟར་འཕགས་པས་གཟིགས་པས་ཀྱང་བདེན་པ་ཞེས་བྱའོ། །རང་བཞིན་ནི། མ་དག་པའི་སྣོད་བཅུད་ལས་ཉོན་གྱི་དབང་གིས་བྱུང་བ་ཟག་བཅས་འབྲས་གྱུར་གྱི་ཆ་ཐམས་ཅད་སྡུག་བསྔལ་བདེན་པ། མཚན་ཉིད་སྐད་ཅིག་གིས་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པའི་རྣམ་པ་བཞི། ཟག་བཅས་འཁོར་བའི་ཕུང་པོ་འདི་དག་རྒྱུ་མེད་པ་དང་། རྒྱུ་མིན་གཞན་ལས་མ་བྱུང་བར་ལས་ཉོན་གྱི་རྒྱུ་ལས་བྱུང་བའི་ཆ་ནས་ཀུན་འབྱུང་། དེ་ལ་འཁོར་བར་སྐྱེ་བའི་རྒྱུ་དང་། ཀུན་འབྱུང་། རབ་སྐྱེ། རྐྱེན་གྱི་རྣམ་པ་བཞི། རྒྱུ་ལམ་གྱི་སྟོབས་ཀྱིས་དེ་བཞིན་ཉིད་གོང་དུ། འཁོར་བའི་རྒྱུ་འབྲས་གཏན་དུ་མི་སྐྱེ་བར་རྒྱུན་ཆད་པའི་གོ་འཕང་རྟག་པ་དམ་པ་འགོག་པ། དེ་ལ་འགོག་པ། ཞི་བ། གྱ་ནོམ། ངེས་པར་འབྱུང་བའི་རང་བཞིན་ཅན་མྱ་ངན་ལས་འདས་པའོ། །ལམ་གང་གིས་ཤེས་མཐོང་མངོན་དུ་བྱེད་པ་ལམ་ལྔ་ནི་ལམ་བདེན། དེ་ལ་ཡང་དག་པའི་ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་འབྱིན་བཞི་སྟེ། བདེན་པ་བཞི་རྣམ་པ་བཅུ་དྲུག་པོ་རྣམས་


MR04_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི། དེ་ཡང་མདོ་ལས། གཟུགས་སྟོང་པ་ཉིད་ལ་བརྩོན་ན་ཞེས་དང་། དེ་བཞིན་གཟུགས་སྐྱེ་འགག་མེད་པར་སྟོན་པ་དང་། སྟོང་ཉིད་མི་སྐྱེ་མི་འགག་ཀུན་ཉོན་དང་། རྣམ་བྱང་བསྟེན་བྱ་དང་། བསྟེན་བྱ་མ་ཡིན་པ་དང་། བདག་ཉིད་སྦྱིན་པ་ལ་བརྩོན་མི་བརྩོན་སོགས་ཀྱིས་གཟུགས་སོགས་ཡུལ་དང་ཡུལ་ཅན་ཤེར་ཕྱིན་དབྱེར་མེད་དུ་གདམས་པས། ཀུན་རྫོབ་ཏུ་བདེན་བཞི་ལ། སྡུག་བསྔལ་ཤེས་བྱར། ཀུན་འབྱུང་སྤང་བྱར། འགོག་པ་ཐོབ་བྱར། ལམ་བསྟེན་བྱར་ཞེན་པ་བཀག་པའོ། །གསུམ་པ་ནི། སྒྲུབ་པའི་རྟེན་སྐྱབས་གནས་དཀོན་མཆོག་གསུམ་གྱི་ངོ་བོ་ལ། ཐེག་ཆེན་ཐུན་མིན་གྱི་སངས་རྒྱས་ནི། རང་བྱུང་གི་ཡེ་ཤེས་འདུས་མ་བྱས་པའི་སྐུ་ལྷུན་གྱིས་གྲུབ་པ་བརྙེས་པས་རང་དོན་ཕུན་ཚོགས། མཁྱེན་བརྩེ་ནུས་གསུམ་ཚད་མེད་པས་གཞན་དོན་ཕུན་ཚོགས། སྐུ་གསུམ་གྱི་དབྱེ་བས་ཡོན་ཏན་ཚད་མེད་མངའ་བ་དང་། ཆོས་ལ་ཆགས་པ་བྲལ་བྱེད་ལམ་བདེན་རང་ངོར་ཉོན་སྒྲིབ་དག་པ། ཤེས་སྒྲིབ་མེད་པས་གསལ་བ། སྒྲིབ་གཉིས་ཀྱི་གཉེན་པོ་ཉི་མ་ལྟ་བུའི་ཡོན་ཏན་མངའ་བ་དང་། གང་ཞིག་ཆགས་བྲལ་འགོག་བདེན་


MR04_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པས་བསམ་དུ་མེད་པ། ལས་ཉོན་ཉེ་བར་ཞི་བ། སོ་སོར་རང་གིས་རིག་བྱ་རྟོག་པ་མེད་པ་གསུམ་གྱི་རང་བཞིན་ཏེ། དེ་ལྟར་འགོག་ལམ་གཉིས་རྟོགས་པའི་ཆོས་དང་། དེའི་རྗོད་བྱེད་གསུང་རབ་ལུང་གི་ཆོས་ཐོག་མཐའ་བར་དུ་དགེ་བའོ། །དགེ་འདུན་ནི་ཆོས་ཉམས་སུ་ལེན་པར་བྱེད་པ་རྣམས་ཏེ་དེ་ལ་སྐྱེ་འཕགས་གཉིས། འཕགས་པ་རྣམས་ཆོས་ཉམས་སུ་བླངས་པས་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ཡིན་ལ། ཁྱད་པར་ཐེག་ཆེན་འཕགས་པ་ན། ཐུན་མིན་ཟབ་ཅིང་རྒྱ་ཆེ་སོ་སོ་རང་རིག་པས་རྟོགས་ནས། ཆགས་ཐོགས་དམན་སྒྲིབ་གསུམ་ལས་གྲོལ་བའི་རིག་གྲོལ་གྱི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའོ། །དེའང་ཡུམ་གྱི་མདོ་ལས། གཟུགས་ལ་རྣམ་མཁྱེན་ཉིད་སྦྱོར་བར་མི་བྱེད་དེ། སོགས་གསུངས་པའི་དོན་ལྟར་ཀུན་རྫོབ་ཏུ་སྟོན་པ་ལམ་གྲོགས་སུ་ཤེས་པ་ལ་ཞེན་པ་བཟློག་པའི་ཆེད་དུ། ཡུལ་ཡུལ་ཅན་མི་སྦྱོར་མི་དམིགས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་མཐར་ཕྱིན་སངས་རྒྱས་སོ་ཞེས་སྟོན་པ་དང་། ལ་སོགས་པའི་སྒྲས། ཆོས་མཁྱེན་གསུམ་གྱི་རྣམ་པ་མཐའ་དག་རང་བཞིན་མེད་པར་སྟོན་པ་དང་། བྱང་སེམས་འཕགས་པ་རྣམས་


MR04_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

མི་དམིགས་པ་སྐྱེ་བ་མེད་པར་སྟོན་པས་དཀོན་མཆོག་གསུམ་ལ་མངོན་པར་ཞེན་པ་དགག་པའོ། །བཞི་པ་ལ། སྒྲུབ་པའི་མི་མཐུན་ཕྱོགས་སྤང་བའི་རྒྱུ་ལ་གདམས་པ་དང་། སྒྲུབ་པ་ལ་གཞན་དྲིང་མི་འཇོག་པའི་རྒྱུ་ལ་གདམས་པ་དང་། སྒྲུབ་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་རྒྱུ་ལ་གདམས་པ་དང་། སྒྲུབ་པ་མཐར་ཐུག་པའི་རྒྱུ་ལ་གདམས་པ་བཞི། དང་པོ་ལེ་ལོའི་གཉེན་པོ་བརྩོན་འགྲུས་གསུམ་ལ་གདམས་པ་ནི། དང་པོ་བྱ་བ་ངན་ཞེན་གྱི་ལེ་ལོ་བསོད་སྙོམས་རོ་མྱོང་གི་རྒྱུ་ལས། ལུས་ངག་ཡིད་གསུམ་གྱི་བདེ་བ་ལ་ཞེན་བྱའི་ངོ་བོ་ཉིད་མི་དམིགས་པར་བསྟན་པ་མ་ཞེན་པའི་བརྩོན་འགྲུས་དང་། གཉིས་པ་དུས་རིང་མོར་སྒྲུབ་པ་བྱས་ཀྱང་འདོད་དོན་མ་གྲུབ་པར་སྐྱོ་བ་སྐྱེས་ཏེ་སྒྲུབ་པ་འདོར་བ་སྒྱིད་ལུག་པའི་ལེ་ལོ་བསལ་ནས་བརྩོན་འགྲུས་འཕེལ་བའི་རྒྱུ། འགྲོ་མང་གི་མཐའ་དང་། བསྐལ་མང་གི་ཡུན་རིང་པོར་མི་རློམ་པ་ཡོངས་སུ་མི་ངལ་བའི་བརྩོན་འགྲུས་གཟུགས་ཚོར་སོགས་ནས་བྱང་ཆུབ་བར་གྱི་ཆོས་གང་ལའང་རློམ་བྱར་མེད་པ་དང་། གསུམ་པ་བདག་ཉིད་བརྙས་པའི་ལེ་ལོ་སྤོང་བྱེད། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་མདུན་དུ་


MR04_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྱ་རེ་རེའི་དོན་དུ་སྐྱིལ་ཀྲུང་གཅིག་གིས་བསྐལ་པར་གནས་པས་ཆོས་ཉན་དགོས་ཀྱང་མི་སྐྲག་ཅིང་སྤྲོ་བ་ལམ་ནི་ཡོངས་སུ་འཛིན་པའི་བརྩོན་འགྲུས་ཆོས་རྣམས་གདོད་ནས་སྐྱེ་བ་མེད་པར་རྟོགས་ཏེ་བསླབ་པར་སྟོན་པ་དང་གསུམ་མོ། །གཉིས་པ་གཞན་དྲིང་མི་འཇོག་པའི་རྒྱུ་སྤྱན་ལྔ་ལ་གདམས་པ་ནི། མདོར། ཤ་ཡི་མིག་གིས་དཔག་ཚད་བརྒྱ་མཐོང་བ་ཡོད་དོ། །སོགས་ཀྱིས་བསྟན་ཏེ། རྫུ་འཕྲུལ་གྱི་རྐང་པ་ལ་བརྟེན་པའི་དབང་པོ་དཔག་ཚད་བརྒྱ་ནས་སྟོང་གི་བར་གཟུགས་ཕྲ་རགས་མཐོང་བ་ཤ་ཡི་སྤྱན་བསམ་གཏན་པར་མ་ངེས་ཤིང་། རྟེན་གང་དུ་སྐྱེས་པའི་སས་བསྡུས་པའི་དབང་པོ་གཟུགས་ཅན་པའོ། །ཚེ་སྔ་མར་བསམ་གཏན་པ་སྒོམ་པའི་རྣམ་སྨིན་ལས་ཚེ་འདིར་འབད་མེད་དུ་འབྱུང་བ་འཆི་འཕོ་དང་སྐྱེ་བ་མཐོང་བ་ལྷ་ཡི་སྤྱན། འདི་དང་ལྷ་ཡི་མིག་གི་མངོན་ཤེས་ཀྱི་ཁྱད་ཚེ་འདིར་བསམ་གཏན་གྱི་འདུ་བྱེད་ལས་བྱུང་མ་བྱུང་ཙམ་མོ། །ཆོས་ཉིད་བདེན་མཐོང་ངམ་རྣམ་པར་མི་རྟོག་ཡེ་ཤེས་ས་བཅུའི་མཉམ་བཞག་རྣམས་ཤེས་རབ་ཀྱི་སྤྱན། འདི་དང་དོན་དམ་སེམས་བསྐྱེད་གཅིག །ལུང་རྟོགས་ཀྱི་ཆོས་དང་། དབང་པོ་རྣོ་རྟུལ་སོགས་རྒྱུད་ཚོད་ཤེས་པ་


MR04_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྤྱན། འདི་དང་ཕ་རོལ་སེམས་ཤེས་ཀྱི་ཁྱད་པར་ཡུལ་གྱི་ཁྱད་པར་དུ་བྱས་ན། འདི་འཕགས་རྒྱུད་ཀྱི་རྟོགས་པ་ཁོ་ན་དང་། ཅིག་ཤོས་ཀྱི་ཡུལ་གཞན་རྒྱུད་ཤེས་པ་ཐམས་ཅད་དོ། །ཆོས་ཐམས་ཅད་མངོན་པར་བྱང་ཆུབ་པར་རྟོགས་པས་སངས་རྒྱས་ཀྱི་སྤྱན། འདི་རྗེས་མཐུན་ས་བདུན་པ་ནས་ཡོད། ཨར་གྱིས་ས་དང་པོ་ནས་ཡོད་པར་བཤད། དེ་ལྟར་སྤྱན་ལྔ་དང་ནི་ཞེས་མཐར་ཐུག་བྱང་ཆུབ་སྒྲུབ་ཅིང་། གནས་སྐབས་གཞན་དོན་བྱ་བའི་ཐབས་གཞན་ལ་རགས་མ་ལུས་པའི་ཕྱིར་ཀུན་རྫོབ་ཏུ་སྤྱན་ལྔ་བསྐྱེད་ཅིང་། དོན་དམ་པར་སྤྱན་ལྔའི་ཡུལ་ཡུལ་ཅན་རོ་གཅིག་དམིགས་མེད་དུ་གདམས་སོ། །གསུམ་པ་མངོན་ཤེས་དྲུག་ལ་གདམས་པ་ནི། བསམ་གཏན་སྒོམ་སྟོབས་ལས་བྱུང་བ་བསམ་གཏན་པའི་སས་བསྡུས་པ་མིག་དབང་དྭངས་པས། ཐག་ཉེ་རིང་གཟུགས་ཕྲ་རགས་སེམས་ཅན་འཆི་འཕོ་དང་སྐྱེ་བ་ཤེས་པ་ལྷ་ཡི་མིག་གི་མངོན་ཤེས། གོང་སས་བསྡུས་པའི་རྣ་དབང་ལ་བརྟེན་ནས་ཐག་ཉེ་རིང་གི་སྒྲ་སྐད་ཐམས་ཅད་ཤེས་པ་ལྷ་ཡི་རྣ་བའི་མངོན་ཤེས་དང་། བསམ་གཏན་ལ་བརྟེན་ནས་གཞན་སེམས་ཇི་ལྟར་འགྱུར་བ་ཤེས་པ་ཕ་རོལ་སེམས་ཤེས་ཀྱི་


MR04_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཤེས། བསམ་གཏན་ལ་བརྟེན་པའི་སེམས་ཀྱིས་རང་གཞན་རྣམས་ཚེ་རབས་སྔ་མ་རྣམས་སུ་གང་དུ་སྐྱེས་ནས་བདེ་སྡུག་སོགས་ཅི་མྱོང་པ་ཐམས་ཅད་ཤེས་པ་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་དང་། བསམ་གཏན་གྱི་སེམས་ལ་བརྟེན་ནས། མང་པོ་གཅིག་ཏུ་བྱེད་པ་དང་། གཅིག་དུ་མར་བསྒྱུར་བ་སོགས་རྣམ་པ་སྣ་ཚོགས་ཀྱི་བྱ་བ་སྟོན་པ་རྫུ་འཕྲུལ་གྱི་མངོན་ཤེས་དང་། ཟག་པ་ཟད་པའི་མངོན་ཤེས་བཅས་མངོན་ཤེས་ཀྱི་ཡོན་ཏན་དྲུག་པོ་སེམས་ཅན་རྣམས་མཉམ་ཉིད་ལ་དགོད་པ་དང་། འཕགས་པའི་སྐྱེ་བོ་བྱམས་པ་དང་། ཡིད་དུ་འོང་བའི་ཡུལ་དང་ཕྲད་པ་དང་། ལྷ་རྣམས་ཀྱིས་ཕྱག་བྱ་བར་འོས་པ་དང་། ལུང་བསྟན་པ་ཐོབ་པའི་ཕྱིར། ཀུན་རྫོབ་ཏུ་རང་རྒྱུད་ལ་སྐྱེད་ཚུལ་དང་། དོན་དམ་པར་སྤྲོས་པ་ཞི་བར་རྟོགས་པའོ། །བཞི་པ་མཐོང་སྒོམ་ལམ་ལ་གདམས་པ་ནི། དང་པོ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་གཟིགས་པ་ཐེག་ཆེན་མཐོང་ལམ་སྟེ། མཐོང་སྤང་རྣམས་སྤངས་པའི་ཕྱིར་དུ་བཟོད་ཤེས་སྐད་ཅིག་བཅུ་དྲུག་གི་རང་བཞིན་ཅན་དང་། གཉིས་པ་སྤང་བྱ་ལྷན་སྐྱེས་སྒོམ་སྤང་རྣམས་སྤངས་པའི་དོན་དུ། སྔར་ཆོས་ཉིད་མཐོང་བའི་རྟོགས་པ་དེའི་


MR04_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་གོམས་པར་བྱེད་པའི་ཐེག་ཆེན་སྒོམ་ལམ་ཞེས་བྱ་ལ། ལམ་དེ་གཉིས་རྒྱུད་ལ་བསྐྱེད་པར་བྱའོ་ཞེས་སྟོན་པའོ། །དེ་དག་ཀྱང་སྒྲུབ་པའི་རྣམ་པ། ༡ དམིགས་པ། ༢ རྟེན། ༣ འགལ་རྐྱེན་ ༤ སྤང་ ༥ བ། ༦ མཐུན་རྐྱེན་ ༧ སྒྲུབ་ ༨ པ་ ༩ རྣམས་ ༡༠ ཀྱིས་གདམས་ངག་ནི། གྲངས་བཅུ་ཡི་བདག་ཉིད་དུ་ངེས་པར་ཤེས་པར་བྱའོ། །གཉིས་པ་རྟོགས་དཀའ་བ་དགེ་འདུན་དཀོན་མཆོག་བྱེ་བྲག་ཏུ་བཤད་པ་ནི། མདོ་ལས་རྒྱལ་སྲས་བཞི་བཅུ་ཞེ་བརྒྱད་གསུངས་པ། ཐེག་དམན་གྱི་དགེ་འདུན་ཉི་ཤུར་བསྡུས་པས་ཤུགས་བསྟན་ནམ་མཚོན་བྱེད་དཔེ་ཐེག་དམན་གྱི་དགེ་འདུན་ཉི་ཤུ་དང་། མཚོན་བྱ་དོན་དམ་དངོས་བསྟན་ཐེག་ཆེན་གྱི་དགེ་འདུན་ཉི་ཤུའོ། །ཐེག་ཆེན་གྱི་དགེ་འདུན་ལ་ཐེག་དམན་གྱི་དགེ་འདུན་ཉི་ཤུའི་མིང་གིས་བཏགས་པའི་དགོས་པ་ནི་ཉན་ཐོས་རྗེས་སུ་བཟུང་བའི་དོན་དུ་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའོ། །དགེ་འདུན་ཉི་ཤུ་དེ་ཡང་། གཞུང་ཚིག་གི་དངོས་བསྟན་ལ་སློབ་དཔོན་ལྟར་ན་འཕར་གསུམ་བསྡོམས་ན་བཅོ་ལྔ་དང་། ཕྱེ་ན་བཅུ་བདུན་ཡིན་ལ། འཕགས་པ་ལྟར་ན། བཅུ་དྲུག་ཏུ་བཞེད་ཅིང་ལྷག་མ་ཁ་སྐོང་བ་སྟེ་ཤུགས་ཀྱིས་བསྟན་པའོ། །འདི་ལ་སྤྱིར་རྒྱུན་


MR04_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས། ལན་ཅིག་ཕྱིར་འོང་། ཕྱིར་མི་འོང་བ། དགྲ་བཅོམ་ཞུགས་པ། རང་རྒྱལ་དང་ལྔ་ལས། མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་ནས་རྒྱུན་ཞུགས་ཀྱི་སྤང་རྟོགས་སྒྲུབ་ཕྱིར་བརྩོན་པའི་དབང་པོ་བརྟུལ་པོ་དང་། ༡ དབང་པོ་རྣོན་པོ་དག་རིམ་པར། ༢ དད་པས་མོས་པའི་རྗེས་འབྲང་དང་། ཆོས་ཀྱི་རྗེས་འབྲང་ངམ་མཐོང་བས་ཐོབ་པ་སྟེ་ཞུགས་པ་ལ་རྣམ་པ་གཉིས། དེའི་འོག་ཏུ་འདོད་པའི་སྒོམ་སྤང་གཅིག་ཀྱང་མ་སྤངས་པའམ་འདོད་ཉོན་ལྔའི་བར་སྤང་ནའང་རུང་། མཐོང་ལམ་སྐད་ཅིག་བཅུ་དྲུག་ལ་བརྟེན་ནས་གནས་པ་རྒྱུན་ཞུགས་འབྲས་གནས་ཙམ་པོ་དང་། ༣ དེ་ཉིད་འདོད་པའི་ཁམས་སུ་ལྷ་དང་མི་ཡི་རིགས་ནས་རིགས་སུ་སྐྱེ་བ་གཉིས་པོ་ལ་འབྲས་གནས་ཁྱད་པར་ཅན་ ༤ གཉིས་ ༥ ཏེ་རྒྱུན་ཞུགས་ལྔའོ། །རྒྱུན་ཞུགས་རྫོགས་པའི་འོག་ཏུ་སྒོམ་ལམ་གྱིས་འདོད་ཉོན་ལྔ་པ་སྤངས་ནས་དྲུག་པ་སྤོང་བའི་འབྲས་བུ་ཐོབ་ཕྱིར་བརྩོན་པའི་དབང་བརྟུལ་དད་མོས་དང་། དབང་རྣོན་མཐོང་ཐོབ་གང་ཡིན་ཀྱང་འདྲ་སྟེ་ཕྱིར་འོང་ཞུགས་པ་གཅིག ༦ །འདོད་ཉོན་དྲུག་པ་སྤངས་ཤིང་གཉེན་པོ་རྣམ་གྲོལ་ལམ་གནས་འདོད་ཁམས་སུ་སྐྱེ་བ་གཉིས་ལེན་ཀྱང་


MR04_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འདྲ་གཅིག་ལས་མི་ལེན་པ། ཕྱིར་འོང་འབྲས་གནས་ཙམ་པོ་པ། ༧ ཕྱིར་འོང་དེ་འདོད་ཉོན་སྒོམ་སྤང་བདུན་ནམ་བརྒྱད་སྤངས་ཤིང་གཉེན་པོ་ཟག་མེད་ཐོབ་པ་འདོད་ལྷར་སྐྱེ་བ་གཅིག་ལུས་པས་ཚེ་གཅིག་བར་ཆད་གཅིག་པ་སྟེ་འབྲས་གནས་ཁྱད་༨ པར་ཅན་དང་ཕྱིར་འོང་གསུམ། འདོད་ཉོན་དགུ་པ་སྤང་བར་བརྩོན་པའི་དབང་པོ་རྣོ་བརྟུལ་ལམ་དད་མོས་མཐོང་ཐོབ་ཕྱིར་མི་འོང་ཞུགས་པ་དང་། ༩ ཕྱིར་མི་འོང་འབྲས་གནས་ནི་འདོད་ཉོན་དགུ་པ་སྤངས་ཤིང་དེའི་གཉེན་པོ་ཐོབ་པ་ལ། གཟུགས་ཀྱི་ཀུན་སྦྱོར་སྤངས། བར་དོ་འགྲུབ་པའི་ཀུན་སྦྱོར་མ་སྤངས་པས་གཟུགས་ཀྱི་བར་དོ་གྲུབ་ནས་ལམ་མངོན་དུ་བྱས་ཏེ་བར་དོ་མྱ་ངན་ལས་འདའ་བ་དང་། ༡༠ ཀུན་སྦྱོར་གཉིས་ཀ་མ་སྤངས་པ་གཟུགས་སུ་སྐྱེས་ནས་སྡུག་བསྔལ་མཐར་བྱེད་པ་སྐྱེས་འདའ་བ་དང་། ༡༡ གཟུགས་ཁམས་སུ་སྐྱེས་ནས་བརྩོན་པའི་འདུ་བྱེད་དང་བཅས་པས་ལམ་མངོན་དུ་བྱས་ནས་སྡུག་བསྔལ་གྱི་ཐ་མར་བྱེད་པ་བྱེད་བཅས་དང་། ༡༢ གཟུགས་སུ་སྐྱེས་ནས་འབད་རྩོལ་གྱི་འདུ་བྱེད་མིན་པར་ལམ་མངོན་དུ་བྱས་ནས་སྡུག་བསྔལ་ལས་འདའ་བ་བྱེད་མེད་དང་། ༡༣ ཕྱིར་མི་འོང་དེ་


MR04_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཚངས་རིས་ནས་འོག་མིན་དུ་འགྲོ་བ་འཕར་བ་དང་། ཚངས་རིས་ནས་གནས་གཙང་འོག་མ་འགའ་ཞིག་དང་། དེནས་འོག་མིན་དུ་འགྲོ་བ་ཕྱེད་འཕར་དང་། གཟུགས་ཁམས་ཀྱི་གནས་ཐམས་ཅད་བརྒྱུད་ཅིང་འཆི་འཕོ་བས་འོག་མིན་དུ་འགྲོ་བ་སྟེ་གོང་འཕོ་འཕར་བ་གསུམ་བསྡོམས་པ་དང་། ༡༤ ཕྱིར་མི་འོང་དེ་ཉིད་སྲིད་རྩེའི་མཐར་ཐུག་པར་འགྲོ་བ་ནི། འདོད་པའི་རྟེན་ཅན་ཕྱིར་མི་འོང་འབྲས་བུ་ཆེ་བའི་བར་སོང་ནས་གནས་གཙང་བོར་ཏེ་གཟུགས་མེད་རིམ་པར་ཐོབ་པས་སྲིད་རྩེའི་རྟེན་ལ་མྱང་འདས་མངོན་སུམ་བྱེད་པ་མིང་གཞན་གཟུགས་ ༡༥ སུ་ཉེར་འགྲོ་དང་། གཟུགས་མེད་ཉེར་འགྲོ་འདོད་པའི་རྟེན་དེ་ཉིད་ལ་གཟུགས་ཀྱི་སྒོམ་སྤང་སྤངས་པས་གཟུགས་ཀྱི་འདོད་ཆགས་བཅོམ་ནས་གཟུགས་མེད་ཀྱི་རྟེན་ལ་དགྲ་བཅོམ་ཐོབ་པ་དང་། ༡༦ བདེན་པ་མཐོང་བའི་རྟེན་མཐོང་བ་ཡི་ཆོས་དེ་ཉིད་ལ་ཕྱིར་མི་འོང་ཐོབ་ཅིང་། ཞི་བ་དགྲ་བཅོམ་མངོན་བྱེད་མཆོག་ཟུང་ལྟ་བུ་དང་། ༡༧ གཟུགས་དང་གཟུགས་མེད་ཀྱི་ཉེར་འགྲོ་ལས་གཞན་པའི་ཕྱིར་མི་འོང་དེས་འགོག་པའི་སྙོམས་འཇུག་ལུས་ཀྱིས་མངོན་སུམ་བྱེད་པ་སྟེ་ ༡༨ ཕྱིར་མི་འོང་ལ་བཅུའོ། །


MR04_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་རྩེའི་སྒོམ་སྤང་བརྒྱད་པ་སྤངས་ནས་དགུ་པ་སྤང་བ་ལ་བརྩོན་པ་དགྲ་བཅོམ་ཞུགས་པ་དང་། ཉོན་སྒྲིབ་དང་སྙོམས་འཇུག་གི་སྒྲིབ་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་དང་། ཉོན་སྒྲིབ་ཁོ་ན་ལས་གྲོལ་བ་ཤེས་རབ་ཀྱི་ཆ་ལས་རྣམ་གྲོལ་ཏེ་རྒྱན་ཅན་རྒྱན་མེད་ཀྱི་དབྱེ་བའམ། དབང་པོའི་སྒོ་ནས་དད་མོས་མཐོང་ཐོབ་དང་བཅས་དགྲ་བཅོམ་འབྲས་གནས་དང་ཞུགས་པ་གཉིས་གཅིག་ཏུ་བརྩི་བ་དང་། ༡༩ སངས་རྒྱས་མི་འབྱུང་¸ན་རང་རྒྱལ་དུ་འགྱུར་བ་བསེ་རུ་གཅིག་པུར་གནས་པ་ལྟ་བུ་ ༢༠ དང་ནི་དགེ་འདུན་ཉི་ཤུའོ། །འབྲས་བུ་ཐོབ་ཚུལ་གྱི་སྒོ་ནས་ཐོད་རྒལ་བ་དང་། སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་ཆགས་བྲལ་སྔོན་སོང་ཞེས། མཐོང་ལམ་གྱི་སྔ་རོལ་འཇིག་རྟེན་པའི་ལམ་གྱིས་སྒོམ་སྤང་སྤོང་བའི་རིམ་པས་ཕྱིར་འོང་མི་འོང་གཉིས་སོ། །ཅིག་ཆར་བ་ནི་སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་བཞག་སྟེ། བསམ་གཏན་དང་པོའི་ཉེར་བསྡོགས་དང་པོ་ལ་བརྟེན་ནས། མཐོང་ལམ་མངོན་དུ་བྱས་ཏེ་འདས་ལམ་གྱིས། ཁམས་གསུམ་གྱི་སྒོམ་སྤང་རྣམས་དགུར་དྲིལ་ནས་སྤང་བའོ། །དེ་ལྟར་དཔེ་ཡི་དགེ་འདུན་གྱིས་མཚོན་པའི་ཐེག་ཆེན་གྱི་ལུགས་ཀྱི་


MR04_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ཡུམ་གྱི་མདོ་ལས་གསུངས་པའི་དོན་བསྡུ་ན། བྱང་སེམས་མི་ནས་མིར་སྐྱེས་ཏེ་གཟུངས་དང་ཏིང་ངེ་འཛིན་སོགས་མྱུར་དུ་ཐོབ་པར་མི་འགྱུར་བའི་དབང་བརྟུལ་ལམ་བསམ་གཏན་ཐོབ་ནས་སྐྱེ་བ་ཟློག་པའི་ཐབས་མི་མཁས་པས་ལྷ་ཚེ་རིང་པོར་སྐྱེས་ནས་ཡང་འདིར་སྐྱེས་ཏེ་དད་པ་ཙམ་གྱིས་འཇུག་པ་དང་། ༡ སངས་རྒྱས་ཀྱི་ཞིང་གཞན་ནམ་དགའ་ལྡན་ནས་འདིར་སྐྱེས་ཏེ་མྱུར་དུ་ཡོན་ཏན་མངོན་གྱུར་དབང་རྣོན་ནམ་ཁམས་གོང་མའི་སེམས་ཐོབ་ཀྱང་དེར་མི་སྐྱེ་བར་སངས་རྒྱས་མཉེས་པར་བྱེད་པའི་དོན་དུ་དག་ཞིང་དུ་སྐྱེ་བ་འཛིན་པ་མཐོང་བས་ཐོབ་པ་དང་། ༢ ཐེག་ཆེན་གྱི་མཐོང་ལམ་སྐད་ཅིག་བཅུ་དྲུག་པ་ལ་གནས་པའི་བྱང་སེམས་རྒྱུན་ཞུགས་འབྲས་གནས་ཙམ་པོའི་མིང་ཅན་དང་། ༣ ཁམས་གོང་མ་གཉིས་ཀྱི་སེམས་ཐོབ་ཀྱང་དེར་མི་སྐྱེ་བར་འདོད་ལྷ་དང་མིར་སྐྱེས་ཏེ་སེམས་ཅན་གྱི་དོན་བྱེད་པ་རིགས་སྐྱེ་ ༤ གཉིས་དང་། ༥ བྱང་སེམས་དད་པ་དང་ཤེས་རབ་ལྷག་པ་ཕྱིར་འོང་ཞུགས་པའི་མིང་ཅན་དང་། ༦ འཛམ་གླིང་དུ་ལན་ཅིག་འོང་ནས་སངས་རྒྱ་བའི་བྱང་འཕགས་འབྲས་གནས་ཙམ་པོ་པ། ༧ སངས་རྒྱས་


MR04_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་མ་འདྲེས་པ་ཐོབ་ཀྱང་རྒྱལ་བ་མཆོད་ཅིང་འགྲོ་བའི་དོན་དུ་སངས་རྒྱས་པ་ལ་ཚེ་གཅིག་གིས་ཐོགས་པ་བར་ཆད་གཅིག་པ་དང་། ༨ ས་བརྒྱད་པ་ལ་གནས་པའི་བྱང་སེམས་དབང་བརྟུལ་དང་དབང་རྣོན་ཕྱིར་མི་འོང་ཞུགས་པའི་མིང་ཅན་དང་། ༩ ཁམས་བར་མར་སངས་རྒྱ་བ་བར་འདའ་བ་དང་། ༡༠ འཛམ་གླིང་དུ་སྐྱེས་ནས་བྱང་ཆུབ་ཀྱི་ཤིང་དྲུང་དུ་སངས་རྒྱས་ཏེ་ཆོས་བསྟན་ནས་ཆོས་བསྐལ་པའམ་བསྐལ་པ་ལས་ལྷག་པར་གནས་པ་སྐྱེས་འདའ་དང་། ༡༡ སེམས་ཅན་གྱི་དོན་ལ་བརྩོན་པ་ཆེས་ཆེ་བ་བྱེད་བཅས་དང་། ༡༢ བརྩོན་པ་ཆུང་བ་བྱེད་མིན་དང་། ༡༣ འཁོར་ལོས་བསྒྱུར་བ་ཚངས་རིས་ནས་འོག་མིན་བར་དུ་ཕྱིན་ཏེ་སངས་རྒྱ་བ་འོག་མིན་འགྲོ་སྟེ་དེ་ལ། བསམ་གཏན་བཞི་ཐོབ་པ་ཡོངས་སུ་བསྒོམས་ཤིང་དང་པོ་བསྒྲུབས་ནས་ཚངས་རིས་ནས་རིམ་པར་འོག་མིན་དུ་ཕྱིན་ཏེ་ཐེག་པ་སྣ་ཚོགས་ཅན་དུ་སངས་རྒྱས་པ་འཕར་བ་དང་། ཚངས་རིས་ནས་ཤི་འཕོས་ཏེ་གནས་གཙང་གཅིག་གམ་གཉིས་བརྒལ་ནས་འོག་མིན་དུ་འཚང་རྒྱ་བ་ཕྱེད་འཕར་དང་། གནས་རིས་བཅུ་བདུན་དུ་སྐྱེས་ཏེ་སེམས་ཅན་གྱི་དོན་བྱེད་པ་གནས་ཐམས་ཅད་འཕོ་སྟེ་འཕར་གསུམ་དང་། ༡༤


MR04_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གཙང་མིན་པའི་ཁམས་གོང་མ་གཉིས་ཀྱི་སེམས་རྣམས་ཐོབ་པས་གཟུགས་ཁམས་སུ་སྐྱེས་ཏེ། ཐེག་པ་སྣ་ཚོགས་པར་སངས་རྒྱ་བ་སྲིད་རྩེའི་མཐར་ཐུག་འགྲོ་དང་། ༡༥ གཟུགས་མེད་བཞིན་སེམས་སྦྱངས་ནས་ཐེག་པ་སྣ་ཚོགས་ཡོད་པར་སངས་རྒྱ་བ་གཟུགས་ཀྱི་ཆགས་བཅོམ་དང་། ༡༦ སྲིད་པ་ཐ་མ་པའི་བྱང་སེམས་ཚེ་འདི་ཉིད་སངས་རྒྱ་བའི་ཆ་ནས་མཐོང་བའི་ཆོས་ལ་ཞི་བ་དང་། ༡༧ ཐོད་རྒལ་གྱི་ཏིང་ངེ་འཛིན་ཐོབ་ནས། ཤེས་རབ་ཀྱི་ལུས་ཀྱིས་འགོག་པའི་སྙོམས་འཇུག་མངོན་དུ་བྱེད་པའི་ཆ་ནས་ཕྱིར་མི་འོང་ལུས་མངོན་བྱེད་དང་། ༡༨ ས་བཅུ་པའི་བྱང་སེམས་སངས་རྒྱས་མངོན་དུ་བྱེད་པའི་ཕྱིར་ཞུགས་པ་དགྲ་བཅོམ་ཞུགས་པའི་མིང་ཅན་དང་། ༡༩ སངས་རྒྱས་དང་ཉན་ཐོས་མི་བཞུགས་པའི་ཞིང་དུ་སེམས་ཅན་གྱི་དོན་བྱེད་པའི་བྱང་འཕགས་བསེ་རུའི་མིང་གིས་བསྟན་པ་བཅས་དགེ་འདུན་ཉི་ཤུའོ། ༢༠ །བྱང་སེམས་འཕགས་པ་གཞན་དོན་ལས་ཉམས་པས་དངོས་སུ་གཟུགས་མེད་དུ་སྐྱེ་བ་མིན་ནོ། །འདི་རྣམས་ཀྱང་ཡུམ་ལས་སོ་སོར་མདོ་སྦྱོར་རེ་དང་། བྱང་སེམས་འདི་ནས་གར་སྐྱེས་གང་ནས་འདིར་འོང་


MR04_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་པས་ལན་བསྟན་པ་རྣམས་ཡོད་ཅིང་། གཞན་ཡང་ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། ལོག་པ་བརྒྱད་ལས་ཤིན་ཏུ་འདས། །རྣམ་པར་ཐར་པ་བརྒྱད་ལ་རེག །ཡང་དག་བརྒྱད་ལ་ཞེན་པ་མེད། །དེ་ཕྱིར་བརྒྱད་པ་ཞེས་བྱའོ། །འཁོར་བའི་འདུ་ཤེས་གང་བརྗོད་པ། །སངས་རྒྱས་འདུ་ཤེས་དེ་བཞིན་ཏེ། །མཉམ་པ་ཉིད་ནི་དེར་ཞུགས་པས། །རྒྱུན་དུ་ཞུགས་པར་ཤེས་པར་གྱིས། །སྔོན་གྱི་སངས་རྒྱས་བཞུགས་བཞུགས་པ། །བྱང་ཆུབ་ཆེན་པོ་ཚོལ་བར་བྱེད། །དེ་ཚོལ་བར་ནི་འོངས་པས་ན། །དེས་ན་དེ་ནི་ལན་ཅིག་འོང་། །འདིར་ནི་ཆོས་རྣམས་འོང་བ་དང་། །འགྲོ་བ་དག་ཀྱང་མི་དམིགས་ཏེ། །འོང་དང་འགྲོ་བ་མེད་ཐོབ་པས། །ད་ནི་ཕྱིར་མི་འོང་ཞེས་བརྗོད། །གང་གིས་སེམས་ཅན་རབ་སྡུག་བསྔལ། །ཉོན་མོངས་ཐམས་ཅད་དེ་ཡིས་བཅོམ། །ཉོན་མོངས་པ་ལས་སེམས་ཅན་འབྲལ། །དེས་དེ་དགྲ་བཅོམ་ཞེས་བརྗོད་དོ། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །སངས་རྒྱས་ཆོས་རྣམས་བསམ་ཡས་པ། །སེམས་ཅན་མང་ལ་སྒྲོགས་པར་བྱེད། །དེས་དེ་ཉན་ཐོས་ཞེས་བརྗོད་དོ། །རྐྱེན་རྣམས་


MR04_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ཤེས་ནས་ནི། །དེ་ནི་གང་ལའང་མི་གནས་ཏེ། །རང་སངས་རྒྱས་ཞེས་བྱ་བའི་སྒྲར། །བྱང་ཆུབ་སེམས་དཔའ་རབ་ཏུ་བསྟན། །ཅེས་སོགས་ཤིན་ཏུ་རྒྱས་པར་གསུངས་སོ། །གསུམ་པ། གདམས་འབྲས་ངེས་འབྱེད་ཡན་ལག་ལ། ངོ་བོ་མདོར་བསྟན་པ་དང་། ཁྱད་ཆོས་རྒྱས་པར་བཤད་པ་གཉིས། དང་པོ། མི་རྟག་སོགས་ཀྱིས་ཁྱད་པར་དུ་བྱས་པའི་བདེན་བཞི་སྒྱུ་མ་ལྟ་བུ་དམིགས་པ་དང་ནི། དེ་དག་ལ་མངོན་ཞེན་གཅོད་ཅིང་སྒྲོ་འདོགས་སོ་གཉིས་བྲལ་བ་ཆོས་བདག་མེད་ཀྱི་རྣམ་པ་དང་། ཐེག་གསུམ་གྱི་རྟོགས་རིགས་ཚང་བར་བསྐྱེད་པའི་རྒྱུ་དང་། ཕྱི་ནང་གི་ཐབས་ལ་མཁས་པས་སྲིད་ཞི་ལས་ཡོངས་སུ་འཛིན་པ་ཡིས་ཟིན་པ་དང་། བྱང་ཆུབ་སེམས་དཔའ་འགྲོ་བ་སེམས་ཅན་སྐྱོབ་པ་ཡི་མཛད་པ་ཅན་གྱི་དྲོད་སོགས་ལམ་གྱི་བདག་ཉིད་ཇི་ལྟ་བ་བཞིན་དུ། རང་གི་སྤང་བྱར་གྱུར་པའི་གཟུང་འཛིན་གྱི་རྣམ་རྟོག་བཞི་པོ་སྤང་བྱའི་ཚུལ་དུ་ལྡན་པར་བརྟེན་པ་སྟེ་སྦྱོར་ལམ་བཞིས་རང་རང་གི་རྟོག་པ་སོ་སོ་སྲབ་པར་བྱེད་པ་ཡིན་གྱིས་སྤོང་བར་མི་བྱེད་པས་སོ། །དེ་ལྟར་རྣམ་པ་ལྔས་ཐེག་ཆེན་དྲོད་སོགས་ཆུང་དང་འབྲིང་དང་ཆེན་པོ་གསུམ་གྱི་དབྱེ་


MR04_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཅུ་གཉིས་རྣམས་དང་ལྡན་པའི་སྦྱོར་ལམ་འདི། ཉན་ཐོས་དང་། བསེ་རུ་ལྟ་བུ་སྟེ་རང་རྒྱལ་དང་། བཅས་པ་ཡི་སྦྱོར་ལམ་དག་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཉན་རང་རྣམས་ཀྱིས་དྲོད་སོགས་བདེན་བཞི་ཙམ་གཏན་ལ་དབབ་བྱར་དམིགས་པ་དང་། མི་རྟག་སོགས་སུ་མངོན་པར་ཞེན་པ་གང་ཟག་ལ་བདག་མེད་པའི་རྣམ་པ་ཅན། ཐེག་དམན་གྱི་རྟོག་རིགས་ཁོ་ན་བསྐྱེད་པའི་རྒྱུ་དང་། སྲིད་ཞིར་ལྟུང་བ་ལས་འཛིན་པའི་ཐབས་མཁས་དང་བྲལ་བས་ཡོངས་འཛིན་དམན་པ་དང་། རྟོག་པ་ཆེ་འབྲིང་ཆུང་རང་རང་གི་སྤང་བྱ་སྤོང་བའི་གཉེན་པོར་མི་འབྲེལ་པའམ་མི་ལྡན་པའོ། །གཉིས་པ་ལ། དམིགས་རྣམ་རྒྱུ་གསུམ། ལྡན་ཆོས་རྟོག་པ། ཡོངས་འཛིན་དགེ་བའི་བཤེས་གཉེན་གྱི་ཁྱད་པར་བཤད་པ་གསུམ། དང་པོ་ལ། སྦྱོར་ལམ་གྱི་དམིགས་རྣམ་རྒྱས་པར་བཤད་པ་དང་། མཇུག་བསྡུ་བ་གཉིས། དང་པོ་ལ། དྲོད་རྩེ་བཟོད་མཆོག་བཞི་ལས། དང་པོ་ནི། མདོར། བྱང་ཆུབ་སེམས་དཔའི་ཚིག་དོན་ཅི་ལགས་ཞེས་རྟེན་དྲིས། དེ་མི་དམིགས་པར་བསྟན་ཅིང་། བྱེ་བྲག་དྲོ་བར་གྱུར་པའི་རྟེན་ལ། རབ་འབྱོར་འདི་ལྟ་སྟེ། དཔེར་ན་ནམ་མཁའ་


MR04_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱ་ཡི་རྗེས་མེད་ཅེས་བྱ་དང་། རྨི་ལམ་སྒྱུ་མ་སོགས་གནས་མེད་དམིགས་སུ་མེད་པའི་དཔེས་བསྟན་ཅིང་། དཔེ་དགུ་པོ་གཟུང་རྟོག་དགུ་དང་བསྟུན་ལ། དེ་བཞིན་འོག་མ་ལྔ་ལའང་རྣམ་རྟོག་དང་དཔེ་དོན་སྦྱར་ནས་གསུངས་སོ། །དྲོད་ཀྱི་ངོ་བོ་ནི། སོ་སོ་རང་གི་བདེན་པ་རྣམས་ལ་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་སྟེ་མཐོང་ལམ་གྱི་ཡེ་ཤེས་མེ་ལྟ་བུའི་སྔ་ལྟས་དྲོད་ཐོབ་པའོ། །དེ་ཇི་ལྟར་ན། དམིགས་པ་ནི་ཡུལ་གཟུགས་སོགས་ལ་ཉན་ཐོས་ཀྱིས་མི་རྟག་ལ་སོགས་པ་བདེན་པ་བཞི་ལ་བརྟེན་པའི་རྟེན་ཅན་གྱི་རྣམ་པ་བཅུ་དྲུག་པོ་རང་གི་ངོ་བོ་སྟོང་པ་དེ་ཤེས་ནས་སྒྲོ་འདོགས་གཅོད་པའི་གཞི་ཡིན་ལ། མདོ་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་ཤེར་ཕྱིན་ལ་སྤྱད་པའི་ཚེ་གཟུགས་མི་རྟག་པ་དང་། སྡུག་བསྔལ་བ་དང་སྟོང་པ་དང་། བདག་མེད་ཅེས་བྱ་བར་མངོན་པར་ཞེན་པ་དང་། ལྷག་པར་གནས་པ་དང་། ཀུན་ཤེས་པ་དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཆོས་ལ་མཐུན་པའི་སྲེད་པ་སྟེ་སྐྱོན་ནོ། །ཞེས་སོགས་ཀྱིས་བསྟན་ལ། མདོར་ན་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ལ་འདུ་འགོད་


MR04_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བ་ལ་སོགས་པས་ཁྱད་པར་དུ་བྱས་པ་ལ་དམིགས་ཏེ། མངོན་པ་སོགས་ནས་རྣམ་པ་བཅུ་དྲུག་བཤད་པ་ལྟ་བུ་མ་ཡིན་པར་རྣམ་པ་མཐའ་ཡས་པའི་སྒོ་ནས་དམིགས་པ་དེ་ཡི་ནི། རྣམ་པ་མི་རྟག་སོགས་སུ་མངོན་ཞེན་ལ་སོགས་པའི་སྒྲས་ཆེ་འབྲིང་ཆུང་གསུམ་འགོག་པ་ཡོངས་སུ་བཟུང་བའམ་བརྗོད་དུ་མེད་པའི་རྣམ་པ་ཅན་ཏེ། དྲོད་ཆུང་ངུའི་དམིགས་རྣམ་ཡིན་ལ། ཐེག་པ་གསུམ་ཆར་གྱི་རྟོགས་རིགས་ཚང་བར་ཐོབ་པའི་རྒྱུའོ། །རྒྱུ་ཡི་ཁྱད་པར་འདི་འོག་མ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་ཡང་བདེན་བཞི་སོ་སོར་མདོ་མང་། ལམ་བདེན་དམིགས་རྣམ་སྐབས། སེམས་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་སོགས་གསུངས། དྲོད་འབྲིང་དུ། གཟུགས་སོགས། དེ་ཉིད་ཡིད་བྱེད་ཀྱིས་འདུ་བའམ་སྒྲུབ་པ་མ་དམིགས། མོས་པ་ཡིད་བྱེད་ཀྱིས་འགོད་པ་སྟེ་དགག་པ་མི་དམིགས་པས་ཁྱད་པར་དུ་བྱས་པ་དམིགས་པ་མིང་གི་རྒྱུན་མི་འདྲ་བར་འཇུག་པ་གནས་པ་དང་བྲལ་བས་ཁྱད་པར་དུ་བྱས་པ་རྒྱུན་མི་འདྲ་བ་རང་མཚན་བརྗོད་བྱར་ཞེན་པ་དང་། གནས་པ་དང་འདྲ་བ་སྤྱི་ཡི་རྒྱུ་


MR04_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བརྗོད་བྱར་མེད་པ་ནི་རྣམ་པ་སྟེ། ཐ་སྙད་དུ་ཡང་རང་མཚན་བརྗོད་བྱར། རྟོག་གེ་ལས་ཀྱང་མི་འདོད་པས་མེད་ཀྱང་། དེ་བརྗོད་དམ་སྙམ་དུ་ཞེན་པ་ནི་བཏགས་པ་ཙམ་ལས་དོན་ལ་མེད་པས་མདོར་ན་བརྗོད་བྱ་མེད་དེ། རྗོད་བྱེད་མིང་ཐམས་ཅད་མེད་པ་ཉིད་ཀྱིས་སོ། །དྲོད་ཆེན་པོ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་དེར་བཏགས་པ་ཙམ་ལས་གྲུབ་པ་མེད་པ་ནི་དམིགས་པ་དང་། དགེ་མི་དགེ་ལུང་མ་བསྟན་གང་དུ་ཡང་བརྗོད་དུ་མེད་པ་རྣམ་པ་སྟེ། བཏགས་འཛིན་ཀྱང་མེད་པ་ནི་མཉམ་བཞག་ཏུ་རྣམ་རྟོག་ཉེ་བར་ཞི་བའི་དབང་དུ་བྱས་པའོ། །གཉིས་པ་རྩེ་མོའི་ངོ་བོ་ནི། བདེན་པ་རྣམས་ལ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་པར་ལྡན་པ་སྟེ་མི་མཐུན་ཕྱོགས་ཀྱིས་དགེ་རྩ་གཡོ་བའི་ནང་ནས་རྩེ་མོར་གྱུར་པའོ། །རྩེ་མོ་ཐོབ་པ་ནི་ལོག་ལྟས་དགེ་རྩ་ཆད་པ་ནམ་ཡང་མི་འབྱུང་བ་ཡིན་ནོ། །དེ་ཡང་རྩེ་མོ་ཆུང་ངུ་། གཟུགས་སོགས་དངོས་པོར་དམིགས་པའི་སེམས་ཀྱིས་བརྟེན་བྱར་མི་གནས་ཏེ། རྒྱུ་མཚན་ཅིས་ན་དེ་དག་ནི། གཟུགས་སོགས་དེ་ཡི་ངོ་བོར་རང་བཞིན་བདེན་པ་མེད་པས་


MR04_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེས་ན་གཟུགས་སོགས་མཚན་མར་མི་མཐོང་བ་དེ་ནི་དམིགས་པ་དང་གཟུགས་སོགས་དེ་དག་གཅིག་གི་རང་བཞིན་སྟོང་པ་ཉིད་ཡིན་པ་དེར། ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་གཅིག་པས། གཟུགས་སོགས་དེ་རྟག་མི་རྟག་སོགས་སུ་བདེན་པར་མི་གནས་པ་ཤེས་རབ་ཀྱིས་ཡོངས་སུ་རྟོགས་པ་རྣམ་པའོ། །མདོར། ཡུམ་ལ་སྤྱོད་པས་གཟུགས་ལ་གནས་པར་མི་བགྱིས་སོ་སོགས་གནས་མེད་དམིགས་མེད་དཔེས་གསུངས། རྩེ་མོ་འབྲིང་ནི། མི་རྟག་སོགས་དེ་རྣམས་དང་། དེ་ཡི་ངོ་བོས་སྟོང་པའི་སྟོང་པ་ཉིད་དང་མི་རྟག་སོགས་དེ་དག་ཕན་ཚུན་གཅིག་གི་རང་བཞིན་དུ་གཅིག་པས་ཐ་དད་མེད་པ་དམིགས་པ། ཆོས་རྣམས་བདག་དང་བདག་གིར་གཟུང་བྱའམ་བདེན་པར་མི་འཛིན་པ་རྣམ་པ་གང་ཡིན་པ་དང་། རྩེ་མོ་ཆེན་པོ་ནི། གཟུགས་སོགས་དེ་དག་སྔོ་སེར་གྱི་མཚན་མར་མེད་པས། མཚན་མར་མི་མཐོང་བའི་ཕྱིར་ན་གཟུགས་སོགས་མི་དམིགས་པ་ནི་དམིགས་པ་སྟེ། ཀུན་ཏུ་རྒྱུ་བཟོ་སྦྱང་གིས་རང་ལམ་མཚན་མར་འཛིན་པས་བདེན་པ་མ་མཐོང་བ། ཤེར་ཕྱིན་འདིར་ཞུགས་ཏེ་མཚན་མར་མི་འཛིན་པས་བདེན་པ་མཐོང་བའི་


MR04_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དཔེས་མདོ་ལས་གསུངས། གནས་ལུགས་རྟོགས་པའི་ཤེས་རབ་ཀྱིས་ནི་ཆོས་ཐམས་ཅད་ཡོངས་སུ་རྟོགས་པ་ན་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཚན་མ་དང་མཚན་མ་མེད་པར་དམིགས་སུ་མེད་པར་རྟོགས་པའི་རྣམ་པར་རོ། །གསུམ་པ་བཟོད་པའི་ངོ་བོ་ནི། བདེན་པ་རྣམས་ཀྱི་ཕྱོགས་གཅིག་ལ་ཞུགས་ཤིང་རྗེས་སུ་སོང་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་སྟེ་སྐྱེ་མེད་ཀྱི་དོན་ལ་བཟོད་པའི་ཕྱིར་བཟོད་པ་སྟེ་བཟོད་པ་ཐོབ་ཕྱིན་ཆད་ངན་སོང་དུ་མི་འགྲོ་བ་ཡིན་ནོ། །བཟོད་པ་ཆུང་ངུ་ནི། གཟུགས་སོགས་རང་གི་ངོ་བོ་ཉིད་གཟུང་བྱའི་མཚན་མ་མེད་པར་མཐོང་བས་ཁྱད་པར་དུ་བྱས་པ་ཉིད་དམིགས་པ་དང་། གཟུགས་སོགས་དེའི་དངོས་པོ་མེད་པ་ཉིད་ནི་སྐྱེ་བོ་མངོན་ཞེན་ཅན་གྱི་ངོར་སྣང་ཙམ་གྱི་ངོ་བོ་ཉིད་དོ་ཞེས་བྱ་བར་རྟོགས་པ་རྣམ་པ་དང་། བཟོད་པ་འབྲིང་ངུ་། གཟུགས་སོགས་དེ་དག་སྐྱེ་བ་འཁོར་བ་མེད་ཅིང་ངེས་འབྱུང་མྱང་འདས་ཀྱི་ངོ་བོར་བདེན་པ་མེད་པ་དམིགས་པ། ཆོས་རང་ངོས་སྟོང་པའི་སྟོང་པ་ཉིད་རྟོགས་པས་ལུས་ངག་ཡིད་གསུམ་དང་མཚན་དང་ཞིང་དག་པའི་རྒྱུ་བྱེད་དོ་ཞེས་རྟོགས་


MR04_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པ་དང་། བཟོད་པ་ཆེན་པོ། ཆོས་དེ་དག་ཐམས་ཅད་སྟོང་པར་རྟོགས་ནས་གཟུང་བྱའི་མཚན་མ་མེད་པར་མཐོང་བ་དམིགས་པ། གཟུགས་སོགས་དེ་ཡི་མཚན་མར་བློ་མི་རྟེན་པས། མོས་པ་ཡིད་བྱེད་ཀྱིས་མཚན་མར་མོས་པ་མིན་པ་དང་། མཚན་མ་ཡིད་བྱེད་ཀྱིས་འདུ་ཤེས་མེད་པ་རྣམ་པ་ཡིན་ནོ། །བཞི་པ་ཆོས་མཆོག་གི་ངོ་བོ་ནི། སོ་སོ་རང་གི་ཤེས་པས་བདེན་པ་རྣམས་ལ་དེ་མ་ཐག་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་སྟེ། མཐོང་ལམ་གྱི་སྔ་ལོགས་དེ་མ་ཐག་ཡིན་པས་དེ་དང་ཉེ་ཞིང་། འཇིག་རྟེན་པའི་ཆོས་ཀྱི་ནང་ན་མཆོག་ཏུ་གྱུར་པ་སྟེ། དེའི་རྗེས་ཐོགས་སུ་འཕགས་པའི་ས་མཐོང་ལམ་འབྱུང་བའི་ཕྱིར་རོ། །ཆོས་མཆོག་ཆུང་ངུ་ན། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་དང་ཐ་མི་དད་པའི་གཟུགས་སོགས་ཀྱི་ཆོས་ཉིད་དམིགས་པ། ཏིང་ངེ་འཛིན་དེ་ཡི་བྱེད་པ་གདུལ་བྱའི་འཇིག་རྟེན་ཀུན་ཏུ་ཕྲིན་ལས་ལྷུན་གྱིས་གྲུབ་པ་ཉིད་ཡོད་དོ་ཞེས་འབྲས་བུའི་རྣམ་པ་དང་། ཆོས་མཆོག་འབྲིང་དུ། ཆོས་མཆོག་ལ་གནས་པར་སངས་རྒྱས་རྣམས་ཀྱིས་ལུང་སྟོན་པར་མཛད་པ་ཆོས་ཉིད་ཡིན་པས་དེ་དང་རྗེས་སུ་མཐུན་པའི་


MR04_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ནི་དམིགས་པ། མཉམ་པར་འཇོག་པ་དང་། ལུང་སྟོན་པ་སོགས་ལ་རློམ་པ་ཟད་པ་ནི་རྣམ་པ་དང་། ཆོས་མཆོག་ཆེན་པོར། བསྒོམ་བྱ་ཡུལ་ཤེར་ཕྱིན་དང་། སྒོམ་ཏིང་ངེ་འཛིན་དང་། སྒོམ་པ་པོ་བྱང་སེམས་གསུམ་པོ་ཕན་ཚུན་སྟོང་པར་ངོ་བོ་གཅིག་པའི་རང་བཞིན་དམིགས་པ། ཡུལ་ཆོས་ཐམས་ཅད་ཡོད་པ་མིན་པས། ཡུལ་ཅན་ཏིང་ངེ་འཛིན་དུའང་རྣམ་པར་མི་རྟོག་པ་ནི་མཐོང་¸ལམ་བྱང་ཆུབ་སྒྲུབ་པའི་ཐབས་དམ་པར་གྱུར་པ་རྣམ་པ་སྟེ། དེ་དག་ཀྱང་བཟོད་འབྲིང་གི་སྐབས་སུ་རྒྱུ་ཡི་སྒོ་ནས་དང་། ཆོས་མཆོག་ཆུང་ངུའི་སྐབས་སུ་འབྲས་བུ་དང་། བཟོད་ཆུང་ངུ་བདེན་གཉིས་ངོ་བོ་ཉིད་ཀྱི་སྒོ་ནས་དང་། ལྷག་མ་གཞན་དགུ་ཆོས་ཉིད་ཀྱི་རྣམ་པའི་སྒོ་ནས་དམིགས་པ་ཡིན་པར་བཤད་ཀྱང་། དེ་ལ་སྦྱོར་ལམ་གྱི་དམིགས་རྣམ་འདི་དག་ལ་ངོ་བོའི་ཆ་ནས་དང་། ཁ་ཅིག་ཏུ་བྱེད་ལས། ཁ་ཅིག་ཏུ་འབྲས་བུ། ཁ་ཅིག་ཏུ་རྟེན་ཏིང་འཛིན་ལྟ་བུའི་སྒོ་ནས་བསྟན་ཀྱང་། དོན་དུ་དྲོད་ལ་སོགས་པའི་གནས་སྐབས་ཀུན་ཏུ་ཤེར་ཕྱིན་སྒོམ་པ་ནི། སྤྲོས་པ་མཐའ་དག་དང་བྲལ་བའི་དེ་བཞིན་ཉིད་ལ་དམིགས་ནས། འཛིན་


MR04_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སྟངས་ཀྱི་རྣམ་པའང་མཐའ་དང་སྤྲོས་པའི་རང་བཞིན་གང་ཡང་མེད་པ་ཡིན་པས་ན། དགག་བྱ་སྤྲོས་པ་གང་དང་གང་བཅད་པའི་ཆ་ནས་བརྗོད་ཀྱང་དེ་དང་དེ་ལྟར་ཡིན་པའི་གནད་མ་གོ་བར། རེས་འགའ་བའི་འཛིན་སྟངས་ཅན་དུ་སེམས་པས་ཤེར་ཕྱིན་གྱི་དགོངས་དོན་ཟབ་མོ་ཕྱོགས་ཙམ་ཡང་ཤེས་པར་དཀའ་བས་འདི་གལ་ཆེའོ། །གཉིས་པ་མཇུག་བསྡུ་བ་ནི། དེ་ལྟར་ངེས་པར་འབྱེད་པ་ཟག་མེད་མཐོང་ལམ་ཡིན་ལ། དེ་ཡི་ཆ་དང་མཐུན་པ་ཐམས་ཅད་དེ་ཡི་རྒྱུར་གྱུར་པ་ངེས་འབྱེད་ཡན་ལག་ནི། ཚོགས་ལམ་དུ་ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་ཕབ་ནས་སྒོམ་པས་གཟུང་བ་བདེན་མེད་ལ་གསལ་སྣང་དང་པོར་ཐོབ་པ་དང་། གསལ་སྣང་ལྷག་པར་གྱུར་པ་དྲོད་དང་རྩེ་མོ། འཛིན་པ་བདེན་མེད་ལ་གསལ་སྣང་དང་པོར་སྐྱེས་པ་བཟོད་པ་དང་། ལྷག་པར་གྱུར་པ་ཆོས་མཆོག་རྣམས་ནང་གསེས་ཆུང་དང་འབྲིང་དང་ཆེན་པོ་སྟེ་དབྱེ་བས་བཅུ་གཉིས་ཡིན་ནོ། །གཉིས་པ་ལྡན་ཆོས་རྟོག་པ་ལ། གཟུང་རྟོག་དང་འཛིན་རྟོག་གཉིས། དང་པོ། དེའང་སྤྱིར་བསྡུ་ན་བཞི་སྟེ། ཀུན་བྱང་གཉིས་ལ་འཛིན་པ་པོའམ་


MR04_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་པ་པོ་གང་ཟག་རྫས་ཡོད་ཀྱིས་ལོངས་སྤྱོད་སྙམ་པའི་རྟོག་པ་གཉིས་དང་། རྫས་སུ་མེད་ཀྱང་བཏགས་པའི་སྐྱེས་བུ་ཙམ་ལོངས་སྤྱོད་པ་པོར་འཛིན་པ་གཉིས་ཏེ་བཞིར་འདུ་ལ་དབྱེ་ན། གཞི་ཀུན་ནས་ཉོན་མོངས་པ་དང་། དེ་ཡི་གཉེན་པོ་ཡིས་རྣམ་བྱང་ཕྱོགས་ཀྱི་གཟུང་བར་རྟོག་པ་ཞེས་ལོངས་སྤྱད་བྱར་རྟོག་པ་རྣམ་པ་གཉིས། དེ་ལའང་རྨོངས་པ་སོགས་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་དགུ་དང་། རྣམ་བྱང་གི་ཕུང་པོ་སོགས་བྱེ་བྲག་གིས་རྟོག་པ་དེ་ནི་སོ་སོར་ཡང་རྣམ་པ་དགུ་རེ་ཡོད་དེ། དེ་ཡང་ཀུན་ཉོན་གྱི་ཕྱོགས་ལ། རྒྱུ་འབྲས་དང་དེ་ཉིད་ལ་རྨོངས་པ་དངོས་པོའི་རང་བཞིན་དང་མི་མཐུན་པར་ཕྱིན་ཅི་ལོག་ཏུ་འཛིན་ཅིང་ཡང་དག་པའི་དོན་ལ་སྒྲིབ་པར་བྱེད་པའི་ཀུན་རྟོག་མ་རིག་པ་དང་། ༡ དེས་ཀུན་ནས་བསླངས་པའི་ལས་ཀྱིས་བསྐྱེད་པ་ཟག་བཅས་ཀྱི་ཕུང་པོ་ལྔ་དང་། ༢ དེ་ལ་དམིགས་ནས་བདག་དང་བདག་གིར་ལྟ་ཞིང་དེའི་དབང་གིས་རྩ་ཉོན་དང་ཉེ་ཉོན་རྒྱས་པར་འགྱུར་བ་འཇིག་ལྟ་དང་། ༣ དེའི་ཞེན་ཡུལ་ལ་རྟག་ཆད་དུ་ལྟ་བའི་མཐར་ལྟ་དང་། ༤ དེའི་དབང་གིས་ཀུན་བྱང་གི་སྐྱོན་ཡོན་མི་ཤེས་པ་མ་དད་པ་དང་། ༥


MR04_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མ་ཤེས་པས་སྦྱིན་པ་ནས་མ་འདྲེས་པའི་བར་གྱི་འཕགས་ལམ་ལ་མི་གནས་པ་ལེ་ལོ་དང་། ༦ ལམ་གོལ་བ་དེས་སྡུག་བསྔལ་བའི་ཆོས་ཀུན་ལ་ཕྱིན་ཅི་ལོག་ཏུ་དམིགས་པ་ཆོར་བ་གསུམ་དང་། ༧ དེས་བདག་གཞན་དུ་འཛིན་པས་ཆགས་ཤིང་སྡང་བ་རྟོག་པ་དང་། ༨ ཟག་བཅས་དགེ་བའི་ལས་གནས་སྐབས་མཐོ་རིས་དང་། དེ་ཉིད་ཀྱང་སྐྱོ་བའི་རྒྱུ་ཡིན་པས་རྣམ་པར་དག་པ་མྱང་འདས་བརྒྱུད་ནས་བསྐྱེད་པའི་སྡུག་བསྔལ་ཏེ། ༩ དེ་ལྟར་ཀུན་ཉོན་སྤང་བྱའམ་དོར་བྱར་ཞེན་པས་དེ་དང་དེར་གཟུང་བའི་གཟུང་རྟོག་དགུའོ། །རྣམ་བྱང་ཕྱོགས་ཀྱི་གཟུང་རྟོག་ལ་ངོ་བོ་ཟག་མེད་ཀྱི་ཕུང་པོ། ༡ རྐྱེན་རྣམ་བྱང་གི་ཕྱོགས་གཏོགས་སམ་སྐྱེ་སྒོ་སྐྱེ་མཆེད། ༢ རྣམ་བྱང་གི་རྒྱུ་ས་བོན་རིགས་ཏེ་མདོ་ལས་ཁམས་བཅོ་བརྒྱད་ལས་རིགས་བཞག་པ་དང་། ༣ རྣམ་བྱང་གི་བསྐྱེད་ཚུལ་རྟེན་འབྲེལ་ལུགས་འབྱུང་ལྡོག་གམ། ༤ སྐྱེ་བའི་དོན་གྱི་རྣམ་པར་རྟོག་པ་དང་། དེ་བཞི་པོ་ཇི་སྙེད་པ་དང་། ཇི་ལྟ་བའོ། །གཞིའི་རྣམ་བྱང་སྤྲོས་བྲལ་སྟོང་ཉིད་བཅོ་བརྒྱད་དང་། ༥ ལམ་གྱི་རྣམ་བྱང་ངམ་སྤྱོད་པ་ཕར་ཕྱིན་དྲུག་དང་། ༦ ལམ་གྱི་རྣམ་བྱང་ཁྱད་པར་བ་ནི་མཐོང་ལམ་སྟེ་མདོ་ལས་བྱང་


MR04_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་ཆོས་ཀྱིས་བསྟན་པ་དང་། ༧ བསམ་གཏན་མངོན་ཤེས་སོགས་ཀྱིས་བསྟན་པ་སྒོམ་ལམ་དང་། ༨ འབྲས་བུ་རྣམ་བྱང་སྟོབས་བཅུ་སོགས་ཀྱིས་བསྟན་པ་མི་སློབ་ལམ་སྟེ་རྣམ་༩ བྱང་ལ་བླང་བྱའོ་སྙམ་དུ་ཞེན་པས་དེ་དང་དེར་གཟུང་བའི་གཟུང་རྟོག་དགུའོ། །གཉིས་པ་འཛིན་རྟོག་ནི། འཛིན་ཡུལ་གང་ཟག་གི་བདག་རྫས་སུ་གྲུབ་པ་དང་། བཏགས་པའི་རྟེན་ཅན་གྱིས། ལོངས་སྤྱོད་པ་པོར་འཛིན་པའི་རྟོག་པའང་རྣམ་པ་གཉིས་སུ་འདོད་དེ། དེ་ལའང་། རང་དབང་ཅན་གྱི་བདག་ཏུ་འཛིན་པ་སོགས་ཀྱི་ངོ་བོ་ཅན་དུ་འཛིན་སྟངས་ཀྱི་ཡུལ་དུ་བྱེད་ཚུལ་ལས་དང་། ཕུང་སོགས་ཀུན་བྱང་གི་ཆོས་ཀྱི་གདགས་གཞི་ལ་བརྟེན་ནས་བཏགས་པའི་རྟེན་ཅན་གྱི་དབྱེ་བ་ལས་བཤད་མ་ཐག་པ་དེ་བཞིན་ནང་གསེས་དགུ་རེ་ཡིན་ནོ། །གང་ཟག་རྫས་ཡོད་ལ། མདོར། བདག་ཉེ་བར་མ་དམིགས་སོགས་དང་། གཟུགས་ཉེ་བར་མི་དམིགས་སོགས་དང་། མིག་མ་དམིགས་སོགས་མདོ་ཚན་དགུས་བསྟན་དོན་ལྟར། བདག་གཞན་ལ་མ་ལྟོས་པའི་རང་དབང་ཅན་དུ་འཛིན་པ་སྤྱི་དང་། ༡ དེ་ཕུང་པོ་ལས་བདག་ཟླ་མེད་པའི་གཅིག་


MR04_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པུར་འཛིན་པ་དང་། ༢ བདག་རྣམ་ཤེས་ཀྱི་གོ་འབྱེད་པའམ་སྐྱེ་མཆེད་དང་ཁམས་ཀྱི་རྒྱུར་འཛིན་པ་དང་། ༣ བདག་ལྟ་བ་པོ་ནས་ཤེས་པ་པོའི་བར་དུ་འཛིན་པ་དང་། ༤ བདག་འཁོར་བར་ཀུན་ནས་ཉོན་མོངས་པའི་རྟེན་དུ་འཛིན་པ་དང་། ༥ བདག་འཇིག་རྟེན་པའི་ལམ་བསམ་གཟུགས་ཀྱིས་ལམ་འོག་ས་ལས་འདོད་ཆགས་དང་བྲལ་བའི་རྟེན་དུ་འཛིན་པ་དང་། ༦ བདག་བདེན་བཞིའི་མཚན་ཉིད་མངོན་སུམ་ཤེས་པ་མཐོང་ལམ་གྱི་རྟེན་དུ་འཛིན་པ་དང་། ༧ བདག་རྣམ་ཐར་དང་མཐར་གནས་རྣམས་ཀྱི་ངོ་བོར་གྱུར་པའི་ཟག་མེད་སྒོམ་ལམ་གྱི་རྟེན་དང་། ༨ མི་སློབ་པའི་ལམ་གྱི་རྟེན་བདག་རང་དབང་དུ་འཛིན་པ་དང་དགུའོ། ༩ །བཏགས་འཛིན་ལ། མདོར། རབ་འབྱོར་གཟུགས་ཀྱང་གཞན་ལ་སྒྱུ་མའང་གཞན་ནམ་སོགས་མདོ་ཚན་དགུ་གསུངས་པ་ལྟར། ཕུང་པོ་ལྔ་ལ་སྐྱེས་བུ་བཏགས་པར་འཛིན་པ་དང་། ༡ མིག་སོགས་སྐྱེ་མཆེད་བཅུ་གཉིས་དང་། ༢ ཁམས་བཅོ་བརྒྱད་དང་གསུམ་ནི་སེམས་ཅན་སྤྱི་ཡི་གདགས་གཞི་དང་། ༣ རྟེན་འབྲེལ་བཅུ་གཉིས་ལ་སོ་སྐྱེའི་གདགས་གཞི་དང་། ༤ འཕགས་པ་ཙམ་གྱི་གདགས་གཞི་རྣམ་པར་བྱང་བའི་


MR04_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སུམ་ཅུ་རྩ་བདུན་དང་། ༥ འཕགས་པ་སློབ་པ་དམན་འབྲིང་མཆོག་གསུམ་གྱི་གདགས་གཞི་མཐོང་ལམ་དང་། ༦ སྒོམ་ལམ་དང་། ༧ ཁྱད་པར་ལམ་དང་། ༨ འཕགས་པ་དགྲ་བཅོམ་པའི་གདགས་གཞི་མི་སློབ་པའི་ལམ་ལ་དགྲ་བཅོམ་པར་བཏགས་པར་འཛིན་པ་སྟེ་དགུའོ། །༩ དེ་ལྟར་སྤང་བླང་དགག་སྒྲུབ་ཀྱི་རྟོག་པ་སོ་དྲུག་པོ་འདི་དག་བདེན་གྲུབ་ཏུ་འཛིན་པ་ནི་རྗེས་ཐོབ་ངེས་པའི་ངོར་ཡང་ལྡོག་ལ། བཏགས་པ་ཙམ་དུའང་ཞེན་པའི་མཚན་མར་འཛིན་པ་ནི་མཉམ་བཞག་གི་སྟོབས་ཀྱིས་ལྡོག་པས་ན། སྦྱོར་ལམ་གྱི་རྟོགས་པས་སྤང་བྱ་དེ་དག་མངོན་གྱུར་ཉམས་སྨད་པར་བྱེད་པ་ཡིན་ནོ། །གསུམ་པ་ཡོངས་འཛིན་ནི། དམིགས་རྣམ་རྒྱུ་གསུམ་ལྡན་ཆོས་རྟོག་པས་ཁྱད་པར་དུ་བྱས་པའི་སྦྱོར་ལམ་སྐྱེ་བ་ཡོངས་འཛིན་ལ་རག་ལས་པས། ཁྱད་པར་གསུམ་ལྡན་གྱི་ཡོངས་འཛིན་དགེ་བའི་བཤེས་གཉེན་ནི་ཐབས་ལ་མཁས་པའི་ཁྱད་པར་ཤེར་ཕྱིན་སྟོང་ཉིད་ཟབ་མོ་འཇིགས་གནས་མིན་པ་ལ་འཇིགས་པས་དངངས་པའི་གཉེན་པོར་གདུལ་བྱའི་སེམས་སྟོང་ཉིད་ལ་མི་འགོད་པའི་སྐྲག་པ་མེད་པ་དང་།


MR04_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དུ་འཇིགས་པའི་གཉེན་པོར་མི་སྐྲག་པ་དང་། སྐྲག་པ་དེ་ཉིད་ཀུན་ཏུ་ངེས་པའི་གཉེན་པོར་ཀུན་ཏུ་མི་སྐྲག་པ་ཉིད་ལ་སོགས་པ་དང་། དེ་ལྟར་བྱེད་པའི་ཐབས་མཁས་དང་ཆོས་སྟོན་པའི་ཁྱད་པར་ནི། གདུལ་བྱའི་བསམ་པ་ལྟར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་སོགས་ཀྱིས། ཕར་ཕྱིན་དྲུག་དང་། སེམས་བསྐྱེད་བསྔོ་བ་རྣམས་རང་རྒྱུད་ལ་སྟོན་པར་བྱེད་པ་དང་། འགལ་རྐྱེན་སྤངས་པའི་ཁྱད་པར། ཡེ་ཤེས་དེ་ཡི་མི་མཐུན་ཕྱོགས་ཐེག་ཆེན་སྤོང་དུ་འཇུག་པའི་བདུད་སྡིག་གྲོགས་དང་། སེར་སྣ་སོགས་ཕྱིན་དྲུག་གི་མི་མཐུན་ཕྱོགས་དང་། དམན་ལམ་ཡིད་བྱེད་སོགས་བོར་བ་རྣམ་པ་ཀུན་ཏུ་བྱང་སེམས་སྦྱོར་ལམ་པའི་ཕྱི་ཡི་ཡོངས་འཛིན་ཡིན་ནོ། །ཉན་རང་དང་བྱང་སེམས་ཡོངས་འཛིན་སངས་རྒྱས་སུ་གཅིག་ཀྱང་། སེམས་བསྐྱེད་དང་། ཆོས་ཐམས་ཅད་སྟོང་ཉིད་དུ་རྟོགས་པའི་ཤེས་རབ་དང་། བསྔོ་བ་གསུམ་ཐེག་ཆེན་སྦྱོར་ལམ་པ་ལ་བསྐྱེད་ཅིང་། ཉན་རང་དེ་ལྟར་མི་འཛིན་པ་ནི། སངས་རྒྱས་ལ་ཉེ་རིང་མེད་ཀྱང་། གདུལ་བྱ་རང་རྒྱུད་ཀྱི་ཁྱད་པར་ཡིན་ནོ། །ནང་གི་ཡོངས་འཛིན་ནི། རྣམ་མཁྱེན་ཡིད་བྱེད་ཀྱིས་ཐབས་སྙིང་


MR04_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོ་དང་སྦྱིན་སོགས་ཕྱིན་དྲུག་དང་། ཤེས་རབ་ཀྱི་ཕུང་པོ་སོགས་ཆོས་ཐམས་ཅད་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་དུ་མི་དམིགས་པ་སྟེ། ཐབས་ཤེས་ཁྱད་པར་ཅན་ནོ། །བཞི་པ་གདམས་དོན་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་ལ། སྒྲུབ་པའི་རྟེན། དམིགས་པ། ཆེད་དུ་བྱ་བ། སྒྲུབ་པ་རང་གི་ངོ་བོ་བཞི་ལས། དང་པོ་ལ་རིགས་ཀྱི་དབྱེ་བ་དང་། དབྱེ་བ་ལ་རྩོད་སྤང་གཉིས། དང་པོ་ནི། ཐེག་དམན་གྱི་ལུགས་ལ། སེམས་བྱུང་མ་ཆགས་པ་སྟེ་ཆོས་གོས་དང་། ༡ བསོད་སྙོམས་དང་། ༢ གནས་མལ་ ༣ ངན་ངོན་ཙམ་གྱིས་ཆོག་ཤེས་པའི་འཕགས་རིགས་དང་། སྤོང་བ་དང་སྒོམ་པ་ལ་དགའ་བའི་རིགས་བཞི། ༤ ཐེག་ཆེན་གྱི་རིགས་ལ་འདུས་བྱས་ཀྱི་སེམས་ཟག་མེད་དུ་གནས་འགྱུར་རུང་ལ་ངོས་འཛིན་པ་སེམས་ཙམ་ལུགས། སེམས་ཀྱི་རང་བཞིན་ནམ་ཆོས་ཉིད་རྣམ་དག་ཙམ་ལ་བྱེད་པ་དབུ་མ་ལུགས་དང་། གོང་མ་གཉིས་བསྡོམས་པ་དང་གསལ་སྟོང་ཟུང་འཇུག་ལ་བྱེད་པ་སོགས་མང་ཡང་འདིར་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཡིན་པས་ཐེག་གསུམ་འགྲུབ་རུང་གི་སྟོང་པ་ཙམ་དེ་ལ་དམིགས་ནས་བསྒོམས་ན་འཕགས་ལམ་སྐྱེ་བའི་


MR04_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རིགས། དེ་ཡང་ཚོགས་ལམ་དང་ལམ་ལ་མ་ཞུགས་པ་ནས་ཡོད་ཀྱང་ཉེས་དམིགས་དང་བྲལ་བའི་རིགས་ཁྱད་པར་བའི་དབང་དུ་བྱས་ཏེ། སྦྱོར་ལམ་ནས་ས་བཅུ་པའི་བར་གྱི་རྟེན་གྱི་གང་ཟག་གི་སེམས་ཀྱི་ཆོས་ཉིད་ལ་དབྱེ་བ་བཅུ་གསུམ་གསུངས་སོ། །རྟེན་ཆོས་སྒྲུབ་པ་བཅུ་གསུམ་གྱི་ནུས་པ་ཐ་དད་པའི་དབྱེ་བར་བཤད་པའང་ཡོད་དོ། །རིགས་ཀྱི་མདོ་ནི། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་བྱ་ཡི་རྗེས་མེད་ཅིང་མི་དམིགས་སོ། །རབ་འབྱོར་དེ་བཞིན་བྱང་སེམས་ཀྱི་ཚིག་གི་དོན་མེད་ཅིང་མི་དམིགས་སོ། །ཞེས་སོགས་སོ་སོའི་མདོ་བཅུ་གསུམ་མོ། །རྟེན་ཆོས་སྒྲུབ་པ་བཅུ་གསུམ་གྱི་དང་པོར། རྟོགས་པ་ཡི་ནི་ཆོས་ལ། དྲོད་སོགས་ངེས་འབྱེད་ཆ་མཐུན་སྦྱོར་ལམ་བཞི། ༥ འདས་ལམ་མཐོང་བ་དང་སྒོམ་པའི་ལམ་སྟེ་དྲུག་དང་། ༦ སྤང་བྱ་སྤང་བཞིན་པའི་གཉེན་པོ་བར་ཆད་མེད་ལམ་དང་ནི། ༧ མི་མཐུན་ཕྱོགས་ཉོན་སྒྲིབ་མ་ལུས་པར་སྤོང་བ་རྣམ་གྲོལ་ལམ་དང་། ༨ སྤང་གཉེན་དེ་དག་ཡོངས་སུ་གཏུགས་པ་སྟེ་སྡོམ་པ་ཟད་པ་ཤེས་སྒྲིབ་སྤོང་བའི་སྒྲུབ་པ་དང་། ༩ སྲིད་ཞིའི་མཐའ་འགོག་པའི་ཤེས་རབ་སྙིང་བརྩེར་བཅས་པ་ས་


MR04_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པའི་རྣམ་གྲོལ་ལམ་གྱི་རྟེན་དང་། ༡༠ སློབ་མ་ཉན་ཐོས་དང་། རང་སངས་རྒྱས་དང་ཐུན་མོང་མིན་པའི་ཡེ་ཤེས་སོ་སོ་ཡང་དག་རིག་བཞི་ས་དགུ་པ་ཉིད་དང་། ༡༡ དགོངས་ལྡེམ་དགོངས་ཀྱི་སྒོ་ནས་གདུལ་བྱ་གཞན་གྱི་བསམ་པ་དང་མཚུངས་པར་དོན་གྱི་གོ་རིམ་བཞིན་སྒྲུབ་པ་དང་། ༡༢ དེ་ཡང་འདི་དག་གི་དགོངས་པ་ཚུལ་བཞིན་དུ་མ་ཤེས་ནས། སྒྲ་ཇི་ལྟ་བ་བཞིན་དུ་བཟུང་ན་ངེས་དོན་མི་རྟོགས་ཤིང་། དགོངས་པ་ཅན་དྲང་དོན་དང་། ཚིག་གི་དོན་བཞིན་ཕྱིན་ཅི་ལོག་ཏུ་འགྱུར་བས་ན་དེ་ཤན་འབྱེད་པ་གལ་ཆེ་ཕྱིར། ལྡེམས་དགོངས་བཞི་ནི། གང་ཟག་ལ་གཞུགས་པ་ལྡེམ་པོར་དགོངས་པ་དང་། ཆོས་ཀྱི་མཚན་ཉིད་ལ་དང་། གདུལ་བྱའི་རྒྱུད་ཀྱི་ཉེས་པ་འདུལ་བ་གཉེན་པོ་ལ་དང་། ཚིག་དང་ཡི་གེས་བསྟན་དོན་འཇིག་རྟེན་གྲགས་ཚོད་ལས་དོན་གཞན་དུ་བསྒྱུར་བ་ལ་ལྡེམ་པོར་དགོངས་པ་བཞི་རིམ་པར། ཆོས་བདག་མེད་ལ་འཇུག་མི་ནུས་པའི་ཉན་ཐོས་རྣམས་ཐར་ལམ་ལ་གཞུག་པ་ལ་དགོངས་ནས་གང་ཟག་གི་བདག་མེད་ཀྱི་ཕུང་སོགས་ཆོས་ཡོད་པར་བསྟན་པ་དང་། ངོ་བོ་ཉིད་མེད་པ་དང་སྐྱེ་བ་མེད་ལ་སོགས་པར་གསུངས་པ་ནི་ཐ་སྙད་དུ་ཡོད་


MR04_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་རྣམས་གཏན་མེད་དང་སྐྱེ་འགག་ལྟར་སྣང་བ་མེད་ཅེས་གསུངས་པ་མ་ཡིན་གྱི་དོན་དམ་པའི་མཚན་ཉིད་དམ་ངོ་བོ་ཉིད་ལ་ལྡེམ་པོར་དགོངས་པ་སྟེ། དཔེར་ན་ངོ་བོ་ཉིད་གསུམ་མེད་པར་བསྟན་པ་ལྟ་བུའོ། །གང་ཟག་གི་རྒྱུད་ཀྱི་ཉེས་པ་འདུལ་བའི་ཕྱིར། ང་སྔོན་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ་ཞེས་པ་ལ་སོགས་པ་ལྟ་བུའོ། །སྒྲ་ཇི་བཞིན་མ་ཡིན་པའི་བརྗོད་པ་ཉིད་ལ་དགོངས་པ་ཅན་ཏེ། ཇི་སྐད་དུ། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་རབ་ཏུ་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལ་སོགས་པ་ལྟ་བུ་སྟེ། ཚིག་འདི་སྒྲ་ཇི་བཞིན་དུ་བཟུང་ན་བྱང་ཆུབ་མི་ཐོབ་པའི་རྒྱུ་བསྟན་པ་ལྟར་གནས་ཀྱང་། དོན་དུ་རྣམ་གཡེང་སྙིང་པོ་མེད་པ་ལྷག་པ་སེམས་ཀྱི་བསླབ་པ་ལ་སྙིང་པོར་རྟོགས་པའམ་ཤེས་པ་དང་། གཙང་བདེ་རྟག་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་བཞི་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་མི་གཙང་སྡུག་བསྔལ་མི་རྟག་བདག་མེད་པ་ཤེས་པའི་ལྷག་པ་ཤེས་རབ་ཀྱི་བསླབ་པ་ལ་རབ་ཏུ་གནས་པ་དང་། སེམས་ཅན་གྱི་དོན་དུ་ཡུན་རིང་པོར་བརྩོན་པས་དཀའ་


MR04_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་ཀྱི་ཉོན་མོངས་པས་ནི་རབ་ཏུ་ཉོན་མོངས་པར་བྱས་ན་བྱང་ཆུབ་དམ་པ་ཐོབ་ཅེས་པ་ལྟ་བུའོ། །དགོངས་པ་བཞི་ནི། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་མཉམ་པ་ཉིད་ལ་དགོངས་ནས་ང་ཉིད་དེ་ཚེ་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ་ཞེས་པ་ལྟ་བུ་དང་། དོན་དམ་པའི་དོན་གཞན་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་མ་སྐྱེས་མ་འགགས་གཟོད་ནས་ཞི་བ་རང་བཞིན་གྱིས་མྱ་ངན་ལས་འདས་པར་གསུངས་པ་དང་། དུས་གཞན་ལ་དགོངས་པ། ལེ་ལོ་ཅན་དགེ་བ་ཅུང་ཟད་ཀྱང་བསྐྱེད་མི་ནུས་པ་ལ་དེ་བཞིན་གཤེགས་པ་དྲི་མ་མེད་པ་ཟླ་བའི་མཚན་བཟུང་བ་ཙམ་གྱི་བླ་མེད་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་སོགས་གསུངས་པ་ལྟ་བུའོ། །གང་ཟག་གི་བསམ་པ་ལ་དགོངས་པ་སྦྱིན་སོགས་རྒྱ་ཆེར་བྱེད་མི་ནུས་པ་ལ་སྦྱིན་པ་བསྔགས་པ་དང་། སྦྱིན་སོགས་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ལ་སྦྱིན་སོགས་སྨད་པའམ། ཆེས་ངོ་མཚར་མེད་ཚུལ་བསྟན་པ་ལ་སོགས་པ་ལྟ་བུའོ། །ས་བཅུ་པར་གཞན་དོན་ལ་ཡེ་ཤེས་རྩོལ་བ་མི་མངའ་བར་ལྷུན་གྲུབ་ཏུ་འཇུག་པའི་ཡེ་ཤེས་དང་༡༣བཅུ་གསུམ་པོ་དེ་དག་གི་


MR04_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་བྱེད་པའི་ཆོས་དབྱིངས་དེ་བཞིན་ཉིད་ལ་རིགས་སུ་འཇོག་པར་ཤེས་པར་བྱའོ། །མདོར་ན་དྲོད་ནས་ཡེ་ཤེས་རྩོལ་བ་མི་མངའ་བའི་བར་དུ་ཆོས་དབྱིངས་དེ་བཞིན་ཉིད་ལ་དམིགས་པའི་སྒོ་ནས། དངོས་ཞེན་གྱི་ཆགས་པ་རིམ་བཞིན་གཅོད་ཅིང་། མཐར་ཤེས་བྱ་ཀུན་ལ་ཆགས་པ་དྲུང་ནས་ཟད་པ་སངས་རྒྱས་ཀྱི་སར་འཕེན་པའང་རྟེན་ཆོས་དབྱིངས་ཉིད་རང་བཞིན་གྱིས་གནས་པའི་རིགས་ལས་ཡིན་ཏེ། དེ་བཞིན་ཉིད་གནས་ལུགས་སུ་ཡེ་ནས་ཡོད་པ་ཡིན་པ་དང་། དེ་ལ་¸དམིགས་ནས་སྒྲིབ་པ་སྤོང་བར་གྲུབ་པའི་ཕྱིར་རོ། །གཉིས་པ་ལ། རྩོད་པ་དང་། ལན་གཉིས། དང་པོ། ཆོས་དབྱིངས་རིགས་སུ་བཞག་པ་དེ་ལྟར་ན། ཆོས་ཀྱི་དབྱིངས་ལ་རྣམ་པ་ཐམས་ཅད་དུ་དབྱེར་མེད་པའི་ཕྱིར་ན་ཐེག་པ་གསུམ་གྱི་རིགས་ནི་གསུམ་པོ་ཐ་དད་རུང་བ་མ་ཡིན་ཞེ་ན། གཉིས་པ་ལན། དཔེར་ན་བུམ་པ་གཅིག་ཡིན་ཀྱང་བཅུད་སྦྲང་རྩི་དང་ལི་ཁ་ར་སོགས་ཀྱིས་བུམ་པའི་དབྱེ་བར་བརྗོད་པ་ལྟར་དེ་ནི་ཆོས་དབྱིངས་ཀྱི་ངོས་ནས་གསུམ་དུ་བཞག་པ་མ་ཡིན་ཀྱང་། ཆོས་དབྱིངས་དེ་ལ་བརྟེན་པའི་བློས་དབྱིངས་དམིགས་པའམ་རྟོགས་ཚུལ་


MR04_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདྲ་བའི་ཆོས་ཀྱི་བྱེ་བྲག་གིས། རིགས་དེ་ཡི་དབྱེ་བ་ཡོངས་སུ་བརྗོད་པ་ཡིན་པས་སོ། །གཉིས་པ་དམིགས་པ་ནི། སྤྱིར་སྤང་བླང་བཏང་སྙོམས་སུ་བཞག་པའི་ཆོས་ཀུན་དང་། ཁྱད་པར་འདས་མ་འདས་སོགས་ཀྱིས་རབ་ཏུ་འབྱེད་ཅིང་ཐེག་ཆེན་གྱི་ལམ་འབྲས་ལ་གཙོ་བོར་དམིགས་དགོས་པའི་ཕྱིར། ཐེག་ཆེན་སྒྲུབ་པའི་དམིགས་པ་ཤེས་བྱའི་ཆོས་རྣམས་ཐམས་ཅད་དེ་ཆོས་ཀུན་ལ་སྒྲོ་འདོགས་ཆོད་དགོས་པའི་ཕྱིར། དེ་ཡང་དད་སོགས་ངོ་བོ་ཉིད་དགེ་དང་། མཚུངས་ལྡན་གྱི་སེམས་སེམས་བྱུང་འབྲེལ་དགེ་དང་། ཀུན་ནས་བསླངས་པའི་ལུས་ངག་གི་ལས་དགེ་བ་སོགས་དང་། འཇིག་མཐར་གཉིས་དང་ལྷན་ཅིག་པའི་མ་རིག་པ་དང་གསུམ་ལས་གཞན་པའི་རྩ་ཉོན་དང་ཉེ་ཉོན་རྣམས་ངོ་བོ་ཉིད་ཀྱི་མི་དགེ་བ་དང་། མཚུངས་ལྡན་གྱི་སེམས་སེམས་བྱུང་འབྲེལ་བའི་མི་དགེ་བ་དང་། ཀུན་ནས་བསླངས་པའི་སྲོག་གཅོད་སོགས་ལས་ཀྱི་མི་དགེ་བ་སོགས་དང་། དེ་ལས་གཞན་བཟོ་དང་འགྲོ་འཆག་དུས་ཀྱི་སེམས་ལྟ་བུ་ངོ་བོ་ཉིད་དང་མཚུངས་ལྡན་དང་ཀུན་སློང་གི་ལུང་མ་བསྟན་ལ་སོགས་པ་ཡིན་ཞེས་བླང་ ༡ དོར་ ༢ བཏང་ ༣ སྙོམས་


MR04_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམིགས་པ་སྤྱི་དང་། བྱེ་བྲག་དང་པོར་བླང་བྱ་འཇིག་རྟེན་པ་སྟེ་སོ་སྐྱེ་ཡི་རྒྱུད་ཀྱི་ཟག་བཅས་ཀྱི་བསམ་གཏན་སོགས་རྟོགས་པ་དང་། ༤ གང་དག་ཕྱིས་བླང་བྱ་འཇིག་རྟེན་ལས་འདས་པར་འདོད་པ་འཕགས་པའི་སྐྱེ་བོའི་རྒྱུད་ཀྱིས་བསྡུས་པ་རྣམ་ཐར་གསུམ་སོགས་ཀྱི་ཁྱད་པར་དང་། ༥ ལམ་དེ་དག་གིས་སྤངས་གཉེན་ཇི་ལྟར་བྱེད་ན་ཟག་བཅས་ཕུང་༦ལྔ་སོགས་དང་། ཟག་པ་མེད་པའི་ཆོས་དྲན་པ་ཉེ་བར་བཞག་པ་ ༧ བཞི་སོགས་ཏེ་དེ་གཉིས་བདག་ལྟའི་གཉེན་པོ་བྱེད་མི་བྱེད་ཀྱིས་བཞག་པ་དང་། གང་དག་འདུས་བྱས་ཀུན་རྫོབ་དང་། ༨ འདུས་མ་བྱས་དོན་དམ་པའི་བདེན་པ་ལ་དམིགས་པ་དང་། ༩ འབྲས་བུ་སློབ་མ་ཉན་ཐོས་དང་ཐུན་མོང་པའི་བསམ་གཏན་བཞི་སོགས་ཆོས་རྣམས་དང་། ༡༠ གང་དག་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་སྟོབས་བཅུ་སོགས་ཐུན་མོང་༡༠ མིན་པ་རྣམས་སོ། །དེ་ལ་དང་པོ་གསུམ་དང་། དེ་ལས་དགེ་བ་བཟུང་སྟེ་ཟུང་བཞི་ཡ་བརྒྱད་དུ་དམིགས་པ་བཅུ་གཅིག་གོ །དོན་དུ་དེ་ལྟར་སྤྱི་དང་བྱེ་བྲག་བྱས་ནས་ཐུན་མིན་ཐུབ་པའི་ཡེ་ཤེས་ནི་ཤེས་བྱའི་ཆོས་ཀུན་གྱི་ནང་ན་དམ་པ་བླ་ན་མེད་པར་


MR04_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནས་དེ་སྒྲུབ་པའི་ཚུལ་ལ་དམིགས་པ་ཡིན་ནོ། །གསུམ་པ་ཆེད་དུ་བྱ་བ་ནི། ཚད་མེད་པའི་སྡེ་དང་རིས་ཆེན་པོའི་སེམས་ཅན་ཀུན་གྱི་མཆོག་ཉིད་དུ་གྱུར་པའི་སེམས་ཆེན་པོ་སྟེ་དམིགས་པ་མེད་པའི་ཐུགས་རྗེ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་སྤོང་བ་ཆེན་པོ་དང་། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་མངོན་སུམ་སྒྲིབ་མེད་དུ་གཟིགས་པའི་རྟོགས་པ་ཆེན་པོ་དང་གསུམ་པོ་ལ་ཆེན་པོ་གསུམ་གྱི་བདག་ཉིད་ཅན་གྱི་རང་འབྱུང་བྱང་སེམས་དག་གི་ཆེད་དུ་བྱ་བ་འདི་ཡིན་པར་ཤེས་པར་བྱའོ། །བཞི་པ་སྒྲུབ་པ་རང་གི་ངོ་བོ་ལ་བཞི། བསམ་པས་གོ་བགོས་པའི་སྒྲུབ་པ་གོ་སྒྲུབ། སྦྱོར་བས་དངོས་སུ་ཞུགས་པ་འཇུག་སྒྲུབ། ཞུགས་པ་མཐར་བྱེད་ཚོགས་སྒྲུབ། མཐར་ཕྱིན་པའི་ངེས་འབྱུང་སྒྲུབ་པའོ། །དང་པོ། རང་གི་བདོག་པའི་དངོས་པོ་ལ་མ་ཆགས་པར་དེ་གཞན་ལ་གཏོང་བ་སྦྱིན་པ། བླང་དོར་གྱི་གནས་ལ་འཇུག་ལྡོག་ཚུལ་བཞིན་བྱེད་པ་ལས་མི་འདའ་བ་ཚུལ་ཁྲིམས། ཅིས་ཀྱང་མི་འཁྲུགས་པའི་སྒོ་ནས་བྱ་དཀའ་དང་དུ་ལེན་པ་ལ་བཟོད་པ་བཟོད་པ། །


MR04_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བའི་གནས་ལ་སྤྲོ་བའི་སྒོ་ནས་ནན་ཏན་གྱིས་འཇུག་པ་བརྩོན་འགྲུས། དམིགས་པ་ལ་སེམས་རྩེ་གཅིག་ཏུ་གནས་པ་བསམ་གཏན། ཆོས་རབ་ཏུ་རྣམ་པར་འབྱེད་པ་ཤེས་རབ་རྣམས་མི་མཐུན་ཕྱོགས་སེར་སྣ་སོགས་སྤང་བ། གྲོགས་མི་རྟོག་ཡེ་ཤེས་ཀྱིས་ཟིན་པ། ཐབས་དེས་ཡུལ་སེམས་ཅན་གྱི་འདོད་པ་ཡོངས་སུ་རྫོགས་པ། དེའི་སྒོ་ནས་སེམས་ཅན་སྨིན་པར་བྱེད་པ་ཐེག་ཆེན་གྱི་ལམ་མོ། །དེ་སྒྲུབ་པ་རྒྱ་ཆེ་བ་སྦྱིན་སོགས་གོ་སྒྲུབ་དེ་དག་སོ་སོར་རེ་རེ་ཞིང་སྦྱིན་པའི་སྦྱིན་པ་ལ་སོགས་པ་ཕར་ཕྱིན་རྣམ་པ་དྲུག་དྲུག་ཏུ་བསྡུས་ཏེ་ཉམས་སུ་ལེན་པ་ཡིས། བསམ་པ་རྒྱ་ཆེ་བ་གཞན་དོན་ཁོ་ནར་གོ་ཆའི་སྒྲུབ་པ་གང་ཡིན་ཏེ་དེ་ནི་དྲུག་ཚན་དྲུག་གིས་དབྱེ་བ་ཇི་ལྟ་བ་བཞིན་དུ་མདོ་ལས་བཤད་དེ། མདོར་བྱང་ཆེན་སྦྱིན་པའི་ཕར་ཕྱིན་ལ་དེ་ལྟར་སྤྱོད་པ་ནི། ཕར་ཕྱིན་དྲུག་པོ་ཐམས་ཅད་ཡོངས་སུ་འཛིན་ཏེ། དེ་ཡི་ཕྱིར་གོ་ཆ་ཆེན་པོ་བགོས་ཞེས་བྱའོ། །ཞེས་སོ། །ཕར་ཕྱིན་རེ་རེ་ཡང་ཕར་ཕྱིན་དྲུག་ལྡན་ཉམས་སུ་ལེན་པའི་གོ་ཆའི་སྒོ་ནས་ཕྱོགས་དུས་ཀྱི་ཆས་དཔག་པར་དཀའ་བའི་གོ་ཆར་གྱུར་པ་


MR04_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སོ་དྲུག་སྟེ། སྦྱིན་པ་ཕྲ་མོ་གཅིག་བྱིན་ཀྱང་རང་དོན་དང་དམན་ལམ་ཡིད་བྱེད་དང་མཚན་འཛིན་སོགས་དང་བྲལ་བ། ཕན་ཡོན་ཕྱོགས་དུས་ཀྱི་མུ་མཐའ་བཞིན་དཔག་པར་དཀའ་བ་སྟེ། སྦྱིན་སོགས་ལ་རང་གནས་ནས་གཞན་འགོད་པ་དང་། དགེ་རྩ་སེམས་ཅན་ལ་བསྔོ་བ་སྦྱིན་པ། ཉན་རང་གི་སེམས་སྤོང་བ་ཚུལ་ཁྲིམས། གཤེ་སོགས་སྡུག་བསྔལ་ལ་བཟོད་པ། ཐེག་ཆེན་དགེ་བ་ལ་འདུན་པ་བརྩོན་འགྲུས། རྣམ་མཁྱེན་ལ་སེམས་རྩེ་གཅིག་པ་བསམ་གཏན། འཁོར་གསུམ་མི་རྟོག་པར་བསྔོ་བ་ཤེས་རབ་སྟེ་དྲུག་གིས་མཚོན་ནས་ཤེས་པར་བྱའོ། །གཉིས་པ་འཇུག་སྒྲུབ། གོ་ཆ་དེའི་འཇུག་ཡུལ་ལམ་ལ་བརྒྱད། འབྲས་བུ་གཅིག་སྟེ་དགུ་ལས། སེམས་འདོད་ཡོན་ལ་གཡེང་བས་ཡོན་ཏན་གང་ཡང་ཐོབ་མི་ནུས་པས། དམིགས་པ་ལ་བརྟན་པོར་བྱ་བའི་ཕྱིར། ལམ་གྱི་རྟེན་ཞི་གནས་སམ་བསམ་གཏན་བཞི་དང་གཟུགས་མེད་བཞིའི་ཏིང་ངེ་འཛིན་ལ་འཇུག་ལྡང་བྱེད་ཅིང་དེ་ཡང་ཕར་ཕྱིན་དྲུག་ལྡན་དུ་སྒྲུབ་པ་དང་། དེ་ལྟར་སེམས་བརྟན་པ་དེ་ཚོགས་གཉིས་ལ་སློབ་པས་རང་དོན་རྟོགས་


MR04_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐོབ་བྱེད་སྦྱིན་སོགས་ཕར་ཕྱིན་དྲུག་ལ་འཁོར་གསུམ་དག་པའི་སྒོ་ནས་འཇུག་པ་དང་། སྤང་བ་ཐོབ་བྱེད་མཐོང་སྒོམ་བྱང་ཕྱོགས་ཀྱི་ལམ་ལ་འཇུག་པ་དང་། གཞན་དོན་འགྲུབ་ཐབས་བྱམས་པ་ལ་སོགས་པ་ཚད་མེད་པ་བཞི་དང་། དེ་གཞན་དོན་ལ་འཇུག་པའི་འཆིང་བ་མངོན་ཞེན་ཡིན་པས། གཞན་དོན་དག་བྱེད། ལྷག་མཐོང་མཉམ་བཞག་ཏུ། ཆོས་ཐམས་ཅད་དམིགས་པ་མེད་པ་དང་ལྡན་པ་ལ་འཇུག་པ་དང་། ཐེག་ཆེན་གྱི་ལམ་ལ་རྗེས་ཐོབ་ཏུ་འཁོར་གསུམ་རྣམ་པར་དག་པས་སྒྱུ་མའི་སྐྱེས་བུ་བཞིན་དུ་འཇུག་པ་དང་། དགེ་རྩ་ཆེད་དུ་བྱ་བ་གང་གི་དོན་དུ་བསྒྱུར་བ་ཆེན་པོ་གསུམ་གྱི་ཆེད་དུ་འཇུག་པ་དང་ཚོགས་མྱུར་དུ་རྫོགས་པའི་མཐུ་ཡི་ཁྱད་པར་མངོན་ཤེས་དྲུག་ལ་འཇུག་པ་དང་། འབྲས་བུ་ཤེས་བྱའི་རྣམ་པ་ཀུན་མཁྱེན་པའི་ཚུལ་ལ་ནི་དམིགས་ནས་འཇུག་པའི་སྒྲུབ་པ་གང་ཡིན་པ་དེ་ནི་ཐེག་ཆེན་ལ་བགྲོད་ཅིང་འཛེགས་པ་ཡིན་པར་ཤེས་པར་བྱ་སྟེ་ཡུལ་འདི་དགུ་ཐེག་ཆེན་གྱི་འཇུག་ཡུལ་ཡིན་པས་སོ། །ཞར་ལ་བསམ་གཏན་བཞི་དང་གཟུགས་མེད་བཞི་སྟེ་བརྒྱད་ནི། ཡིད་བྱེད་


MR04_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱི་སོ་སོའི་སྙོམས་འཇུག་བསྒྲུབ་སྟེ། འདོད་ཁམས་སོགས་ས་འོག་མ་འོག་མ་ཉེས་པ་མང་ཞིང་རགས་པ་དང་། བསམ་གཏན་དང་པོ་སོགས་གོང་མ་གོང་མ་དེ་ལས་བཟློག་པར་ལྟ་བའི་ཐོས་བསམ་གྱི་ཤེས་རབ་ཀྱིས་མཚན་ཉིད་རབ་ཏུ་རིག་པའི་ཡིད་བྱེད་དང་། ༡ སྒོམ་བྱུང་གི་ཤེས་རབ་ཀྱིས་བསམ་གཏན་སྦྱང་བ་སྐྱེ་བ་མོས་པ་ལས་བྱུང་བའི་ཡིད་བྱེད་དང་། ༢ འདོད་ཉོན་མངོན་གྱུར་སྤོང་བ་སོགས་རབ་ཏུ་དབེན་པ་ལས་བྱུང་བའི་ཡིད་བྱེད་དང་། ༣ འདོད་ཉོན་འབྲིང་སྤོང་བ་སོགས་དགའ་བ་སྡུད་པའི་ཡིད་བྱེད་དང་། ༤ ཉོན་མོངས་སྐྱེ་མི་སྐྱེ་བརྟག་ཕྱིར་དཔྱོད་པ་ཡིད་བྱེད་དང་། ༥ འདོད་ཉོན་ཆུང་ངུའི་ཆུང་ངུ་སོགས་སྤོང་བ་སྦྱོར་བའི་མཐའ་ཡིད་ལ་བྱེད་པ་དང་། ༦ ལམ་བསྒོམས་པ་ཐམས་ཅད་ཀྱི་འབྲས་བུ་ཉམས་སུ་མྱོང་བ་སྦྱོར་བའི་མཐའི་འབྲས་བུ་ཡིད་བྱེད་ ༧ དེ་བདུན་གྱིས་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་དུ་བསྒྲུབ་པ་ཡིན་ལ། ཡིད་བྱེད་དང་པོ་གཉིས་རང་ལམ་དེའི་སྦྱོར་ལམ། རབ་དབེན་དགའ་སྡུད་སྦྱོར་མཐའ་གསུམ་བར་ཆད་མེད་ལམ་དཔྱོད་པ་ཁྱད་པར་ལམ། སྦྱོར་འབྲས་ཡིད་བྱེད་རྣམ་གྲོལ་ལམ་མོ། །བསམ་གཏན་


MR04_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་ནི་གཉེན་པོའི་ཡན་ལག་རྟོག་པ་དང་། དཔྱོད་པ། ཕན་ཡོན་གྱི་ཡན་ལག་དགའ་བ་དང་བདེ་བ། གནས་སམ་རྟེན་གྱི་ཡན་ལག་སེམས་རྩེ་གཅིག་པ་སྟེ་ཡན་ལག་ལྔ་དང་། བསམ་གཏན་གཉིས་པར་གཉེན་པོ་རབ་དང་ཕན་ཡོན་དགའ་བདེ་གཉིས། གནས་ཏིང་ངེ་འཛིན་ཏེ་བཞི། བསམ་གཏན་གསུམ་པ་ལ་གཉེན་པོ་བཏང་སྙོམས། དྲན་པ། ཤེས་བཞིན། ཕན་ཡོན་བདེ་བ། རྟེན་སེམས་ཀུན་ཏུ་གནས་པ་རང་བཞིན་ཏེ་ལྔ། བཞི་པར་དྲན་པ་དང་། འདུ་བྱེད་བཏང་སྙོམས། ཕན་ཡོན་ཚོར་བ་བཏང་སྙོམས་དང་། རྟེན་ཏིང་འཛིན་ཡོངས་སུ་དག་པ་སྟེ་ཡན་ལག་བཞིའོ། །གཟུགས་ལ་ཆགས་པ་དང་བྲལ་ཏེ་གཟུགས་ཀྱི་འདུ་ཤེས་ནུབ་པ་གཟུགས་མེད་ལ་བྱེ་བྲག་ཏུ་གཟུགས་ཀྱི་འདུ་ཤེས་མེད་པར་ནམ་མཁའ་ཙམ་མཐའ་ཡས་སོ་ཞེས་དེ་ཙམ་ལ་སྙོམས་པར་ཞུགས་པ་ནམ་མཁའ་མཐའ་ཡས་དང་། ནམ་མཁའི་འདུ་ཤེས་བཀགས་ཏེ་རྣམ་ཤེས་ཙམ་དུ་འདུ་ཤེས་པ་རྣམ་ཤེས་མཐའ་ཡས་དང་། དེ་ཡང་བཀག་སྟེ་ཅི་ཡང་མེད་པའི་འདུ་ཤེས་ལ་གནས་པ་དང་། དེའང་བཀག་སྟེ་ཡོད་མིན་མེད་མིན་ཙམ་དུ་གནས་


MR04_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྲིད་རྩེ་པའོ། །གསུམ་པ་ཚོགས་སྒྲུབ་ལ་སྤྱིར་བསྟན་པ་དང་། རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། དེ་ལ་སྤྱིར་མང་པོ་ཚོགས་པ་ཚོགས། དེ་ལས་ཀྱང་ཚོགས་གཅིག་མིན་པར་ཚོགས་སྣ་ཚོགས་ཀྱི་དཔུང་རྒྱ་ཆེན་པོ་བསགས་ཤིང་བྱང་ཆུབ་སེམས་དཔའ་ལས་ལ་འཇུག་པའི་སྒྲུབ་པ་ཚད་མེད་པའི་སྒོ་ནས་མཐའ་གཉིས་ལས་ངེས་པར་འབྱུང་བ་མི་གནས་པའི་མྱང་འདས་སུ་གྲུབ་པ་ཡིན་ལ། ཚོགས་ཚད་མེད་པ་དེ་དག་ཀྱང་སྤྱི་རིགས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སུ་འདུ་ལ། ནང་གི་དབྱེ་བ་ཚོགས་སྒྲུབ་བཅུ་བདུན་ཏེ། དང་པོ། འགྲོ་བ་གྲངས་མེད་ཐེག་གསུམ་གྱི་མྱང་འདས་ལ་འགོད་འདོད་བརྩེ་བ་སྙིང་རྗེ་ཆེན་པོ་དང་། ཐབས་སྦྱིན་པ་ལ་སོགས་པ་ཕར་ཕྱིན་དྲུག་གིས་སེམས་ཅན་རྣམས་གནས་སྐབས་དང་། མཐར་ཐུག་གི་བདེ་བར་བྱ་བ་སྟེ། སྦྱིན་པས་མོད་ལ་འདོད་པ་རྫོགས་པ་དུས་དེའི་བདེ་བ། ཚུལ་ཁྲིམས་ལ་བཀོད་པས་བདེ་འགྲོའི་ལུས་འཛིན་པ་མ་འོངས་པའི་བདེ་བ། བཟོད་བརྩོན་བསམ་གསུམ་འབྲས་བུ་རྒྱུ་དང་མཐུན་པ་འགྲུབ་པས་གཅིག་ཏུ་ངེས་པའི་བདེ་བ།


MR04_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱིས་འཁོར་བར་གཏན་མི་ལྡོག་པའི་ངེས་ལེགས་ཐོབ་པ་གཏན་དུ་བའི་བདེ་བ་སྒྲུབ་པ་དང་། ལམ་ཏིང་ངེ་འཛིན་ལེ་ལོ་སོགས་ཉེས་པ་ལྔ་སྤོང་ཞིང་འདུན་པ་སོགས་འདུ་བྱེད་བརྒྱད་བསྟེན་པའི་རྒྱུ་ལས་བྱུང་བ་སེམས་རྩེ་གཅིག་ཏུ་གནས་པ་ཞི་གནས་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་ཇི་ལྟ་ཇི་སྙེད་ཀྱི་དོན་ལ་སྤྱི་དང་རང་གི་མཚན་ཉིད་དང་། ངོ་བོ་དང་། ཁྱད་པར་འབྱེད་པའི་སྒོ་ནས་དོན་མ་ནོར་བར་མཐོང་བ་ལྷག་མཐོང་བཅས་པ་དང་། ཞི་ལྷག་གམ་སྲིད་ཞིར་མི་ལྷུང་བའི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ལམ་གང་ཡིན་པ་དང་། རྣམ་མཁྱེན་ཡིད་བྱེད་ཀྱིས་གཞན་དོན་གྱི་ཐབས་ལ་མཁས་པ་གང་ཡིན་དང་། སྟོང་ཉིད་ཉི་ཤུ་སྟེ་ལོངས་སྤྱད་པ་པོ་མིག་སོགས་ནང་གི་སྐྱེ་མཆེད་དྲུག་སྟོང་པ་ཉིད་དང་། ༡ གཟུགས་སོགས་སྤྱད་བྱ་ཕྱི་ཡི་སྐྱེ་མཆེད་དྲུག་དང་། ༢ ཕྱི་ནང་གཉིས་ཀའི་གཞི་རྟེན་སྟོང་ ༣ པ་ཉིད་གསུམ་མོས་སྤྱོད་ཚོགས་ལམ་དང་སྦྱོར་ལམ་དང་པོ་གསུམ། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་དེ་ཡང་རང་གི་ངོ་བོས་སྟོང་པ་སྟོང་པ་ཉིད་སྦྱོར་ལམ་ཆོས་མཆོག་དང་།


MR04_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

༤ ཕྱོགས་བཅུ་ཀུན་ཁྱབ་ཆེན་པོ་སྟོང་༥པ་ཉིད་དང་། དོན་དམ་མྱ་ངན་ལས་འདས་ ༦ པ་དང་། རྒྱུ་རྐྱེན་ལས་སྐྱེས་པ་འདུས་བྱས་ ༧ དང་། ནམ་མཁའ་སོགས་མ་སྐྱེས་པ་འདུས་མ་བྱས་ ༨ དང་། རྟག་ཆད་སོགས་ཀྱིས་མཐའ་ལས་འདས་ ༩ པ་དང་། འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྣང་བ་ཅན་གྱི་འཁོར་བ་ཐོག་ ༡༠ ཐ་མེད་པ་དང་། དགེ་ཕྱོགས་དོར་བ་མེད་པ་ ༡༡ སྟོང་པ་ཉིད་བདུན་རྟོགས་པ་ནི་ས་དང་པོ་ནས་ས་བདུན་པའི་བར་རིམ་པ་བཞིན་ནོ། །ཆོས་ཀྱི་དབྱིངས་རང་བཞིན་སྟོང་ཉིད་ ༡༢ དང་། གཟུགས་ནས་རྣམ་མཁྱེན་བར་ཆོས་ཐམས་ཅད་སྟོང་ ༡༣ པ་གཉིས་ས་བརྒྱད་པ་དང་། སྐྱེ་འགག་སོགས་ཆོས་རྣམས་རང་གི་མཚན་ཉིད་དང་། ༡༤ དུས་གསུམ་མི་དམིགས་ ༡༥ པ་གཉིས་ས་དགུ་པ་དང་། རྐྱེན་ལས་བྱུང་བའི་དངོས་པོ་རྣམས་ལ་རྒྱུན་དང་། ཚོགས་པའི་དངོས་པོ་མེད་པའི་ངོ་བོ་སྟོང་ ༡༦ ཉིད་དང་། འདུས་བྱས་ཉེར་ལེན་གྱི་ཕུང་པོ་ལྔ་རང་ངོས་སྟོང་པ་དངོས་པོ་སྟོང་པ་ ༡༧ ཉིད་གཉིས་ས་བཅུ་པ་དང་། ནམ་མཁའ་སོགས་འདུས་མ་བྱས་དངོས་མེད་སྟོང་ ༡༨ པ་དང་། སུས་ཀྱང་མ་བྱས་པར་ཆོས་ཐམས་ཅད་བབ་


MR04_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྟོང་པ་རང་ ༡༩ བཞིན་སྟོང་ཉིད་དང་། ཆོས་ཐམས་ཅད་ཀྱི་ཆོས་ཉིད་གཞན་གྱི་ངོ་བོ་སྟོང་པས་ངོ་བོ་ཉིད་ཀྱིས་ ༢༠ སྟོང་ཉིད་རྣམས་སངས་རྒྱས་ཀྱི་སའོ། །དེ་ལྟར་ས་མཚམས་སོ་སོར་མཛད་པ་ཡང་། རྗེས་ཐོབ་ཀྱི་ཚེ་ཆོས་ཅན་དེ་དང་དེ་དག་ལ་ངེས་པ་འདྲེན་ཚུལ་རེ་ཡོད་པ་གཙོ་ཆེ་བས་ཡིན་གྱི་ངེས་གནས་ནི་མིན་ནོ། །དེ་རྣམས་སྒོམ་པའི་ཡུལ་ཅན་ཡེ་ཤེས་ཀྱི་ཚོགས་དང་ནི། བསོད་ནམས་སྤྱིར་དགེ་བའི་ལས་ཐམས་ཅད་ཡིན་ཀྱང་། འདིར་ཟག་མེད་ཀྱི་དགེ་བ་དང་། དེ་ལས་ཀྱང་ཁྱད་པར་དཔའ་བར་འགྲོ་བ་དང་། རིན་ཆེན་ཕྱག་རྒྱ་སོགས་ཏིང་ངེ་འཛིན། སྐད་ཅིག་རེ་རེས་ཀྱང་བསོད་ནམས་དཔག་མེད་ཚེགས་མེད་པར་གྲུབ་བྱེད་ཀྱི་སྟོབས་ལྡན་དང་། བྱང་ཕྱོགས་སོ་བདུན་ལ་འབད་པས་སྦྱོར་མཐོང་སྒོམ་གསུམ་གཙོ་བོར་གྱུར་པ་ལམ་རྒྱུད་ལ་བསྟེན་པ་དང་། དྲན་པ་དང་ཤེས་རབ་མཚུངས་པར་ལྡན་པས་ཚིག་དང་དོན་མི་བརྗེད་པར་འཛིན་པ་གཟུངས་ཏེ། མདོ་སོགས་གསུང་རབ་ཐོས་པ་ཐམས་ཅད་སྒྲ་ཟུར་ཙམ་ཡང་མི་བརྗེད་པ་ཚིག་གི་གཟུངས་དང་། བསྟན་བྱའི་དོན་ཉམས་པ་མེད་


MR04_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནམ་ཡང་མི་བརྗེད་པ་དོན་གྱི་གཟུངས་གཉིས་སམ། ཨ་ལ་སོགས་པས་ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་པ་བཟོད་པའི་གཟུངས་དང་། སྔགས་བྱིན་གྱིས་རླབས་པས་གཞན་དོན་སྒྲུབ་པ་གསང་སྔགས་ཀྱི་གཟུངས་ཏེ་བཞི་སོགས་དང་། ཡོན་ཏན་གྱི་རྟེན་བྱེད་པ་ས་བཅུ་དང་། ས་རང་གི་སྤང་བྱ་སྤོང་བའི་གཉེན་པོ་ཚོགས་ཀྱི་སྒྲུབ་པ་ཡི། གྲངས་ཀྱི་རིམ་པ་བཅུ་བདུན་པོ་འདི་དག་ཡིན་པར་ཤེས་པར་བྱའོ། །དེ་ཡང་། སཾ་བྷ་ར་ཞེས་པའི་སཾ་ནི་ཡང་དག་པར་འགྲུབ་པ། བྷ་ནི་ངོ་བོ། ར་ནི་འཛིན་པ་སྟེ། བྱང་ཆེན་ཡང་དག་པར་འགྲུབ་བྱེད་ཀྱི་ངོ་བོ། ཐེག་ཆེན་མ་ལུས་པ་བདེན་གཉིས་ཀྱི་སྒྲུབ་པའི་སྒོ་ནས་འཛིན་པས་ཚོགས་ཀྱི་སྒྲུབ་པའོ། །གཉིས་པ་རྟོགས་དཀའ་བ་བྱེ་བྲག་ཏུ་བཤད་པ་ལ་ས་ཡི་ཚོགས་དང་། གཉེན་པོའི་ཚོགས་གཉིས། དང་པོ་ལ་ས་དགུ་ཡོངས་སྦྱོང་གི་སྒོ་ནས་བཤད་པ་དང་། བཅུ་པ་འབྲས་བུའི་སྒོ་ནས་བཤད་པ་གཉིས། དང་པོ་ལ་དགུ་སྟེ། དེ་ལས་ས་དང་པོའི་ཡོངས་སྦྱོང་བཅུ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། སྤྱིར་བདག་མེད་


MR04_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རྟོགས་ཀྱི་མཁྱེན་པས་སྒྲིབ་གཉིས་རིམ་བཞིན་སྤོང་བར་བྱེད་པ་དང་། ཡོན་ཏན་གྱི་རྟེན་བྱེད་པ་ས་ཡི་ངོ་བོ། བྷཱུ་མིའི་སྒྲས་གོང་ནས་གོང་དུ་བགྲོད་པ་ངེས་ཚིག་བདག་མེད་གཉིས་ཡོངས་སུ་རྫོགས་པའི་ཆོས་དབྱིངས་ཇི་ལྟ་བ་བཞིན་གཟིགས་པས་དང་པོ་རབ་ཏུ་དགའ་བར། འདོད་པར་སྤང་བྱ་བདེན་པ་བཞི་ལ་ལོག་ཞུགས་འཇིག་མཐར་ལོག་གསུམ་ལྟ་བ་དང་ཚུལ་ཞུགས་མཆོག་འཛིན་གཉིས་ཏེ་ལྟ་བ་ལྔ་དང་། མ་རིག་ཐེ་ཚོམ་འདོད་ཆགས་ང་རྒྱལ་ཁོང་ཁྲོ་ལྟ་མིན་ལྔ་སྟེ་བཅུ་ཡིས་ཕྱེ་བ་མཐོང་སྤང་བཞི་བཅུ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པས་སོ་དྲུག་པ་ཚན་གཉིས་ཏེ། ཁམས་གསུམ་གྱི་མཐོང་སྤང་ཉོན་མོངས་པ་བརྒྱ་དང་བཅུ་གཉིས་སྤང་། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པ་དང་། བྱང་ཆུབ་ཡན་ལག་བདུན་དང་ལྡན་ནོ། །ཡུལ་ལ་ལོག་ཞུགས་སྒོམ་སྤང་ནི། ཐེ་ཚོམ་དོར་བ་གོང་གི་ལྟ་མིན་བཞི་དང་འཇིག་མཐར་ལྷན་སྐྱེས་གཉིས་བསྡོམས་འདོད་པར་སྒོམ་སྤང་དྲུག །ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པས་ལྔ་རེ་སྟེ། དེ་ཁམས་གསུམ་ས་དགུ་ལ་ནང་གསེས་དགུ་རེར་ཕྱེ་བས་གྱ་གཅིག་པ་


MR04_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་རེ་ཀུན་ལ་ཡོད་པས་གྱ་གཅིག་པ་ཚན་ལྔས་བཞི་བརྒྱ་དང་ལྔ། འདོད་པའི་ས་དགུའི་ཁོང་ཁྲོ་དགུ་བསྣན་པས་སྒོམ་སྤང་བཞི་བརྒྱ་བཅུ་བཞི་བསྡུ་ན། སྒོམ་སྤང་སྐོར་དགུ་སྤང་བས་ས་གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱང་དཀའ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་རྣམས་ན་འཕགས་ལམ་ཡན་ལག་བརྒྱད་དང་ལྡན་ཞིང་། རང་གི་ངོ་སྐལ་གྱི་ཀུན་རྨོངས་སྤོང་བ་དང་། ཕར་ཕྱིན་དང་ཡོན་ཏན་མཐའ་ཀླས་པ་ཐོབ་པ་དང་། ཟག་མེད་ཀྱི་ཕུང་པོ་སྦྱང་བ་དང་། གནས་གྱུར་རྒྱ་ཆེན་པོ་ཐོབ་པ་ཡིན་ནོ། །ས་རྣམས་སུ་ཆོས་ཉིད་རྟོགས་ཚུལ་ནི། རྟོགས་བྱ་ལ་ཆ་ཤས་མེད་ཀྱང་རང་རྒྱུད་ཀྱི་འཁྲུལ་པ་ཟད་རིམ་གྱིས་མངོན་རྟོགས་གོང་དུ་འཕེལ་བ། ནམ་མཁའ་ལ་ཆ་ཤས་མེད་ཀྱང་། སྤྲིན་ཟད་རིམ་གྱིས་ནམ་མཁའི་མཐོང་བ་ཇེ་ཆེར་འཇོག་པ་ལྟར་རོ། །ས་དང་པོར་ཆོས་ཀྱི་དབྱིངས་ཆོས་ཐམས་ཅད་ལ་ཁྱབ་ཅིང་ཀུན་ཏུ་འགྲོ་བའི་རང་བཞིན་དུ་རྟོགས་པ་འབྱུང་སྟེ།


MR04_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ན་མཉམ་བཞག་དེས་ནི་རྗེས་ཀྱི་ངེས་པ་དེ་ལྟ་བུ་འདྲེན་པའི་དོན་དུ་གསུངས་པ་ཡིན་ཏེ། དེ་ལ་བརྟེན་ནས་དེ་ཐོབ་པའི་ཕྱིར་རོ། །དེ་བཞིན་དུ་ས་གཉིས་པར་ཆོས་ཀྱི་དབྱིངས་རྟོགས་པའི་རྟོགས་པ་གོང་ནས་གོང་དུ་འཕགས་པའམ་མཆོག་ཏུ་འཕེལ་བ་དག་གི་དོན་དང་། ས་གསུམ་པར་ཆོས་དབྱིངས་དེའི་རྒྱུ་མཐུན་གསུང་རབ་ཐོས་པ་ཉིད་དོན་དུ་གཉེར་བྱའི་མཆོག་ཉིད་དུ་རྟོགས་པ་དང་། ས་བཞི་པར་ཆོས་གང་ལའང་བདག་གིར་འཛིན་པ་སོགས་མདོར་ན་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོགས་པ་དང་། ས་ལྔ་པར་བདག་དང་གཞན་གྱི་རྒྱུད་དུ་གཏོགས་པའི་ཆོས་རྣམས་ཐ་དད་མེད་པའི་དོན་དུ་རྟོགས་པ་དང་། ས་དྲུག་པར་རྟེན་འབྲེལ་ཟབ་མོའི་དོན་མཐོང་བས་སྔར་ཀུན་ནས་ཉོན་མོངས་པ་དང་ཕྱིས་རྣམ་པར་དག་པར་འགྱུར་བའི་ཆོས་གང་ཡང་ཡོད་པ་མིན་པར་རྟོགས་པའི་དོན་དང་། ས་བདུན་པར་མཚན་མ་མེད་པར་རྟོགས་པས་ཆོས་ཐམས་ཅད་ལ་ཐ་དད་པ་མེད་པ་རོ་གཅིག་པའི་དོན་ཉིད་དུ་རྟོགས་པ་དང་། ས་བརྒྱད་པར་མི་སྐྱེ་བའི་བཟོད་པ་ཐོབ་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཉེས་པ་དེ་ལས་


MR04_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

བྲི་བ་མེད་ཅིང་འཕེལ་བ་མེད་པའི་དོན་རྟོགས་པས་རྣམ་པར་མི་རྟོག་པ་དང་ཞིང་དག་པ་ལ་དབང་བ་གཉིས་ཐོབ་བོ། །ས་དགུ་པར་མཉམ་བཞག་ཏུ་ཆོས་དབྱིངས་བསྒོམས་པའི་རྗེས་ཐོབ་ལ་སོ་སོ་ཡང་དག་པ་རིག་པ་བཞིས་ཆོས་སྟོན་པའི་ཡེ་ཤེས་ལ་དབང་བ་ཐོབ་བོ། །ས་བཅུ་པར་མཉམ་བཞག་ཏུ་ཆོས་དབྱིངས་བསྒོམས་པའི་རྗེས་ཐོབ་ཀྱི་སྐབས་ན་ཇི་ལྟར་བཞེད་པ་བཞིན་ཕྲིན་ལས་འབྱུང་བས་ཕྲིན་ལས་ལ་དབང་བ་ཐོབ་བོ། །དེ་ཡང་ཁ་ཆེ་པཎ་ཆེན་གྱིས་ས་ཡི་ཡོངས་སྦྱོང་ལ། ས་རང་གི་ཕར་ཕྱིན་གཙོ་བོར་གྱུར་པའི་ཡོངས་སྦྱོང་བཅུ་སོགས་ནི་ཞེས་བགྲང་བར་མཛད་ཀྱང་། མདོར་ན་སྦྱིན་སོགས་ཁྱད་པར་ཅན་དེའི་གེགས་སྤང་བའི་ཆ་ནས་ཡོངས་སྦྱོང་སྟེ། ཡོངས་སྦྱོང་འདི་དག་གིས་སྦྱངས་པའི་ས་དེའི་ཤེར་ཕྱིན་དང་ཡེ་ཤེས་དྲི་མེད་འགྲུབ་པའོ། །དེ་ལྟར་སྙིང་རྗེ་དང་བདེན་སྟོང་གི་ཤེས་རབ་ཀྱི་ངང་ནས་ས་ཡི་ཡོངས་སྦྱོང་སོ་སོ་རྫོགས་པ་ནས་རྫོགས་ཏེ། དེའང་རང་རང་གི་ཕར་ཕྱིན་གཙོ་བོར་གྱུར་པའོ། །དེ་ལ་འདིར་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་ཡིས། ས་ནི་དང་པོ་སྔོན་མ་རྟོགས་པའི་


MR04_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་མཐོང་བས་རབ་ཏུ་དགའ་བ་འཐོབ་ལ། དེ་ཡང་ཐོབ་ཟིན་ཁྱད་པར་དུ་བྱེད་པའི་ཡོན་ཏན་བཅུར་འགྱུར་ཏེ། གཉིས་པ་ནི། རང་དོན་ལྷུར་ལེན་ཉན་རང་གི་བློ་དང་མ་འདྲེས་པའི་ལྷག་ ༡ བསམ་དང་། རང་གཞན་ལ་ཕན་པའི་དངོས་པོ་རྣམ་མཁྱེན་ཉིད་ཀྱི་རྒྱུ་ཐེག་ཆེན་གྱི་ཆོས་ཡོངས་སུ་འཛིན་ ༢ པ་དང་། ཚད་མེད་བཞིས་སེམས་ཅན་རྣམས་ལ་སེམས་མཉམ་པ་ཉིད་སྒྲུབ་པ་དང་། ༣ འཁོར་གསུམ་མི་རྟོག་པས་བདོག་པ་ཀུན་གཏོང་བ་དང་། ༤ རྣམ་མཁྱེན་ལ་འགོད་པའི་དགེ་བའི་བཤེས་གཉེན་མགུ་བའི་སྒོ་ནས་ཡོངས་སུ་བསྟེན་པ་དང་། ༥ ཐེག་གསུམ་དུ་གཏོགས་པའི་དམ་ཆོས་ཀྱི་དམིགས་པ་ཚོལ་བས་ཉན་རང་གི་སར་མི་ལྟུང་བ་དང་། ༦ ཁྱིམ་ལ་མི་དགའ་བར་རྟག་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་ངེས་པར་འབྱུང་བའི་སེམས་ཉིད་དང་ལྡན་པ་དང་། ༧ སངས་རྒྱས་ཀྱི་སྐུ་སྒྲུབ་པར་འདོད་ཅིང་སངས་རྒྱས་མཐོང་ན་དགའ་བ་དང་། ༨ ཐོག་མཐའ་བར་དུ་དགེ་བའི་ཆོས་སྟོན་པ་དང་། ༩ དམ་བཅའ་ལྟར་གཞན་མི་བསླུ་བའི་བདེན་པ་སྨྲ་བ་ཡི་ཚིག་ ༡༠ ནི་ཡོངས་སྦྱོང་བཅུ་པ་ཡིན་པར་འདོད་ཅིང་། ཀུན་ཏུ་རང་རྒྱུད་ལ་བསྐྱེད་པ་


MR04_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གསུམ་པ་ནི། འདི་དག་དོན་དམ་པར་རང་བཞིན་མི་དམིགས་པས། ས་དང་པོ་ཡོངས་སུ་སྦྱོང་བར་ཤེས་པར་བྱའོ། །ས་གཉིས་པའི་ཡོངས་སྦྱོང་བརྒྱད་ནི། འཆལ་ཚུལ་དང་རང་དོན་ཡིད་བྱེད་རྩོལ་བའི་དྲི་མ་དང་བྲལ་བ་ཉེས་སྤྱོད་སྡོམ་པ་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་སྲུང་བ་ ༡ དང་། གཞན་གྱིས་ཕན་བཏགས་པ་ལ་བྱས་པ་གཟོ་བ་ ༢ དང་། གནོད་པ་བྱེད་པ་ལ་བཟོད་ཅིང་སེམས་ཅན་ལ་གནོད་སེམས་སྤོང་བ་ ༣ དང་། སེམས་ཅན་ཐེག་གསུམ་ལ་འགོད་པ་ལ་རབ་ཏུ་དགའ་ཞིང་འགྱོད་པ་མེད་པ་ ༤ དང་། སྐྱེ་བོ་ཐམས་ཅད་ལ་སྙིང་བརྩེ་ཆེ་ཞིང་བྱམས་པ་ ༥ དང་། མཁན་པོ་སོགས་བཀུར་འོས་ལ་ང་རྒྱལ་བཅག་པས་འདུད་ཅིང་བཀུར་སྟི་དང་། ༦ བླ་མ་དགེ་བའི་བཤེས་གཉེན་ལ་གུས་པས་ཆོས་ཉན་ཞིང་རྗེས་སུ་བསྟན་པ་སྒྲུབ་པ་ ༧ དང་། ཡོངས་སྦྱོང་བརྒྱད་པ་སྦྱིན་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྲོ་བས་བརྩོན་པ་༨ རྣམས་སོ། །ས་གསུམ་པའི་ཡོངས་སྦྱོང་ལྔ་ནི། རང་གཞན་ལ་ཆོས་ཀྱི་སྣང་བ་བྱེད་པའི་འོད་བྱེད་པར། ཕྱོགས་བཅུའི་སངས་རྒྱས་


MR04_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དམ་པའི་ཆོས་ཐོས་པས་མི་ངོམས་པ་ ༡ ཉིད་དང་ནི། རྙེད་སོགས་ཟང་ཟིང་མེད་པར་དམ་ཆོས་སྦྱིན་ཅིང་བྱང་ཆུབ་ཆེན་པོ་ལའང་ཆགས་པའི་རེ་བ་མེད་པ་ ༢ དང་། ཞིང་དག་པར་བྱེད་པའི་རྒྱུ་ཚོགས་བསགས་པས། རྟེན་དང་བརྟེན་པར་བཅས་པའི་སངས་རྒྱས་ཀྱི་ཞིང་ཀུན་སྦྱོང་བ་ ༣ དང་། ཕན་ལན་དུ་གནོད་བྱས་ཀྱང་གཞན་དོན་ལ་འཁོར་བས་ཡོངས་སུ་མི་སྐྱོ༷་བ་ ༤ དང་། རང་ལ་ལྟོས་ནས་ངོ་ཚ་དང་། གཞན་ལ་ལྟོས་ནས་ཁྲེལ་ཡོད་པའི་སྒོ་ནས་ཉན་རང་གི་ཡིད་མེད་ཅེས་བྱ་བ། ༥ ལྔ་པོ་དེ་དག་ལ་རློམ་སེམས་མེད་པའི་བདག་ཉིད་དེ་ཡོངས་སྦྱོང་རྣམ་པ་ལྔའོ། །ས་བཞི་པའི་ཡོངས་སྦྱོང་བཅུ་ནི། བྱང་ཆུབ་ཕྱོགས་མཐུན་གྱི་ཤེས་རབ་ཀྱིས་སྒྲིབ་གཉིས་བསྲེག་པའི་མེའི་འོད་འཕྲོ་བར། གྲོང་ལས་རྒྱང་གྲགས་འཕགས་པ་ཕྱིའི་དབེན་པ་དང་། རང་འདོད་ཡིད་བྱེད་དང་བྲལ་བ་ནང་གི་ནགས་སམ་དགོན་པར་གནས་པ་དང་། ༡ ངན་པ་དང་ཉུང་ངུ་རྙེད་ཀྱང་ཡིད་མི་བདེ་མེད་པའམ་རྙེད་པ་མ་ཐོབ་པ་ལ་འདོད་པ་ཆུང་བ་དང་། ༢ བཟང་མང་རྙེད་ཀྱང་མི་ཚིམ་པ་མེད་པའམ་ཐོབ་པ་ལ་ཆོག་ཤེས་པ་དང་། ༣ ཡང་


MR04_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ན་བྱང་ཆུབ་ལ་འདོད་ཆུང་རྣམ་མཁྱེན་ཐོབ་ཀྱང་རློམ་པ་མེད་པ་ཆོག་ཤེས་དང་། ཐུན་མོང་དུ་བསོད་སྙོམས་པ་སོགས་ཡོན་ཏན་བཅུ་གཉིས་ཀྱི་སྦྱངས་པ་ཡང་དག་པར་སྡོམ་པའི་རྟེན་དང་། ༤ ཐུན་མོང་མིན་པར་ཟབ་ཞི་སྤྲོས་བྲལ་ལ་མི་སྐྲག་པ་དང་། བསླབ་པ་ཚུལ་ཁྲིམས་སྲོག་གི་ཕྱིར་ཡང་ཡོངས་སུ་མི་གཏོང་ཞིང་མཚན་མར་མི་ལྟ་བ་དང་། ༥ འདོད་པ་རྣམས་ལ་ཉེས་དམིགས་སུ་ལྟ་བས་སྨོད་པ་དང་། ༦ གདུལ་བྱ་མྱ་ངན་ལས་འདས་པ་ལ་འཚམས་པར་འགོད་པ་དང་། ༧ ལུས་སོགས་མཚན་མར་མི་འཛིན་པས་བདོག་པ་ཀུན་གཏོང་བ་དང་། ༨ དགེ་ཆོས་བསྒྲུབ་པ་ལ་སེམས་མི་ཞུམ་ཞིང་མ་ཞེན་པ་དང་། ༩ དངོས་པོ་ཐམས་ཅད་ལ་མཚན་མར་ལྟ་བ་མེད་པ་སྟེ་བཅུ་པའོ། ༡༠ །ས་ལྔ་པའི་ཡོངས་སྦྱོང་བཅུ་ནི། སེམས་ཅན་སྨིན་པ་དང་། རང་སེམས་ཉོན་མོངས་པར་མི་འགྱུར་བའི་བྱ་དཀའ་བ་གཉིས་བྱེད་པའི་ས་ལ། རྙེད་བཀུར་གྱི་དོན་དུ་རབ་བྱུང་དང་། ཁྱིམ་པ་ལ་ཧ་ཅང་འདྲིས་བཤེས་མི་བྱེད་པ་དང་། ༡ གཞན་གྱི་རྙེད་པ་ལ་ཕྲག་དོག་པ་སྦྱིན་བདག་གི་ཁྱིམ་ལ་འཁྲེན་པ་སྤོང་བ་དང་། ༢ སྐྱེ་བོ་མང་པོའི་གྲོང་ཕྱི་དང་། ཉན་རང་


MR04_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡིད་བྱེད་ནང་གི་འདུ་འཛིར་གྱུར་པའི་གནས་སོགས་ལ་དགའ་བ་སྤང་པ་དང་ནི། ༣ བདག་གི་ཡོན་ཏན་བསྟོད་པ་དང་། ༤ སྐྱོན་བརྗོད་པས་གཞན་ལ་བརྙས་པ་སྤང་བ་དང་། ༥ སྲོག་གཅོད་སོགས་མི་དགེའི་ལས་ཀྱི་ལམ་བཅུ་ནི་བདེ་འགྲོ་ལ་ཡང་སྒྲིབ་ན་ཐར་པ་ལ་ལྟ་ཅི་སྨོས་ཞེས་ཉེས་པ་རིག་པ་དང་། ༦ ཐོས་དང་ཚུལ་ཁྲིམས་སོགས་ཀྱི་རློམས་པས་ཁེངས་ཤིང་གཞན་ལ་མི་འདུད་པ་སྤང་བ་དང་། ༧ དགེ་སྡིག་བླང་དོར་གོ་ལྡོག་གམ་བདེན་ཞེན་ཕྱིན་ཅི་ལོག་མེད་པ་དང་། ༨ ལོག་པར་ལྟ་བ་སོགས་བློ་གྲོས་ངན་པ་མེད་པ་དང་ནི། ༩ ཉོན་མོངས་རྣམས་ལ་སེམས་བག་ཡངས་སུ་གཏོང་བས་རྗེས་སུ་འབྲངས་པའི་བཟོད་པ་མེད་པ་སྟེ། ༡༠ དེ་ལྟར་སྐྱོན་བཅུ་པོ་འདི་ནི་རྣམ་པར་སྤངས་པའི་ཆོས་བཅུ་པོ་བསྟེན་ན། རྒྱལ་བའི་སྲས་ཀྱི་ས་ལྔ་པ་ནི་ཡང་དག་པར་འཐོབ་བོ། །ས་དྲུག་པའི་ཡོངས་སྦྱོང་བཅུ་གཉིས་ནི། ཤེར་ཕྱིན་ལ་བསྟེན་ནས་འཁོར་འདས་ལ་མི་གནས་པ་མངོན་དུ་གྱུར་པའི་སར། བདོག་པ་ཐམས་ཅད་གཞན་ལ་སྦྱིན་པ་དང་། ༡ རང་དོན་ཡིད་བྱེད་སྤོང་བའི་ཚུལ་ཁྲིམས་དང་། ༢ སྟོང་པ་ཉིད་ལ་མི་སྐྲག་པའི་བཟོད་པ་དང་། ༣ གཏོང་བ་ལ་སྤྲོ་བའི་བརྩོན་


MR04_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་དང་། ༤ གཏོང་སེམས་ལ་རྩེ་གཅིག་པའི་བསམ་གཏན་དང་། ༥ སྦྱིན་པའི་ཕན་ཡོན་རྟོགས་པའི་ཤེས་རབ་རབ་ཏུ་རྫོགས་པས་སོ། །༦ ཕར་ཕྱིན་དྲུག་པོ་དེ་དག་གི་རིམ་པས་སློབ་མ་ཉན་ཐོས་ཀྱི་ལམ་འབྲས་ལ་དགའ་བ་དང་ནི། ༧ བསེ་རུ་ལྟ་བུས་མཚོན་ནས་རང་རྒྱལ་ལ་དགའ་བ་དང་། ༨ ཟབ་རྒྱས་སྟོང་ཉིད་ལ་སྐྲག་པའི་སེམས་སྤངས་པ་དང་། ༩ སློང་བ་པོས་བསླང་ན་མི་ཞུམ་པ་དང་། ༡༠ བདོག་པ་ཀུན་ལྷག་མ་མ་ལུས་པར་བཏང་ཡང་མི་དགའ་བ་མེད་པ་དང་། ༡༡ རང་ཉིད་དབུལ་ཡང་སློང་བ་མི་སྤོང་བས་སམ་མི་འདོར་བས། ༡༢ལམ་བསྐྱེད་པ་དྲུག་དང་ལམ་མིན་སྤོང་པ་དྲུག་སྟེ་བཅུ་གཉིས་ཀྱིས་ས་ནི་དྲུག་པ་ཡང་དག་པར་འཐོབ་པར་འགྱུར་རོ། །ས་བདུན་པའི་ཡོངས་སྦྱོང་ལ་སྤང་བྱ་ཉི་ཤུ་དང་། གཉེན་པོ་ཉི་ཤུ་ལས་དང་པོ། བགྲོད་པ་གཅིག་པའི་ལམ་དུ་འབྲེལ་པས་མཚན་མར་འཛིན་པ་ལས་རིང་དུ་སོང་བར་སྤང་བྱ་ངའོ་སྙམ་དུ་བདག་ཏུ་འཛིན་པ་དང་། ༡ འདི་ནི་སྐྱེས་པའོ། །འདི་ནི་བུད་མེད་དོ་སྙམ་པའམ་སེམས་དང་ལྡན་པར་འཛིན་པ་སེམས་ཅན་དུ་འཛིན་པ་དང་། ༢ ཁམས་གསུམ་


MR04_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་བྱེད་དྲོད་དང་དབང་པོ་དང་སེམས་རིས་མཐུན་གྱི་རྟེན་མ་འགགས་པར་གནས་པ་སྲོག་ཏུ་འཛིན་པ་དང་། ༣ ས་བོན་ཐམས་ཅད་པའི་སེམས་གང་ཟག་ཏུ་འཛིན་པ་དང་། ༤ དེ་ཚེ་འཕོས་ནས་རྒྱུན་ཆད་པར་འཛིན་པ་དང་། ༥ རང་བཞིན་ནམ་ཡང་མི་འདོར་བར་གྲུབ་པའི་རྟག་འཛིན་དང་། ༦ བླང་དོར་གྱི་མཚན་མ་དང་། ༧ འབྲས་བུ་སྐྱེད་པའི་ནུས་པ་རྒྱུ་ཐེག་གསུམ་གྱི་རིགས་གསུམ་དུ་འཛིན་པ་དང་། ༨ དུ་མ་སྤུངས་པས་ཕུང་པོ་སྟེ་ཕུང་པོ་ལྔ་དང་། ༩ རྒྱུའམ་རིགས་དང་ས་བོན་གྱི་དོན་ཅན་ཁམས་བཅོ་བརྒྱད་དང་། ༡༠ གཟུང་འཛིན་གྱི་སྒོ་ནས་རྣམ་ཤེས་ཡུལ་ལ་སྐྱེ་ཞིང་མཆེད་པའི་སྒོར་གྱུར་པ་སྐྱེ་མཆེད་བཅུ་གཉིས་དག་དང་ནི། ༡༡ སྣོད་སྤྱི་ཡི་ལས་ཉོན་དང་། བཅུད་རང་གི་ལས་ཉོན་ལས་སྐྱེས་པ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་གསུམ་པོ་ལ་གནས་པ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་དང་། ༡༢ ཁམས་གསུམ་ལ་སྲེད་པའི་ལྟ་ངན་གྱིས་བླང་དོར་དུ་ཆགས་པ་དང་། ༡༣ རྣམ་མཁྱེན་མི་ཐོབ་སྙམ་པའི་སེམས་ནི་ཀུན་ཏུ་ཞུམ་པ་དང་། ༡༤ སངས་རྒྱས་ལ་ལྟ་བའི་མངོན་ཞེན་དང་། ༡༥ ཆོས་སུ་ལྟ་


MR04_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དམིགས་པ་དང་། ༡༦ དགེ་འདུན་ལ་ལྟ་བའི་བདེན་ཞེན་ཏེ་དཀོན་མཆོག་གསུམ་དང་། ༡༧ བསླབ་པ་ཚུལ་ཁྲིམས་ལ་ཚུལ་ཁྲིམས་དེར་ལྟ་བ་ཡི་མངོན་ཞེན་ཏེརློམ་པས་འཁོར་གསུམ་དུ་རྟོག་པ་དང་། ༡༨ རང་བཞིན་གྱི་སྟོང་པ་ཉིད་ལ་དེ་མིན་ཅེས་ཆོས་ཐམས་ཅད་བདེན་པར་འཛིན་པའམ། ཐེ་ཚོམ་ཟ་བའི་རྩོད་པ་དང་། སྟོང་ཉིད་ལ་མཚན་མ་དང་དངོས་པོ་སོགས་སུ་བཟུང་བས་ཐབས་རྟེན་འབྱུང་དེ་དང་འགལ་བའི་ཉེས་པ་སྟོང་རྟེན་འབྱུང་ཟུང་འཇུག་སྣང་སྟོང་མཉམ་པ་ཉིད་དུ་མ་རྟོགས་པ་ནི། །༢༠ ཉི་ཤུ་པོ་དེ་ས་བདུན་པ་གང་ལ་རྣམ་པར་ཆད་པ་དེ་ཡིས་རྐུན་པོ་བྱུང་བ་དང་སྒོ་གཅོད་པ་ལྟར་ས་ནི་བདུན་པ་འཐོབ་པར་འགྱུར་རོ། །གཉིས་པ་གཉེན་པོ་ནི་གོང་གི་སྤང་བྱ་ཉི་ཤུ་པོ་དེ་དག་གི་གོ་རིམ་བཞིན་གཉེན་པོ་འདི་དག་གིས་རིམ་པ་བཞིན་དུ་སྤོང་བ་ཡིན་པས་སོ་སོར་སྦྱོར་ཤེས་པར་བྱ་སྟེ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ངོས་ནས་སྟོང་པ་ཉིད་སྤྲོས་དང་བྲལ་བ་དང་། ༡ དེ་ཡི་ཕྱིར་མཚན་མར་མི་འཛིན་པ་དང་། ༢ ཁམས་གསུམ་ལ་སྲེད་པའི་སྨོན་པ་མེད་པ་སྟེ་རྣམ་པར་ཐར་


MR04_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་གསུམ་ཤེས་པ་དང་། ༣ བྱ་བྱེད་ལས་གསུམ་གྱི་འཁོར་གསུམ་མི་དམིགས་པས་སེམས་རྣམ་པར་དགེ་བ་དག་པ་ཉིད་དང་། སེམས་ཅན་སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེ་དང་ནི། ༥ ཆོས་གང་ལའང་རློམ་པ་མེད་པ་དང་། ༦ སྲིད་པ་དང་ཞི་བའི་ཆོས་ཐམས་ཅད་མཉམ་པ་ཉིད་དང་། ༧ ཐེག་པ་ཐམས་ཅད་མཐར་ཐུག་ཐེག་ཆེན་གྱི་རིགས་སུ་ཚུལ་གཅིག་པར་ཤེས་པ་དང་། ༨ མིང་གཟུགས་གདོད་ནས་མི་སྐྱེ་བར་ཤེས་པ་དང་། ༩ ཁམས་གསུམ་གྱི་རང་བཞིན་སྤྲོས་བྲལ་གྱི་ཆོས་ཟབ་མོ་ལ་མི་སྐྲག་པའི་བཟོད་པ་ཤེས་པ་དང་། ཤེས་བྱའི་ཆོས་རྣམས་ ༡༠ གཟུང་འཛིན་གཉིས་མེད་པས་ཐེག་ཆེན་གྱི་ཐབས་ཀྱི་རྣམ་པ་གཅིག་ཏུ་སྟོན་པ་དང་། ༡༡ གཟུང་འཛིན་གྱི་རྣམ་པར་རྟོག་པ་ཀུན་ཏུ་འཇོམས་པ་དང་། ༡༢ གཙང་བདེ་རྟག་བདག་ཕྱིན་ཅི་ལོག་བཞིའི་འདུ་ཤེས་འཇིག་ཚོགས་ལ་ལྟ་བ་དང་། ལོག་པར་ལྟ་བ་སོགས་དང་། ཆགས་སྡང་རྨོངས་སོགས་ཉོན་མོངས་པ་སྤོང་བ་དང་། ༡༣ གཞན་དོན་དུ་རྣམ་མཁྱེན་ཡིད་བྱེད་རྩེ་གཅིག་བསྒོམ་པའི་ཞི་གནས་ངེས་པར་སེམས་པ་དང་། ༡༤ སངས་རྒྱས་ཀྱི་སྐུ་སྒྱུ་མ་ལྟར་


MR04_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ལྷག་མཐོང་ལ་ནི་མཁས་པ་དང་། ༡༥ ཆོས་རང་བཞིན་མེད་པར་བསྒོམས་པས་ཉེར་ཞི་ཐོབ་པས་སེམས་དུལ་བ་དང་། ༡༦ བདེན་གཉིས་ཀྱི་སྒོ་ནས་གཟུགས་སོགས་ཆོས་ཐམས་ཅད་ལ། ཐོགས་པ་མེད་པའི་ཡེ་ཤེས་དང་། ༡༧ ཆོས་གང་ཡང་མངོན་པར་ཞེན་བྱའི་གནས་ཆགས་པའི་ས་མིན་པར་རྟོགས་པའི་ཡེ་ཤེས་དང་། ༡༨ གར་འདོད་པར། སངས་རྒྱས་ཀྱི་ཞིང་གཞན་དུ་ནི་སྤྲུལ་པའི་ལུས་ཀྱིས་དུས་མཉམ་པར་རྫུ་འཕྲུལ་གྱིས་འགྲོ་བ་དང་། ༡༩ ཉན་རང་བརྒྱ་བྱིན་ཚངས་པས་འདུལ་བ་ལ་དེ་དེར་སྟོན་པས། འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་བདག་གི་ལུས་ཀྱི་ངོ་བོ་ནི། ༢༠ སྟོན་པ་ལུས་དབང་བསྒྱུར་བ་ཉིད་དང་ཡོངས་སྦྱོང་ཉི་ཤུའོ། །ས་བརྒྱད་པའི་ཡོངས་སྦྱོང་བརྒྱད་ནི། མཚན་མ་དང་མཚན་མེད་ལ་རྩོལ་བའི་འདུ་ཤེས་གཉིས་ཀྱིས་མི་གཡོ་བའི་སར་ནི། སེམས་གཅིག་གིས་སེམས་ཅན་ཀུན་གྱི་སེམས་དང་སེམས་བྱུང་གི་ཡིད་ཀྱི་སྤྱོད་པ་བཟང་ངན་ཀུན་ཤེས་པ་དང་། ༡ སངས་རྒྱས་བཞུགས་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་བལྟ་ཕྱིར། མངོན་པར་ཤེས་པས་རྫུ་འཕྲུལ་


MR04_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རོལ་ཞིང་རྩེ་བ་དང་། ༢ རང་ཉིད་སངས་རྒྱས་ཀྱི་ཞིང་རྟེན་ཕྱི་སྣོད་ཀྱི་འཇིག་རྟེན་དག་པ་བཟང་པོར་སྦྱོང་ཕྱིར་སྟོང་གསུམ་ལ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱང་གཏོང་བ་སོགས་ཚོགས་སྒྲུབ་ཅིང་རློམ་པ་མེད་པ་དང་། ༣ མུ་སྟེགས་སོགས་སུན་འབྱིན་ཞིང་ཆོས་རྣམ་དག་སྒྲོགས་པའི་དམ་ཆོས་ཀྱི་དམིགས་པ་ཡོངས་སུ་བརྟགས་པའི་ཕྱིར་སངས་རྒྱས་བསྟེན་པ་དང་། ༤ སྟོབས་བཅུ་ལ་གནས་ཤིང་ལྷ་ཡི་མིག་བསྐྱེད་པའི་སྒོ་ནས་སེམས་ཅན་གྱི་དབང་པོ་ཤེས་པ་དང་། ༥ བརྟེན་པ་ནང་བཅུད་རྒྱལ་བ་ཡི་ཞིང་དུ་སྤྱོང་པ་སེམས་ཅན་གྱི་རྒྱུད་མི་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་དགའ་བར་བྱེད་པ་དང་། ༦ མཉམ་རྗེས་ཐམས་ཅད་དུ་སྒྱུ་མ་ལྟར་ཆོས་གང་ལའང་ཞེན་པས་མི་འཇུག་པའི་ཏིང་ངེ་འཛིན་ལ་གནས་པ་དང་། ༧ གཞན་དོན་དུ་བསམ་བཞིན་རང་དབང་གིས་བསམ་མི་ཁྱབ་འགྱུར་གྱི་སྲིད་པའམ་སྐྱེ་བ་ལེན་པ་དང་། ༨ བཅས་པའི་ལས་ནི་རྣམ་པ་འདི་བརྒྱད་དུ་བཤད་དོ། །ས་དགུ་པའི་ཡོངས་སྦྱོང་བཅུ་གཉིས་ནི། ཆོས་སྟོན་པ་ལ་མཁས་པས་སོ་སོ་ཡང་དག་པ་རིག་པའི་བློ་གྲོས་བཟང་


MR04_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཐོབ་པ་ལེགས་པའི་བློ་གྲོས་ཀྱི་སར། ཕྱིན་དྲུག་རྫོགས་པས་བཟང་པོ་སྤྱོད་པ་སོགས་སྨོན་ལམ་དག་ནི་མཐའ་ཡས་པ་འགྲུབ་ཅིང་འདེབས་པ་དང་། ༡ ངེས་ཚིག་སོ་སོ་ཡང་དག་པར་རིག་པས་ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལ་སོགས་པའི་སྐད་མཐའ་ཡས་པ་ཤེས་པ་དང་། ༢ སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཆུ་བོ་མི་གཏུག་པ་ལྟ་བུ་ཟད་མི་ཤེས་པ་དང་། ༣ བསམ་བཞིན་དུ་ངོ་མཚར་བའི་ལྟས་བཀྲ་ཤིས་པ་མང་པོ་དང་བཅས་སྒྱུ་འཕྲུལ་མ་ལྟ་བུའི་མ་བཟང་པོའི་མངལ་དུ་འཇུག་པ་མཆོག་དང་ནི། ༤ རྒྱལ་པོ་དང་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་སོགས་རིགས་དང་། ༥ ཐུབ་པ་ཉི་མའི་གཉེན་སོགས་ལྟ་བུ་རུས་དང་། ༦ ཕ་མ་བདུན་བརྒྱུད་ཚུན་གྱི་ཉེ་འབྲེལ་གྱི་ཆོ་འབྲང་སྟེ་ཕོ་མོ་སྐྱོན་མེད་པ་དང་། ༧ རང་དབང་བ་ཇི་ལྟར་བགོ་བ་ཉན་པའི་འཁོར་དང་། ༨ འཇིག་རྟེན་གྱི་ཁམས་འོད་ཀྱིས་འགེངས་པ་སོགས་ངོ་མཚར་བའི་ལྟས་དང་བཅས་སྐྱེ་བ་སྟེ་བལྟམས་པ་ལ་བརྒྱ་སྦྱིན་གྱིས་བསྟོད་པ་སོགས་ལྷ་རྣམས་ཀྱིས་བཀུར་བ་དག་དང་ནི། ༩ སངས་རྒྱས་རྣམས་དང་། གནས་གཙང་གི་ལྷས་བསྐུལ་ཏེ་ལྷ་མང་པོའི་ཞབས་རིམ་པ་


MR04_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ངེས་པར་འབྱུང་བ་དང་། ༡༠ རྩ་བ་གསེར། སྡོང་པོ་བཻཌཱུརྱ། ཡལ་ག་རིན་ཆེན་སྣ་བདུན། མེ་ཏོག་རིན་པོ་ཆེ་ལས་གྲུབ་པ་སོགས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཨ་ཤཱདྠ་སོགས་བྱང་ཆུབ་ཀྱི་ཤིང་རྣམས་དང་། ༡༡ རྟེན་སངས་རྒྱས་དང་། བརྟེན་པ་སྟོབས་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་བཅུ་གཉིས་ཡིན་ནོ། །གཉིས་པ་ས་བཅུ་པ་ནི། ཉན་རང་གི་རིགས་ཅན་ཚོགས་སྦྱོར་དུ་གནས་པ་རིགས་ཀྱི་ས། ༡ འབྲས་ཞུགས་ཡས་ནས་བགྲངས་པའི་བརྒྱད་པ་ན་ཡོད་པས་རྒྱུན་ཞུགས་ཞུགས་པ་བརྒྱད་པའི་ས། ༢ རྒྱུན་ཞུགས་འབྲས་གནས་བདག་མེད་པའི་རྣམ་པ་སོགས་བཅུ་དྲུག་རྫོགས་པར་མཐོང་བའི་ས། ༣ ལན་ཅིག་ཕྱིར་འོང་འབྲས་གནས་འདོད་ཉོན་ཕལ་ཆེར་ཟད་པས་སྲབ་པའི་ས། ༤ ཕྱིར་མི་འོང་འབྲས་གནས་འདོད་པ་ལ་འདོད་ཆགས་དང་བྲལ་བའི་ས། ༥ དགྲ་བཅོམ་པ་འབྲས་གནས་ནི་བྱ་བ་བྱས་པ་སོགས་ཉན་ཐོས་ཀྱི་ཡོན་ཏན་བཅོ་ལྔ་དང་ལྡན་པས་བྱས་པ་རྟོགས་པའི་ས། ༦ ཞུགས་པ་ཕྱི་མ་གསུམ་ཉན་ཐོས་ཀྱི་ས། ༧ རང་རྒྱལ་གྱི་རྟོགས་པ་རང་སངས་རྒྱས་ཀྱི་ས། ༨ རབ་


MR04_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ནས་ལེགས་པའི་བློ་གྲོས་བར་བྱང་སེམས་ཀྱི་ས་དགུ་པོ་བྱང་ཆུབ་སེམས་དཔའི་ས་སྟེ། ༩ དེ་ལྟར་ས་དགུ་འདས་ནས་དེ་རྣམས་ཀྱི་སྤངས་རྟོགས་ཡོན་ཏན་ཡར་ལྡན་དུ་རྫོགས་པའི་ཡེ་ཤེས་དེ་ནི་བྱང་སེམས་ཀྱི་ས་ཡིན་ཀྱང་། བྱང་སེམས་གང་གིས་རྗེས་ཐོབ་སངས་རྒྱས་སྤྲུལ་སྐུར་སྟོན་ནུས་པ་དང་ཕྲིན་ལས་སངས་རྒྱས་དང་ཁྱད་པར་མེད་པས་སངས་རྒྱས་ཀྱི་སར་བཏགས་པ་ལ་གནས་པ། དེ་ནི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་མིན་པས་བྱང་ཆུབ་སེམས་དཔའི་ས། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་སྤྲིན་དང་འདྲ་བ་ཡེ་ཤེས་ནམ་མཁའ་ལྟ་བུ་ལ། ཁྱབ་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་ས་བཅུ་པ་ཡིན་པར་ཤེས་པར་བྱའོ། །དེ་ཡང་སའི་མཉམ་བཞག་སྣང་བཅས་ཡིན་ཏེ། དེ་ཁོ་ན་ཉིད་ལ་བཞུགས་ཀྱང་སྣང་རུང་སྟེ་སངས་རྒྱས་བཞིན་ཞེས་གསུངས་པ་འདི་གལ་ཆེ། དེས་ན་མཉམ་རྗེས་དབྱེར་མེད་བདེན་གཉིས་ཟུང་དུ་ཆུད་དུས་ཆོས་ཉིད་ཇི་ལྟ་བ་གཟིགས་པའི་ཡེ་ཤེས་ཀྱི་རང་སྣང་ལ་སྣང་བ་མི་འགོགས་པར་རང་ཤར་བ་དེ་ཡིན་ལ། ལམ་དུས་འཕགས་པའི་


MR04_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་བཞག་སྟོང་པ་ཤས་ཆེ་ཞིང་རྗེས་ཐོབ་ཏུ་སྣང་བ་ཤས་ཆེའོ། །མཉམ་རྗེས་དེ་གཉིས་ཟུང་དུ་ཆུད་པ་ན་སངས་རྒྱས་ཀྱི་ས་ཡིན་ནོ། །དེས་ན་སངས་རྒྱས་ཀྱིས་ཇི་ལྟ་ཇི་སྙེད་ཡེ་ཤེས་གཉིས་པོས་གཟིགས་ཚུལ་དང་། སློབ་ལམ་དུ་མཉམ་བཞག་སྣང་བཅས་སྣང་མེད་མི་འགལ་བའི་གནད་ཤེས་པ་གལ་ཆེའོ། །གཉིས་པ་གཉེན་པོའི་ཚོགས་བསྟན་པ་ནི། ཆོས་ཉིད་མཐོང་བ་དང་། མཐོང་ཟིན་སྒོམ་པའི་ལམ་གྱི་མཉམ་བཞག་གི་སྐབས་དག་ལ། སོ་སོར་སྤང་བྱ་ཀུན་ནས་ཉོན་མོངས་པའི་དངོས་པོ་ཙམ་དང་། གཉེན་པོའི་རྟེན་ཅན་གྱི་གཟུང་བ་གཉིས་དང་། གང་ཟག་རྫས་སུ་ཡོད་པ་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པའི་རྣམ་རྟོག་གཉིས་ཏེ། དེ་ཡང་མཐོང་ལམ་གྱི་སྤང་བྱར་གྱུར་པ་ཀུན་བཏགས་ཀྱི་ཆ་བཞི་དང་། སྒོམ་ལམ་གྱི་སྤང་བྱར་གྱུར་པ་ལྷན་སྐྱེས་ཀྱི་ཆ་བཞི་སྟེ་བརྒྱད་པོ་རྣམས། ཉེ་བར་ཞི་བར་བྱ་བའི་ཕྱིར་དུ། གཉེན་པོ་མཐོང་སྒོམ་གྱི་བར་ཆད་མེད་ལམ་རྣམ་པ་བརྒྱད་ཅེས་བྱ་སྟེ། དེ་ཡང་ཀུན་ཉོན་མཚན་ཉིད་མེད་པའི་ཆོས་རྣམས་ལ་གཟུང་བ་དངོས་མི་


MR04_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་དང་། ཕར་ཕྱིན་ནས་མ་འདྲེས་པའི་བར་གྱི་རྣམ་བྱང་གི་ཆོས་མ་དམིགས་པ་དང་། དགྲ་བཅོམ། རང་རྒྱལ། བྱང་སེམས་འཕགས་གསུམ་སོགས་གང་ཟག་གི་རྫས་མི་དམིགས་པ་དང་། མིང་མཚན་མ་བརྡ་ཐ་སྙད་སོགས་བཏགས་པའི་གཞི་མི་དམིགས་པར་རྟོགས་པ་མཐོང་སྤང་རྣམ་རྟོག་གི་གཉེན་པོ་བཞི་དང་། ཆོས་ཀུན་ལ་གནས་མི་གནས་མི་དམིགས་པ་དང་། ལམ་དང་འབྲས་བུ་མི་དམིགས་པ་དང་། རྒྱུན་ཞུགས་སོགས་གང་ཟག་གི་རྫས་མི་དམིགས་པ་དང་། གང་ཟག་དེ་དག་གི་གདགས་གཞི་མི་དམིགས་པ་སྟེ་སྒོམ་སྤང་རྣམ་རྟོག་གི་གཉེན་པོ་བཞི་བཅས་སོ། །བཞི་པ་ངེས་འབྱུང་སྒྲུབ་པ་ནི། གོང་དུ་བཤད་པའི་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་དག་མཐར་ཕྱིན་པར་བསྒྲུབས་པའི་སྒྲུབ་པ་ཁྱད་པར་ཅན་གྱིས་མཐར་འབྲས་མི་གནས་པའི་མྱང་འདས་ལ་སྒྲིབ་པའི་ཕྱོགས་ཀུན་ལས་འདས་ནས་འབྲས་བུ་བྱང་ཆུབ་ཆེན་པོར་ངེས་པར་འབྱུང་བ་སྟེ། དེ་ཡང་མཐར་ཐུག་གི་ངེས་པར་འབྱུང་བ་ནི་སངས་རྒྱས་ཀྱི་ས་ཡིན་ལ། དེ་ཡང་བར་ཆད་


MR04_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། རྣམ་གྲོལ་ལམ་ལ་ཡོན་ཏན་གྱི་ཆ་ནས་བདུན་དུ་ཕྱེ་ཞིང་བརྒྱད་པོ་དེར་ངེས་པར་འབྱུང་ངོ་། །ཆེད་དུ་བྱ་བ་དང་ཞེས་སྔར་བཤད་པའི་ཆེན་པོ་གསུམ་ནི་ཐོབ་བྱ་མཐར་ཐུག་ཡིན་པས་སྤྱིར་བསྟན། མདོ་ནི། ཐེག་པ་ཆེན་པོ་འདིས་ལྷ་དང་། མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་རོ། །ཞེས་སོགས་ཀྱིས་བསྟན། བྱེ་བྲག་སེམས་ཆེན་པོའི་ཁྱད་པར་གསུམ་སྟེ། མདོར་ཐེག་པ་འདི་ནི་ནམ་མཁའ་དང་མཉམ་པ་སོགས་ཀྱིས་བསྟན་པ་ལྟར། ཤེས་རབ་མཐར་ཕྱིན་པས་ཆོས་ཀུན་མཉམ་པ་ཉིད་དུ་གཟིགས་པ་ལས་མི་གཡོ་བ་དང་། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་ཡོངས་སུ་སྨིན་པས་ཕྱོགས་དུས་ཀུན་ཏུ་སེམས་ཅན་གྱི་དོན་མཐའ་ཡས་པར་མཛད་པ་དང་། དེ་ཡང་གཡོ་རྩོལ་གྱི་འབད་པ་མེད་པར་ལྷུན་གྲུབ་ཏུ་མཛད་པ་དང་གསུམ་མོ། །སྤང་བ་ཆེན་པོའི་ཁྱད་པར་གཉིས་ཏེ། རྟག་ཆད་དམ་སྲིད་ཞིའི་མཐའ་ལས་འདས་པར་ངེས་པར་འབྱུང་བ་དང་། ཐེག་གསུམ་སྤངས་རྟོགས་ཀྱི་རིགས་


MR04_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཐོབ་པའི་མཚན་ཉིད་ཅན་གྱི་ངེས་འབྱུང་སྟེ་སྤང་བ་ཁྱད་པར་ཅན། ཐོབ་བྱ་ཐོབ་བྱེད་ཀྱི་འབྲེལ་པ་དོན་དམ་པར་མི་དམིགས་པ་དང་གཉིས་སོ། །རྟོགས་པ་ཆེན་པོའི་ཁྱད་པར་གཉིས་ཏེ། སེམས་བསྐྱེད་སོགས་ཆོས་བཅུས་མཚོན་པ་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་མཁྱེན་པའི་ཡེ་ཤེས་ཉིད་དེ་མི་སློབ་ལམ་ན་བདུན་དང་། དེ་ལ་བར་མ་ཆད་དུ་སྦྱོར་ནུས་པ། སློབ་ལམ་གྱི་རྡོར་ཏིང་གི་ཡུལ་ཅན་སངས་རྒྱས་ཀྱི་བར་ཆད་མེད་ལམ་གཅིག་ནི་ལམ་གྱི་ཡུལ་ཅན་གྱི་ངེས་འབྱུང་སྟེ། རྣམ་པ་བརྒྱད་ཀྱི་བདག་ཉིད་འདི། མདོ་རྒྱས་པར། ཐོབ་བྱའི་འབྲེལ་པ་མ་གྲུབ་པ་དང་། རྣམ་མཁྱེན་ལམ་གྱི་ངེས་འབྱུང་རྣམས་ལེའུ་བཅུ་བཞི་པ་རབ་འབྱོར་གྱི་ལེའུ་ལས་བསྟན་པའི་དོན། ངེས་འབྱུང་བསྒྲུབ་པ་ཡིན་པར་ཤེས་པར་བྱའོ། །ལེའུའི་སྐབས་བསྡུ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྐབས་ཏེ། དང་པོའི་བཤད་པའོ། །གཉིས་


MR04_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐོབ་བྱེད་ལམ་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ། ལམ་ཤེས་ཀྱི་ཡན་ལག་དང་། ཡན་ལག་ཅན་གྱི་ལམ་ཤེས་སོ། །དང་པོ། ཆོས་བཅུས་མཚོན་པའི་འབྲས་བུ་རྣམ་མཁྱེན་ཐོབ་པ་ཡང་ལམ་ཤེས་ལ་རགས་ལས་པས་འདོད་གཟུགས་ཀྱི་ལྷ་རྣམས་ལམ་ཤེས་སྐྱེ་བའི་སྣོད་དུ་རུང་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི་ཡེ་ཤེས་ལས་སྐྱེས་པ་རང་བཞིན་གྱི་འོད་ཀྱིས། ལྷ་རྣམས་ཀྱི་ལས་ལས་བྱུང་བའི་འོད་དེ་འཛམ་བུ་ཆུ་བོའི་གསེར་གྱི་འགྲམ་ན་སྣག་ཚའི་ཡུག་བཞག་པ་ལྟར་མོག་མོག་པོར་ཟིལ་གྱིས་གནན་ཏེ་ལྷ་རྣམས་ལ་གཟུགས་མཛེས་པ་དང་། འོད་དང་ལྡན་པ་སོགས་ཀྱིས་ང་རྒྱལ་བས་སེམས་རབ་ཏུ་མ་ཞི་བའི་ཉོན་མོངས་ཡོད་པ་འགལ་རྐྱེན་ཡིན་པས་དེ་མེད་པར་མཛད་པ་ནི་ལམ་ཤེས་སྐྱེ་བའི་རྟེན་ཏེ་རྗེས་འཇུག་རྣམས་ཀྱང་ང་རྒྱལ་དང་ཞུམས་སོགས་སྤང་བའི་རྒྱུད་ལ་སྐྱེ་བར་བསྟན་པ་དང་། བརྟེན་པ་ལམ་ཤེས་ཉིད་ལ་ཡང་སྐྱེ་ཚུལ། ངོ་བོ། བྱེད་ལས་གསུམ་ལས། སྐྱེ་ཚུལ་ལམ་ཤེས་དེ་ནི་གནས་སྐབས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་སྐྱེ་བས་


MR04_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ངེས་པ་དང་། མཐར་ཐུག་འགྲོ་བ་ཐམས་ཅད་ལ་བདེ་བར་གཤེགས་པའི་སྙིང་པོ་རིགས་ཡོད་པས། ཉན་རང་སོགས་ཀུན་ཀྱང་ཐེག་པ་ཆེན་པོ་གཅིག་ཏུ་ལམ་ཤེས་སྐྱེ་རུང་གིས་ཁྱབ་པ་དང་། ཐེག་གསུམ་ཐ་དད་དུ་བཞག་པ་ནི་དྲང་དོན་དགོངས་པ་ཅན་ཏེ། ལང་ཀར་གཤེགས་པ་དང་། དམ་པའི་ཆོས་པདྨ་དཀར་པོ་དང་། ལྷ་མོ་དཔལ་ཕྲེང་། སེང་གེ་སྒྲའི་མདོ་སོགས་སུ་གསུངས་པ་ལྟར། དགོངས་གཞི་རེ་ཞིག་ཐེག་པ་གསུམ་དུ་ངེས་པ་དང་། དགོས་པ་དུས་རིང་པོར་ཐོགས་པའི་སངས་རྒྱས་ལ་སྐྲག་པའི་སེམས་ཅན་རེ་ཞིག་ཐེག་པ་གཉིས་ལ་ངལ་བསོ་ནས་སངས་རྒྱས་སུ་དྲང་བའི་ཕྱིར། དངོས་ལ་གནོད་བྱེད། སྒྲིབ་པ་སྤང་དུ་རུང་བ་གློ་བུར་གྱི་དྲི་མ། སྤྲིན་དང་། རྙོག་པ་ལྟ་བུ་ཡིན་པ་དང་། སེམས་ཀྱི་རང་བཞིན་དཔྱིས་ཕྱིན་པ་ན། སྡུག་བསྔལ་གྱི་རྒྱུ་བདག་འཛིན་གྱི་ས་བོན་སྤངས་པ་དང་། ཡང་དག་པར་རྟོགས་པའི་ངོ་བོ་མངོན་དུ་གྱུར་པ་ལ་སྡུག་བསྔལ་གྱི་འཚེ་བ་མེད་པའི་ཕྱིར་དང་། གཉེན་པོ་རྒྱུ་དང་དངོས་འགལ་བདག་མེད་གཉིས་ཀ་ལ་དཔྱོད་པའི་ཤེས་རབ་ཡོད་


MR04_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དང་། སྲིད་པའི་ཉོན་མོངས་ཟད་པས་སྲིད་པར་སྐྱེ་བ་མེད་ཀྱང་ཟག་མེད་ཀྱི་སྐྱེ་བ་ཡོད་པའི་ཕྱིར། ཟག་མེད་ཀྱི་སྐྱེ་བ་ནི་ཉན་རང་དགྲ་བཅོམ་རྣམས་ཟག་མེད་ཀྱི་དབྱིངས་སུ་བརྒྱལ་བ་ལས། སངས་རྒྱས་རྣམས་ཀྱིས་བསྐུལ་བས་བསླངས་ཏེ་དག་པའི་ཞིང་གི་པདྨའི་སྦུབས་སུ་སྐྱེ་བ་ལས་སངས་རྒྱས་ཀྱི་འོད་ཟེར་གྱིས་སད་པར་མཛད་དེ། སེམས་བསྐྱེད་ནས་ལམ་བསྒོམས་ཏེ་སངས་རྒྱས་སུ་འགྱུར་བར་ལང་གཤེགས་ལས་གསུངས་པ་དང་། གཞན་ཡང་འཆི་འཕོ་བ་ལ་རྒྱུན་ཆད་པ་དང་། བསམ་གྱིས་མི་ཁྱབ་པ་གཉིས་ཡོད་པའི་ཕྱི་མ་ཉན་རང་ཡིན་པར་གསུངས་པའི་ཕྱིར། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་བོ། །བརྟེན་པ་ལམ་ཤེས་ཀྱི་ངོ་བོ་ནི། ཉོན་མོངས་པ་རང་དབང་དུ་བྱས་ནས་སྲིད་པ་ཇི་སྲིད་པར་སེམས་ཅན་གྱི་དོན་མཐར་མ་ཕྱིན་བར་དུ་ཡང་དག་མཐའ་མངོན་སུམ་མི་བྱེད་པ་རང་བཞིན་དང་ནི། དེ་ཡང་རང་བཞིན་གྱི་ཉོན་མོངས་དེ་སྙིང་རྗེ་ལ་བཏགས་པའམ། ཐབས་ལ་མཁས་པས་ཀྱང་མི་སྤོང་སྟེ། ཉོན་མོངས་པ་ལ་གཉིས། འཁོར་བར་འཆིང་བྱེད་དང་། བག་ལ་ཉལ་གྱི་ངོ་བོ་གཉིས་ལས་དང་པོ་འཕགས་པ་ལ་མེད། གཉིས་པ་


MR04_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཀྱང་བྱང་ཆུབ་ཀྱི་ཡན་ལག་ཏུ་འགྱུར་བ་སྟེ། མཐོང་ལམ་ཐོབ་ཀྱང་ཟག་མེད་ཀྱི་ལས་དང་། ས་སོ་སོའི་སྤང་བྱ་དེ་རང་དབང་དུ་བསྒྱུར་ནས། དེ་ཆེད་དུ་ཉན་ཐོས་ལྟར་མི་སྤོང་སྟེ། སྲིད་པར་སྐྱེ་བའི་རྒྱུར་ཡོངས་སུ་བཟུང་ནས། དུག་སྨན་དུ་བསྒྱུར་བ་བཞིན་ཉོན་མོངས་པ་བྱང་ཆུབ་ཀྱི་ཡན་ལག་ཏུ་བྱེད་པའི་ཐབས་མཁས་ཏེ། ཐབས་མཁས་དང་ཤེས་རབ་ཀྱིས་ཟིན་པས་ཉོན་མོངས་རང་མཚན་མིན་ཏེ་སངས་རྒྱས་ཀྱི་ཆོས་འགྲུབ་པ་ལ་ཕན་པས་སོ། །དེ་ཡི་བྱེད་ལས་ནི། གདུལ་བྱ་འཁོར་དུ་བསྡུས་ནས་མ་སྨིན་པ་སྨིན་པ་དང་། སྨིན་པ་གྲོལ་བར་བྱེད་པའི་ལས་ཅན་ནོ། །གཉིས་པ་བརྟེན་པ་ལམ་ཤེས་ཀྱི་ཁྱད་པར་ལ། ཉན་ཐོས་ཀྱི་ལམ་ཤེས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའི་ལམ་ཤེས་གསུམ། དང་པོ་ལ། ལམ་གྱི་ངོ་བོ་དང་། དེའི་རྒྱུ་ངེས་ཆ་གཉིས་ལས། དང་པོ། མདོ་ན་དངོས་སུ་གསུངས་པ་ནི་དམིགས་མེད་སྤྲོས་པ་དང་བྲལ་བའི་ཐེག་ཆེན་གྱི་ལམ་ཡིན་ཀྱང་། དེའི་ཤུགས་བསྟན་ཉན་ཐོས་ཀྱི་ལམ་དེའང་དེའི་རིགས་ཅན་གཞན་རྗེས་སུ་འཛིན་པའི་ཆེད་དང་།


MR04_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་རང་ཉིད་ཀྱི་ཤེས་མཐོང་གིས་བལྟས་ནས་འདའ་བར་བྱ་བའི་ཆེད་དུ་ཤེས་པར་བྱ་བ་ཡིན་ནོ། །དེ་ལ་བྱང་སེམས་ཀྱི་ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། དབྱེ་བ་སྐབས་དང་པོར་འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་བཅུ་དྲུག་པོ་ཡིན་ལ། དེའང་མདོ་ལས། ཞི་བ་སོགས་དང་། ནད་དང་འབྲས་སོགས་དང་སྦྱར་ཏེ་དབྱེ་བསྡུ་ཡོད་པ་རྣམ་པའི་ཡུལ་ལྟར་འདྲའོ། །དེ་ཡང་མི་དམིགས་པའི་རྣམ་པ་ནི་ལམ་ཤེས་འདིའི་ཁྱད་པར་ཏེ། ཉན་ཐོས་ཀྱི་ལམ་ནི་འདི་ལྟ་བུའི་ཞེས། བྱང་ཆུབ་སེམས་དཔས་ཇི་ལྟ་བ་བཞིན་ཤེས་ཤིང་དེ་ཡང་རང་བཞིན་མེད་པར་མཐོང་བ་ནི་རང་གི་རྟོགས་པའི་ཁྱད་པར་རོ། །མི་དམིགས་པ་དེ་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་བསྔོ་བ་དམ་པ་དང་བཅས་པའི་སྒོ་ནས་ནི། འཕགས་པ་ཉན་ཐོས་ཀྱི་ལམ་འདི་ཤེས་པར་བྱ་བ་ཡིན་ནོ། །དེའང་བདེན་བཞི་བཅུ་དྲུག་གི་སྡུག་བདེན་ལ། རྐྱེན་ལས་སྐྱེས་པའི་མི་རྟག་པ་དང་། ལས་ཉོན་གྱི་དབང་དུ་གྱུར་པས་སྡུག་བསྔལ་དང་། དོན་གཞན་གྱི་བདག་གིས་སྟོང་པས་སྟོང་པ་དང་།


MR04_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངོ་བོ་བདག་ཏུ་མ་གྲུབ་པས་བདག་མེད་པའོ། །མདོ་ལས་ཕྱི་མ་གཉིས་རྣམ་གྲངས་གཅིག་པས་སྟོང་པའི་མཚན་ཉིད་བདག་མེད་པ་དང་། དེའི་མཚན་ཉིད་ཞི་བའི་རྣམ་པ་ཞེས་གསུངས། ཀུན་འབྱུང་གི་བདེན་པ་ལ། སྲེད་པ་ནད་དང་འདྲ་བ་རྒྱུའི་རྣམ་པ་དང་། འབྲས་དང་འདྲ་བ་ཀུན་འབྱུང་བ་དང་། ཟུག་རྔུ་དང་འདྲ་བར་སྡུག་བསྔལ་དྲག་པོ་རབ་ཏུ་སྐྱེ་བ་དང་། སྡིག་པ་དང་འདྲ་བར་ཡང་སྲིད་ཕྱི་མའི་དེ་མ་ཐག་རྐྱེན་ཏེ། གཞན་སྡུག་ཀུན་ཐུན་མོང་རྣམ་པ་བདུན་ནི། ཕྱིར་རྒོལ་བས་ཕ་རོལ་དང་། རྒྱུན་འཇིག་པའི་ཆོས་ཅན་དང་། མི་གནས་པས་གཡོ་བ་དང་། སྐད་ཅིག་གིས་རབ་ཏུ་འཇིག་པ་དང་། འདི་ཕྱིར་གནོད་པའི་གནས་ཡིན་པས་འཇིགས་པ་དང་། །མི་མ་ཡིན་གྱི་གནོད་པས་གླག་ཐོབ་པས་ནད་འགོ་བ་དང་། འབྱུང་འཁྲུགས་སོགས་གནོད་པའི་གནས་ཡིན་པས་འཆི་བའི་རྣམ་པ་བདུན་ཏེ། དེ་ཡང་སྡུག་ཀུན་གཉིས་མཐོང་ལམ་དུ་ཡིད་འབྱུང་གི་རྣམ་པས་དང་པོ་གཉིས། སྒོམ་ལམ་དུ་འདོད་ཆགས་དང་བྲལ་བྱའི་ངོ་བོས་གཉིས། ལྷག་མེད་དུ་འགོག་


MR04_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་ངོ་བོས་གསུམ་དུ་རོང་སྟོན་གསུངས་སོ། །འགོག་བདེན་ལ། སྡུག་བསྔལ་འགོག་པས་བདག་མེད་པ་དང་། ཉོན་མོངས་ཞི་བ་དང་། ཡོན་ཏན་རྫོགས་པས་གྱ་ནོམ་པ། མི་གཙང་སོགས་ཀྱིས་དབེན་པའི་རྣམ་པ་དང་། སྤང་བྱ་ལས་ངེས་པར་འབྱུང་བ་ནི་རྣམ་ཐར་གསུམ་དང་མངོན་པར་འདུ་བྱེད་པ་མེད་པ་རྣམས་བཞི་པའི་རྣམ་པའོ། །ལམ་བདེན་ལ། མྱང་འདས་ཀྱི་ལམ་དང་། ཉོན་མོངས་པའི་ས་བོན་གྱི་དངོས་གཉེན་དུ་རིག་པ་དང་། སེམས་ཀྱི་གནས་ལུགས་མངོན་སུམ་པར་རྟོགས་པ་བསྒྲུབ་པ་དང་། སྡུག་བསྔལ་གཏན་དུ་ཟད་པར་བྱེད་པའི་ངེས་འབྱིན་ནོ། །དེ་ལྟར་མདོ་ལས་གསུངས་པའི་སྡུག་ཀུན་སོ་སོ་དང་ཐུན་མོང་དུ་བསྟན་པ་བཅོ་ལྔ། འགོག་པའི་རྣམ་པ་བདུན། ལམ་གྱི་བཞི་བཅས་ཉི་ཤུ་རྩ་དྲུག་པོ་དང་། མངོན་པ་ལས་བཅུ་དྲུག་ཏུ་གསུངས་པ་དབྱེ་བསྡུ་ཙམ་ལས་དོན་མཐུན་པར་བསྟན་ཏོ། །གཉིས་པ་ངེས་འབྱེད་ཆ་མཐུན་ནི། མདོ་ལས་གཟུགས་སོགས་ཀྱི་སྟོང་པ་ཐ་དད་དུ་དབྱེར་མེད་པར་བསྟན་པས་ཉན་ཐོས་ཀྱི་དྲོ་བ། གཟུགས་སོགས་མི་དམིགས་པར་བསྟན་པས་རྩེ་མོ།


MR04_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སོགས་དེ་ལ་རྟག་མི་རྟག་པ་ལ་སོགས་པའི་ཚུལ་གྱིས་གནས་པར་བཀག་པས་བཟོད་པ། ས་བཅུ་ལས་བརྩམས་ཏེ་མི་གནས་པའི་ཚུལ་རྒྱས་པར་བརྗོད་པས་ཆོས་མཆོག་མཚོན་ནས་བསྟན་ལ། དེ་ཡང་འཕགས་པ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་རྒྱུད་ལ་སྐྱེ་བའི་རྒྱུ་ལ་ནི། ཐེག་ཆེན་སྦྱོར་ལམ་དུ་མི་རྟག་སོགས་བདེན་པ་བཞི་ལ་དོན་སྤྱིའི་ཚུལ་གྱིས་དམིགས་ནས། གཟུགས་ལ་སོགས་པ་གཟུགས་སོགས་རང་གི་ངོ་བོས་སྟོང་བའི་ཕྱིར། དེ་དག་གི་སྟོང་པ་ཉིད་རྣམས་ཕན་ཚུན་ཐ་དད་དུ་དབྱེར་མེད་པའི་རྣམ་པས་སྦྱོར་ལམ་དྲོ་བ་དང་། གཟུགས་སོགས་དེ་དག་རང་རང་གི་ངོ་བོས་མི་དམིགས་པའི་རྣམ་པས། སྒོམ་པ་རབ་བམ་རྩེ་མོར་གྱུར་པ་དག་ཏུ་འདོད་ལ། གཟུགས་སོགས་ཆོས་དེ་རྣམས་ལ་རྟག་པ་དང་ལ་སོགས་པས་མི་རྟག་པ་དང་། གཉིས་ཀ་གཉིས་མིན་གང་དུའང་མི་རྟོག་པའི་ཚུལ་གྱིས། མཐའ་ལ་བློ་གནས་པ་བཀག་པས་སྒོམ་པ་སྦྱོར་ལམ་བཟོད་པ་རྣམས་བསྟན་པ་སྟེ། འདིས་མཚོན་ནས་སྒྲོ་འདོགས་སོ་གཉིས་དང་བྲལ་བར་ཤེས་


MR04_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །མདོ་ལས་ས་བཅུ་དག་ལས་བརྩམས་ནས་ནི། བྱང་ཕྱོགས་སོ་བདུན་པར་ཆོས་ཐམས་ཅད་ལ་བདེན་ཞེན་གྱིས་མི་གནས་པ་རྒྱས་པར་བསྟན་པ་དེ་ཡིས། སྦྱོར་ལམ་ཆོས་ཀྱི་མཆོག་ཏུ་འགྱུར་བར་བཤད་དེ། དེ་མི་གནས་པ་ཅི་ཡི་ཕྱིར་ཞེ་ན། རྟགས་ནི་ཚད་མའི་སྐྱེས་བུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་ཤེས་བྱའི་ཆོས་རྣམས་བདེན་པར་མ་གཟིགས་པའི་ཕྱིར་ན་མེད་པར་བསྟན་ཏོ། །གཉིས་པ་རང་རྒྱལ་གྱི་ལམ་ཤེས་ལ་གསུམ། བགྲོད་པ་པོ་རྟེན་གྱི་ཁྱད་པར། བགྲོད་བྱ་ལམ་གྱི་ངོ་བོ། དེའི་རྒྱུ་ངེས་འབྱེད་ཆ་མཐུན་གསུམ། དང་པོ་ལ་ཁྱད་པར་དངོས་དང་། དོགས་སྤང་གཉིས། དང་པོ། སྨོན་ལམ་གྱི་མཐུ་དང་རྐྱེན་གྱིས་བྱང་ཆུབ་རྟོགས་པས་རྐྱེན་རྟོགས་སྲིད་པ་ཐ་མ་པའི་ཚེ་སློབ་དཔོན་གཞན་ལ་མ་ལྟོས་པར་རང་སངས་རྒྱས་པས་རང་རྒྱལ། བསྐལ་པ་བརྒྱར་ཚོགས་བསགས་པ་རྫོགས་ནས་མཁས་བྱའི་གནས་ཕུང་ཁམས་སྐྱེ་མཆེད་བདེན་པ་རྟེན་འབྲེལ་གནས་དང་གནས་མིན་དྲུག་ལ་སྦྱངས་ཏེ། སྨོན་ལམ་


MR04_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་དུ་གླིང་གསུམ་གྱི་སྐྱེས་པའི་ལུས་རྟེན་ལ་དུར་ཁྲོད་དུ་ཡིད་སྐྱོ་བའི་རྐྱེན་ལས་ལམ་ལྔ་རྫོགས་པར་བྱས་ཏེ་མི་སློབ་ཐོབ་ཅིང་། སྐུ་གཅིག་པུར་འདུག་པ་བསེ་རུ་ལྟ་བུ་དང་། བསྐལ་པ་བརྒྱའི་སུམ་ཉིས་སམ་སུམ་ཆ་ཙམ་དུ་ཚོགས་བསགས་པས་མཐོང་ལམ་མན་ཐོབ་ནས། སྐྱེ་བ་ཕྱི་མར་ལམ་ལྷག་མ་བགྲོད་ནས་འབྲས་བུ་ཐོབ་ཅིང་། ཟླ་དང་བཅས་པ་ཚོགས་ན་སྤྱོད་པ་སྟེ་སྒྲ་མེད་ལུས་ཀྱི་རྫུ་འཕྲུལ་གྱིས་ཆོས་སྟོན་པ་ཡིན་ནོ། །མདོ་ནི། གནོད་སྦྱིན་གྱི་སྐད་ཤེས་སུ་རུང་གི །རབ་འབྱོར་གྱིས་བསྟན་པ་མི་ཤེས་སོགས་དང་། བསྟན་པ་ཟབ་མོ་ཟབ་པ་ཉེར་སྟོན་སོགས་དང་། རང་ཉིད་ཀྱིས་མངོན་པར་རྟོགས་པ་ཞེས་སོགས་ཀྱིས་བསྟན། རང་རྒྱལ་གྱི་ལམ་སྒོམ་པ་པོའི་གང་ཟག་ནི། རང་བྱུང་སྟེ་བདག་མེད་ཕྱེད་གཉིས་རྟོགས་པའི་ཡེ་ཤེས་ཅན་རང་རྒྱལ་གཉིས་ཀྱིས་ལམ་ཟབ་མོ་བདག་ཉིད་ཀྱིས་རྟོགས་པའི་ཕྱིར་ན། གཞན་གྱིས་བདག་ལ་ཚུར་བསྟན་མི་དགོས་ཤིང་། ཡང་ཞེས་ཕར་སྟོན་མི་དགོས་པ་བསྡུས་ལ།


MR04_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་དོན་བསེ་རུ་ལྟ་བུའི་ཡེ་ཤེས་དེ་ནི་ཉན་ཐོས་ལས་ཟབ་པའམ། མཉམ་བཞག་ཏུ་བརྗོད་པའི་ཡུལ་མིན་པའི་དོན་རྟོགས་པས་ཤེས་པ་ཟབ་པ་དང་། རྗེས་ཐོབ་ཏུ་ངག་གི་འབྲས་རྟགས་ལས་གཏིང་མི་དཔོགས་པས་མ་བརྗོད་པ་ཟབ་པ་ཉིད་དུ་མངོན་པར་བརྗོད་དོ། །འོ་ན་རང་རྒྱལ་གྱི་ཡེ་ཤེས་རྒྱུ་མེད་དུ་འགྱུར་སྙམ་པའམ། སྤྱིར་རང་བྱུང་གི་ཡེ་ཤེས་ཡིན་ན་དེ་ལ་རྒྱུ་མེད་པས་ལམ་གྱིས་སྒྲུབ་ཏུ་མི་རུང་བའམ། ལམ་མ་གོམས་ཀྱང་མངོན་དུ་འགྱུར་རོ་སྙམ་ན། དམིགས་པ་མཐའ་དག་ཞི་བའི་ཡེ་ཤེས་དེ་ལྟ་བུ་ནི་ཟབ་མོའི་དོན་ལ་བཟོད་པའི་ལམ་ཤེར་ཕྱིན་འདི་ལ་མ་བརྟེན་པར་མངོན་དུ་མི་འགྱུར་ཏེ། གློ་བུར་གྱི་དྲི་མས་བསྒྲིབས་ནས་མི་སྣང་བའི་ཕྱིར་རོ། །ཆོས་ཉིད་དེ་བཞིན་ཉིད་དང་དབྱེར་མེད་པར་གཤེགས་པའི་རང་བྱུང་གི་ཡེ་ཤེས་མཐར་ཐུག་པ་ལྟ་ཅི་སྨོས། ཐེག་པ་དམན་པའི་ལམ་གྱིས་ཐོབ་པའི་དེ་བཞིན་ཉིད་སྒྲིབ་པ་ཅི་རིགས་པར་དག་པའང་། དངོས་པོར་ལྟ་བ་བཅད་པའི་སྟོང་པ་ཉི་ཚེ་བའི་དོན་ལ་བཟོད་པའམ་བློས་ལྕོགས་པའི་ཤེར་ཕྱིན་


MR04_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རིགས་སུ་གཏོགས་པའི་མཐུས་ཡིན་པར་བསྟན་པས་ན་རང་རྒྱལ་གྱིས་བདག་མེད་ཕྱེད་གཉིས་ལ་སྔོན་གོམས་པའི་རྒྱུས་སྲིད་པ་ཐ་མ་པར་གྱུར་པ་ན། གཞན་གྱིས་བསྟན་པ་མེད་ཀྱང་དེ་ལྟར་རྟོགས་པ་ནི་འཐད་པ་དང་བཅས་པའོ། །གཉིས་པ་དོགས་སྤང་ནི། འོ་ན་སྒྲ་མེད་པ་དང་ཆོས་བསྟན་པ་འགལ་བས་ཇི་ལྟར་སྒྲ་མེད་པར་ཆོས་སྟོན་ཞེ་ན། གང་ཟག་གང་དང་གང་དག་བརྗོད་བྱའི་དོན་ནི་གང་དང་གང་ལ། ཚུལ་རང་རང་གི་མོས་པ་ཇི་ལྟ་ཇི་ལྟར་ཉན་པར་འདོད་པ། གདུལ་བྱ་དེ་དང་དེ་ལ། བསྟན་བྱའི་དོན་དེ་དང་དེ། རྗོད་བྱེད་སྒྲ་དང་ཚིག་མེད་ཀྱང་ལུས་ཀྱི་རྫུ་འཕྲུལ་གྱི་རྣམ་འགྱུར་དེ་ལ་བལྟས་པས་དེ་ལྟར་སྣང་བ་སྨོན་ལམ་གྱིས་སོ། །གཉིས་པ་ལམ་གྱི་ངོ་བོ་ནི། ཇི་ལྟར་རྨི་ལམ་དང་སྒྱུ་མའི་སྣང་བ་ལ། སྣང་ཡུལ་དེ་ངོ་བོས་མ་གྲུབ་ཀྱང་འཛིན་པ་ལ་དེར་སྣང་མི་ཁེགས་པ་ལྟར་ལམ་དངོས་གཟུང་བ་ཕྱི་རོལ་གྱི་དོན་ལ་ཞེན་པའི་རྟོག་པ་རང་བཞིན་མེད་པར་རྟོགས་པས་སྤོང་བའི་ཕྱིར་དང་། ནང་གི་ཤེས་པ་རང་བཞིན་མེད་པར་མ་རྟོགས་པས་ཡུལ་ཅན་རྣམ་ཤེས་ཀྱི་འཛིན་པ་ལ་


MR04_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་ཞེན་རྟོག་པ་མི་སྤོང་བའི་ཕྱིར་དང་ནི། ལམ་དེ་གང་ལ་བརྟེན་པའི་ཆོས་གཞི་རིགས་ཀྱི་ཁྱད་པར། རྟེན་གྱིས་ཉན་ཐོས་ལས་ཁྱད་པར་འཕགས་ཤིང་ཐེག་ཆེན་གྱི་རྟོགས་རིགས་ལས་དམན་པའི་དབང་པོ་འབྲིང་དུ་གྱུར་པའི་རིགས་ཅན་གྱི་མངོན་རྟོགས་བསེ་རུ་ལྟ་བུའི་ལམ་གྱི་ཡེ་ཤེས་ཡང་དག་པར་བསྡུས་པར་ཏེ་འདུ་བར་ཤེས་པར་བྱའོ། །གསུམ་པ་རྒྱུ་ངེས་འབྱེད་ཆ་མཐུན་ནི། ལམ་རྒྱུ་བདེན་བཞི་ལ་དམིགས་ནས་སྒྲོ་འདོགས་པའམ། ཐ་སྙད་མིང་དུ་བཏགས་ཡོད་ཙམ་མམ་བཏགས་པའི་ཚུལ་ཡང་མི་འདོར་ལ་ཇི་ལྟར་བཏགས་པ་ཡང་དོན་དམ་པར་བརྗོད་དུ་མེད་པའི་ཆོས་དབྱིངས་ལས་མ་འདས་པས་ཆོས་ཉིད་དང་ཡང་མི་འགལ་བར་སྟོན་པའི་རྣམ་པར་གསུངས་པ་དེས་ནི་རང་རྒྱལ་གྱི་སྦྱོར་ལམ་དྲོར་གྱུར་པ་བསྟན་ལ། རྩེ་མོར་གྱུར་པ་ནི། གཟུགས་ལ་སོགས་པའི་ཡུལ་རྣམས་མེད་པའི་ཕྱིར་འགྲིབ་པ་མེད་པ་དང་། འཕེལ་བ་མེད་པ་ལ་སོགས་པས་ཁྱད་པར་དུ་ཕྱེ་བ་ཡིན་ནོ། །ཕྱི་དང་ནང་སོགས་ཆོས་སྣ་ཚོགས་སུ་འཛིན་པ་བཟློག་པའི་དོན་དུ་སྟོང་ཉིད་བཅོ་བརྒྱད་བསྟན་པ་ལྟ་བུ། ནང་སྟོང་ཉིད་ལ་སོགས་པ་


MR04_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ཡིས། སྤང་བྱ་གཟུགས་ལ་སོགས་པ་ཆོས་སྣ་ཚོགས་མི་དམིགས་པས་ཡོངས་སུ་མི་འཛིན་པའི་ཕྱིར་སྦྱོར་ལམ་བཟོད་པ་དང་། གཟུགས་སོགས་ཡུལ་སྐྱེ་བ་དང་འགག་པ་དང་གནས་པ་མེད་པ་སོགས་ཀྱི་རྣམ་པ་ཅན་ནི་འདས་ལམ་དུ་ངེས་པར་འབྱུང་བྱེད་སྦྱོར་ལམ་ཆོས་ཀྱི་མཆོག་ཡིན་ནོ། །ཉན་རང་གི་ལམ་འདི་ཀུན་དངོས་བསྟན་ནི་ཐེག་ཆེན་ཡིན་ལ་ཤུགས་བསྟན་རང་རང་གི་རྟོགས་པ་ཡིན་ནོ། །གསུམ་པ་བྱང་སེམས་ཀྱི་ལམ་ཤེས་ལ། མཐོང་ལམ་དང་སྒོམ་ལམ་གཉིས། དང་པོ་ལ་ངོ་བོ་མདོར་བསྟན། སྒོམ་ཚུལ་གྱི་རྣམ་པ་རྒྱས་པར་བཤད་པ་གཉིས། དང་པོ། ཆོས་མཆོག་གི་མཇུག་ཐོགས་སུ་མི་དམིགས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པས་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་པ་མཐོང་ལམ་སྟེ། ལུས་རྟེན་གླིང་གསུམ་སྐྱེས་པ་བུད་མེད་འདོད་ལྷ་གང་རུང་དང་སེམས་རྟེན་བསམ་གཏན་ས་དྲུག་གང་རུང་ངོ་། །ཟག་བཅས་ཀྱི་བདེན་པ་གཉིས་དང་། །ཟག་མེད་ཀྱི་བདེན་པ་གཉིས་ཏེ་བཞི་ལ་མི་སྐྲག་པའི་བཟོད་པ་དང་། ཤེས་པའི་སྐད་


MR04_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་མ། ཆོས་ཀྱི་མཚན་ཉིད་མངོན་སུམ་པ་དང་། དེ་ལས་རྗེས་སུ་མཐོང་བ་ལས་རྣམ་པ་བཞི་ཡིས་ནི་ལམ་ཤེས་ཉིད་ཀྱི་སྐབས་འདི་ལ་མཐོང་བའི་ལམ། ཕྱིར་མི་ལྡོག་པ་སོགས་ཚེ་འདིའི་ཡོན་ཏན་དང་། ཚེ་རབས་དྲན་པ་སོགས་ཚེ་རབས་གཞན་གྱི་ཕན་ཡོན་དང་བཅས་པ་འདི་ལྟ་བུར་བཤད་དོ། །འདིར་ཤེས་བཟོད་ཀྱི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་ཏུ་སྐྱེ་བར་འདོད་དེ། གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེས་སུ་ཤེས་པ་དང་། དེ་བཞིན་དུ་ཀུན་འབྱུང་གི་དེ་བཞི་དང་། འགོག་པའི་དེ་བཞི་དང་། ལམ་གྱི་དེ་བཞི་སྟེ་བཅུ་དྲུག་སྐྱེ་བར་འདོད་ལ། དེ་ཡང་སྔ་མ་སྔ་མ་སྐྱེས་ནས་ཕྱི་མ་ཕྱི་མས་དེ་ཡུལ་དུ་བྱེད་ཅིང་ཤེས་པ་སོགས་ཀྱི་བཞེད་པ་དུ་མ་ཡོད་ཀྱང་། འདོད་ཁམས་ཀྱིས་བསྡུས་པའི་ཆོས་ལ་བདེན་པ་བཞི་མཐོང་བ་རྣམས་ལ་ཆོས་ཀྱི་བཟོད་ཤེས་དང་། ཁམས་གོང་མ་གཉིས་ཀྱི་དེ་བཞི་ལ་རྗེས་སུ་བཟོད་ཤེས་ཞེས་བྱ་ལ། བཟོད་པ་ནི་བདེན་པ་མངོན་སུམ་


MR04_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་གཉེན་པོ་བར་ཆད་མེད་ལམ་ཟག་མེད་ཀྱི་ཤེས་རབ་དང་། ཤེས་པ་ནི་དེའི་རྣམ་གྲོལ་ལམ་མོ། །བཅུ་དྲུག་པོ་འདི་དག་རིམ་ཅན་དུ་སྐྱེ་བ་དང་། ཅིག་ཆར་དུ་སྐྱེ་བ་དང་སོ་སོའི་འཇོག་ཚུལ་བཞེད་པ་འགའ་ཡོད་ཀྱང་། ཆོས་ཐམས་ཅད་བདག་མེད་པའི་དོན་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱིས་བྱ་བ་རྫོགས་པའི་སྐད་ཅིག་མ་དེས་ཁམས་གསུམ་གྱི་བདེན་བཞིའི་ཆོས་ཉིད་རྫོགས་པར་རྟོགས་པ་ལ་ལྡོག་ཆས་བཅུ་དྲུག་ཏུ་དབྱེ་བ་ཙམ་དུ་བཞེད་པ་ནི་དོན་ལ་གནས་ཤིང་ཁྱད་པར་དུ་ཆོས་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་དུ་གཟིགས་པའི་ཐེག་ཆེན་གྱི་ལུགས་ལ་ནི་དེ་ལྟར་ཆེས་འཐད་པ་ཉིད་དོ། །འོན་ཀྱང་བདེན་བཞིའི་རྣམ་པ་ཅན་གྱི་སྤྲོས་བཅས་ཀྱི་ཤེས་རབ་ལ་ནི་སྡུག་བསྔལ་དང་། དེའི་རྒྱུ་ཀུན་འབྱུང་དང་། དེ་འགོག་པ་དང་། ལམ་གྱི་རིམ་པས་ངེས་པ་རིམ་ཅན་སྐྱེས་ནས་བདེན་བཞི་མཐོང་བའི་བྱ་བ་རྫོགས་པ་ཡང་ཡོད་དོ། །གཉིས་པ་ལ་རྒྱས་བཤད་དང་། དོན་བསྡུ་བའོ། །དང་པོ་ལ་སྡུག་ཀུན་འགོག་ལམ་གྱི་རྣམ་པ་བཞི་ལས། དང་པོ། འདིར་སྡུག་


MR04_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འགོག་ལམ་ལ་རང་བཞིན་མེད་པར་རྟོགས་པའི་རྣམ་པ་རང་གི་ངོ་བོ་ཙམ་གནས་སྐབས་གདུལ་བྱའི་བློ་ངོ་ལྟར་ཐ་དད་པར་བསྟན་ནས་ཤུགས་ལ་མཐོང་ལམ་གྱི་ཡེ་ཤེས་སྐད་ཅིག་བཅུ་དྲུག་བསྟན་པ་དེ་དག་ཀྱང་ཕལ་ཆེར་རྟོགས་རྣམ། ཕལ་ཆེར་མཉམ་བཞག་གི་སྟོབས་ཀྱིས་དྲང་བའི་རྗེས་ཐོབ་ལ་འདི་དང་ཕྱི་མར་འབྱུང་བའི་ཕན་ཡོན་སོགས་སོ། །དེ་ཡང་ཡུལ་སྡུག་བདེན་གཟུགས་སོགས་ཀྱི་དེ་བཞིན་ཉིད་ཡུལ་དང་། ཡུལ་ཅན་དེ་རྟོགས་པ་ཤེར་ཕྱིན་དེ་ནི་སངས་རྒྱས་ཞེས་བྱ་སྟེ། དེ་དག་ཕན་ཚུན་བརྟེན་པ་དང་། རྟེན་གྱི་དངོས་པོར་བདེན་པར་མེད་ཕྱིར། དེ་ལྟར་ཡུལ་ཡུལ་ཅན་དང་གཅིག་ཐ་དད་སོགས་ཀྱི་རྣམ་གྲངས་གང་གིས་ཁས་མི་ལེན་པ་སྟེ་རིས་སུ་བཅད་དུ་མེད་པས་ཁས་བླངས་ཐམས་ཅད་དང་བྲལ་བར་རྟོགས་པའི་ཡེ་ཤེས་ནི་རང་སྐལ་སྤང་བའི་ཕྱིར་སྡུག་བསྔལ་ཆོས་བཟོད་ཀྱི་ཡེ་ཤེས་དང་། སྡུག་བདེན་གྱི་གཟུགས་སོགས་དེ་དག་སྐྱེ་འགགས་གནས་བྲལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཆེན་པོ་ཡིན་ཞིང་ཡུལ་ཅན་ཤེར་ཕྱིན་ཡང་དེ་ཡིན་པས་སྡུག་བསྔལ་ལ་ཆོས་ཤེས་པའི་རྣམ་པ་དང་།


MR04_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་པ་དེ་འཇལ་བྱེད་ཀྱི་ཚད་མ་ཡུལ་ཅན་ཀྱང་དམིགས་སུ་མེད་པར་བཅས་པ་སྡུག་བསྔལ་རྗེས་བཟོད་ཀྱི་རྣམ་པ་ཅན་དང་། གཟུགས་སོགས་དེ་དག་ཡེ་ནས་མཉམ་པ་ཉིད་ནམ་མཁའ་ལྟར་ཚད་མེད་པའི་ཆོས་དབྱིངས་ཀྱི་ངོ་བོ་ཡིན་པས་སྡུག་བསྔལ་རྗེས་ཤེས་ཀྱི་རྣམ་པ་སྟེ་སྡུག་བདེན་གྱི་སྐད་ཅིག་མའི་རྣམ་པ་བཞི་དང་། གཉིས་པ་ནི། ཀུན་འབྱུང་བ་ཟག་བཅས་ཀྱི་རྒྱུར་གྱུར་པའི་གཟུགས་སོགས་དམིགས་པ་རྣམ་བདེན་དངོས་མེད་པས་རྟག་ཆད་སོགས་ཀྱི་མཐའ་ལ་གནས་པ་མེད་པ་ཀུན་འབྱུང་ཆོས་བཟོད་དང་། ཤེར་ཕྱིན་དེར་གནས་པ་དེ་ཀུན་འབྱུང་གི་གཟུགས་ལ་སོགས་པ་ལ་ཆོས་དབྱིངས་གདོད་ནས་དག་པར་རྟོགས་པས་སངས་རྒྱས་ཉིད་དུ་ངེས་པར་འཛིན་པ་ཀུན་འབྱུང་ཆོས་ཤེས་དང་། ཀུན་འབྱུང་གི་ཆོས་ཀུན་ལ་བླང་བ་མེད་ཅིང་དོར་བ་མེད་པ་སོགས་པས་སྐྱེ་འགག་མེད་པར་སྒོམ་པ་དེའི་ཕན་ཡོན་དེ་ལྟར་གནས་པ་ལ་བདུད་ཀྱིས་གླགས་མི་རྙེད་པར་གསུངས་པ་ཀུན་འབྱུང་རྗེས་བཟོད་དང་། བདེན་འཛིན་མེད་པའི་བྱམས་པ་ལ་སོགས་དང་ཞེས་


MR04_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་བཞི་སྒོམ་པ་འབྱོངས་པ་སྟེ། དེའི་ཕན་ཡོན་འགོག་པ་ལས་སྲུང་ཞིང་བསླང་བ་དང་། སྦྱིན་སོགས་བསྟན་པའི་ཕྱིར་ཉམ་ང་བ་སྤང་བ་སོགས་བཅས་པ་ཀུན་འབྱུང་རྗེས་ཤེས་ཀྱི་རྣམ་པ་སྟེ་ཀུན་འབྱུང་གི་སྐད་ཅིག་བཞིའོ། །གསུམ་པ་ནི། རྟོགས་བྱ་སྟོང་པ་ཉིད་ཀྱིས་དངོས་པོ་རྣམས་འགོག་པ་མ་ཡིན་གྱི་དངོས་པོ་ལ་མེད་བཞིན་འདུ་ཤེས་སྣ་ཚོགས་ཀྱིས་དམིགས་པ་དེ་ཡུལ་རང་བཞིན་མེད་པར་མཐོང་བས་དེར་ཞེན་པ་བཤིག་ཅིང་གཟུགས་སོགས་ཀྱི་ངོ་བོ་གཉུག་མ་རང་བཞིན་སྟོང་ཉིད་བཅུ་དྲུག་ཏུ་སྒོམ་པ་འགོག་པ་ཆོས་བཟོད་དང་། ཆོས་ཀུན་ཡེ་ནས་སྟོང་པ་འགོག་པ་ཡང་དག་པའི་མཐའ་ལ་དམིགས་པས་ཚད་མེད་ཆོས་ཀྱི་དབྱིངས་དང་མཉམ་པའི་དགེ་རྩས་སངས་རྒྱས་ཀྱི་ཞིང་སྦྱོང་ཞིང་འབྲས་བུ་སངས་རྒྱས་ཉིད་ནི་ཐོབ་པ་ཅན་གྱི་འགོག་པ་ཆོས་ཤེས་དང་། བྱེད་ལས་གཉེན་པོ་རྣམ་པར་བྱང་བའི་རིགས་ཀུན་ཤེར་ཕྱིན་དུ་ཡོངས་སུ་བསྡུས་པའི་ཡོན་ཏན་དང་ལྡན་པ་འགོག་པ་རྗེས་བཟོད་དང་། ཕྱི་ནང་གི་འཇིགས་པ་ཉམ་ང་བ་དང་། རྩི་མཆོག་མ་གི་ཏའི་དཔེས་ནད་གདོན་


MR04_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་འཚེ་ཀུན་སེལ་བའི་ཕན་ཡོན་ཅན་གྱི་ཡེ་ཤེས་འགོག་པ་རྗེས་ཤེས་དང་བཞི་ནི་འགོག་པའི་སྐད་ཅིག་བཞིའོ། །བཞི་པ་ནི། སེམས་ཅན་དང་མྱང་འདས་དོན་དམ་པར་མ་གྲུབ་པས་གཟུགས་ནས་མྱ་ངན་ལས་འདས་ཀྱི་བར་ལ་མངོན་ཞེན་གྱི་འཛིན་པ་ཞི་བ་ཉིད་དེ་དོན་དམ་པར་མྱང་འདས་ཐོབ་པ་མི་དམིགས་པར་རྟོགས་པའི་ཡེ་ཤེས་ནི་ལམ་བདེན་གྱི་ཆོས་ཉིད་མཐོང་བའི་བཟོད་པའི་རྣམ་པ་དང་། ཕྱོགས་བཅུའི་སངས་རྒྱས་དང་ལྷ་རྣམས་ཀྱིས། རང་གིས་བྱས་པ་དང་། སེམས་ཅན་གཞན་གྱི་གནོད་པ་དང་། དེ་མ་ཡིན་པ་རྐྱེན་ལས་བྱུང་བ་ལུས་ཀྱི་ནད་སོགས་སམ་ཕྱི་རོལ་གྱི་འབྱུང་བའི་གནོད་པའམ། ཡང་ན་མི་དགེ་བའི་ལས་ཀྱི་འབྲས་བུ་མཐོང་ཆོས་དང་། སྐྱེས་ནས་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་གནོད་པ་གསུམ་ལས་སྲུང་བ་དང་། ལ་སོགས་པས། སྐྱོབས་པ་དང་། སྤ་བར་མཛད་པ་ནི་ལམ་ལ་ཆོས་ཤེས་པ་དང་། སྲོག་མི་གཅོད་པ་ལ་སོགས་པ། དགེ་བཅུ་སྔོན་དུ་འགྲོ་བས་རྣམ་པ་ཀུན་མཁྱེན་ལ་འཇུག་པའི་ཚུལ་ལམ་རྒྱུ་ལ་ནི། བདག་ཉིད་གནས་ཏེ་སེམས་ཅན་


MR04_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དག་དེ་ལ་འགོད་པ་ལམ་རྗེས་བཟོད་དང་། སྦྱིན་པ་ལ་སོགས་པ་དགེ་རྩ་མི་ཟད་པར་འདོད་པས། དྲན་པ་དང་བྱམས་པའི་སྟོབས་ཀྱིས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ནི་ལམ་རྗེས་ཤེས་སོ། །གཉིས་པ་དོན་བསྡུ་དེ་ལྟར་ན་ལམ་ཤེས་ཉིད་ཀྱི་སྐད་ཅིག་མ་བཅུ་དྲུག་ནི་ས་དང་རྣམ་པའི་སྒོ་ནས་ཕྱེ་ཡང་། དོན་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཐོང་བའི་ཡེ་ཤེས་དེས་བདེན་པ་བཞི་ཡི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་གཟིགས་པ་ཁོ་ན་ཡིན་ནོ། །གཉིས་པ་ལ་སྒོམ་ལམ་གྱི་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་དངོས་གཉིས། དང་པོ། མཐོང་ལམ་མ་ཐོབ་པའི་རྗེས་སུ་དེའི་གོང་དུ་གྱུར་པའི་རྣལ་འབྱོར་སྒོམ་པ་སྒོམ་ལམ་སྟེ། ལུས་རྟེན་མཐོང་ལམ་གང་ལ་སྐྱེ་བའི་རྟེན། སེམས་རྟེན་བྱང་སེམས་ཐབས་ལ་མཁས་པས་བསམ་གཏན་དུ་མ་ཟད་འདོད་སེམས་དང་སྲིད་རྩེ་ལ་ཡང་བརྟེན་པར་གསུངས། ལམ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་སྒོམ་ལམ་གྱི་ཕན་ཡོན་བཤད་དེ། མཉམ་པར་བཞག་མ་བཞག་ཐམས་ཅད་དུ་སེམས་ལ་རང་དབང་བས་རྣམ་པ་ཀུན་ནས་ཞི་བ་དང་ང་རྒྱལ་མེད་པས་དགེ་བའི་བཤེས་གཉེན་དང་གཞན་སྐྱེ་བོ་


MR04_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་འདུད་པ་དང་། གཉེན་པོ་སྟོབས་ལྡན་ཐོབ་པས་འདོད་ཆགས་སོགས་ཟིལ་གྱིས་གནོན་ཅིང་ཉོན་མོངས་པ་ལས་རྒྱལ་བ་དང་། དེ་ཡི་ཕྱིར་ཕ་རོལ་གྱིས་མེ་ཆུ་དུག་མཚོན་སོགས་གནོད་པས་བཅོམ་པའི་ཡུལ་མིན་པའམ་གནོད་པས་བརྫི༷་བ་མེད་པ་ཉིད་དང་། འདི་སྐབས་མདོ་ལས་ཀཱ་ཁོར་ཏ་དང་མེ་ཆུ་སོགས་གསུངས་པའི་ཀཱ་ཁོར་ཏ་ནི་བྱད་ཀྱི་མིང་ངམ་བྱང་ཤར་ཕྱོགས་ཀྱི་མི་མ་ཡིན་པའི་རིགས་སུ་གསུངས། མཐར་ཐུག་གི་འབྲས་བུ་བླ་མེད་རྫོགས་པའི་བྱང་ཆུབ་འགྲུབ་པ་དང་ནི། གནས་སྐབས་བྱང་སེམས་སྒོམ་ལམ་པ་གནས་པའི་ཡུལ་རང་ཉིད་འདུག་པའི་རྟེན་ནམ་ཕྱོགས་དེ་གཞན་གྱི་མཆོད་པའི་ཡུལ་ཉིད་དེ། བྱང་ཆུབ་སྙིང་པོ་རྡོ་རྗེ་གདན་བཞིན་དུ་ཡུམ་གླེགས་བམ་ལ་བྲིས་ནས་བཞག་པའི་ས་དེར་ཡང་། ལས་ཀྱི་རྣམ་སྨིན་མ་གཏོགས་མི་དང་མི་མིན་གྱི་གླགས་མི་རྙེད་དེ། ས་ཕྱོགས་དེ་མཆོད་རྟེན་དུ་འགྱུར་བར་ཡུམ་མདོ་ལས་གསུངས་སོ། །དེ་ལྟར་རང་རྒྱུད་དུ་གཏོགས་པ་ལྔ་དང་། གཞན་རྒྱུད་དུ་གཏོགས་པ་གཅིག་ལས། དང་པོ་ལའང་། གནས་སྐབས་ཀྱི་བཞི་དང་། མཐར་ཐུག་གཅིག་སྟེ་ལྔ་པོ་ཕྱི་


MR04_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ནང་མཐུན་རྐྱེན་ལྡན་པ་དང་ཉེར་འཚེ་སྤོང་པའོ། །གཉིས་པ་ལ། རྗེས་ཐོབ་ཟག་བཅས་དང་། མཉམ་བཞག་ཟག་མེད་གཉིས་ལས། དང་པོ་ལ། མོས་པ། བསྔོ་བ། ཡི་རང་སྒོམ་ལམ་གསུམ། དང་པོ་ལ། མོས་པ་དངོས་དང་། དེའི་ཕན་ཡོན་གཉིས། དང་པོ། སྤྱིར་ཟག་བཅས་ཟག་མེད་ཀྱི་སྒོམ་ལམ་འདི་གཉིས་ལ་ཡེ་ཤེས་ཞབས་ཀྱིས་དག་པ་འཇིག་རྟེན་པའི་ཡེ་ཤེས་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཞེས་རྣམ་གཞག་མཛད་དེ། དེ་ཡང་མོས་པ་ལ་མོས་པའི་ཡུལ་གཙོ་བོར་འབྲས་ཡུམ་དང་། དེ་སྟོན་པའི་ཡུམ་གཞུང་དང་དེའི་དོན་རྟོགས་པས་ལམ་ཤེར་ཕྱིན་གྱིས་དོན་གསུམ་ལྷག་པར་སྒྲུབ་ནུས་སུ་མོས་པ་སྟེ། མ་དག་ས་བདུན་གྱི་རྗེས་ཐོབ་ན་ཉོན་ཡིད་མ་སྤང་པས་ང་རྒྱལ་ཕྲ་མོའམ་ངར་འཛིན་ཕྲ་མོས་འབྱུང་བའི་ཕྱིར་རང་གི་དོན་གྱི་མོས་པ་དང་ནི། ས་བརྒྱད་པ་དང་དགུ་པར་ཉོན་མོངས་པའི་ཡིད་གནས་གྱུར་པས་བདག་གཞན་མཉམ་ཉིད་དེ་མངོན་དུ་གྱུར་པས་རང་གཞན་གཉིས་ཀའི་དོན་དུ་མོས་པ་དང་། ས་བཅུ་པར་གཞན་དོན་སངས་རྒྱས་དང་ཆ་འདྲ་བས་གཞན་དོན་མོས་པ་སྟེ། རྩ་བའི་དབྱེ་བ་རྣམ་པ་གསུམ་དུ་ཤེས་པར་བྱ་ཞིང་དེ་


MR04_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ནི། ནང་གསེས་མོས་པ་གོང་ནས་གོང་དུ་སོང་བས་ཆུང་དང་འབྲིང་དང་ཆེན་པོ་སྟེ། སོ་སོར་རྣམ་པ་གསུམ་དང་ཡན་ལག་གི་དབྱེ་བས་དགུར་འདོད་དོ། །ཉིང་ལག་གིས་ཆུང་ངུའི་ཆུང་ངུ་། ཆུང་ངུའི་འབྲིང་། ཆུང་ངུའི་ཆེན་པོ་སོགས་དབྱེ་བ་ཡིས། དགུ་པོ་དེ་ཡང་རེ་རེ་ནས་རྣམ་པ་གསུམ་གསུམ་དུ་ཕྱེ་བ་དེ་ལྟར་ན། མོས་པ་ལ་རྣམ་པ་ཉི་ཤུ་རྩ་བདུན་དུ་འདོད་དོ། །རང་དོན་མོས་པ་དགུ་པོའི་མདོ་ནི། ཤེར་ཕྱིན་གླེགས་བམ་ལ་བྲིས་ཏེ་སོགས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་པ་བས་ཤེར་ཕྱིན་མཆོད་པ་འཕགས་ཚུལ་ནས། སྟོང་ཆེན་མཆོད་རྟེན་གྱིས་བཀང་བ་ལས་འཕགས་ཚུལ་བར་དང་། གཉིས་དོན་མོས་པ། སྟོང་ཆེན་སེམས་ཅན་ཇི་ཡོད་རེ་རེས་མཆོད་རྟེན་བྱས་པ་ལས་འཕགས་པ་ནས། ལྷ་ཡི་ཚོགས་ཐམས་ཅད་འོང་བ་ནས་མིའི་བར་དང་། གཞན་དོན་མོས་པ། བྲིས་ཏེ་འཆང་བ་ཙམ་ནས། ཕྱོགས་བཅུ་རིང་བསྲེལ་གྱིས་གང་བ་ལས་འཕགས་པ་དང་། ཤིང་གི་གྲིབ་མའི་དཔེས་ཤེར་ཕྱིན་གྱིས་ལམ་ཚུལ་གཅིག་བྱེད་པའི་བར་རོ། །གཉིས་པ་ཕན་ཡོན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་


MR04_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་ལ། མོས་པའི་གནས་སྐབས་ཀྱི་བྱང་སེམས་དེ་རྣམས་ལ་ནི། རྒྱལ་བ་སྲས་བཅས་ཀྱིས་སྤྲོ་བ་བསྐྱེད་པར་མཛད་དེ། དེ་ཡང་སངས་རྒྱས་རྣམས་ཀྱིས་མོས་མཁན་དེ་ལ། བསྟོད་སོགས་གོང་འཕེལ་གྱི་ཐུགས་དགྱེས་ཆགས་དགུ་ཚན་གསུམ་གྱིས་སྒྲོ་སྐུར་བྲལ་བར་རང་དོན་ལ་བསྟོད་པ་དང་། གཉིས་དོན་ལ་བཀུར་པ་དང་ནི། གཞན་དོན་ལ་ཡོན་ཏན་རྒྱ་ཆེ་བའི་བསྔགས་པར་རེ་རེ་ལ་དགུ་ཚན་རེ་སྟེ་ཉེར་བདུན་དུ་འདོད་དོ། །དེ་ཡང་ཡུམ་མདོར་བསྟོད་པ་ནི། ཤར་ཕྱོགས་གངྒཱའི་ཀླུང་སྙེད་ཞིང་སྐུ་གདུང་གིས་བཀང་བ་ལས་ཤེར་ཕྱིན་ལམ་སོགས་དང་། བཀུར་བ་དང་པོ་འཛམ་གླིང་གི་སེམས་ཅན་ཕྱིར་མི་འོང་གི་འབྲས་ལ་བཞག་པ་ལས་འཕགས་ཚུལ་སོགས་ཀྱིས་གསུངས། བསྔགས་པའང་སེམས་ཅན་དེ་སྙེད་ཅིག་ཕྱིར་མི་འོང་འབྲས་ལ་བཀོད་པ་ལས་འཕགས་སོགས་གསུངས་སོ། །གཉིས་པ་བསྔོ་བ་བསྒོམ་ལམ་ནི། མོས་པ་ལས་བྱུང་བའི་ཟག་བཅས་ཟག་མེད་ཀྱི་དགེ་བ་ཐམས་ཅད་དམིགས་ཡུལ་དུ་བྱས་ནས་སེམས་ཅན་ཀུན་དོན་དུ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྒྱུར་བའི་འདུན་པ་མཚུངས་ལྡན་དང་བཅས་པ་བསྔོ་བ་སྟེ། དེའང་


MR04_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བྱས་འདུས་མ་བྱས་ཀྱི་དགེ་བ་གང་རུང་མཚོན་བྱར་བྱས་ནས་འདུན་པ་བསྒྱུར་བའོ། །བསྔོ་བ་འདི་ལ་སློབ་དཔོན་འཕགས་པས་རྐང་པ་དང་པོ་བསྔོ་བའི་ཁྱད་པར། གཉིས་པ་བྱེད་ལས། ལྷག་མ་ངོ་བོ་སྟེ་བཅུ་གཅིག་ཏུ་བཞེད། སེང་བཟང་བཅུ་གཉིས་སུ་བཞེད། སྒོམ་ལམ་པའི་དགེ་རྩ་རྣམ་མཁྱེན་དུ་ཡོངས་སུ་བསྔོ་བ་ཉན་རང་གི་ཡིད་བྱེད་སྤང་པའི་ཐབས་ཤེས་ཁྱད་པར་ཅན་དེ་ཡི་བྱེད་པ་རིགས་ཅན་གསུམ་ལ་ཐེག་གསུམ་སྟོན་པ་བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་མཆོག་ཡིན་ནོ་ཞེས་ངོ་བོ་ངོས་བཟུང་། དེ་ལ་ནི་ལྡོག་པས་དབྱེ་ན་བཅུ་གཅིག་ལས། དང་པོ་བསྔོ་བྱ་ཚུལ་ཁྲིམས་སོགས་དགེ་བ་དེ་བདེན་པར་དམིགས་སུ་མེད་པའི་རྣམ་པ་ཅན་དང་། ༡ བསྔོ་བྱེད་སེམས་དང་བདག་སོགས་མེད་པས་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དོ། །༢ བསྔོ་བའི་ངོ་བོ་བསོད་ནམས་མངོན་པར་འདུ་བྱེད་པ་དེ་དང་དེར་བདེན་འཛིན་གྱིས་དབེན་པ་དང་། ༣ སངས་རྒྱས་བཅོམ་ལྡན་འདས་ཉན་རང་དང་བཅས་པའི་དགེ་བ་དང་རང་གི་བསོད་ནམས་ཀྱི་ཚོགས་ལ་མཆོག་དམན་ནམ་བཟང་ངན་གཉིས་ཀྱི་ཞེན་པ་མེད་པ་


MR04_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་སྒྱུ་མ་ལྟ་བུར་དྲན་པའི་སྤྱོད་ཡུལ་ཅན་དང་། ༤ དེ་ཡང་སྦྱིན་སོགས་དམིགས་པ་མེད་པའི་ཤེས་རབ་དང་རྣམ་མཁྱེན་ཡིད་བྱེད་ཀྱི་ཐབས་མཁས་དང་བཅས་པའི་ཕྱིན་དྲུག་གི་དགེ་བར་བཟང་ངན་དུ་ཞེན་པ་འགོག་པ་དང་། ༥ འཁོར་གསུམ་དམིགས་པའི་མཚན་མ་མེད་པའམ་དངོས་མེད་ཁོ་ནར་འཛིན་པའི་མཚན་མའང་མེད་པས་བསྔོ་བྱ་ཀུན་ལ་བདེན་ཞེན་འགོག་པ་དང་། ༦ དེའི་ཡོན་ཏན་སངས་རྒྱས་ཀྱིས་ཐ་སྙད་རྟེན་འབྲེལ་སྒྱུ་མར་མཁྱེན་པས་རྗེས་སུ་ཡི་རང་བར་མཛད་ཅིང་གནས་པའི་བསྔོ་བ་ཟུང་འཇུག་ཏུ་དང་། ༧ ཡང་ན་སངས་རྒྱས་ཀྱིས་ཇི་ལྟར་བསྔོས་པ་བཞིན་དུ་བསྔོས་པས་ཀྱང་ངོ་། །འཁོར་བའི་རྒྱུར་མི་བསྔོ་བས་ཁམས་གསུམ་དུ་གཏོགས་པ་མ་ཡིན་པ་སྟེ་ཞེན་པ་མེད་པ་དང་། ༨ སྟོང་གསུམ་གྱི་སེམས་ཅན་དགེ་བ་བཅུ་དང་བསམ་གཟུགས་ཚད་མེད་མངོན་ཤེས་ལྔ་ལ་བཀོད་པའི་བསོད་ནམས་ལས་ཀྱང་ཆེས་འཕེལ་བའི་བསོད་ནམས་ཆེན་པོ་འབྱུང་བ་བསྔོ་བ་ཆུང་ངུ་དང་། ༩ སྟོང་གསུམ་གྱི་སེམས་ཅན་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་བར་ལ་


MR04_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པའི་བསོད་ནམས་ལས་ཀྱང་འཕེལ་བ་བསྔོ་བ་འབྲིང་དང་། ༡༠ སྟོང་གསུམ་གྱི་སེམས་ཅན་རྫོགས་བྱང་དུ་ཞུགས་པ་ཕྱོགས་བཅུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ལ་དུས་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་མང་པོར་བདེ་བའི་ཡོ་བྱད་ཐམས་ཅད་སྦྱིན་པ་ལས་བསོད་ནམས་ཆེས་འཕེལ་བ་བསྔོ་བ་ཆེན་པོ་ཡི་མདོ་ལས་གསུངས་པའི་བསྔོ་བ་གཞན་ནི་རྣམ་པ་གསུམ་པོ་ལ་མ་ཆགས་པའི་དགེ་བ་འཕགས་ཚུལ་ནི། གོང་གི་དགེ་བ་དེ་དག་དམིགས་པའི་འདུ་ཤེས་ཅན་གྱི་བསོད་ནམས་འདུ་བྱེད་པ་ཡིན་ལ། དེས་ཆོས་ཀྱི་དབྱིངས་ཀྱི་ཡོངས་སུ་བསྔོ་བ་དམིགས་པ་མེད་པ་ལས་བྱུང་བའི་དགེ་བ་བསོད་ནམས་འདིའི་བརྒྱ་ཡི་ཆར་ཡང་མི་འགྲོ་བ་ནས་བྱེ་བ་ཁྲག་ཁྲིག་གི་ཆ་དང་རྒྱུར་ཡང་མི་བཟོད་པར་གསུངས་པ། བསོད་ནམས་ཆེན་པོ་སོགས་གསུམ་འབྱུང་བ་ནི། མ་ཆགས་མི་དམིགས་པའི་བསྔོ་བ་འདི་ལྟ་བུ་ལ། བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་དཔེས་བསྟན་པ་སྟེ། ཆུང་ངུ་དགེ་བཅུ་སོགས་ལ་ཞུགས་པ་དེ་ལས་བསོད་ནམས་འཕགས་ཚུལ་སོགས་ཀྱིས། དོན་དུ་བསྔོ་བ་ལ་བསོད་ནམས་ཆེན་པོ་ཡོད་ཚུལ་གསུངས་པ་ཙམ་མོ། །


MR04_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཇི་ལྟར་བསྔོ་བར་བྱེད་ན་བསྔོ་བ་དེ་དག་བསྡུ་ན་གཉིས་སུ་འདུ་སྟེ་ཀུན་རྫོབ་ཐ་སྙད་དུ་བྱང་ཆུབ་ཀྱི་ཡན་ལག་ཏུ་བསྒྱུར་བ་དང་། དོན་དམ་པར་མི་དམིགས་པའི་ཚུལ་གྱིས་བསྔོ་བར་མཛད་དོ། །གསུམ་པ་ཡི་རང་ནི། རང་གཞན་གྱི་དགེ་རྩ་ལ་དགའ་བའི་རྣམ་པ་ཅན་དང་བའི་ངོ་བོར་གྱུར་པ་རྗེས་སུ་ཡི་རང་སྟེ། རྫོགས་བྱང་འདོད་པའི་ཐབས་ལ་ཀུན་རྫོབ་ཏུ་དགེ་རྩ་ལ་ཡི་རང་བ་དང་། དོན་དམ་པར་མི་དམིགས་པ་དག་གིས་ཟིན་པས། རང་གཞན་གྱི་དགེ་བའི་རྩ་བ་ལ་དགའ་ཞིང་རྗེས་སུ་ཡི་རང་བ། དེ་ནི་རྗེས་སུ་ཡི་རང་ཡིད་ལ་བྱེད་པ་སྒོམ་པ་ཡི་ལམ་ཡིན་པར་སྐབས་འདིར་བརྗོད་དོ། །མདོ་ནི། ཇི་ལྟར་ན་ཡི་རང་བར་འགྱུར་ཞེས་དྲིས་ལན་ནོ། །དེ་ལྟར་ཟག་བཅས་སྒོམ་ལམ་གསུམ་པོ་འདི་ནི་གཉིས་སྣང་གི་རྟོག་པ་དང་བཅས་པའི་རྗེས་ཐོབ་ཀྱི་ཆ་ཡིན་ཏེ་འདི་གསུམ་གྱི་བྱེད་ལས་རིམ་པ་བཞིན། དང་པོ་འབྱུང་ཁུངས་ནས་གསེར་གར་བུ་བཞིན་དུ་བསོད་ནམས་གསར་པ་འདུ་བྱེད་པ་དང་། གཉིས་པས་གསེར་མགར་གྱིས་གསེར་སྦྲམ་རྒྱན་དུ་བསྒྱུར་བ་བཞིན་བསོད་ནམས་དེ་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་བྱེད་པ་དང་། གསུམ་པས་རང་


MR04_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་བསོད་ནམས་མཉམ་པོར་ཐོབ་པ་སྟེ། བསྔོས་པའི་དགེ་བ་ཡི་རང་གིས་སྤེལ་བ་དང་། ཡི་རང་གི་དགེ་བ་བསྔོ་བ་གཉིས་ཕན་ཚུན་མཚོན་པས་གོང་འོག་ཁྱད་མེད་དུ་འབྲེལ་ལོ། །གཉིས་པ་མཉམ་བཞག་གི་ངོ་བོ་ཟག་མེད་སྒོམ་ལམ་ལ། ཡོན་ཏན་མངོན་པར་སྒྲུབ་པ་སྒོམ་ལམ་དང་། དྲི་མ་དག་པར་གྱུར་པ་རྣམ་དག་སྒོམ་ལམ་གཉིས། དང་པོ། མཉམ་བཞག་དེའི་ངོ་བོ་ཟག་མེད་ཉིད་ནི་སྤྲོས་བྲལ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཡིན་ལ། དེ་ནི་ལམ་གྱི་ཆོས་རྣམས་ཀྱི་གཙོ་བོའམ་ཡོན་ཏན་གྱི་ཆ་ནས་མཆོག་ཉིད་དེ། འདིས་མ་ཟིན་ན་ཕར་ཕྱིན་གཞན་རྣམས་ཀྱིས་སངས་རྒྱས་མི་ཐོབ་པས་ཕར་ཕྱིན་གཞན་འདིས་བཟུང་སྟེ་བླ་མེད་བྱང་ཆུབ་ཐོབ་པར་བྱེད་པས་འདི་མཆོག་ཉིད་དོ། །མདོ་ནི། ཤེར་ཕྱིན་ནི་ཤིན་ཏུ་རྣམ་པར་དག་པས་ན་སྣང་བར་བགྱིད་པ་ལགས་སོ། །ཞེས་སོགས་དང་། ཁྱད་པར་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཀུན་ལ། བདེན་ཞེན་དང་། མཚན་ཞེན་མེད་པར་སྤྲོས་བྲལ་རྟོགས་ནས་སྒྲུབ་པས་མངོན་པར་འདུ་མི་བྱེད་པ་དང་། འབྲས་བུ་ལ་གནས་སྐབས་སུ་ཆོས་རྣམས་དམིགས་སུ་མེད་པར་ནི་གནས་པའི་དོན་སྒོམ་པ་པོའི་རྒྱུད་ལ་


MR04_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

གཏོད་པར་བྱེད་ཅིང་ཞུགས་པ་དང་། འབྲས་བུ་མཐར་ཐུག་དོན་ཆེན་པོ་བླ་ན་མེད་པའི་རྣམ་མཁྱེན་སངས་རྒྱས་ཉིད་འགྲུབ་པར་བྱེད་པའོ། །གཉིས་པ་ལ་རྒྱུ་དང་རང་བཞིན་གཉིས་ལས། དང་པོ་ལ་སྐྱེ་བའི་རྒྱུ་དང་། ཞར་ལ་མི་སྐྱེ་བའི་རྒྱུ་གཉིས། དང་པོ་ནི། རྣམ་དག་སྒོམ་ལམ་གྱི་རྒྱུ་ནི། ཕྱིའི་རྐྱེན་སངས་རྒྱས་མང་པོ་ཡུན་རིང་པོར་མཉེས་པར་བྱེད་པས་བསྟེན་པ་དང་། ནང་གི་རྐྱེན་བསྐལ་པ་མང་པོར་སྦྱི༷ན་སོགས་ཕར་ཕྱིན་རྫོགས་པར་བྱེད་པ་དང་། དམིགས་མེད་སྤྲོས་བྲལ་གྱི་ཞི་གནས་སྒོམ་པའི་ཐབས་ལ་མཁས་པ་གང་ཡིན་པ་དེ། རྣམ་དག་སྒོམ་ལམ་འདི་ལ་མོས་པའི་རྒྱུ་དག་ཡིན་ནོ། །སེང་བཟང་གིས་རྣམ་དག་སྒོམ་ལམ་སྐྱེ་མི་སྐྱེའི་རྒྱུ་ཞེས་མར་བཅད། ཤཱནྟི་པས་སྒྲུབ་པ་སྒོམ་ལམ་གྱི་རྒྱུར་ཡར་བཅད་ནས་གསུངས་སོ། །གཉིས་པ་ནི། དེའི་འགལ་རྐྱེན་ཡུམ་དོན་ཟབ་མོའི་ཆོས་ཀྱིས་ཕོངས་པའི་སྒྲིབ་པ་སྟེ་སྤོང་བའི་རྒྱུ་དག་ནི། བསོད་ནམས་ཆུང་བས་བདུད་ཀྱི་ཐིབས་ཀྱིས་ཏེ་མཐུས་ནོན་ཅིང་གནོད་པ་བྱས་པ་དང་། དེ་ཡང་རེངས་པར་བྱེད་པ་དང་། རྨོངས་པར་བྱེད་པ་དང་། ཤིན་ཏུ་རྨོངས་པར་བྱེད་པ་དང་། བརྒྱལ་བར་བྱེད་པ་དང་། སེམས་མེད་པར་བྱེད་པའི་


MR04_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་གི་མདའ་ལྔས་དུག་ལྔ་འབར་བར་བྱེད་པའོ། །ཐེག་ཆེན་གྱི་རིགས་ལ་མ་སྦྱངས་པས་ཟབ་མོའི་ཆོས་སྤྲོས་བྲལ་ལ་མི་མོས་པ་དང་། ཆོས་བདག་མེད་ལ་མ་གོམས་པས་ཕུང་པོ་ལ་སོགས་པའི་ཀུན་རྫོབ་ལ་དངོས་པོར་འཛིན་ཅིང་མངོན་པར་ཞེན་པ་དང་། དགེ་བའི་བཤེས་གཉེན་ལ་མ་འདྲིས་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དམིགས་པ་མེད་པ་དང་འབྲལ་བར་བྱེད་པ་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་མི་སྐྱེ་བའི་རྒྱུའོ། །གཉིས་པ་ལ་རྣམ་དག་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ། རྣམ་དག་གི་མདོ་ནི། རབ་འབྱོར་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པ་ཉིད་དོ་ཞེས་སོགས་སྤྱིར་བསྟན། བྱེ་བྲག་ཉན་ཐོས་ཀྱི་དག་པ་དུག་གསུམ་དག་པ་དང་། གཟུགས་སོགས་དག་པ་གཉིས་མེད་སོགས་དང་། རང་རྒྱལ་ཤེས་སྒྲིབ་ཕྱོགས་གཅིག་དག་པ་གཟུགས་དག་པས་འབྲས་བུ་དག་པ། འབྲས་བུ་དག་པས་ཤེར་ཕྱིན་དག་པ་སོགས་དང་། མ་རིག་པ་དག་པས་འདུ་བྱེད་དག་པའི་བར། བྱང་སེམས་སྦྱིན་པ་དག་པས་ཚུལ་ཁྲིམས་དག་པ་སོགས་ལམ་ཀུན་དག་པའི་བར་རོ། །རྣམ་དག་གི་ངོ་བོ་ཡུལ་ཅན་


MR04_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པ་དགེ་སྦྱོང་གི་འབྲས་བུ་རྣམ་གྲོལ་ལམ་གྱི་སྐབས་སུ་སྤང་བྱ་བདེན་ཞེན་སོགས་སྤང་བའི་ཡེ་ཤེས་དག་པ་དེ་ནི་ཡུལ་གཟུགས་ལ་སོགས་པའི་དག་པ་ཉིད་དེ་རྒྱུ་མཚན་གང་གི་ཕྱིར་ན། ཀ་བུམ་བདེན་སྟོང་དུ་རྟོགས་པས་བདེན་ཞེན་དག་པ་སྟེ་ཡུལ་ཀ་བུམ་གྱི་སྟེང་གི་བདེན་པ་གདོད་ནས་དག་པའི་དག་པ་དང་རོ་གཅིག་སྟེ། དེ་ལྟར་དག་པར་རྟོགས་པ་ལས་རྗེས་སུ་ཀ་བུམ་རང་གི་སྟེང་ན་མ་དག་པ་གཞན་ཞིག་མེད་པ་དང་། མིག་སྐྱོན་དག་པས་གཟུགས་མཐོང་བ་ལྟ་བུའོ། །རང་རང་གི་སྤང་བྱས་དག་པ་གཅིག་སངས་རྒྱས་ན་མ་དག་པ་ཀུན་ཟད་པ་ལྟ་བུ་ནི་མིན་ནོ། །ཡུལ་ཡུལ་ཅན་གྱི་དག་པ་དེ་གཉིས། གཟུང་འཛིན་གཉིས་སུ་མེད་པ་དང་། བློས་གཉིས་སུ་བྱར་མེད་པ་དང་། རང་བཞིན་མི་འདྲ་བ་མེད་པས་རིགས་ཐ་དད་མ་ཡིན་ཞིང་། ཡན་ལག་ཆ་ཤས་དུ་མ་མེད་ཕྱིར་བློས་ཐ་དད་དུ་བཅད་དུ་མེད་པས་དག་པར་བརྗོད་དེ། བློ་ལ་བདེན་ཞེན་དང་གཉིས་སྣང་གི་མཚན་ཞེན་གྱི་སྒྲིབ་པ་དག་ཚུལ་ལས། ཐེག་གསུམ་རྟོགས་རིགས་ཀྱི་འབྲས་བུ་རྣམས་འཇོག་ལ། ཡུལ་ཅན་དེ་ལྟར་དག་པའི་ཚེ་མིག་སྐྱོན་དག་པའི་མཐོང་བ་བཞིན་དུ། ཡུལ་གྱི་རང་བཞིན་ཇི་ལྟ་བ་བཞིན་དུ་མཐོང་བའི་ཕྱིར་


MR04_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཡང་དག་པར་སྣང་ལ། དག་པ་དེ་གཉིས་ཐ་དད་པ་མིན་ཏེ། བློ་དག་པ་ཡུལ་གྱི་རང་བཞིན་མཐོང་བའི་དབང་གིས་ཡིན་ལ། ཡུལ་དག་པ་རང་བཞིན་གྱིས་དེ་ལྟར་གནས་པ་ཡིན་གྱི་བློས་དག་པར་བཅོས་པ་མིན་པའི་ཕྱིར་ན། དོན་དུ་ཆོས་ཐམས་ཅད་ཡེ་ནས་རྣམ་དག་ཆེན་པོ་སྒྲིབ་བྲལ་གྱི་བདག་ཉིད་དུ་གནས་སུ་ཟིན་ཀྱང་དུང་དཀར་པོ་ཡིན་ཀྱང་མིག་སེར་ཅན་ལ་སེར་པོར་སྣང་བ་ལྟར། ཕྱིན་ཅི་ལོག་གི་བློ་བསླད་ནས་ཕྱིན་ཅི་ལོག་ཏུ་དམིགས་པ་ཉིད་ཡང་དག་པའི་ལམ་གྱིས་སྦྱངས་ནས་རིམ་བཞིན་དངོས་པོའི་གནས་ཚུལ་དག་པ་མཐོང་བ་ཡིན་པའི་གནད་ཀྱིས་སོ། །གཉིས་པ་ལ་འབྲས་བུ་དག་པའི་དབྱེ་བ་དང་། དབྱེ་བ་དེ་འཐད་པའི་རྒྱུ་མཚན་གཉིས། དང་པོ་ཐེག་གསུམ་གྱི་དག་པ་ནི། སྤང་བྱ་འདོད་ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་དང་། འཁོར་གསུམ་བདེན་པར་འཛིན་པ་ཤེས་བྱ་ཡི་སྒྲིབ་པའི་ཕྱོགས་གཅིག་གཟུང་རྟོག་དང་། དེའི་སྟེང་དུ་འཛིན་པའི་རྟོག་པ་དང་ལམ་གྱི་སྒྲིབ་པ་ཅི་རིགས་པ་ལམ་གསུམ་གྱི་དྲི་མ་ཉམས་པའམ་དག་པའི་སྒོ་ནས་བཞག་པའི་ཕྱིར་སློབ་མ་ཉན་ཐོས་དང་། བསེ་རུས་མཚོན་པ་རང་རྒྱལ་དང་། རྒྱལ་


MR04_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་བྱང་སེམས་རྣམས་ཀྱི་དག་པ་སྟེ། དེ་ལས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམ་པ་ཀུན་ནས་དག་པས་ཤིན་ཏུ་དག་པ་བ་མཐར་ཐུག་པ་ཡིན་ནོ། །གཉིས་པ་ལ་དངོས་དང་། དེ་ལ་དོགས་པ་སྤང་བའོ། །དང་པོ། དེ་ལྟར་སངས་རྒྱས་དག་པ་མཐར་ཐུག་དང་། ཉན་རང་ཕྱོགས་རེའི་དག་པ་ཡིན་པའི་རྒྱུ་མཚན་ཅིའི་ཕྱིར་སྙམ་ན། འདོད་གཟུགས་གཟུགས་མེད་ཀྱི་བདག་ཉིད་ཁམས་གསུམ་ས་དགུ་ལ་ནི་སྒོམ་ལམ་གྱི་སྤང་བྱ་ཆེན་པོ་ཡི། ཆེན་པོ་ལ་སོགས་དྲི་མ་ཡི་གཉེན་པོ་མཉམ་བཞག་ཡེ་ཤེས་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་ལམ་དགུ་པོ་ནི་དྲི་མ་དག་པར་བྱེད་པའི་རྒྱུ་ཡིན་པས་སོ། །སྒོམ་ལམ་དགུ་ཡི་ནང་གི་ཆུང་ངུའི་ཆུང་ངུའི་རྣམ་པ། ཤེར་ཕྱིན་དག་པས་གཟུགས་རྣམ་པར་དག་པ་སོགས་དང་། འབྲིང་པོ་ལ། སྟོང་ཉིད་རྣམ་པར་དག་པས་གཟུགས་རྣམ་པར་དག་པ་སོགས་སོ་སོར་ཡོད་ཅིང་། ཆེན་པོའི་ཆེན་པོ། །རྣམ་དག་ནི་མངོན་པར་མ་གྲུབ་པའོ་སོགས་ཀྱི་བར་དུ་མདོ་ལས་བསྟན་ཏོ། །གཉིས་པ་དེ་ལ་རྩོད་པ་སྤང་བ་ནི། མདོར། ཤེར་ཕྱིན་འདི་སྨན་པར་མི་བགྱིད། ཡོངས་སུ་


MR04_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པར་མི་བགྱིད། ཐོབ་པ་མ་མཆིས་སོགས་ཀྱིས་རིམ་པར་སྤང་གཉེན་དུ་ལྟ་བ་དང་། འབད་པས་བསྐྱེད་བྱ་དང་། ཐོབ་བྱར་ལྟ་བ་སོགས་ཀྱི་ཀླན་ཀ་བསལ་བ་ཡིན་ཏེ། དེ་ལྟར་སྒོམ་སྤང་ཆེ་རིམ་དགུའི་གཉེན་པོ་ཆུང་རིམ་འབྱུང་བས་ཐེག་ཆེན་སྒོམ་ལམ་དགུ་པོ་དེ། དྲི་མ་མཐའ་དག་དག་བྱེད་ཡིན་པའི་རྒྱུ་མཚན་གྱིས་འབྲས་བུ་ཤིན་ཏུ་རྣམ་དག་མ་ཡིན་པ་དང་། ཁམས་གཅིག་ན་ཡོད་པའི་གཉེན་པོས་ཁམས་གསུམ་ཆར་སྒྲིབ་པ་སེལ་བ་མི་རིགས་སོ་སྙམ་པ་དོགས་པའོ། །བཤད་མ་ཐག་པ་དེ་ལ་སྤང་བྱ་ཆེན་པོ་གཉེན་པོ་ཆུང་དུས་འཇོམས་པ་སོགས་མི་འཐད་པ་མ་ཡིན་ཏེ་དོན་དམ་པར་སྤང་གཉེན་དང་ཆེ་ཆུང་དུ་མ་གྲུབ་ལ། ཀུན་རྫོབ་ཏུ་གོས་ལ་དྲི་མ་ཆགས་པ་བཀྲུ་བའི་ཚེ་འཁྲུད་མཁན་ཆེ་ཐང་དུ་འབད་ཅིང་རགས་པ་སེལ་བ་ལ་རྩོལ་བ་ཆུང་ངུའི་ནུས་པའི་དཔེས་ཐེག་ཆེན་གྱི་སྒོམ་ལམ་དགུ་པོ་དེ་དྲི་མ་མཐའ་དག་གི་གཉེན་པོར་འགྲུབ་པ་འཐད་པ་དང་བཅས་པའི་སྒོ་ནས་ཀླན་ཀ་སྤང་བ་ཡིས། སྒོམ་ལམ་མཉམ་བཞག་སྤྲོས་པ་མེད་པའི་ཡེ་ཤེས་ནི་དོན་དམ་པར་འཇལ་བྱེད་ཤེས་པ་དང་། གཞལ་བྱ་བདེན་


MR04_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་པོ་དག་ཐ་དད་ཡུལ་ཡུལ་ཅན་དུ་མི་རྟོག་ཏེ། མཉམ་པར་རྟོགས་པ་ཉིད་ཀྱིས་ཁམས་གསུམ་གྱི་སྤང་བྱ་འཇོམས་པའི་གཉེན་པོ་ཉིད་དུ་གྱུར་པའི་ཐེག་པ་ཆེན་པོའི་རྟོགས་རིག་ཁྱད་པར་ཅན་དུ་འདོད་པ་ཡིན་ནོ། །དེ་སྟོན་པའི་མདོ་ནི། དག་པ་ནི་འཚལ་བ་མ་མཆིས་པ་སོགས་ཀྱིས་མཉམ་པ་དང་། དག་པ་ནི་འདོད་གཟུགས་གཟུགས་མེད་ཀྱི་ཁམས་གསུམ་སྐྱེ་བ་མ་ལགས་སོགས་ཀྱིས་ཁམས་གསུམ་གྱིས་བསྡུས་པའི་སྤང་བྱ་འཇོམས་པའི་གཉེན་པོར་བསྟན་ཏོ། །སྐབས་བསྡུ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། ལམ་ཤེས་པ་ཉིད་ཀྱི་སྐབས་ཏེ་གཉིས་པའི་བཤད་པའོ། །གསུམ་པ་སྤང་བྱ་གཞི་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ་ལྔ། གཞི་ཤེས་ཀྱི་རང་བཞིན། ཁྱད་པར། དབྱེ་བ། ཇི་ལྟར་ཉམས་སུ་ལེན་ཚུལ། དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ། མཁྱེན་པ་གསུམ་གྱི་མཇུག་བསྡུ་བའོ། །དང་པོ། གཞི་ཤེས་པ་སྒྲོ་འདོགས་གཅོད་པའི་གཞིར་གྱུར་པ་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཡིན་ལ། དེ་ཐམས་ཅད་གང་ཟག་གི་བདག་


MR04_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྟོང་པ་ཙམ་དུ་ཤེས་པ་ནི་ཉན་ཐོས་ཀྱི་རྟོགས་པའོ། །བདག་གཉིས་ཀྱིས་སྟོང་པས་སྤྲོས་བྲལ་དུ་ཤེས་པ་ནི་ཐེག་ཆེན་གྱི་རྟོགས་པའོ། །དེ་ལས་ཐེག་ཆེན་གྱི་རྟོགས་པའི་རིགས་སུ་གནས་པའི་གཞི་ཤེས་དེ་དངོས་སུ་བསྟན་ནས་དམན་པའི་རྟོགས་པ་ཤུགས་ལ་ཤེས་པར་བྱ་དགོས་པ་སྤྱིར་བཏང་ནས་ཤེས་པས་སྲིད་ལ་མི་གནས་པའི་གཞི་ཤེས་སོགས་མཚོན་བྱེད་ཆོས་དགུ་ལས་དང་པོ་དྲུག་ནི་ཐེག་པ་ཆེ་ཆུང་གི་ཁྱད་པར་འབྱེད་ཆོས་སུ་བསྟན་ནས། ལྷག་མ་གསུམ་གྱིས་ལམ་དངོས་བཤད་པས་གཞི་ཤེས་གཏན་ལ་འབེབས་པ་ལས། མདོ་ནི། བཅོམ་ལྡན་འདས་བྱང་ཆེན་རྣམས་ཀྱི་ཤེར་ཕྱིན་ནི་ཕ་རོལ་གྱི་མཐའ་མ་ལགས། ཚུ་རོལ་གྱི་མཐའ་མ་ལགས། གཉིས་ཀའི་བར་ན་ཡང་མི་གནས་པ་ལགས་སོ། །ཞེས་སོ། །དེ་ལ་ཅིའི་ཕྱིར་གཉེན་པོ་གཞི་ཤེས་འདི་རྟོགས་པའི་སྒོ་ནས་སྲིད་ཞིར་མི་གནས་པ་ཡིན་སྙམ་ན། དངོས་པོའི་རང་བཞིན་ཅན་གྱི་ཕུང་པོ་ལྔ་ཚུར་རོལ་ཏེ་སོ་སྐྱེས་བགྲོད་མཐོང་གི་ཡུལ་དུ་གྱུར་པ་འཁོར་བའི་མཐའ་དང་། ཕུང་ལྔ་རྒྱུན་ཆད་པའི་དངོས་མེད་ནི་ཕ་རོལ་མྱང་འདས་ཀྱི་མཐའ་ཡིན་ལ། ཡིན་ལུགས་ཆོས་ཉིད་ནི་མཐའ་


MR04_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་ཀར་ངོ་བོ་ཉིད་ཀྱིས་གནས་པ་མིན་ཏེ་ཟུང་འཇུག་མཉམ་པ་ཆེན་པོའོ། །དེ་ནི་དེ་ལྟར་དངོས་དངོས་མེད་དང་། དེ་དག་གི་བར་ན་ཕུང་གསུམ་པའི་ཆོས་སུ་མི་གནས་པ་ཡིན་པས་དངོས་དངོས་མེད་ཀྱང་ཆོས་ཅན་ཉི་ཚེ་བའམ་ཕྱོགས་རེ་བ་ཡིན་ལ་དེ་གཉིས་སམ་དུས་གསུམ་རྣམས་ཆོས་ཉིད་མཉམ་པ་ཉིད་ཀྱི་ཀློང་དུ་མཉམ་པའི་ཡེ་ཤེས་ཡིན་པའི་ཕྱིར་ཤེས་རབ་ཕ་རོལ་ཕྱིན་པར་འདོད་དེ། ཆོས་ཉིད་མཉམ་པ་ཆེན་པོ་འཁོར་འདས་གང་གི་མཐར་མི་གནས་པ་དེ་ནི་གཞི་ཤེར་ཕྱིན་དང་། བདེ་གཤེགས་སྙིང་པོ་དང་ཆོས་ཀྱི་དབྱིངས་ཞེས་བྱ་བའོ། །དེས་ན་དེ་ལ་དམིགས་པའི་ཡུལ་ཅན་ལམ་ཤེར་ཕྱིན་ཞེས་བྱ་སྟེ། དེ་ཡང་ཞི་མཐའ་ལ་མི་གནས་པའི་ཆ་ནས་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་དང་། སྲིད་མཐར་མི་གནས་པའི་ཆ་ནས་ཤེས་རབ་ཕར་ཕྱིན་ཞེས་བྱ་སྟེ། ཇི་ལྟ་བ་བཞིན་རྟོགས་པས་མཐའ་གཉིས་ལ་གནས་མི་སྲིད་པའོ། །སྤང་བྱ་ཉན་ཐོས་ཀྱི་ལམ་ནི། འཁོར་བ་ལ་དངོས་པོ་དང་། ཕུང་པོ་འགགས་པའི་མྱང་འདས་དངོས་མེད་ཆད་པར་འཛིན་པའོ། །དེ་ཡང་དག་མེད་པ་ལྟ་བུ་འཛིན་སྟངས་ཕྱོགས་རེ་བ་སེམས་སེམས་བྱུང་གི་སྤྱོད་ཡུལ་ལས་མ་འདས་པས། །


MR04_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གསུམ་གྱི་ཡུལ་ལས་མི་འདའ་སྟེ། དེས་ན་སེམས་མི་འགགས་ལ། ཟབ་མོ་མཉམ་པ་ཉིད་རྟོགས་པས་སེམས་འགགས་པའི་རྗེས་ཐོབ་པ་བྱང་སེམས་ཀྱི་གཉེན་པོའི་གཞི་ཤེས་སོ། །གཉིས་པ་ལ་ཉེ་རིང་གི་ཁྱད་པར་དང་། སྤང་གཉེན་གྱི་ཁྱད་པར་གཉིས་སོ། །དང་པོ་མདོ་ནི། མིང་ལས་ཀྱང་ཆགས་སོ། །མཚན་མ་ལས་ཀྱང་ཆགས་སོ། །ཞེས་སོགས་སོ། །ཤུགས་བསྟན་ཉན་རང་གི་གཞི་ཤེས་དེ་ནི། གཞི་ལམ་འབྲས་བུའི་ཆོས་སུ་མཚན་མར་ཞེན་པས་མཉམ་པ་ཉིད་ཅི་ལྟ་བ་བཞིན་དུ་མ་རྟོགས་ནས་དངོས་དངོས་མེད་ཀྱི་མཚན་མར་དམིགས་པའི་སྒོ་ནས་འཇུག་ན། བྱང་ཆུབ་སྒྲུབ་པའི་ཐབས། སྙིང་རྗེ་དང་ཤེས་རབ་ཟུང་འཇུག་སོགས་མ་ཡིན་པས་ཡང་དག་ཡུམ་གཉེན་པོ་གཞི་ཤེས་སམ། འབྲས་ཡུམ་ལ་རིང་བ་སྟེ། ཐེག་པ་དམན་པའི་ལུགས་སོ། །བྱང་སེམས་ཀྱི་གཞི་ཤེས་དེ་ནི་གོང་མ་ལས་བཟློག་སྟེ་དངོས་དངོས་མེད་ཀྱིས་མཚན་མར་མི་རྟོག་པར་མཉམ་པ་ཉིད་དུ་རྟོགས་པ་ནི། དེ་བཞིན་ཉིད་ཆོས་ཀུན་ལ་ཉེ་རིང་མེད་ཀྱང་ཚུལ་བཞིན་རྟོགས་པའི་ཐབས་ལ་མཁས་པ་ཡིས། འབྲས་ཡུམ་ལ་ཡང་དག་པར་


MR04_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བ་ཉིད་དུ་བཤད་པས་སོ། །གཉིས་པ་ལ་གཉིས། སྤང་གཉེན་དང་མཇུག་བསྡུ་བའོ། །དང་པོ་ལ། གཞི་ལམ་སྤང་གཉེན་དང་། འབྲས་བུ་སྤང་གཉེན་བཤད་པ་གཉིས། དང་པོ་ལ་སྤང་གཉེན་གཉིས། དང་པོ་མདོ་ནི། ཐབས་མི་མཁས་པས་གཟུགས་སྟོང་ཞེས་སྤྱོད་ནའང་ཆགས་པའོ། །ཞེས་སོགས་སོ། །གཞི་གཟུགས་སོགས་ཕུང་པོ་ལྔ་ལ་དོན་གཞན་གྱི་བདག་གིས་སྟོང་ཉིད་དུ་འདུ་ཤེས་པ་ཇི་ལྟ་བ་དང་། དུས་གསུམ་དུ་གཏོགས་པའི་ཆོས་ཇི་སྙེད་པ་རྣམས་ལ་དེ་དག་ཏུ་འདུ་ཤེས་པ་དང་། སྦྱིན་པ་སོགས་ཕར་ཕྱིན་དྲུག་དང་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ལ། སྤྱོད་པའི་འདུ་ཤེས་ནི་སྤང་བྱ་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཡིན་ནོ། །གཉིས་པ། སྦྱིན་པ་ལ་སོགས་པ་ལ་སྦྱིན་པ་པོ་སོགས་འཁོར་གསུམ་མི་དམིགས་པས་ངར་འཛིན་མེད་པ་ལ་རང་གནས་ཤིང་གདུལ་བྱ་གཞན་དག་ཀྱང་དེ་ལ་སྦྱོར་བར་བྱེད་པ་དེ་ནི་བདེན་ཞེན་གྱི་ཆགས་པའི་མཐའ་འགོག་པས་ན་གཉེན་པོ་གཞི་ཤེས་སོ། །གཉིས་པ་ལ་བཞི། ཆགས་པའི་ངོ་བོ། ཆགས་པའི་རྒྱུ་མཚན། གཉེན་པོ། རྒྱུ་མཚན་ལས་འཕྲོས་དོན་ནོ། །དང་པོ་མདོ་ནི། རབ་འབྱོར་འདི་ལ་


MR04_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་མཚན་མར་ཡིད་ལ་བྱེད་ནའང་ཆགས་པའི། སོགས་སོ། །འབྲས་བུ་ལ་ཞེན་པ་རྒྱལ་བ་སངས་རྒྱས་དང་ལ་སོགས་པས་ཆོས་དང་དགེ་འདུན་ལ་མཚན་མར་དམིགས་ནས་ཕྱག་འཚལ་བ་སོགས་ཀྱི་དགེ་བའི་བསོད་ནམས་ལས་ཀྱི་སྒྲིབ་པའི་གཉེན་པོ་ཡིན་ཡང་། ཆགས་པ་ཕྲ་མོ་ཡིན་ཏེ། གཉིས་པ། རྒྱུ་མཚན་ཆོས་རྣམས་ཀྱི་ལམ་མམ་གནས་ལུགས་ནི་རང་བཞིན་གྱིས། འཁོར་འདས་དངོས་དངོས་མེད་ལ་སོགས་པའི་སྤྲོས་པས་དབེན་པ་ཡིན་པའི་ཕྱིར་ན་གནས་ལུགས་དེ་ནི་ཤིན་ཏུ་ཟབ་པ་ཉིད་ཡིན་པས་རྒྱལ་ལ་སོགས་ལ་ཆགས་པ་ཡང་མ་གྲུབ་པ་ཡིན་ནོ། །གསུམ་པ། གཉེན་པོ་ཟབ་མོ་མཉམ་པ་ཉིད་འཁོར་འདས་ཀྱི་ཆོས་རྣམས་དབྱེ་བསལ་མེད་པར་རང་བཞིན་མཉམ་པ་ཆེན་པོར་གཅིག་པར་ནི་རྟོགས་པའམ་ཤེས་པས་མངོན་ཞེན་གྱི་ཆགས་པ་ཐམས་ཅད་སྤོང་བར་འགྱུར་བ་ཡིན་ལ། དེས་སྲིད་ཞི་གཉིས་ཀའི་མཐའ་ངང་གིས་འགོག་པ་ཡིན་ནོ། །བཞི་པ་ཆོས་ཉིད་ཟབ་པའི་རྒྱུ་མཚན། ཆོས་ཉིད་དེ་གཟུགས་ལ་སོགས་པ་དངོས་དངོས་མེད་གང་གི་ཡང་རྣམ་


MR04_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པར་བྱ་བ་མིན་པས་ན། ཡུལ་ཅན། ཐ་སྙད་ཚད་མ་མིག་ཤེས་སོགས་ཀྱིས་མཐོང་བ་དང་། ཐོས་པ་ལ་སོགས་ཀྱི་ཐ་སྙད་བཀག་པ་སྟེ་མེད་པ་ཡིས། རང་བཞིན་དེ་ནི་ཟབ་ཅིང་རྟོགས་པར་དཀའ་བར་བཤད་དེ། ཕལ་པའི་བློ་ཡི་བསམ་ཡུལ་ལས་འདས་པས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པའོ། །ཇི་ལྟར་མི་མཐོང་པ་སོགས་ཡིན་ཞེ་ན། གཟུགས་ལ་སོགས་ནས་མ་འདྲེས་པའི་བར་གྱི་བདག་ཉིད་ཡུམ་གྱི་གནས་ལུགས་ཡིན་པར་མི་ཤེས་པའི་ཕྱིར། སྣང་སྟོང་ཟུང་འཇུག་མཉམ་པ་ཆེན་པོ། དེ་ནི་སྣང་བ་ཉིད་དང་འདུ་འབྲལ་མེད་པ་སྣང་དུས་ནས་སྟོང་པ་ཉིད་ཡིན་པས། བསམ་གྱིས་མི་ཁྱབ་པར་འདོད་དོ། །དེས་ན་དབང་པོ་དམན་པའི་ཉན་རང་རྣམས་འདི་མ་ཤེས་པས་ཞི་མཐར་ལྷུང་ལ། གང་གིས་མཐོང་བའི་བྱང་ཆུབ་སེམས་དཔའ་རྣམས་ལམ་ལས་ཉམས་མི་སྲིད་པའི་གནད་མཐར་ཐུག་འདི་ཡིན་པས་ཤེར་ཕྱིན་གྱི་གནད་གལ་པོ་ཆེ་ཡིན་ལ་ཐོག་མཐའ་བར་ཀུན་ཏུ་ཚུལ་དེ་དང་མཐུན་པར་འཆད་ཤེས་པ་དོན་གྱི་སྙིང་པོར་གཟུང་བར་བྱའོ། །གཉིས་པ་མཇུག་བསྡུ་བ། དེ་ལྟར་ཀུན་ཤེས་པ་ཉིད་ཀྱི་ལུགས་


MR04_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

སམ་ཚུལ་ལ། མི་མཐུན་ཕྱོགས་ཇི་སྐད་བཤད་པས་ཉན་རང་གི་ལམ་དང་། གཉེན་པོའི་ཕྱོགས་དག་གིས། བྱང་སེམས་དང་སངས་རྒྱས་ཀྱི་ལམ་གྱི་རྣམ་པར་དབྱེ་བ་མ་ལུས་པ། མདོ་ལས། ཇི་སྐད་གཤད་པ་ཀུན་ཀྱང་འདིར་འདུ་བར་ཤེས་པར་བྱའོ། །གསུམ་པ་ཇི་ལྟར་ཉམས་སུ་ལེན་ཚུལ་ལ། ཉམས་ལེན་སྦྱོར་བའི་ངོ་བོ་དང་། དེའི་མཉམ་ཉིད་དོ། །དང་པོ་གཉེན་པོ་གཞི་ཤེས་སྒོམ་པའི་སྦྱོར་བའི་ངོ་བོ་ལ་བཅུ་སྟེ། ཡུལ་གྱི་སྒོ་ནས་དབྱེ་བ་བཞི། ངོ་བོའི་སྒོ་ནས་གསུམ། བྱེད་པའི་སྒོ་ནས་གཉིས། ཤེས་བྱེད་དཔེ་ཡི་སྒོ་ནས་ཕྱི་མའོ། །དང་པོ་གྲུབ་སྟེ། ཁྱད་གཞི་གཟུགས་སོགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ལ་མངོན་ཞེན་བཀག་ནས་མ་ཞེན་པའི་སྦྱོར་བ་དང་། ༡ དེའི་ཁྱད་ཆོས་དེ་མི་རྟག་སྟོང་པ་སོགས་སུ་ཞེན་པའི་སྤྱོད་པ་བཀག་པ་དང་། ༢ གཟུགས་སོགས་དེ་ཡོན་ཏན་གྱི་རྟེན་དུ་མ་རྫོགས་པ་ཀུན་བཏགས་ཀྱི་གཟུགས་ཏེ། །གཉིས་སུ་སྣང་བཞིན་པའི་གཟུགས་ལ་གཟུགས་སུ་ཞེན་པའི་སྒོ་ནས་གཟུགས་ལ་ཇི་ཙམ་དམིགས་ཀྱང་ལམ་གྱི་ཡོན་ཏན་མི་བསྐྱེད་དེ་སོ་སྐྱེ་བཞིན་དང་། གཞན་དབང་བདེན་སྟོང་


MR04_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་གྲུབ་ཆོས་ཉིད་ཀྱི་གཟུགས་ཏེ་རང་བཞིན་མེད་པས་ཁྱད་པར་དུ་བྱས་པའི་གཟུགས་ལ་དམིགས་ན་སྒྱུ་མ་ལྟར་མཐོང་བའི་ཕྱིར། ལམ་གྱི་ཡོན་ཏན་རབ་ཏུ་རྫོགས་པར་བསྐྱེད་དེ་འཕགས་པ་རྣམས་ཀྱི་རྗེས་ཐོབ་ལྟ་བུ་དང་། ༣དོན་དམ་པར་གཟུགས་སོགས་གསུམ་པོ་དེ་ལ་བདེན་ཞེན་གྱི་ཆགས་པ་མེད་པ་ཉིད་དེ་ལའང་མངོན་ཞེན་གྱི་སྤྱོད་པ་བཀག་༤ པའི་སྦྱོར་བ་དང་བཞི་ཡི་དང་པོ་ཀུན་རྫོབ་ལ་དམིགས་པ་གསུམ་དང་། དོན་དམ་ལ་དམིགས་པ་གཅིག་བཅས་ཆོས་ཅན་ལ་ཞེན་ཚུལ་གྱི་སྒོ་ནས་དེ་སྤང་བར་གདམས་པའོ། །ཡང་ཆོས་ཉིད་ཤེར་ཕྱིན་ལས་བརྩམས་ཏེ་སྦྱོར་བ་ལྔ་གསུངས་པ་ལས། ཤེར་ཕྱིན་གྱི་ངོ་བོ་ལ་བསྟན་པས་འཕེལ་བ་དང་། མ་བསྟན་པས་འགྲིབ་པ་སོགས་རྣམ་པ་ཀུན་ཏུ་མེད་པས་མི་འགྱུར་བར་རྟོགས་པ་ལ་མངོན་ཞེན་བཀག་པའི་སྦྱོར་བ་དང་། ༥ ཤེར་ཕྱིན་ཉིད་བསྟོད་སྨད་ཆགས་སྡང་སོགས་ཞི་བའི་བྱེད་པ་པོར་དོན་དམ་པར་མེད་པ་ཉིད་དེ། ༦ རང་གི་ངོ་བོ་འདུས་མ་བྱས་ཡིན་པས་དེ་སུས་ཀྱང་མ་བསྐྱེད་ལ་དོན་དམ་པར་དེས་གང་ཡང་སྐྱེད་པར་མི་བྱེད་པས་ཆོས་རྣམས་ཀྱི་རང་བཞིན་ལ་མ་ཞེན་པ་དང་། དེ་ནི་བྱ་དཀའ་རྣམ་གསུམ་གྱི་རང་བཞིན་


MR04_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཏེ་དེ་ལ་མངོན་ཞེན་ ༧ མེད་པའི་སྦྱོར་བ་དང་སྟེ། དེ་ཡང་རྣམ་མཁྱེན་ཆེད་དུ་བྱ་དཀའ་སྟེ་དོན་དམ་པར་ཐོབ་ཏུ་མེད་པའི་ཕྱིར་དང་། ལམ་ཤེས་སྦྱོར་བས་བྱ་དཀའ་སྟེ་དོན་དམ་པར་བསྐྱེད་དུ་མེད་པ་དང་། གཞི་ཤེས་ལས་སུ་བྱ་དཀའ་སྟེ་དོན་དམ་པར་བསྟན་དུ་མེད་པའི་ཕྱིར་དང་། ཀུན་རྫོབ་ཏུ་གཞི་ལམ་རྣམ་པ་དེ་དག་ཤེས་བྱ་དང་། བླང་བྱ་དང་། ཐོབ་བྱ་ཡིན་པས་བརྟེན་དགོས་ཀྱང་དེར་ཞེན་ན་མི་རུང་བས་དེ་ལ་འཇུག་པ་ནི་བྱ་དཀའ་བ་ཞེས་བྱ་སྟེ། མདོ་ལས། སེམས་ཅན་རྣམས་ཀྱི་དོན་དུ་གོ་ཆ་འཚལ་བ་དེ་ནི་ནམ་མཁའ་བར་སྣང་ལ་འདེགས་པ་ལགས་སོ། །ཞེས་སོགས་གསུངས་པ་ལྟར་རོ། །དེ་གསུམ་ངོ་བོའི་ཆ་ནས་དང་། ཤེར་ཕྱིན་དེའི་བྱེད་ལས་གཉིས་ནི། ཡུམ་ལ་སྤྱོད་པས་རང་རང་གི་སྐལ་བ་ཇི་བཞིན་འབྲས་བུ་ཐོབ་པས་འབྲས་བུ་ཆུད་མི་ཟ་བར་ཡོད་པར་འདོད་པ་དེ་ལ་མ་ཞེན་པ་དང་ནི། ༨ དེ་ཡང་ཡུམ་ཉིད་ལས་གཞན་ལ་རག་ལས་མེད་པར་ཡུམ་ཡོད་ན་ལམ་འབྲས་ཀྱི་ཡོན་ཏན་ཀུན་སྡུད་པ་གང་ལ་མ་ཞེན་པ་དང་། ༩ མངོན་ཞེན་གྱི་བག་ཆགས་ཡོངས་སུ་འགྱུར་བའི་སྣང་བ་རྨི་ལམ་ལྟ་བུ་དང་། རྒྱུ་རྐྱེན་ཚོགས་


MR04_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྣང་བ་སྒྱུ་མ་དང་། མེད་བཞིན་སྣང་བ་སྨིག་རྒྱུ་དང་། རྐྱེན་ལ་རག་ལས་པས་སྒྲ་བརྙན་དང་། བག་ཆགས་འཇོག་བྱེད་ཀྱི་སྣང་བ་མ་འཕོས་པའི་མི་ཡོར་ཏེ་གཟུགས་བརྙན་དང་། མགལ་མེ་བསྐོར་བ་དང་། གྲིབ་མ་གསུམ་དུ་བཤད་པ་དང་། རྟེན་གནས་མེད་སྣང་དྲི་ཟའི་གྲོང་ཁྱེར་དང་། ལུས་ངག་གི་བྱེད་པ་པོར་བདེན་གྲུབ་མེད་པ་སྤྲུལ་པ་ལྟ་བུ་སྟེ་སྣང་བ་རྣམ་པ་བདུན་ནི་སྣང་ཡང་རང་བཞིན་མེད་པར་ཤེས་བྱེད་ཀྱི་དཔེ་བདུན་ལ་ཞེན་སྤྱོད་བཀག་པའི་སྦྱོར་བ་ཉིད་དོ། །༡༠ དཔེ་བདུན་པོ་དེ་ལ་མངོན་ཞེན་བཀག་ནས་བསྒོམས་པས་གཞིའི་ངོ་བོ་དང་། ཁྱད་པར་སོགས་ལ་བདེན་པར་གྲུབ་པ་བཀག་ནས་སྒོམ་ནུས་པའི་རྒྱུ་མཚན་ཡིན་ནོ། །གཉིས་པ་མཉམ་ཉིད་ནི་སྦྱོར་བའི་འཛིན་སྟངས་ཏེ། མདོ་རྒྱས་པར་གཟུགས་རློམ་སེམས་སུ་མི་བྱེད། གཟུགས་ཀྱི་རློམ་སེམས་སུ་མི་བྱེད། གཟུགས་བདག་གི་ཞེས་རློམ་སེམས་སུ་མི་བྱེད། གཟུགས་ལ་རློམ་སེམས་སུ་མི་བྱེད་ཅེས་འགྲེས་རྐང་སྦྱར་ཏེ་གསུངས་པའི་དོན་རིམ་པ་བཞིན། གཟུགས་ཀྱི་ངོ་བོ་དང་། ལ་སོགས་ཀྱི་སྒྲས་སྔོ་སོགས་ཀྱི་མཚན་མ་དང་། དབྱེ་བའམ་


MR04_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དང་། ཡུལ་ཅན་བཞི་ལ་བདེན་ཞེན་གྱི་རློམ་སེམས་མེད་པར་རྟོགས་པའི་མཉམ་ཉིད་ཀྱི་འཛིན་སྟངས་རྣམ་བཞི་སྦྱོར་བ་དེ་ཡི་ཡུལ་ཡུལ་ཅན་མཉམ་པ་ཉིད་དུ་རྟོགས་པའོ། །ཡང་ན་སྟོང་ཉིད། མཚན་མེད། སྨོན་མེད། འདུས་མ་བྱས་པའི་སྒོ་བཞིར་སྦྱར་ཏེ་བཤད་ཀྱང་རུང་ངོ་། །བཞི་པ་དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། ཡུལ་སྡུག་བསྔལ་དང་། ལ་སོགས་པའི་སྒྲས་ཀུན་འབྱུང་དང་། འགོག་པ་དང་། ལམ་གྱི་བདེན་པ་སོ་སོ་ལ། ཡུལ་ཅན་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དང་། རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པ་སྟེ་བཞི་བཞིར་ཕྱེ་བས་བཟོད་ཤེས་ཀྱི་སྐད་ཅིག་མ་བཅུ་དྲུག་གི་བདག་ཉིད་འདི། ཀུན་ཤེས་པའི་ཚུལ་ལམ་སྐབས་ལ་མཐོང་བའི་ལམ་ཡིན་ནོ། །གཉིས་པ་རྒྱས་བཤད། ཆོས་རྣམས་གདོད་ནས་རང་བཞིན་གྱིས་དག་ཅིང་འོད་གསལ་བ་ཡིན་ལ་དེའི་ངང་ཚུལ་ལས་ནམ་ཡང་མི་གཡོ་བས་འཁྲུལ་པ་ལྟར་སྣང་བའི་དུས་ཉིད་ནའང་། མ་དག་པ་གཞི་མི་སྲིད་ཅིང་ཡོངས་སུ་དག་པ་ལས་མ་འདས་པས།


MR04_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བདེན་གྱི་གཟུགས་རྟག་པ་མ་ཡིན། མི་རྟག་པ་མིན་པའི་ཡེ་ཤེས་སྡུག་བསྔལ་ཆོས་བཟོད་དང་། སྡུག་བསྔལ་དང་སྡུག་བསྔལ་མིན་པའི་མཐའ་ལས་འདས་པ་རྟག་ཆད་བྲལ་བ་ཆོས་ཤེས་དང་། དོན་གཞན་གྱི་བདག་གིས་སྟོང་མི་སྟོང་རྣམ་པར་དག་པ་རྗེས་བཟོད་དང་། བདག་དང་བདག་མེད་པའི་ངོ་བོ་མ་ཡིན་པས་མ་སྐྱེས་མི་འགགས་ལ་སོགས་པས་ཀུན་བྱང་གི་ངོ་བོར་མེད་པ་རྗེས་ཤེས་དང་བཞི་ནི་སྡུག་བདེན་གྱི་ཆོས་ཀུན་རང་བཞིན་གྱིས་དག་པར་རྟོགས་པའི་རྣམ་པ་བཞིའོ། །སྡུག་བསྔལ་གྱི་རྒྱུ་དང་རྒྱུ་མིན་དང་བྲལ་བས་ནམ་མཁའ་དང་འདྲ་བ་དང་། ཀུན་འབྱུང་བ་དང་མི་འབྱུང་བ་མེད་པས་ཆགས་སོགས་ཉོན་མོངས་པ་སྤངས་པ་དང་། རབ་ཏུ་སྐྱེ་བ་དང་མི་སྐྱེ་བ་མེད་པས་བདེན་པར་ཡོངས་སུ་འཛིན་ལས་གྲོལ་བ་དང་། རྐྱེན་དང་རྐྱེན་མ་ཡིན་པ་ལས་རྣམ་པར་གྲོལ་བས་ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་པ་དང་བཞི་ནི་ལས་ཉོན་ཀུན་འབྱུང་གི་རྣམ་པ་ཡོངས་སུ་དག་པར་རྟོགས་པའི་རྣམ་པ་བཞིའོ། །ཉོན་མོངས་དང་བྲལ་བའི་འགོག་པ་དང་འགོག་པ་མ་ཡིན་པ་གཉིས་དང་བྲལ་བ་གང་གི་ཕྱིར་འགོག་བདེན་


MR04_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་དོན་ཚིག་ཏུ་བརྗོད་པ་ཡི་སྒོ་ནས་གཞན་ལ་སྦྱིན་དུ་མེད་པ་དང་། སྡུག་བསྔལ་ཞི་བ་དང་མ་ཞི་བ་མེད་པས་དམིགས་པ་མེད་པར་བྱེད་པ་དང་། བདེ་གཙང་གི་གྱ་ནོམ་དང་མི་ནོམ་པ་མེད་པས་གདོད་ནས་ཤིན་ཏུ་རྣམ་པར་དག་པ་དང་། ངེས་པར་འབྱུང་བ་དང་མི་འབྱུང་མེད་པར་རྟོགས་པས་ནད་ཐམས་ཅད་མི་འབྱུང་ཞིང་ལྷ་རྗེས་སུ་འབྲང་བ་དང་བཞི་ནི་འགོག་བདེན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དག་པའི་ཡེ་ཤེས་ཀྱིས་མི་དམིགས་པར་མཐོང་བའི་རྣམ་པ་བཞིའོ། །ཐར་པའི་ལམ་དང་ལམ་མིན་མེད་པར་རྟོགས་ནས་ངན་སོང་གསུམ་དུ་སྐྱེ་བ་ཆད་པ་དང་། ཉོན་མོངས་པའི་གཉེན་པོ་བྱེད་པའི་རིགས་དང་རིགས་མིན་བྲལ་བར་ཤེས་པས་འབྲས་བུ་ནི། མངོན་དུ་བྱ་ལ་འཁོར་གསུམ་དུ་མི་རྟོག་པ་ཉིད་དང་། སེམས་ཕྱིན་ཅི་ལོག་མ་ལོག་གི་སྒྲུབ་པ་དང་སྒྲུབ་པ་མིན་པ་དང་བྲལ་བས་ཆོས་ཐམས་ཅད་ཀྱི་མཚན་མ་དག་དང་མ་འབྲེལ་བ་དང་། ཡུམ་འདི་ནི་རྣམ་མཁྱེན་དང་། དེའི་རྒྱུ་རྟག་ཕན་གྱི་གནས་སུ་འགྲོ་མི་འགྲོའི་ངེས་འབྱིན་ཡིན་མིན་དང་བྲལ་བས་བརྗོད་བྱ་དངོས་པོ་དང་། རྗོད་བྱེད་མིང་དང་གཉིས་པོ་ལ་ཐ་དད་དུ་འཛིན་པའམ་


MR04_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་ཞེན་གྱི་ཤེས་པ་སྐྱེ་བ་མེད་པ་དང་བཞི་ནི། ལམ་བདེན་གྱི་ཆོས་ཉིད་མི་དམིགས་པའི་རྣམ་པ་བཞིའོ། །དེ་ལྟ་ན་སྐྱེ་མེད་མཉམ་པ་ཉིད་དུ་མཐོང་བ་ཆོས་ཀུན་གྱི་གནས་ལུགས་མཐོང་བ་ཡིན་པའི་ཕྱིར། སྡུག་བསྔལ་ལ་སོགས་པའི་ཆོས་ཉིད་ཇི་བཞིན་པར་གཟིགས་པ་ཡིན་གྱི། མི་རྟག་པར་མཐོང་བ་སོགས་ནི་མཐར་ཐུག་གི་བདེན་པ་མཐོང་བ་མིན་ཏེ། དེ་ཁོ་ན་ཉིད་དུ་མི་རྟག་པ་དང་སྡུག་བསྔལ་སོགས་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་སྒྲོ་འདོགས་སོ་གཉིས་དང་བྲལ་བའི་རྣམ་པ་ཅན་གྱི་ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ་བཅུ་དྲུག་ནི། བྱང་སེམས་ཀྱི་མཐོང་ལམ་ཡིན་ལ་དེ་ལས་ལྡོག་སྟེ། མི་རྟག་སོགས་ཀྱི་རྣམ་པ་བཅུ་དྲུག་ལ་ཞེན་ནས་བསྒོམ་པ་ཉན་རང་གི་མཐོང་ལམ་ཡིན་ནོ། །ཉན་ཐོས་ཀྱི་ལམ་བྱང་སེམས་ཀྱིས་ཤེས་པར་བྱ་བ་ལས་མངོན་དུ་བྱ་བ་མིན་པས་སྒོམ་ལམ་མ་བསྟན་ཏོ། །ལྔ་པ་མཇུག་བསྡུ་བ། དེ་ལྟར་རྣམ་མཁྱེན་མཚོན་པའི་ཆོས་བཅུ་འདི་དང་། ཡང་ལམ་ཤེས་ཀྱི་ཆོས་བཅུ་གཅིག་པོ་འདི་དང་། གཞི་ཤེས་མཚོན་པའི་ཆོས་དགུ་པོ་ཡང་འདི་ཡིན་ཏེ། རྣམ་པ་གསུམ་པོ་འདི་དག་གིས་ནི་མཁྱེན་གསུམ་གྱི་གནས་སྐབས་གསུམ་པོ་དག་གི་མཇུག་སྡུད་ཀྱི་མདོ་སྦྱོར་གྱིས་དོན་


MR04_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་ཡོངས་སུ་བསྟན་པ་ཡིན་ཏེ། མཁྱེན་གསུམ་བསྡུས་པས་སྦྱོར་བཞི་ཡང་བསྡུས་པར་འགྱུར་བས་སོ། །དེ་ཡང་མདོ་ལས། རབ་འབྱོར་ཡུམ་འདི་ནི་ཆོས་གང་ཡང་ཐོབ་པར་བྱེད་པ་མ་ཡིན། འདས་པར་བྱེད་པ་མ་ཡིན་སོགས་གསུངས་པ་འདི་གཞི་ཤེས་ཀྱི་མཇུག་སྡུད་སྟོན་པའི་ཚིག་དང་། ཡང་རབ་འབྱོར་ཡུམ་འདི་ནི་ཁམས་གསུམ་ལས་འདའ་བར་བྱེད་པ་མ་ཡིན་སོགས་གསུངས་པ་འདི་ལམ་ཤེས་ཀྱི་དང་། ཡང་རབ་འབྱོར་ཡུམ་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་ནས་རང་སངས་རྒྱས་ཀྱི་ཆོས་རྣམས་སྟེར་བར་བྱེད་པ་མ་ཡིན་འདོར་བར་བྱེད་པ་མ་ཡིན། ཞེས་སོགས་གསུངས་པ་རྣམ་མཁྱེན་གྱི་མཇུག་སྡུད་དེ་སྐབས་གསུམ་རྫོགས་པར་སྟོན་པ་ཡིན་ནོ། །སྐབས་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་ཏེ་གསུམ་པའི་བཤད་པའོ། །གཉིས་པ་འཇུག་པ་སྦྱོར་བཞིའི་ཡན་ལག་རྒྱས་པར་བཤད་པ་ལ་གཉིས། དབང་དུ་བྱ་བ་རྒྱུ་འབྲས་དང་། བརྟན་པ་རྒྱུ་འབྲས་ཀྱི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། དབང་དུ་བྱ་བའི་རྒྱུ་རྣམ་ཀུན་


MR04_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དབང་དུ་བྱ་བའི་འབྲས་བུ་རྩེ་མོའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་བསྐྱེད་པ་དང་། སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་སྒོམ་རིམ་མོ། །དང་པོ་ལ་སྦྱོར་བའི་རྣམ་པ། སྦྱོར་བ་པོ་གང་ཟག །སྦྱོར་བ་རང་གི་ངོ་བོ། སྦྱོར་བའི་སྔོན་འགྲོའི་ཆོས་དང་བཞི། དང་པོ་ལ་མདོར་བསྟན་དང་། རྒྱས་བཤད་གཉིས། དང་པོ། དེ་ལྟར་གཞི་ལམ་རྣམ་པའི་ཆོས་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པའི་གཉེན་པོ་ཡེ་ཤེས་བརྒྱ་དོན་གསུམ་པོ་ཐབས་ཤེས་ཟུང་འབྲེལ་དུ་བསྒོམ་པ་ཡིན་ལ། ཤེས་རྣམ་དོན་རྣམ་དུ་རྩོད་པ་ལ་དགོས་པ་ཅི་ཡང་མེད་དེ་གཉིས་ཀ་ལྡོག་པས་ཕྱེ་བ་ཡིན་པས་སོ། །དེ་ཡང་མི་མཐུན་ཕྱོགས་མཚན་འཛིན་འཇོམས་པ་དང་། སྐྱེ་འགག་གནས་གསུམ་དང་བྲལ་བའི་ཤེར་ཕྱིན་ཡིན་ཀྱང་སྒོམ་ཚུལ་གྱི་དབང་གིས་སྐྱེ་མེད་གསུམ་རྟོགས་པའི་ཆེད་དུ་དང་། སྦྱོར་བ་ཡང་བཞི་ཀ་ལ་འཇུག་པས་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་མཐར་ཆགས་སུ་དཀྱུས་ཐོགས་གཅིག་ལ་བསྒོམ་པ་སྟེ། རྒྱུ་མཚན་ལམ་གྱི་རྣམ་པ་ཆ་ཚང་བའི་རྒྱ་ཆེ་བ་མ་ཚང་བ་མེད་པའི་དོན་ཡིན་གྱི་ཕྱོགས་རེ་བ་མིན་ཏེ། ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་ཀྱང་ལམ་གྱི་ཐབས་རྒྱ་ཆེ་བའང་


MR04_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་དགོས་པས། དཔེར་ན་སེམས་བསྐྱེད་སོགས་དགོས་པ་བཞིན་ནོ། །རྣམ་ཀུན་མངོན་རྫོགས་ཚོགས་ལམ་དུ་བསྒོམ་པ་ནི། མཐོང་སྤང་རྣམ་པར་སུན་འབྱིན་པའི་གཉེན་པོ་དང་། སྦྱོར་ལམ་རྩེ་སྦྱོར་དེ་སྤང་བ་གཉེན་པོའི་ཆ་ཤས་དང་། མཐར་གྱིས་པ་ཐག་བསྲིང་བའི་གཉེན་པོའོ། །གཞི་བདེན་བཞིའི་དོན་ཤེས་པ་ཡི་ཡེ་ཤེས་ཀྱི་བྱེ་བྲག་རྣམས་ལ། རྣམ་པ་ཞེས་བྱ་བ་ཡིན་ལ། དེ་ནི་གཉེན་པོའི་མཚན་ཉིད་དམ། ཡང་ན་དོན་རྣམ་དེ་འཇལ་བྱེད། ཤེས་བྱ་ཀུན་མཁྱེན་ཉིད་ནི་གཞི་ལམ་རྣམ་པས་རྣམ་གསུམ་གྱིས་འཇུག་པའི་ཡུལ་ཅན་ཡིན་ཕྱིར། རེ་རེ་བ་མ་ཡིན་པས་བསྡུས་ན་རྣམ་པ་དེ་ནི་ཡང་རྣམ་པ་གསུམ་དུ་འདོད་དོ། །གཉིས་པ་ལ། གཞི་ཤེས། ལམ་ཤེས། རྣམ་མཁྱེན་གྱི་རྣམ་པ་རྒྱས་པར་བཤད་པ་གསུམ། དང་པོ། མདོ་ནི། བཅོམ་ལྡན་འདས་ཤེར་ཕྱིན་འདི་ནི་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ནམ་མཁའ་མེད་པའི་ཕྱིར་ཡུམ་ནི་མེད་པའི་ཕར་ཕྱིན་ནོ། །ཞེས་སོགས་སོ། །གཞི་ཤེས་ཀྱི་རྣམ་པ་མེད་པའི་རྣམ་པ་ནས་བཟུང་སྟེ། མི་གཡོ་བ་ཡི་རྣམ་པའི་བར་དུ་བདེན་པ་སོ་སོ་ལ་བཞི་རེ་དང་། ལམ་ལ་གང་ཟག་གི་བདག་མེད་


MR04_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྡོག་ཆ་ནས་བསྟན་པ་བཞི་ཉན་རང་དང་ཐུན་མོང་གི་རྟོགས་བྱ་དང་། དེའི་སྟེང་དུ་རང་རྒྱལ་གྱི་གཟུང་བ་རང་བཞིན་མེད་རྟགས་ལ་མཉམ་རྗེས་གཉིས་སུ་ཕྱེ་བའི་རྗེས་ཐོབ་ཏུ་རྨི་ལམ་དང་སྒྱུ་མ་ལྟར་རྟོགས་པ་སོགས་དཔེ་ལྔས་བསྟན་པ་དང་། མཉམ་བཞག་ཏུ་ཀུན་ནས་ཉོན་མོངས་པ་མེད་པ་སོགས་དྲུག་ནི་རང་རྒྱལ་ལ་ཕྱི་དོན་རང་བཞིན་མེད་པ་ཁོ་ནའི་ཆ་ལས་བཞག་ཅིང་། ཐེག་ཆེན་དུ་ཆོས་རྣམས་རང་བཞིན་མེད་པའི་དོན་གྱིས་སྒྲ་ཇི་བཞིན་པར་བཟུང་དགོས་ལ་དེ་ལྟར་ལམ་གྱི་རྣམ་པ་དེ་ནི་བཅོ་ལྔར་བཤད་པ་སྟེ་བསྡོམས་པས་ཉེར་བདུན་ནི་གཞི་ཤེས་ཀྱི་རྣམ་པ་སྟེ། རྟག་པར་མེད་པའི་རྣམ་པ་དང་། དོན་དམ་དུ་མི་སྐྱེ་བའི་རྣམ་པ་དང་། བྱེད་པ་པོ་དང་གཙང་བ་སོགས་བདག་གིས་དབེན་པའི་རྣམ་པ་དང་། བདག་འཛིན་གྱིས་མི་བརྫི་བའི་རྣམ་པ་སྟེ་འདི་བཞི་མི་རྟག་སྡུག་བསྔལ་སྟོང་བདག་མེད་ཀྱི་རྣམ་པ་བཞིའོ། །སྡུག་བསྔལ་སྐྱེ་བའི་གནས་མེད་པའི་རྣམ་པ་དང་། སྐྱེ་འགག་མེད་པ་ནམ་མཁའི་ཚུལ་དང་། རྟོག་དཔྱོད་དང་བྲལ་བ་བརྗོད་དུ་མེད་པའི་དང་། དོན་དམ་དུ་མིང་བཞིའི་ཕུང་པོ་མེད་པ་མིང་མེད་པའི་རྣམ་པ་སྟེ། དེ་དག་རིམ་པ་ལྟར། རྒྱུ་ཀུན་འབྱུང་རབ་སྐྱེ། རྐྱེན་དང་བྲལ་བའི་རྣམ་


MR04_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །འགྲོ་འོང་གི་ཐོབ་བྱར་མེད་པས་འགྲོ་བ་མེད་པའི་དང་། རྣམ་པའི་སྒོ་ནས་མི་འཕྲོག་པའི་གཟུང་དུ་མེད་པའི་མི་འཕྲོག་པའི་དང་། དོན་དམ་དུ་དྲི་མ་ཟད་པར་བྱར་མེད་ཅིང་མི་འཛད་པ་མི་ཟད་པའི་དང་། དོན་དམ་དུ་སྐྱེ་བ་མེད་པའི་རྣམ་པ་རྣམས་འགོག་པ་ཞི་བ་གྱ་ནོམ་ངེས་པར་འབྱུང་བའི་རྣམ་པར་སྦྱར་རོ། །ལམ་ལ་འཇུག་པར་བྱེད་པའི་བདག་མེད་པར་རྟོག་པ་བྱེད་པ་པོ་མེད་པའི་དང་། རིགས་པའི་ལམ་ཤེས་པ་པོ་མེད་པའི་དང་། རང་རྒྱུད་ལོག་པ་ལས་ཕྱིན་ཅི་མ་ལོག་པ་སྒྲུབ་པའམ་གོ་འཕོ་བ་པོ་མེད་པའི་དང་། ལས་ཉོན་ལས་ངེས་པར་འབྱིན་པའི་ལམ་གྱིས་ཉོན་མོངས་འདུལ་བ་པོ་མེད་པའི་རྣམ་པ་བཞི་པོ་ལམ་རྣམ་བཞི་དང་སྦྱར་ཞིང་གང་ཟག་གི་བདག་མེད་པར་རྟོགས་པའི་ཉན་རང་གི་མཁྱེན་པའོ། །དེ་དག་ནི་ཉོན་སྒྲིབ་ཀྱི་གཉེན་པོ་མཐོང་ལམ་ཟག་མེད་ཀྱི་ཡེ་ཤེས་སོ། །རང་རྒྱལ་ལ་དེའི་སྟེང་དུ་གཟུང་བ་རང་བཞིན་མེད་རྟོགས་ཡོད་པས། ཤེས་སྒྲིབ་རགས་པའི་གཉེན་པོ་མཐོང་སྒོམ་མཉམ་རྗེས་གཉིས་ལས། དང་པོ། སྒོམ་ལམ་རྗེས་ཐོབ་ཟག་བཅས། གཟུང་བ་ངོ་བོ་མེད་པར་རྟོགས་པ་རྨི་ལམ་ལྟ་བུའི་རྣམ་པ་དང་། མ་སྐྱེས་པ་སྒྲ་བརྙན་གྱི་དང་། མ་འགགས་


MR04_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པ་མིག་ཡོར་གྱི་རྣམ་པ་དང་། གཟོད་ནས་ཞི་བ་སྨིག་རྒྱུའི་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་སྒྱུ་མ་ལྟར་རྟོགས་པའི་རྣམ་པ་ལྔའོ། །དེ་ལྔ་ནི་ཤེས་སྒྲིབ་རགས་པའི་གཉེན་པོ་སྒོམ་ལམ་མོ། །མཉམ་ཉིད་ཡེ་ཤེས་ཀུན་ནས་ཉོན་མོངས་པའི་ཕྱི་དོན་མེད་པའམ། ཕྱི་དོན་མེད་པས་ན་ཕྱི་དོན་ཀུན་ནས་ཉོན་མོངས་པ་མེད་པའི་རྣམ་པ་ངོ་བོ་ཉིད་དུ་རྟོགས་པ་དང་། དེ་བཞིན་དུ་ཕྱི་དོན་རྣམ་བྱང་མེད་པའི་རྣམ་པ་དང་། ཀུན་ཉོན་གྱི་བག་ཆགས་ཀྱིས་གོས་པ་མེད་པའི་རྣམ་པ་དང་། དེའི་གཟུགས་སོགས་ཀྱི་དབྱེ་བའི་སྤྲོས་པ་མེད་པའི་དང་། རང་གི་རྟོགས་པ་ལ་གཟུང་བར་བྱར་རློམ་པ་མེད་པའི་དང་། ཕྱི་དོན་མེད་པར་རྟོགས་པ་ཐོབ་ཟིན་ལས་མི་ཉམས་པར་རྟོགས་པས་ན། མི་གཡོ་བའི་རྣམ་པ་སྟེ། མཐོང་ལམ་ཤེས་སྒྲིབ་ཀྱི་གཉེན་པོ་ཡིན་ནོ། །དེ་ལྟར་གཞི་ཤེས་ཀྱི་རྣམ་པ་མཐའ་དག་བདེན་བཞིར་འདུ་བ་ལས་དབྱེ་བསྡུའི་ཁྱད་པར་གྱིས་སྐབས་འདིར་ཉི་ཤུ་རྩ་བདུན་དུ་བསྡུས་ཏེ་བསྒོམས་པའོ། །གཉིས་པ། ལམ་ཤེས་ཀྱི་རྣམ་པའང་། རྒྱུ་ཀུན་འབྱུང་བདེན་པ་སྤང་གཉེན་གྱི་སྒོ་ནས་བསྟན་པ་དང་། ལམ་བདེན་དམ་བཅའ་དང་འཐད་པའི་སྒོ་ནས་བསྟན་པ་དང་། སྡུག་བསྔལ་བདེན་པ་མཚན་ཉིད་


MR04_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒོ་ནས་བསྟན་པ་དང་། འགོག་པའི་བདེན་པ་སྟོང་ཉིད་ཀྱི་སྒོ་ནས་བཤད་པ་ལ་ནི། གོ་རིམ་བཞིན་དུ་དེ་དག་ཆགས་བྲལ་གྱི་རྣམ་པ་སོགས་བརྒྱད་དང་། ཚད་མེད་པའི་རྣམ་པ་སོགས་བདུན་དང་ནི། མི་རྟག་པའི་རྣམ་པ་སོགས་ལ་ལྔ་དང་། ཕྱི་སྟོང་པ་ཉིད་ཀྱི་རྣམ་པ་སོགས་བཅུ་དྲུག་ཅེས་ལམ་ཤེས་ལ་རྣམ་པ་སོ་དྲུག་ཏུ་བསྒྲགས་སོ། །མདོ་ནི། འདོད་ཆགས་དམིགས་སུ་མེད་པའི་ཕྱིར། །ཞེས་སོགས་སོ། །ཀུན་འབྱུང་བདེན་པ་སྤང་གཉེན་གྱི་སྒོ་ནས་བསྟན་པ་ལ། རྒྱུ་ཡི་རྣམ་པ་ལ། འཁོར་བའི་རྒྱུའི་གཙོ་བོ། འདོད་པ་མ་ཐོབ་པ་ལ་འཕྲད་པར་འདོད་པའི་འདོད་འདུན་སྤོང་བའི་གཉེན་པོ་ཆགས་བྲལ་གྱི་རྣམ་པ་དང་ཐོབ་པ་ལ་སྲེད་ཅིང་ཞེན་པའི་གཉེན་པོ་མི་གནས་པའི་དང་། དེའི་དབང་གིས་ཡང་སྲིད་ལ་དགའ་བའི་གཉེན་པོ་སྤྲོས་པ་ཉེ་བར་ཞི་བའི་རྣམ་པ་གསུམ་མོ། །སྲིད་པ་ཀུན་ནས་འབྱུང་བའི་རྒྱུ་དུག་གསུམ་གྱི་གཉེན་པོར། འདོད་ཆགས་མེད་པའི་དང་། ཞེ་སྡང་མེད་པའི་དང་། གཏི་མུག་མེད་པའི་རྣམ་པ་གསུམ་མོ། །རབ་སྐྱེའི་རྣམ་པ་སྔ་ཕྱི་ཀུན་དུ་རྟོག་པའི་ཕྱིན་ཅི་ལོག་གི་ཀུན་རྟོག་སྤོང་བྱེད་ཉོན་མོངས་པ་མེད་པའི་རྣམ་པ་


MR04_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གོ །ཀུན་འབྱུང་རྐྱེན་རྣམས་སེམས་ཅན་དུ་མངོན་ཞེན་སྤོང་བའི་གཉེན་པོ་སེམས་ཅན་མེད་རྟོག་གི་རྣམ་པ་སྟེ་དེ་ལྟར་རྒྱུ་ཀུན་འབྱུང་བདེན་པ་ལ་བརྒྱད་དོ། །ལམ་བདེན་དམ་བཅའ་དང་དེ་འཐད་པའི་སྒོ་ནས་བསྟན་པ་ལ། དང་པོ་ལམ་གྱི་ངོ་བོ་ནི། བགྲང་དུ་མེད་པའི་སེམས་ཅན་ལ་སྐབས་འབྱེད་པས་ན་ཚད་མེད་པའི་རྣམ་པ་ཅན་ནོ། །ཅི་ལྟར་ཚད་མེད་པའི་ལམ་ཡིན་ཞེ་ན་ཚད་མེད་པའི་ལམ་དུ་འཐད་དེ། འཁོར་འདས་ཀྱི་མཐའ་གཉིས་དང་མ་འབྲེལ་བའི་རྣམ་པ་བླ་ན་མེད་པའི་བྱང་ཆུབ་དུ་འཛིན་པས་སོ། །རིག་པའི་ངོ་བོ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐ་མི་དད་པར་རྟོགས་པའི་ངོ་བོར་དམ་བཅའ། དེ་རིགས་པ་ཡིན་ཏེ་དམན་པ་ཉན་རང་གི་ས་ལ་མཆོག་ཏུ་འཛིན་པ་མེད་པའི་རྣམ་པ་ཅན་ཡིན་པས་ཤིན་ཏུ་རིགས་པའོ། །སྒྲུབ་པའི་ངོ་བོ་བདག་གཉིས་སུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེས་ཇི་ལྟར་སྒྲུབ་ན། ཆོས་ཉིད་གཞལ་དུ་མེད་པའི་རྣམ་པ་ཕྱིན་ཅི་མ་ལོག་པར་སྒྲུབ་པའོ། །ངེས་འབྱིན་གྱི་ངོ་བོ་དོན་དམ་པར་ཆོས་གང་ལ་ཡང་ཆགས་པ་མེད་པའི་ཡེ་ཤེས་སོ། །ཕྱི་མ་ལ་འཐད་པ་དྲི་བཀོད་མ་མཛད་པ་ནི་གདུལ་བྱ་ཉེ་བའི་བསམ་ངོ་ལ་ལྟོས་པའོ། །དེ་ལྟར་ན་ལམ་གྱི་རྣམ་པ་བདུན་ནོ། །སྡུག་བདེན་མཚན་ཉིད་ཀྱི་སྒོ་ནས་


MR04_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ། དང་པོ་སྐད་ཅིག་གིས་འགྱུར་བའི་མི་རྟག་པའི་དང་། སྡུག་བསྔལ་གསུམ་གང་རུང་དང་ལྡན་པའི་སྡུག་བསྔལ་དང་། དོན་གཞན་གྱི་བདག་གིས་དབེན་པའི་སྟོང་པ་དང་། བདག་རང་གི་ངོ་བོས་དབེན་པའི་གང་ཟག་གི་བདག་མེད་པ་སྟེ། དེ་བཞི་རང་མཚན་གྱི་དབང་དུ་བྱས་པའོ། །དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་བདག་མེད་པའི་རང་བཞིན་དུ་གཅིག་པས་མཚན་ཉིད་མེད་པའི་རྣམ་པ་ནི་སྤྱི་མཚན་ཏེ། དེ་ལྟར་ན་སྡུག་བདེན་གྱི་ལྔའོ། །འགོག་བདེན་སྟོང་ཉིད་དམ་དྲི་བྲལ་གྱི་སྒོ་ནས་བཤད་པ་ལ། དང་པོ་གློ་བུར་དྲི་བྲལ་གྱི་ཕྱི་སྟོང་པ་ཉིད་ཀྱི་རྣམ་པ་དང་། ནང་སྟོང་པ་ཉིད་ཀྱི་དང་། གཉིས་ཀ་སྟོང་པ་ཉིད་གསུམ་ནི་སྡུག་བསྔལ་འགོག་པའི་རྣམ་པའོ། །གློ་བུར་དྲི་བྲལ་གྱི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་ཉིད་དང་། མཐའ་ལས་འདས་པ་སྟོང་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་བརྒྱད་ནི་འཛིན་སྟངས་ཀྱི་རྣམ་པ་བྲལ་བས་ཉོན་མོངས་ཞི་བའི་རྣམ་པའོ། །དག་པ་གཉིས་ལྡན་གྱི་


MR04_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་སྟོང་པ་ཉིད་གཅིག་ནི་མྱང་འདས་གྱ་ནོམ་པའི་རྣམ་པའོ། །དག་པ་གཉིས་ལྡན་གྱི་ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་གསུམ། ངེས་འབྱུང་ལ་གཉིས་སུ་ཕྱེ་བའི་ཅི་ལྟར་ངེས་པར་འབྱུང་བའི་རྣམ་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་གཅིག་པུ། གང་ངེས་པར་འབྱུང་བའི་རྣམ་པའོ། །དེ་ལྟ་བུའི་སྟོང་ཉིད་བཅུ་དྲུག་དེ་ཡང་སྟོང་ཉིད་དུ་དབྱེར་མེད་ཀྱང་། སྟོང་གཞི་ཆོས་ཅན་ལ་ལྟོས་ཏེ་ལོག་རྟོག་བསལ་ཚུལ་གྱི་སྒོ་ནས་བཅུ་དྲུག་ཏུ་གསུངས་པ་དེ་སྐབས་དེ་དག་ཏུ་གང་ལ་གང་སྦྱར་ཡང་རུང་མོད་འདི་ལྟར་སྦྱར་བའི་གོ་བ་ཡང་ཤེས་པར་བྱའོ། །དེ་ལྟར་ན་ལམ་ཐམས་ཅད་བདེན་བཞིར་འདུ་བས་དེ་དག་གི་དབྱེ་བ་སུམ་ཅུ་སོ་དྲུག་བསྟན་ཏོ། །གསུམ་པ། རྣམ་མཁྱེན་ནི་གཞི་ལམ་རྣམ་པ་མ་ལུས་པའི་ཡུལ་ཅན་ཡིན་པའི་ཕྱིར་ཡུལ་ཀུན་ཏེ་སྔ་མ་གཉིས་ཀྱི་རྣམ་པ་ཐམས་ཅད་མཁྱེན་མོད། འདི་དྲན་པ་ཉེར་བཞག་ནས་བཟུང་སྟེ། འབྲས་བུ་སངས་རྒྱས་རྣམ་པའི་མཐར་ཐུག་རྣམས། ཡུལ་ཅན་གཉེན་པོ་ལམ་གྱི་བདེན་པའི་རྗེས་སུ་མཐུན་པར། ཀུན་མཁྱེན་པ་སྟེ་རྣམ་མཁྱེན་ལ་གསུམ་དུ་ཕྱེ་བས་ན། སློབ་མ་སྟེ་ཉན་ཐོས་ལ་ཡོད་པ་དང་རྗེས་སུ་


MR04_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་དང་། བྱང་ཆུབ་སེམས་དཔའ་ལ་ཡོད་པ་དང་རྗེས་མཐུན། རྫོགས་པའི་སངས་རྒྱས་རྣམས་ལ་ཡོད་པ་ཐུན་མོང་མིན་པའི་ཆོས་བཅས་རིམ་བཞིན་ཡིན། དེ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་དང་། རྣམ་ཐར་སྒོ་གསུམ། རྣམ་པར་ཐར་པ་བརྒྱད། མཐར་གྱིས་གནས་པའི་སྙོམས་འཇུག་དགུ། བདེན་བཞི་མཐོང་བའི་བཟོད་བཞི། ཕར་ཕྱིན་བཅུ་བཅས་ཁྱོན་སུམ་ཅུ་སོ་བཞིའོ། །སྟོབས་བཅུ་དང་། མི་འཇིགས་པ་བཞི། སོ་སོ་ཡང་དག་པར་རིག་པ་བཞི། མ་འདྲེས་པ་བཅོ་བརྒྱད་དང་། དེ་བཞིན་ཉིད་ཀྱི་རྣམ་པ། རང་བྱུང་གི་རྣམ་པ། སངས་རྒྱས་ཉིད་ཀྱི་རྣམ་པ་སྟེ་ཁྱོན་བསྡོམས་པས་སུམ་ཅུ་རྩ་དགུ་སྟེ། དོན་ལ་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་དག་ཏུ་བཞེད་དོ། །མདོ་ནི། ལུས་དང་ཚོར་བ་དང་སེམས་དང་ཆོས་མི་དམིགས་པའི་ཕྱིར། ཞེས་སོགས་སོ། །དེ་ཡང་ཉན་ཐོས་ལ་ཡོད་པ་དང་རྗེས་མཐུན་བྱང་ཕྱོགས་ལས་བདེན་བཞི་ལ་འཇུག་པས་ཚོགས་ལམ་དུ་དངོས་པོ་ལ་ཡོངས་སུ་རྟོག་པའི་ལམ་དྲན་པ་ཉེར་བཞག་བཞི་ནི་གནས་ངན་ལེན་གྱི་རྒྱུའི་གཙོ་བོ་ལུས་དང་། སྲེད་པའི་གཞི་ཚོར་བ་དང་། བདག་ཏུ་དམིགས་པའི་


MR04_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་སེམས་དང་། ཀུན་བྱང་སོགས་སུ་འཛིན་པའི་གཞི་ཆོས་ཏེ་དྲན་པ་ཉེར་བར་བཞག་པའི་རྣམ་པ་བཞི་དང་། བརྩོན་འགྲུས་ཀྱིས་རྩོལ་བ་ལས་བྱུང་བའི་ལམ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ། སྐྱེས་པ་སྤོང་བར་བྱེད་པ། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ། སྐྱེས་པ་མི་ཉམས་པར་བྱེད་པ་ལ་བརྩོན་འགྲུས་རྩོམ་པ་ཡང་དག་སྤོང་བ་བཞི་དང་། སེམས་ལས་སུ་རུང་གི་ཏིང་ངེ་འཛིན་སྦྱངས་པའི་ལམ། འདུན་པའི་རྫུ་འཕྲུལ་གྱི་རྐང་པའི་རྣམ་པ་དང་། བརྩོན་འགྲུས་དང་། སེམས་པ་དང་། དཔྱོད་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པའི་རྣམ་པ་བཞི་དང་། མངོན་པར་རྟོགས་པ་ལ་དབང་བའི་ལམ་སྦྱོར་ལམ་དྲོད་རྩེར་དད་པའི་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོའི་རྣམ་པ་སྟེ་དབང་པོ་ལྔ། མངོན་པར་རྟོགས་པ་དང་འབྲེལ་བའི་ལམ་སྦྱོར་ལམ་བཟོད་པ་དང་ཆོས་མཆོག་ཏུ་དད་བརྩོན་དྲན་ཏིང་ཤེས་རབ་ཀྱི་སྟོབས་ཀྱི་རྣམ་པ་ལྔ། མངོན་པར་རྟོགས་པའི་ལམ་མཐོང་ལམ་དུ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་


MR04_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བཏང་སྙོམས་ཏེ་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། རྣམ་པར་དག་པ་ངེས་པར་འབྱིན་པའི་ལམ་མམ་ཟག་པ་ཟད་པའི་ལམ་སྒོམ་ལམ་ལ། ཡང་དག་པའི་ལྟ་བ་འཕགས་པའི་ལམ་གྱི་རྣམ་པ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་འཕགས་པའི་ལམ་ཡན་ལག་བརྒྱད་དེ་བྱང་ཕྱོགས་སོ་བདུན་ནོ། །བྱང་སེམས་ལ་ཡོད་པ་དང་རྗེས་མཐུན། གཉེན་པོའི་ལམ་སྟོང་བདག་མེད་ཀྱི་རྣམ་པ་གཉིས་ཀྱི་སྟོང་པ་ཉིད་ཀྱི་རྣམ་པ་དང་། འགོག་ལམ་གྱི་རྣམ་པ་བརྒྱད་ཀྱི་མཚན་མ་མེད་པ་དང་། སྡུག་ཀུན་གྱི་དྲུག་གི་རྣམ་པ་ཅན་གྱི་སྨོན་པ་མེད་པ་སྟེ་ཏིང་ངེ་འཛིན་གསུམ། སྤྲུལ་པའི་ལམ་ལ་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་གྱི་རྣམ་པ་དང་། གཟུགས་མེད་གཟུགས་ལ་ལྟ་བའི་དང་། དེ་གཉིས་ནི་ནང་རང་ལ་གཟུགས་ཡོད་དང་མེད་པའི་འདུ་ཤེས་བཞག་ནས་ཕྱི་རོལ་གྱི་གཟུགས་རྣམས་ལ་མི་སྡུག་པར་ལྟ་བ་དང་། གཟུགས་མི་སྡུག་པས་སྐྱོ་བས་སྡུག་པའི་རྣམ་ཐར་དང་གསུམ་ཡིན་ལ། མཐོང་ཆོས་བདེར་གནས་ཀྱི་ལམ་ནམ་མཁའ་མཐའ་ཡས་རྣམ་ཐར་སོགས་གཟུགས་མེད་


MR04_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ཏིང་འཛིན་འོག་སའི་ཆགས་པ་ལས་ཐར་བྱེད་ཀྱི་རྣམ་ཐར་བཞི་དང་། ཁམས་གསུམ་ལས་ཐར་བྱེད་ཚོར་འདུ་འགོག་པའི་རྣམ་ཐར་ཏེ་ལྔ་བསྡོམས་པས་རྣམ་ཐར་བརྒྱད་དང་འཇིག་རྟེན་ལས་འདས་པའི་ལམ། བསམ་གཏན་བཞི་དང་གཟུགས་མེད་བཞི་འགོག་པའི་སྙོམས་འཇུག་གི་རྣམ་པ་བཅས་མཐར་གྱིས་གནས་པའི་སྙོམས་འཇུག་དགུ། དེ་ལས་བྱེ་བྲག་འགོག་སྙོམས་ནི། འཇིག་རྟེན་ལས་འདས་པ་སྟེ་དང་པོར་མི་རྣམས་ཀྱི་ནང་དུ་བསྒྲུབས་ནས། མིའི་ནང་དུའམ་གཟུགས་ཁམས་སུ་མངོན་དུ་བྱེད་ཅིང་། མཐར་གྱིས་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་དུ་སྙོམས་པར་འཇུག་ཅིང་། དེའི་མཇུག་ཏུ་ཚོར་འདུ་འགོག་པ་འདི་ལ་འཕགས་པ་མ་གཏོགས་འཇུག་མི་ནུས་སོ། །སྤང་བའི་ལམ། སྡུག་བསྔལ་བདེན་པ་མཐོང་བ་བཟོད་པའི་རྣམ་པ་སོགས་བདེན་པ་ལྷག་མ་ཀུན་འབྱུང་འགོག་ལམ་ལ་སྦྱར་ནས་མཐོང་ལམ་བར་ཆད་མེད་ལམ་བཞིའོ། །སངས་རྒྱས་ཉིད་ཀྱི་ལམ་སྦྱིན་པའི་ཕར་ཕྱིན་སོགས་བཅུ་དང་སུམ་ཅུ་སོ་བཞིའོ། །དེ་ནས་སངས་རྒྱས་ཉིད་ཀྱི་ཐུན་མིན་ལ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱི་རྣམ་པ་དང་། ལས་ཀྱི་རྣམ་པར་སྨིན་


MR04_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། མོས་པ་སྣ་ཚོགས་པ་དང་། འཇིག་རྟེན་གྱི་ཁམས་དུ་མ་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་དང་། ཐམས་ཅད་དུ་འགྲོ་བའི་ལམ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། འཆི་འཕོ་བ་དང་སྐྱེ་བ་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་རྣམ་པ་བཅུ་དང་། ང་ནི་སངས་རྒྱས་སོ་ཞེས་རང་དོན་རྟོགས་པ་ཕུན་ཚོགས་ཞལ་གྱིས་བཞེས་པ་ལ་མི་འཇིགས་པའི་རྣམ་པ་དང་། རང་དོན་སྤང་བ་ཕུན་ཚོགས་ཞལ་གྱིས་བཞེས་པ་ལ་དང་། གཞན་དོན་དུ་ངེས་པར་འབྱུང་བའི་ལམ་སྟོན་པ་ལ་མི་འཇིགས་པ་དང་། གཞན་དོན་དུ་ལམ་གྱི་གེགས་སྟོན་པ་ལ་མི་འཇིགས་པའི་རྣམ་པ་སྟེ་མི་འཇིགས་པ་བཞི། རྗོད་བྱེད་ཀྱི་ངག་རྣམ་དག་ཆོས་སོ་སོར་ཡང་དག་པར་རིག་པ་དང་། ཤེས་བྱའི་དོན་དང་། ལྷ་ཀླུ་སོགས་སྐད་ཀྱི་ངེས་པའི་ཚིག་དང་། མི་ཟད་པའི་སྤོབས་པ་སོ་སོར་ཡང་དག་པར་རིག་པའི་རྣམ་པ་སྟེ། སོ་སོར་ཡང་དག་རིག་བཞི་དང་། སྐུ་ལ་འཁྲུལ་པ་མི་མངའ་བ་མ་འདྲེས་པའི་རྣམ་པ་དང་། གསུང་ལ་ཅ་ཅོ་མི་མངའ་བ་དང་། ཐུགས་ལ་དྲན་པ་ཉམས་པ་མི་མངའ་བ་དང་། མཉམ་པར་མ་བཞག་པའི་ཐུགས་མི་


MR04_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བ། འདུ་ཤེས་སྣ་ཚོགས་མི་མངའ་བ་དང་། མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ་སྤྱོད་པས་བསྡུས་པ་དྲུག་དང་། སེམས་ཅན་ལ་ཕན་པའི་འདུན་པ་ཉམས་པ་མི་མངའ་བ་དང་། གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས་དང་། ཆོས་ཀུན་གཟིགས་པའི་དྲན་པ་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། ཆོས་ཀུན་རྣམ་པར་འབྱེད་པའི་ཤེས་རབ་དང་། སྒྲིབ་པ་ཀུན་ལས་རྣམ་གྲོལ་གྱི་ཡེ་ཤེས་ལས་ཉམས་པ་མི་མངའ་བ་སྟེ་རྟོགས་པས་བསྡུས་པ་དྲུག་དང་། སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་རྗེས་སུ་འབྲངས་པའི་མཛད་པས་བསྡུས་པའི་རྣམ་པ་གསུམ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་རྣམ་པ་གསུམ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། གནས་ལུགས་མ་ནོར་བར་མཁྱེན་པའི་དེ་བཞིན་ཉིད་ཀྱི་རྣམ་པ་དང་། གཞན་རྐྱེན་ལ་མ་ལྟོས་པར་རང་བྱུང་གི་ཡེ་ཤེས་མངོན་དུ་བརྙེས་པ་རང་བྱུང་གི་རྣམ་པ་དང་། འདིར་རང་བྱུང་གི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་འོད་གསལ་བ་སྟེ། འཕགས་པ་སྡོང་པོ་བཀོད་པ་ལས། འཇིག་རྟེན་


MR04_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་ཚིག་གྱུར་ཀྱང་། །ནམ་མཁའ་འཇིག་པར་འགྱུར་བ་མེད། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་གསུངས་པ་ལྟར། རྒྱུ་རྐྱེན་གྱི་འདུས་མ་བྱས་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་བསལ་བཞག་མེད་པའི་ཚུལ་གྱིས་གོམས་པས་སྲིད་པ་ཐ་མ་པའི་དུས། གཞན་ལ་རག་མ་ལུས་པ་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་དུ་མཛད་པའོ། །ཤེས་བྱའི་རྣམ་པ་མ་ལུས་པ་མ་འདྲེས་ཡང་དག་པར་ཐུགས་སུ་ཆུད་པ་སངས་རྒྱས་ཉིད་ཀྱི་རྣམ་པ་སྟེ། ཐུན་མིན་སུམ་ཅུ་སོ་དགུ་བསྡོམས་པས་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་ཐམ་པ་སྟེ། ཡོངས་སུ་བསྡོམས་པ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་དུ་ངེས་སོ། །དེ་ལས་ཀུན་ཤེས་ཀྱི་རྣམ་པ་ཉེར་བདུན་ལ་ཉན་ཐོས་ཀྱི་རྒྱུད་ལ་ཡོད་པའི་གཞི་ཤེས་ནི། ཉོན་མོངས་རྣམས་དུག་མདའ་ལྟར་སྤོང་བས་ཟག་པ་མེད་པ་ཡིན་ཏེ་མཉམ་བཞག་ཏུ་སྒོམ་བྱའི་རྣམ་པ་ཡིན་པའི་ཕྱིར། བྱང་སེམས་ཀྱི་རྒྱུད་ལ་ཡོད་པའི་གཞི་ཤེས་ནི་ཟག་བཅས་ཡིན་ཏེ་གཞན་དོན་དུ་རྗེས་ཐོབ་ཏུ་ཤེས་པར་བྱ་བའི་རྣམ་པ་ཡིན་པའི་ཕྱིར་འདི་ནི་རྗེས་ཐོབ་ཟག་བཅས་སུ་འདོད་པའི་དབང་དུ་བྱས་སོ། །


MR04_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་ཀྱི་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་ནི་ཉོན་མོངས་རྣམས་མི་གཙང་བའི་ལུད་བུ་རམ་ཤིང་གི་ཞིང་དང་། འབྲས་ཞིང་དང་། ཏིལ་ཞིང་ལ་ཕན་པ་ལྟར། རྫོགས་པའི་བྱང་ཆུབ་ལ་ཕན་པས་ཤིན་ཏུ་མི་སྤོང་བར་གསུངས་པས་ཟག་བཅས་དང་། རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་ཟག་མེད་ཁོ་ནའོ། །དེ་དག་གཞི་ལམ་རྣམ་པས་དབྱེ་བ། སྔ་མ་སྔ་མ་བཞག་ནས་དེར་མ་ལུས་པ། ཕྱི་མ་ཕྱི་མར་རིམ་གྱིས་བཞག་ནས། དོན་དུ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་བསྡོམས་ཏེ་བསྒོམ་བྱར་བསྟན་པ་ཡིན་ཞིང་། འབྲས་ཆོས་རྣམས་མོས་པས་ཡིད་ལ་བྱེད་པ་ཡིན་ལ། ཆོས་དེ་དག་ཐམས་ཅད་མཉམ་བཞག་ཏུ་མི་དམིགས་པའི་རྣམ་པ་ཅན་དང་། རྗེས་ཐོབ་ཏུ་དེ་དང་དེའི་ངོ་བོ་རྒྱུ་བྱེད་ལས་ལ་སོགས་པའི་རྣམ་པ་མ་འདྲེས་པར་ཤེས་ཤིང་བསྒྲུབས་པའི་རྣམ་པ་ཅན་དུ་སྒོམ་པ་ཁོ་ན་ཡིན་ནོ། །དོན་རྣམ་ཡུལ་གྱི་རྣམ་པ་དང་། ཤེས་རྣམ་ཡུལ་ཅན་གྱི་འཛིན་སྟངས་ཡིན་པས་དོན་དུ་དེ་གཉིས་འབྲལ་མི་ཤེས་པར་ཡོད་ཀྱང་། ཡུལ་ཡུལ་ཅན་གྱི་ངོས་ནས་དབྱེ་ཚུལ་ལ་ལྟོས་ཏེ་སྔ་མ་གཉིས་དོན་རྣམ་དང་། ཕྱི་མ་ཤེས་རྣམ་གྱི་ངོས་


MR04_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྟན་པ་ཡིན་ནོ། །དེ་ལྟར་རྣམ་པ་འདི་རྣམས་བྱང་ཆུབ་སེམས་དཔའི་སྒོམ་ཚུལ་ལ། སྤྱིར་རྣམ་པ་བཞི་སྟེ། སྒོམ་པ་དེའི་རྗེས་སུ་མཐུན་པ་ཙམ་གྱིས་བློ་སྐྱེ་བ་མོས་པ་ཡིད་ལ་བྱེད་པའི་སྒོམ། བློ་དེའི་མཚན་ཉིད་ཇི་ལྟ་བར་སྐྱེ་བ་དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་སྒོམ། རང་རྒྱུད་ལ་འབྱུང་འགྱུར་གྱི་མངོན་རྟོགས་དེ་དེའི་མཚན་ཉིད་འདི་དང་འདིའོ་ཞེས་ཡིད་ལ་བྱེད་ཅིང་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱོད་པར་བྱེད་པ་མཚན་ཉིད་རྗེས་སུ་དཔྱོད་པའི་སྒོམ། གོ་འཕང་དེ་ཐོབ་པར་ཡིད་ཀྱིས་སྨོན་ཞིང་། དེའི་ཆེད་དུ་ཚོགས་བསགས་པ་སྨོན་ལམ་གྱི་སྒོམ་པ་ལས། ས་བདུན་པ་མན་ཆད་དུ་རྣམ་མཁྱེན་གྱི་སྐབས་ཀྱི་གཞི་ཤེས་དང་ལམ་ཤེས་མོས་པ་ཡིད་བྱེད། སྟོབས་སོགས་རྗེས་དཔྱོད་དང་སྨོན་ལམ་གྱི་སྒོམ། ས་བརྒྱད་པ་ཡན་སྟོབས་སོགས་ཀྱང་རྗེས་མཐུན་ཐོབ་པས་མོས་པ་ཡིད་བྱེད་ཀྱི་ཚུལ་གྱིས་སོ། །གཉིས་པ་སྦྱོར་བ་པོའི་གང་ཟག་ནི། ཤེར་ཕྱིན་སྒོམ་པ་པོའི་གང་ཟག་གང་ཞེ་ན། སྔོན་དང་ད་ལྟར་གྱི་སངས་རྒྱས་རྣམས་ལ་དངོས་སམ་དམིགས་ནས་གཙུག་ལག་ཁང་འབུལ་བ་སོགས་ཀྱིས་ལྷག་པར་བྱ་བ་བྱས་པ་དང་། དེ་ལས་གཞན་བསོད་སྙོམས་དབུལ་པ་སོགས་དགེ་བའི་རྩ་བ་མང་


MR04_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བསྐྲུན་པ་དང་། ཐེག་ཆེན་དགེ་བའི་བཤེས་གཉེན་གྱི་མགོན་དང་བཅས་པ། ཡུམ་ཤེར་ཕྱིན་ཟབ་མོ་འདི་ཉན་པ་ཡི་སྣོད་ཡིན་ནོ། །སངས་རྒྱས་མང་པོ་བསྟེན་ཏེ་ལུས་སོགས་བསྙེན་བཀུར་གྱིས་མཉེས་པར་བྱས་པ་དང་། སངས་རྒྱས་རྣམས་ཀྱི་སྤྱན་སྔར་ཤེར་ཕྱིན་གྱི་དོན་ཀུན་འདྲི་ཞིང་ཐེ་ཚོམ་གཅོད་པ་དང་། སངས་རྒྱས་བསྟེན་ནས་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་ཕར་ཕྱིན་དྲུག་ལ་སྤྱོད་པས་རིམ་པ་ལྟར་ཉན་པ་མ་ཟད་ཐོས་ནས་མི་སྐྲག་པས་དོན་དང་དུ་ལེན་ཞིང་ཚིག་བློ་ལ་ལེན་པ་དང་། དོན་ཡིད་ལ་མི་བརྗེད་པར་བསམ་སྒོམ་གྱིས་འཛིན་པ་ལ་སོགས་པས་ཚུལ་བཞིན་ཡིད་ལ་བྱེད་ཅིང་ཉམས་སུ་བླངས་པས་ཉམས་རྟོགས་སྐྱེས་ཏེ་ཁོང་དུ་ཆུད་པར་གྱུར་པའི་སྣོད་དུ་སངས་རྒྱས་ལ་སོགས་པ་དམ་པ་རྣམས་བཞེད་དོ། །མདོ་ནི། ཡུམ་འདི་སེམས་ཅན་གང་གི་རྣ་ལམ་དུ་གྲག་པ་ཐམས་ཅད་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པའོ། །སོགས་སོ། །གསུམ་པ་སྦྱོར་བའི་ངོ་བོ། མདོ་ནི། བྱང་ཆེན་ཤེར་ཕྱིན་ལ་སྤྱོད་པའི་ཚེ། གཟུགས་ལ་མི་གནས་པ་དེ་ཡི་ཚེ་གཟུགས་ལ་རྣལ་འབྱོར་དུ་བྱེད་དོ། །ཞེས་དང་། བྱང་ཆེན་གཟུགས་ལ་སྦྱོར་བར་མི་བྱེད་པ་གང་གི་ཚེ་


MR04_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་བསྟན་ཏེ། དེ་ལ་སྦྱོར་བ་ཉི་ཤུ་ལས་དང་པོ་ལྔ་ནི། སྦྱོར་བའི་རང་བཞིན་ལས་དབྱེ་བ་དང་། དེ་ནས་བཅོ་ལྔ་པོ་ས་མཚམས་ཀྱི་དབྱེ་བ་སྟེ་གཟུགས་ལ་སོགས་པ་ནས་རྣམ་མཁྱེན་གྱི་བར་ལ་ཞེན་ནས་མི་གནས་པའི་ཕྱིར་ཡུལ་གང་ལའང་མི་གནས་པའི་སྦྱོར་བ་དང་། ༡ ཡུལ་དེ་ལ་སྦྱོར་བའམ་ཡུལ་ཅན་གྱིས་ཞེན་སྤྱོད་དེར་འཛིན་པའི་སྦྱོར་བ་བཀག་པའི་ཕྱིར་གང་དུའང་མི་འཛིན་པ་མི་སྦྱོར་ ༢ བའི་སྦྱོར་བ་དང་གཉིས་ནི་དོན་ལ་ཡུལ་ཡུལ་ཅན་གཉིས་སུ་མེད་པ་ཤེར་ཕྱིན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་པས་ཤེར་ཕྱིན་སྒོམ་པའི་སྦྱོར་བ་དངོས་སོ། །ཤེར་ཕྱིན་དེ་ལའང་གཞི་ལམ་རྣམ་གསུམ་གྱི་ལྡོག་པས་ཕྱེས་ན། གཞི་གཟུགས་སོགས་དེ་ཡི་དེ་བཞིན་ཉིད་ཟབ་པའི་ཕྱིར་དེ་རྟོགས་པ་གཞི་ཤེས་ཀྱི་ཟབ་པའི་སྦྱོར་བ་དང་། ༣ ལམ་གྱི་ཆོས་དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར་དེ་རྟོགས་པ་ལམ་ཤེས་གཏིང་དཔག་དཀའ་བའི་སྦྱོར་བ་དང་། ༤ རྣམ་པས་བསྡུས་པ་དེ་དག་གི་རང་བཞིན་ཚད་ནི་མེད་པའི་ཕྱིར་དེ་རྟོགས་པ་རྣམ་མཁྱེན་ཚད་མེད་པའི་སྦྱོར་བ་དང་སྟེ། ༥ དེ་དང་དེའི་ཡུལ་ཅན་ལ་ཟབ་པའི་སྦྱོར་བ་ལ་སོགས་པའི་མིང་གིས་བསྟན་པ་ཡིན་ནོ། །ཤེར་


MR04_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཟབ་པ་སོགས་ལ་སྐྲག་དངངས་སྐྱེ་བའི་ཚོགས་ལམ་པ་དབང་རྟུལ་གྱིས་ཡུམ་དོན་སྒོམ་པའི་སྦྱོར་བ་ནི་ཚེགས་ཆེན་པོས་འབད་ན་ཡུན་རིང་མོ་ཞིག་ན་རྟོགས་པ་སྐྱེད་པའི་ཕྱིར་ཚེགས་ཆེན་ཡུན་རིང་རྟོགས་པའི་སྦྱོར་བ་དང་། ༦ སྐྱེ་མེད་གསུམ་ལ་མི་སྐྲག་མི་དངངས་ཀུན་ཏུ་མི་སྐྲག་པ་དང་ལྡན་པས་རྨི་ལམ་གྱི་ནང་ན་ཡང་ཕར་ཕྱིན་དྲུག་ཡིད་ལ་བྱེད་པའི་ཚོགས་ལམ་པ་དབང་རྣོན་དང་དྲོད་ཐོབ་རྣམས། དེ་བཞིན་གཤེགས་པ་གཅིག་གཉིས་གསུམ་ལས་མི་འདའ་བར་ལུང་བསྟན་ཐོབ་པའི་སྦྱོར་བ་དང་། ༧ ཡུམ་ཐོས་ནས་ཡང་དག་པར་འཛིན་ཞིང་ཚུལ་བཞིན་ཡིད་ལ་བྱེད་པས་ཕྱིར་མི་ལྡོག་པའི་སྦྱོར་བ་ ༨ ཉིད་ནི་རྩེ་མོ་དང་། བཟོད་པར་རྣམ་མཁྱེན་ལ་བར་ཆད་ཀྱི་ཆོས་ཉན་རང་གི་ས་ལས་ངེས་པར་འབྱུང་བའི་སྦྱོར་བ་དང་། ༩ མཉམ་བཞག་ཏུ་སྤྲོས་བྲལ་སྒོམ་པ་དང་། རྗེས་ཐོབ་ཏུ་ཡུམ་འཛིན་ཞིང་འཆང་བ་སོགས་བྱེད་པ་ཆོས་མཆོག་གི་དེ་མ་ཐག་ཏུ་མཐོང་ལམ་སྐྱེ་བས་བར་ཆད་ ༡༠ མེད་པའི་སྦྱོར་བར་བཅས་དང་། ཐེག་པ་ཆེན་པོའི་ཟག་མེད་ལམ་གསར་དུ་ཐོབ་པའི་རྟེན་མཐོང་ལམ་པས་ཤེར་ཕྱིན་སྒོམ་པ་བྱང་ཆུབ་ལ་ཉེ་བའི་སྦྱོར་བ་དང་། ༡༡ ས་གཉིས་པ་ནས་བདུན་པའི་བར། སྦྱོར་བའི་འབྲས་


MR04_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཆོས་སྐུ་དང་ལོངས་སྤྲུལ་མངོན་པར་འགྲུབ་པའི་ཕྱིར་འབད་པ་ཆེར་རྩོམ་པ་བྱང་ཆུབ་ཐོབ་པར་མྱུར་བའི་སྦྱོར་བ་དང་། ༡༢ ས་བརྒྱད་པར་ཤེར་ཕྱིན་སྒོམ་པའི་སྦྱོར་བ་ལ་ཡོན་ཏན་གྱི་ཆ་ནས་ལྔར་བཤད་དེ། གཞན་དོན་དུ་ཆོས་འཁོར་བསྐོར་བའི་སྦྱོར་བ། ༡༣ ཡུམ་སྒོམ་པ་རྫོགས་ཐབས་ཆོས་ཉིད་ལ་འཕེལ་བ་མེད་ཅིང་འགྲིབ་པ་མེད་པའི་ཕྱིར་སྐྱེ་འགག་ཀུན་བྱང་སོགས་མི་མཐོང་བའི་སྦྱོར་བ་དང་། ༡༤ དཀར་ཆོས་དང་ནག་པོ་ཆོས་མིན་ཁམས་གསུམ་བླང་བྱ་དང་དོར་བྱ་སོགས་མི་མཐོང་བའི་སྦྱོར་བའམ་མཐའ་གཉིས་ལ་མི་གནས་ ༡༥ པའི་སྦྱོར་བ་དང་། གཟུགས་སོགས་བསམ་གྱིས་མི་ཁྱབ་པ་དང་གཞལ་དུ་མེད་པ་བསམ་མེད་ཙམ་དུའང་རློམ་པ་མེད་པ་མི་གནས་པའི་ཆོས་ཉིད་མཐོང་བ་ཞེན་པ་མེད་པའི་སྦྱོར་བ་དང་། ༡༦ གཟུགས་སོགས་དེ་ཡི་མཚན་མ་རྒྱུ་དང་། ཆོས་ཅན་དེ་ཡི་ངོ་བོར་རྣམ་པར་མི་རྟོག་པའམ་མི་རློམ་པའི་སྦྱོར་བ་ ༡༧ དང་ལྔ་ནི་ས་བརྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོངས་སུ་སྨིན་པས་མཉམ་རྗེས་ཀུན་ཏུ་མཉམ་པ་ཉིད་ལ་གནས་པའི་ཕྱིར་དེ་ལྟར་བསྟན་ཏོ། །ས་དགུ་པའི་ཤེར་ཕྱིན་སྒོམ་པའི་སྦྱོར་བ་ལ་འབྲས་བུ་རིན་ཆེན་སྦྱིན་པར་


MR04_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་སྦྱོར་བ་ ༡༨ ཞེས་བྱ་སྟེ། རྒྱུན་ཞུགས་སོགས་འབྲས་བུ་བཞི་དང་རང་རྒྱལ་དགྲ་བཅོམ་དང་རྫོགས་པའི་བྱང་ཆུབ་དང་དྲུག་པོ་དེ་ལ་འབྲས་བུ་རིན་ཆེན་རྣམ་དྲུག་ཅེས་བྱའོ། །དེ་གཞན་ལ་ཆོས་སྟོན་པ་སོགས་ཀྱིས་སྦྱིན་པར་བྱེད་པ་ཙམ་དང་པོ་ནས་ཡོད་མོད་ཀྱི། སྐབས་འདིར་སོ་སོ་ཡང་དག་པར་རིག་པ་བཞིས་གདུལ་བྱ་ལ་རང་རང་གི་སྐལ་པ་དང་འཚམས་པར་ཆོས་བསྟན་པས་རང་འབྲས་ཐོབ་པར་མཛད་པའི་ཕྱིར་དེ་སྐད་ཅེས་བྱའོ། །ས་བཅུ་པའི་ཡེ་ཤེས་དེ་ནི་སྒོམ་པ་དག་པའི་སྦྱོར་བ་ཞེས་བྱ་སྟེ། ༡༩ གནས་ངན་ལེན་གྱི་སྒྲིབ་པ་ཕྲ་མོས་འོག་མར་དག་པར་མ་ནུས་པ་རྣམས་འདིར་དག་པས་སློབ་ལམ་གྱི་དག་པ་འདི་ལས་ལྷག་པ་མེད་པས་དག་པ་ཞེས་བྱའོ། །ལོ་དང་ཟླ་བ་སོགས་སུ་བརྩོན་པ་མི་འདོར་བར་ཐུན་ནམ་མཚམས་སུ་བཅད་དེ་སྒོམ་པ་ནི་སྒོམ་མི་བསྒོམ་གྱི་མཚམས་ཕྱེད་པས་ན་རིན་ཆེན་གཅེས་སྤྲས་དཔེས་མཚམས་དང་བཅས་པའི་ ༢༠ སྦྱོར་བ་ཞེས་བྱ་སྟེ། འདི་ནི་སྦྱོར་བ་རྣམས་གྲུབ་པའི་ཐབས་ཡིན་ཞིང་དེ་ལྟར་སྦྱོར་བ་ཉི་ཤུའོ། །བཞི་པ་སྦྱོར་བའི་སྔོན་འགྲོའི་ཆོས་ལ་བཞི། ཐོབ་བྱ་ཡོན་ཏན། དོར་བྱ་སྐྱོན། ཤེས་བྱ་མཚན་ཉིད། རྒྱུད་ལ་བསྟེན་བྱ་ཐར་པ་ཆ་


MR04_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་ནོ། །དང་པོ། གང་ལའང་མི་རྟོག་པར་སྦྱོར་བའི་ངོ་བོ་ཡིན་ལ། དེའི་བྱིན་བས་ཀྱིས་བར་ཆད་ཀྱིས་མི་ཚུགས་པ་བདུད་བགེགས་ཀྱི་མཐུ་བཅོམ་པའི་ཡོན་ཏན་ ༡ ཐོབ་སྟེ་སངས་རྒྱས་རྣམས་ཀྱི་བྱིན་གྱིས་བརླབས་ཏེ་ནུས་པ་བསྐྱེད་པའི་ཕྱིར་དང་། ལ་སོགས་པ་ཡི་སྒྲས་གང་ཟག་དེ་ལ་སངས་རྒྱས་ཀྱིས་དགོངས་ཤིང་མཁྱེན་ཏེ་ཆགས་༢ཐོགས་མེད་པའི་ཐུགས་ཀྱིས་དགོངས་པར་མཛད་པའི་ཕྱིར་དང་། སྦྱོར་བ་སྒོམ་པ་དེ་ལ་སངས་རྒྱས་ཀྱིས་མངོན་སུམ་དུ་མཛད་པས་ ༣ སྦྱོར་བ་རྫོགས་ཏེ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་གཟིགས་པའི་ཕྱིར་དང་། རྫོགས་པའི་བྱང་ཆུབ་དང་ཉེ་བའི་ཡོན་ཏན་ ༤ ཐོབ་སྟེ་དོན་དེ་དག་གིས་དེ་བཞིན་གཤེགས་པ་དང་ཉེ་བའི་ཕྱིར་དང་། ཡོན་ཏན་རྒྱ་ཆེན་པོ་བཞི་ཐོབ་༥སྟེ། དོན་ཆེན་པོ་སངས་རྒྱས་དང་འཕྲད་པ་དང་། ཕན་ཡོན་ཆེན་པོ་བདེ་བགྲོར་སྐྱེ་བ་དང་། སངས་རྒྱ་བས་འབྲས་བུ་ཆེ་བ་དང་། གཞན་དོན་ལ་འཇུག་པས་རྣམ་སྨིན་ཆེ་བའོ། །རང་གང་དུ་སྐྱེ་བའི་ཡུལ་རྒྱལ་བས་ལུང་བསྟན་པར་དཔྱད་ནས་སྐྱེ་བའི་ཕན་༦ཡོན་ཐོབ་སྟེ། མདོ་ལས། ཤཱ་རིའི་བུ། ཤེར་ཕྱིན་འདི་ང་མྱ་ངན་ལས་འདས་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་དར་བར་


MR04_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ། དེ་ནས་བ་ར་ཏ་ནི་དང་། དེ་ནས་བྱང་ཕྱོགས་དང་བྱང་ཕྱོགས་ཀྱི་ཆར་འདི་མཉན་ནས་རྣལ་འབྱོར་དུ་བྱེད་པ་རྒྱས་པར་འགྱུར་ཏེ་སོགས་གསུངས་པ་ཡིན་ལ། དེ་ནི་ཤེར་ཕྱིན་གཞན་ལ་སྟོན་པའི་བྱ་བ་བྱས་པས་ཡིན་པའི་ཕྱིར་དང་། ཟག་པ་མེད་པའི་ཡོན་ཏན་ཐམས་ཅད་རྫོགས་པའི་ ༧ ཕན་ཡོན་ཐོབ་སྟེ། ད་ལྟ་གཉེན་པོ་ལམ་ཤེར་ཕྱིན་ཅི་རིགས་ཐོབ་པས་སོ། །ཡུམ་གཞན་ལ་སྨྲ་བའི་སྐྱེས་བུར་ ༨ འགྱུར་ཏེ། ད་ལྟ་རྣམ་མཁྱེན་གྱི་གཏམ་བརྗོད་པས། རྣམ་མཁྱེན་ལས་བདུད་ལས་སོགས་ཀྱིས་མི་ཕྱེད་ ༩ པ་ཐོས་ཏེ་སྦྱོར་བས་སྒོམ་པ་ལ་སངས་རྒྱས་རྣམས་ཀྱིས་གྲོགས་མཛད་པའི་ཕྱིར་དང་། བླ་མེད་བྱང་ཆུབ་ལ་སྐྱེ་བོ་མང་པོ་འགོད་པ་སོགས་དགེ་རྩ་ཉན་རང་དང་ཐུན་མིན་ ༡༠ སྐྱེ་སྟེ། ད་ལྟ་སྦྱོར་བ་ལ་དགའ་བ་ཆེན་པོ་བསྐྱེད་པ་ཐོབ་པའི་ཕྱིར་དང་། གཞན་དོན་བསྒྲུབ་པར་དམ་བཅས་པ་བཞིན་བྱེད་པས། ཇི་སྐད་སྨྲས་པ་བཞིན་དུ་ ༡༡ བྱེད་དེ། དེའི་དམ་བཅའི་ཚིག་ལ་སངས་རྒྱས་ཀྱིས་རྗེས་སུ་ཡི་རང་བའི་ཕྱིར་དང་། ཚེ་རབས་གཞན་དུ་དག་པ་བས་ཆེན་གྱི་འབྲས་བུ་རྒྱ་ཆེན་པོ་ཡོངས་སུ་ ༡༢ འཛིན་པ་ཐོབ་སྟེ། ད་ལྟ་ཐེག་ཆེན་གྱི་ཆོས་ཟབ་མོ་མངོན་པར་འདོད་པའི་ཕྱིར་དང་། ཚེ་རབས་གཞན་


MR04_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བདོག་ཀུན་གཏོང་བ་སོགས་སེམས་ཅན་གྱི་དོན་བསྒྲུབ་ ༡༣ པ་ཐོབ་སྟེ། ད་ལྟ་སྲོག་ཆགས་དུ་མ་བྱང་ཆུབ་ལ་འགོད་པ་སོགས་དོན་བྱེད་པ་ཐོབ་པའི་ཕྱིར་དང་། ཚེ་རབས་གཞན་དུ་ཡུམ་ངེས་པར་ཐོབ་པའི་ཕན་ཡོན་ ༡༤ ཐོབ་ཅིང་། ཚེ་འདིར་ཤེར་ཕྱིན་གྱི་ཚིག་དོན་ཚང་བར་རྙེད་པའི་ཕྱིར་ཏེ། དེ་ལྟར་རང་གཞན་གྱི་དོན་ལྷུན་གྱིས་གྲུབ་པའི་ཡོན་ཏན་རྣམ་པ་བཅུ་བཞིའོ། །གཉིས་པ། འགལ་རྐྱེན་སྤང་བྱ་བདུད་ཀྱི་ལས་ལ། སྤྱིར་ཤེར་ཕྱིན་ལ་སྦྱོར་བའི་བར་ཆད་དུ་གྱུར་པ་བདུད་ལས་སོ། །དེ་ལ་འགལ་རྐྱེན་རང་ལ་གནས་པ་ཉི་ཤུ། རང་གཞན་གང་རུང་ལ་བརྟེན་པ་མཐུན་རྐྱེན་མ་ཚང་བ་ཉེར་གསུམ། གཞན་ལ་བརྟེན་པའི་འགལ་རྐྱེན་གསུམ་སྟེ། སྐྱོན་ནི་བཅུ་ཚན་བཞིར་བཅས་པ་དྲུག་ཏུ་སྟེ་བཞི་བཅུ་ཞེ་དྲུག་ཏུ་ངེས་པར་རྟོགས་པར་བྱ་སྟེ། དང་པོ་སྤོབས་པའི་དབང་དུ་བྱས་པ་གཉིས་ནི། ཡུམ་གྱི་ཚིག་དོན་ལ་དུས་རིང་མོ་ནས་ངེས་པ་སྐྱེ་བས། ཚེགས་ཆེན་པོ་དང་བཅས་ཏེ་རྟོགས་པས་ཞུམ་ཞིང་སྐྱོ་བ་དང་། ༡ མྱུར་དུ་རྟོགས་པས་ཁེངས་ནས་མཐའ་མི་རྟག་པ་སྟེ་ཧ་ཅང་སྤོབས་པ་མྱུར་བའི་སྐྱོན་ ༢ དང་གཉིས། གནས་ངན་ལེན་གྱི་དབང་དུ་བྱས་པ་གསུམ་ནི། གླལ་


MR04_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་ངང་ནས་ཡུམ་འདྲི་བ་སོགས་ལུས་ཀྱི་གནས་ངན་ལེན་དང་། ༣ ཆགས་པར་གྱུར་པས་འདྲི་བ་སོགས་སེམས་ཀྱི་གནས་ངན་ལེན་དང་། ༤ རྙེད་སོགས་ཀྱི་ཀུན་སློང་གིས་ཁ་ཐོན་བྱེད་པ་སོགས་དང་། རྩེ་དགོད་སོགས་རིགས་པ་མ་ཡིན་པས་བསྐྱེད་པས་ངག་གི་གནས་ངན་ལེན་ཁ་ཏོན་བྱེད་པ་སོགས་དང་། ༥ ཐེག་ཆེན་ལས་ཉམས་བྱེད་རྒྱུ་བདུན་ནི། བདག་ལུང་དུ་མ་བསྟན་པ་ཐེག་ཆེན་འདི་སྒྲུབ་དཀའ་སྙམ་པ་སོགས་ཡུམ་ལས་ཕྱིར་ཕྱོགས་པའི་རྒྱུ་མཚན་འཛིན་པ་དང་། ༦ རྣམ་མཁྱེན་གྱི་རྒྱུ་ལས་ཉམས་པ་ཐེག་ཆེན་ལ་དད་པ་མེད་པ་ཤིང་གི་རྩ་བ་བོར་ནས་ཡལ་འདབ་ཚོལ་བ་ལྟ་བུ་དང་། ༧ འབྲས་བུ་གྱ་ནོམ་པ་ཤེར་ཕྱིན་གྱི་རོ་མྱོང་བ་ལས་ཉམས་པ་བཟང་མང་སྟེར་བའི་ཇོ་བོ་ལ་མི་སློང་བ་ངན་ཉུང་སྟེར་བའི་བྲན་ལ་རེ་བ་ཁྱི་ ༨ ལྟ་བུ་དང་། ལམ་ཐེག་ཆེན་ཡུམ་ཀུན་ཏུ་འཛིན་པ་ལས་ཉམས་པ་གླང་པོ་རྙེད་པ་བཏང་ནས་དེའི་རྗེས་འཚོལ་བ་ལྟ་བུ་དང་། །༩ རྣམ་མཁྱེན་གྱི་རྒྱུ་ཡུམ་འདི་ཁོ་ནར་མ་ཤེས་ནས་ལམ་ཐེག་དམན་ལས་འབྲས་བུ་ཆེད་དུ་བྱ་བ་གསུམ་འཚོལ་བ་ཆེད་དུ་བྱ་བ་གསུམ་ལས་ཉམས་པ་རྨིག་རྗེས་ཀྱི་ཆུ་ལས་ནོར་བུ་འཚོལ་བ་ལྟ་བུ་དང་། ༡༠ ཐེག་ཆེན་མི་དགོས་པར་དམན་པའི་སྡེ་སྣོད་ལས་རྣམ་མཁྱེན་ཐོབ་པར་སེམས་པ་རྒྱུ་


MR04_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ཀྱི་འབྲེལ་པ་ཉམས་པ་སྟེ། རྣམ་རྒྱལ་ཁང་བཟང་གི་དཔེ་ལེན་པར་འདོད་པས་ཉི་ཟླའི་ཁང་ཚད་བྱས་པ་ལྟ་བུ་དང་། ༡༡ ཐེག་དམན་དང་ཐེག་ཆེན་ལ་འདྲ་བར་བསམས་ཏེ་མཐོ་དམན་ནོར་བ། ཆོས་སྐུ་བླ་ན་མེད་པའི་རྒྱུ་འམ་སྐུ་གསུམ་ལས་ཉམས་པ། དཔེ་རིམ་པ་ལྟར་འཁོར་ལོས་སྒྱུར་རྒྱལ་དང་མཁར་གྱི་རྒྱལ་པོ་སྙོམས་པའམ། །ཁ་ཟས་རོ་བརྒྱ་པ་དང་སྲན་ཚོད་སྙོམས་པ་དང་། ནོར་བུ་དང་འཆིང་བུ་ནོར་བ་ ༡༢ ལྟ་བུ་སྟེ། ཐེག་ཆེན་སྤོང་བའི་རྒྱུའོ། །ཐེག་ཆེན་ལས་གཡེང་བའི་རྒྱུ་བརྒྱད་ནི། གཟུགས་དང་སྒྲ་སོགས་འདོད་ཡོན་གྱི་ཡུལ་མང་པོ་ལ་རྣམ་པར་རྟོག་པ་དང་། ༡༣ ཡི་གེ་འདྲི་བ་ལ་ཤེར་ཕྱིན་དུ་མངོན་པར་ཞེན་པ་དང་། ༡༤ ཤེར་ཕྱིན་ནི་དངོས་པོ་མེད་པ་ཁོ་ནའོ་སྙམ་དུ་དངོས་པོ་མེད་པ་ལ་ཞེན་པ་དང་། ༡༥ ཡི་གེ་ཉིད་ལ་ཡུམ་དུ་ཞེན་པ་དང་། ༡༦ ཡི་གེ་མེད་པ་ལ་ཡུམ་དུ་ཞེན་པ་དང་། ༡༧ ཁྱིམ་གཅིག་པ་གྲོང་དང་བཟོ་ཡི་བྱེ་བྲག་བཅོ་བརྒྱད་པ་གྲོང་ཁྱེར་དང་། ཚོང་པ་མང་པོ་ཡོད་པའི་གྲོང་བརྡལ་དང་། མི་རིགས་བཞི་གནས་པའི་ལྗོངས་དང་། ཙམྤ་ཀ་སོགས་ཡུལ་འཁོར་སོགས་ཆགས་སྡང་གི་ཡུལ་ཡིད་ལ་བྱེད་པ་དང་། ༡༨ རྙེད་བཀུར་དང་ཚིགས་བཅད་ཀྱི་རོ་


MR04_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མྱོང་བ་དང་། ༡༩ ཆོས་མ་ཡིན་པ་བདུད་ཀྱི་ལམ་ལ་བརྟེན་ནས་ཐབས་མཁས་འཚོལ་བ་དང་ ༢༠ བརྒྱད་དོ། །གཉིས་པ་རང་གཞན་གང་རུང་ལ་བརྟེན་ནས་མཐུན་རྐྱེན་མ་ཚང་བ་ཉེར་གསུམ་ནི། སྔ་མ་ཉན་པ་དང་། ཕྱི་མ་འཆད་པར་སྦྱར་ལ། ཅིག་ཤོས་འདུན་པ་དྲག་པོ་ཅིག་ཤོས་སྙོམས་ལས་ཀྱིས་ཉམས་པའི་སྐྱོན་དང་། ༡ དེ་གཉིས་འདུན་པའི་ཡུལ་གནས་འདི་དང་གཞན་ལྟ་བུས་ཐ་དད་པས་དང་། ༢ ཉན་པ་པོ་འདོད་ཆེན་ཡིན་པ་དང་འཆད་པ་པོ་འདོད་ཆུང་ཡིན་པའམ། དེ་ལས་བཟློག་སྟེ་ཡིན་པ་དང་། ༣ སྦྱངས་པའི་ཡོན་ཏན་དང་ལྡན་མི་ལྡན་གྱིས་དང་། ༤ དགེ་མི་དགེའི་སེམས་དང་ལྡན་པས་དང་། ༥ གཏོང་ལ་དགའ་བ་དང་སེར་སྣས་ཉམས་པའི་སྐྱོན་དང་། ༦ ཅིག་ཤོས་སྦྱིན་པར་འདོད་ལ་ཅིག་ཤོས་མི་ལེན་པས་དང་། ༧ མགོ་སྨྲས་པས་གོ་བ་དང་རྣམ་པར་སྤྲོས་པས་གོ་བས་དང་། ༨ མདོ་སོགས་ཀྱི་ཆོས་མངོན་པར་ཤེས་མི་ཤེས་ཀྱིས་དང་། ༩ ཕར་ཕྱིན་དྲུག་དང་ལྡན་མི་ལྡན་གྱིས་དང་། ༡༠ རྣམ་མཁྱེན་བསྒྲུབ་པའི་ཐབས་ལ་མཁས་མི་མཁས་ཀྱིས་དང་། ༡༡ གཟུངས་ཐོབ་མ་ཐོབ་པས་དང་། ༡༢ ཡུམ་ཡི་གེར་འདྲི་འདོད་མི་འདོད་ཀྱིས་དང་། ༡༣ འདོད་ཡོན་ལ་འདུན་པ་སོགས་སྒྲིབ་


MR04_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྔ་བྲལ་མ་བྲལ་གྱིས་དང་། ༡༤ རང་ཁོ་ན་ལ་བརྟེན་པ་གཉིས་ནི། དམྱལ་བ་སོགས་མི་བསྔགས་པ་ཐོས་པས་གཞན་དོན་དུ་ངན་སོང་འགྲོ་བ་ལ་བློ་ཕྱིར་ཕྱོགས་པ་དང་། ༡༥ ལྷ་ལ་སོགས་པའི་བསྔགས་པ་ཐོས་པས་རང་དོན་དུ་བདེ་འགྲོའི་འགྲོ་བ་ལ་ཡིད་ཆགས་པ་དང་། ༡༦ འཆད་ཉན་སྔ་ཕྱི་གང་རུང་དང་འབྲེལ་བ་བདུན་ནི། འཆད་པ་པོ་གཅིག་པུ་དང་ཉན་པ་པོ་འཁོར་ལ་དགའ་ནས་ཉམས་པའི་སྐྱོན་དང་། ༡༧ རྗེས་འབྲང་གི་སྐབས་མི་དབྱེ་བ་དང་། རྗེས་འབྲང་འབྲེལ་འདོད་ཀྱིས་དང་། ༡༨ འཆད་པ་པོ་ཟང་ཟིང་ཅུང་ཟད་འདོད་པ་དང་། ཉན་པ་པོ་དེ་སྦྱིན་པར་མི་འདོད་པས་དང་། ༡༩ སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་དང་མི་འགྱུར་བའི་ཕྱོགས་སུ་འགྲོ་བར་འདོད་པས་དང་། ༢༠ མུ་གེ་འབྱུང་བའི་ཕྱོགས་སུ་འགྲོ་མི་འགྲོས་དང་། ༢༡ ཆོམ་རྐུན་སོགས་ཀྱིས་དཀྲུགས་པའི་ཕྱོགས་སུ་འགྲོ་མི་འགྲོས་དང་། ༢༢ འཆད་པ་པོས་བསོད་སྙོམས་སོགས་ཀྱི་ཕྱིར་མཛའ་བའི་ཁྱིམ་ལ་ལྟ་བས་ཉན་པ་པོ་ཡིད་མི་བདེ་བས་ཉམས་པའི་སྐྱོན་རྣམས་སོ། །༢༣ གཞན་ལ་བརྟེན་པ་གསུམ་ནི། །ཆོས་དང་གང་ཟག་གི་བར་དུ་བདུད་ཀྱིས་འབྱེད་པའི་སྦྱོར་བ་ཞེས་བདུད་དགེ་སློང་གི་ཆ་བྱད་དུ་འོང་


MR04_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡུམ་ངེད་ཀྱི་མདོ་སྡེར་འབྱུང་བ་བཞིན་ཡིན་གྱི། རྒྱས་འབྲིང་བསྡུས་གསུམ་ལས་འབྱུང་བ་བཞིན་མ་ཡིན་ནོ་ཞེས་དབྱེན་བྱེད་པ་དང་། ༡ མི་སྡུག་པ་སྒོམ་པ་སོགས་གནས་ལུགས་ཀྱི་དོན་ཡིན་ནོ་ཞེས་བསྟན་པའམ། དམིགས་མེད་ཀྱི་ལྟ་བ་ཟབ་མོ་དམིགས་བཅས་ཀྱི་སྒོམ་པ་བཅོས་མས་ལམ་ལྟར་སྣང་བ་ཉེ་བར་སྒྲུབ་པ་དང་། ༢ བདུད་སངས་རྒྱས་ཀྱི་ཆ་བྱད་དུ་འོང་བ་དེ་ལ་སངས་རྒྱས་སུ་དད་པ་སྐྱེ་བ་གུས་པའི་ཡུལ་མིན་པའི་བདུད་ཀྱི་སྤྲུལ་པ་ལ་དགའ་བ་བྱེད་དུ་གཞུག་པའོ། །༣ མདོར་ན་ཚུལ་དེ་ལྟ་བུའི་སྒོ་ནས་འཆད་ཉན་གྱི་ཚོགས་པ་དང་མི་ལྡན་པ་བྱུང་ན་བདུད་ལས་ཏེ། མ་བྱུང་ན་མིན་ནོ། །དེ་སྤོང་བྱེད། མཉམ་ཉིད་སྟོང་པར་རྟོགས་པའི་ཤེས་རབ། སེམས་ཅན་མི་གཏོང་བའི་སྙིང་རྗེ། ཇི་སྐད་སྨྲས་པ་བཞིན་སྒྲུབ་པར་བྱེད་པའི་དམ་བཅའ་བརྟན་པ་སྟེ་ནང་གི་རྐྱེན་དང་ཕྱི་ཡི་རྐྱེན་སངས་རྒྱས་ཀྱི་བྱིན་གྱིས་བས་དང་ལྡན་པས་བར་ཆད་བདུད་ཀྱི་ལས་དེ་འདུལ་བ་ཡིན་ནོ། །གསུམ་པ་ཤེས་བྱ་མཚན་ཉིད་ལ་གཉིས། ངོ་བོའི་སྒོ་ནས་མདོར་བསྟན། དབྱེ་བའི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ། མཚོན་བྱེད་གང་གིས་སྦྱོར་བ་དེ། གཞི་ལམ་རྣམ་པ་མཁྱེན་པའི་རྟོགས་པ་


MR04_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཐེག་དམན་ལས་ཁྱད་པར་འཕགས་པ་དང་། དོན་གཉིས་འགྲུབ་པའི་ནུས་པ་དང་ལྡན་པར་མཚོན་ནུས་པ་དེ། སྦྱོར་བའི་མཚན་ཉིད་དུ་ཤེས་པར་བྱ་སྟེ། དེ་ཡང་བྱེད་སྒྲུབ་ཀྱི་དབང་དུ་བྱས་པས་རྣམ་པ་གསུམ། འདིས་མཚོན་པར་བྱེད་པའི་བྱེད་པ་ནི། ཤེས་པའི་མཚན་ཉིད་དང་། ཁྱད་པར་གྱི་མཚན་ཉིད་དང་། བྱེད་པའི་མཚན་ཉིད་དང་གསུམ་སྟེ། ངོ་བོ་ཉིད་གང་ཡིན་པ་མཚན་ཉིད་ཀྱང་ཡིན་ལ། དེར་མ་ཟད་མཚོན་བྱ་ཡང་ཡིན་ནོ། །ཤེས་བྱ་མཚན་ཉིད་ལ་སྤྱིར་ཤེས་མཚན་སོགས་བཞི་དང་། ཤེས་མཚན་ལའང་གཞི་ཤེས་ལམ་ཤེས་རྣམ་མཁྱེན་གྱི་ཤེས་མཚན་གསུམ་དུ་ཡོད་པ་ཡིན་ལ། དེ་ཡང་མཁྱེན་པ་གསུམ་པོས་ཀྱང་རང་ཡུལ་དེ་དག་ཐམས་ཅད་སྐྱེ་མེད་མཉམ་པར་ཤེས་པ་ལ་འདྲ་ཞིང་ཁྱད་མེད་ཀྱང་། གཞི་ཤེས་ནི་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་དེ་བཞིན་ཉིད་རྟོགས་པ་དང་། ལམ་ཤེས་ཀྱིས་ལམ་དང་། རྣམ་མཁྱེན་གྱིས་ཤེས་བྱའི་རྣམ་པ་ཐམས་ཅད་སྐྱེ་མེད་དུ་གཟིགས་པའི་ལྡོག་ཆ་ནས་བསྟན་པས། གཞི་ཤེས་ལས་སེམས་ཆགས་བཅས་སོགས་གཞི་ཡི་ཆོས་དང་། ལམ་ཤེས་ལས་རྣམ་ཐར་སྒོ་གསུམ་སོགས་ལམ་གྱི་ཆོས་དང་། རྣམ་


MR04_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ལས་མཁྱེན་པ་དེའི་ཐུན་མོང་མིན་པའི་ཡུལ་གནས་དང་གུས་པར་བྱ་བ་སོགས་འབྲས་བུ་མི་སློབ་པའི་མཁྱེན་ཚུལ་སྟོན་ཅིང་། ཡུལ་དེ་དང་དེ་རྣམས་ཤེས་པའི་སྒོ་ནས་གཞི་ཤེས་པ་ལ་སོགས་པས་མཚོན་ཏེ། སྔོན་པོ་ཤེས་པ་ལ་སྔོ་འཛིན་ཤེས་པ་ཞེས་ཡུལ་སྔོན་པོས་མཚོན་ནས་ཡུལ་ཅན་སྟོན་པ་བཞིན་ནོ། །དེ་བཞིན་དུ་བྱེད་མཚན་ཡང་ཡུལ་ཅན་དེ་བྱེད་ལས་དེས་མཚོན་ནས་ཤེས་པར་བྱ་བ་གདུང་འདེགས་ཀྱི་དོན་བྱེད་པ་ལས་ཀ་བ་ཉིད་དུ་མཚོན་པ་བཞིན་ནོ། །ཁྱད་མཚན་ཡང་རྟག་པ་ལས་ལོག་པས་མི་རྟག་པར་མཚོན་པ་ལྟར། ལམ་གཞན་ལས་ཁྱད་པར་འཕགས་ཆོས་དེ་ཉིད་ཀྱིས་དེ་མཚོན་པ་ཡིན་ཞིང་། ངོ་བོ་ཉིད་མཚན་ནི་གཞན་སྔ་མ་གསུམ་པོ་ལ་ལྟོས་ནས་མཚོན་བྱའང་ཡིན་ལ། རང་གི་དོན་ལྡོག་ལྟ་བུ་ཡིན་པས་མཚན་ཉིད་ཀྱང་ཡིན་ཏེ་ལྟོ་ལྡིར་བ་ལས་བུམ་པར་མཚོན་པ་བཞིན་ན། །དེས་ན་མཚན་ཉིད་ཅེས་པ་ཆོས་གང་ཞིག་ཐ་སྙད་ཤེས་བརྗོད་ཀྱི་ཡུལ་དུ་བུམ་པ་སོགས་སུ་བཞག་པའི་མཚོན་བྱ་དེ་འཇོག་བྱེད་དོན་གྱི་ལྡོག་པ་ནི་མཚན་ཉིད་ཅེས་ཚད་མ་ལས་ཡོངས་སུ་གྲགས་པ་ཡིན་ལ། འཇོག་བྱེད་དེ་ནི་དབྱིབས་དང་ཁ་དོག་རེག་བྱ་སོགས་ངོ་བོའམ། དེའི་ཡོན་ཏན་ནམ་བྱེད་ལས་


MR04_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ཅི་རིགས་པ་ལས་དེར་བཞག་པའམ་བཏགས་པ་ཡིན་པ་བཞིན་དུ་འདིར་སྔ་མ་གསུམ་པོ་ཡུལ་དེ་དང་དེ་ལ་བརྟེན་ནས། དེ་ལྟར་ཤེས་ནུས་པ་དང་། གཞན་དང་མི་འདྲ་བ་དང་། དེ་ལ་ནི་བྱེད་ལས་འདི་ལྟ་བུ་ཡོད་ཅེས་བསྟན་པས། མྱུ་གུའི་ས་བོན་ལ་རང་བསྐྱེད་པའི་ནུས་པ་ཡོད་པར་མཚོན་པ་ལྟར་འདི་གསུམ་གྱིས་མཚོན་བྱ་མཁྱེན་གསུམ་གྱི་སྦྱོར་བ་ལ་ནུས་པ་དེ་ཡོད་པར་ཤེས་པས་འབྲས་བུས་རྒྱུ་མཚོན་ནོ། །བཞི་པ་མཚན་ཉིད་ཀྱིས་ལས་སུ་བྱ་བའི་ངོ་བོ་ཡིན་པས་མཚོན་བྱ་ཡང་ཡིན་ལ། གཞན་རྣམ་པར་བཅད་པའི་སྟོབས་ཀྱིས་རང་འགྲུབ་པའམ་ཤེས་པས་མཚན་ཉིད་ཀྱང་ཡིན་ཞིང་དེ་ལྟར་མཚན་ཉིད་བཞིའི་སྒོ་ནས་མཚོན་བྱ་མཁྱེན་གསུམ་ཤེས་པར་བྱེད་པའོ། །གཉིས་པ་ལ་བཞི། ཤེས་པ། ཁྱད་པར། བྱེད་པ། ངོ་བོ་ཉིད་མཚན་ནོ། །དང་པོ་ལ་གསུམ། གཞི་ཤེས། ལམ་ཤེས། རྣམ་མཁྱེན་གྱི་ཤེས་མཚན་ནོ། །དང་པོ་གཞི་ཤེས་ཀྱི་སྐབས་འདིར། གཞི་ཕུང་ལྔ་དང་། དེ་ལས་ཀྱང་སེམས་སེམས་བྱུང་མིང་བཞིའི་ཕུང་པོ་དང་། དེ་བཞིན་ཉིད་མཁྱེན་པར་གསུངས་པས་གཞི་མཁྱེན་པའི་ཤེས་པ་འདི་དག་ཀུན་རྫོབ་དང་དོན་དམ་ཅི་རིགས་པའི་གནས་ཚུལ་


MR04_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། དེ་གཞི་ཤེས་ལ་བརྟེན་ནས་དེ་ལྟར་ཤེས་ནུས་པའོ། །ལམ་རྣམ་ཡང་དེ་འདྲའོ། །དེ་ཡང་གཞི་ཤེས་སྦྱོར་བའི་ཡུམ་ལ་བརྟེན་ནས་སྔོན་འདས་པའི་དུས་ལ་སོགས་པར་དེ་བཞིན་གཤེགས་པ་འབྱུང་བར་ཤེས་པ་དང་། ༡ འཇིག་རྟེན་དེ་ཕུང་པོ་ལྔ་ཐ་སྙད་དུ་མ་ནོར་བར་ཤེས་ཤིང་དོན་དམ་པར་རྒྱུན་དང་སྐད་ཅིག་གིས་འཇིག་པ་མེད་པའི་བདག་ཉིད་དུ་ཤེས་པ་དང་། ༢ སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་ཆགས་སྡང་རྨོངས་པ་དང་ཆ་མཉམ་བཅས་ཉི་ཁྲི་ཆིག་སྟོང་རེ་བསྡོམས་པས་བརྒྱད་ཁྲི་བཞི་སྟོང་གྲངས་མེད་པ་ཆོས་ཀྱི་དབྱིངས་སྤྲོས་བྲལ་གྱི་ངོ་བོ་ཚད་མེད་པར་ཤེས་པ་དང་། ༣ སེམས་དེ་ཉིད་ལ་བསྡུས་ཏེ་ནང་དུ་མཉམ་པར་བཞག་པ་ཤེས་པ་དང་། ༤ མཉམ་པར་མ་བཞག་པ་ཁ་ཕྱིར་བལྟས་གཡེང་བ་ཤེས་པ་དང་། ༥ བསྡུས་གཡེང་གི་སེམས་དེ་དག་དོན་དམ་པར་མི་ཟད་པ་ཡི་རྣམ་པ་ཆོས་ཉིད་ཀྱི་ངོ་བོར་ཤེས་པ་དང་། ༦ སོ་སོའི་སྐྱེ་བོའི་སེམས་འདོད་ཆགས་ཞེ་སྡང་གཏི་མུག་དང་བཅས་པའི་སེམས་ཤེས་པ་དང་། ༧ སོགས་སྒྲས་ཆགས་སོགས་དང་བྲལ་བ་འཕགས་པའི་སེམས་ཤེས་པ་དང་། ༨ སེམས་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་ཚད་མེད་པའི་རྒྱ་ཆེན་པོར་ཤེས་པ་དང་། ༩ དཔྱོད་


MR04_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་སེམས་དེ་ཡང་ཡུལ་ཀུན་ལ་ཁྱབ་པར་བྱེད་པས་ཆེན་པོར་གྱུར་པ་ཤེས་པ་དང་། ༡༠ ཡང་ན་སེམས་ཅན་ཐམས་ཅད་དོན་དམ་པར་བདག་མེད་ཅིང་ཐ་སྙད་སྒྱུ་མ་ལྟ་བུར་མཉམ་པར་ཤེས་པ་དང་། འཇུག་ཡུལ་སོ་སོར་ངེས་པའི་རྟེན་མེད་པས་ཚད་དང་བགྲང་དུ་མེད་པར་ཤེས་པ་དང་། ༡༡ རྣམ་ཤེས་དཔེ་འམ་ངོ་བོས་དབང་པོ་ལ་བསྟན་དུ་མེད་པ་ཤེས་པ་དང་། ༡༢ སེམས་ལ་ངོ་བོ་མེད་པས་དེ་བཞིན་གཤེགས་པའི་སྤྱན་ལྔས་ཀྱང་བལྟར་མེད་པར་ཤེས་པ་དང་། ༡༣ ཤེས་པ་དེ་དག་གཡོ་བ་ལ་སོགས་པའི་རྣམ་པ་ལ་དེ་ལྟར་གཡོ་བཀྲམ་འདུ་བ་བཙུམ་པའི་སེམས་སུ་གྱུར་པ་ཞེས་བྱ་བ་རྣམས་ཇི་བཞིན་ཐ་སྙད་དུ་མཁྱེན་པ་དང་། ༡༤ དེའང་བདག་དང་དེའི་གདགས་གཞི་འཇིག་རྟེན་ཏེ་ཕུང་པོ་རྟག་པར་ལྟ་བ་དང་། མི་རྟག་པར་དང་། གཉིས་ཀ་དང་། གཉིས་མིན་དུ་ལྟ་བ་བཞི་སྔོན་མཐར་བརྟེན་པ་དང་། བདག་དང་འཇིག་རྟེན་མཐའ་དང་ལྡན་མི་ལྡན་གཉིས་ཀ་དང་གཉིས་མིན་དུ་ལྟ་བ་བཞི་ཕྱི་མཐར་བརྟེན་པ་དང་། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་མི་འབྱུང་དང་གཉིས་ཀ་དང་གཉིས་མིན་དུ་འདོད་པ་བཞི་མྱང་འདས་ལ་བརྟེན་པ་དང་། ལུས་སྲོག་གཅིག་དང་


MR04_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་དུ་འདོད་པ་གཉིས་ལུས་སྲོག་ལ་བརྟེན་པ་སྟེ། སྔོན་སྟོན་པ་བཅོམ་ལྡན་འདས་ཀྱིས་འཛམ་གླིང་དུ་ཆོས་འཁོར་བསྐོར་བའི་ཚེ་ཕྱི་རོལ་པ་རྣམས་ཀྱིས་ལྟ་བ་ཐམས་ཅད་འདིར་བསྡུས་ནས་དྲིས་པ་ལ་ཁྱད་གཞི་མེད་ན་ཁྱད་ཆོས་མི་འཐད་ཅིང་ཁྱད་གཞི་བདག་མེད་ཀྱང་རེ་ཞིག་དེ་བཀག་ན་དོན་དུ་མི་འགྱུར་དགོངས་ནས་ལན་ལུང་མ་བསྟན་པའི་ལྟ་བ་བཅུ་བཞི་ལས་གཙོ་ཆེར་དང་པོ་གསུམ་ཡུལ་ལ་སྒྲུབ་འཇུག་གྲངས་ཅན་པའི་ལྟ་བ་མཐའ་རིང་བས་གཡོ་བ་ཞེས་དང་། གཉིས་པ་གསུམ་ནི་རྒྱང་འཕེན་པའི་ལྟ་བ་དགག་པས་འཇུག་པ་སྟེ་ཚེ་འདི་ལས་མེད་པས་འདུ་བ། གསུམ་པ་གསུམ་དང་བཅུ་གསུམ་པ་ལུས་ཀྱང་སྲོག །སྲོག་ཀྱང་ལུས་ཡིན་ཟེར་བ་རང་བཞིན་རྟག་ཅིང་གནས་སྐབས་མི་རྟག་ཟེར་བ་གཅེར་བུ་པའི་ལྟ་བ་སྟེ་དགག་སྒྲུབ་ཆ་གཉིས་སུ་བཀྲམ་པ་དང་། །བཞི་པ་གསུམ་དང་བཅུ་བཞི་པ་ལུས་སྲོག་མ་ཡིན་སོགས་བརྗོད་དུ་མེད་པར་ལྟ་བ་དགག་སྒྲུབ་གཉིས་ཀ་འགོག་པས་གནས་མ་བུ་སྟེ་གང་ཡང་ཁས་མ་ལེན་པ་ངན་གཡོའི་ལྟ་བ་ནི་སྐྱོན་ལ་དོགས་པས་བཙུམ་པ་ལྟ་བུའོ། །ཀུན་རྫོབ་པའི་མཁྱེན་ཚུལ་དེ་ལས་གཞན་ཡང་གཡོ་འདུ་བཀྲམ་སོགས་དེ་དག་ནི་དོན་དམ་པར་དེ་བཞིན་


MR04_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་དབྱིངས་ལས་མ་འདས་པའི་རྣམ་པར་ཤེས་པ་དང་། ༡༥ ཐ་སྙད་དུ་ཐུབ་པས་དེ་བཞིན་ཉིད་མངོན་སུམ་དུ་རྟོགས་ནས་དེ་གདུལ་བྱ་གཞན་ལ་བསྟན་པ་ཞེས་བྱ་བར་རྟོགས་པའི་སེམས་༡༦ སམ་ཡེ་ཤེས་ཏེ། དེ་ལྟར་ཐ་སྙད་མཁྱེན་ཚུལ་དང་། དོན་དམ་མཁྱེན་ཚུལ་བཅུ་དྲུག་པོ་འདི་ནི་གཞི་ཐམས་ཅད་བདེན་གཉིས་རོ་མཉམ་དུ་ཤེས་པ་ཉིད་སྐབས་ཀྱི། གཞི་ཤེས་པའི་ཤེར་ཕྱིན་གྱི་མཁྱེན་པ་ལས་འོང་བའི་མཚན་ཉིད་བསྡུས་པ་ཡིན་ནོ། །མདོ་ནི། ཡུམ་ཟབ་མོ་འདི་ནི་དེ་བཞིན་གཤེགས་པ་བསྐྱེད་པའོ། །ཞེས་སོགས་སོ། །མཚན་ཉིད་འདི་དག་གདུལ་བྱ་ཉེ་བའི་བསམ་ངོ་ལ་དགོངས་པའི་ཕྱིར་གྲངས་ངེས་མེད་པར་གཞུང་ཁ་ཅིག་ཏུ་གསུངས་ཀྱང་། གདུལ་བྱ་ཉེ་བའི་བསམ་ངོར་བཅུ་དྲུག་པོ་འདི་ཙམ་དུ་བསྟན་ཅིང་། འདི་ལས་བསྡུས་ན་སེམས་ཅན་གྱི་ཕུང་ལྔ་དང་། ཁྱད་པར་དུ་སེམས་ཀྱི་སྤྱོད་པ་རྣམས་མ་འདྲེས་པར་ཐ་སྙད་དུ་གཟིགས་པ་དང་། དོན་དམ་རང་བཞིན་མེད་པར་གཟིགས་པ་ཙམ་ལའང་འདུ་ཞིང་། རྒྱས་པར་ཕྱེ་ན་ཚད་མེད་པ་རྙེད་དུ་འགྱུར་ཡང་། འདིར་བཅུ་དྲུག་ཏུ་བསྟན་པ་དེ་དག་འཇིག་རྟེན་གྱི་ཕུང་ལྔ་སྤྱི་དང་། ཁྱད་


MR04_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པར་སེམས་ཀྱི་སྤྱོད་པ་བྱེ་བྲག་ཆགས་བཅས་ལ་སོགས་པར་ཤེས་པ་འདི་དག་གདུལ་བྱའི་དོན་སྒྲུབ་པ་ལ་ཤེས་པར་བྱ་བ་གལ་ཆེ་བས་འདིས་ཤེས་པར་བྱ་བ་གཞན་ཀུན་དོན་གྱིས་བསྡུས་པས་ན། བཅུ་དྲུག་ཏུ་གསུངས་པ་ལ་རྒྱུ་མཚན་མེད་པ་མིན་པའི་གོ་ཚུལ་འདི་ལྟ་བུ་སྐབས་གཞན་རྣམས་སུའང་ཤེས་པར་བྱའོ། །གཉིས་པ་ལམ་ཤེས་ཀྱི་ཤེས་མཚན་ནི། ལམ་ཤེས་ཉིད་ཀྱིས་ཡུམ་ལ་བརྟེན་ནས་ཆོས་ཐམས་ཅད་ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་དུ་ཤེས་པ་དང་། ༡ རྒྱུ་ཡི་མཚན་མ་མེད་པ་བཅས་ཤེས་པ་དང་། ༢ འབྲས་བུ་ལ་སྨོན་པ་རྣམ་པར་སྤངས་པ་དང་། ༣ རྟེན་འབྲེལ་ལུགས་འབྱུང་གིས་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་གསར་དུ་སྐྱེ་བ་མེད་པར་ཤེས་པ་དང་། ༤ དེ་ལུགས་ལྡོག་གི་སྔར་ཡོད་འགགས་པ་མེད་པར་ཤེས་པ་དང་། ༥ སོགས་ཀྱི་སྒྲས་དྲི་མའི་བདག་ཉིད་ཆགས་སོགས་ཀུན་ནས་ཉོན་མོངས་པ་ ༦ མེད་པར་ཤེས་པ་དང་། དྲི་མ་དང་བྲལ་བ་དང་སོགས་རྣམ་པར་བྱང་བ་མེད་པར་ཤེས་པ་དང་། ༧ བླང་བྱ་དང་སྤང་བྱའི་དངོས་པོ་མེད་པར་ཤེས་པ་དང་། ༨ མྱ་ངན་ལས་འདས་པའི་ངོ་བོ་ཉིད་རང་བཞིན་གྱིས་མ་གྲུབ་པར་ཤེས་པ་དང་། ༩ དོན་


MR04_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པར་གྲུབ་པའམ་ཆོས་དབྱིངས་ཀྱི་ངོ་བོར་གནས་པའི་རྟེན་མེད་པ་དང་། ༡༠ ཆོས་ཐམས་ཅད་དེ་བཞིན་ཉིད་རང་བཞིན་གྱི་མྱ་ངན་ལས་འདས་པ་དམིགས་པ་ཐམས་ཅད་ཞི་ནས་ནམ་མཁའི་མཚན་ཉིད་དེ་ཆོས་ཉིད་བྱར་མེད་དམ་བཅོས་མིན་ཏེ་བརྒྱད་རྟོགས་པའི་ཡེ་ཤེས་དང་། ༡༡ སངས་རྒྱས་རྣམས་བྱོན་ཀྱང་རུང་མ་བྱོན་ཀྱང་རུང་ཆོས་རྣམས་ཀྱི་གཤིས་སམ་ཆོས་ཉིད་འདི་ལྷ་དང་མིར་བཅས་པ་སུས་ཀྱང་བསྒྱུར་མི་ནུས་པས་ཆོས་ཉིད་རྣམ་པར་འཁྲུག་པ་མེད་པ་དང་། ༡༢ ཆོས་ཉིད་རྒྱུ་རྐྱེན་གྱིས་འདུ་མི་བྱེད་པ་དང་། ༡༣ ཆོས་ཉིད་དེ་འགར་ཡང་གདག་བྱ་མིན་པས་གང་དུའང་རྣམ་པར་མི་རྟོག་པ་དང་། ༡༤ དེ་བཞིན་གཤེགས་པས་ཆོས་རྣམས་ཀྱི་མཚན་ཉིད་ཇི་ལྟར་གནས་པ་བཞིན་དུ་མཁྱེན་ནས་མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་བསྟན་པར་ཤེས་ཤིང་དོན་དམ་པར་དབྱེ་བ་མེད་པར་ཤེས་པ་དང་། ༡༥ དོན་དོམ་པར་མཚན་ཉིད་མེད་པ་ཉིད་ལ་གསལ་སྣང་ཐོབ་སྟེ། ༡༦ ཆོས་ཉིད་དགག་སྒྲུབ་མེད་པའི་དོན་ལ་མཉམ་པར་བཞག་པས་ཆོས་ཀུན་གྱི་དེ་བཞིན་ཉིད་དང་དགོངས་པ་རོ་མཉམ་དུ་འགྱུར་བའི་ལྡོག་ཆ་ནས་བཅུ་དྲུག་བསྟན་པའི་དོན་དེ་བཞིན་ཉིད་དེ་ལམ་ཤེས་ཉིད་ཀྱི་སྦྱོར་བའི་སྐབས་ཀྱིས་


MR04_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཤེས་པའི་མཚན་ཉིད་ཡིན་པར་སངས་རྒྱས་ཉིད་བཞེད་དོ། །མདོར། ཡུམ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །ཞེས་སོགས་སོ། །གསུམ་པ་རྣམ་མཁྱེན་གྱི་ཤེས་མཚན་ནི། སངས་རྒྱས་དེ་ནི་ཉིད་ཀྱི་ཐུན་མོང་མིན་པའི་བྱེད་ཆོས་འབྲས་ཡུམ་རྣམ་པ་ཐམས་ཅད་མཁྱེན་པའི་ཤེར་ཕྱིན་ལ་བསྟེན་ནས། མཐོང་ཆོས་ལ་བདེ་བར་གནས་པའི་ཡེ་ཤེས་སྲིད་ཞི་མཉམ་པ་ཉིད་དུ་གནས་པ་ཤེས་པ་དང་། ༡ ཡུམ་གསུངས་པ་ན་ཉིད་ཀྱི་གདན་དང་སེང་གེའི་ཁྲི་བཤམས་པ་སོགས་མཛད་ནས་གུས་པར་བྱ་བ་ཤེས་པ་དང་། ༢ བཀའ་བཞིན་བསྒྲུབ་པས་བཀུར་བ་བླ་མ་ཉིད་དུ་བྱས་པ་དང་། ༣ ཡོན་ཏན་བརྗོད་པ་སོགས་ཀྱིས་མཉེས་པ་སྒྲུབ་པར་དང་། ༤ ཡུམ་དེ་ལ་རིན་ཆེན་མེ་ཏོག་གཏོར་བ་དང་སྒྲུབ་པ་སོགས་ཀྱིས་མཆོད་པ་དང་། ༥ དོན་དམ་པར་རང་གི་ངོ་བོས་སྟོང་པ་སྐྱེ་འཇིག་དང་བྲལ་བས་གུས་པར་བྱ་བ་སོགས་དེ་ལྟར་བྱེད་དུ་མེད་པར་ཤེས་པ་དང་། ༦ རྣམ་མཁྱེན་དེས་ཡུལ་བདེན་གཉིས་ཀྱིས་བསྡུས་པ་ལ་ཀུན་ཏུ་ཐོགས་པ་མེད་པར་འགྲོ་བའམ་འཇུག་པར་མཁྱེན་པ་གང་ཡིན་པ་དང་། ༧ འཇིག་རྟེན་པས་མ་མཐོང་བའི་ཆོས་ཉིད་ཟབ་མོ་སྟོན་པར་མཛད་པའམ་


MR04_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་གཟུགས་སོགས་མཐའ་གང་དུའང་མ་མཐོང་བ་ཉིད་དོན་དམ་མཐོང་བ་ཞེས་སྟོན་པར་མཛད་པ་ཤེས་པ་དང་། ༨ འཇིག་རྟེན་ཏེ་ཕུང་པོ་ལྔ་པོ་སྟོང་པ་ཉིད་ཀྱི་རྣམ་པར་སྟོན་པར་མཛད་པ་དང་། ༩དེ་ཡང་གདུལ་བྱ་འཁོར་དུ་འདུས་པ་ལ་བརྗོད་ཅིང་ཐོས་པར་མཛད་པ་དང་། ༡༠ ཐོས་པའི་དོན་བསམ་པས་ཤེས་ནས་རྒྱུད་སྨིན་པར་མཛད་པ་དང་། ༡༡ བསམ་པས་ངེས་པ་རྙེད་པའི་དོན་བསྒོམས་ནས་མངོན་སུམ་རྟོགས་ཏེ་རྒྱུད་གྲོལ་བར་མཛད་པ་དང་། ༡༢ ཆོས་ཉིད་ཀྱི་ངོ་བོ་འཇིག་རྟེན་པའི་རྟོག་དཔྱོད་ཀྱི་ཡུལ་ལས་འདས་པས་བསམ་གྱིས་མི་ཁྱབ་པར་སྟོན་པར་མཛད་པ་དང་། ༡༣ ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞི་བ་ཉིད་དུ་སྟོན་པར་མཛད་པའམ་ཡང་ན་ཆོས་ཉིད་དེ་ལ་ཡུལ་ཅན་གྱི་སྤྲོས་པ་ཞི་བ་ཉིད་དུ་སྟོན་པ་དང་། ༡༤ ཟག་པ་དང་བཅས་པའི་འཇིག་རྟེན་གྱི་ཕུང་པོ་ལྔ་འགོག་པའི་ཚུལ་སྟོན་པ་དང་། ༡༥དེ་ལ་ཕ་རོལ་ཚུ་རོལ་དང་བླང་དོར་གྱི་འདུ་ཤེས་འགོག་པ་མཁྱེན་པ་ལ། ༡༦ དོན་གཉིས་ཕུན་ཚོགས་ཀྱི་འབྲས་བུ་རྣམ་པ་ཀུན་མཁྱེན་གྱི་ཚུལ་ལ་ནི་དེ་བཅུ་དྲུག་ཤེས་པའི་མཚན་ཉིད་ཅེས་བཤད་དོ། །མདོ་ལས་


MR04_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་རྣམས་ཡུལ་འདི་ལ་བརྟེན་ཅིང་གནས་སོ། །ཞེས་སོ། །དེ་ལྟར་སངས་རྒྱས་ཀྱི་རྒྱུད་ཀྱི་རང་གཞན་གྱི་དོན་ཕུན་ཚོགས་བསྐྱེད་པའི་འབྲས་བུ་བཅུ་དྲུག་པོ་དེ་དག་རྣམ་མཁྱེན་ཉིད་ལས་འབྱུང་སྟེ་རྣམ་མཁྱེན་དང་ལྡན་པས་དེ་ལྟར་མཁྱེན་པར་གྱུར་པ། དེ་བསྐྱེད་པའི་ནུས་པ་རྣམ་མཁྱེན་གྱི་སྦྱོར་བ་ལ་ཡོད་པས་སྦྱོར་བའི་ཤེས་མཚན་དུའང་འགྲོ་ཞིང་། རྣམ་མཁྱེན་གྱི་ཤེས་མཚན་འདི་མི་ལྡན་རྣམ་གཅོད་ཀྱི་ཚུལ་གྱིས་རྣམ་མཁྱེན་གྱི་སྦྱོར་བ་བསྒྲུབས་པས་དེ་རྣམ་མཁྱེན་སྐྱེད་བྱེད་དུ་མཚོན་ཡང་། དེ་ཁོ་ནས་སྐྱེད་དོ་ཞེས་གཞན་ལྡན་རྣམ་གཅོད་དུ་མ་བྱས་པས་ལམ་ཤེས་ལ་ཁྱད་མཚན་བཤད་པས་འབྲས་བུ་རྣམ་མཁྱེན་ཤུགས་ཀྱི་རྟོགས་པ་དང་། གཉེན་པོ་གཞི་ཤེས་ལའང་ཉན་རང་གི་དེ་ལས་འཕགས་པར་དོན་གྱིས་འཕང་ངོ་། །མདོར་ན་གཞི་ཤེས་པས་ཕུང་པོ་ལྔ་དང་བྱེ་བྲག་མིང་གཞིའི་ཀུན་རྫོབ་དོན་དམ་གྱི་གནས་ཚུལ་ཤེས་པ་དང་། ལམ་གྱིས་བསྒོམ་རྒྱུའི་ལམ་ཇི་འདྲ་ཤེས་པ་དང་། རྣམ་མཁྱེན་སྦྱོར་བས་རྣམ་མཁྱེན་གྱི་རྒྱུད་ལ་མངའ་བའི་མཛད་སྤྱོད་དེ་དག་མཛད་པར་ཤེས་པར་བྱེད་པའོ། །གཉིས་པ་ཁྱད་མཚན་


MR04_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། འཆད་འགྱུར་བསམ་མི་ཁྱབ་པ་དང་། མཉམ་པ་མེད་པ་དང་། གཞལ་དུ་མེད་པ་ལ་སོགས་པ་བཅུ་དྲུག་གི་ཁྱད་པར་གྱིས་ཁྱད་ཞུགས་ཤིང་དམིགས་པ་སྡུག་བསྔལ་ལ་སོགས་པའི་བདེན་པའི་སྤྱོད་ཡུལ་ཅན། ཆོས་དང་རྗེས་སུ་ཤེས་པའི་བཟོད་པ་དང་ཤེས་པའི་མཚན་ཉིད་སྐད་ཅིག་མ་ནི་བཅུ་དྲུག་པོ་འདི་དག་གིས། ལམ་ཤེས་ཀྱི་ཁྱད་པར་གྱི་སྦྱོར་བའི་མཚན་ཉིད་བཤད་པ་ཡིན་ནོ། །གཉིས་པ་ནི། བདེན་བཞི་སོ་སོ་ལ་བཞི་རེ་ལས། སྡུག་བདེན་གྱི་མཚན་གཞི་གཟུགས་སོགས་དོན་དམ་པར་ནམ་མཁའ་མི་མཐོང་ཞིང་སངས་རྒྱས་ཡེ་ཤེས་ཀྱི་རྒྱུ་བྱེད་ཅིང་རྟོག་གེའི་ཡུལ་ལས་འདས་པས་བསམ་མི་ཁྱབ་པ་དང་། ༡ དེ་ལྟར་བསམ་མི་ཁྱབ་པའི་ངོ་བོ་དེ་དཔེར་རུང་བ་མེད་པས་དཔེ་གང་དང་ཡང་མི་མཉམ་པ་དང་། ༢ དེ་ཁོ་ནར་ཚད་མའི་བློས་གཞལ་བ་ལས་ཡང་དག་པར་འདས་པ་དང་། ༣ གྲངས་ཀྱི་བགྲང་བ་ལས་ཡང་དག་པར་འདས་པ་ ༤ དང་བཞི་ནི་སྡུག་བསྔལ་ཤེས་བཟོད་ཀྱི་ཡེ་ཤེས་སོ། །རྒྱལ་པོ་བཏང་སྙོམས་སུ་འདུག་ནས་བློན་


MR04_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བྱ་བ་བྱེད་པ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲས་ཡུམ་གྱིས་རྣམ་པར་མི་རྟོག་བཞིན་དུ་ཉན་རང་བྱང་སེམས་འཕགས་པ་ཀུན་གྱི་སྤང་རྟོགས་སྡུད་པ་དང་། ༥ དོན་དམ་ཇི་ལྟ་ཤེས་པའི་ཕྲ་བ་དང་། ཀུན་རྫོབ་ཇི་སྙེད་ཤེས་པའི་མཛངས་པའི་བློ་ལྡན་མཁས་པ་བྱང་ཆུབ་སེམས་དཔའ་ཡིས་རིག་པར་བྱ་བ་དང་། ༦ ཉན་ཐོས་སོགས་ཀྱི་སྤྱོད་ཡུལ་མ་ཡིན་པས་ཐུན་མོང་མིན་པ་ཡུལ་དང་དུས་ཀྱིས་བསྐལ་པ་སོགས་དངོས་པོ་ཟབ་ཅིང་རྒྱ་ཆེ་བ་ཡོངས་སུ་ཤེས་པ་ཉིད་དང་། ༧ ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པའི་ཤེར་ཕྱིན་དང་མ་བྲལ་བས་དོན་ཇི་ལྟ་བ་བཞིན་རྟོགས་པ་ལ་མངོན་ཤེས་མྱུར་བས་བྱང་ཆུབ་མངོན་དུ་བྱེད་པ་སྟེ། ༨ མདོ་ནི། བཅོམ་ལྡན་འདས་ཤེར་ཕྱིན་འདི་ནི་ཞིབ་པ་ཕྲ་བ་མཛངས་པ་མཁས་པ་རྣམས་ཀྱིས་རིག་པར་བགྱི་བ་སྟེ་ཞེས་དང་། རང་སངས་རྒྱས་ཀྱི་བར་གྱི་སྤང་བ་དང་ཤེས་པ་གང་ཡིན་པ་དེ་ནི་བྱང་སེམས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ། །ཞེས་དང་། ཤེར་ཕྱིན་ཟབ་མོ་འདི་ཐོས་ནས་འབྲི་བ་དང་། བྲིས་ནས་ལུང་འབོགས་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་


MR04_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གིས་ཤིན་ཏུ་མྱུར་བར་མྱ་ངན་ལས་འདའ་བར་འདོད་པར་བྱ་ཡི། ཞེས་གསུངས་ཏེ་དེ་དག་ནི་ཀུན་འབྱུང་བདེན་པ་མཐོང་བའི་ཡེ་ཤེས་བཞིའོ། །ཀུན་རྫོབ་བདེན་པའི་ངོར་ཆོས་ཐམས་ཅད་སྐྱོན་འགགས་པའི་བྲི་བའམ་སྐུར་འདེབས་མེད་པ་དང་། དོན་དམ་བདེན་པའི་ངོར་ཡོན་ཏན་གྱིས་གང་བའམ་སྒྲོ་འདོགས་མེད་པར་མཁྱེན་པ་དང་། ༩ བ་གྲུས་མ་བེའུ་མི་འདོར་བའི་དཔེས་འཁོར་གསུམ་དག་པའི་སྦྱིན་སོགས་ཐབས་ཤེས་ཁྱད་པར་ཅན་ཟུང་དུ་འབྲེལ་བའི་ལམ་ནི་མི་གནས་པའི་མྱང་འདས་སྒྲུབ་པ་དང་། ༡༠ མཐའ་གཉིས་ལ་མི་གནས་པའི་ཤེར་ཕྱིན་དང་མ་བྲལ་བའི་མཐུས་བསྐལ་པ་དུ་མར་བསྒྲུབས་ནས་ཚོགས་གཉིས་ཕྱིན་ཅི་མ་ལོག་པ་ཡང་དག་པར་འགྲུབ་པ་དང་། ༡༡ རྒྱ་མཚོར་གྲུ་ཞིག་པ་ན་སྤང་ལེབ་ལ་འཇུས་པའི་དཔེས་རྣམ་པར་མི་རྟོག་པར་ཆོས་ཀུན་གྱི་དེ་བཞིན་ཉིད་ལ་དམིགས་ནས་ཤེར་ཕྱིན་མི་འདོར་བར་བརྩོན་པས་འཛིན་པ་དང་ ༡༢ བཞི་ནི་འགོག་བདེན་མཐོང་བའི་ཡེ་ཤེས་བཞིའོ། །བུམ་པ་སོ་བཏང་བའི་དཔེས་ལྷག་པའི་བསམ་པས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་བླ་མེད་བྱང་ཆུབ་ལ་དམིགས་པའི་བྱང་སེམས་ཁོ་


MR04_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ན་སྒྲུབ་པའི་རྟེན་དང་བཅས་པ་དང་། ༡༣ རྒྱ་མཚོར་འཇུག་པའི་གྲུ་བཅོས་བྱས་མ་བྱས་ཀྱི་དཔེས། སྦྱིན་དང་ཚུལ་ཁྲིམས་སོགས་ཕར་ཕྱིན་བཅུ་ཡོངས་སུ་རྫོགས་པའི་རྒྱུ་ཡི་ཚོགས་པའམ་ལམ་མཐའ་དག་པ་ཚང་བ་དང་། ༡༤ ལོ་བརྒྱ་ཉི་ཤུ་ལོན་པའི་རྒས་འཁོགས་མི་ཡིས་བརྟེན་པའི་དཔེས་ལམ་ལས་མི་ཉམས་པ་གང་ལ་རག་ལས་པ་ཕྱི་ཡི་ཡོངས་འཛིན་དགེ་བའི་བཤེས་གཉེན་དང་། ནང་གི་ཡོངས་འཛིན་སྙིང་རྗེ་སྟོང་ཉིད་ཟུང་འཇུག་གིས་སྲིད་ཞིར་ལྷུང་བ་ལས་འཛིན་པ་དང་། ༡༥ ཆོས་ཐམས་ཅད་ངོ་བོ་ཉིད་མེད་པས་ལམ་ལ་མཆོག་འཛིན་དང་མངོན་ཞེན་གྱིས་རོ་མྱོང་མེད་ཅིང་དགེ་རྩ་བྱང་ཆུབ་ཏུ་བསྔོ་བ་དང་ ༡༦ བཞི་ནི་ལམ་བདེན་རྟོགས་པའི་ཡེ་ཤེས་བཞི་སྟེ། དེ་ལྟར་ཁྱད་པར་གྱི་མཚན་ཉིད་ནི་བཅུ་དྲུག་གི་བདག་ཉིད་དུ་ཤེས་པར་བྱ་སྟེ། བསམ་མི་ཁྱབ་པ་སོགས་ཀྱིས་ཁྱད་པར་དུ་བྱས་པ་དེ་བཞིན་ཉིད་ལ་ཡང་དག་པར་དམིགས་པའི་ཡུལ་ཅན་ཡིན་པ་གང་གིས་ཐེག་གསུམ་གྱི་སྤངས་རྟོགས་ཀུན་སྡུད་པ་སོགས་བྱང་ཆུབ་སེམས་དཔའི་ལམ་ནི། ལམ་དམན་པ་གཞན་ཉན་རང་དག་ལས། ཆེས་ཁྱད་དུ་འཕགས་པས་ན་ཁྱད་པར་གྱི་ལམ་ཞེས་བྱའོ། །གསུམ་པ་བྱེད་


MR04_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ལ། གཞི་ཤེས། ལམ་ཤེས། རྣམ་མཁྱེན་གསུམ་གྱི་བྱེད་མཚན་ལས། དང་པོ་གཞི་ཤེས་ཀྱི་བྱེད་པ་གསུམ་ནི། རྟེན་བྱང་སེམས་ཀྱི་ཐབས་གཞི་ཤེས་ཀྱི་སྦྱོར་བ་ལ་བརྟེན་ནས་ཡུལ་གདུལ་བྱ་རྣམས་ལ་མ་འོངས་པ་སྐྱེ་བ་ཕྱི་མའི་ཕན་ ༡ པ་ལམ་ཡོངས་སུ་སྒྲུབ་པས་མཐར་ཐུག་ངེས་ལེགས་ལ་སྦྱོར་བ་དང་། ཚེ་འདིར་ལུས་དང་སེམས་ཀྱི་སྡུག་བསྔལ་དང་བྲལ་བ་དང་ཕྱི་མར་གནས་སྐབས་མངོན་པར་མཐོ་བའི་བདེ་བ་ ༢ བྱེད་པ་དང་། ལྷག་མེད་ཀྱི་མྱང་འདས་ལ་འགོད་པའི་སྒོ་ནས་འགྲོ་བ་རྒྱུད་ལྔའི་སྡུག་བསྔལ་མཐའ་དག་ལས་གཏན་དུ་སྐྱོབ་པ་དང་ ༣ གསུམ་ནི། གཞི་ཕུང་སོགས་ལྡན་པའི་སེམས་ཅན་ལ་བྱེད་ལས་དེ་དག་འཇུག་པའི་ལྡོག་ཆ་ནས་སོ། །གཉིས་པ་ལམ་ཤེས་སྦྱོར་བའི་བྱེད་མཚན་བདུན་ནི། ལམ་ཤེས་ཀྱི་སྦྱོར་བ་ལ་བརྟེན་ནས་གདུལ་བྱའི་མི་སོགས་རྣམས་ཀྱི་སེམས་ཅན་ཀུན་ནི་སྐྱེ་རྒ་ན་འཆི་སོགས་ཀྱི་ཆོས་ལས་སྐྱབས་ནས་མྱང་འདས་ཀྱི་བདེ་བ་དམ་པར་འགོད་པ་དག་དང་། ༤ སྐྱེ་འགག་མེད་པར་རྟོགས་པའི་ལམ་གྱིས་གནས་ཀྱི་བྱ་བ་བྱེད་དེ་དངོས་པོར་འཛིན་པའི་རྒྱུས་སྡུག་བསྔལ་བའི་སེམས་ཅན་རྣམས་ལ་དབུགས་འབྱིན་པའི་གནས་སུ་གྱུར་


MR04_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དང་། ༥མཚན་མའི་རྟོག་པས་ཟིན་ཅིང་མནར་བ་རྣམས་ལ་བླང་དོར་མེད་པར་རྟོགས་པའི་ལམ་གྱིས་དཔུང་གཉེན་བྱེད་པ་དང་། ༦ རྟག་ཆད་སྲིད་ཞིའི་མཐའ་འགོག་པས་ཆུ་བོའི་དབུས་ཀྱི་གླིང་ལྟ་བུའི་བྱ་བ་བྱེད་པ་དང་ནི། ༧ གནས་སྐབས་དང་མཐར་ཐུག་གི་དོན་གཉིས་གྲུབ་པའི་སྐམ་སར་ཡོངས་སུ་འདྲེན་པར་བྱེད་པ་ཞེས་བྱ་བ་དང་། ༨ དམིགས་པ་མེད་པས་གཞན་དོན་རྩོལ་མེད་ལྷུན་གྱིས་གྲུབ་པར་བྱེད་པ་དང་། ༩ གཞན་དོན་དུ་ཐེག་པ་གསུམ་གྱིས་ངེས་པར་འབྱུང་ཡང་རང་དོན་དུ་དེའི་འབྲས་བུ་མངོན་སུམ་མི་བྱེད་པའི་བདག་ཉིད་དང་བདུན་ཡིན་ནོ། ༡༠ །གསུམ་པ་རྣམ་མཁྱེན་གྱི་བྱེད་མཚན་གཅིག་ནི། ཐ་མ་རྟེན་གྱི་མཛད་པ་ ༡༡ སྟེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་ཐོབ་ནས་དེ་ཉིད་ཕྱོགས་དུས་ཀྱི་འགྲོ་བ་མ་ལས་པའི་གནས་སྐབས་དང་མཐར་ཐུག་གི་དོན་ཀུན་ཡིད་བཞིན་རྗེས་སུ་འཇོ་བའི་རྟེན་དུ་གྱུར་པ་སྟེ། དེ་ཡང་ཆོས་ཐམས་ཅད་རྣམ་མཁྱེན་གྱི་ངང་ཚུལ་ལས་མི་འདའ་བར་མངོན་པར་བྱང་ཆུབ་པའི་བདག་ཉིད་དུ་གཟིགས་པ་ལས་ནམ་ཡང་མི་གཡོ་བཞིན་དུ་འབད་རྩོལ་མེད་པར་དུས་ཀུན་ཏུ་རྟག་པ་དང་། ཕྱོགས་ཐམས་ཅད་དུ་ཁྱབ་པའི་ཕྲིན་ལས་ཀྱི་འཇུག་པས་འགྲོ་


MR04_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་གནས་སྐབས་ལམ་གྱི་རྟེན་དང་ལམ་ལ་འགོད་ཅིང་། མཐར་ཐུག་མི་གནས་པའི་མྱང་འདས་བྱང་ཆུབ་ཆེན་པོའི་ཚུལ་ལ་འགོད་པའི་རྟེན་དུ་གྱུར་པའོ། །བཅུ་གཅིག་པོ་འདི་ཡིས་ནི་རང་རྒྱུད་མཁྱེན་པ་གསུམ་གྱི་ཡུམ་གྱི་སྦྱོར་བ། གཞན་དོན་ཁྱད་པར་ཅན་སྐྱེད་པའི་ནུས་ལྡན་དུ་མཚོན་པས་ན་བྱེད་པའི་མཚན་ཉིད་ཡིན་ནོ། །དེ་ལ་གཞི་ཤེས་ཀྱི་གསུམ་དང་། ལམ་ཤེས་ལས་གཏན་ཕན་སྐྱབས་དང་། ཆུས་ན་པ་བྲལ་བ་ལྟར། སྲེད་པའི་རླན་དང་བྲལ་བས། རང་གཞན་གྱི་དོན་རྟོགས་པའི་རྟེན་གྱི་ངོ་བོ་གླིང་གིས་བྱེད་པ་དང་། ཐ་མ་འཇིག་རྟེན་གྱི་རྟེན་གྱི་མཛད་པ་སངས་རྒྱས་པ་དེས་སེམས་ཅན་གྱི་རྟེན་དུ་གྱུར་ཏེ། རྣམ་མཁྱེན་གྱིས་མཁྱེན་ནས་ཆོས་ཐམས་ཅད་སྐྱེ་མེད་ཀྱི་ངང་ཚུལ་ལས་མི་འདའ་བར་སྟོན་པ་སོགས་སོ། །བཞི་པ་ངོ་བོ་ཉིད་མཚན་ལ། གཞི་ཤེས། ལམ་ཤེས། རྣམ་མཁྱེན་གྱི་ངོ་བོ་ཉིད་མཚན་གསུམ་ལས། དང་པོ་གཞི་ཤེས་ཀྱི་བཞི་ལ། མདོ་ནི། རབ་འབྱོར་བྱང་ཆེན་འདི་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་པས་ཟད་མཆན་ནས་དབེན་པའི་རང་བཞིན་དུ་འགྱུར་རོ། །ཞེས་དང་། བྱང་ཆེན་འདི་ནི་འདོད་ཆགས་དང་ཞེ་


MR04_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་དང་། གཏི་མུག་གི་རྟགས་ཀྱིས་དབེན་པར་འགྱུར་རོ། །ཞེས་སོགས་ཀྱིས་བསྟན། སྦྱོར་བ་རྣམས་ཀྱི་ངོ་བོ་ཉིད་གང་ཞེ་ན། ཆགས་སོགས་ཉོན་མོངས་པའི་ངོ་བོ་མངོན་གྱུར་པས་དབེན་པ་དང་། ༡ ཉོན་མོངས་དེའི་རྟགས་སྒོ་གསུམ་གྱི་གནས་ངན་ལེན་པའི་དབེན་པ་དང་། ༢ ཉོན་མོངས་དེའི་རྒྱུ་ནི་མཚན་མ་སྟེ་གཙང་བདེ་རྟག་བདག་གི་རྟོག་པས་དབེན་པ་དང་། ༣ མི་མཐུན་ཕྱོགས་ཉོན་མོངས་དང་། གཉེན་པོ་ཉོན་མོངས་མེད་པ་དག་ལ་དེར་ཞེན་གྱིས་དབེན་པ་སྟེ། ༤ དེ་ཡང་སྔ་མ་གསུམ་ཉོན་སྒྲིབ་ཀྱིས་དབེན་པ་དང་། ཕྱི་མ་གཅིག་ཤེས་སྒྲིབ་ཀྱིས་དབེན་པའི་དབང་དུ་བྱས་པའོ། །གཉིས་པ་ལམ་ཤེས་ཀྱི་ལྔ་ལ། མདོ་ནི། བྱང་ཆེན་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་ཞེས་གོ་ཆ་འཚལ་ཀྱང་། དེ་ལ་སེམས་ཅན་དང་སེམས་ཅན་དུ་བཏགས་པ་མི་དམིགས་པས་དེ་དག་ནི་དཀའ་བར་བགྱིད་པའོ། །ཞེས་སོགས་ཀྱིས་བསྟན་ཏེ། དོན་དམ་པར་སེམས་ཅན་མ་དམིགས་ཀྱང་ཀུན་རྫོབ་ཏུ་དེ་བསྒྲལ་བའི་གོ་བགོ་བས་བྱ་དཀའ་བ་དང་། ༥ ལམ་དམན་པར་མི་ལྷུང་བར་ཐེག་ཆེན་ལམ་དུ་ངེས་པར་གནས་པ་དང་། ༦ བསྐལ་པ་གྲངས་མེད་པའི་


MR04_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་གྱིས་སྒྲུབ་པར་བྱ་བ་ཆེད་དུ་བྱ་བ་ཆེན་པོ་གསུམ་དོན་དུ་གཉེར་བ་དང་། ༧ ཡུལ་སྒོམ་པའི་འཁོར་གསུམ་མི་དམིགས་པ་དང་། ༨ ཡུལ་ཅན་གཟུགས་ནས་རྣམ་མཁྱེན་བར་ལ་མངོན་པར་ཞེན་པ་མཐའ་དག་བཀག་པ་དང་ལྔའོ། ༩ །གསུམ་པ་རྣམ་མཁྱེན་གྱི་བདུན་ལ། མཁྱེན་གསུམ་གྱི་ཡུལ་མཐའ་དག་གི་དེ་བཞིན་ཉིད་ལ་དམིགས་པ་ཞེས་བྱ་བ་གང་ཡིན་པ་དང་། ༡༠དངོས་དངོས་མེད་ཀྱི་འཛིན་པ་ཀུན་སྤངས་པས་འཇིག་རྟེན་ཀུན་དང་མི་མཐུན་པ་དང་། ༡༡ ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཟིགས་པས་ཇི་སྙེད་ཤེས་བྱའི་ཆོས་ཀུན་ལ་ཡེ་ཤེས་ཀྱི་གཟིགས་པ་ཐོགས་པ་མེད་པ་བདེན་གཉིས་དབྱེར་མེད་རྟོགས་པའི་ཡེ་ཤེས་མཐར་ཐུག་པ་དང་། ༡༢ རྣམ་མཁྱེན་དེ་གཟུང་བ་དང་འཛིན་པའི་ངོ་བོར་རྟོགས་བྱའི་གཞི་མེད་པ་དང་། ༡༣ དེ་བཞིན་ཉིད་ཀྱི་ངོ་བོས་གོང་ནས་གོང་དུ་འབྲས་བུར་འགྲོ་བ་མེད་པ་དང་། ༡༤ རྒྱུ་མེད་པས་རང་གི་ངོ་བོས་སྐྱེ་བ་མེད་པ་དང་། ༡༥ དངོས་དང་དངོས་མེད་དང་གཉིས་ཀ་དང་གཉིས་མིན་ཏེ་མཐའ་བཞིར་དམིགས་སུ་མེད་པས་དེ་བཞིན་ཉིད་ཙམ་དུའང་ནི་མི་དམིགས་པ་བྱ་ལུས་ཆེ་བའི་དཔེས་བསྟན་པ་དང་། ༡༦ བདུན་པོ་བཅས་པས་སྦྱོར་


MR04_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ངོ་བོ་ཉིད་ཡུལ་ཅན་ཡེ་ཤེས་སྤྲོས་པས་དབེན་པའི་ཆ་བཅུ་དྲུག་གི་བདག་ཉིད། མཁྱེན་གསུམ་རང་ལས་གཞན་པའི་མཚན་ཉིད་མེད་ཀྱང་མཚོན་བྱ་ལྟ་བུར་མཚོན་ནུས་པས་ན། མཚན་ཉིད་བཞི་པར་གྱུར་པས་ངོ་བོ་ཉིད་མཚན་དུ་བཞེད་པ་ཡིན་ནོ། །མདོ་རྒྱས་པར་འགྲོ་བ་མེད་པ་བསྟན་པའི་སྐབས་འདིར། འཇིག་རྟེན་གྱི་ཁམས་གཡོས་སོ། །རབ་ཏུ་གཡོས་སོ་སོགས་རྣམ་པར་འགྱུར་བ་དྲུག་དང་མཚན་མ་ཆེན་པོ་བཅོ་བརྒྱད་བྱུང་སྟེ། རྣམ་པ་དྲུག་ནི། གཡོ་བ། མཐོ་བ། དམའ་བ། སྟེང་དུ་འགྲོ་བ། འོག་ཏུ་འགྲོ་བ། སྒྲ་རྗེས་སུ་སྒྲོགས་པ་དྲུག་ཡིན་ལ། དེ་དག་ལ་རིམ་པ་བཞིན་གཡོ་བ་འགུལ་བ་ལྡེག་པ་ཆེམས་པ་འཁྲུགས་པ་འུར་བ་ཞེས་བྱ་ལ། དེ་རེ་རེ་བཞིན་ཆུང་འབྲིང་ཆེན་པོའི་དབྱེ་བས་བཅོ་བརྒྱད་ལ་ལྟས་སམ་མཚན་མ་བཅོ་བརྒྱད་ཅེས་བྱའོ། །དེ་ལྟར་མཚན་ཉིད་ཐམས་ཅད་བསྡོམས་ན་དགུ་བཅུ་གོ་གཅིག་གོ །བཞི་པ་ཐར་པ་ཆ་མཐུན་ལ། ངོ་བོ་དང་། དབྱེ་བ་གཉིས། དང་པོ། སྤྱིར་བསོད་ནམས་ཆ་མཐུན་ནི་ལམ་མ་ཞུགས་ཀྱི་དགེ་བ་དང་། ཐར་པ་ཆ་མཐུན་ནི་སྡུག་བསྔལ་དང་བྲལ་བའི་ཐར་པའི་ཕྱོགས་སུ་གཞོལ་བའམ་ཕན་པའི་


MR04_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཆའོ། །ཐར་པ་ཆ་མཐུན་གྱི་དགེ་བ་རྣམས་རྒྱུད་ལ་སྐྱེས་པ་ཁོ་ན་ལ་ཇི་སྐད་བཤད་པའི་སྦྱོར་བ་རྣམས་མཚན་ཉིད་ཀྱི་སྒོ་ནས་ཤེས་པར་བྱེད་པ་འབྱུང་བས་དེ་སྟོན་པ་ནི་བྱེ་བྲག་ཏུ་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཆོས་ཀུན་ལ་མཚན་མ་མེད་པར་རྟོགས་པའི་སྒོ་ནས་རབ་ཏུ་ཟིན་པ་སྦྱིན་དང་ཚུལ་ཁྲིམས་ལ་སོགས་ཕར་ཕྱིན་ནས་རྣམ་མཁྱེན་གྱི་བར་དུ་ལམ་གྱི་ཆོས་དངོས་དང་འབྲས་བུའི་ཆོས་བརྒྱུད་ནས་ཡང་དག་པར་སྒྲུབ་པ་ལ་བརྩོན་ཅིང་མཁས་པ་ནི། རྣམ་པ་ཐམས་ཅད་རྟོགས་པ་བཤད་པའི་སྐབས་འདི་ལ་ཐེག་ཆེན་ཐར་པའི་ཆ་དང་མཐུན་པར་གྱུར་པའམ་ཚོགས་ལམ་གྱི་གནས་སྐབས་ཡིན་པར་འདོད་དེ་མདོར་ན་མཚན་མ་མེད་པའི་སྒོ་ནས་ལམ་དང་འབྲས་བུའི་བར་གྱི་ཆོས་ཡང་དག་པར་སྒྲུབ་པ་ལ་མཁས་པ་ཐར་པ་ཆ་མཐུན་ནམ་ཚོགས་ལམ་གྱི་གནས་སྐབས་ཡིན་ནོ། །གཉིས་པ་ལ། ངོ་བོའི་དབྱེ་བ་དང་། རྒྱུད་ཀྱི་དབྱེ་བ་གཉིས། དང་པོ། དད་པ་སྟོན་པའི་མདོ། སངས་རྒྱས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་མཚན་མ་མེད་པར་ཡིད་ལ་བྱེད་ཀྱང་མཚན་མར་ཡིད་ལ་མི་བྱེད་དེ་འདི་མ་སྣད་མ་རྨས་པར་སངས་རྒྱའོ་ཞེས་སྣད་པ་ཉན་རང་གི་ལམ་


MR04_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ལྷུང་བ། རྨས་པ་བྱང་སེམས་ཀྱི་ལམ་ལས་ཅུང་ཟད་ཉམས་པའོ། །བརྩོན་འགྲུས་མདོ། སྦྱིན་སོགས་ལ་མཚན་མར་མི་འཛིན་པས་བསྟན། དྲན་པ་ནི་ཤེར་ཕྱིན་དང་ཐབས་མཁས་མ་བྲལ་བའི་བསམ་པ་ཅན་བྱང་ཆུབ་ལ་ཐེ་ཚོམ་མེད་པ་ཞེས་པས་བསྟན། ཏིང་ངེ་འཛིན་ནི། གང་གིས་འཚང་རྒྱ་བ། གང་སངས་རྒྱས་པའི་གཟུགས་སམ་སོགས་ཀྱིས་བསྟན། ཤེས་རབ་ནི། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྟོགས་པར་ཡང་བྱ་བ་དང་། ཆོས་དེ་དག་མ་མཆིས་ཤིང་སོགས་ཀྱིས་བསྟན་ཏོ། །ཚོགས་ལམ་པ་དེས་རྟེན་སངས་རྒྱས་བྱང་སེམས་དང་བཅས་པའི་ཟག་མེད་ཀྱི་ཕུང་པོ་ལྔ་དང་རྣམ་ཐར་གསུམ་ལ་སོགས་པར་མི་དམིགས་པའི་ཚུལ་གྱིས་ལེགས་པའི་དད་པ་དང་། སྦྱོར་བ་སྦྱིན་སོགས་སྤྱོད་ཡུལ་དུ་བྱས་པའི་བརྩོན་འགྲུས་དང་། བསམ་པ་ཕུན་ཚོགས་གཞན་དོན་དང་བྱང་ཆུབ་དམིགས་པ་མེད་པར་ཤེས་པའི་སེམས་བསྐྱེད་པས་དྲངས་པའི་རྣམ་མཁྱེན་ལ་བདེན་པར་མ་ཞེན་པའི་ཚུལ་གྱིས་དམིགས་པའི་དྲན་པ་དང་། གཟུགས་སོགས་སུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་། བདེན་གཉིས་ཀྱི་ཆོས་རྣམས་རང་དང་སྤྱི་ཡི་མཚན་ཉིད་


MR04_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཐམས་ཅད་དུ་ཤེས་པའི་ཤེས་རབ་དང་རྣམ་པ་ལྔ་ཁྱད་པར་ཅན་གྱི་དབང་པོ་ཡིན་ནོ། །གཉིས་པ། རྫོགས་པའི་བྱང་ཆུབ་དེ་ཉིད་དད་སོགས་ལྔ་པོ་འདི་ཅི་ཙམ་རྣོ་བ་བཞིན་དབང་པོ་རྣོན་པོའམ་ཆེན་པོ་ཡིས་རྟོགས་པར་སླ་བ་དང་རྟོགས་པར་མྱུར་ལ། དབང་པོ་ཆུང་ངུའམ་རྟུལ་པོས་ནི་རྟོགས་པར་དཀའ་བར་བཞེད་དོ། །མདོ་ནི། ཤེར་ཕྱིན་ལ་མི་ཞུམ་ན་བྱང་ཆུབ་ཏུ་ངེས་སོགས་གསུངས་སོ། །གཉིས་པ་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་སྒོམ་རིམ་ལ་གསུམ། སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་དུས། སྐྱེས་པའི་རྟེན་གྱི་གང་ཟག །གང་ཟག་དེའི་སྒོམ་རིམ་མོ། །དང་པོ་ལ་སྦྱོར་ལམ་བཞི་པོ་རིམ་པར་བསྟན་པ་ལ་དེ་ཡང་ཐར་ཆ་རྒྱུད་ལ་སྐྱེས་པའི་གཞན་དོན་སྤྲོ་བ་ཅན་ལ་ངེས་འབྱེད་ཆ་མཐུན་འབྱུང་ལ་དྲོ་བ་སོགས་བཞི་པོ་རྣམས་ཀྱི་དམིགས་པ་སྐབས་འདིར་ནི་སེམས་ཅན་ཐམས་ཅད་ཡིན་པར་བསྔགས་ཏེ་བརྗོད་དོ། །དེ་ལ་སྔར་རྣམ་མཁྱེན་གྱི་སྐབས་ལ་ནི་མཉམ་བཞག་གི་རྟོགས་པ་གཙོ་བོར་བྱས་པས་དྲོད་སོགས་ཀྱི་དམིགས་པ་སྟོང་བ་ཉིད་ཀྱིས་ཁྱད་པར་དུ་བྱས་ལ། འདིར་རྗེས་ཐོབ་གཙོ་བོར་བྱས་ནས་


MR04_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེའི་ཡུལ་སེམས་ཅན་ལ་དམིགས་པར་བཞག་པའི་ཕྱིར་རོ། །དེ་ཡང་མཉམ་བཞག་ཏུ་སྟོང་ཉིད་ལ་གོམས་པའི་ལག་རྗེས་སུ་རྗེས་ཐོབ་ན་སྙིང་རྗེའི་ཤུགས་དང་གཞན་ཕན་གྱི་འཇུག་པ་ཆེར་འཕེལ་བ་ནི་འདི་ལྟར། དྲོད་ཆུང་ངུའི་སྐབས་སུ་སེམས་ཅན་དེ་དག་ཉིད་ལ་ཆགས་སྡང་གིས་རིས་སུ་མ་བཅད་པར་སེམས་མཉམ་པ་དང་། སོགས་པའི་སྒྲས། ད་ལྟ་ཕན་པ་བསྒྲུབ་པ་བྱམས་པའི་སེམས་གཉིས་འབྱུང་ངོ་། །དྲོད་འབྲིང་དུ། མ་འོངས་པའི་ཕན་པ་སྒྲུབ་འདོད་ཕན་པའི་སེམས་དང་། རང་རྒྱུད་ཀྱི་ང་རྒྱལ་བཅོམ་པས་གཞན་བདེ་ལ་ཁོང་ཁྲོ་བ་མེད་པའི་སེམས་དང་། གཞན་ལ་ཐོ་མི་བཙམས་པས་རྣམ་པར་འཚེ་བ་མེད་པའི་སེམས་གསུམ་འབྱུང་ངོ་། །དྲོད་ཆེན་པོའི་རྗེས་ཐོབ་ཏུ་སྐྱེས་པ་དང་བུད་མེད་རང་ལས་རྒན་པ་ལ་ཕ་དང་མའི་སེམས་དང་། མཉམ་ལ་སྤུན་ཟླ་དང་སྲིང་མོའི་སེམས་དང་། གཞོན་པ་ལ་བུ་དང་བུ་མོའི་སེམས་དང་། ཕན་འདོགས་པའི་བཤེས་དང་ཡིད་བརྟན་པའི་གྲོགས་ཀྱི་སེམས་དང་། ཕ་རུས་གཅིག་པའི་གཉེན་དང་མ་ཡི་རུས་གཅིག་པའི་སྣག་གི་གཉེན་མཚམས་ཀྱི་སེམས་ཏེ་ཟུང་རེ་


MR04_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་བརྩིས་པའི་ལྔ་འབྱུང་བ་སྟེ། དེ་ལྟར་རྣམ་པ་དག་པ་ནི་བཅུར་ཡུམ་གྱི་མདོ་ལས་བཤད་དོ། །རྩེ་མོ་ཆུང་ངུའི་དམིགས་པ་ཡུལ་སེམས་ཅན་ལ་དམིགས་ནས་དེ་ཡི་ཆེད་དུ་བདག་ཉིད་སྡིག་པ་ལས་ལྡོག་ཅིང་། གཞན་དེ་ལ་ལུས་ཀྱིས་འགོད་པ་དང་ངག་གིས་བསྔགས་པ་དང་ཡིད་ཀྱིས་མཐུན་པར་བྱེད་པ་དང་། འབྲིང་གི་སྐབས་སུ་རང་སྦྱིན་པ་ལ་སོགས་ཕ་རོལ་ཕྱིན་དྲུག་ལ་གནས་པས་གཞན་དེ་ལ་འགོད་པ་སོགས་དང་། ཆེན་པོར་སོགས་པས་རང་ཉིད་སྟོང་པ་དང་རྟེན་འབྲེལ་ཟབ་མོ་ལུགས་འབྱུང་ལྡོག་སྒོམ་པ་ལ་གནས་པས་གཞན་སེམས་ཅན་དེ་དག་ལ་ནི་ལུས་ཀྱིས་འགོད་ཅིང་སྦྱོར་བ་དང་། ངག་གིས་ཡོན་ཏན་གྱི་བསྔགས་པ་བརྗོད་པ་དང་། ཡིད་ཀྱིས་དགའ་བས་སམ་ཆོས་དང་ཟང་ཟིང་གིས་མཐུན་པ་བྱེད་པ་ཉིད་དང་གསུམ་ནི་རྩེ་མོར་གྱུར་པའོ། །དེ་བཞིན་དུ་བཟོད་པ་གསུམ་ནི། རང་གཞན་གཉིས་ཀར་བརྟེན་པ་ཅན་ཏེ་བཟོད་ཆུང་དུ་རང་བདེན་བཞི་ཤེས་སྤང་མངོན་བྱེད་བརྟེན་པ་ལ་གནས་ནས་གཞན་དེ་ལ་འགོད་བསྔགས་མཐུན་པར་བྱེད་པ་དང་། འབྲིང་པོར་རང་རྒྱུན་ཞུགས་སོགས་ཀྱི་


MR04_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སྒྲུབ་ཚུལ་ཤེས་ཀྱང་མངོན་དུ་མི་བྱེད་པ་ལ་གནས་ནས་གཞན་དེ་ཡི་རིགས་ཅན་དེ་ལ་འགོད་པ་སོགས་དང་། ཆེན་པོར་རང་བྱང་སེམས་ཀྱི་མཐོང་ལམ་བསྐྱེད་པའི་རྒྱུད་དམ་ཚུལ་ལ་གནས་ནས་གཞན་དེ་ལ་འགོད་པ་སོགས་སོ། །ཆོས་མཆོག་ཆུང་ངུར་དེ་བཞིན་དུ་རང་སེམས་ཅན་རྣམས་སྨིན་པར་འདོད་པ་དང་། ཞིང་སྦྱོང་བ་ལ་གནས་ནས་གཞན་དེ་ལ་འགོད་པ་སོགས་བྱེད་པ་དང་། སོགས་ཀྱིས་ཤེས་པར་བྱ་བ་ནི་འབྲིང་པོར་རང་བྱང་སེམས་ཀྱི་མངོན་ཤེས་བསྐྱེད་པ་ལ་གནས་ནས་གཞན་དེ་ལ་འགོད་པ་སོགས་དང་། ཆེན་པོར་རང་རྣམ་མཁྱེན་བསྐྱེད་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་སྤོང་བ་ལ་གནས་ནས་གཞན་ཡང་ཚུལ་དེ་ལ་ལུས་ཀྱིས་འགོད། ངག་གིས་བསྔགས་པར་བྱེད། ཡིད་ཀྱིས་མཐུན་པར་བྱེད་པ་སྟེ། ཤེས་རབ་དང་སྙིང་རྗེ་ཁྱད་པར་གོང་དུ་འཕེལ་བ་ལས་དེ་ལྟར་བས་ཆེ་ཆུང་དུ་སྣང་བ་ནི་གཙོ་ཆེ་བའི་སྒོ་ནས་བཞག་པའོ། །གཉིས་པ་ལ་གཉིས། རྟགས་ཅན་རྟེན་གྱི་གང་ཟག་མདོར་བསྟན། ཡོད་ཆོས་རྟགས་ཀྱི་དབྱེ་བ་རྒྱས་པར་བཤད་པའོ། །དང་པོ། རྟགས་ཅན་


MR04_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གང་ཟག་ནི་སྦྱོར་ལམ་བཞི་དང་མཐོང་ལམ་སྒོམ་ལམ་གང་རུང་ལ་གནས་པའོ། །དེའང་སྤྱིར་དབང་རྣོན་ཚོགས་ལམ་ནས་ལམ་མ་གོལ་བར་འགྲོ་བ་ཡོད་པས་དེ་དུས་ནས་ཀྱང་ཕྱིར་མི་ལྡོག་པ་ཕལ་པ་ཡོད་ལ། ཁྱད་པར་བ་ཐེག་པ་ཆེན་པོའི་སྦྱོར་བའི་ལམ་གྱི་རྩེ་མོའམ་བཟོད་པ་ཐོབ་ནས་ཕྱིར་མི་ལྡོག་ངེས་ཀྱང་འདིར་ཕྱིར་མི་ལྡོག་པའི་རྟགས་ལས་ཕྱིར་མི་ལྡོག་པར་ངེས་ནུས་པ་ལས་བཞག་སྟེ། རང་དང་གཞན་གྱིས་རྟགས་ཀྱི་སྒོ་ནས་ངེས་མ་ནུས་ན་དོན་ལ་ཕྱིར་མི་ལྡོག་ཀྱང་ཕྱིར་མི་ལྡོག་པར་འཇོག་བྱེད་མ་རྙེད་པས་དེ་ཡི་མིང་མི་ཐོབ་བོ། །དེས་ན་དབང་རྣོན་དྲོད་ནས་དང་། འབྲིང་པོ་མཐོང་ལམ་དང་། དབང་པོ་ཇི་ལྟར་རྟུལ་ཡང་ས་བརྒྱད་པ་ནས་རྟགས་ཐོབ་ངེས་པས་ན། དྲོད་ནས་ས་བརྒྱད་པའི་བར་གྱི་རྟགས་དེ་དག་བཤད་དོ། །དེ་ལྟར་ཡང་མདོ་ལས། རྣམ་པ་དང་རྟགས་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་བཟུང་བར་བྱའོ། །ཞེས་གསུངས་པས། རྣམ་པ་ནི་མེ་ཡི་ཚ་བ་དང་དམར་འབར་བ་ལྟ་བུ་སྟེ་བྱང་སེམས་དེའི་རྒྱུད་ཀྱི་ཡོན་ཏན་ཁྱད་པར་


MR04_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མཐོང་བའོ། །རྟགས་ནི་འབྲས་བུ་སྟེ་དུ་བ་ལས་མེར་ཤེས་པ་ལྟར་དེའི་རྒྱུད་ལ་ཡོན་ཏན་ཁྱད་པར་ཅན་ཡོད་པའི་འབྲས་བུ་བདེན་པའི་ཚིག་གྲུབ་པ་ལ་སོགས་པ་ལྟ་བུའོ། །མཚན་མ་ནི་རྒྱུ་ལས་རྗེས་སུ་དཔག་སྟེ་མ་འོངས་པ་ན་ཡོན་ཏན་ཁྱད་པར་ཅན་ཐོབ་པའི་མཚན་མར་བཟུང་བ་སྟེ། དཔེར་ན་བུད་ཤིང་དང་མེ་ལྕགས་མེ་རྡོ་སྐྱེས་བུའི་རྩོལ་བ་རྣམས་ཚོགས་པ་ལས་མེ་འབྱུང་ངེས་སོ་སྙམ་དུ་ཤེས་པ་བཞིན་ནོ། །རྒྱུ་ལ་གེགས་བྱེད་པ་སྲིད་པས་ན་རྒྱུ་ཙམ་གྱིས་འབྲས་བུ་མི་དཔོག་སྙམ་ན་སྤྱིར་བདེན་ཀྱང་། ཕྱི་ནང་གི་ཡོངས་སུ་འཛིན་པ་ཁྱད་པར་ཅན་གྱིས་ཟིན་པའི་བྱང་སེམས་ཀྱི་སྤྱོད་པ་ཕུལ་དུ་བྱུང་བ་ནི་སྟོབས་དང་ལྡན་པས་གེགས་གང་གིས་ཀྱང་བརྫི་མི་ནུས་པས་རང་འབྲས་ཐོབ་པར་ནུས་ཏེ་དཔུང་མང་གི་མགྲོན་པོ་གང་འདོད་པའི་གནས་སུ་བདེ་བར་ཕྱིན་ངེས་པ་དང་། འཁོར་སྒྱུར་དང་སངས་རྒྱས་གཞོན་ནུའི་གནས་སྐབས་བཞིན་ནོ། །དེས་ན་རྒྱུ་ཡི་ཚོགས་པ་ཚང་བས་རང་འབྲས་ཕྱི་མ་ཕྱི་མ་བསྐྱེད་པར་ངེས་ཤིང་། དེས་བར་ཆད་ཀྱི་གོ་སྐབས་མི་འཇུག་པར་མཐར་འབྲས་ཀྱི་རྒྱུ་ཚོགས་པ་ཚང་བར་བྱེད་དོ། །དེས་ན་རྒྱུ་མཚན་གྱི་


MR04_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་ལས། ལག་པར་འཁོར་ལོའི་རི་མོ་གསལ་བ་ལས་རྒྱལ་པོར་འབྱུང་བར་ལུང་སྟོན་པ་ལྟར། རྒྱུ་ཡི་བྱེ་བྲག་ཁྱད་པར་ཅན་ལས་མ་འོངས་འབྱུང་གྱུར་གྱི་མཚན་མ་གསལ་བ་ལ་མཚན་མ་ཞེས་བཤད་དོ། །དེ་ཡང་ལམ་གྱི་གནས་སྐབས་ཀྱི་རྟགས་གོས་ལ་སོགས་པ་གཙང་བ་ལྟ་བུ་དེ་དག་བྱང་ཆུབ་སེམས་དཔའི་ནང་གི་བསམ་པ་ཁྱད་པར་ཅན། རང་དོན་ཞི་བ་དོན་གཉེར་གྱི་བློ་མངོན་གྱུར་ལོག་པའི་སྙིང་རྗེ་དང་། སྦྱོར་བ་ཐབས་ཤེས་ཁྱད་པར་ཅན་གྱི་རྟོགས་པ་བརྟན་པོ་དང་འབྲེལ་བ་ཡིན་པ་ལས་རྟགས་སུ་ངེས་པར་འགྱུར་རོ། །ཉན་ཐོས་ཀྱི་དགེ་འདུན་ནི་ལམ་དང་ལམ་གྱི་འབྲས་བུ་ལ་གནས་པའི་དབྱེ་བས་སྐྱེས་བུ་ཟུང་བཞིར་འགྱུར་བ་ལྟར་བྱང་སེམས་ཀྱི་དགེ་འདུན་ནི་གསུམ་སྟེ། ངེས་འབྱེད་ཡན་ལག་ནས་བཟུང་སྟེ། བཟོད་ཤེས་ཀྱིས་བསྡུས་པའི་མཐོང་བའི་ལམ་དང་། རྒྱུན་དང་ལྡན་པ་གོམས་པའི་ལམ་དག་ལ་བྱང་ཆུབ་སེམས་དཔའ་གང་དག་གནས་པ་དེ་རྣམས་སྐབས་འདིར་སློབ་པ་ཕྱིར་མི་ལྡོག་པའི་རྟགས་ཅན་གྱི་ཚོགས་དགེ་འདུན་ཡིན་ཏེ། རྟགས་ཉི་ཤུ་དང་།


MR04_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་དང་། བརྒྱད་པོ་དེ་དང་དེ་རྟོགས་པའི་ཚུལ་གྱིས་གནས་པའི་ཕྱིར་རོ། །གཉིས་པ་ལ་གསུམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ་ཕྱིར་མི་ལྡོག་པའི་རྟགས་སོ། །དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། གཟུགས་ལ་སོགས་པ་སྟེ་རྣམ་མཁྱེན་གྱི་བར་ལ་ཞེན་པ་ལས་ལྡོག་པ་དང་། ཐེ་ཚོམ་མེད་པ་སོགས་ཀྱི་རྟགས་རྣམ་པ་ཉི་ཤུར་བརྗོད་པ་ཡིས། སྦྱོར་ལམ་ངེས་འབྱེད་ཡན་ལག་ལ་གནས་པའི་ཕྱིར་མི་ལྡོག་པའི་རྟགས་མངོན་གྱུར་གྱི་མཚན་ཉིད་འཆད་འགྱུར་འདི་རྣམས་བསྟན་པ་ཡིན་ནོ། །གཉིས་པ་དྲོད་རྩེ་བཟོད་མཆོག་བཞི་ལས། དང་པོ་ནི། གཟུགས་ལ་སོགས་པ་སྟེ་རྣམ་མཁྱེན་གྱི་བར་ལ་བདེན་ཞེན་མངོན་གྱུར་པ་ལས་ལྡོག་པས་ཐ་དད་པའི་འདུ་ཤེས་བྲལ་བ་སྟེ། དེ་ཡང་རང་རྒྱུད་ན་ཟབ་མོའི་ཆོས་དེ་ལྟ་བུ་ཡོད་པ་ནི་ཆོས་ཉིད་ཟབ་མོ་དང་མི་འགལ་བར་རིགས་པ་དང་ལྡན་པའི་ཚིག་སྨྲ་བ་ལས་ཤེས་པ་དང་། ༡ ཤེས་ནས་དད་པས་ཐེག་ཆེན་གྱི་སྐྱབས་གསུམ་ལ་ཐེ་ཚོམ་མེད་པར་ཡིད་ཆེས་པས་བསྟན་པ་འདི་ལས་གཞན་པའི་དགེ་སྦྱོང་དང་བྲམ་ཟེ་ལ་ལམ་སྟོན་པའི་སྐྱབས་སུ་མི་བསྟེན་པ་དང་། ༢ མི་


MR04_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་མངོན་གྱུར་སྤངས་པས་དུས་ཀུན་ཏུ་ངན་སོང་སྤང་ཞིང་མི་ཁོམ་པར་མི་སྐྱེ་བའི་སྨོན་ལམ་གྲུབ་པས་མི་དལ་བ་ཟད་པ་དང་། ༣ གཞན་དོན་ལ་དམིགས་པའི་སྙིང་རྗེས་བདག་ཉིད་དགེ་བ་བཅུ་ལ་གནས་ཤིང་གཞན་དག་དེ་ལ་འགོད་པར་བརྩོན་པ་དང་། ༤ བདག་གཞན་བརྗེ་བས་སེམས་ཅན་གཞན་གྱི་རྟེན་ཅན་གྱི་ཟང་ཟིང་མེད་པར་ཆོས་སྟོན་པ་སོགས་གཞན་དོན་དུ་སྦྱིན་སོགས་ལ་འཇུག་ཅིང་བྱང་ཆུབ་ཏུ་བསྔོས་པ་དང་། ༥ ཆོས་ཉིད་སྤྲོས་པ་དང་བྲལ་བ་ཟབ་མོའི་དོན་ལའང་སོམ་ཉི་མངོན་གྱུར་བ་མེད་པས་ཆོས་ལ་གཅིག་ཏུ་དགའ་བ་དང་། ༦ ཀུན་སྤྱོད་གཞན་ཕན་ལ་ཞུགས་པས་རྟག་ཏུ་ཚིག་འཇམ་པོར་སྨྲ་བ་སོགས་བྱམས་པའི་ལུས་དང་སོགས་པའི་སྒྲས་ངག་དང་ཡིད་ཀྱི་ལས་གསུམ་དང་ལྡན་པ་དང་། ༧ བསླབ་གསུམ་ལ་བརྩོན་པའི་སྦྱོར་བ་ཕུན་སུམ་ཚོགས་པས་ཚུལ་ཁྲིམས་ཀྱི་བར་གཅོད་འདོད་པ་ལ་འདུན་པ་དང་གནོད་སེམས། ཤེས་རབ་ཀྱི་བར་གཅོད་གཉིད་རྨུགས་པ་དང་། ཏིང་ངེ་འཛིན་གྱི་བར་གཅོད་རྒོད་པ་དང་འགྱོད་པ་དང་། བདེན་པ་ལ་ཐེ་ཚོམ་ཟ་བ་སྟེ་སྒྲིབ་པ་ནི་རྣམ་པ་ལྔ་དང་མི་འགྲོགས་པ་དང་།


MR04_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

༨སྟོང་ཉིད་བསྒོམས་པས་མ་རིག་པ་དང་ལྟ་བའི་བག་ལ་ཉལ་ཀུན་མགོ་སྨད་པའི་སྒོ་ནས་འཇོམས་པ་དང་། ༩ སྤྱོད་ལམ་འགྲོ་འཆག་ཉལ་དང་འདུག་པར་དྲན་པ་དང་ནི་ཤེས་བཞིན་དང་རབ་ཏུ་ལྡན་པས་མིག་གཉའ་ཤིང་གང་ཙམ་བལྟ་བས་འགྲོ་བ་སེམས་འཁྲུལ་བ་མེད་པ་སོགས་ཀྱིས་མཚོན་པ་དང་། ༡༠ ཕྱི་ནང་གི་ཀུན་སྤྱོད་གཙང་སྦྲར་ལྡན་པས་གཙང་མའི་ཆོས་གོས་ལ་སོགས་པ་ཡོངས་སུ་གཙང་བ་འཆང་བ་དང་༡༡ བཅུ་གཅིག་དྲོད་ཕྱིར་མི་ལྡོག་པའི་རྟགས་སོ། །གཉིས་པ་རྩེ་མོ་བ་ཕྱིར་མི་ལྡོག་པའི་རྟགས་སུ་དགེ་བའི་རྩ་བ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པས་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་པོ་རྣམས་མི་འབྱུང་བ་ལུས་རྣམ་པར་དག་པ་དང་། ༡༢ ལྷག་བསམ་རྣམ་དག་གི་དགེ་རྩ་རྣམ་པར་དག་པས་གྱ་གྱུ་མེད་པའི་སེམས་ཉན་རང་གི་ཡིད་ལས་འདའ་བ་དང་། ༡༣ རྙེད་པ་དང་བཀུར་བསྟི་དང་གྲགས་པ་ལ་མི་ལྟ་བས། ཕྱགས་དར་ཁྲོད་པ་དང་། ཆོས་གོས་གསུམ་པ་དང་། ཕྱིང་པ་བ་དང་། བསོད་སྙོམས་པ་དང་། སྟན་གཅིག་པ་དང་། ཟས་ཕྱིས་མི་ལེན་པ་དང་། དགོན་པ་བ་དང་། ཤིང་དྲུང་པ་དང་།


MR04_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བླ་གབ་མེད་པ་དང་། དུར་ཁྲོད་པ་དང་། ཙོག་པུ་པ་དང་། གཞི་ཇི་བཞིན་པ་སྟེ་སྦྱངས་པའི་ཡོན་ཏན་ནི་བཅུ་གཉིས་པོ་ཡང་དག་པར་ལེན་པ་དང་། ༡༤ ཕྱིན་དྲུག་ཁྱད་པར་ཅན་སྒྲུབ་པས་རང་རྒྱུད་ལ་སེར་སྣ་མེད་པ་དང་སོགས་སྒྲས་འཆལ་ཚུལ་དང་ཁོང་ཁྲོ་དང་ལེ་ལོ་དང་རྣམ་གཡེང་ཤེས་འཆལ་རྣམས་མེད་པ་དང་། ༡༥ ཆོས་ཀུན་ཆོས་ཉིད་ལས་མི་འདའ་བས་སྤྱོད་ལམ་ཅི་བྱེད་ཐམས་ཅད་དུ་ཆོས་ཉིད་དང་མི་འགལ་ཞིང་ཤེར་ཕྱིན་གྱི་རྣལ་འབྱོར་དང་ལྡན་པར་འགྲོ་བ་ཉིད་དང་། ༡༦ འཁོར་བའི་སྡུག་བསྔལ་བདག་གིར་བྱས་པས་གཞན་སེམས་ཅན་གྱི་དོན་དུ་དམྱལ་བའི་སྡུག་བསྔལ་ཀྱང་འཚོལ་བ་སྟེ་དང་དུ་ལེན་པ་དང་དྲུག་གོ །༡༧ གསུམ་པ་བཟོད་པ་ཕྱིར་མི་ལྡོག་པའི་རྟགས་ནི་གཉིས་ཏེ། རང་གི་རྟོགས་པ་ལ་ཡིད་ཆེས་གཏིང་ཚུགས་པས་གཞན་གྱི་དྲིང་ལ་མི་འཇོག་པའི་བློ་གྲོས་ཀྱི་མཐུས་བདུད་སོགས་གཞན་གྱིས་དམན་པའི་ལམ་དུ་དཀྲི༷་བར་མི་བཏུབ་པ་དང་། ༡༨ སངས་རྒྱས་ཐོབ་བྱེད་ཀྱི་ཐབས་མ་ནོར་བར་ཤེས་པས། ལམ་ལྟར་བཅོས་པ་གཞན་མི་སྡུག་པ་ཀེང་རུས་སྒོམ་པ་སོགས་དང་། བསམ་གཟུགས་སྒོམ་པ་


MR04_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མཐར་ཐུག་གི་དོན་དུ་ཉེ་བར་སྟོན་པའི་བདུད་ལ་འདི་ནི་བདུད་ཉིད་དོ་ཅེས་བྱ་བར་རྟོགས་པས་བདུད་ཀྱིས་ཡུལ་ལས་འདའ་བ་དང་གཉིས་སོ། །༡༩ །བཞི་པ་ཆོས་མཆོག་གི་རྟགས་ནི། འཁོར་གསུམ་དུ་དམིགས་པའི་དྲི་མ་རྣམ་པར་དག་པས་མ་དག་པ་རྡུལ་ཙམ་མེད་པར་དོན་གཉིས་སྒྲུབ་པའི་ཕྱིར་ཀུན་སྤྱོད་ཐམས་ཅད་སངས་རྒྱས་དགྱེས་པའི་སྤྱོད་པ་རྨད་དུ་༢༠བྱུང་བ་སྟེ་རྟགས་ནི་ཉི་ཤུ་པོ་དེ་དག་གིས་སྦྱོར་ལམ་དྲོད་དང་རྩེ་མོ་དང་བཟོད་པར་བཅས་དང་སྦྱོར་ལམ་ཆེན་པོ་ཆོས་མཆོག་རྣམས་ལ་གནས་པ་ནི། རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་སྟེ། མདོ་ནི། གཟུགས་ལས་ཕྱིར་ལྡོག་པའི་བྱང་སེམས་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཞེས་སོགས་སོ། །གཉིས་པ་མཐོང་ལམ་ལ་མདོར་བསྟན་དང་། རྒྱས་བཤད་གཉིས། དང་པོ། མཐོང་བའི་ལམ་ལ་གནས་པའི་བྱང་སེམས་དབང་འབྲིང་གི་རྒྱུད་ཀྱི་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་བཟོད་པ་བརྒྱད་དང་། ཤེས་པའི་སྐད་ཅིག་བརྒྱད་དེ་ཡེ་ཤེས་སྐད་ཅིག་བཅུ་དྲུག་དང་། དེས་དྲང་པའི་ལུས་ངག་གི་ཐ་སྙད་ཁྱད་པར་ཅན་ནི། བྱང་ཆུབ་སེམས་དཔའ་


MR04_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མི་ལྡོག་པའི། མཚན་ཉིད་དམ་རྟགས་ཡིན་པར་ཤེས་པར་བྱའོ། །འདིར་ཤེས་བཟོད་ཀྱི་ཡེ་ཤེས་སྐད་ཅིག་མ་བཅུ་དྲུག་མཐོང་ལམ་པ་ཕྱིར་མི་ལྡོག་པའི་རྟགས་སུ་གསུངས་པ་ནི། རྒྱུ་མིང་འབྲས་ལ་བཏགས་པ་ལས། མཐོང་ལམ་གྱི་ཡེ་ཤེས་རང་ཉིད་མིན་ཏེ་དངོས་ལ་གནོད་བྱེད་མཉམ་བཞག་ཡེ་ཤེས་གཞན་ལ་རྟགས་སུ་སྣང་དུ་མི་རུང་བའི་ཕྱིར་རོ། །འོ་ན་གང་ཞེ་ན། དགོངས་གཞི་རྒྱུ་མཉམ་བཞག་གི་ཡེ་ཤེས་ལས་འབྲས་བུ་རྗེས་ཐོབ་ན་འབྱུང་བའི་གཟུགས་ལས་ལྡོག་པ་སོགས་ལུས་ངག་གི་རྟགས་ཁྱད་པར་ཅན་འབྲེལ་པ་རྒྱུ་མཚན་དུ་བྱས་ནས་སོ། །བཏགས་པའི་དགོས་པ་ནི་གདུལ་བྱ་འདུལ་བའི་དབང་མ་གཏོགས་པར་ས་ཐོབ་པའི་བྱང་སེམས་རྣམས་ཀྱི་རྗེས་ཐོབ་ནི་མཉམ་བཞག་དང་རྣམ་པ་ཆ་འདྲ་བ་ཤེས་པའི་སླད་དུའོ། །དེ་ལྟར་ན་མཉམ་བཞག་ཏུ་ཆོས་ཉིད་མངོན་སུམ་མཐོང་བའི་སྟོབས་ལས། རྗེས་ཐོབ་ཏུ་རྟགས་བཅུ་དྲུག་ཏུ་གསུངས་པ་འདི་དག་མཐོང་ལམ་གྱི་རྗེས་ལས་ཐོབ་པའི་འབྲས་བུར་ཁྱད་མེད་ལ། སོ་སོར་སྦྱར་བ་ནི་ལྡོག་ཆས་ཕྱེ་བའི་ཤེས་བཟོད་ཀྱི་ཡེ་ཤེས་བཅུ་


MR04_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་མཚོན་པར་བྱེད་པ་ཙམ་ལས་རྒྱུ་སོ་སོས་འབྲས་བུ་སོ་སོར་བསྐྱེད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་སྐད་ཅིག་བཅུ་དྲུག་རིམ་པས། སྟོང་ཉིད་མངོན་སུམ་རྟོགས་པས་གཟུགས་སོགས་རྣམ་མཁྱེན་གྱི་བར་ལ་མངོན་ཞེན་གྱི་འདུ་ཤེས་ཀུན་བཏགས་ས་བོན་བཅས་པ་ལས་ལྡོག་པ་དང་། ༡ སངས་རྒྱས་སྲས་བཅས་ཀྱིས་བྱིན་གྱིས་རླབས་པས་བླ་མེད་བྱང་ཆུབ་ཀྱི་སེམས་མི་ཉམས་པར་བརྟན་པ་དང་། ༢ ཐེག་ཆེན་གྱི་སེམས་བསྐྱེད་སོགས་ཆོས་ཁྱད་པར་ཅན་བསྒྲུབས་པས་གྲགས་པ་སོགས་ཚེ་འདིའི་དོན་དང་ཐེག་པ་དམན་པ་རང་ཞི་བ་དོན་གཉེར་གྱི་ཉན་རང་དག་ལས་སེམས་རྣམ་པར་ལོག་པས་རྣམ་མཁྱེན་ཡིད་བྱེད་དང་མི་འབྲལ་བ་དང་། ༣ ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་མི་རྟོག་ཡེ་ཤེས་ཀྱི་མཐུས་བསམ་གཏན་དང་ལ་སོགས་པའི་སྒྲས། གཟུགས་མེད་དང་འགོག་པའི་སྙོམས་འཇུག་ཐོབ་ཀྱང་། དེར་སྐྱེ་བ་དང་འཇུག་པའི་ཡན་ལག་ཡོངས་སུ་ཟད་པ་དང་བཞི་ནི་ ༤ སྡུག་བདེན་གྱི་སྐད་ཅིག་མའི་རྣམ་པ་བཞིའོ། །དགེ་བ་ལ་བཀོལ་ནུས་པས་ལུས་ལྡང་བ་ཡང་བ་དང་སེམས་ཁྲོ་


MR04_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས་ཀྱི་ཀུན་ནས་དཀྲིས་པ་མེད་པས་ཡང་བ་ ༥ ཉིད་དང་ནི། ཁྱིམ་པར་གྱུར་ཀྱང་དངོས་པོ་ཀུན་ལ་མ་ཆགས་པས་འདོད་ཡོན་ལ་སྤྱོད་པ་ནའང་དེ་ལ་མ་ཞེན་ཅིང་སེམས་ཅན་ཐབས་གང་གིས་འདུལ་བའི་ཐབས་ལ་མཁས་པ་དང་། ༦ ཁྱིམ་གྱི་ཉེས་དམིགས་དང་། ཡུལ་གྱི་ལོངས་སྤྱོད་ལ་ཞེན་པའི་ཉེས་པ་མཐོང་ནས་བུད་མེད་དང་འཕྲད་པར་མི་བྱེད་ཅིང་། དྲག་ཤུལ་སོགས་སྦྱོར་བའི་སྔགས་མི་བྱེད་པར་རང་དོན་དུ་རྟག་ཏུ་ཚངས་པར་སྤྱོད་པ་ཉིད་དང་། ༧ སེམས་མི་གཡེང་བ་དང་། དད་སོགས་ཀྱི་དབང་པོ་ཐོབ་པས་འཚོ་བ་རྙེད་བཀུར་གྱི་དོན་དུ་དབང་པོ་སྡོམ་པའི་ཚུལ་འཆོས་དང་། ཚིག་འཇམ་པར་སྨྲ་བའི་ཁ་བསགས་དང་། གཞན་གྱི་རྫས་ལ་བསྔགས་པའི་གཞོགས་སློང་དང་། མངོན་སུམ་གཞན་ལ་ཐོབ་འཇལ་དང་། སྔར་ཐོབ་པ་ལ་བསྔགས་པ་རྙེད་པས་རྙེད་འཚོལ་རྣམས་དང་། ཡང་བ་སྲོག་གཅོད་སོགས་བྲལ་བས་སྐྱེས་བུ་དམ་པའི་ཆོས་ཅན་འཚོ་བ་ཡོ་བྱད་རྣམ་པར་དག་པ་ཉིད་དང་བཞི་ནི་ཀུན་འབྱུང་གི་སྐད་ཅིག་མ་བཞིའོ། །ཕུང་ཁམས་རྟེན་


MR04_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་སོགས་ལ་དངོས་ཞེན་གྱི་སྦྱོར་བས་གནས་པ་དང་། དེ་ལ་རྒྱུན་དུ་ཞེན་པ་རྗེས་སུ་སྦྱོར་བས་གནས་པ་བཀག་པའི་སྟོང་ཉིད་ལ་གནས་ནས་ཆོས་གང་ཡང་མཆོག་དམན་དུ་མ་མཐོང་བ་དང་། ༩ མཐོང་ལམ་གྱི་རྟོགས་པའི་བར་ཆད་བྱེད་པའི་ཆོས་དགེ་བའི་ནོར་འཕྲོགས་པ་ལ་རྐུན་པོའི་གཏམ་གྱིས་བསྟན་པ་རྣམས་ལ་དགེ་ཕྱོགས་འཕྲོག་མི་འཕྲོག་ཏུ་དངོས་ཞེན་སོགས་སྔར་ལྟར་བཀག་པ་དང་། ༡༠ དེ་བཞིན་དུ་དམག་གི་གཏམ་གྱིས་སྦྱིན་པ་སོགས་བྱང་ཆུབ་ཀྱི་རྒྱུ་ཡི་ཚོགས་ཀྱི་དཔུང་ལ་མང་ཉུང་དུ་ཞེན་པ་སོགས་བཀག་པ་དང་། ༡༡ གྲོང་གིས་དབང་པོ་དང་སོགས་སྒྲས། གྲོང་ཁྱེར་གྱིས་དབང་རྟེན། གྲོང་རྡལ་གྱིས་དབང་ཡུལ། རྒྱལ་བློན་གྱི་གཏམ་གྱིས་བདག་དང་བདག་གི་བར་བཅས་པ་ཡི། གཡུལ་འགྱེ༷ད་པའི་གཏམ་ཞེས་པས་སྤང་གཉེན་སྤྲད་པ་བསྟན་ལ། དེ་ལྔ་ལ་ཞེན་པ་སོགས་སྔར་ལྟར་བཀག་པ་ ༡༢ བཞི་ནི་འགོག་བདེན་གྱི་སྐད་ཅིག་མའི་རྣམ་པ་བཞི་སྟེ་དེ་ལྟར་སྤང་བྱ་འགོག་པའི་སྐབས་སུ་རྒྱུ་མངོན་ཞེན་ལོག་པས། འབྲས་བུ་རྣམ་སྨིན་སྤང་མི་དགོས་པར་རང་གི་རང་གིས་འགོག་པའོ། །འདི་


MR04_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གཏམ་ཞེས་པས་མིང་ཙམ་ལས་དོན་མ་གྲུབ་པ་ལ་དེར་ཞེན་མི་བྱ་བའི་སླད་དུ་བསྟན་ཏོ་ཞེས་བཤད་ལ། མངོན་ཞེན་མེད་པའི་གནད་ཀྱིས་དངོས་བསྟན་གྲོང་སོགས་དང་། མཚོན་དོན་དབང་པོ་སོགས་ཀྱི་མངོན་འདོད་ཞིག་པས་དེ་གཏམ་དུ་ཡང་ཡང་སྨྲ་ཞིང་ལུས་ཀྱིས་དེའི་ཆེད་དུ་འཇུག་པ་ལྟ་བུར་མི་བྱེད་པ་ཡང་དོན་གྱིས་བསྟན་ཏམ་སྙམ་སྟེ། གཏམ་ཞེ་འདོད་ཀྱི་རྗེས་སུ་བྱེད་པས་ནང་གི་རྣམ་པ་མཚོན་པའི་རྟགས་ཡིན་པའི་ཕྱིར་རོ། །མདོ་ལས། གཡུལ་གྱི་གཏམ་གྱི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ལ་མི་གནས། ཞེས་སོགས་སོ། །སྦྱིན་སོགས་འཁོར་གསུམ་མི་དམིགས་པར་རྟོགས་པས་སེར་སྣ་དང་། འཆལ་བའི་ཚུལ་ཁྲིམས་དང་། ཁོང་ཁྲོ་ལ་སོགས་པ་ལ་དངོས་ཞེན་གྱི་སྦྱོར་བ་དང་། དེ་ལ་རྒྱུན་དུ་ཞེན་ནས་རྗེས་སུ་སྦྱོར་བ་ཡི་གནས་པ་སོ་སོར་བཀག་ཅིང་དམིགས་པ་མེད་པའི་རྟགས་སུ་དྲག་ཤུལ་སྤྱོད་སྔགས་སོགས་ཀྱིས་གཞན་ལ་གནོད་པ་མི་བྱེད་པ་དང་། ༡༣ ཆོས་ཐམས་ཅད་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་གང་དུའང་མ་གྲུབ་པར་ཤེས་ནས་རྟོགས་པའི་ཆོས་ལམ་དང་འབྲས་བུ་བྱང་ཆུབ་


MR04_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནི་རྡུལ་ཙམ་ཡང་མི་དམིགས་པ་ཉིད་ཀྱིས་རབ་ཏུ་དབེན་པར་ཤེར་ཕྱིན་རྟག་ཏུ་སྒོམ་པ་ལ་བརྩོན་པ་དང་། ༡༤ རང་གི་ས་སྟེ་མཁྱེན་གསུམ་ལ་ཕྱིར་མི་ལྡོག་པ་ཡིད་ཆེས་པའི་ངེས་པ་ཉིད་ཐོབ་ནས། གཞི་ལམ་རྣམ་པའི་ས་གསུམ་ལ་ནི་བདུད་སོགས་ཀྱིས་མི་ཕྱེད་པར་གནས་པ་དང་། ༡༥ སེམས་བསྐྱེད་བརྟན་པས་རྣམ་མཁྱེན་ལ་གཅིག་ཏུ་གཞོལ་བ་དང་སྟོང་པར་རྟོགས་པས་རྣམ་མཁྱེན་སོགས་སྟོན་པའི་ཆོས་ཀྱི་འཆད་ཉན་སོགས་ཀྱི་དོན་དུ་སྲོག་ཀྱང་གཏོང་བ་སྟེ་ལམ་ ༡༦ གྱི་སྐད་ཅིག་མ་བཞི་དང་བཅས། དེ་འདྲའི་སྐད་ཅིག་བཅུ་དྲུག་ནི་གཟུང་འཛིན་དུ་མ་ཞེན་པ་མཉམ་བཞག་རང་དང་དམིགས་རྣམ་རྗེས་སུ་མཐུན་པའི་འབྲས་བུ། མཉམ་བཞག་ལས་ལངས་པ་རྗེས་ཐོབ་པའི་སེམས་ཀྱིས་བསྡུས་པའི་འཇིག་རྟེན་པ་སྟེ། དེ་གང་ཟག་གཞན་གྱི་རྟོག་པའི་ཡུལ་དུ་གྱུར་པའི་ལུས་ངག་གི་ཐ་སྙད་བཅུ་དྲུག་ནི། བློ་ལྡན་བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་ལ་གནས་པ་རྣམས་ཀྱི། ཕྱིར་མི་ལྡོག་པའི་རྟགས་དག་ཡིན་ནོ། །འདི་སྐབས་ཡུམ་རྒྱས་བསྡུས་ཀྱི་རྟགས་བཅུ་དྲུག་པོ་མི་འདྲ་བ་གསུངས་ཀྱང་དོན་ལ་འདྲ་བ་ཡིན་ནོ། །གསུམ་པ་སྒོམ་


MR04_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ། ཁྱད་གཞི་སྒོམ་ལམ་དང་། ཁྱད་ཆོས་རྟགས་གཉིས། དང་པོ་ལ། སྒོམ་ལམ་གྱི་ངོ་བོ། ངེས་ཚིགདེའི་རབ་དབྱེ་གསུམ། དང་པོ། མདོ་ནི། བྱང་སེམས་གང་ལ་གནས་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱེད་པའི་གནས་ནི་ཟབ་མོ་སྟེ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སོགས་ཀྱིས་བསྟན་ཏོ། །སྒོམ་པའི་ལམ་ནི་ཁྱད་ཆོས་དམིགས་པའི་ཚུལ་གྱིས་གཏིང་ངམ་གནས་མ་རྙེད་པའི་ཟབ་པ་སྟེ། ཟབ་མོ་ཞེས་བྱ་བ་གང་ཡིན་ན་སྟོང་པ་ཉིད་དང་། ༡ ལ་སོགས་ཀྱི་སྒྲས་དེ་ལ་དམིགས་པའི་བློ་སྐྱེད་པའི་མཚན་མ་མེད་པ་དང་། ༢ སྨོན་པ་མེད་པ་དང་། ༣ མངོན་པར་འདུ་བྱ་བ་མེད་པ་དང་། ༤ དེ་ལ་བརྟེན་པའི་ཡུལ་ཅན་སྐྱེ་བ་མེད་པ་དང་། ༥ འགགས་པ་མེད་པ་དང་། ༦ ཆགས་པ་བྲལ་བ་དང་། ༧ གཟོད་མ་ནས་མྱ་ངན་ལས་འདས་པ་དང་། ༨ རབ་ཏུ་ཞི་བ་དང་། ༩ དེ་ཁོ་ན་ཉིད་དང་། ༡༠ ཡང་དག་པའི་མཐའ་ ༡༡ མངོན་སུམ་རྟོགས་པ་དང་ལྡན་པའི་སྒོམ་ལམ་གྱི་ཡེ་ཤེས་ཀྱང་ཟབ་པ་ཡིན་ཏེ། རྒྱུ་མཚན་གང་ཞེ་ན། དེ་ནི་སྟོང་པ་ཉིད་སོགས་བཅུ་གཅིག་པོ་ལ་གཟུགས་སོགས་མེད་པས་སྒྲོ༷་འདོགས་


MR04_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྟོང་ཉིད་སོགས་ལས་གཟུགས་སོགས་གཞན་མ་ཡིན་པས་སྐུར་བ་འདེབས་པའི་མཐའ་ལས་གྲོལ་བ་ཆོས་ཀྱི་དབྱིངས་ཉིད་ཡིན་པས་སོ། །གཉིས་པ་ངེས་ཚིག་ནི། ངེས་པ་འབྱེད་པའི་ཡན་ལག་སྦྱོར་ལམ་གྱི་སྐབས་དང་། ཆོས་ཉིད་མཐོང་བའི་ལམ་དང་། སྒོམ་པ་གོམས་པའི་ལམ་གསུམ་ཉིད་ལ་རིམ་པ་བཞིན། དེ་བཞིན་ཉིད་ལ་སྒྲོ་འདོགས་བཅད་དེ་ཡང་དང་ཡང་དུ་སེམས་པའམ་སྒོམ་པ་དང་། དེ་ཁོ་ན་ཉིད་མངོན་སུམ་འཇལ་བ་དང་། རྟོགས་ཟིན་ཡང་ཡང་གོམས་པས་སྔར་ལས་ཇེ་བས་ཇེ་ཟབ་ཏུ་སོང་ནས་ཆེས་ངེས་པར་རྟོགས་པ་ཡིན་པས་ན། འདིའི་རྟོགས་པ་ལ་ཟབ་པར་བཞག་སྟེ་མཐོང་ཟིན་གོམས་པ་སྒོམ་པའི་ལམ་ཡིན་པས་སོ། །མདོ་ནི། འདི་ལྟར་བསླབ་པར་བྱ། འདི་ལྟར་གྲུབ་པར་བྱའོ། །ཞེས་སོགས་གསུངས་སོ། །ཡང་ན་འཇལ་སོགས་གསུམ། ཐོས་བསམ་སྒོམ་གསུམ་མམ། ཏིང་ངེ་འཛིན་གྱི་སྦྱོར་དངོས་རྗེས་གསུམ་ལས་བྱུང་བའི་ཤེས་རབ་ཀྱིས་སམ། ཡང་དམིགས་ཚུལ་རིགས་པ་བཞིས་ཡང་ཡང་སེམས་པ་དང་། ཞི་གནས་ཀྱི་སེམས་དགུས་ཡང་ཡང་འཇལ་བ་


MR04_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལྷག་མཐོང་བཞིས་ཡང་ཡང་ངེས་པར་རྟོགས་པའང་སྟེ། ངེས་འབྱེད་ལ་དོན་སྤྱིའི་ཚུལ་དུ་རྟོགས། མཐོང་ལམ་དུ་རང་བཞིན་ཤེས་པ་དེ། སྒོམ་ལམ་སྔ་མར་གོམས་ཟིན་ཇེ་བས་ཇེ་ཟབ་ཡིན་པར་ཤེས་ནུས་སོ། །གསུམ་པ་ལ་གཉིས། དབྱེ་བ་དངོས་དང་དབྱེ་བ་ལ་རྩོད་སྤང་ངོ་། །དང་པོ། སྒོམ་ལམ་དེ་ནི་མཐོང་ལམ་ལྟར་སྐད་ཅིག་མ་མ་ཡིན་ཞིང་ཡང་ཡང་གོམས་པས་ན་རྒྱུན་ཆགས་ཡིན་པའི་ཕྱིར། ཁམས་གསུམ་ས་དགུ་ན་སྤང་བྱ་ཆེ་འབྲིང་ཆུང་གསུམ་རེ་རེ་ལ་གསུམ་རེར་དབྱེ་བའི་དགུ་ཡོད་པས་གཉེན་པོའི་ཡེ་ཤེས་ཉིད་དོན་དམ་པར་དབྱེར་མེད་ཀྱང་ཐ་སྙད་དུ་ཆུང་དང་འབྲིང་དང་ཆེན་པོ་རྣམས་ལ་ནང་གསེས་ཆུང་ངུའི་ཆུང་ངུས་སོགས་ཡན་ལག་གི་དབྱེ་བ་ཡིས། གཉེན་པོ་ཡེ་ཤེས་མི་འདྲ་བའི་རྣམ་པས་དབྱེ་བ་སྒོམ་ལམ་རྣམ་པ་དགུར་བཞེད་དོ། །མདོ་རྒྱས་པ་ན་སྤང་བྱ་རྣམ་རྟོག་ཆེན་པོའི་ཆེན་པོའི་དབང་དུ་བྱས་ཏེ། དེའི་གཉེན་པོ་ཆུང་ངུའི་ཆུང་ངུ་སྤང་བར་བསྟན་ནས་མཐར་རྣམ་རྟོག་ཆུང་ངུའི་ཆུང་ངུ་གྲངས་ཡོད་པ། གཞལ་ཏུ་ཡོད་པ། ཚད་ཡོད་པ་ཞེས་དང་། དེའི་གཉེན་པོ་ཆེན་པོའི་ཆེན་པོ་


MR04_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་གཞལ་མེད་ཚད་མེད་པས་བསྟན་ལ། དེ་ཡང་སྒོམ་ལམ་དགུ་པོ་རེ་རེའི་དབང་དུ་བྱས་ཏེ་འབྲས་བུ་བསོད་ནམས་གྲངས་མེད་གཞལ་མེད་ཚད་མེད་པར་གསུངས་སོ། །གཉིས་པ་རྩོད་སྤངས་ལ་གྲངས་ལ་རྩོད་སྤང་དང་། བྱེད་པ་ལ་རྩོད་སྤང་གཉིས། དང་པོ། སྒོམ་ལམ་རེ་རེར་ཡང་འབྲས་བུ་བསོད་ནམས་ཚད་མེད་པར་གསུངས་ན་དེའི་རྒྱུ་སྒོམ་ལམ་ཡང་གྲངས་དགུར་མི་ངེས་ཏེ། འབྲས་བུའི་ཡོན་ཏན་སྤང་བྱ་སྤངས་པའི་རྟོགས་པ་ལས་སྐྱེ་བ་ཡིན་ན། སྤང་བྱ་ཡང་ཚད་མེད་དགོས་པས་སྤང་བྱ་དགུར་གྲངས་མི་ངེས་ལ། དེ་མ་ངེས་ན་གཉེན་པོའི་རྟོགས་པ་ཡང་དགུར་མི་ངེས་པ་དང་། ཡང་འབྲས་བུ་ཚད་མེད་པ་སྐྱེད་ན་རྒྱུ་ཡང་ཚད་མེད་ཡིན་དགོས་ཀྱི། རྒྱུ་ཐུག་བཅས་སམ་གྲངས་ཀྱི་ཚད་བཟུང་སྟེ་དགུར་འཇོག་པ་མི་འཐད་དོ་ཞེས་རྩོད་པ་ལ། སྒོམ་ལམ་རེ་རེར་ཡང་འབྲས་བུ་བསོད་ནམས་གྲངས་མེད་གཞལ་མེད་ཚད་མེད་ལ་སོགས་པར་བསྟན་པ་རྣམས་ནི་དམ་པའི་དོན་དུ་བདེན་པར་གྲུབ་པའི་རྒྱུ་གཅིག་ལས། བདེན་པར་གྲུབ་པའི་འབྲས་བུ་གྲངས་མེད་པར་འབྱུང་ངོ་ཞེས་མང་ཉུང་གི་གྲངས་ཀྱིས་དབྱེ་


MR04_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བར་བཟོད་པའམ་ནུས་པ་མ་ཡིན་ཏེ། དོན་དམ་པ་རྒྱུ་འབྲས་གཉིས་ཆར་མ་གྲུབ་པས་མང་ཉུང་དུ་ཡོད་པ་མ་ཡིན་ནོ། །མདོ་ལས། ཆོས་ཉིད་དེ་དག་ལ་དོན་དང་ཡི་གེས་ཐ་དད་དུ་བྱ་བ་མ་དམིགས། ཞེས་སོ། །རྒྱུ་འབྲས་བདེན་པར་གྲུབ་པ་ཞིག་ན་ཚད་ཡོད་ཀྱི་རྒྱུ་ལས་ཚད་མེད་ཀྱི་འབྲས་བུ་འབྱུང་བ་མི་འཐད་པར་རྟོགས་སུ་ཆུག་ནའང་འདིར་དེ་ལྟར་མི་འདོད་དོ། །འོ་ན་ཅི་ཞེ་ན་ཀུན་རྫོབ་ཐ་སྙད་ཙམ་དུ་སྒོམ་ལམ་རེ་རེ་ལའང་འབྲས་བུ་བསོད་ནམས་མཐའ་ཡས་པ་འབྱུང་བ་ནི། ཐུགས་བརྩེ་བའི་རྒྱུ་མཐུན་མདོ་ལས་བསྟན་པ་དེ་དག་དེ་ལྟར་དུ་ཡིན་པར་ངེས་པ་ཐུབ་པ་སངས་རྒྱས་ཀྱིས་བཞེད་པ་སྟེ། དོན་ལ་དེ་ལྟར་ཡིན་པ་གཟིགས་ནས་བསྟན་པ་ཡིན་གྱི་དགོངས་པ་ཅན་མིན་ནོ། །མདོ་ལས། བརྗོད་དུ་མེད་པ་འདི་ནི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་རྒྱུ་མཐུན་གྱི་བསྟན་པའོ། །ཞེས་སོ། །དེ་ཡང་རྒྱུ་གཅིག་ལས་འབྲས་བུ་དུ་མ་སྐྱེ་བ་ཙམ་ནི་ས་བོན་གཅིག་ལ་འབྲས་བུ་དུ་མར་ཡང་ནས་ཡང་དུ་འཕེལ་བ་སོགས་ཀྱིས་གྲུབ་ལ། ཀུན་རྫོབ་ཏུ་ཕྱོགས་དུས་ཀྱི་མུ་མཐའ་ཡས་


MR04_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཅན་ལ་དམིགས་ནས་དེའི་དོན་དུ་ཡོན་ཏན་མཐའ་ཡས་པའི་སངས་རྒྱས་ཐོབ་པའི་རྒྱུར་བསྔོ་བ་དང་། དེ་ཡང་མངོན་པར་མ་ཞེན་པའི་ཐབས་མཁས་ཀྱིས་ཡོངས་སུ་ཟིན་པ་དང་། བདེན་གཉིས་རོ་མཉམ་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་གྱུར་པའི་ཚུལ་གྱིས་འཇུག་པའི་སྒོམ་པ་སྐད་ཅིག་མ་གཅིག་གི་བསོད་ནམས་ཀྱང་ཚད་གཟུང་དུ་མེད་པར་རིགས་པས་གྲུབ་པ་ཡིན་ནོ། །གཉིས་པ་བྱེད་པ་ལ་རྩོད་སྤངས་ལ། དོན་དམ་པར་ཉམས་འཕེལ་མི་རུང་བས་སྒོམ་ལམ་གྱི་སྤང་ཐོབ་མི་སྲིད་པར་རྩོད་སྤང་དང་། ཀུན་རྫོབ་ཏུའང་སྐད་ཅིག་མར་དཔྱད་ནས་རྣམ་མཁྱེན་ཐོབ་པར་མི་རུང་བའི་རྩོད་སྤང་གཉིས། དང་པོ་ལ། རྩོད་པ་དང་ལན་གཉིས། དང་པོ་ནི། མདོ་ནི། བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་འགྲིབ་མེད་ན་དེས་སྦྱིན་སོགས་འཕེལ་འགྲིབ་མེད་པར་འགྱུར་རོ། །ཞེས་པས། དངོས་པོ་རྣམས་བརྗོད་དུ་མེད་པའི་སྟོང་པ་ཉིད་ཡིན་ན་དེ་ལ་མི་མཐུན་ཕྱོགས་ཉམས་པ་དང་ནི་གཉེན་པོ་འཕེལ་པ་མི་རུང་ལ། དེ་ལྟ་ན་སྒོམ་ཞེས་བྱ་བའི་ལམ་གྱིས་ནི། སྤང་བྱ་དགུ་ལྟ་བུ་ཅི་ཞིག་ཉམས་ཤིང་།


MR04_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ཡེ་ཤེས་ཆུང་ངུའི་ཆུང་ངུ་སོགས་ཅི་ཞིག་ཐོབ་སྟེ་སྤང་ཐོབ་མི་སྲིད་དོ་སྙམ་ན། གཉིས་པ་ལན་ནི། ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ནི་སྒྲིབ་པ་ཟད་ཅིང་སླར་མི་སྐྱེ་བ་ཙམ་གྱིས་རབ་ཏུ་ཕྱེ་བ་ལས་དངོས་པོ་མེད་ཀྱང་། འབྲས་བུ་དེ་ཐོབ་ནས་འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་པའི་སྒོ་ནས་ཐར་པ་དོན་གཉེར་གྱི་འདོད་པ་སྐོང་ནུས་པ། ཇི་ལྟར་དེ་བཞིན་དུ་སྒོམ་ལམ་འདི་ཡང་ནི་སྤང་བྱ་སྤངས་པ་དང་། རྟོགས་པ་ཐོབ་པའི་སྒོ་ནས་རང་གཞན་གྱི་འདོད་པའི་དོན་སྒྲུབ་པར་བྱེད་དེ། བྱང་ཆུབ་ཀྱང་དེ་བཞིན་ཉིད་སྟོང་པའི་མཚན་ཉིད་ཅན་ལ། སྒོམ་ལམ་དེ་ཡང་སྟོང་པ་དེ་བཞིན་ཉིད་དེ་ཡི་མཚན་ཉིད་ཅན་ཡིན་པར་བཞེད་པའི་ཕྱིར། དངོས་སྨྲ་བས་རྩོད་པ་ནི་དོན་མེད་དོ་ཞེས་ལན་འདེབས་པ་སྟེ། འདི་ལ་བླ་ན་མེད་པའི་བྱང་ཆུབ་ཟག་མེད་ཡེ་ཤེས་ཀྱི་ངོ་བོ་དེ། དོན་དམ་པར་འཕེལ་འགྲིབ་མེད་ཀྱང་ཐ་སྙད་དུ་གདུལ་བྱའི་དོན་བྱེད་པ་ཇི་ལྟ་བ་བཞིན་དུ་ཞེས་སྦྱར་བར་སྣང་ཡང་། བླ་མེད་བྱང་ཆུབ་དོན་དམ་པར་འཕེལ་འགྲིབ་མེད་པའི་དཔེ་དངོས་པོར་སྨྲ་བ་ལ་མ་གྲུབ་པས་མི་བདེ་བ་འདྲ་སྟེ། དེས་ན་ཀླུ་སྒྲུབ་ཀྱིས། ཟད་དང་མི་སྐྱེ་དོན་དུ་ནི། གཅིག་པས་དེ་ཕྱིར་བཟོད་པར་གྱིས། ཞེས་གསུངས་པ་ལྟར།


MR04_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་ཡིན་པ་ཕན་ཆད་རྒྱུ་འབྲས་སྤང་ཐོབ་འཇོག་མི་ཤེས་པའི་དངོས་སྨྲ་བ་ལ། ཁོ་རང་གི་མཐར་འབྲས་སོ་སོར་བརྟགས་འགོག་གི་རང་བཞིན་ཅན་གྱི་བྱང་ཆུབ་ལ་དཔེར་བྱས་ནས། སྔར་ཡོད་ཟད་པས་སྟོང་ཡང་རུང་། ངོ་བོ་ཉིད་ཀྱིས་སྟོང་ཡང་རུང་སྟེ་སྟོང་པར་དོན་དུ་གཅིག་པས་ཐེག་ཆེན་གྱི་སྤོང་པ་ལ་མི་སྐྲག་པར་བཟོད་པར་གྱིས་ཞེས་གསུངས་པ་དང་གནད་གཅིག་ཏུ་ཁོ་བོས་མཐོང་ངོ་། །འདི་ལྟར་འཁོར་བར་སྣང་བ་ཉིད་ཀྱང་དོན་ལ་གྲུབ་པའི་དབང་གིས་མ་ཡིན་ཏེ་རང་གི་ཀུན་ཏུ་རྟོག་པའི་དབང་གིས་སྣང་ལ། འཁོར་བ་སྤངས་ནས་ལྡོག་པའང་རྟོག་པ་ཙམ་དུ་ཟད་དོ། །དེས་ན་དེ་བཞིན་ཉིད་བྲི་གང་བླང་དོར་དང་བྲལ་བའི་མཉམ་པ་ཉིད་ལ་དམིགས་པའི་ཡེ་ཤེས་ཀྱིས་ཀུན་ཏུ་རྟོག་པ་དང་། དེའི་དབང་གིས་བྱུང་བའི་སྒྲིབ་པ་གཉིས་པོ་རིམ་བཞིན་སྤངས་པ་དང་། རྟོགས་པའི་ཡེ་ཤེས་རིམ་བཞིན་ཐོབ་པ་ཡོད་པ་ནི། དེ་བཞིན་ཉིད་ཀྱི་ངོས་ནས་མ་ཡིན་ཀྱང་། དེ་བཞིན་ཉིད་ལས་གོལ་བའི་རང་གི་རྟོག་པ་ཟད་ཚུལ་ལས་དེ་ལྟར་སྣང་བ་ཡིན་ནོ། །དེས་ན་ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་དུ་གཟིགས་པ་ནི་སྲིད་ཞིའི་མཐར་མི་གནས་པའི་མྱ་ངན་འདས་གྲུབ་པ་ཡིན་པར་ཤེས་པར་བྱའོ། །མདོ་ལས། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བླ་མེད་རྫོགས་པའི་བྱང་ཆུབ་བོ། །ཞེས་སོ། །གཉིས་པ་ལ་རྩོད་པ་དང་། ལན་གཉིས་


MR04_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་བདེན་གཉིས་འགལ་བར་འཛིན་པ་དག་དོན་དམ་པར་དེ་ལྟ་ན་ཀུན་རྫོབ་ཏུ་ཡང་སྒོམ་ལམ་གྱིས་དོན་བྱེད་མི་རུང་སྟེ། འདི་ལྟར་སེམས་ནི་སྐད་ཅིག་གིས་སྐྱེ་ཞིང་འགགས་པའི་ཆོས་ཅན་ཡིན་ལ། དེའི་སྐད་ཅིག་ཀུན་ཅིག་ཆར་དུ་འབྱུང་མི་ཤེས་པས་རིམ་ཅན་དུ་འབྱུང་དགོས་ལ། དེ་ལྟ་ན་ཀུན་རྫོབ་དང་། དོན་དམ་གྱི་སེམས་དེ་ནི་དང་པོ་བསྐྱེད་པའི་སྐད་ཅིག་སྔ་མས་ཀྱང་བྱང་ཆུབ་ཐོབ་པར་རིགས་པ་མིན་ཏེ་ཐོབ་མི་ནུས་ལ། སྔ་མ་སྔ་མ་སྔོན་དུ་མ་སོང་བའི་ཕྱི་མའི་སྐད་ཅིག་མས་ཀྱང་ཐོབ་པར་ནུས་པ་མ་ཡིན་ཏེ། སྔ་ཕྱིར་ཕྱེ་བའི་སྐད་ཅིག་རེ་རེ་ལ་ནུས་པ་མ་ཚང་ཞིང་ཕྱི་མའི་དུས་ན་སྔ་མ་འགགས་ནས་མེད་པས་བྱང་ཆུབ་ཐོབ་པ་མི་སྲིད་དོ་ཞེ་ན། གཉིས་པ་ལ་ནི། སྔ་ཕྱི་རེ་རེ་བ་སོགས་ཀྱིས་མི་ཐོབ་པ་ཡིན་ཀྱང་། ཇི་ལྟར་མར་མེའི་མེ་ལྕེ་སྐད་ཅིག་གིས་སྐྱེ་འགག་བྱེད་ཀྱང་སྐད་ཅིག་དུ་མ་རྒྱུན་འཐུད་པས་སྔ་ཕྱི་མ་ལྟོས་པར་སྣུམ་ཟད་ཅིང་སྡོང་བུ་རྫོགས་པར་བསྲེགས་པའི་བྱ་བ་བྱེད་ལ། མེ་ལྕེའི་སྐད་ཅིག་སྔ་ཕྱི་ལྷན་ཅིག་ཏུ་ཚོགས་པ་མི་སྲིད་ཀྱང་ཕན་ཚུན་ལྟོས་པའི་རྟེན་འབྲེལ་གྱི་ཚུལ་ཟབ་མོའི་དཔེ་ཡི་ཚུལ་གྱིས་ནི། སྔ་ཕྱིའི་སེམས་ལྷན་ཅིག་ཏུ་ཚོགས་པ་མེད་ཀྱང་། སེམས་བསྐྱེད་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་ནུས་པ་འཕེལ་ཏེ། རྟོགས་བྱ་དེ་བཞིན་ཉིད་ལ་གསལ་བ་རབ་ཀྱི་མཐར་ཐུག་པའི་ཡེ་ཤེས་འབྱུང་ཞིང་སྤང་བྱ་འགགས་པ་འཐད་པའོ། །མདོ་


MR04_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སེམས་དང་པོ་སྐྱེས་པ་ནི་སླད་མ་དང་མི་འགྲོགས། ཞེས་སོགས་དང་མར་མེའི་དཔེ་དངོས་སུ་གསུངས། གཉིས་པ་རྟགས་ལ། དཔེ་དང་སྤྲེལ་ཏེ། མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པ་གཉིས། དང་པོ་ནི། མར་མེའི་དཔེ་དེ་ཡི་ཚུལ་གྱིས་འཆད་འགྱུར་གྱི་ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཀྱང་ཁོངས་སུ་ཆུད་པར་བྱ་བ་ཡིན་ནོ། །གཉིས་པ་ནི། དེ་ལ་ཟབ་མོ་བརྒྱད་ནི། དཔེར་ན་སེམས་བསྐྱེད་པ་སྔ་ཕྱི་རེ་རེས་བྱང་ཆུབ་བསྐྱེད་པར་མི་འཐད་པ་སོགས་དོན་དམ་པར་མི་སྐྱེ་བ་དང་། ཐ་སྙད་དུ་རྟེན་འབྲེལ་མི་བསླུ་བའི་དབང་གིས་སྐྱེ་བ་གཉིས་མི་འགལ་བ་གོ་ཡུལ་ཙམ་མིན་པར་གཞི་གཅིག་གི་སྟེང་ན་ཕན་ཚུན་སྤོངས་མི་དགོས་པར་མཉམ་པར་རྟོགས་པའི་ཟུང་འཇུག་གི་རྟོགས་པ་ཁྱད་པར་ཅན་ནི་སྐྱེ་བ་ལ་ ༡ ཟབ་པ་དང་ནི། དེ་བཞིན་དུ་དངོས་པོ་རྣམས་བྱུང་ཙམ་ནས་རང་གྲུབ་པའི་དུས་སྐད་ཅིག་གཉིས་པར་མི་སྡོད་པར་འགགས་པ་དང་། དོན་དམ་པར་རང་བཞིན་མེད་པའི་མི་འགག་པ་གཉིས་འགལ་མེད་རོ་གཅིག་རྟོགས་པས་བདེན་གཉིས་དབྱེར་མེད་ཁོང་དུ་ཆུད་པ་ནི་འགགས་པ་ལ་ཟབ་པ་དང་། ༢ གཉིས་འདི་ནི་གཞི་རྟོགས་ཚུལ་གྱི་དབང་དུ་བྱས་སོ། །སློབ་ལམ་དུ་ཤེས་རབ་ཀྱིས་དེ་བཞིན་ཉིད་གོམས་ཀྱང་སྙིང་རྗེས་དུས་མ་ཡིན་པར་མངོན་དུ་མི་བྱེད་པ་དེ་བཞིན་ཉིད་ལ་ ༣ ཟབ་པ་དང་སྟེ་འདི་ནི་དེ་བཞིན་ཉིད་ཀྱི་དབྱིངས་སུ་སེམས་སེམས་བྱུང་མཐའ་དག་འགོག་པའི་འགོག་པ་ཡང་དག་པའི་


MR04_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ལ་ཤིན་ཏུ་གོམས་པས་ན་རོ་མཉམ་པར་གྱུར་ནས་ལྡང་དཀའ་བའི་ཚུལ་དུ་མཉམ་པར་འཇོག་ནུས་པ་ས་བརྒྱད་པ་ནས་ཐོབ་ནའང་། ད་དུང་ཤེས་བྱའི་སྒྲིབ་པ་ཕྲ་མོ་དང་བཅས་པའི་ཕྱིར་དེ་བཞིན་ཉིད་ལ་གཟིགས་པ་ཤིན་ཏུ་རྣམ་པར་དག་པ་སངས་རྒྱས་ལྟ་བུ་མ་ཡིན་ཞིང་། དེ་བཞིན་ཉིད་ལ་མཉམ་པར་བཞག་བཞིན་དུ་ཤེས་བྱ་མཐའ་དག་གཟིགས་པའི་ཡེ་ཤེས་མ་ཐོབ་པས། དེ་དག་གིས་ཇི་ལྟ་བ་གཟིགས་པ་ལའང་ད་དུང་སྐྱེད་འདོན་དུ་ཡོད་པའི་ཕྱིར། དེ་བཞིན་གཤེགས་པས་འགོག་པ་ལས་སློང་བའི་ཚུལ་གྱིས་རྫོགས་སྨིན་སྦྱངས་པ་མཐར་ཕྱིན་པའི་སྟོབས་ལས་སྐྱེས་པའི་ཏིང་འཛིན་ཁྱད་པར་ཅན་བསྐྱེད་ནས། ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོའང་སྦྱངས་ཏེ་སངས་རྒྱས་སུ་འགྱུར་བར་མཛད་ཀྱི། རང་གི་མཉམ་བཞག་དེ་ཁོ་ནའི་ངང་དུ་གནས་པ་ཁོ་ནར་མི་མཛད་པའི་ཆ་ནས་དེ་ལྟར་གསུངས་པའོ། །ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བས་སྦྱིན་སོགས་སྒྲུབ་ཏུ་མེད་ཀྱང་། ཀུན་རྫོབ་ཏུ་སྦྱིན་སོགས་ཕར་ཕྱིན་སྒྲུབ་པའི་ཚུལ་མ་ནོར་བར་ཤེས་པར་བྱ་བ་དང་། དེ་གཉིས་འགལ་མེད་ཟུང་གཅིག་ཏུ་ཆུད་པའི་རྟོགས་པ་ཤེས་བྱ་ལ་ཟབ་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པས། དོན་དམ་པར་དངོས་དང་དངོས་མེད་སོགས་དམིགས་པས་མཐོང་བར་བྱ་བ་རྡུལ་ཙམ་ཡང་མེད་པ་དེ་ནི། དེ་ཁོ་ན་ཉིད་མཐོང་བའོ་ཞེས་མ་མཐོང་པ་ཉིད་མཐོང་བའི་དམ་པ་


MR04_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ལས་མཐོང་བ་གང་ཡང་མེད་པ་དང་། དེ་ཉིད་མཐོང་བ་འགལ་བ་ལྟ་བུའི་རྟོག་པ་དང་བྲལ་ཏེ། དམིགས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱི་མཐོང་བ་རང་གསལ་བ་ཤེས་པ་ལ་ཟབ་པ་དང་། ༥ དེ་བཞིན་དུ་དོན་དམ་པར་ཆོས་གང་ལའང་སྤྱོད་པ་མེད་པའི་ཕྱིར་མི་སྤྱོད་པའི་དམ་པར་གསུངས་པ་ཐུགས་སུ་ཆུད་པའི་རྟོགས་པ་ཁྱད་པར་ཅན་སྤྱོད་པ་ལ་ཟབ་པ་དང་ ༦ ལམ་ཐམས་ཅད་སྒྲུབ་པ་མི་འདོར་བས་འབྲས་བུ་མངོན་དུ་བྱེད་ཀྱང་། གནས་ལུགས་ལ་བསྒྲུབ་བྱ་སྒྲུབ་བྱེད་གཉིས་སུ་མེད་པར་ཡེ་ནས་མཉམ་པའི་ཆོས་ཉིད་ལ་གནས་པར་ཐུགས་སུ་ཆུད་པ་གཉིས་མེད་ལ་ཟབ་པ་དང་ ༧ ལྔ་ནི། སྤྱོད་པ་ཉམས་སུ་ལེན་ཚུལ་ལ་ཟབ་པ་ཡིན་ཏེ། དེ་ལའང་གཞི་ཡི་དབང་དུ་བྱས་ཏེ་དེ་བཞིན་ཉིད་ཐམས་ཅད་ལ་ཁྱད་མེད་པར་ཡོད་ཀྱང་རྫོགས་སྨིན་སྦྱངས་པ་མཐར་ཕྱིན་ནས་སྒྲིབ་གཉིས་མ་བྲལ་བའི་དུས་མིན་དུ་མངོན་དུ་མི་བྱེད་པར་ཤེས་པ་དང་། ལམ་ལ་ཡུལ་ཤེས་བྱ་དང་ཡུལ་ཅན་ཤེས་པ་དང་། ཉམས་ལེན་སྤྱོད་པ་གསུམ་དང་། འབྲས་བུ་གཉིས་མེད་དེ་སྒྲུབ་བྱེད་བསྒྲུབ་བྱ་གཉིས་སུ་མེད་པར་གཟིགས་པའི་ཆ་ནས་སོ། །ཀུན་རྫོབ་ཏུ་ཚོགས་གཉིས་ཡོངས་སུ་རྫོགས་པར་བྱེད་ལ་དེའི་འབྲས་བུ་སངས་རྒྱས་ཐོབ་པར་མི་རློམ་པ་ནི་ཐབས་མཁས་པ་ལ་ཟབ་པ་ཉིད་དེ། ཡང་དག་པར་ན་འཐོབ་བྱ་ཉིད་མ་དམིགས་པ་དང་། རང་བྱུང་གི་རྣམ་པའམ་རང་བྱུང་ཡེ་ཤེས་ཀྱི་སྐུ་འདུས་མ་བྱས་པ་


MR04_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་སྒྲུབ་པ་མི་ནུས་པར་གཟིགས་པས་སོ། །ཟབ་མོ་བརྒྱད་པོ་དེ་ནི་སྟོང་པ་དང་རྟེན་འབྱུང་འགལ་བར་འཛིན་པའི་བློ་ངོར་ཕན་ཚུན་གཅིག་གིས་གཅིག་བསལ་བའི་ཚུལ་གྱིས་ཟུང་འཇུག་རོ་མཉམ་དུ་རྟོགས་དཀའ་ཞིང་། དེ་ལྟར་མི་འགལ་བར་མཉམ་པའི་ཚུལ་དུ་རྟོགས་པའི་ཟབ་མོ་བརྒྱད་དང་ལྡན་པའི་ཡེ་ཤེས་ས་བརྒྱད་པ་ནས་ཐོབ་ལ། དེ་དང་རྗེས་སུ་མཐུན་པའི་ལུས་ངག་གི་ཐ་སྙད་ནི་གཞན་ངོར་ཕྱིར་མི་ལྡོག་པའི་རྟགས་ཡིན་པར་གཞུང་རྣམས་ལས་གསུངས་ཤིང་། རྟགས་འདི་རྣམས་གཞན་ངོར་ཁོ་ནར་མ་ཟད་རང་ཉིད་ཀྱི་ཡིད་ཆེས་པའང་ཡོད་པར་མངོན་ནོ། །བརྒྱད་པོ་དེ་དག་ཀྱང་སྣང་སྟོང་རོ་མཉམ་ཆེན་པོར་རྟོགས་པ་ལ་གནད་གཅིག་གོ །མདོ་ནི། རྟེན་ཅིང་འབྲེལ་འབྱུང་ཟབ་པ་དེ་ནི་ངོ་མཚར་རོ། །ཞེས་སོགས་སོ། །གསུམ་པ་སྦྱོར་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་གང་ཟག་དེའི་སྒོམ་རིམ་ལ། བརྟེན་པ་སངས་རྒྱས་ཆོས་སྐུའི་ཐོབ་བྱེད་ཟབ་མོའི་ཡུལ་ཅན་དང་། ལོངས་སྐུའི་རྒྱུ་རྟེན་ཞིང་དག་པ་རྒྱ་ཆེ་བའི་ཡུལ་ཅན་དང་། ཞིང་དེར་ཕྲིན་ལས་འཇུག་པ་སྤྲུལ་སྐུའི་རྒྱུ་ཟུང་འཇུག་ཐབས་ལ་མཁས་པའི་སྦྱོར་བ་གསུམ། དང་པོ་སྲིད་ཞི་མཉམ་པ་ཉིད་ལ་དངོས་དང་། དེ་ལ་རྩོད་སྤང་གཉིས། དང་པོ། །ས་བརྒྱད་པར་འཁོར་འདས་ཀྱི་ཆོས་རྣམས་སྣང་ཡང་རང་བཞིན་མེད་པ་རྨི་ལམ་དང་འདྲ་བའི་ཕྱིར།


MR04_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་སོ་སོར་རང་གིས་རིག་པར་བྱ་བ་སྣང་སྟོང་མཉམ་པ་ཉིད་བརྗོད་དུ་མེད་པའི་དབྱིངས་སུ་ཚུལ་གཅིག་པ་ལས་ཐ་དད་ཅུང་ཟད་ཀྱང་མེད་པས་ན། སྲིད་དང་ཞི་བར་བླང་དོར་ཐ་དད་པ་ཉིད་དུ་རྣམ་པར་མི་རྟོག་པ་ནི་སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བའོ། །དོན་དམ་པར་ཆོས་ཉིད་མཉམ་པ་ཉིད་ལ་སྐྱེ་འགག་དང་བྲི་གང་ཀུན་བྱང་མེད་པ་ཡིན་ཀྱང་དེ་ལྟར་མ་རྟོགས་པའི་འཆིང་བ་ཀུན་ལྡན་གྱི་གང་ཟག་ལ་རང་གི་རྟོག་པའི་དབང་གིས་སྐྱེ་འགག་དང་ཀུན་བྱང་འཆིང་གྲོལ་ཡོད་པས། ལས་དགེ་སྡིག་བསགས་པ་དང་དེའི་རང་འབྲས་འབྱིན་པ་ཡོད་དོ། །གཉིས་པ་ནི། གཞན་ཡང་ཆོས་རྣམས་རྨི་ལམ་ངང་འདྲ་ན། ཉིན་པར་གྱི་དགེ་སྡིག་གི་ལས་བསགས་པའང་། རྨི་ལམ་གྱི་ལས་ལྟར་ཕན་གནོད་མེད་པའམ་ལས་ལམ་མ་རྫོགས་པར་འགྱུར་ལ་ལ་སོགས་པའི་སྒྲས་ཡང་ན་རྨི་ལམ་དུ་སྲོག་བཅད་པ་སོགས་རྨིས་ནའང་ཉིན་པར་ལྟར་ལས་ལམ་རྫོགས་པར་འགྱུར་རོ་ཞེས་པའི་ཀླན་ཀ་ཡི། ལན་ནི་མདོ་ལས་ཇི་སྐད་བཤད་པར་དེ་དག་ཏུ་ཟད་དེ། དེ་ནི་ཆོས་རང་གི་ངོ་བོ་ལ་གྲུབ་མ་གྲུབ་ཀྱི་བདེན་རྫུན་ཡོད་པས་མ་ཡིན་ལ། མི་ཤེས་པ་འཆིང་བ་ཀུན་ལྡན་གྱི་གང་ཟག་གི་རང་གི་རྟོག་པ་མངོན་ཞེན་ཆེ་ཆུང་གི་དབང་ལས་རང་འབྲས་དེ་ལྟར་འབྱིན་མི་འབྱིན་ཡོད་དེ། རྨི་ལམ་གྱི་སྣང་བ་ནི་སད་པའི་ཚེ་རྫུན་པར་ཤེས་ནུས་པས། དེར་གཏེར་རྙེད་པར་


MR04_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

རྨིས་པ་ལྟ་བུ་ལའང་། གཏེར་དངོས་སུ་རྙེད་པར་འཛིན་མཁན་སུ་ཡང་མེད་པ་བཞིན་ནོ། །གལ་ཏེ་རྨི་ལམ་གྱི་སྣང་བ་ལའང་ཉིན་སྣང་དང་ཁྱད་མེད་པར་མངོན་ཞེན་གྱི་གསོས་འདེབ་མཁན་ཞིག་བརྒྱ་ལ་ཡོད་ན་དེས་ལས་ལམ་གྱི་དངོས་གཞི་རྫོགས་པར་ཡང་ཅིས་མི་འགྱུར་ཏེ། མི་འགྱུར་ན་ཉིན་སྣང་ལའང་མི་འགྱུར་རོ། །ཡང་སད་རྨི་གཉིས་ཀར་ལས་དང་སེམས་པ་དབེན་པར་མདོ་ལས་གསུངས་པའི་ཕྱིར་མངོན་ཞེན་གྱི་ཁྱད་པར་སྒྲུབ་མི་ནུས་སྙམ་ན། དེ་དང་མི་འགལ་ཏེ་ཚུལ་དེ་དག་དོན་དམ་པའི་དབང་དུ་བྱས་པའི་ཕྱིར་རོ། །ཡང་ཤཱ་རིའི་བུས་རབ་འབྱོར་ལ་རྨི་ལམ་དུ་རྣམ་ཐར་གསུམ་བསྒོམས་ན་ཤེར་ཕྱིན་འཕེལ་ལམ་ཞེས་དྲིས་པས། ཉིན་པར་བསྒོམས་པས་འཕེལ་ན་མཚན་མོ་ཅིས་མི་འཕེལ་ཞེས་གསུངས་པས། བློ་ཡུལ་ལ་མ་འཁྲུལ་བར་ཞུགས་ན་ཉིན་མཚན་གྱི་ཁྱད་པར་ཅི་ལ་ཡོད་ཅེས་པའི་དོན་ནོ། །དེ་ལྟ་ན་རྨི་ལམ་དུ་སྦྱིན་སོགས་ཚོགས་བསགས་ན་དེས་ཚོགས་རྫོགས་པར་འགྱུར་རམ་ཞེས་དྲིས་པ་ན་རབ་འབྱོར་གྱིས་དོན་གྱི་ལན་སྔར་བཏབ་ཟིན་པའི་ཕྱིར་དང་། དགོས་པའི་དབང་གིས་བྱམས་པ་ལ་ཞལ་འཕངས་ཏེ། བྱང་ཆུབ་སེམས་དཔའ་བྱམས་པ་འདི་སྐྱེ་བ་གཅིག་གིས་ཐོགས་པ་ཡིན་པས་འདི་ལ་དྲིས་ཤིག་ཅེས་གསུངས་པ་ན་དེ་ལྟར་དྲིས་པ་དང་། བྱམས་པས་ཅི་བྱམས་པ་ཞེས་པའི་མིང་


MR04_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ལན་ལྡོན་ནམ་ཞེས་སོགས་གསུངས་ནས་དོན་ལ་སྲིད་ཞི་མ་གྲུབ་པས་ཧ་ཅང་ཐལ་བ་མེད་པར་བསྟན་ལ། དྲི་བ་དེའི་ལན་དངོས་སུ་རྫོགས་པར་མ་མཛད་པ་ནི། གདུལ་བྱའི་རྒྱུད་ཀྱི་ལོག་རྟོག་མཐའ་མེད་པ་མ་འོངས་པའི་སངས་རྒྱས་ཀྱིས་བསལ་བར་བསྟན་ཏོ། །དེ་ལ་སྔར་ལན་བཏབ་པ་དོན་གྱིས་འདིའི་ལན་དུ་འགྱུར་ཚུལ་ནི། རྨི་ལམ་དུ་སྦྱིན་པ་བྱིན་པས་ཉིན་པར་གྱི་སྦྱིན་པ་དང་འདྲ་བར་ཚོགས་རྫོགས་དགོས་ན་རྨི་ལམ་གྱི་སྦྱིན་ཡུལ་ལ་སོགས་པ་དེ་དག་སད་པའི་དུས་ལྟར་རྗེས་ཀྱི་མངོན་ཞེན་གྱི་ཡུལ་དུའང་འགྲུབ་དགོས་ན་དེ་མི་འགྲུབ་པས་སོ། །འོ་ན་བྱང་ཆུབ་སེམས་དཔའ་ཉིན་སྣང་ཐམས་ཅད་ཀྱང་། རྨི་ལམ་དང་འདྲ་བར་མངོན་ཞེན་མེད་པར་རྟོགས་པས་ལས་གང་ཡང་མི་གསོག་གམ་ཞེ་ན། དེས་ཟག་བཅས་ཀྱི་ལས་གང་ཡང་མི་གསོག་སྟེ་མངོན་ཞེན་མེད་པས་ཟག་བཅས་ལ་འདུན་པ་སོགས་མེད་པའི་ཕྱིར་རོ། །ཟག་མེད་ཀྱི་ལས་ཀྱང་མི་གསོག་པར་ཐལ་ཞེ་ན། བྱང་ཆུབ་སེམས་དཔའ་ལ་མངོན་ཞེན་མེད་ཀྱང་མངོན་ཞེན་ཅན་གྱི་སེམས་ཅན་གཞན་ལ་ཕན་གདགས་པ་མེད་པར་མི་འགྱུར་བས་རྒྱུ་འབྲས་བསླུ་མེད་ཀྱི་དབང་གིས་བྱང་སེམས་དེའི་ཚོགས་རྫོགས་པ་མེད་པར་མི་འགྱུར་རོ། །གཉིས་པ་ཞིང་དག་སྦྱོར་ནི། སེམས་ཅན་གྱི་རིས་ངན་སོང་གསུམ་ལ་སོགས་པ་ནང་བཅུད་ཀྱི་འཇིག་རྟེན་མ་དག་པ་དེ་བཞིན་དུ་ཕྱི་སྣོད་ཀྱི་འཇིག་རྟེན། རྡོ་དང་། ཚེར་མ། གཡང་ས་སོགས་མ་དག་པ་དེ་དག་མཐོང་བ་ལ་བརྟེན་ནས། སངས་


MR04_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཞིང་བདེ་བ་ཅན་དང་འཇམ་དཔལ་གྱི་ཞིང་གི་བཀོད་པ་སོགས་བཞིན་སྣོད་བཅུད་དག་པར་བསྒྲུབ་པ་ལ་སྨོན་ལམ་དང་། དེ་འགྲུབ་པའི་ཚོགས་བསགས་པ་ཡིས། རང་ཉིད་གང་དུ་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་ནི་དག་པ་ཉིད་ཀྱི་སྦྱོར་བ་ཡིན་ནོ། །སྲིད་ཞི་མཉམ་ཉིད་དང་ཞིང་དག་སྦྱོར་གཉིས་འཕགས་པ་རྣམ་གྲོལ་སྡེས་མི་སློབ་པར་གསུངས་པས། སེང་བཟང་གིས་ཁྱད་པར་ལམ་ལ་བཞག་པ་མི་འཐད་ཅེས་ཨ་བྷ་ཡས་གསུངས་ཀྱང་འཕགས་པའི་དེ་ནི་དེ་ཕན་ཆད་བསླབ་པར་བྱ་བ་མེད་པའམ། འབྲས་བུའི་སར་དགོངས་ཀྱི་སློབ་དཔོན་སེང་བཟང་དོན་ལ་གནས་སོ། །གསུམ་པ་ཐབས་ལ་མཁས་པའི་སྦྱོར་བ་ལ་ངོ་བོ་དང་། དབྱེ་བ་གཉིས། དང་པོ། བྱང་ཆུབ་སེམས་དཔའ་དེས་རྣམ་ཐར་དང་བྱང་ཕྱོགས་སོགས་ཀྱི་ཆོས་རྫོགས་པར་བྱེད་པ་དང་། སེམས་ཅན་ལ་ཕན་པ་དུ་མ་བསྒྲུབ་པར་བྱེད་པའི་འཇུག་ཡུལ་དེ་དང་དེ་དག་ལ། དུས་དང་དུས་མིན་ཤེས་པ་དང་སྒྲུབ་ཚུལ་མི་འདྲ་བ་དུ་མའི་སྒོ་ནས་སྦྱོར་བ་ཅན་ཐབས་མཁས་འདི་ཡི་ནི་ངོ་བོའོ། །མདོར་ན་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པས་རང་གི་སངས་རྒྱས་ཀྱི་ཆོས་རྫོགས་པ་དང་། སེམས་ཅན་གཞན་སྨིན་པར་བྱེད་ཚུལ་གཅིག་གོ་གཅིག་གིས་མ་བཀག་པར་གྲོགས་སུ་འགྲོ་


MR04_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཐབས་ལ་མཁས་པའོ། །གཉིས་པ་ནི། དེ་ལ་དབྱེ་ན་ཚད་མེད་ཀྱང་དོན་གྱི་གཙོ་བོ་རྣམ་པ་བཅུ་ལས། སྡུག་བསྔལ་གྱི་རྟེན་ཉེར་ལེན་གྱི་ཕུང་པོ་ལྔ་ཕུང་པོའི་བདུད་དང་། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཉོན་མོངས་པའི་བདུད་དང་། གནས་དེ་ནས་འཕོ་བ་འཆི་བདག་གི་བདུད་དང་། དེ་གསུམ་ལས་འདའ་བའི་དགེ་བ་ལ་བར་དུ་གཅོད་པ་ལྷའི་བུ་ཡི་བདུད་དེ་དགྲ་བདུད་བཞི་དང་ཉན་རང་གིས་གཉིས་པོ་རྣམས་ལས་ནི་ཡང་དག་པར་འདས་པ་དང་། ༡ བདེན་གཉིས་ཟུང་དུ་ཆུད་པས་མཐའ་གཉིས་ལ་མི་གནས་པར་སེམས་ཅན་གྱི་དོན་མཛད་པ་དང་། ༢ གདུལ་བྱའི་དོན་དུ་སྔོན་གྱི་སྨོན་ལམ་བཏབ་པ་ཇི་ལྟ་བ་བཞིན་དུ་དེ་ཡི་ཤུགས་འབྱིན་པ་དང་ནི། ༣ ཡང་དག་མཐའ་ཤེས་ཀྱང་མངོན་དུ་མི་བྱེད་པས་ཉན་རང་དང་ཐུན་མོང་མ་ཡིན་པའི་མཚན་ཉིད་དང་། ༤ བསམ་གཏན་སོགས་ལམ་དང་འབྲས་བུའི་ཆོས་ལ་རོ་མྱོང་བ་མེད་པས་མ་ཆགས་པ་དང་། ༥ རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་རྣམ་པས་བདག་དང་ཆོས་སུ་མི་དམིགས་པ་དང་། ༦ རྣམ་པར་ཐར་པའི་སྒོ་མཚན་མེད་ཀྱི་རྣམ་པས་སྲིད་ཞིར་མཚན་མ་ལ་མི་འཛིན་པའི་སྦྱོར་བ་དང་། ༧ དེ་ལྟ་ན་ཅིའང་མ་མཐོང་བ་ཙམ་གྱིས་དངོས་མེད་ཀྱི་མྱང་འདས་མངོན་དུ་བྱས་པར་འགྱུར་རོ་སྙམ་ན་


MR04_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། མཚན་མར་མི་འཛིན་བཞིན་དུ་ཆོས་ཀུན་མཐོང་བ་ཡིན་གྱི་དངོས་མེད་ཙམ་བློས་མངོན་དུ་བྱས་པ་ནི་དངོས་མེད་ཀྱི་མཚན་མར་འཛིན་པ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པས་དངོས་མེད་ཙམ་གྱིས་དབྱེ་བའི་མྱང་འདས་དང་། འདུས་བྱས་འཁོར་བ་གཉིས་ཀར་མི་གནས་པས་འབྲས་བུའི་རེ་འདོད་སྨོན་ལམ་རྣམ་པར་ཟད་པའི་སྦྱོར་བ་དང་། རང་གི་ཉམས་འོག་ཏུ་ཆུད་པའི་ཟབ་མོ་སྟོང་པ་ཉིད་ཀྱི་ཆོས་ཐུན་མོང་མིན་པ་ཟབ་ཅིང་རྒྱ་ཆེ་བ་འཆད་མཁས་པ་སོགས་ཕྱིར་མི་ལྡོག་པ་དེ་ཡི་རྟགས་ཡིན་པས་ཕྱིར་མི་ལྡོག་པའི་རྟགས་འཆད་པ་ལ་མཁས་པའི་སྦྱོར་བ་དང་། ཐབས་མཁས་ཀྱི་ཡུལ་དུ་གྱུར་པའི་ཤེས་བྱ་ཀུན་ལ་འཇུག་པས་ཚད་མེད་པ་ཤེས་པའི་སྦྱོར་བ་དང་བཅས། ཐབས་ལ་མཁས་པ་རྣམ་པ་བཅུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། རྣམ་ཀུན་མངོན་པར་རྫོགས་པར་རྟོགས་པའི་སྐབས་ཏེ་བཞི་པའི་བཤད་པའོ། །གཉིས་པ་དབང་དུ་བྱ་བའི་འབྲས་བུ་རྩེ་སྦྱོར་རྒྱས་བཤད་ལ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། བར་ཆད་མེད་པའི་རྩེ་མོ་བཞི། དང་པོ་ལ་དྲོད། རྩེ། བཟོད། ཆོས་མཆོག་


MR04_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། དང་པོ་རྟགས་ཀྱི་མཚོན་པ་དྲོད་ཀྱི་རྩེ་མོ་ནི། རྨི་ལམ་གྱི་གནས་སྐབས་དང་སད་པའི་གནས་སྐབས་ཀྱི་རྟགས་དྲུག་རེ་སྟེ། དང་པོ་ཉིན་པར་གྱི་དུས་སུ་སྟོང་ཉིད་ལ་དམིགས་པའི་ཞི་ལྷག་གོམས་པས་རྨི་ལམ་ན་ཡང་ཆོས་རྣམས་ཀུན། རྨི་ལམ་ལྟ་བུར་ལྟ་བ་དང་མི་འབྲལ་བ་དང་། ལ་སོགས་པའི་སྒྲས། དེ་བཞིན་དུ་གོམས་སྟོབས་ཀྱིས་རྨི་ལམ་ན་ཡང་ཉན་རང་ལ་དགའ་བའི་སེམས་མི་སྐྱེ་བ་དང་། རྨི་ལམ་དུ་དེ་བཞིན་གཤེགས་པ་འཁོར་དུ་མས་བསྐོར་ནས་ཆོས་སྟོན་པར་མཐོང་བ་དང་། རྨི་ལམ་དུ་སངས་རྒྱས་ཀྱི་རྫུ་འཕྲུལ་རྣམ་པར་རོལ་པའི་སྤྲུལ་པ་མཐོང་བ་དང་། རྨི་ལམ་དུ་སྡུག་བསྔལ་གྱིས་ནོན་པའི་སེམས་ཅན་ལ་རྨི་ལམ་ལྟ་བུའི་ཆོས་སྟོན་པའི་སེམས་སྐྱེ་བ་དང་། སད་པ་དང་རྨི་ལམ་གྱི་གནས་སྐབས་དམྱལ་བ་སོགས་མཐོང་བ་སྔོན་དུ་འགྲོ་བས་རང་གིས་སངས་རྒྱས་ཀྱི་ཞིང་དུ་ངན་སོང་སྤོང་བར་རྗེས་སུ་དྲན་པ་དང་། གཉིས་པ་རྨི་ལམ་སད་པ་ན་བདག་བྱང་ཆུབ་ཏུ་ལུང་བསྟན་ན་མེས་ཚིག་པ་འདི་ཞི་བར་གྱུར་ཅིག་ཅེས་བརྗོད་པས་སེམས་མེད་ཀྱི་གནོད་པ་གྲོང་སོགས་མེས་ཚིག་པ་ཞི་སྟེ་བདེན་ཚིག་གི་བྱིན་བས་གྲུབ་པ་དང་། དེ་བཞིན་


MR04_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སེམས་ཡོད་མི་མ་ཡིན་པས་བཟུང་བ་འབྱུང་པོའི་གནོད་པ་ཞི་བའི་བདེན་ཚིག་གྲུབ་པ་དང་། དེས་མཚོན་ནས་བདེན་ཚིག་གྲུབ་ཚུལ་གཞན་ཡང་ཤེས་པར་བྱ་བ་ཡིན་ནོ། །བདུད་ཀྱི་ལས་ཤེས་ནས་བདུད་དང་སྡིག་གྲོགས་ཟིལ་གྱིས་མནན་ནས་དགེ་བའི་བཤེས་གཉེན་བསྟེན་པ་དང་། གདུལ་བྱའི་རེ་བ་རྫོགས་པར་འདོད་པས་མཉམ་རྗེས་ཀྱི་རྣམ་པ་ཀུན་ཏུ་ཤེར་ཕྱིན་ལ་བརྟེན་པ་དང་། གཟུགས་སོགས་ཀྱི་རང་བཞིན་ཡོངས་སུ་ཤེས་པས་ཀུན་བྱང་གི་ཆོས་ཐམས་ཅད་ལ་མངོན་ཞེན་མེད་པ་དང་། བསལ་བཞག་མེད་པའི་ཆོས་ཉིད་ཡུམ་ལ་ཚུལ་བཞིན་སྤྱོད་པས་བྱང་ཆུབ་ལ་ཉེ་བར་གྱུར་པ་སྟེ། ངོ་བོའི་སྒོ་ནས་འབྲས་རྟགས་བརྒྱད། རང་བཞིན་གྱི་རྟགས་བཞི། ཐབས་ཤེས་ཀྱི་དབང་དུ་བྱས་པ་རྟགས་ཀྱི་གཙོ་བོ་གཉིས། སྐྱབས་དང་དེའི་མཐུ་ལ་གོམས་པ་བརྟན་པའི་རྟགས་གཉིས། རྨི་ལམ་ཤེས་པའི་རྟགས་གཅིག་ཞིང་དག་པའི་རྟགས་གཅིག་སེམས་ཅན་ཡིན་མིན་གྱི་གནོད་པ་ཞི་བར་བྱེད་པའི་རྟགས་གཉིས། ལམ་ལ་སློབ་པའི་རྒྱུ། བསླབ་པའི་ཡུལ། སློབ་ཚུལ། ཕན་ཡོན་གྱི་དབང་དུ་བྱས་པའི་རྟགས་


MR04_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་སྟེ། རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས་ཀྱིས་མཚོན་པ་དྲོད་རྣམ་པ་བཅུ་གཉིས་དག་ཏུ་མདོ་ལས་བཞེད་དོ། །མདོ་ནི། ཤཱ་རིའི་བུས་རབ་འབྱོར་ལ། རྨི་ལམ་དུ་རྣམ་ཐར་གསུམ་བསྒོམ་ན་ཤེར་ཕྱིན་འཕེལ་ལམ་ཞེས་དྲིས་པས་ཉིན་མོ་སྒོམ་པས་འཕེལ་ན་མཚན་མོས་ཀྱང་འཕེལ་ཞེས་སོགས་ཀྱིས་བསྟན། གཉིས་པ་རྣམ་འཕེལ་གྱིས་མཚོན་པའི་རྩེ་མོ་ནི། སྦྱོར་ལམ་རྩེ་མོའི་མངོན་རྟོགས་ལ་གནས་པའི་བྱང་ཆེན་ཤེར་ཕྱིན་ལ་བསླབ་པའི་ཕན་ཡོན་ནི། འཛམ་བུའི་གླིང་གི་སྐྱེ་བོ་ཇི་སྙེད་ཀྱིས། སངས་རྒྱས་མཆོད་པའི་དགེ་བ་ལ་སོགས་པ་རྣམ་པ་མང་དུ་ནི་དཔེར་མཛད་ནས། དེ་ནས་རྣམ་པར་འཕེལ་བ་སོགས་ཕན་ཡོན་གྱི་སྒོ་ནས་བསྟན་པ་བཅུ་དྲུག་གི་བདག་ཉིད་དོ། །དེ་ཡང་། མདོ་ལས། གལ་ཏེ་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མི་ལུས་ཐོབ་པར་གྱུར་ཏེ་སངས་རྒྱས་པར་གྱུར་ལ། དེ་ན་ནམ་འཚོའི་བར་དུ་བཞུགས་པ་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རིམ་གྲོར་བྱས། བཀུར་སྟིར་བྱས་པ་སོགས་ཀྱི་བསོད་ནམས་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེར་ཕྱིན་འདི་གཞན་ལ་སྟོན་པ་ནས་ཡིད་ལ་བྱེད་པས་རྣམ་པར་སྤྱོད་ན་དེའི་བསོད་ནམས་


MR04_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་འཕེལ་ལོ། །ཞེས་སོགས་ཀྱིས་བསྟན་པ་ལྟར་འཛམ་གླིང་ལ་སོགས་པ་སྟོང་གསུམ་གྱི་སེམས་ཅན་ཇི་སྙེད་པའི་གྲངས་དང་མཉམ་པའི་སངས་རྒྱས་མཆོད་ཅིང་དགེ་བ་བསྔོས་པ་ལས། རྩེ་མོ་པ་རང་ཉིད་ཡུམ་ལ་གནས་ཤིང་གཞན་ལ་སྟོན་པ་བསོད་ནམས་ཆེ་བ་དང་། ༡ བསོད་ནམས་དེ་ལས་ཁྱད་པར་འཕགས་པ་ཤེར་ཕྱིན་ནན་ཏན་དུ་ཡིད་ལ་བྱེད་པས་སྦྱིན་གནས་དམ་པར་གྱུར་པ་དང་། ༢ དེ་ལས་བསོད་ནམས་རྣམ་པར་འཕེལ་བ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་འགྲོ་བ་ཡོངས་སུ་གྲོལ་བ་དང་། ༣ དེ་ལས་ཁྱད་པར་དུ་རྩེ་སྦྱོར་གྱི་སྟོབས་ཀྱིས་བྱང་ཆུབ་བྱ་འབྲས་བུ་དང་། ཆུབ་བྱེད་རྒྱུའི་ཆོས་རྣམས་མི་དམིགས་བཞིན་དུ་ཆེར་བརྩོན་པས་འཛིན་པ་དང་། ༤ འཛམ་གླིང་གི་སེམས་ཅན་དགེ་བཅུ་བསམ་གཟུགས་སྙོམས་འཇུག་ཐོབ་པའི་བསོད་ནམས་ལས་རྩེ་སྦྱོར་འཕགས་པ་དང་། ༥ རྩེ་མོའི་སྦྱོར་བ་ལ་གནས་པའི་དྲུང་དུ་ལྷ་རྣམས་སྲུང་བའི་ཕྱིར་འོང་ཞིང་བྱང་ཆུབ་ལ་བསྐུལ་བ་དང་། ༦ རྩེ་མོ་པས་ཤེར་ཕྱིན་བསྒོམས་པའི་མཐུས་བདུད་ཐམས་ཅད་ཟིལ་གྱིས་གནོན་པ་དང་། ༧ རྩེ་ཤེར་གྱི་མཐུས་བྱང་སེམས་གཞན་ལ་སྟོན་པ་དང་འདྲ་བར་གུས་པས་གནས་པ་དང་ ༨ བརྒྱད་ལ་ཕྱི་གཙོ་བོར་གྱུར་པ་བརྒྱད་ཅེས་བྱ་སྟེ་དཔེ་གཞན་དང་གང་ཟག་གཞན་ལ་བརྟེན་ནས་


MR04_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་ཆེར་མཚོན་པར་བྱས་པའི་ཕྱིར་རོ། །ནང་གཙོ་བོར་གྱུར་པ་བརྒྱད་ནི། རྩེ་ཤེར་དེའི་མཐུས་གཟུགས་མེད་ཉན་རང་སོགས་ཀྱི་ཡིད་བྱེད་དང་བྲལ་ཞིང་ཐབས་ལ་མཁས་པས་བསླབ་པ་ཡོངས་སུ་དག་པ་དང་། ༩ མདོར། གསེར་འབྱུང་བའི་ས་ཉུང་བའི་དཔེས་རྩེ་ཤེར་དེའི་མཐུས་སངས་རྒྱས་ཀྱི་རིགས་ཁྱད་པར་ཅན་དུ་ངེས་པ་ཐོབ་པ་དང་། ༡༠ འཁོར་སྒྱུར་ཉུང་བའི་དཔེས། རྩེ་ཤེར་དེའི་མཐུས་འབྲས་བུ་སངས་རྒྱས་ཐོབ་པའི་རྒྱུ་སེམས་བསྐྱེད་སོགས་ཀྱི་ནུས་པ་ལྷག་པར་འཕེལ་བ་དང་། ༡༡ རྩེ་ཤེར་དེའི་མཐུས་ཕར་ཕྱིན་གྱི་མི་མཐུན་ཕྱོགས་ཀྱི་སེམས་མི་སྐྱེ་བ་དང་། ༡༢ གཟུགས་ནས་རྣམ་མཁྱེན་བར་ལ་བདེན་འཛིན་ཀུན་བཏགས་མངོན་གྱུར་པའི་སེམས་མི་སྐྱེ་བ་དང་། ༡༣ ཤེར་ཕྱིན་གྱི་ནང་དུ་ཕར་ཕྱིན་ཀུན་བསྡུས་ནས་ཉམས་སུ་ལེན་ཤེས་པ་དང་། ༡༤ སྒོམ་བྱུང་གི་སྟོབས་ཀྱིས་ཐེག་པ་གསུམ་གྱི་རྟོགས་རིག་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པ་དང་། ༡༥ དེའི་མཐུས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བ་སྟེ། ༡༦ དེ་རྣམས་སོ། །འདིར་རྟགས་དང་རྣམ་འཕེལ་སོགས་འདི་དག་དང་པོར་ཐོབ་པའི་ས་མཚམས་འཛིན་པ་ཡིན་གྱི་གོང་མར་མེད་པ་མིན་ལ། ཞིང་དག་སྦྱོར་སོགས་ཆ་འདྲ་སྔ་ནས་ཡོད་ཀྱང་ཡོངས་སུ་དག་པ་ཁྱད་པར་ཅན་དག་ས་ནས་ཐོབ་པས་དེར་བཞག་པ་སོགས་ཀྱི་ཚུལ་འདི་འདྲ་གོང་འོག་ཀུན་ཏུ་སྦྱར་ཏེ་ཤེས་པར་བྱའོ། །


MR04_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་བརྟན་པས་མཚོན་པ་བཟོད་པ་ནི། རྣམ་འཕེལ་ཡོངས་སུ་རྫོགས་པར་བྱས་པའི་སྒོ་ནས་རང་དབང་དུ་གྱུར་པ་རབ་ཀྱི་མཐར་ཕྱིན་པའི་མཚན་ཉིད་ནི་ངེས་པར་བསྟན་པ་སྟེ། རྣམ་ཀུན་མཁྱེན་པ་དང་། ལམ་ཤེས་དང་གཞི་ཤེས་ཉིད་དེ་མཁྱེན་གསུམ་གྱི་ཆོས་རྣམས་ཀྱི་རྟོགས་པ་ཡོངས་སུ་རྫོགས་པ་བླ་ན་མེད་པ་རང་དོན་རྟོགས་པ་བརྟན་པ་དང་། སེམས་ཅན་གྱི་དོན་སྒྲུབ་པ་ལ་བསམ་སྦྱོར་གྱིས་ཡོངས་སུ་མི་གཏོང་བ་གཞན་དོན་སྙིང་རྗེ་བརྟན་པ་ཞེས་ནི་མངོན་པར་བརྗོད་པའོ། །བཞི་པ་བསོད་ནམས་ཀྱིས་མཚོན་པ་ཆོས་མཆོག་ནི། དེ་ལས་སེམས་ཀུན་ཏུ་གནས་པའི་ཏིང་ངེ་འཛིན་ཁྱད་པར་ཅན་ཐོབ་པས་འདི་ཡི་ཡི་རང་ཡང་མཆོག་ཏུ་འགྲུབ་པ་སྟེ། གླིང་བཞི་པ་དང་སྟོང་དང་པོ་དག་དང་སྟོང་གཉིས་པ་དང་སྟོང་གསུམ་པོ་དེ་དག་གི་ས་སོགས་སྲང་ལ་གཞལ་བའི་གྲངས་ཀྱི་དཔེར་མཛད་ནས། དེ་ལས་ཀྱང་ཚད་མེད་པས་གཞལ་དུ་མེད་པའི་བསོད་ནམས་མང་པོ་ཉིད་ཀྱིས་ནི། སེམས་གཉིས་སུ་མེད་པར་གནས་པའི་ཆོས་མཆོག་གི་ཏིང་ངེ་འཛིན་ཡོངས་སུ་བསྒྲགས་པ་ཡིན་ནོ། །དེ་ཡང་མདོ་ལས། སེམས་དང་པོ་བསྐྱེད་པ་དང་། སྤྱོད་པ་ལ་ཞུགས་པ་དང་། ཕྱིར་


MR04_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡོག་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་སྟེ་རིམ་པར་ས་དང་པོ་དང་བདུན་པའི་བར་དང་བརྒྱད་པ་དང་ས་བཅུ་པ་ལ་གནས་པ་སྟེ་དེ་བཞི་ཡི་སེམས་བསྐྱེད་པའི་དགེ་རྩ་ལ་ཡི་རང་བའོ། །ཞེས་ཡུལ་དེ་བཞིའི་དགེ་བ་ལ་ཆོས་མཆོག་པས་ཡི་རང་བ་ཕན་ཡོན་ཆེ་བའི་ཚུལ་གྱིས་ཆོས་མཆོག་གི་ཏིང་འཛིན་བསྒྲགས་སོ། །དེ་ཡང་ཡི་རང་གི་བསོད་ནམས་དངོས་སུ་བསྟན་པས་དེའི་རྟེན་མཚུངས་ལྡན་ཏིང་ངེ་འཛིན་གྱི་ཡོན་ཏན་ཡང་བསྒྲགས་པ་ཡིན་ནོ། །གཉིས་པ་སྤང་བྱ་འཇུག་ལྡོག་རྫས་བཏགས་ཀྱི་རྟོག་པ་བཞི་ཀུན་བཏགས་ཀྱི་ཆ་སྤོང་བ་སོགས་ཀྱིས་མཚོན་པ་མཐོང་ལམ་གྱི་རྩེ་སྦྱོར་ལ། སྤང་བྱ་རྟོག་པ་དང་། གཉེན་པོ་མཐོང་ལམ་གཉིས། དང་པོ་ལ་གཉིས། མདོར་བསྟན་དང་། རྒྱས་བཤད་དོ། །དང་པོ་ནི། དེ་ལྟར་ངེས་འབྱེད་བཞི་མཐར་ཕྱིན་པ་ལས་བྱུང་བའི་མཐོང་ལམ་གྱི་སྤང་བྱའི་རྟོག་པ་རིགས་བསྡུས་ཏེ་གཟུང་བའི་ཡུལ་དང་འཛིན་པ་པོ་གཉིས། དང་པོ་ལ་སྐབས་འདིར་ཐེག་ཆེན་གྱི་ལམ་འབྲས་བུ་དང་བཅས་པ་ལ་འཇུག་ཡུལ་དུ་གཟུང་བའི་རྟོག་པ་དང་ཉན་རང་གི་ལམ་འབྲས་ལྡོག་བྱའི་ཡུལ་དུ་གཟུང་བ་སྟེ་གཉིས་དང་། སོ་སྐྱེའི་གང་ཟག་ལ་དམིགས་ནས་རྫས་སུ་འཛིན་པ་དང་།


MR04_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པའི་གང་ཟག་ཉན་རང་ལ་དམིགས་ནས་བཏགས་པར་འཛིན་པ་སྟེ་གཉིས་སུ་ཕྱེ་བས་བཞིར་ཡོད་ལ། དེ་ལ་འཇུག་ལྡོག་གི་ཡུལ་དེ་དག་དོན་དམ་པར་མ་གྲུབ་པའི་ཕྱིར། དེ་དག་ལ་བདེན་གྲུབ་ཏུ་བཟུང་ནས་འཇུག་ལྡོག་ཏུ་སེམས་པའི་རྟོག་པ་ནི་མཉམ་རྗེས་གཉིས་ཀར་སྤང་བྱ་ཡིན་ལ། བདེན་པར་མ་ཞེན་པའི་འཇུག་ལྡོག་ཏུ་འཛིན་པ་ནི་རྗེས་ཐོབ་གཉིས་སུ་སྣང་བ་ཅན་གྱི་ངོས་ན་སྤངས་མི་དགོས་ཀྱང་། དེར་འཛིན་པ་ཙམ་གྱི་མཚན་མའི་རྟོག་པ་དག་ཀྱང་མཉམ་བཞག་གཉིས་མེད་ཀྱི་ཡེ་ཤེས་ལ་མི་སྣང་བས་ན། ཡང་དག་པའི་དོན་དུ་དེ་ལྟར་གཟུང་བའི་ཡུལ་ཙམ་དུའང་མ་གྲུབ་པར་ཤེས་པར་བྱ་བ་གལ་ཆེ་ལ། དེ་བཞིན་དུ་རྫས་བཏགས་ཀྱང་ཤེས་པར་བྱ་སྟེ། སོ་སྐྱེའི་ཆོས་ལ་རྫས་འཛིན་དུ་བསྟན་པས་བཏགས་འཛིན་དུའང་འཛིན་ཚུལ་ཡོད་པ་ཤུགས་ལ་བསྟན་ཅིང་། འཕགས་པའི་ཆོས་ལས་བཏགས་འཛིན་བསྟན་པས་དེ་ལའང་སོ་སྐྱེ་རྣམས་ཀྱིས་རྫས་སུ་འཛིན་པར་བྱེད་པས་དོན་ལ་རྫས་བཏགས་སུ་འཛིན་པ་དེ་དག་སྤང་ཚུལ་འདིར་བཤད་པ་བཞིན་ཤེས་པར་བྱའོ། །དེ་ལ་བྱང་སེམས་ཀྱི་འཇུག་པ་ཡུལ་ཐེག་ཆེན་གྱི་ལམ་འབྲས་


MR04_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་ལྡོག་པ་ཉན་རང་གི་ལམ་འབྲས་ལ་དམིགས་ནས་བླང་དོར་བྱ་བའི་ཡུལ་ལ་བདེན་པར་ཞེན་པ་གཟུང་བའི་རྣམ་པར་རྟོག་པ་སྟེ་སོ་སོར་དེ་དག་ལ་དབྱེ་ན་དགུ་ཡི་བདག་ཉིད་དུ་ཡོད་པ་ནི་དེ་ཇི་བཞིན་ཡུལ་ཉིད་དུ་གྲུབ་པ་མིན་པའི་ཕྱིན་ཅི་ལོག་ཏུ་སྣང་བའི་བདག་ཉིད་དག་ཏུ་ཤེས་པར་བྱའོ། །འཛིན་པ་ལའང་འཛིན་མཁན་སོ་སོའི་སྐྱེ་བོ་དང་འཕགས་པའི་དབྱེ་བས། སེམས་ཅན་རྫས་སུ་ཡོད་པ་དང་བཏགས་པས་ཡོད་པར་རྣམ་པར་རྟོག་པ་འཛིན་པ་དག་ཏུ་འདོད་ལ། དེ་དག་ལའང་སོ་སོར་དགུ་རེ་ཡི་བདག་ཉིད་དུ་དབྱེར་ཡོད་ཅིང་། གལ་ཏེ་དེ་དག་གི་གཟུང་དོན་དེ་བཞིན་ཉིད་དུ་མེད་ན། རྫས་བཏགས་དེ་དག་ཡུལ་གང་གི་འཛིན་པར་འདོད་དེ་མི་འདོད་དོ། །དེ་ལྟར་རྫས་བཏགས་སུ་འཛིན་པ་སྨིག་རྒྱུ་ལ་ཆུ་ལྟར་ལོག་ཤེས་ཡིན་ཏེ་རྒྱུ་མཚན་གང་ལའང་རྫས་དང་བཏགས་པར་གྲུབ་མ་མྱོང་བས་མོ་གཤམ་གྱི་བུ་བཞིན་ནོ། །དེ་ལྟར་ནང་འཛིན་པ་དེ་དག་འཛིན་པ་ཡི་ངོ་བོས་སྟོང་པའི་མཚན་ཉིད་དོ། །གོང་སྨོས་གཟུང་འཛིན་གྱི་རྟོག་པ་བཞི་པོ་རེ་རེ་ལའང་ནང་གི་དབྱེ་བས་ཡུལ་ལ་བརྟེན་ནས་འཛིན་སྟངས་ཀྱི་རྣམ་པས་དགུ་སྟེ་སུམ་ཅུ་རྩ་དྲུག་ཡོད་པ་རྣམས་ནི། དང་པོ་འཇུག་པ་གཟུང་རྟོག་ལ། །


MR04_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས། རབ་འབྱོར་འདི་ཅི་སྙམ་དུ་སེམས་སྒྱུ་མ་ལྟ་བུའི་སེམས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་པ་ནས་ཤིང་གི་འཁྲུལ་འཁོར་གྱི་དཔེས། བྱ་བའི་འབྲས་བུ་ལ་མི་རྟོག་པའི་བར་གྱིས་གསུངས་སོ། །དེ་ཡང་སོ་སོའི་སྐྱེ་བོས་གང་ཟག་རྫས་སུ་དང་འཕགས་པས་བཏགས་པར་འཛིན་ཞེས་བདག་མེད་རྟོགས་མ་རྟོགས་ལ་བྱེད་དེ་ཡུལ་དུ་མི་བྱ་བར་ཡུལ་ཅན་དུ་བཤད་ཀྱང་། ཡུལ་དུ་བྱས་ན་གང་ལ་གང་ལྟར་བཟུང་ཡང་རུང་མོད། དང་པོའི་དམིགས་པར་སོ་སྐྱེ་བསྟན་པས་འཕགས་པ་ཤུགས་དང་། གཉིས་པས་འཕགས་པ་བསྟན་པས་སོ་སྐྱེ་ཤུགས་བསྟན་ཏེ། དོན་དུ་སྐྱེ་འཕགས་ཀྱི་གང་ཟག་ཐམས་ཅད་རྫས་སུ་ལྟ་བ་དོན་དམ་པར་བཏགས་པར་ཡང་མི་དམིགས་པའོ། །དེས་ན་གོང་འོག་ཏུ་བསྟན་པའི་མཐོང་སྒོམ་གྱི་སྤང་བྱའི་རྟོག་པ་འདི་རྣམས་ཀྱིས་མཚོན་ནས། བླང་དོར་དགག་སྒྲུབ་ཀྱི་རྟོག་པ་མཐའ་ཡས་པའི་ཚུལ་གྱིས་མངོན་ཞེན་དང་དམིགས་པ་མཐའ་དག་སྤང་དགོས་པར་བསྟན་པ་ཤེས་པར་བྱ་ཞིང་། དེ་ལྟར་བསྟན་པའི་ཤུགས་ལ་ཀུན་བྱང་གི་མཚན་ཉིད་དང་། ཐེག་པ་ཆེ་ཆུང་གི་ཁྱད་པར་ལ་སོགས་པ་དག་ཀྱང་ཤེས་པར་འགྱུར་ལ། དེ་ལྟར་ཤེས་


MR04_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་འཇུག་པ་འདི་ཤེར་ཕྱིན་གྱི་བསྟན་དོན་ཡིན་ནོ། །གཉིས་པ་ལ། གཟུང་རྟོག་དང་། འཛིན་རྟོག་གཉིས་ལས། དང་པོ་ལ་གཉིས། འཇུག་པ་གཟུང་རྟོག་དང་། ལྡོག་པ་གཟུང་རྟོག་གོ །དང་པོ་ནི། བླ་མེད་བྱང་ཆུབ་རྒྱུ་འབྲས་ཀྱིས་དབེན་པ་ཐེག་ཆེན་ལམ་འབྲས་ཀྱི་ངོ་བོ་ཉིད་སྤྱི་དང་། ༡ སངས་རྒྱས་ཀྱི་རིགས་སུ་ངེས་པ་རྒྱུ་དང་ནི། ༢ ཐེག་ཆེན་འཕགས་པའི་ལམ་ནི་ཡང་དག་འགྲུབ་པ་སྟེ་ལམ་དངོས་དང་། ༣ ཡིན་ལུགས་ཤེས་པའི་དམིགས་པ་སྒྱུ་མ་ལྟར་རྟོགས་པས་མ་འཁྲུལ་བར་དམིགས་པ་དང་། ༤ མི་མཐུན་ཕྱོགས་སྤོང་བ་དང་གཉེན་པོ་ལ་འདོར་ལེན་མ་ནོར་བས་སྤང་བྱ་འཇོམས་པའི་ནུས་པ་ཐོབ་པ་དང་། ༥ འབྲས་བུ་ལ། རང་དོན་དུ་ཐེག་ཆེན་ལམ་གྱི་འབྲས་བུ་རྣམ་མཁྱེན་རང་གིས་རྟོགས་པ་དང་། ༦ གཞན་དོན་དུ་ཐེག་ཆེན་རིགས་ཅན་ཉན་ཐོས་སོགས་ཀྱི་ས་ལས་ཐག་བསྲིང་བར་བྱེད་པ་དང་། ༧ གདུལ་བྱ་འདུལ་བའི་སྤྲུལ་པ་སོགས་དེ་ཡི་བསམ་པ་དང་མཐུན་པར་དོན་བྱེད་པའི་ལས་དང་༨ བྱ་བའི་འབྲས་བུ་སེམས་ཅན་མྱང་འདས་ཆེན་པོར་འགོད་པ་ལ་འཇུག་པའི་ཕྱོགས་སུ་འཛིན་པ་ཅན་གྱི་རྟེན་ཅན་གྱི་རྣམ་པར་རྟོག་པ་དེ་ནི་རྣམ་པ་དགུར་འདོད་དོ། །གཉིས་པ་ནི། དངོས་པོར་དམིགས་


MR04_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་མཚན་འཛིན་གྱིས་སྲིད་པ་དང་སྙིང་རྗེ་དང་བྲལ་བས་ཞི་བར་ལྷུང་བའི་ཉེན་ཡོད་པའི་ཕྱིར་ན། ཐེག་ཆེན་ལས་ལྡོག་ཕྱོགས་ཀྱི་ཉན་རང་རྟོགས་པ་དམན་པ་ཉིད་དང་ནི། སྲིད་ཞིར་ལྷུང་བ་ལས་འཛིན་པའི་ཐེག་ཆེན་གྱི་བཤེས་གཉེན་དང་ཐབས་ལ་མཁས་པ་སྟེ་ཕྱི་ནང་གི་ཡོངས་སུ་འཛིན་པ་མེད་པ་དང་། སྒྲིབ་གཉིས་མཐའ་དག་གི་གཉེན་པོ་མིན་པས་ལམ་གྱི་རྣམ་པ་མ་ཚང་བ་དང་། སྲིད་མཐའི་ཚེ་ཡང་སངས་རྒྱས་སོགས་གཞན་གྱིས་བསྟན་པ་ལ་ལྟོས་དགོས་པས་དབང་པོ་དམན་པ་གཞན་གྱི་རྐྱེན་གྱིས་འགྲོ་བ་དང་། ཐབས་དམན་པས་ཆེད་དུ་བྱ་བ་སྤང་རྟོགས་སེམས་ཏེ་ཆེན་པོ་གསུམ་ལས་ལོག་པ་དང་། འབྲས་བུ་ཉི་ཚེ་བ་སྤང་བྱ་ཕྱོགས་རེ་ཙམ་སྤོང་བ་དང་། འབྲས་བུ་སྣ་ཚོགས་ཉིདརྒྱུན་ཞུགས་ནས་དགྲ་བཅོམ་པར་གྱི་རྟོགས་པ་ལ་བཤད་ཀྱང་འདིར་དགྲ་བཅོམ་ཐོབ་ཀྱང་དབང་པོ་རྣོ་རྟུལ་གྱིས་རྟོགས་པ་ཐ་དད་སྣ་ཚོགས་པ་སྟེ། སྤང་བ་ཉི་ཚེ་དང་རྟོགས་པ་སྣ་ཚོགས་ཡིན་ཀྱང་། སྣ་ཚོགས་ཡིན་ལུགས་སྤང་བ་ཟད་པའི་ཆ་ནས་རྟོགས་རིགས་མི་འདྲ་བ་ཡིན་གྱི་ཐམས་ཅད་སྤྲོས་མེད་ཀྱི་རྣམ་པར་མིན་པ་ལས་སོ་སྙམ། རྣམ་མཁྱེན་ནམ་གཞན་དོན་དུའམ་ཐེག་ཆེན་ལ་གནས་


MR04_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་འཇུག་པ་ལ་རྨོངས་པ་དང་། འདི་ལ་མ་རིག་བག་ཉལ་མ་སྤངས་པས་གནས་འཇུག་ལ་རྨོངས་གསུངས། དེ་ལྟ་ན་སྤྱོད་ལམ་ཙམ་ལ་འདྲ་མོད་སྙམ། རང་ལམ་གྱི་མྱང་འདས་ཀྱི་རྗེས་ལ་ད་དུང་རྣམ་མཁྱེན་དུ་འགྲོ་དགོས་པ་ཡིན་ཞེས་བྱ་བ་རྣམས་ལ་ལྡོག་བྱར་ཞེན་པའི་རྣམ་རྟོག་དགུ་ཡི་བདག་ཉིད་དེ་འདི་རྣམས་དཔེ་དང་བཅས་ཏེ་མདོ་ལས་གསུངས་པའི་དཔེ་རྣམས་རྣམ་རྟོག་གི་གཉེན་པོ་ཤེར་ཕྱིན་ཀྱི་དཔེར་གསུངས་པས་ལྡོག་ཕྱོགས་སྤང་བྱ་ཤུགས་ལ་འཕང་བའོ། །དེ་དག་ཀྱང་སྔ་མ་ལྔ་ལམ་དང་ཕྱི་མ་བཞི་འབྲས་བུ་དམན་པའི་དབང་དུ་བྱས་ཤིང་། ལྡོག་པའི་ཕྱོགས་ཐེག་དམན་གྱི་རྟེན་ཅན་ཏེ། ལྡོག་ཡུལ་དགུ་པོ་དེ་ཉན་ཐོས་ལ་སོགས་པའི་ཡིད་ལས་འབྱུང་བ་དམན་པའི་ལམ་འབྲས་སོ། །དེ་ལྟ་བུའི་འཇུག་ལྡོག་གི་ཡུལ་གང་ཡང་དེ་བཞིན་ཉིད་ཀྱི་ངོས་ན་མ་དམིགས་པས་འཇུག་ལྡོག་གམ་ཉེ་རིང་བླང་དོར་གྱི་ཤེས་རབ་གཉིས་འཛིན་ཅན་གྱིས་བྱང་ཆུབ་འཚོལ་བར་མི་བྱེད་པར་ཆོས་ཐམས་ཅད་གཉིས་སུ་མེད་པར་མཉམ་པ་ཆེན་པོའི་ཚུལ་གྱིས་ཡུམ་ཤེར་ཕྱིན་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་འཇུག་ཡུལ་ལ་ཉེ་བ་དང་། ལྡོག་ཡུལ་ལ་རིང་བའི་འདུ་ཤེས་སོགས་མཚན་མའི་དམིགས་པ་


MR04_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཉེ་བར་ཞི་བ་ལ་སྤྱོད་པར་བྱ་བ་ཡིན་ནོ། །གཉིས་པ་འཛིན་རྟོག་ལ། རྫས་འཛིན་དང་། བཏགས་འཛིན་གཉིས་ལས། དང་པོ་ནི། འདི་ལ་རྒྱུ་ཞེན་མེད་ཀྱི་ལམ་ལས་ཉམས་པ་དང་འབྲས་བུ་རྣམ་མཁྱེན་མི་ཐོབ་པ་གཉིས་ལས། དང་པོ་ལ། སྤྱོད་པ། ཤེས་བྱ། སྤང་གཉེན་གསུམ། སྤྱོད་པ་ལ། ངོ་བོ་ནི་ཡོན་ཏན་འཛིན་པ་དང་ནི་སྐྱོན་འདོར་བ་ཡི་གང་ཟག་ལ་བདེན་པར་ཞེན་པ་དང་། ༡ དེའི་རྒྱུ་ནི། གནས་ལུགས་ཡང་དག་པ་ལྟར་མིན་པའི་དོན་ཡིད་ལ་བྱེད་པ་པོར་དང་། ༢ ཉེས་དམིགས་ནི། དེའི་རྐྱེན་གྱིས་ཁམས་རྣམས་ནི་སྟེ་ཁམས་གསུམ་པོ་དག་དང་ཉེར་འབྲེལ་༣ ཞེས་སྐྱེ་བ་ལེན་པ་པོ་ཡོད་ཡོད་པོར་བདེན་པར་ཞེན་པ་དང་གསུམ། ཤེས་བྱ་ལ། དངོས་པོར་ནི། གཟུགས་སོགས་ལ་བདེན་པར་ཞེན་ནས་གནས་པ་ ༤ པོར་དང་། རྒྱུན་དུ་ནི། ཆོས་ཐམས་ཅད་ཡུལ་དུ་བྱེད་པའི་བདེན་མེད་ལ་མངོན་པར་ཞེན་པ་པོར་དང་། ༥ ཐ་སྙད་དུ་ནི། ཆོས་རྣམས་ཀྱི་དངོས་པོ་བཏགས་ ༦ པ་ཙམ་དུ་རྟོག་པ་པོ་ལ་བདེན་པར་ཞེན་པ་དང་གསུམ། སྤང་གཉེན་ལ། སྤང་བྱ་ནི། ཕྱིན་དྲུག་ལ་སྤང་བླང་བདེན་ཞེན་གྱིས་ཆགས་ ༧ པ་པོ་དང་ནི། གཉེན་པོ་ནི། མཚན་འཛིན་


MR04_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གཉེན་ ༨ པོ་ལ་ལོངས་སྤྱོད་པ་པོར་བདེན་པར་ཞེན་པ་དང་གཉིས་ཏེ་བརྒྱད་དོ། །འབྲས་བུ་རྣམ་མཁྱེན་མི་ཐོབ་པ་ནི། ཤེར་ཕྱིན་དང་བྲལ་བས་སྦྱིན་སོགས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་རྣམ་མཁྱེན་དུ་འགྲོ་བ་ཉམས་པའི་གང་ ༩ ཟག་ལ་བདེན་པར་ཞེན་པ་བཅས་དགུ་པོ་ནི་འཛིན་པ་དང་པོར་ཞེས་རྫས་འཛིན་གྱི་རྟོག་པར་ཤེས་པར་བྱའོ། །གཉིས་པ་ནི། ཆེད་དུ་བྱ་བ་ཆེན་པོ་གསུམ་བཞིན་དུ་ངེས་པར་མི་འབྱུང་བའམ་འབྲས་བུ་འདོད་པ་བཞིན་མི་ཐོབ་པའི་གང་ཟག་ལ་བཏགས་པ་ཙམ་གྱི་ལོངས་སྤྱོད་པ་པོར་འཛིན་པ་དང་། ༡ དེ་བཞིན་སྦྱར་ཏེ། ལམ་ཡང་དག་ཐེག་ཆེན་ལ་ལམ་ཡང་དག་མིན་ནོ་ཞེས་ངེས་པར་འཛིན་པ་པོ་དང་། ༢ ཤེས་བྱའི་ཁོངས་སུ་རྒྱུ་འགག་པ་དང་བཅས་པའི་འབྲས་བུ་སྐྱེ་བ་ ༣ ཀུན་རྫོབ་ལ་དོན་དམ་པར་ཞེན་པའི་གང་ཟག་ལ་དང་། ལམ་གྱི་དངོས་པོ་ཐེག་ཆེན་གྱི་རྒྱུན་བར་མ་ཆད་དུ་ལྡན་པ་དང་མི་ལྡན་པ་ ༤ ལ་ཞེན་པ་ལ་སྐྱེས་བུར་བཏགས་པ་ལ་དང་། གཟུགས་སོགས་ལ་བདེན་ཞེན་གྱིས་གནས་པ་ལ་དང་། ༥ སེམས་བསྐྱེད་སོགས་ཀྱིས་ཉན་ཐོས་ཀྱི་རིགས་ནི་འཇིག་པ་ ༦ ལ་སྐྱེས་བུར་དང་། སྟོང་པ་ཙམ་གྱི་ཆོག་པར་བཟུང་ནས་སངས་རྒྱས་སམ་ཐེག་ཆེན་དོན་དུ་གཉེར་ ༧ བ་མེད་པ་ལ་དང་།


MR04_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ཤེར་ཕྱིན་མེད་པ་ལས་སམ་བསྟན་པ་དང་སྒོམ་པ་སོགས་མེད་པའི་སྐྱེས་བུ་ལ་དང་། རྒྱུ་མེད་སྐབས་འདིར་རྒྱ་མཚོ་འཛམ་གླིང་གི་རིན་ཆེན་ཀུན་གྱི་རྒྱུ་ཡིན་པའི་དཔེས་ཤེར་ཕྱིན་འཕགས་ཀུན་གྱི་རྟོགས་པའི་རྒྱུ་ཉིད་དུ་གསུངས། ལམ་གྱི་འགལ་རྐྱེན་ཕྱིར་རྒོལ་བ་ནི་བདུད་སོགས་དམིགས་པ་སྟེ་ཡོད་པར་ཞེན་པའི་གང་ཟག་ལ་བཏགས་པ་ཙམ་གྱིས་ལོངས་སྤྱོད་པ་པོར་འཛིན་པའི་རྣམ་པར་རྟོག་པ་སྟེ་འདི་དགུ་པོ་སྔ་མ་རྫས་འཛིན་ལས་གཞན་བཏགས་པར་འཛིན་པ་ཡིན་ནོ། །དེ་ལྟར་ལོངས་སྤྱོད་པ་པོའི་སྐྱེས་བུ་རྫས་བཏགས་ཀྱི་མངོན་ཞེན་སྤང་ཚུལ་ཡང་བྱ་བའི་ལས་སམ་ཡུལ་དང་། བྱེད་པ་པོ་དང་། བྱ་བའི་འབྲས་བུ་རྣམས་ལ་མི་རྟོག་པ་སྒྱུ་མ་སོགས་ཀྱི་དཔེས་བསྟན་པ་བཞིན། གཟུང་འཛིན་གྱི་སྤྲོས་པ་ཞི་བའི་ཡེ་ཤེས་རྣམ་པར་མི་རྟོག་པ་ཡོངས་སུ་སྨིན་པར་གྱུར་པ་ན། ཡུལ་གང་ལའང་ཡུལ་འདི་ལ་བདག་གིས་ལོངས་སྤྱོད་དོ་སྙམ་པའི་རྣམ་པར་རྟོག་པ་མེད་བཞིན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱིས་འཇུག་ལྡོག་བྱེད་པ་ཡིན་ལ། དེ་ལྟར་མ་གྱུར་པའི་འཕགས་པ་གཞན་གྱིས་བཏགས་པ་ཙམ་གྱི་བདག་གིས་ཡུལ་ལ་


MR04_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་པར་འཛིན་ཞིང་འཇུག་ལྡོག་བྱེད་ལ། སོ་སྐྱེ་རྣམས་ཀྱིས་རྫས་སུ་ཡོད་པའི་བདག་དེས་ཡུལ་ལ་ལོངས་སྤྱོད་པར་འཛིན་ཞིང་བདེན་ཞེན་གྱིས་འཇུག་ལྡོག་བྱེད་པ་ཡིན་ནོ། །དེ་ལྟར་རྟོག་པ་སྤངས་ནས་མི་རྟོག་པ་ལ་གནས་པར་བྱའོ། །གཉིས་པ་གཉེན་པོ་ལ། རྒྱུ་འབྲས་ངོ་བོ་ཉིད་གསུམ་ལས། དང་པོ་རྒྱུ་ནི། བྱང་ཆུབ་གཞན་ལ་སྟོན་པའི་མདོ། བཅོམ་ལྡན་འདས་ཤེར་ཕྱིན་འདི་ནི་ཟབ་པ་སྟེ་བྱང་སེམས་དེ་དག་གི་དཀའ་བ་བགྱིད་པ་ལགས་སོ་སོགས་མཐོང་ལམ་ཐོབ་པའི་དགེ་སློང་དྲུག་སྟོང་བྱང་ཆུབ་ཏུ་ལུང་བསྟན་པ་དང་། དེའི་རྒྱུ་ཡོངས་གཏོད་ཀུན་དགའ་བོ་ལ་ཤེར་ཕྱིན་གཏད་པས་དང་། བསོད་ནམས་མང་པོ་དཔེས་བསྟན་པ་བཞིན། བྱང་ཆུབ་ནི་མཐར་ཐུག་གི་བྱང་ཆུབ་དང་། ལམ་ནི་འཆད་འགྱུར་ཟད་དང་མི་སྐྱེ་ཤེས་པ་དེ་ཡིན་པས་དེ་ལ་གཞན་འགོད་པའི་ཕྱིར་ལམ་སྟོན་པ་དང་སྒོམ་དུ་བཅུག་པ་དག་གོ །རྟོགས་པ་དེ་ཡི་རྒྱུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་ལ་ཡོངས་སུ་གཏོད་པ་སྟེ་སྟེར་བ་དང་། མཐོང་ལམ་དེ་ཐོབ་པར་བར་ཆད་མེད་པའི་རྒྱུ་ཆོས་ཉིད་ལ་མཉམ་པར་བཞག་པ་སྟེ། མདོར་ན་རྗེས་ཐོབ་ཏུ་གཞན་


MR04_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་རྟོགས་པ་དང་ལུང་གི་ཆོས་སྣང་བར་བྱེད་པ་དང་། མཉམ་བཞག་ཏུ་རང་གི་ཤེར་ཕྱིན་སྒོམ་པ་དང་གསུམ་པོ་དེ་མཐོང་ལམ་ཐོབ་པའི་རྒྱུ་ཡིན་ལ། དེ་རེ་རེར་ཡང་བསོད་ནམས་མང་པོ་ཚད་མེད་པའི་མཚན་ཉིད་དོ་སྟེ་དམ་པས་བསྔགས་པ་དང་བདུད་ཀྱིས་མི་ཚུགས་པ་སོགས་སོ། །འདིར་འགྲེལ་བ་གྲགས་ཆ་ལས། བྱང་ཆུབ་གཞན་ལ་སྟོན་པ་དང་། །ཞེས་རྫོགས་བྱང་གཞན་ལ་སྟོན་པ་དང་། དེའི་རྒྱུ་ཤེར་ཕྱིན་གཏོད་པར་གསུངས། འདི་གཉིས་རྒྱུ་འབྲས་ཀྱི་ལྡོག་ཆས་ཕྱེ་བ་འདྲ་སྟེ་མཐར་འབྲས་བྱང་ཆུབ་ལ་དམིགས་ནས་དེ་ཡོངས་སུ་འཛིན་དུ་གཞུག་པའི་ལམ་སྟོན་པ་དང་། དེའི་ལམ་འདི་ཞེས་ཤེར་ཕྱིན་སྟོན་པ་འདྲའོ་སྙམ། འདི་སྐབས་ལམ་ནི་བྱང་ཆུབ་ཏུ་ལུང་བསྟན་པར་མཛད་པ་དེའོ། །གཉིས་པ་ལ་གཉིས། དོན་ལ་གནས་པའི་བྱང་ཆེན་བསྟན་པ། རྟོག་པས་བཏགས་པའི་བྱང་ཆེན་དགག་པའོ། །དང་པོ་ནི། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ལ་སྒྲིབ་གཉིས་ཀྱི་དྲི་མ་ཡེ་ནས་ཟད་པ་དང་། སླར་མི་སྐྱེ་བའི་མཚན་ཉིད་ཡིན་པས་དེ་ཤེས་པའི་ཡེ་ཤེས་དེ་མཐར་ཕྱིན་པ་ལ་བྱང་ཆུབ་ཆེན་པོ་ཅེས་བརྗོད་དེ། བརྟགས་ན་དྲི་མ་གདོད་


MR04_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཟད་པ་མེད་ཅིང་སྐྱེ་བ་མེད་པའི་ཕྱིར་དེ་དག་གོ་རིམ་བཞིན་དུ་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་སུ་ཤེས་པར་བྱའོ། །དེ་ཡང་མདོ་ལས། ཡུམ་ཤེར་ཕྱིན་ཟད་པར་འདོད་པ་དེ་ནི་ནམ་མཁའ་ཟད་པར་བྱ་བར་སེམས་སུ་ཟད་དེ་སོགས་དང་། ཆོས་དེ་དག་ལ་ནི་སྐྱེ་བ་ཡང་མེད་ན་དེ་ཟད་པར་འགྱུར་བ་ལྟ་ག་ལ་ཡོད་སོགས་གསུངས་ཤིང་ཡིད་ཆེས་པར་བྱ་བའི་ཕྱིར་བདེན་གསུང་གི་ལྗགས་བསྟན་པ་བཞིན་ནོ། །གཉིས་པ་ལ་གཉིས། དངོས་པོར་སྨྲ་བའི་ལུགས་དགག་སྟོང་པར་སྨྲ་བའི་ལུགས་བཞག་པའོ། །དང་པོ་ལ་གཉིས། ཁྱབ་བྱེད་མ་དམིགས་པ་དང་། ཁས་བླང་ནང་འགལ་གྱིས་དགག་པའོ། །དང་པོ་ནི། གདོད་ནས་དག་པའི་ཆོས་ཉིད་གནས་ལུགས་ཀྱི་དབང་དུ་བྱས་ན། དགག་བྱ་གང་ཡང་དགག་མི་དགོས་པའམ་འགོག་པ་མེད་པའི་རང་བཞིན་དུ་གནས་པ་ལ། མཐོང་བ་ཞེས་བྱ་བའི་ལམ་གྱིས་ནི་སྤང་བྱ་རྣམ་པར་རྟོག་པ་ཡི་རིགས་སྔར་ཡོད་ཅི་ཞིག་ཟད་ཅིང་། སྐྱེ་མེད་ཀྱི་རྣམ་པ་སྔར་མེད་ཅི་ཞིག་འཐོབ་སྟེ་ཐོབ་ཏུ་མེད་དོ། །དེའི་རྒྱུ་མཚན་ཡང་ཆོས་རྣམས་ཀྱི་ཡིན་ལུགས་སམ་གཤིས་ལ་དྲི་མ་མེད་པ་ཞིག་ཡིན་ན། ཕྱིན་ཅི་མ་ལོག་པའི་བློས་


MR04_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མཐོང་དུ་རུང་གི་གལ་ཏེ་དྲི་མ་དང་བཅས་པ་ཞིག་ན། དེ་དྲི་མ་མེད་པར་མཐོང་དུ་མི་རུང་སྟེ་ཡུལ་གྱི་རང་བཞིན་དེ་ལྟར་ཡིན་པས་སོ། །གལ་ཏེ་ཡུལ་གྱི་རང་བཞིན་དྲི་མ་ཅན་ཡིན་ཀྱང་། བློས་དྲི་མ་མེད་པར་མཐོང་ན་ནི་དྲི་མ་མེད་པར་མཐོང་བའི་བློ་ཡུལ་གྱི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ལོག་ཤེས་སུ་འགྱུར་བས་དེས་རང་རྒྱུད་ལྡན་གྱི་གང་ཟག་དེ་དག་པར་ཡང་མི་འགྱུར་ལ། དྲི་མ་ཅན་དུ་མཐོང་བའི་བློ་ནི་ཡང་དག་པའི་ཤེས་པར་འགྱུར་རོ། །དེས་ན་གཞན་དངོས་སྨྲ་བས་དྲི་མ་སྔར་ཡོད་ཟད་པ་དང་། ཕྱིས་མི་སྐྱེ་བ་ལ་ཟད་མི་སྐྱེ་ཞེས་འདོད་ཀྱང་དྲི་མ་སྔར་བདེན་པར་ཡོད་པ་ཞིག་ན་འགོག་པ་མེད་པའི་རང་བཞིན་དུ་ངེས་པས་དེ་དག་གི་ལུང་རིགས་དང་འགལ་ལོ། །གཉིས་པ་ནི། གཞན་གྱི་སྟེ་དངོས་སྨྲ་བ་རྣམས་ཀྱིས་ཕྱི་ནང་ངམ་སྤང་གཉེན་གྱི་ཆོས་རྣམས་ཐམས་ཅད་ཀྱང་དོན་དམ་པར་ཡོད་ལ། ཤེས་བྱ་ཐམས་ཅད་ལ་ཡང་སྟོན་པ་ཡི་སྟེ་སངས་རྒྱས་ནི་སྒྲིབ་པ་ཟད་དོ་ཞེས་པར་བརྗོད་པ་སྟེ་ཤེས་སྒྲིབ་སྤངས་པར་འདོད་པ་གང་ཡིན་པ་དེ་ལ་རྗེ་བཙུན་བྱམས་པ་ཁོ་བོས་མཚར་དུ་བརྩིས་པ་སྟེ་ཁས་བླང་ནང་འགལ་དུ་མཐོང་སྟེ། སྤང་བྱ་རང་བཞིན་


MR04_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཡོད་པ་ལ་ཟད་པར་བྱར་མི་རུང་བས། ཆོས་ཡོད་པར་འདོད་པ་དང་། སྟོན་པས་ཤེས་སྒྲིབ་ཟད་པར་འདོད་པ་འགལ་བས་སོ། །དོན་ལ་ཆོས་ཐམས་ཅད་དོན་དམ་པར་གྲུབ་པ་ཞིག་ན་དེ་འཁོར་གསུམ་དུ་མ་དམིགས་པའི་ཚུལ་གྱིས་ཤེས་སྒྲིབ་ཅི་ལྟར་འཛད་པར་བྱ་ཞེས་སོ། །གཉིས་པ་སྟོང་པར་སྨྲ་བའི་ལུགས་བཞག་པ་ནི། དངོས་པོའི་གཤིས་སམ་རང་བཞིན་འདི་ལ་སྒྲིབ་པ་གཉིས་པོ་སྔར་ཡོད་བསལ་བར་བྱ་བ་ཅི་ཡང་མེད་ལ་སྟོང་པ་སོགས་ཡོན་ཏན་གྱི་ཆ་སྔར་མེད་གསར་དུ་བཞག་པར་བྱ་བ་ཅུང་ཟད་ཀྱང་མེད་དེ་དངོས་པོའི་རང་བཞིན་བྱར་མེད་པ་ལ་བསལ་བཞག་གིས་བཅོས་སུ་མི་བཏུབ་པས་སོ། །དེས་ན་སྒྲོ་སྐུར་དང་བྲལ་བའི་ཡང་དག་པའི་གནས་ལུགས་སམ་ཆོས་ཉིད་མཉམ་པ་ཆེན་པོ་བསལ་བཞག་མེད་པའི་དོན་ལ། དེ་དང་རྗེས་སུ་མཐུན་པར། དགག་སྒྲུབ་ཀྱིས་བསླད་པ་དང་བྲལ་བའི་བློས་ཡང་དག་པར་བལྟ་བར་བྱས་ཏེ་མཉམ་པར་བཞག་ན། གོམས་པའི་མཐུས་གནས་ལུགས་མཐའ་གང་དུའང་མི་གནས་པ་ཡང་དག་པ་དེ་ཁོ་ན་ཉིད་ཀྱི་དོན་མཐོང་ནས་རང་རྒྱུད་མཚན་མའི་རྟོག་པས་འཆིང་བ་ལས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ཟབ་མོའི་གནད་མཐར་ཐུག་


MR04_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པའང་འཇོག་པར་མཛད་དོ། །དེ་ལྟར་ཆོས་ཉིད་བསལ་བཞག་མེད་པའི་དོན་ལས་ཕྱིན་ཅི་ལོག་ཏུ་གྱུར་བའི་རང་རྒྱུད་ཀྱི་རྟོག་པ་ལྡོག་པ་ལ་སྤང་བྱ་སྤངས་པ་དང་། ཆོས་ཉིད་དང་རྗེས་སུ་མཐུན་པའི་བློ་སྐྱེས་པ་ལ་རྟོགས་པ་སྐྱེས་ཞེས་སྣང་ཚུལ་ཙམ་དུ་བརྗོད་པར་ཟད་ཀྱི་གནས་ལུགས་ལ་སྤང་བ་དང་སྐྱེ་བ་གཉིས་ཀ་མ་གྲུབ་བོ། །གསུམ་པ་མཐོང་རྩེ་དངོས་ལ་གཉིས། མཐོང་རྩེའི་ངོ་བོ་དང་། དེ་ཇི་ལྟར་སྒོམ་ཚུལ་ལོ། །དང་པོ་ནི། མདོ་རྒྱས་པ་རྣམས་སུ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའི་སྦྱིན་པ་བྱིན་ཅིང་ཞེས་སོགས་ཀྱིས། སྔར་གོ་སྒྲུབ་སྐབས་སུ་བཤད་པ་ལྟར་སྦྱིན་པ་ལ་སོགས་རེ་རེར་ནི། ཕར་ཕྱིན་དྲུག་པོ་དེ་དག་ཕན་ཚུན་བསྡུས་པ་གང་ཡིན་པ་དེ་ཡི་ནང་གི་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་བྱ་བ་རྫོགས་པའི་སྐད་ཅིག་མ་གཅིག་པའི་བཟོད་པ་ཡིས་བསྡུས་པ་དེ་ནི་རྩེ་སྦྱོར་བསྟན་པའི་སྐབས་འདིར་མཐོང་བའི་ལམ་དུ་བཞེད་དེ། དེ་ལ་ལྡོག་ཆས་དབྱེ་བ་སོ་དྲུག་ཚང་བའི་ཐབས་ཀྱི་རྣམ་པ་དང་ལྡན་པའི་ཤེས་རབ་རྨད་དུ་བྱུང་བ་ཡིན་པས་སམ། ཡང་ན་སྦྱིན་སོགས་ཐབས་ཀྱི་རྣམ་པ་མ་ལུས་པའི་རང་བཞིན་སྟོང་པ་ཉིད་དུ་གཟིགས་པའི་ཡེ་ཤེས་བྱ་སྟེ།


MR04_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྟོང་མཉམ་པ་ཉིད་བརྗོད་དུ་མེད་པའི་དོན་ལ་གཉིས་སྣང་ནུབ་པའི་ཚུལ་གྱིས་མཉམ་པར་བཞག་པ་ཡིན་པའི་ཕྱིར་ནའོ། །གཉིས་པ་ནི། མཐོང་ལམ་བཟོད་པའི་རྗེས་དེ་ནས་མཐོང་སྤང་ལས་གྲོལ་བའི་རྣམ་གྲོལ་ལམ། སྤང་བྱ་མི་མཐུན་པའི་ཕྱོགས་ལ་བག་ཚ་བ་མེད་པ་སེང་གེ་རྣམ་པར་བསྒྱིངས་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྗེས་ཐོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་མཐུན་ཏེ་ལུགས་འབྱུང་དང་། ལུགས་མི་མཐུན་པ་ལུགས་ལྡོག་ལ་རྟོག་པར་བྱེད་དོ། །དེ་ཡང་མཐོང་ལམ་ཐོབ་ནས་སླར་ཡང་ཆོས་ཉིད་ལ་མཉམ་པར་འཇོག་པ་ལ་དང་། འཕགས་པའི་ཏིང་ངེ་འཛིན་གཞན་སྒོམ་ལམ་གྱི་སྦྱོར་བ་ལ་དང་། མཐོང་ལམ་བར་ཆད་མེད་པའི་རྗེས་སུ་བྱུང་བ་རྣམ་གྲོལ་གྱི་ལམ་ལ་སྟེ་དེ་གསུམ་ཀར་སེང་གེ་རྣམ་པར་བསྒྱིངས་བ་ཞེས་བཤད་དོ། །ཆོས་ཉིད་མཉམ་པའི་དོན་ལ་ཀུན་བྱང་མ་གྲུབ་ཀྱང་། རང་གི་རྟོག་པའི་དབང་གིས་ཀུན་བྱང་དུ་འགྱུར་ཚུལ་ནི། བདག་ཏུ་རྟོག་པའི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ་ཞེས་པ་ལ་སོགས་ཀུན་ཉོན་གྱི་རྟེན་འབྲེལ་ལུགས་མཐུན་དུ་བསྒོམས་པས་ལས་ཉོན་གྱི་གཙོ་བོ་མ་རིག་པ་དང་འདུ་བྱེད་གཉིས་འཁོར་བའི་རྩ་བར་རྟོགས་ཏེ་ཀུན་


MR04_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གི་བདེན་པའི་རང་བཞིན་རྟོགས་ལ། རྒ་ཤི་གང་ལས་བྱུང་། སྐྱེ་བ་ལས་བྱུང་སོགས་ཀུན་འབྱུང་ལུགས་ལྡོག་བསྒོམས་པས་སྐྱེ་བ་དང་རྒ་ཤི་ལས་ཉོན་གྱི་འབྲས་བུ་མཐར་ཐུག་ཏུ་རྟོགས་ཏེ་སྡུག་བདེན་གྱི་རང་བཞིན་ཁོང་དུ་ཆུད། མ་རིག་པ་འགགས་པས་འདུ་བྱེད་འགགས་སོགས་རྣམ་བྱང་གི་རྟེན་འབྲེལ་ལུགས་མཐུན་དུ་བསྒོམས་པས་མ་རིག་པའི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྲིད་པའི་རྩ་བ་གཅོད་པར་ཤེས་ཏེ་ལམ་བདེན་གྱི་རང་བཞིན་རྟོགས། སྐྱེ་བ་འགགས་པས་རྒ་ཤི་འགགས་སོགས་རྣམ་བྱང་ལུགས་བཟློག་ཏུ་བསྒོམས་པས་ཉོན་མོངས་པ་ཅན་གྱི་མ་རིག་པ་སྤངས་པས་འབྲས་བུ་མཐར་ཐུག་སྐྱེ་ཤི་འགགས་པའི་འགོག་པ་ཡིན་པར་རྟོགས་ཏེ་འགོག་བདེན་གྱི་རང་བཞིན་ཁོང་དུ་ཆུད་པར་འགྱུར་རོ། །མདོར་ན་ཡུལ་ཡུལ་ཅན་ཐ་དད་དུ་དམིགས་པ་མ་ཡིན་པར་སྣང་སྟོང་ཟུང་དུ་འཇུག་པའི་ཆོས་ཉིད་བསལ་བཞག་མེད་པའི་རང་གཤིས་དུ་སོན་པའི་ཡེ་ཤེས་དེས། ཆོས་ཉིད་ལ་ཕྱིན་ཅི་ལོག་ཏུ་དམིགས་པའི་རྟོག་པ་རྣམས་སྤང་བ་ན། རྣམ་པར་མི་རྟོག་ཀྱང་བརྒྱ་ཕྲག་བཅུ་གཉིས་ཡོན་


MR04_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་གྱི་འབྲས་བུ་རྣམས་རྩོལ་མེད་དུ་འབྱུང་ཞིང་མཉམ་བཞག་ཏུ་ཆོས་ཀུན་མི་དམིགས་པ་མཉམ་པ་ཉིད་ལ་གནས་ནས་རྗེས་ཐོབ་ཏུ་གཞན་སྡུག་བསྔལ་ལས་དགྲོལ་པའི་ཆོས་ཞེན་འཛིན་མེད་པར་སྟོན་པ་ཡིན་ནོ། །གསུམ་པ་ལྷན་སྐྱེས་ཀྱི་རྟོག་པ་བཞི་སྤང་བ་སོགས་ཀྱི་སྒོ་ནས་མཚོན་པ་སྒོམ་ལམ་རྩེ་སྦྱོར་ལ་གསུམ། རྟེན་སྒོམ་ལམ། སྤང་བྱ་རྟོག་པ། བརྟེན་པ་ཡོན་ཏན་ནོ། །དང་པོ་ལ་གཉིས། སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་། དངོས་གཞི་ཐོད་རྒལ་གྱི་ཏིང་ངེ་འཛིན་ནོ། །དང་པོ་ནི། མཐོང་ལམ་གྱི་རྗེས་སུ་ཡོན་ཏན་གྱི་རྟེན་སྒོམ་ལམ་བསྟན་ཏེ། རྒྱུ་མཚན་མི་མཐུན་པའི་ཕྱོགས་སྤོང་བ་དང་། བརྟེན་པ་ཡོན་ཏན་ནི་སྒོམ་ལམ་སྔོན་དུ་འགྲོ་བ་ཅན་ཡིན་པས་སོ། །དེ་ཡང་མདོ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་འདོད་པ་དག་ལས་དབེན་པ་ཞེས་སོགས་ཀྱིས་བསྟན་ཏེ། སྦྱོར་བ་སེང་གེ་རྣམ་བསྒྱིངས་ཀྱི་ཏིང་ངེ་འཛིན་ནི། བསམ་གཟུགས་བརྒྱད་འགོག་པ་དང་བཅས་པའི་མཐར་གྱིས་གནས་པའི་སྙོམས་འཇུག་དགུར་ལུགས་འབྱུང་ལྡོག་གམ་ལུགས་མཐུན་དང་ལུགས་མི་མཐུན་རྣམ་པ་གཉིས་སུ་ཡར་སོང་ཞིང་མར་འོངས་ནས་ཏེ།


MR04_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གཏན་དང་པོ་ནས་བཟུང་སྟེ་འགོག་པའི་བར་དུ་སོང་ནས་དེའི་འོག་ཏུ་འགོག་པ་ནས་བཟུང་སྟེ་བསམ་གཏན་དང་པོའི་བར་འོངས་པ་ཡིན་ནོ། །གཉིས་པ་ནི། དངོས་གཞི་ཏིང་ངེ་འཛིན་ལ་རྩལ་སྦྱོང་བའི་ཕྱིར། ཐོད་རྒལ་ཆུང་ངུའི་དུས་སུ་མཐར་གནས་ཀྱི་སྙོམས་འཇུག་དགུ་ལ་ལུགས་མཐུན་དུ་སྙོམས་པར་འཇུག་སྟེ། དགུ་པོ་འདིས་སེམས་གནས་པ་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ། །ཐོད་རྒལ་འབྲིང་པོའི་དུས་སུ། བསམ་གཏན་དང་པོ་ནས་སྙོམས་འཇུག་བརྒྱད་ལ་འགོག་པ་རེ་སྤེལ་ནས་སྙོམས་པར་འཇུག་ཅིང་སླར་སྲིད་རྩེར་ནུད་ཆུང་དང་བཅས་ན་བཅུ་བདུན་ནོ། །ཐོད་རྒལ་ཆེན་པོ་ལ་ནི། འགོག་པའམ་སྲིད་རྩེའི་ནུད་ཆུང་ལས་ལྡང་སྟེ། དེ་ཡང་འདོད་པར་གཏོགས་པའི་སེམས་རྣམ་པར་ཤེས་པ་བསམ་གཟུགས་ཀྱི་ཏིང་ངེ་འཛིན་མཉམ་བཞག་གི་ངོ་བོ་མིན་པའི་ཐུན་མཚམས་ཀྱི་ངོ་བོར་བཟུང་སྟེ་སྙོམས་འཇུག་དགུ་དང་འདོད་སེམས་སྤེལ་ནས། ཐོད་རྒལ་དུ་ནི་སྙོམས་པར་འཇུག་པ་ལ། འདོད་སེམས་དེ་ནས་འགོག་པ་དང་དེ་ནས་འདོད་སེམས་དང་། དེ་ནས་འགོག་པ་གཅིག་པ་བོར་ཞིང་བརྒལ་བ་སྲིད་


MR04_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་དང་འདོད་སེམས་དང་། དེ་ནས་འགོག་པ་དང་སྲིད་རྩེ་གཉིས་བརྒལ་ནས་ཅི་ཡང་མེད་པ་དང་དེ་ནས་འདོད་སེམས་དང་། དེ་བཞིན་དུ་རིམ་པར་གསུམ་བརྒལ་ནས་རྣམ་ཤེས་མཐའ་ཡས་དང་འདོད་སེམས། བཞི་བརྒལ་ནས་ནམ་མཁའ་མཐའ་ཡས་དང་འདོད་སེམས། ལྔ་བརྒལ་ནས་བསམ་གཏན་བཞི་པ་དང་འདོད་སེམས། དྲུག་བརྒལ་ནས་བསམ་གཏན་གསུམ་པ་དང་འདོད་སེམས། བདུན་བརྒལ་ནས་གཉིས་པ་དང་འདོད་སེམས། བརྒྱད་བརྒལ་ནས་བསམ་གཏན་དང་པོ་དང་དེ་ནས་འདོད་སེམས་ཏེ། མདོར་བསྟན་པ་ནི་དེ་ལྟར་མར་འོང་ཁོ་ན་ལ་གསུངས་ཀྱང་། མར་འོང་དང་ཡར་འགྲོ་གཉིས་ཀ་ལ་ཡིན་པས། བསམ་གཏན་དང་པོ་དང་འདོད་སེམས། དེ་ནས་དང་པོ་བོར་ནས་གཉིས་པ་དང་འདོད་སེམས་སོགས་ནས་འགོག་པ་དང་འདོད་སེམས་བར་རིམ་པར་སྤེལ་བ་སྟེ། དེ་ལྟར་འགོག་པའི་བར་དུ་མི་འདྲར་འགྲོ་བ་ཐོད་རྒལ་གྱི་སྙོམས་འཇུག་ཡིན་ཏེ། ཇི་སྐད་བཤད་པ་ལྟར་གཅིག་དང་གཉིས་སོགས་བོར་ནས་བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་འགོག་པའི་སྙོམས་པར་འཇུག་པའི་བར་དུ་མཉམ་རྗེས་རིགས་མི་འདྲ་བ་སྤེལ་བའི་སྒོ་ནས་


MR04_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་སྙོམས་འཇུག་ཡིན་པས་སོ། །ཐོད་རྒལ་སོགས་ཏིང་འཛིན་གོམས་པའི་བྱེད་ལས་ཀྱི་སྤང་བྱ་རྟོག་པ་ཟད་པའོ། །གཉིས་པ་སྤང་བྱ་རྟོག་པ་ལ་གཉིས། གཟུང་རྟོག་དང་། འཛིན་རྟོག་གོ །དང་པོ་ལ་འཇུག་ལྡོག་གཉིས་ལས། དང་པོ་ནི། སྤྱིར་སྤང་བྱ་རྟོག་པ་ལ་འཇུག་ལྡོག་གི་གཟུང་བ་གཉིས་དང་། རྫས་བཏགས་ཀྱི་འཛིན་པ་གཉིས་དང་བཞི་ལ་ནང་གསེས་དགུ་རེར་ཕྱེ་བའི་སོ་དྲུག་པོ་ལྷན་སྐྱེས་ཀྱི་ཆ་སྤོང་བ་ཡིན་ནོ། །དེ་ཡང་འཇུག་བྱ་ཐེག་ཆེན་གྱི་ལུང་རྟོགས་དང་། ལྡོག་བྱ་ཐེག་དམན་གྱི་ལམ་དང་། རྫས་བཏགས་ནི་གཉིས་ཀར་ཡང་སྐྱེ་འཕགས་གཉིས་ཀའི་ཆོས་ལ་དམིགས་ནས་དེར་ཞེན་བྱེད་ཚུལ་ལས་དགུ་རེ་གསུངས་སོ། །དེས་ན་འཇུག་པ་ནི་སྦྱོར་བས་འཇུག་ཡུལ་ཡིན་ལ། ལྡོག་པ་ནི་སྦྱོར་བས་མི་ལེན་ཀྱང་སེམས་སེམས་བྱུང་འཇུག་ཡུལ་ཙམ་མོ། །དེ་ལ་འདིར་མདོ་ན། མདོ་དང་རྒྱས་པ་ཀུན་ཆུབ་པར་བགྱི་སོགས་ཏེ། འདི་ལ་ཤེས་བྱ་དང་ལམ་གྱི་དབང་དུ་བྱས་ཏེ་ཤེས་བྱ་གཉིས། སྤྱོད་པ་གཅིག་ལམ་གྱི་ཡོན་ཏན་གསུམ། ལམ་གྱི་ངོ་བོ་གསུམ་རྣམས་ཀྱི་དབང་དུ་བྱས་ཏེ་དགུ་པོ་རིམ་པར། དང་པོ་གཉིས་རྣལ་མ། དེ་


MR04_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཞི་ལྡོག་པ། ཐ་མ་གསུམ་རྣལ་མའི་སྒོ་ནས་བསྟན་པ། སྟོན་པས་གདུལ་བྱ་ཐེག་ཆེན་གྱི་རིགས་ཚིག་དོན་བསྡུས་པ་ལ་དགའ་བར་གསུང་རབ་མདོར་བསྡུས་པས་རྗེས་སུ་འཛིན་པ་དང་། རྒྱས་པ་ལ་དགའ་བར་ཆོས་རྒྱས་པར་བསྟན་པས་རྗེས་སུ་འཛིན་པ་སྟེ་ཤེས་བྱ་གཉིས་དང་། སྤྱོད་པ་ཆོས་ལ་ནན་ཏན་དུ་མི་བྱེད་པ་ལ་སངས་རྒྱས་ཀྱིས་བསྟངས་པས་ཡོངས་སུ་མ་བཟུང་བ་དང་ཞེས་ཇི་སྐད་བཤད་པའི་དོན་ལ་སྒྲུབ་པར་མི་བྱེད་པ་ལ་སངས་རྒྱས་མི་དགྱེས་པ་སྟེ་དེ་ནི་གཉེན་པོར་ཤེར་ཕྱིན་ལ་བརྩོན་པའི་འཇུག་བྱ་དེ་ལ་བདེན་འཛིན་ལྷན་སྐྱེས་སོ། །སྐབས་འདིར་བསྟངས་ཞེས་པ་མགོན་གྱི་དོན་དུ་གསུངས། ལམ་གྱི་ཡོན་ཏན་མཐོང་ལམ་དུས་ད་ལྟ་བ་ལ་ལྟོས་ནས། སྦྱོར་ལམ་འདས་པའམ་འགགས་ཟིན་པ་དང་། མཐོང་ལམ་ད་ལྟ་བ་ལ་མི་གནས་པའམ་གནས་པ་མེད་པ་དང་། སྒོམ་ལམ་མ་སྐྱེས་པའམ། སྐྱེ་བ་མེད་པའི་ཕྱིར་དུས་གསུམ་གྱི་ལམ་གྱི་ཡོན་ཏན་དེ་ལྟར་དོན་དམ་པར་མེད་པ་དང་། ཀུན་རྫོབ་ཏུ་ཡོད་པ་ལ་འཇུག་བྱར་ཞེན་པའི་རྟོག་པ་ལྷན་སྐྱེས་ཏེ་དེ་བཞི་འཇུག་ཡུལ་ལྡོག་པས་བསྟན་པའོ། །ལམ་གྱི་ངོ་བོ་ཐེག་ཆེན་གྱི་མྱང་འདས་ལ་སྦྱོར་བས་སྦྱོར་ལམ། སྟོང་བ་ཉིད་དམ་དེ་ཁོ་ན་ཉིད་མངོན་སུམ་དུ་


MR04_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གསར་དུ་མཐོང་བས་མཐོང་ལམ། མཐོང་ཟིན་གོམས་པར་བྱེད་པས་སྒོམ་པའི་ལམ་སྟེ་ལེགས་པའི་ལམ་ནི་རྣམ་པ་གསུམ་པོ་ལ་འཇུག་བྱར་ཞེན་པ་སྟེ། ཐེག་ཆེན་གྱི་ལམ་འཇུག་བྱར་ཞེན་པའི་རྟོག་པ་ལྷན་སྐྱེས་གཟུང་བའི་རྣམ་རྟོག་དགུ་པོ་འདི་ནི་གཅིག་པ་སྟེ་དང་པོ་སྒོམ་ལམ་ཉེར་བསྡོག་གི་སྦྱོར་བའི་རྣམ་པ་སྤང་བྱའི་སྤྱོད་ཡུལ་ཅན་ནོ། །སྤྱིར་སྦྱོར་དངོས་ཀྱི་སྤོང་བར་བཤད་པ་ནི་མངོན་གྱུར་པ་ལྡོག་དཀའ་སླའི་ཁྱད་ཡིན་གྱི། ས་བོན་རྣམས་དངོས་གཞིའི་བར་ཆད་མེད་ལམ་དུས་སུ་ལྡོག་པ་ཡིན་ནོ། །གཉིས་པ་ནི། གཟུང་རྟོག་ཕྱི་མའམ་གཉིས་པ་ལྡོག་པའི་རྟེན་ཅན། ཉན་རང་གི་ལམ་གྱི་དངོས་གཞི་སེམས་དང་སེམས་བྱུང་གི་རྟོགས་པའི་རིམ་པ་རྣམས་གོང་ནས་གོང་དུའམ་དངོས་གཉེན་དུ་འཇུག་པའི་སྤྱོད་ཡུལ་ཅན་བར་ཆད་མེད་ལམ་གྱི་སྤང་བ་ཡིན་པར་བཞེད་དེ་འདིའི་མདོ་ནི། སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ཞེས་སོགས་སོ། །ཉན་རང་གི་ཚོགས་ལམ་དུ་བླ་མེད་བྱང་ཆུབ་ཏུ་སེམས་མི་བསྐྱེད་དེ་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་དང་བྲལ་བའི་ཕྱིར་དང་། བྱང་ཆུབ་ཀྱི་སྙིང་པོ་ཆོས་སྐུ་ཐོབ་བྱར་ཡིད་ལ་མི་བྱེད་དེ་གཞན་དོན་ལ་དམིགས་པ་རྒྱ་ཆུང་བའི་ཕྱིར་དང་སྟེ་དེ་གཉིས་སོ། །ཉན་རང་


MR04_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་ཀྱི་སྦྱོར་ལམ་དུ་རང་རང་གི་རིགས་ཅན་ཡིན་པའི་ཕྱིར་ཐེག་པ་དམན་པ་ཉིད་ཡིད་ལ་བྱེད་པ་དང་། དེ་བཞིན་དེའི་མཐོང་ལམ་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་དེ་ཐབས་ཤེས་ཟུང་འབྲེལ་གྱི་ཤེར་ཕྱིན་སྒྲུབ་པ་མེད་པས་སོ། །དེའི་སྒོམ་ལམ་དུ་ཉན་རང་གི་མྱང་འདས་དོན་དུ་ཤེར་ཕྱིན་གྱི་གཟུགས་བརྙན་ནམ་མི་རྟག་སོགས་སྒོམ་པར་བྱེད་དེ་དམིགས་པ་དང་བཅས་པ་ཉིད་ཀྱིས་དང་། མི་སློབ་པའི་ལམ་དུ་ཉན་རང་ལ་ལམ་ཡོངས་སུ་རྫོགས་པའི་གནས་ལུགས་ཀྱི་དོན་སྒོམ་པ་མེད་པའམ། ཡང་ན་མི་རྟག་པ་སོགས་སུ་དམིགས་པ་སླར་སྒོམ་པ་ལ་ལྟོས་པ་མེད་པ་དང་། སྒོམ་མི་སྒོམ་དེ་གཉིས་པོ་དག་ལས་ནི་བཟློག་པའམ་གནས་ལུགས་སྒོམ་པ་མེད་པ་དང་མི་རྟག་པ་སྒོམ་པ་ཡོད་པ་ཉིད་དང་ཡང་ན་མི་རྟག་སོགས་ལ་དམིགས་མེད་དུ་སྒོམ་པ་མེད་པ་དང་གནས་ལུགས་བདེན་ཞེན་གྱིས་སྒོམ་པ་ཡོད་པའོ། །སྐབས་འདིར་མདོ་ལས་བསྟན་པའི་བཟློག་ཕྱོགས་རྣམས་རྟོག་པའི་ཡུལ་དུ་བསྟན་པས། སྒོམ་པར་ཞེན་པ། སྒོམ་མེད་ལ་ཞེན་པ། གཉིས་ཀ་ལ་ཞེན་པ། གཉིས་མིན་དུ་ཞེན་པ་བཞི་ལ་གནས་པས་དེ་ལྡོག་བྱར་ཞེན་པ་ལྷན་སྐྱེས་རྣམས་སོ། །དེས་


MR04_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཕུང་པོ་མི་རྟག་པ་སོགས་ལ་ཞེན་པའི་མཐར་ལྷུང་ནས་གནས་ལུགས་ཇི་བཞིན་པའི་དོན་མིན་པ་ལྡོག་བྱར་ཞེན་པའི་རྣམ་པར་རྟོག་པ་དགུ་པོ་སྒོམ་པའི་ལམ་ལ་སྤང་བྱར་ཤེས་པར་བྱའོ། །གཉིས་པ་འཛིན་རྟོག་ལ་གཉིས། རྫས་འཛིན་དང་། བཏགས་འཛིན་ནོ། །དང་པོ་ནི། དེ་ལ་བདག་མེད་མ་རྟོགས་པས་རྫས་སུ་འཛིན་པ་དང་རྟོགས་པས་བཟུང་ཚད་བཏགས་འཛིན་ཡིན། དེས་ན་ཡུལ་དུ་ཞེན་ནས་བླང་དོར་བྱེད་པས་ཀུན་བཏགས་འཛིན་ཞེན་ཡམས་ནད་ལྟ་བུའི་རྟོག་པ་འདི་སྒོམ་ལམ་གྱིས་ཇེ་ཞིར་སོང་ནས་དག་སར་དབུགས་ཕྱིན་པའོ། །མདོ་ནི། བདག་དང་སེམས་ཅན་དམིགས་སུ་མེད་ན་ཇི་ལྟར་བདག་དང་སེམས་ཅན་དུ་གདགས་པར་བྱ་ཞེས་སོགས་སོ། །འདི་ལ་ཤེས་རབ་ཀྱི་དབང་དུ་བྱས་པ་གསུམ། ཉན་ཐོས་དང་བྱང་སེམས་ཀྱི་ཤེས་རབ་གཉིས། ཐབས་གཉིས། སོ་སྐྱེའི་ལྟ་སྤྱོད་གཉིས་ཏེ་དགུ་པོ་རིམ་པར། རང་དབང་མེད་པས་སེམས་ཅན་ཕུང་པོ་ལ་བཏགས་པའི་སྤྱོད་ཡུལ་སོ་སྐྱེ་སོགས་ལ་དམིགས་ནས་དེ་རྫས་སུ་འཛིན་པའི་གང་ཟག་ལ་ལོངས་སྤྱོད་པ་པོར་རྫས་ཡོད་དུ་ལྟ་བ་དང་། དེ་བཞིན་དུ་སྦྱར་ཏེ། དོན་ལ་མེད་པ་ཡུལ་


MR04_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཅན་གྱི་ཆོས་སུ་བཏགས་པ་ཙམ་ལ་བདེན་པར་འཛིན་པ་ལ་སོགས་དང་ཀུན་རྫོབ་ཐ་སྙད་དུ་སྟོང་པ་མིན་པའམ་མི་སྟོང་བའི་རྣམ་མཁྱེན་སོགས་ཀྱི་ཆོས་ཀུན་ལ་བདེན་པར་འཛིན་པ་ཉིད་ལ་སྟེ་ཤེས་བྱ་དང་། ཉན་ཐོས་ཀྱིས་སོ་སྐྱེའི་ཆོས་སམ་རྣམ་བྱང་གི་ཆོས་ལ་བདེན་པར་ཆགས་པ་ལ་དང་། བྱང་སེམས་གནས་ལུགས་ཀྱི་དོན་རབ་ཏུ་རྣམ་པར་འབྱེད་པའི་བདག་ཉིད་དམ་ཤེས་རབ་ལ་བདེན་པར་འཛིན་པ་དང་སྟེ་ཤེས་རབ་བམ་ལྟ་བའོ། །ཉན་ཐོས་རང་དོན་ཞི་བ་ཙམ་གྱི་ལམ་འབྲས་ལ་མཚན་འཛིན་གྱི་དངོས་པོར་བྱེད་པའམ་ཆེད་དུ་བྱས་ནས་སྒྲུབ་པ་ལ་དང་། བྱང་སེམས་ཐེག་གསུམ་གྱི་ངེས་པར་འབྱུང་བ་ལ་སྟེ་ཐབས་སམ་སྤྱོད་པའོ། །སོ་སྐྱེ་དང་ཉན་ཐོས་ཚོགས་ལམ་པ་བདེན་པར་འཛིན་པས་བདག་མེད་མ་རྫོགས་པ་ཡོན་ནི་དག་པ་མ་ཡིན་པ་ལ་དང་། བདེན་འཛིན་གྱི་དབང་གིས་སྦྱིན་སོགས་ཕར་ཕྱིན་གྱི་སྤྱོད་པ་རྣམ་པར་འཁྲུགས་པ་སྟེ་འཁོར་གསུམ་དུ་དམིགས་པ་ལ་ལོངས་སྤྱོད་པ་པོའི་རྫས་སུ་ཡོད་པར་འཛིན་པར་བྱེད་པ་རྫས་འཛིན་ཏེ་འཛིན་རྟོག་དང་པོར་དེ་ཉིད་དུ་ཤེས་པར་བྱ་བ་མདོ་ལས་བསྒྲགས་པ་ཡིན་པས་སྦྱོར་བས་སྤང་བར་བྱ་བའོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། མདོ་ལས།


MR04_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་ནི་མིང་དང་མཚན་མ་དང་མངོན་པར་ཞེན་པ་མ་ཡིན་ནོ་ཞེས་སོགས། ཡུལ་སེམས་ཅན་དུ་ཐ་སྙད་བཏགས་པ་ཙམ་དང་བཏགས་པ་དེ་ཡི་རྒྱུ་ཕུང་པོ་ཡི་རྒྱུན་གྱི་སྣང་བ་ཙམ་གྱི་ཡུལ་ཅན་ནམ་བཏགས་འཛིན་འཕགས་པའི་སྒོམ་ལམ་དེ་ཡིས་རྣམ་པར་འཇོམས་པར་བྱེད་པས་ན་སྒོམ་པའི་ལམ་དེ་དང་སྤང་གཉེན་དུ་འབྲེལ་བ་ཡི་མི་མཐུན་ཕྱོགས་སྔ་མ་ལས་གཞན་རྣམ་པ་དགུ་ཡིན་ནོ། །གཉིས་པ་ནི། མདོ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡིན་ནོ། །ཞེས་སོགས་ཀྱིས་བསྟན་ཏེ། མཁྱེན་གསུམ་གྱི་དམིགས་པའི་བདག་ཉིད་ཇི་བཞིན་དུ་མི་ཤེས་པ། ཀུན་མཁྱེན་སོགས་ནི་མཁྱེན་གསུམ་གྱི་སྒྲིབ་པ་རྣམ་པ་གསུམ་དང་སྟེ། ཉན་ཐོས་ཚོགས་ལམ་པ་རྣམ་མཁྱེན་གྱི་སྒྲིབ་པ་སྤོང་བ་ལ་ཀུན་ཏུ་རྨོངས་ཏེ་ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་མི་ཤེས་པས་སོ། །ལམ་ཤེས་ཀྱི་སྒྲིབ་སྤོང་ལ་རྨོངས་ཏེ་ལམ་གསུམ་མི་ཤེས་པས་སོ། །སོ་སྐྱེ་ཐ་མལ་པ་ཀུན་ཤེས་ཀྱི་སྒྲིབ་སྤོང་ལ་རྨོངས་ཏེ་གཞི་ཐམས་ཅད་ཡོངས་སུ་མི་ཤེས་པས་སོ། །དེ་ལྟར་སྒྲིབ་གསུམ་སྤོང་བར་རྨོངས་པ་ལ་སྐྱེས་བུ་བཏགས་པ་དེ་ལོངས་སྤྱོད་པ་པོར་ཞེན་པའི་རྟོག་པ་ལྷན་སྐྱེས་སོ། །


MR04_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ། ཐར་ལམ་གྱི་ངོ་བོ་སྒྲིབ་པ་ཐམས་ཅད་ཞི་བར་བྱེད་པའི་ལམ་ཤེར་ཕྱིན་ལ་ཀུན་ཏུ་རྨོངས་པ་ལ་དང་། ཆོས་ཉིད་དེ་བཞིན་ཉིད་སོགས་དང་ཆོས་ཅན་གཟུགས་སོགས་མཚུངས་པར་ལྡན་པ་སྟེ་གཅིག་དང་མི་ལྡན་པ་ཐ་དད་ཀྱི་ཚུལ་ལ་རྨོངས་པ་ལ་དང་། བདུད་དང་མུ་སྟེགས་སོགས་གང་དང་མི་མཉམ་པའི་ལམ་ཟབ་མོ་ལ་རྨོངས་པ་ལ་དང་། སྡུག་བསྔལ་ལ་སོགས་བདེན་བཞི་སྤྲོས་བྲལ་དུ་མ་ཤེས་ནས་སྒྲ་ཇི་བཞིན་དུ་མི་རྟག་སོགས་གནས་ལུགས་མཐར་ཐུག་ཏུ་ཞེན་པས་རྨོངས་པ་ལ་དང་། གནས་ལུགས་ལ་ཕྱིན་ཅི་ལོག་སྤང་བྱ་ཉོན་མོངས་རྣམས་ཀྱི་རང་བཞིན་ལ་རྨོངས་པ་སྟེ་སྤང་བྱ་གློ་བུར་བའམ་གདོད་ནས་སྟོང་ཉིད་དུ་མ་ཤེས་པ་ལ་དང་། གཟུང་འཛིན་གཉིས་སུ་མེད་པ་ལ་ཀུན་ཏུ་རྨོངས་པ་དང་དགུ་ལ་ནི་རྣམ་པར་རྟོག་པ་ཐ་མར་ཏེ་བཏགས་འཛིན་དུ་བཞེད་དེ་དེ་ལྟར་ཀུན་རྨོངས་དགུ་ལ་སྐྱེས་བུར་བཏགས་པ་ལ་ལོངས་སྤྱོད་དུ་ཞེན་པ་ཡིན་ནོ། །དེ་རྣམས་བྱང་སེམས་ཀྱི་ལམ་གྱི་སྒྲིབ་པ་དང་། དེའི་ངོ་བོ་དང་། དམིགས་པ་དང་། ཁྱད་པར་དང་། སྤང་བྱ་དང་། ལམ་གྱི་རྣམ་པའི་དབང་དུ་བྱས་ཏེ། དང་པོ་གསུམ་དང་། བཞི་པ་དང་། ལྔ་བདུན་གཉིས་དང་། དྲུག་པ་དང་། བརྒྱད་པ་དང་དགུ་པའོ། །


MR04_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན་ཤེས་བྱ་ཡུལ་ལ་ལོངས་སྤྱད་བྱ་དང་། སྤྱོད་བྱེད་གཉིས་ལས། ཡུལ་གཟུང་བ་ལ་འཇུག་ལྡོག་གཉིས། འཛིན་པ་ལ་གང་ཟག་དང་། དེའི་ཆོས་ཀྱིས་ཁྱད་པར་དུ་གདགས་པ་སྟེ། མདོར་ན་བླང་དོར་དང་། ལམ་བསྟེན་པ་པོ་དང་། ལམ་གྱི་ཆོས་རྣམས་སྐབས་འདིར་འཛིན་སྟངས་གཙོ་ཆེ་བར་འབྱུང་བས། དེ་དག་གི་ས་བོན་རྣམས་ཟད་པ་ལ་ལྡོག་པས་དབྱེ་བར་གསུངས་ཏེ། ཕྱིན་ཅི་ལོག་གི་རྟོག་པ་ཚུལ་མི་འདྲ་བ་དུ་མ་སྐྱེ་བའི་ནང་ནས་ལམ་རང་རང་གི་སྐབས་སུ་སྤང་བྱར་གྱུར་པ་ཆེ་རིམ་བསྟན་པ་ཡིན་ནོ། །གསུམ་པ་བརྟེན་པ་ཡོན་ཏན་ནི། མདོ་ལས། སྐྱེས་བུ་འགའ་ཞིག་གིས་ལྗང་བུ་འདོད་པས་སོགས་ལོ་འབྲས་ཕུན་ཚོགས་ཀྱི་དཔེས་བསྟན་པ་བཞིན། ཡམས་ནད་འབྲུམ་སོགས་ལྟ་བུ་ཟུག་རྔུ་བསྐྱེད་པའི་རྟོག་པ་གོང་བཤད་འདི་རྣམས་སྒོམ་ལམ་གྱིས་ཇེ་ཟད་དུ་སོང་ནས་སླར་མི་སྐྱེ་བ་ནི་ཡུན་རིང་ལོན་ནས་ནད་ལས་གྲོལ་བའམ་དབུགས་ཕྱིན་པ་ལྟར་གཞན་དོན་བྱེད་པའི་གེགས་ཟད་པས་དུས་རྣམ་པ་ཀུན་ཏུ་འགྲོ་བ་ཡི་ཕན་བདེ་སྒྲུབ་པ་དང་། རང་རྒྱུད་ལ་ཐེག་གསུམ་གྱིས་བསྡུས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཀུན། རྒྱ་མཚོ་ཆེ་ལ་ཆུ་བོ་ཀུན་འདུ་བ་བཞིན་


MR04_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དུ། སྒོམ་ལམ་རབ་མཐར་ཕྱིན་པའི་འབྲས་བུ་མཆོག་གིས་སྤ་བའམ་མཛེས་པ་ཡི། བྱང་ཆུབ་སེམས་དཔའ་ཆེན་པོ་དག་ས་པའམ་ས་བཅུ་པ་དེ་ལ་ནི། རྣམ་པ་ཀུན་ཏུ་ཡོན་ཏན་དེ་དག་འབད་པ་མེད་པར་འདུ་བའམ་བརྟེན་པར་བྱེད་དོ། །བཞི་པ་སློབ་ལམ་མཐར་ཐུག་པ་ཕན་ཡོན་ཚད་མེད་པ་ཅན་གྱི་བར་ཆད་མེད་པའི་རྩེ་མོ་ལ། ངོ་བོ། རྒྱུ། སྤང་བྱ་གསུམ། དང་པོ་ཕན་ཡོན་གྱིས་མཚོན་པའི་བར་རྩེའི་ངོ་བོ་ནི། མདོ་ལས། བྱང་སེམས་འགའ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་སོགས་ཀྱིས་བསྟན་པ་བཞིན། སྟོང་གསུམ་གྱི་སྐྱེ་བོ་ཇི་སྙེད་པ་ཐམས་ཅད་ཉན་ཐོས་ཀྱི་སྤང་བ་དང་། རང་རྒྱལ་བསེ་རུའི་རྟོགས་པ་ཕུན་ཚོགས་ལ་བཀོད་པ་དང་། བྱང་ཆུབ་སེམས་དཔའ་སྐྱོན་མེད་པ་ས་དང་པོ་ལ་བཀོད་པའི་དགེ་བ་དཔེར་མཛད་ནས། དེ་ལས་ཆེས་བསོད་ནམས་མང་པོར་གྱུར་པ་ཉིད་ཀྱིས་ནི། སངས་རྒྱས་ཉིད་ཀྱིས་དང་ཆོས་གཞན་གྱིས་བར་ཆོད་པ་མེད་པ་སྟེ་རྒྱུན་མཐའི་བར་ཆད་མེད་པའི་ལམ་གྱི་ཏིང་ངེ་འཛིན་བསྟན་ལ། དེ་ནི་རྣམ་པ་ཀུན་མཁྱེན་པ་ཉིད་ཀྱི་བར་ཆད་མེད་པའི་ལམ་ཡིན་ནོ། །གཉིས་པ་ནི། མདོ་ལས། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་


MR04_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་དངོས་པོ་མེད་པ་དང་། བདག་པོ་ནི་དྲན་པ། རྣམ་པ་ནི་ཞི་བ་དང་མཚན་ཉིད་མེད་པའོ། །ཞེས་གསུངས། དེ་ཡང་རྒྱུ་བར་རྩེ་དང་རྣམ་མཁྱེན་འདི་ཡི་དམིགས་པ་ནི་ཆོས་ཐམས་ཅད་སྤྲོས་པ་ཀུན་གྱི་དངོས་པོར་མེད་པའི་དེ་བཞིན་ཉིད་མཐར་ཐུག་པ་ཡིན་ལ། བདག་པོ་ཡི་རྐྱེན་ནི་ས་བཅུ་པ་མན་ཆད་ཀྱི་དེ་བཞིན་ཉིད་ལ་དམིགས་པའི་དྲན་པ་ཡིན་པར་བཞེད་ལ། རྣམ་པ་ནི་སྤྲོས་པ་མཐའ་དག་ཞི་བ་ཉིད་ཀྱི་རང་བཞིན་ཅན་ནོ། །དེས་ན་རྒྱུན་མཐའི་བར་ཆད་མེད་པའི་རྩེ་མོའི་བསླབ་པ་འདི་ནི། བསླབ་པ་ཐམས་ཅད་ཀྱི་མཆོག་ཡིན་ཏེ་བསླབ་པ་མཐར་ཐུག་པའི་ངོ་བོ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་བར་ཆད་མེད་ལམ་གྱི་ངོ་བོར་གྱུར་པའི་ཤེར་ཕྱིན་གྱི་བསླབ་པ་འདི་ལ་སློབ་པར་བྱ་སྟེ། འདི་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་མ་ཐག་ཏུ་འབྱུང་བས་ན། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཆོས་འབྱུང་བའི་གཏེར་དང་ཡོན་ཏན་གྱི་མཛོད་དམ་པ་སངས་རྒྱས་ཀྱི་གདུང་མི་གཅོད་པའི་རིགས་དང་འགྲོ་བའི་བདེ་སྐྱིད་ཀྱི་མཛོད་མི་ཟད་པའང་ཡིན་ནོ། །དེའི་ཕྱིར་རྟེན་འབྱུང་གི་ཆོས་ཀུན་ལ། གདོད་ནས་སྐྱེ་འགག་མེད་པར་མཉམ་པ་ཉིད་དུ་གནས་པ་ཁོང་དུ་ཆུད་པའི་ཤེས་རབ་མཐར་ཐུག་པ་མངོན་དུ་སྐྱེད་ནས། སྤྲོས་པའི་མཚན་མ་ཤིན་ཏུ་ཕྲ་བའང་ཉེ་བར་ཞི་བའི་ཡེ་ཤེས་དེས། ཐོག་མེད་ནས་གནས་པའི་མ་


MR04_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་ས་བོན་ཕྲ་བ་དང་བཅས་པ་དྲུང་ནས་བཅོམ་སྟེ་རང་བྱུང་ཡེ་ཤེས་ཀྱི་སྐུ་ཅན་སངས་རྒྱས་ཐོབ་པར་འགྱུར་བས། ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་མཐར་ཐུག་པའི་བར་ཆད་མེད་ལམ་བསྟན་པའོ། །གསུམ་པ་བསལ་བྱ་ལོག་རྟོག་ལ། བསྟན་བཤད་གཉིས་ལས་དང་པོ། བར་ཆད་མེད་པའི་རྩེ་མོ་འདི་ལ་ནི། དངོས་པོར་རབ་ཏུ་སྨྲ་བ་རྣམས་བརྒྱུད་མར་རྒོལ་ཏེ། འདི་ཤིན་ཏུ་ཟབ་པས་རྟོགས་པར་ཆེས་དཀའ་བའི་དོན་གྱིས་སོ། །གཉིས་པ་ནི། མདོ་ལས། གསོལ་བ། བཅོམ་ལྡན་འདས་ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་དངོས་པོ་མ་མཆིས་པ་ལགས་སམ། འོན་ཏེ་གཟུགས་ཀྱང་དངོས་པོ་མ་མཆིས་པ་ལགས། ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཆོས་ཀུན་དམིགས་ན་དམིགས་བྱ་འདུས་བྱས་སོགས་གྲུབ་པར་འགྱུར་ལ། དམིགས་པར་བྱ་བ་རྡུལ་ཙམ་མེད་ན་ཆོས་ཀུན་གཟིགས་པ་མི་སྲིད་པས་དམིགས་པ་མི་འཐད་པར་རྒོལ་བ་དང་ ༡ དམིགས་པར་བྱ་བ་དེ་ཡི་ནི་ངོ་བོ་ཉིད་དམ་རང་བཞིན་མེད་ན་སྤྲོས་བྲལ་དེ་ཁོ་ན་ཉིད་ཀྱི་ངོ་བོ་ངོས་བཟུང་བའང་མི་འཐད་ལ། དེ་སུས་ཀྱང་ཤེས་པར་བྱར་མི་རུང་བས་དེའི་རྣམ་པའམ་ངོ་བོ་ངོས་གཟུང་བ་མི་འཐད་པར་རྒོལ་བ་དང་། ༢ དེ་བཞིན་དུ་འབྲས་བུ་རྣམ་མཁྱེན་ཀྱང་མི་འཐད་དེ། དེས་དངོས་དངོས་མེད་དུ་མི་དམིགས་


MR04_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཅི་ཡང་མི་མཁྱེན་པས་རྣམ་ཀུན་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མི་འཐད་པར་དང་། ཀུན་རྫོབ་མེད་ན་དེ་ལ་མ་ལྟོས་པར་དམ་པའི་དོན་ཡོད་པ་མི་སྲིད་པ་དང་། ཀུན་རྫོབ་ཀྱང་མི་འཐད་དེ་དེ་དག་མི་དམིགས་པའི་ཕྱིར་སྙམ་དུ་བདེན་གཉིས་ལ་རྩོད་པ་དང་། སྦྱོར་བ་ཕྱིན་དྲུག་གི་ཉམས་ལེན་ཡང་མི་འཐད་དེ་སྦྱིན་སོགས་མེད་པའི་ཕྱིར་སྙམ་དུ་མི་འཐད་པར་དང་། སྦྱོར་བའི་རྟེན་དཀོན་མཆོག་གསུམ་པོ་མེད་དེ། ཐོབ་པ་པོ་དང་རྟོགས་བྱ་མེད་པས་སངས་རྒྱས་མེད་པར་དང་། འགོག་པ་མིང་ཙམ་ཡིན་པས་ཆོས་མི་སྲིད་པར་དང་། དགེ་འདུན་གྱི་གདགས་གཞི་གཟུགས་སོགས་མེད་པས་དགེ་འདུན་དཀོན་མཆོག་མེད་པར་དང་། སྤྱོད་པའི་ཁྱད་པར་ཐབས་མཁས་པའང་མེད་དེ་སྦྱིན་སོགས་འཁོར་གསུམ་དག་པའི་ཤེས་རབ་ཀྱི་ཀྱིས་ཟིན་པ་མེད་པས་སོ་སྙམ་དུ་ཐབས་མཁས་བཅས་ལ་དང་། དངོས་དངོས་མེད་ཀྱི་ངོ་བོར་རྟོག་པ་བཀག་པས་དེ་ལས་གཞན་དུ་རྟོགས་ཚུལ་མེད་སྙམ་དུ་དེ་བཞིན་ཉིད་མངོན་དུ་གཟིགས་པའི་ཐུབ་པའི་རྟོགས་པ་མི་འཐད་པར་དང་། མི་རྟག་པར་འཛིན་པ་སོགས་ཕྱིན་ཅི་མ་ལོག་པར་མི་འཐད་པས་གཙང་བདེ་སོགས་སུ་འཛིན་པ་ཕྱིན་ཅི་ལོག་ཡིན་པར་ནི་མི་འཐད་པར་དང་།


MR04_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བསྒོམས་ཀྱང་འབྲས་བུ་མངོན་དུ་མི་བྱེད་པས་ལམ་གྱི་ངོ་བོ་བཅས་མི་འཐད་པར་དང་། བླང་བྱ་མེད་པར་གཉེན་པོ་མི་འཐད་པར་དང་། སྤང་བྱ་མེད་པས་མི་མཐུན་ཕྱོགས་དག་མི་འཐད་པར་དང་། མཚན་གཞི་མེད་པས་རང་དང་སྤྱིའི་མཚན་ཉིད་མི་འཐད་པར་དང་ནི། བསྒོམ་བྱ་རང་སྤྱིའི་མཚན་ཉིད་མེད་ན་མོས་སྤྱོད་དང་འཕགས་པར་དེ་བཞིན་ཉིད་སྤྱི་དང་རང་གི་མཚན་ཉིད་ཀྱིས་སྒོམ་པ་ལ་མི་འཐད་པར་རྒོལ་བ་སྟེ། ༣དེ་ལྟར་ལོག་པར་སྨྲ་བ་རྣམས་ཀྱི་ཕྱིན་ཅི་ལོག་གི་རྟོག་པ་ཡང་དག་མིན་པ་ཅན་རྣམ་པ་ཀུན་མཁྱེན་ཉིད་ལ་རྟེན་པ་ཅན་རྣམ་པ་བཅུ་དྲུག་པོ་དག་ཏུ་བཞེད་དོ། །དེ་ལ་བདེན་གཉིས་འགལ་བར་འཛིན་པའི་གང་ཟག་གིས། དོན་དམ་པར་རང་བཞིན་མེད་པ་ལ་བརྟེན་ནས་ཀུན་རྫོབ་སུན་ཕྱུང་བ་དོན་དམ་སྒོ་ཅན་དང་། ཀུན་རྫོབ་ལ་བརྟེན་ནས་དོན་དམ་མི་འཐད་པར་རྩོད་པ་ཀུན་རྫོབ་སྒོ་ཅན་དག་ནི་རང་གི་ཕྱིན་ཅི་ལོག་ཏུ་རྟོག་པ་ཙམ་དུ་ཟད་དེ། དོན་དམ་པར་མེད་པས་ཀུན་རྫོབ་ཏུ་མེད་པར་ཐལ་ཞེ་ན། ཁྱབ་པ་མ་ངེས་ལ། ཀུན་རྫོབ་ཏུ་མེད་པའི་ཕྱིར་ཞེ་ན་རྟགས་མ་གྲུབ་ཅིང་། དོན་དམ་པར་མེད་པར་ཐལ་ཞེ་ན་འདོད་ལན་ཐེབས་པ་དང་། དེ་བཞིན་དུ་ཀུན་རྫོབ་ཏུ་ཡོད་པས་དོན་དམ་པར་ཡོད་པར་


MR04_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་ཞེ་ན་ཁྱབ་པ་མ་ངེས་པ་སོགས་བདེན་གཉིས་རྣམ་པར་ཕྱེ་ཞིང་སྟོང་རྟེན་འབྱུང་འགལ་མེད་ཀྱི་ཚུལ་ལས་བརྩམས་ཏེ་ལོག་རྟོག་བསལ་བར་བྱ་བ་ལ་ཡང་དག་པ་མཐར་ཐུག་གི་དོན་དུ་ཀུན་རྫོབ་ལས་ལོགས་ཤིག་ཏུ་དོན་དམ་ཉེ་བར་མི་དམིགས་པས། དམིགས་པ་དང་མི་དམིགས་པ་འགལ་བ་མེད་པར་ཟུང་འཇུག་མཉམ་པ་ཆེན་པོའི་རྗེས་སུ་སོན་པའི་རིགས་པས། རྟོགས་པར་དཀའ་བ་བར་ཆད་མེད་རྩེའི་དམིགས་རྣམ་ལ་ཕ་རོལ་གྱི་ལོག་པར་རྟོག་པ་བསལ་ནས་དམིགས་པ་སོགས་འཐད་པར་བསྒྲུབས་ཤིང་ཡིད་ཆེས་པའི་སྒོ་ནས་ཟབ་མོའི་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པར་བྱའོ། །དེ་ཡང་རྣམ་པར་མི་རྟོག་པའི་ཤེར་ཕྱིན་ལ་གནས་པས་སྦྱིན་སོགས་ཕར་ཕྱིན་གཞན་གྱི་སྦྱོར་བ་ལ་འཇུག་པ་མི་འཐད་པ་མིན་པར་མ་ཟད་ཤིན་ཏུ་འཐད་དེ། ཕར་ཕྱིན་རེ་རེའི་ཡོན་ཏན་ཡང་ཕྱོགས་དུས་ཀྱི་མུ་དང་མཉམ་པས་ཚད་དཔག་པར་དཀའ་བ་དང་། སྐྱོན་གྱི་དྲི་མས་ཡོངས་སུ་དག་པ་གཞན་གང་དང་ཡང་མི་མཉམ་པའི་མཚུངས་པ་མེད་པ་ཞིག་ཐོབ་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་མཐུས་བྱེད་པར་རིག་པར་བྱ་སྟེ། ཆོས་རྣམས་རང་བཞིན་མེད་པར་


MR04_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤེས་ནས་གང་ཟག་གི་བདག་འཛིན་ཡོད་ན། དེའི་དབང་གིས་སེར་སྣ་སོགས་ཕར་ཕྱིན་གྱི་མི་མཐུན་ཕྱོགས་ཡོད་པར་འགྱུར་ལ། དེ་ལྟ་ན་ཀུན་འཛིན་གྱི་ཆགས་པ་དང་བྲལ་བའི་ཡོངས་སུ་གཏོང་བ་སོགས་ལ་འཇུག་མི་ནུས་སོ། །གལ་ཏེ་གང་ཟག་གི་བདག་ཏུ་མ་བཟུང་ཡང་དངོས་དངོས་མེད་དུ་དམིགས་པ་དང་མ་བྲལ་ན་སྲིད་ཞིར་བླང་དོར་དུ་ཞེན་པའི་དབང་གིས་ཞི་མཐར་ཡང་ལྷུང་ལ། དམིགས་པ་དང་བཅས་པའི་ཚོགས་ཀྱང་ཤིན་ཏུ་རྣམ་པར་དག་བར་མི་འགྱུར་ཏེ། དངོས་པོའི་རང་བཞིན་དང་མི་མཐུན་པའི་མ་རིག་པས་བསླད་པ་ཅན་ཡིན་པའི་ཕྱིར་རོ། །དེས་ན་ཕར་ཕྱིན་གཞན་རྣམས་ཡོངས་སུ་རྫོགས་པ་དང་དག་པ་ནི་ཤེར་ཕྱིན་མེད་ན་མི་འབྱུང་ལ། མཐའ་གང་དུའང་མི་དམིགས་པའི་ཤེར་ཕྱིན་ཡོད་ན། དེ་རྒྱུད་ལྡན་ཀྱི་བྱང་ཆུབ་སེམས་དཔའ་དེ་ལ་སེར་སྣ་སོགས་མེད་པས་ན་དེ་དག་ལུས་ལོངས་སྤྱོད་དགེ་རྩལ་ཀུན་ཏུ་འཛིན་པའི་ཆགས་པ་ཕྲ་མོའང་མེད་པས་སྦྱིན་སོགས་ལ་འཇུག་ཅིང་། དེ་ཡང་ལན་དང་རྣམ་སྨིན་ལ་རེ་བ་མེད་པ་དང་། འཁོར་གསུམ་དུ་རྟོག་པའི་དྲི་མ་མེད་པར་འགྱུར་བའི་ཚུལ་གྱིས་སྦྱིན་སོགས་ཀུན་སྒྲུབ་པར་བྱེད་དེ། འདི་ལྟར་དངོས་དངོས་མེད་སྲིད་ཞིའི་མཐའ་གང་


MR04_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་མི་གནས་པའི་ཤེར་ཕྱིན་གྱི་དོན་མཐོང་བ་དེས་འཁོར་བ་སྤངས་ནས་ཞི་བ་མངོན་དུ་བྱེད་པའི་སེམས་ནམ་ཡང་མི་སྐྱེད་ལ། རང་གིས་ཟུང་འཇུག་སྤྲོས་པ་མེད་པའི་དེ་ཉིད་མཐོང་ཡང་། གཞན་དེ་ལྟར་མ་མཐོང་བའི་སེམས་ཅན་གྱི་ཕན་བདེ་སྒྲུབ་པའི་ཆེད་དུ་སྦྱིན་སོགས་ལ་འཇུག་པ་ཡང་སེམས་ཅན་གྱི་མཐའ་དང་ཚད་མཉམ་པར་འཇུག་པ་ཡིན་པས་ཚད་མེད་དོ། །དེས་ན་བྱང་ཆུབ་སེམས་དཔས་ལམ་གྱི་དུས་སུ་གཞན་དོན་ལ་དམིགས་ནས་རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་པར་བྱེད་པ་ལ་སྐྱོ་བ་དང་དེར་ཞེན་མེད་པའི་ཚུལ་གྱིས་ཞུགས་ནས། འབྲས་བུ་མཐར་ཕྱིན་པ་ལྷག་མེད་མྱང་འདས་ཀྱི་དུས་སུ་ཆོས་ཉིད་ངོ་བོ་ཉིད་ཀྱིས་སྲིད་ཞིའི་མཐར་མི་གནས་པའི་ཡེ་ཤེས་ཀྱི་སྐུ་ཐོབ་ནས་ནམ་མཁའ་ཇི་སྲིད་དུ་སེམས་ཅན་གྱི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པའང་། སྣང་སྟོང་མཉམ་ཉིད་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་ཞུགས་པའི་སྟོབས་ཀྱིས་ཡིན་ཏེ། གལ་ཏེ་དམིགས་སུ་མེད་པའི་ཆོས་ཉིད་སྟོང་པ་ཉིད་མཐོང་བས་སྦྱིན་སོགས་འགོག་པ་ཞིག་ན། དེས་མཐོང་བའི་སྟོང་ཉིད་དེ་ཤེར་ཕྱིན་གྱི་དོན་མ་ཡིན་ཏེ། ཐབས་ཀྱི་རྣམ་པ་དང་འགལ་བའི་


MR04_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་མེད་ཙམ་དུ་ཟད་ལ། དེ་ལྟ་ན་མ་དམིགས་པར་བཏགས་ཀྱང་། དེས་དངོས་པོར་མ་དམིགས་ཀྱང་དངོས་མེད་དུ་དམིགས་པའི་ཕྱིར། དམིགས་པའི་མཐའ་ཀུན་དང་བྲལ་བའི་ཤེར་ཕྱིན་གྱི་དོན་གཏན་ནས་མ་ཡིན་ནོ། །ཤེར་ཕྱིན་ཟབ་མོའི་དོན་ནི་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པའི་དུས་ནས་ཀྱང་། སྲིད་ཞིའི་མཐའ་ལ་མངོན་ཞེན་ཉམས་སྨད་པར་བྱེད་པ་ཞིག་ཡིན་ན། དངོས་སུ་རྟོགས་པའི་དུས་སུ་ལྟ་ཅི་སྨོས་པའོ། །དེ་ཡང་སྦྱིན་པ་སྣ་གཅིག་བཏང་བ་ལྟ་བུ་ཡང་ཤེར་ཕྱིན་གྱིས་ཟིན་ན་ཕར་ཕྱིན་དྲུག་ལྡན་དུ་ཚང་སྟེ། སེར་སྣ་སོགས་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཤེར་ཕྱིན་གྱིས་བཅོམ་པས་ན། ཐབས་ཀྱི་ཆ་སྦྱིན་པ་གཅིག་པུ་དེ་ཡང་ཚུལ་ཁྲིམས་ལ་སོགས་པའི་ངོ་བོར་ཡང་འགྱུར་རོ། །དེས་ན་སྤྲོས་བྲལ་རྟོགས་པའི་ཡེ་ཤེས་གཅིག་པུ་ལ་ལྡོག་ཆས་ཕྱེ་ན། གནས་པའི་ཆ་བསམ་གཏན་ཡིན་ལ་དེ་ཡང་གནས་མི་གནས་ཀྱི་མཚན་མ་ཡོངས་སུ་ཟད་པའི་བསམ་གཏན་ཆེན་པོའོ། །དེ་བཞིན་དུ་བརྩོན་མི་བརྩོན་ཞི་བའི་ལྷུན་གྱིས་གྲུབ་པའི་བརྩོན་པ་ཆེན་པོ། བཟོད་མི་བཟོད་ཀྱི་མཚན་མ་ཡོངས་སུ་ཞི་བའི་རྣམ་པ་ཀུན་ཏུ་མི་འཁྲུགས་པའི་བཟོད་པ་ཆེན་པོ། འཆལ་


MR04_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་འཆལ་མིན་དུ་དམིགས་པ་ཟད་པས་འཆལ་བའི་དྲི་མ་ཡོངས་སུ་ཟད་པའི་ཚུལ་ཁྲིམས་ཆེན་པོ། ཆགས་པ་དང་མ་ཆགས་པ་མི་དམིགས་པས་མཚན་མའི་ཆགས་པ་ཕྲ་མོ་དང་བྲལ་བ་སྦྱིན་པ་ཆེན་པོ་སྟེ། སྣང་ཆ་སྦྱིན་སོགས་དང་སྟོང་ཆ་ཤེས་རབ་ཀྱི་ངོ་བོ་ཟུང་དུ་ཞུགས་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་འགྱུར་བས་ཕར་ཕྱིན་ཀུན་སྡུད་པ་ཡིན་པའི་གནད་ལ་མཁས་པར་བྱ་བ་ནི་ཤེར་ཕྱིན་ཉམས་ལེན་གྱི་མདོ་འགག་ཡིན་པས། ཐབས་ཤེས་ཟུང་འཇུག་གི་ཤེར་ཕྱིན་ཟབ་མོའི་སྦྱོར་བ་ལ་མཁས་པར་བྱའོ། །ལེའུའི་སྐབས་བསྡུ་བ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས་རྩེ་མོའི་མངོན་པར་རྟོགས་པའི་སྐབས་ཏེ་ལྔ་པའོ། །གཉིས་པ་བརྟེན་པ་རྒྱུ་འབྲས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ། བརྟེན་པའི་རྒྱུ་མཐར་གྱིས་པ་དང་། བརྟེན་པའི་འབྲས་བུ་སྐད་ཅིག་མ་རྒྱས་བཤད་གཉིས་སོ། །དང་པོ་ལ། སྐབས་དང་སྐབས་ཀྱི་མིང་གཉིས། དང་པོ་ནི། སྐད་ཅིག་གཅིག་ལ་ཆོས་ཀུན་སྣང་ལ་མ་འདྲེས་པའི་རྣམ་པ་སྐྱེ་མེད་དུ་བསྒོམ་པ་གསལ་བ་རབ་ཀྱི་མཐར་ཐུག་པ་སྐད་ཅིག་མའི་


MR04_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་གྲུབ་པའི་ཚད་དུ་བསྒོམ་པ་སྟེ། དེ་ཡང་རྣམ་རྫོགས་སྦྱོར་བའི་སྐབས་སུའང་མཁྱེན་གསུམ་གྱི་རྣམ་པ་ཆ་ཚང་བར་བསྒོམས་ཀྱང་། དཀྱུས་ཐོག་གཅིག་ཏུ་ཚང་བའི་གོ་རིམ་ངེས་ཅན་དུ་སྒོམ་པའི་ངེས་པ་མེད་དེ། མི་རྟག་པའི་རྣམ་པ་ལྟ་བུ་སོགས་གང་རུང་རེ་རེ་རྩལ་ངུ་བཏོན་ནས་སྒོམ་པའང་ཡོད་ལ། འདིར་ཐམས་ཅད་དཀྱུས་ཐོག་གཅིག་གི་ཉམས་ལེན་གྱི་ནང་དུ་ཚང་བར་སྒོམ་པ་སྟེ། དེ་ཡང་མཐར་གྱིས་པའི་སྐབས་ན་བསྟན་པའི་ཆོས་བཅུ་གསུམ་པོས་ཟིན་པའི་སྒོ་ནས་དཀྱུས་གཅིག་ལ་གོ་རིམ་ངེས་ཅན་དུ་བསྒོམ་པ་ཡིན་ལ། གོ་རིམ་ངེས་ཅན་ཞེས་པ་ནི་ངེས་པ་མེད་ན་ཚང་མ་ཚང་གི་རྣམ་དབྱེ་འབྱེད་དཀའ་བའི་སླད་དུའོ། །དེ་ཡང་མདོ་ལས། བཅོམ་ལྡན་འདས་ཐམས་ཅད་ངོ་བོ་མ་མཆིས་པའི་ངོ་བོ་ཉིད་ལ་བྱང་ཆེན་མཐར་གྱིས་སྤྱོད་པ་དང་མཐར་གྱིས་སློབ་པ་དང་། མཐར་གྱིས་ནན་ཏན་དུ་བགྱི་ཞེས་སོགས་ཀྱིས་བསྟན་ལ་དེ་ལ་ལམ་གྱི་ངོ་བོ་སྦྱིན་པ་ནས་ཤེས་རབ་ཀྱི་བར་དག་སྟེ་ཐབས་སྟོབས་སྨོན་ལམ་ཡེ་ཤེས་བཞི་ཤེས་རབ་ལ་འདུ་བས་དེ་ལྟར་ཕར་ཕྱིན་དྲུག་ལ་སྦྱོར་བ་ཕུན་སུམ་ཚོགས་པས་འཇུག་པ་དང་། ལམ་ཁྱད་པར་དུ་བྱེད་པའི་རྟེན་བསམ་པ་ཕུན་


MR04_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པས་སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་དྲུག་དང་མི་འབྲལ་བ་དང་། ལམ་དག་པར་བྱེད་པ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་རོ་གཅིག་པའི་ཚུལ་གྱིས་དེ་ནི་ལམ་ལ་མཐར་གྱིས་སམ་རིམ་གྱིས་སློབ་པ་ཡི་བྱ་བ་གོམས་པར་བྱ་བར་བཞེད་དེ། དེ་ཡང་སངས་རྒྱས་སོགས་དཀོན་མཆོག་གསུམ་པོ་དོན་དམ་པར་དྲན་པ་མེད་ལ་ཀུན་རྫོབ་ཏུ་དྲན་པའི་ཚུལ་གྱིས་འཇུག་ཅིང་། རྗེས་དྲན་ཕྱི་མ་གསུམ་ནི། གཞི་ཚུལ་ཁྲིམས། མཐུན་རྐྱེན་སྦྱིན་པ། དབང་པོ་ལྷར་སྐྱེས་པའི་འཕགས་པ་རྣམས་དྲན་པ་ཡིན་པར་བཞེད་ལ། ཚུལ་ཁྲིམས་གཏོང་བ་གཉིས་ཕྱིན་དྲུག་སྐབས་དངོས་དང་། རྗེས་དྲན་གྱི་སྐབས་ན་འབྲས་བུའི་ཆ་ནས་ཡིད་ལ་བྱེད་པས་མི་ཟློས་ལ། ལྷ་དབང་པོ་དང་དཀོན་མཆོག་རྟེན་གྱི་ཆ་ནས་མི་ཟློས་ཞེས་མཁས་པ་དག་བཞེད། དེ་ལ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་གྱིས་དོན་དུ་གཞི་ལམ་འབྲས་བུའི་རྣམ་པ་མ་ལུས་པ་བསྡུས་པ་ཡིན་ཀྱང་དེ་རྣམས་དཀྱུས་ཐོག་གཅིག་ཏུ་བློ་ལ་ཤར་བ་ཙམ་ཞིག་གིས་མཐར་གྱིས་བསྒོམ་ཚུལ་ཐུན་མོང་མིན་པ་མིན་ཏེ་འོན་ཀྱང་རིང་བའི་སྦྱོར་བ་ཙམ་ཡིན་ལ། །དེར་མ་ཟད་


MR04_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལམ་རྣམ་པ་གསུམ་སྐྱེ་མེད་དུ་སྒོམ་པས་ཀྱང་དོན་གྱིས་ཆོས་ཀུན་བསྡུས་ཀྱང་དེ་ཙམ་ཞིག་གིས་མཐར་གྱིས་པར་མི་འགྲོ་བ་བཞིན་ནོ། །འོ་ན་གང་ཞེ་ན། གཉིས་སུ་འཛིན་པ་ཅན་གྱི་ངོར་ཆོས་གཅིག་བསྒོམ་ན་དེ་ཉིད་ལས་གཞན་ལ་འཇུག་མི་ཤེས་པ་ལྟ་བུ་དེ་བསལ་བའི་ཕྱིར། སྦྱིན་པ་ལྟ་བུ་རེ་རེས་ཀྱང་ཕར་ཕྱིན་གཞན་བསྡུས་པས་ན། ཐབས་ཤེས་དབྱེར་མེད་ཀྱི་ཉམས་ལེན་ཁྱད་པར་ཅན་གང་ལ་ཟག་མེད་ཀྱི་ཆོས་ཀུན་འདུ་ཚུལ། ཕར་ཕྱིན་ཀུན་སྡུད་པ་དང་། བཤད་མ་ཐག་པ་སྦྱོང་བ་ལ་ལོག་སྒྲུབ་བསལ་བའི་སྐབས་བཞིན་ཤེས་པར་བྱས་ནས། རྗེས་ཐོབ་ཏུ་གོ་རིམ་ངེས་པ་ཅན་ནམ་སོ་སོར་དམིགས་ཕྱེད་པའི་ཚུལ་གྱིས་ཉམས་ལེན་སྦྱིན་པ་སྣ་གཅིག་ལའང་ཕར་ཕྱིན་ཀུན་ཚང་བའི་ཚུལ་གྱིས་མངོན་ཞེན་མེད་པར་སྒྲུབ་ཅིང་། མཉམ་བཞག་ཏུ་ཆོས་ཐམས་ཅད་རོ་གཅིག་པའི་དེ་ཁོ་ན་ཉིད་ལ་གོམས་པའི་མཐུས། ཉམས་ལེན་གཅིག་གི་སྟེང་དུའང་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་གྱིས་མཚོན་པའི་ཉམས་ལེན་མཐའ་དག་རིམ་གྱིས་འདྲེན་ཞིང་འཆར་ཐུབ་པའི་གནད་ཁྱད་པར་ཅན་ལ་མྱོང་བ་དང་ངེས་པ་ཇེ་བས་ཇེ་འཕེལ་ལ་སོང་བ་ནི་མཐར་གྱིས་པ་ཞེས་བྱ་སྟེ། ཆོས་གཅིག་གི་སྟེང་དུའང་


MR04_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལམ་འབྲས་བུའི་རྟོགས་བྱ་ཇི་སྙེད་པ་ལ་སྒྲོ་འདོགས་གཅོད་ཤེས་པའི་ཤེས་རབ་ཁྱད་པར་ཅན་གྱིས་ཟིན་པའི་སྒོམ་ཚུལ་ཁྱད་པར་ཅན་ཏེ་དེ་ཡང་བསྒོམ་བྱ་ལམ་གྱི་ངོ་བོ་རེ་རེ་ཡང་ཕར་ཕྱིན་དྲུག་ལྡན་དུ་གྱུར་པས་ལམ་གྱི་རྣམ་པ་མཐའ་དག་དཀྱུས་ཐོག་དེ་ལ་ཚང་བ་དང་། བསྒོམ་པའི་རྟེན་དཀོན་མཆོག་གསུམ་དང་། བསོད་ནམས་བྱ་བའི་དངོས་པོ་གསུམ་ལས་གོང་ནས་གོང་དུ་ཁྱད་པར་དུ་འཕེལ་བ་མི་ཉམས་པར་བྱེད་ཅིང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཆོས་རྣམས་ཐ་དད་དུ་མེད་པར་རྟོགས་པས་གཉིས་སུ་འཛིན་པ་སྤོང་བས་ན། ཉམས་ལེན་སྣ་གཅིག་གིས་ཀྱང་གཞི་ལ་སྒྲོ་འདོགས་ཆོད་པ་དང་། ལམ་ཡང་དག་པ་དང་། འབྲས་བུ་དཔེ་བྱད་ཀྱི་བར་བསྡུས་པ་ལ་དམིགས་རྣམ་ཇེ་གསལ་དུ་སོང་ནས་མཐའ་མེད་པར་འཕེལ་བ་སྟེ། དོན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་ཀྱི་མཐུས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ལ་ཉམས་ལེན་བྱེད་ནུས་ཚུལ་ཡིན་ལ། དེ་ཡང་བློ་གཅིག་གི་སྟེང་ནས་གསལ་བ་རབ་ཀྱི་མཐར་ཐུག་པར་སྒོམ་ནུས་ན་གྲུབ་པའི་ཚད་དེ་སྐད་ཅིག་མ་ཡིན་ལ། རིམ་གྱིས་འདྲེན་པ་ནི་མཐར་གྱིས་པའི་སྐབས་ཞེས་སོ། །


MR04_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་ཕར་ཕྱིན་གཅིག་གི་ཉམས་ལེན་ལའང་ཕར་ཕྱིན་གཞན་འདྲེན་ཐུབ་པས་མཚོན་ནས་གཞི་ལ་སྒྲོ་འདོགས་ཆོད་པ། ལམ་ཉམས་སུ་ལེན་པ། འབྲས་བུ་ཐོབ་པར་བྱ་བའི་དམིགས་རྣམ་མཐའ་དག་དཀྱུས་གཅིག་གི་ཉམས་ལེན་དེར་རིམ་གྱིས་འདྲེན་ཐུབ་པ་ལ་མཐར་གྱིས་པའི་སྦྱོར་བ་ཞེས་བྱ་ཡི། གྲངས་ཀྱི་ངེས་པ་བཟུང་ནས་འདི་ཙམ་ཞིག་འཆར་ཐུབ་དགོས་པ་ཡིན་ཞེས་བསམ་པར་མི་བྱ་སྟེ། དང་པོ་ཕྱིན་དྲུག་གི་རྣམ་པ་ཙམ་ནས་དེ་གོམས་པ་ལས་རྣམ་པ་བརྒྱ་དོན་གསུམ་དང་། དེ་ནས་རྣམ་པ་ཚད་མེད་པའི་ཆོས་ཀྱི་སྒོ་མ་ལུས་པའི་དམིགས་རྣམ་མཐའ་ཡས་པ་འཆར་བའི་བར་དུ་འཕེལ་བ་ཡིན་ཏེ། སྐད་ཅིག་མའི་སྐབས་སུ་ཟག་མེད་ཀྱི་ཆོས་ཀུན་མངོན་དུ་བྱེད་པར་གསུངས་པའི་བར་དུའོ། །དེ་ཡང་ཆོས་གཅིག་གི་དེ་བཞིན་ཉིད་ཆོས་ཀུན་གྱི་དེ་བཞིན་ཉིད་ཡིན་ལ། དེ་བཞིན་ཉིད་མཉམ་པ་ཆེན་པོས་ཆོས་ཀུན་བསྡུས་པའི་ཕྱིར། དེ་ལ་དམིགས་པའི་ཡུལ་ཅན་གྱི་དྲི་མ་དག་པའི་རིམ་པ་དང་མཚུངས་པར་ཆོས་གཅིག་མངོན་དུ་བྱས་པས་ཆོས་ཀུན་མངོན་དུ་བྱེད་ནུས་པ་ཡིན་པ་ནི། དངོས་པོའི་ཆོས་ཉིད་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཀྱི་སྟོབས་ལས་


MR04_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་ཤེས་པར་བྱ་བ་གནད་ཤིན་ཏུ་གལ་ཆེའོ། །གཉིས་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བ་ལས། མཐར་གྱིས་པའི་མངོན་པར་རྟོགས་པའི་སྐབས་ཏེ་དྲུག་པའོ། །གཉིས་པ་བརྟན་འབྲས་སྐད་ཅིག་མ་ལ། ཡོན་ཏན་མངོན་དུ་བྱེད་ཚུལ་དང་། ཡུལ་གྱི་རང་བཞིན་རྟོགས་ཚུལ་གྱི་དབང་དུ་བྱས་པ་གཉིས། དང་པོ་ལ། རྣམ་སྨིན་མ་ཡིན་པ་དང་། རྣམ་པར་སྨིན་པའི་སྐད་ཅིག་མ་གཉིས། དང་པོ་ལ། དངོས་དང་། དེ་མཚོན་པའི་དཔེ་གཉིས། དང་པོ་ནི། སྦྱོར་བ་ཡོངས་སུ་རྫོགས་པའི་རབ་ཀྱི་མཐའི་སྐད་ཅིག་མའི་སྦྱོར་བ་བཤད་པ་ལ། མདོ་ལས། བྱང་ཆེན་དེ་ལྟར་ཡུམ་ལ་སྤྱོད་པ་ནི་སེམས་བསྐྱེད་པ་གཅིག་གིས་ཕར་ཕྱིན་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །ཞེས་སོགས་གསུངས་པ་བཞིན་དུ། ཡེ་ཤེས་སྐད་ཅིག་མ་གཅིག་ལ་ཤེས་བྱའི་ཆོས་ཐམས་ཅད་སྣང་ཞིང་མཉམ་པར་རྫོགས་པར་གྱུར་པ་གང་ཡིན་པ་སྟེ། དེ་ལ་ལྡོག་པའི་མཚན་ཉིད་ཀྱི་སྒོ་ནས་རྣམ་པ་བཞིར་བཤད་དེ། རྣམ་པར་སྨིན་པ་མིན་པའི་སྐད་ཅིག་མ་དང་། རྣམ་པར་སྨིན་


MR04_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐད་ཅིག་མ་དང་། མཚན་ཉིད་མེད་པའི་སྐད་ཅིག་མ་དང་། གཉིས་སུ་མེད་པའི་སྐད་ཅིག་མ་ཞེས་བྱ་སྟེ། ངོ་བོ་བྱ་བ་རྫོགས་པའི་ཡེ་ཤེས་སྐད་ཅིག་མ་གཅིག་ལས་ཐ་དད་དུ་མེད་དོ། །དེ་ལ་བཞེད་པ་འགའ་ཞིག་ན་རྣམ་སྨིན་མིན་པ་ནི་དེ་སྔ་རང་རྒྱུད་ལ་སྨིན་ཟིན་མིན་པའི་སངས་རྒྱས་ཀྱི་ཡོན་ཏན་སྟོབས་སོགས་དང་། རྣམ་སྨིན་ཡིན་པ་རང་རྒྱུད་ལ་སྨིན་ཟིན་པའི་སྦྱིན་སོགས་ནས་དཔེ་བྱད་རྗེས་མཐུན་པའི་བར་ལ་བཤད་ནས། དེ་གཉིས་ཀ་ཡུལ་དུ་བྱེད་པར་བཤད་པ་དང་། ཡང་རྣམ་སྨིན་མིན་པ་ས་བདུན་མན་ཆད་དུ་འབད་རྩོལ་གྱིས་སྒོམ་པ་དང་། རྣམ་སྨིན་དག་ས་པའི་ཡེ་ཤེས་ལ་བཤད་པ་དང་། གཞན་ཡང་སོ་སྐྱེ་དང་འཕགས་པ་སོགས་ཀྱི་ཁྱད་པར་དུ་བཤད་པ་ཡོད་ནའང་། འདིར་དེ་གཉིས་ཀ་ཡུལ་ཅན་བར་ཆད་མེད་པའི་སྐད་ཅིག་མ་རང་གི་ལྡོག་ཆ་ནས་བཤད་དེ། རྣམ་སྨིན་མིན་པ་ནི་སྔར་སློབ་ལམ་དུ་སྦྱིན་སོགས་རེ་རེའི་ནང་དུ་ཟག་མེད་ཀྱི་ཆོས་ཀུན་ངོ་བོས་འདུ་ཚུལ་ཤེས་ནས་དེར་བསྡུས་ཏེ་ཡོངས་སུ་རྫོགས་པར་གོམས་པའི་འབད་རྩོལ་ཀྱི་འདུ་བྱེད་གོམས་པ་མཐར་ཐུག་པའི་དབང་གིས། ད་ལྟ་དངོས་པོ་ལ་སོ་སོར་འཛིན་པའི་ཕྱིན་ཅི་ལོག་བྲལ་བའི་ཕྱིར། སྦྱིན་


MR04_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་རེ་རེས་ཀྱང་སྦྱིན་པ་ནས་དཔེ་བྱད་བརྒྱད་ཅུའི་བར་གྱི་ཟག་མེད་ཆོས་ཀུན་བསྡུས་པ་དེའི་ངོ་བོ་མཐོང་བའི་ཕྱིར། ཐུབ་པའི་བར་ཆད་མེད་ལམ་སྐད་ཅིག་གཅིག་པ་ཡི་རྟོགས་པ་འདི་ནི་རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མ་ཞེས་སུ་ཤེས་པར་བྱ་སྟེ། སྔར་གྱི་རྣམ་པར་སྨིན་པ་མིན་པ་བར་ཆད་མེད་ལམ་གྱི་སྔ་རོལ་རྣམས་སུ་བྱུང་བའི་མཐར་གྱིས་པ་ལས་བྱུང་བ་ཤེས་པའི་ཆེད་དུ་རྒྱུ་མིང་འབྲས་བུ་ལ་བཏགས་པའམ། ཡང་ན་རྣམ་པར་སྨིན་པ་མིན་པའི་རྒྱུ་ལས་བྱུང་བའི་སྐད་ཅིག་མ་ཞེས་བྱ་སྟེ་ས་བོན་གྱི་འབྲས་བུ་ཞེས་པ་བཞིན་ནོ། །གཉིས་པ་ནི། དཔེ་ཇི་ལྟར་ན་སྐྱེས་བུས་ཟོ་ཆུན་ཁྱུད་མོའམ་རྒྱུད་དེའི་རྒྱུའི་དུས་ན་ཐག་པ་སོགས་རེ་རེ་ནས་འདུས་བྱས་ཀྱང་བཟོ་ལེགས་པར་ཚར་རྗེས་རྡོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་ཅིག་ཆར་འགུལ་ཞིང་ཆུ་ལེན་པ་དང་འཁོར་བ་སོགས་ཅིག་ཆར་བྱེད་པ་ལྟར། སྐད་ཅིག་གཅིག་པའི་ཤེས་པའང་དེ་བཞིན་དུ་སྔོན་དུ་འབད་རྩོལ་གྱིས་གོམས་པ་ཡོངས་སུ་རྫོགས་པའི་མཐུས་ད་ལྟ་འབད་མེད་དུ་ཆོས་གཅིག་མངོན་དུ་བྱས་པས་ཆོས་ཀུན་མངོན་དུ་གྱུར་པ་ཡིན་ནོ། །ད་ལྟ་སྐད་ཅིག་མ་རང་གི་ངོ་བོ་ནི་རྣམ་པར་སྨིན་པ་ཡིན་ཏེ། དེ་ཡང་དངོས་པོ་


MR04_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་རང་བཞིན་དངོས་པོ་ཀུན་གྱི་རང་བཞིན་ཡིན་པས་ཟུང་འཇུག་གི་ཆོས་ཉིད་ཟབ་མོ་ཐ་དད་མེད་པ་དང་། ཡུལ་ཅན་གྱི་བློས་ཀྱང་དེ་དེ་བཞིན་དུ་བསྒོམ་ཞིང་ས་རྣམས་སུ་འབད་རྩོལ་གྱིས་བསྒྲུབས་ནས་སྐད་ཅིག་ལ་མངོན་དུ་བྱེད་པར་གྱུར་ཅིག་སྙམ་པའི་འཕེན་པ་དང་ཚོགས་ཡོངས་སུ་རྫོགས་པའི་ཤུགས་ཀྱིས། ཇི་ལྟར་གནས་པའི་ཟབ་མོ་དེ་དེ་བཞིན་དུ་མཐོང་ནུས་པའི་མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་བྲལ་བ་རྒྱུན་མཐའི་རྡོར་ཏིང་གི་སྐད་ཅིག་མའི་སྐབས་འདིར་མཐར་གྱིས་པའི་སྐབས་ལྟར་རིམ་ཅན་མིན་ཏེ། ཅིག་ཆར་སྣང་བ་ཡོངས་སུ་རྫོགས་པའོ། །གཉིས་པ་ནི། དེའི་ཕྱིར་ན་རྣམ་པར་སྨིན་པ་ནི་གང་ཚེ་རྒྱུན་མཐའི་བར་ཆད་མེད་ཐོབ་པ་ན། རང་བཞིན་ནམ་ངོ་བོས་དྲི་མ་ཡེ་ནས་མེད་པའི་ཟག་མེད་ཀྱི་ཆོས་དཀར་ཐམས་ཅད་ཀྱི་རང་བཞིན་ནམ་དེ་དང་འབྲལ་མི་རུང་བའི་ཚུལ་གྱིས་དེའི་ངོ་བོར་གྱུར་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་རྩོལ་མེད་དུ་ཐོབ་པའི་ཚུལ་གྱིས་རྣམ་པར་སྨིན་པའམ་ཡོངས་སུ་རྫོགས་པའི་ཆོས་ཉིད་ཀྱི་གནས་སྐབས་ལས་སྐྱེས་པ་བར་ཆད་མེད་ལམ་དེ་ཡི་ཚེ། དེ་ལ་རྣམ་པར་སྨིན་པའི་སྐད་ཅིག་མ་གཅིག་གི་ཡེ་ཤེས་


MR04_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱའོ། །གཉིས་པ་ལ། མཚན་ཉིད་མེད་པའི་སྐད་ཅིག་མ་དང་། གཉིས་སུ་མེད་པའི་སྐད་ཅིག་མ་གཉིས། དང་པོ་ནི། སློབ་ལམ་དུ་སྦྱིན་པ་ལ་སོགས་པ་ལམ་གྱི་རྣམ་པ་མཐའ་དག་ཚང་བར་སྤྱོད་པ་ཡི་སྒོ་ནས། འཁོར་འདས་ཀྱི་ཆོས་ཀུན་རྨི་ལམ་དང་འདྲ་བར་སྣང་སྟོང་ཟུང་འཇུག་ཏུ་སྤྱོད་པ་ལ་གནས་ནས། གོམས་པ་མཐར་ཐུག་པ་ན་ཀུན་བྱང་གི་ཆོས་རྣམས་སྐྱེ་འགག་དང་གཅིག་ཐ་དད་ལ་སོགས་པའི་མཚན་ཉིད་མེད་པ་ཉིད་རྒྱུན་མཐའི་ཡེ་ཤེས་སྐད་ཅིག་མ་ནི་སྟེ་སྐད་ཅིག་མ་གཅིག་གིས་རྟོགས་པ་དེ་ལ་དེ་ལྟར་བརྗོད་དོ། །གཉིས་པ་ནི། ཡུལ་རྨི་ལམ་གྱི་སྣང་བ་དང་ནི། དེ་མཐོང་བའི་ཡུལ་ཅན་གྱི་ཤེས་པ་ཉིད་བརྟགས་ན་ཡུལ་ཡུལ་ཅན་ཐ་དད་པ་གཉིས་ཀྱི་ཚུལ་དུ་མི་མཐོང་སྟེ། སེམས་ཉིད་དེར་སྣང་བ་ཙམ་ཡིན་པ་ལྟར། འཁོར་འདས་ཀྱི་ཆོས་རྣམས་ཀྱང་གནས་ལུགས་ལ་གཟུང་འཛིན་གཉིས་སུ་མེད་པ་ཡི་མཉམ་པ་ཉིད་གཅིག་གི་ཚུལ་དུ་གནས་པ་དེ་ཉིད། རྒྱུན་མཐའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཇི་ལྟར་གནས་པ་བཞིན་མཐོང་བ་ལ་གཉིས་སུ་མེད་པའི་སྐད་ཅིག་མ་ཞེས་དོན་དང་མཐུན་པའི་མིང་བརྗོད་པའོ། །དེ་ཡང་གཟུང་འཛིན་གཉིས་སྣང་


MR04_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གི་བག་ཆགས་ཀྱིས་བསླད་པའི་རིང་ལ་ཆོས་ཐམས་ཅད་མཉམ་པ་ཆེན་པོའི་དོན་ཇི་ལྟ་བ་བཞིན་དུ་གཟིགས་མི་ནུས་ལ། གཉིས་སུ་སྣང་བའི་ངོར་ཆོས་ཅན་ཐ་དད་པ་དང་དུས་ཐ་དད་པ་དང་དེའི་ཆོས་ཉིད་ཐ་དད་པའི་གཉིས་ཆོས་སུ་སྣང་བས་ཤེས་བྱ་མཐའ་དག་གི་བདེན་གཉིས་ཅིག་ཆར་གཟིགས་པ་མི་སྲིད་ཀྱང་། གཉིས་སྣང་གི་བག་ཆགས་དྲུང་ནས་འབྱིན་པ་རྒྱུན་མཐའི་ཡེ་ཤེས་སྐྱེས་པའི་ཚེ་མཉམ་པ་ཉིད་ཀྱི་དོན་མཐར་ཐུག་པ་གཟིགས་པས་ན་མཉམ་པ་ཉིད་ཀྱིས་བསྡུས་པའི་ཆོས་ཤེས་བྱ་མ་ལུས་པའང་དེ་དང་རོ་མཉམ་དུ་གཟིགས་ཤིང་དེ་ལས་གཡོ་བའང་མི་སྲིད་པར་བདེན་གཉིས་ཅིག་ཆར་དུ་གཟིགས་པ་ཞེས་བྱ་སྟེ། ཆོས་ཉིད་ཀྱི་གཤིས་ལ་སྐྱེ་འགག་མ་གྲུབ་པས་འདི་ལ་སྔ་ཕྱི་བར་གསུམ་གྱི་ཆ་སོགས་མཚན་མར་སྤྲོས་པས་བཞག་ཏུ་མེད་དེ་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཡིན་ནའང་། གཉིས་སྣང་གི་བསླད་པ་ཅན་གྱི་གདུལ་བྱ་གང་ཞིག་དུས་གསུམ་སྐྱེ་འགག་ཏུ་སྣང་བ་ཅན་གྱི་ངོར། སྐད་ཅིག་རེ་རེ་བཞིན་དུའང་གདུལ་བྱའི་རྒྱུད་དང་། སྐྱེ་འགག་གི་ཆོས་དེ་དག་མཁྱེན་ཅིང་དོན་མཛད་པའི་རང་སྣང་གི་ཆ་ནས་རྣམ་མཁྱེན་སྐད་ཅིག་མ་ལྟར་དུ་སྣང་བ་ལས་གཟུང་མི་ཤེས་པས་རྣམ་མཁྱེན་ནི་མི་རྟག་པའོ་ཞེས་སུའང་བཞག་ལ་དེ་བཞིན་ཉིད་ཀྱི་ཚུལ་


MR04_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ངེས་པ་མ་སྐྱེས་པའི་བྱིས་པ་དང་མུ་སྟེགས་པ་རྣམས་དང་རྩོད་པ་ན་དེ་ལྟར་འཆད་པར་བྱའོ། །རང་གི་ངོ་བོ་ལ་ཆོས་ཉིད་དང་གཉིས་སུ་དབྱེ་བ་མེད་པའི་རང་བྱུང་ཡེ་ཤེས་ཀྱི་སྐུ་སྐྱེ་འགག་མེད་པའི་དོན་གྱིས་གཞལ་ནས། དུས་གསུམ་ཀུན་ཏུའང་ཆོས་ཉིད་ཀྱི་སྐུ་འཕོ་འགྱུར་མེད་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་འདུས་མ་བྱས་རྟག་པའོ་ཞེས་སུ་མདོ་ལས་གསུངས་པ་ལྟར་སྔགས་རྒྱུད་རྣམས་སུའང་དེ་ལྟར་གསུངས་པ་ནི་སོ་སོ་རང་གིས་ཟབ་མོའི་དོན་ཁོང་དུ་ཆུད་པའི་རྗེས་ཀྱི་ངེས་པ་ལ་དེ་ལྟར་གནས་སོ། །དོན་དུ། དངོས་དང་དངོས་མེད་འདུས་བྱས་ཡིན། །མྱ་ངན་འདས་པ་འདུས་མ་བྱས། །ཞེས་གསུངས་པ་ལྟར། བརྟེན་ནས་སྐྱེས་པའི་འདུས་བྱས་དངོས་པོ་རྣམས་དང་། བརྟེན་ནས་བཏགས་པས་འདུས་བྱས་སུ་སོང་བ་དངོས་མེད་གཉིས་ཀའང་འདུས་བྱས་ཏེ། དངོས་མེད་རྣམས་ཀྱང་དགག་བྱ་བཅད་པ་ལས་དེ་གྲུབ་ལ། དེ་ལ་མ་ལྟོས་པར་མི་གྲུབ་པས་གཞན་ལ་ལྟོས་པས་རེས་འགའ་བའམ་འདུས་བྱས་ལྟ་བུ་ཡིན་ལ། དངོས་དངོས་མེད་གང་གིའང་མཐར་མི་གནས་པའི་མྱང་འདས་ཆེན་པོ་ནི་ཆོས་ཉིད་བསལ་བཞག་མེད་པ་དང་རོ་གཅིག་ཕྱིར་བསམ་བརྗོད་ལས་འདས་པས་ན། རྒྱུ་ལས་སྐྱེ་


MR04_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བའམ་རྒྱུ་ལས་བཏགས་མི་དགོས་ཏེ་ཆོས་ཉིད་ཡེ་ནས་གནས་པ་ཡིན་པས་སོ། །མྱང་འདས་རྒྱུ་ལས་སྐྱེ་བ་ལྟར་སྣང་བ་ནི། རང་གི་གཉིས་སྣང་གི་རྟོག་པ་ལོག་པ་ཙམ་ལས་དེར་བཏགས་པ་སྟེ། དོན་ལ་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་། ཡེ་ནས་འོད་གསལ་བའོ། །ཞེས་ཤེར་ཕྱིན་གྱི་མདོ་འདིར་ཡང་ལན་བརྒྱ་ཕྲག་ཏུ་གསུངས་པ་བཞིན་ནོ། །དེས་ན་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྲིད་ཞི་མཉམ་པ་ཉིད་ཀྱི་དོན་ལ་གློ་བུར་གྱི་སྒྲིབ་པ་ལམ་གྱིས་བསལ་སྟོབས་ཀྱིས་དྲི་མ་མཐའ་དག་ལོག་པའི་དེ་བཞིན་ཉིད་ཟུང་འཇུག་ཆེན་པོ་ལ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུར་བརྗོད་པ་ཡིན་ནོ། །དེ་ལྟར་ཟག་མེད་ཀྱི་ཆོས་ཀུན་ངོ་བོ་ཐ་དད་མེད་པར་མཉམ་པའི་ཆོས་ཉིད་ཀྱིས་བསྡུས་པ་ལྟར་དེ་མངོན་དུ་བྱེད་པའི་ལམ་རྣམ་སྨིན་མིན་པའི་གནས་སྐབས་མངོན་དུ་མ་བསྐྱེད་ན་དེའི་འབྲས་བུ་རྣམ་སྨིན་གྱི་སྐད་ཅིག་མ་མི་འབྱུང་ལ། རྣམ་སྨིན་མིན་པ་ཅི་ཙམ་གོམས་ཀྱང་སྐད་ཅིག་ལ་ཤེས་བྱ་མཐའ་དག་མཐོང་བའི་རྣམ་པར་སྨིན་པའི་ཡེ་ཤེས་སྐྱེད་མི་ནུས་སྙམ་ན། ཆོས་ཐམས་ཅད་མཚན་ཉིད་ཀྱིས་ཐ་དད་དུ་བདེན་པར་གྲུབ་པ་ཞིག་ན་གཅིག་མངོན་དུ་བྱས་པས་ཀུན་མངོན་དུ་བྱེད་པར་མི་གྲུབ་ཀྱང་། ཆོས་ཐམས་


MR04_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཚན་ཉིད་མེད་པའི་དབྱིངས་སུ་ཚུལ་གཅིག་པས་ན་མཚན་ཉིད་མེད་པའི་དེ་བཞིན་ཉིད་ལ་སྒྲིབ་པ་ལམ་གྱིས་བསལ་ནས་དྲི་མ་དང་བྲལ་བ་ན་དེ་བཞིན་ཉིད་མཐོང་ལ། དེ་བཞིན་ཉིད་ལས་གཞན་པའི་སྣང་བ་ཞེས་བྱ་བ་གང་ཡང་མེད་དེ་སྣང་སྟོང་ཟུང་འཇུག་ལ་དེ་བཞིན་ཉིད་ཅེས་བྱ་ཞིང་། དེ་ཡང་མཉམ་པ་ཆེན་པོའི་དབྱིངས་སུ་ཚུལ་གཅིག་པ་སོ་སོ་རང་གིས་རིག་པར་བྱ་བ་ཡིན་གྱི་གཉིས་སུ་སྣང་ཞེན་ཅན་གྱི་ངོར་སྣང་བ་ལྟ་བུ་ནི་མ་ཡིན་ནོ། །དེ་ལྟར་ན་ཆོས་ཉིད་གཉིས་སུ་མེད་པ་མཉམ་པ་ཆེན་པོའི་དོན་ལ། གཉིས་འཛིན་གྱི་བག་ཆགས་དྲུང་ནས་ཕྱུང་བའི་ཡེ་ཤེས་དེ་ནི་ཡུལ་དང་ཡུལ་ཅན་དུ་མེད་པར་གཉིས་མེད་རོ་མཉམ་ཆེན་པོར་གྱུར་པ་ཡིན་པས། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་རྡུལ་དང་སྐད་ཅིག་མའི་ཆ་བསགས་པ་ལས་འདས་པའི་མཁའ་ཁྱབ་ཡེ་ཤེས་ཀྱི་སྐུ་འབྲས་བུའི་ཡུམ་རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལ་རྣམ་སྨིན་ཡིན་མིན་འདི་རྒྱུ་ཡོད་མེད་ལ་གོ་ན་ལེགས་ཏེ། སྔོན་གྱི་འཕེན་པའི་རྒྱུའི་རྣམ་སྨིན་མིན་པའི་སྐད་ཅིག་མ་དང་། ཆོས་ཉིད་ངོ་བོ་ཉིད་ཀྱིས་ཕན་ཚུན་ངོ་བོ་གཅིག་པ་རྒྱུའམ་འབད་པ་ལ་མི་ལྟོས་པའི་རྣམ་


MR04_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྨིན་པའི་སྐད་ཅིག་མ་གཉིས་ཡུལ་ཅན་ལ་ལྡོག་པས་དབྱེ་སྟེ། ཆོས་ཀུན་ངོ་བོས་གཉིས་སུ་མེད་པས་ཕན་ཚུན་བསྡུས་པ་དང་། དེ་གོམས་པ་ཕུལ་དུ་ཕྱིན་པར་སྨིན་པ་དང་གཉིས་སྣང་ཆའི་ངོས་ནས་དང་། ངོ་བོ་མེད་པས་རིས་སུ་མ་ཆད་པ་སྣང་སྟོང་མཉམ་པ་ཡུལ་དང་། ཡུལ་དེ་དང་རོ་གཅིག་པའི་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་ཚེ་ཆོས་ཉིད་ཀྱིས་ཤེས་བྱ་ཐམས་ཅད་ཅིག་ཆར་གཟིགས་པ་ཡིན་ནོ། །འོ་ན་བློ་གཅིག་གིས་ཇི་ལྟར་རྟོགས་ཤེ་ན། ཡུལ་ཡུལ་ཅན་གཉིས་སུ་མེད་པའི་ཚུལ་གྱིས་སོ། །དོན་དུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་ཡུལ་ཅན་རིག་པའི་ཡེ་ཤེས་དབྱེར་མེད་པའི་ངོ་བོ་ཉིད་ཀྱིས་ཏེ། གློ་བུར་གཉིས་སྣང་གི་དྲི་མ་ཟད་བྱེད་ཀྱི་ལམ་མངོན་དུ་གྱུར་ནས་མཉམ་པ་ཉིད་ཀྱི་ཚུལ་དུའོ། །སྐབས་བསྡུ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས། སྐད་ཅིག་མ་གཅིག་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐབས་ཏེ་བདུན་པའོ།། །། གསུམ་པ་ཞུགས་འབྲས་ཆོས་སྐུའི་ཡན་ལག་ལ། རྟེན་སྐུ་དང་། བརྟེན་པ་མཛད་པ་གཉིས། དང་པོ་ལ། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་དང་བཞི་ལས། དང་པོ། དེ་ལྟར་སྦྱོར་བཞི་སྒོམ་


MR04_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འབྲས་བུ་མཐར་ཐུག་པ་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་ནི། མདོ་ལས་རབ་འབྱོར་ཟག་མེད་ཀྱི་ཆོས་རྨི་ལམ་ལྟ་བུ་དངོས་པོ་དང་མི་ལྡན་པ། དངོས་པོ་མེད་པའི་རང་བཞིན་ཅན་གྱི་མཚན་ཉིད་ཀྱིས་སྟོང་པ་རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པར་གྱུར་པ། དེ་དག་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་མཚན་ཉིད་གཅིག་པོ་འདི་ལྟ་སྟེ། མཚན་ཉིད་མེད་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པར་རིག་པར་བྱ་སྟེ་ཞེས་སོགས་ཀྱིས་བསྟན་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ཐུབ་པའི་ངོ་བོ་ཉིད་ཀྱི་སྐུ་ནི། འཆད་འགྱུར་གྱི་ཟག་པ་མེད་པའི་ཆོས་ཉིད་གཅིག་པོ་གང་དག་རྫོགས་པར་ཐོབ་པར་གྱུར་པ་དེ་དག་ཀྱང་རྣམ་པ་ཀུན་ཏུ་རྣམ་པར་དག་པ། ཡེ་ཤེས་དེ་དག་ངོ་བོའི་ཁྱད་པར་རང་བཞིན་གྱིས་དག་པ་གཉིས་དང་ལྡན་པའི་མཚན་ཉིད་ཅན་གྱི་ཆོས་ཀྱི་དབྱིངས་ལ་ངོ་བོ་ཉིད་སྐུ་སྟེ་ཆོས་ཉིད་དོ། །དེ་ཡང་སྣང་ཆ་རྟོགས་པ་ཡེ་ཤེས་ཀྱི་རང་བཞིན་སྟོབས་ལ་སོགས་པ་ཟག་པ་མེད་པའི་ཆོས་དང་། སྟོང་པ་དབྱིངས་ཀྱི་ཆ་ཡེ་ནས་འདུ་འབྲལ་མེད་པ་སྣང་སྟོང་ཟུང་འཇུག་གི་ཆོས་ཉིད་གློ་བུར་གྱི་དྲི་མས་དག་པ་མངོན་དུ་གྱུར་པའི་བདག་ཉིད་ནི་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་མཐར་ཐུག་པ་ཡིན་ནོ། །འདི་དབྱིངས་སྟོང་རྐྱང་གི་ཆ་ཙམ་མིན་ཏེ། གཞི་དུས་ནའང་སྟོང་རྐྱང་གི་ཆ་ཙམ་ཆོས་ཉིད་མཐར་ཐུག་པ་མིན་ལ། འབྲས་


MR04_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ནའང་དེའི་ཆ་ཙམ་སངས་རྒྱས་མིན་ཏེ་མེད་པར་དགག་པ་ཙམ་ལ་མཁྱེན་པ་སོགས་སངས་རྒྱས་ཀྱི་ཡོན་ཏན་རྡུལ་ཙམ་མེད་པར་སྔོན་གྱི་མཁས་པ་རྣམས་ཀྱིས་གསུངས་པ་ལྟར་དོན་ལ་གནས་ཤིང་། སངས་རྒྱས་ཀྱི་རྟོགས་པ་དང་འབྲེལ་པའི་ཕྱིར་དེས་མཁྱེན་པར་ཡང་མི་རུང་སྟེ། ཞི་བ་ལྷས། འོན་ཏེ་སེམས་དང་ལྡན་པའི་ཕྱིར། །ཤེས་ན་མི་ཤེས་འཇིག་པར་ཐལ། །ཞེས་གསུངས་པ་བཞིན་ནོ། །དེས་ན་སངས་རྒྱས་སྐུ་བཞི་པོ་གང་ཡང་རྣམ་པ་ཐམས་ཅད་མི་མཁྱེན་པ་མེད་དེ། གལ་ཏེ་ཡོད་ན་སངས་རྒྱས་མིན་པར་འགྱུར་རོ། །དེ་ལ་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུའམ་མདོ་གཞན་ལས་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་ཞེས་གསུངས་ཏེ། འདི་བྲལ་འབྲས་ཟག་མེད་ཀྱི་ཡོན་ཏན་ཆོས་ཀུན་གྱི་གཞིར་གྱུར་པའོ། །གཉིས་པ་ཡེ་ཤེས་ཆོས་སྐུ་ལ། དངོས་ཀྱི་དོན། ཁྱད་པར། དེ་ལ་རྩོད་སྤང་དང་གསུམ། དང་པོ། ཡེ་ཤེས་རྣམ་པ་ཐམས་ཅད་པ་དེ་ཉིད་ཀྱི་མཁྱེན་པ་ཉིད་ཀྱི་ཆ་ལ་ཡེ་ཤེས་ཆོས་སྐུ་ཞེས་བྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཅིག་གི་རང་བཞིན་གྱི་སྐུ་ལ་སོ་སོར་དབྱེ་ན། ཟག་པ་མེད་པའི་ཆོས་སྡེ་ཚན་ཉེར་གཅིག་སྟེ། གང་ཞེ་ན། ལུས་ཚོར་སེམས་ཆོས་ཏེ་དྲན་པ་ཉེར་བཞག་


MR04_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་། མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད། སྐྱེས་པ་སྤང་། དགེ་ཆོས་མ་སྐྱེས་པ་བསྐྱེད། སྐྱེས་པ་སྤེལ་བ་སྟེ་ཡང་དག་པར་སྤོང་བ་བཞི། འདུན་བརྩོན་སེམས་དཔྱོད་ཀྱི་ཏིང་ངེ་འཛིན་ཏེ་རྫུ་འཕྲུལ་གྱི་རྐང་པ་བཞི། དད་བརྩོན་དྲན་ཏིང་ཤེས་རབ་སྟེ་དབང་པོ་ལྔ། དེ་ལྔ་སྟོབས་སུ་གྱུར་པའི་སྟོབས་ལྔ། དྲན་དང་ཆོས་རབ་རྣམ་འབྱེད་བརྩོན་འགྲུས་དགའ་བ་ཤིན་སྦྱང་ཏིང་ངེ་འཛིན་བཏང་སྙོམས་ཡང་དག་སྟེ་བྱང་ཆུབ་ཀྱི་ཡན་ལག་བདུན་ལྟ་རྟོགས་ངག་ལས་མཐའ་འཚོ་བ་རྩོལ་བ་དྲན་པ་ཏིང་འཛིན་ཏེ་འཕགས་ལམ་ཡན་ལག་བརྒྱད་བཅས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ནོ། །བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་བཞི་དང་། གཟུགས་ཅན་གཟུགས་ལ་ལྟ་བ་དང་གཟུགས་མེད་གཟུགས་ལ་ལྟ་བ། སྡུག་པའི་རྣམ་ཐར། ནམ་མཁའ་མཐའ་ཡས་སོགས་བཞི་དང་འགོག་པ་སྟེ་རྣམ་པར་ཐར་པ་བརྒྱད་དང་། བསམ་གཏན་བཞི་གཟུགས་མེད་བཞི་འགོག་སྙོམས་ཏེ་མཐར་གྱིས་ནི་གནས་པའི་སྙོམས་འཇུག་དགུ་ཡི་བདག་ཉིད་དང་། ས་ཆུ་མེ་རླུང་བཞི་སྔོ་སེར་དཀར་དམར་བཞི་ནམ་མཁའ་དང་རྣམ་ཤེས་ཏེ་ཟད་པར་བཅུ་


MR04_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་བདག་ཉིད་དང་། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེ་ཆུང་སྟེ་དབྱིབས་ཟིལ་གནོན་གཉིས། ནང་གཟུགས་མེད་པས་དེ་བཞིན་གཉིས། སྔོ་སེར་དཀར་དམར་བཞི་ཏེ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི་རབ་ཏུ་དབྱེ་བས་རྣམ་པ་བརྒྱད་དང་། འོག་ཏུ་འཆད་འགྱུར་ལྟར་ཉོན་མོངས་མེད་པ་དང་། སྨོན་ནས་མཁྱེན་པ་དང་། ལྷའི་མིག་དང་རྣ་བ་དང་རྫུ་འཕྲུལ་དང་གཞན་སེམས་ཤེས་པ་དང་སྔོན་གནས་རྗེས་དྲན་དང་ཟག་ཟད་དེ་མངོན་པར་ཤེས་པ་དྲུག་དང་། ཆོས་དོན་ཚིག་སྤོབས་པ་སྟེ་སོ་སོ་ཡང་དག་པར་རིག་པ་བཞི་དང་། ལུས་དང་དམིགས་པ་དང་སེམས་དང་ཡེ་ཤེས་ཏེ་རྣམ་པ་ཐམས་ཅད་དག་པ་བཞི་དང་། ཚེ་སེམས་ཡོ་བྱད་ལས་སྐྱེ་བ་མོས་པ་སྨོན་ལམ་རྫུ་འཕྲུལ་ཡེ་ཤེས་ཆོས་ཏེ་དབང་བཅུ་དང་ནི། གནས་དང་གནས་མིན་རྣམ་སྨིན་དབང་པོ་ཁམས་མོས་པ་ལམ་བསམ་གཏན་འཆི་འཕོ་དང་སྐྱེ་བ་མཁྱེན་པ་སྔོན་གནས་རྗེས་དྲན་ཟག་ཟད་དེ་སྟོབས་བཅུ་དང་། རྟོགས་པ་དང་སྤང་བ་དང་ལམ་དང་ལམ་གྱི་གེགས་སྟོན་པ་ལ་མི་འཇིགས་པ་ནི་རྣམ་པ་བཞི་དག་དང་། སྐུ་གསུང་ཐུགས་ལ་སྐྱོན་བཅབ་བྱ་མེད་པས་བསྲུང་བ་མེད་པ་རྣམ་པ་གསུམ་དང་།


MR04_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

གུས་དང་མི་གུས་དང་དེ་གཉིས་འདྲེས་ལ་རིམ་པར་ཆགས་དང་སྡང་དང་གཉིས་ཀའི་བློ་མེད་པའི་དྲན་པ་ཉེ་བར་བཞག་པ་རྣམ་པ་གསུམ་དང་སེམས་ཅན་གྱི་དོན་དུ་བསྙེལ་བ་སྟེ་དུས་འདའ་བ་མི་མདའ་བའི་ཆོས་ཉིད་ཅན་དང་། སྒོ་གསུམ་གྱི་ཉོན་ཤེས་ཀྱི་ས་བོན་བག་ཆགས་ཡང་དག་པར་བཅོམ་པ་དང་། སྐྱེ་བོ་ཀུན་ལ་ཕན་བདེ་སྒྲུབ་པའི་ཐུགས་རྗེ་ཆེན་པོ་དང་། འཁྲུལ་དང་ཅ་ཅོ་དྲན་པ་ཉམས་པ་མཉམ་པར་མ་བཞག་པ་དང་འདུ་ཤེས་སྣ་ཚོགས་མ་བརྟགས་བཏང་སྙོམས་མི་མངའ་བ་སྟེ་སྤྱོད་བསྡུས་དྲུག་དང་འདུན་བརྩོན་དྲན་ཤེར་རྣམ་གྲོལ་དང་རྣམ་གྲོལ་གྱི་ཡེ་ཤེས་གཟིགས་པ་ཉམས་པ་མི་མངའ་བ་རྟོགས་བསྡུས་དྲུག་དང་སྐུ་གསུང་ཐུགས་ཀྱི་ལས་གསུམ་ལ་ཡེ་ཤེས་སྔོན་དང་རྗེས་སུ་འབྲང་བ་གསུམ་དང་། འདས་དང་མ་འོངས་ད་ལྟའི་དུས་གསུམ་ལ་ཡེ་ཤེས་འཇུག་པ་གསུམ་བཅས་ཐུབ་པ་ཁོ་ནའི་མ་འདྲེས་ཆོས་བཅོ་བརྒྱད་བཤད་པ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སྒྲས་ལམ་ཤེས་དང་གཞི་ཤེས་གཉིས་བསྡུས་ཏེ། དེ་ལྟར་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་ནང་གསེས་བརྒྱ་དང་ཞེ་བཞི་པོ་དེ་ལ་ཆོས་ཀྱི་སྐུ་ཞེས་བརྗོད་པ་


MR04_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་ཡང་བྱང་ཕྱོགས་ལ་སོགས་པ་དེ་དག་མིང་མཐུན་ཡང་སེམས་སེམས་བྱུང་གི་སྤྲོས་པ་ཞི་བ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གཟིགས་པ་ལ་ལྡོག་ཆ་ནས་བསྟན་པས་སངས་རྒྱས་ཀྱི་བྱང་ཕྱོགས་སོགས་ནི་སློབ་པ་རྣམས་དང་ཐུན་མོངས་མིན་པ་ཉིད་དོ། །གཉིས་པ་ལ། ཉོན་མོངས་མེད་དང་སྨོན་ནས་ཤེས་པའི་ཁྱད་པར་གཉིས། དང་པོ་ནི། ཉན་ཐོས་སོགས་ཀྱི་ཉོན་མོངས་པ་མེད་པའི་ལྟ་བ་ནི། གྲོང་སོགས་སུ་མི་ལ་སོགས་པ་ཡི་ཉོན་མོངས་པ་རང་ལ་དམིགས་ནས་སྐྱེ་བ་མཐོང་ན་དེར་མི་འགྲོ་བར་ཡོངས་སུ་སྤོང་བ་ཉིད་ཡིན་ལ། སངས་རྒྱས་ནི་གྲོང་སོགས་སུ་གང་ཟག་དེའི་ཉོན་མོངས་རྣམས་རྒྱུན་གཅོད་པའི་ཆེད་དུ་གཤེགས་ནས་དེའི་ཉོན་མོངས་པའི་རྒྱུན་གཅོད་པའམ་སེལ་བར་མཛད་པ་ཡིན་ཏེ་འདི་ནི་རྒྱལ་བའི་ཉོན་མོངས་མེད་པའི་ཁྱད་པར་རོ། །གཉིས་པ་ནི། སྤྱིར་སྨོན་ནས་ཤེས་པ་བསམ་གཏན་གྱི་སེམས་ལ་བརྟེན་པ་ཡིན་ཀྱང་། སངས་རྒྱས་ཀྱི་སྨོན་ནས་མཁྱེན་པ་ནི་ཉན་རང་ལས་ཁྱད་པར་དུ་འཕགས་ཏེ། འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་དང་། ཉོན་མོངས་པའི་སྒྲིབ་པའམ་མཚན་འཛིན་གྱི་བག་ཆགས་སྤངས་པ་དང་། ཤེས་སྒྲིབ་དང་


MR04_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བས་ཤེས་བྱ་ཀུན་ལ་ཐོགས་པ་མེད་པར་འཇུག་པ་དང་། རྟག་ཏུ་མཉམ་པར་བཞག་པས་རྟག་གནས་དང་། འདྲི་བ་ཀུན་ལ་དུས་གཅིག་ཏུ་ལན་འདེབས་པར་བཞེད་པ་སྟེ་ཁྱད་ཆོས་ལྔའོ། །གསུམ་པ་ལ། ཆོས་སྐུ་རྟག་པ་དང་། ཁྱབ་རྟག་གཉིས་ཀའི་རྩོད་སྤང་ངོ་། །དང་པོ་ལ། དངོས་དང་། དེ་དཔེས་སྒྲུབ་པ་གཉིས། དང་པོ། སངས་རྒྱས་ལ་ཉེ་རིང་མི་མངའ་ན་གདུལ་བྱ་ལ་སྣང་མི་སྣང་འགལ་ཞེ་ན། སངས་རྒྱས་སྣང་བའི་རྒྱུ་ནི་གདུལ་བྱའི་རྒྱུད་ཡོངས་སུ་སྨིན་པ་ལ་རག་ལས་པར་གྱུར་ནས། གང་ཟག་གང་དང་གང་ལ་ཡུལ་གང་དང་ནི། དུས་གང་གི་ཚེ་ན་ཆོས་སྟོན་པ་སོགས་དོན་གྱི་བྱ་བ་ཐབས་གང་གིས་ཕན་པར་གྱུར་པ་དེའི་ཚེ་གདུལ་བྱ་དེ་དང་དེ་ལ་སངས་རྒྱས་ཀྱི་སྐུ་དེ་ལྟར་སྣང་ནས་དོན་མཛད་པ་ཡིན་གྱི་དེ་ལྟ་བུའི་རྒྱུ་མ་ཚང་ན་དངོས་སུ་མི་སྣང་ངོ་། །གཉིས་པ། དཔེ་བརྒྱ་བྱིན་སོགས་ལྷ་ཡི་རྒྱལ་པོས་ཐམས་ཅད་དུ་སྙོམས་པར་ཆར་ཕབ་ཀྱང་། ས་བོན་དུ་མི་རུང་བ་ཚིག་པ་སོགས་ལས་མྱུ་གུ་མི་འཁྲུངས་པ་ལྟར། སངས་རྒྱས་རྣམས་ནི་གདུལ་བྱའི་ཞིང་དུ་བྱུང་བར་གྱུར་ཀྱང་། དེ་མཐོང་བ་སོགས་ཀྱི་སྐལ་བ་མེད་པས་ཆོས་ཉན་པ་སོགས་མཛད་པ་བཟང་པོ་ཉམས་སུ་མི་མྱོང་ངོ་། །གཉིས་པ་ནི། ཇི་ལྟར་ན།


MR04_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གིས་སྐྱེ་བ་དང་། འོག་མིན་ཁོ་ནར་བཞུགས་པས་རྟག་ཁྱབ་མ་ཡིན་ཞེ་ན། ལན་ནི། དེ་ལྟར་ཕྱོགས་དུས་ཀྱི་གདུལ་བྱ་ལ་སྐུ་དང་གསུང་རྣམ་པ་ཐམས་ཅད་པར་ལྷུན་གྱིས་གྲུབ་པར་འཆར་བ་དང་། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ལ་མཛད་པ་རྒྱ་ཆེའི་ཕྱིར་ཏེ་ཕྱོགས་ཐམས་ཅད་དུ་ཁྱབ་པས་སངས་རྒྱས་ཁྱབ་པར་ངེས་པར་བརྗོད་ཅིང་། དེ་ཉིད་དུས་ཕྱི་མའི་མུ་མཐར་ཐུག་གི་བར་དུ་ཟད་པ་མེད་པའི་ཕྱིར་རྟག་པ་ཞེས་ཀྱང་བརྗོད་པ་ཡིན་ནོ། །གསུམ་པ་ལོངས་སྐུ་ལ་གཉིས། རང་བཞིན་མདོར་བསྟན། ཡོན་ཏན་རྒྱས་པར་བཤད་པའོ། །དང་པོ་ནི། ཡེ་ཤེས་ཀྱི་སྐུ་དེ་ཉིད་འོག་མིན་དུ་གདུལ་བྱ་ས་བཅུའི་སེམས་དཔའ་རྣམས་ལ་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པའི་མཚན་བཟང་པོ་ནི་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུའི་བདག་ཉིད་དུ་སྣང་བ་འདི་ནི་ཐེག་ཆེན་ཀྱི་ཆོས་ལ་ཉེ་བར་ལོངས་སྤྱོད་པ་སྟེ་ཐེག་པ་ཆེན་པོའི་ཆོས་སྣང་བར་མཛད་ཅིང་དུས་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པའི་ཕྱིར་ངེས་པ་ལྔ་ལྡན་གྱི་ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད་པ་ཡིན་ནོ། །གཉིས་པ་ཡོན་ཏན་རྒྱས་པར་བཤད་པ་ལ། མཚན་དང་དཔེ་བྱད་གཉིས། དང་པོ་ལ། དངོས་དང་། དེ་བསྐྱེད་པའི་རྒྱུ་གཉིས། དང་པོ་ནི།


MR04_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་བླ་མ་ལ་སྐྱེལ་བ་དང་བསུ་བ་ལ་གོམས་པ་སོགས་ཀྱིས་ཕྱག་ཞབས་ཀྱི་མཐིལ་ན་རྩིབས་སྟོང་གི་རྣམ་པའི་འཁོར་ལོས་མཚན་པ་དང་། ༡ སྡོམ་པ་ཡང་དག་པར་བླངས་པས་རུས་སྦལ་གྱི་ ༢ ལྟོ་བ་ལྟར་ཞབས་མཐིལ་མཉམ་པ། བསྡུ་བའི་དངོས་པོ་བཞི་ལ་བསྟེན་པས་ཕྱག་དང་ཞབས་ངང་པའི་རྒྱལ་པོ་ལྟར་སོར་མོ་དྲ་བས་ ༣ འབྲེལ་ཡང་སོར་གདུབ་གཞུག་ཏུ་རུང་བ་དང་། བཟའ་བཅའ་གྱ་ནོམ་པ་བྱིན་པས་ཕྱག་ནི་ཞབས་དང་བཅས་པ་འཇམ་ཞིང་གཞོན་ཤ་ ༤ ཆགས་པ་དང་། བཏུང་བ་སོགས་གྱ་ནོམ་པ་བྱིན་པས་འདི་ཡི་སྐུ་ནི་ཕྱག་ཞབས་ཀྱི་རྒྱབ་བཞི་ཕྲག་པའི་སྟེང་གཉིས་ལྟག་པ་དང་བཅས་བདུན་ ༥ དག་མཐོ་བ་སྟེ་གང་ཞིང་རྒྱས་པ་དང་། བསད་བྱ་བཅིངས་པ་ལས་ཐར་བར་བྱས་པས་ཕྱག་ཞབས་ཀྱི་སོར་མོ་རིང་བ་དང་། ༦ གཞན་གྱི་སྲོག་བསྲུངས་པས་ཞབས་ཀྱི་རྟིང་ཡངས་པ་སྟེ་མཐིལ་བཞི་ཆ་ཕྱིར་འཕགས་པ། སྲོག་གཅོད་སྤངས་པས་འཛམ་བུ་གླིང་པའི་མིའི་ལུས་ཚད་ལས་ཁྲུ་བདུན་ཙམ་གྱིས་སྐུ་ཆེ་ཞིང་༨ དྲང་བ་དང་། དགེ་ཆོས་རང་གིས་བླངས་པས་པུས་མོའི་སླ་ང་དང་ཞབས་གྱི་ཕྱིའི་ལོང་བུ་ཆེ་བའི་འབུར་ ༩ མི་མངོན་པ་དང་། དགེ་ཆོས་གཞན་ལ་སྤེལ་བས་སྐུའི་བ་སྤུ་ནི་རེ་རེ་ནས་གྱེན་དུ་ ༡༠ ཕྱོགས་པ་དང་། བཟོ་དང་གསོ་བ་


MR04_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་སོགས་གུས་པར་བྱིན་པས་བྱིན་པ་ཟླུམ་རྒྱས་རི་དྭགས་ཨེ༷་ན་ ༡༡ ཡ་དང་འདྲ་བར་མཛེས་པ་དང་། རང་ལ་བདོག་པའི་ནོར་བསླང་བ་ན་སློང་བའི་སྐྱེ་བོ་མ་སྤང་བས་སྐུ་མ་བཏུད་ཀྱང་པུས་མོའི་ལྷ་ངར་སླེབ་པས་ཕྱག་ ༡༢ རིང་ཞིང་མཛེས་པ་དང་། ༡༣ ཕྱེ་བ་བསྡུམ་པ་དང་གསང་ཚིག་བསྲུངས་པས་རྟ་ཅང་ཤེས་ལྟར་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག་དང་ལྡན་པ་དང་། གདིང་བ་གྱ་ནོམ་པ་བྱིན་པས་པགས་པ་གསེར་གྱི་མདོག་ལྟར་དྭངས་གསལ་སྣུམ་ ༡༤ པ་དང་། ཁང་བཟངས་སོགས་དམ་པ་བྱིན་པས་པགས་པ་སྲབ་ཅིང་འཇམ་པ་དང་། ༡༥ འདུ་འཛི་དང་རྣམ་གཡེང་སྤངས་པས་སྐུའི་བ་སྤུ་ནི་ཁུང་བུ་རེ་རེ་ནས་སྐྱེས་ཤིང་གཡས་སུ་འཁྱིལ་པའི་ཚུལ་དུ་ལེགས་པར་འཁྲུངས་པ་དང་། ༡༦ བསྙེན་བཀུར་གྱི་གནས་ལ་ཇི་བཞིན་དུ་རིམ་གྲོ་བསྒྲུབས་པས་ཞལ་གྱི་སྨིན་མཚམས་ན་མཉེན་འཇམ་དཀར་བའི་མཛོད་སྤུས་བརྒྱན་པ་དང་། ༡༧ ཁ་དྲག་གི་ཚིག་གིས་གཞན་ཁྱད་དུ་མ་བསད་པས་རོ་སྟོད་སེང་གེ་དང་ ༡༨ འདྲ་བར་འཕེལ་ཀ་ཆེ་བ་དང་། སྙན་པ་དང་ལེགས་པར་སྨྲ་བའི་རྗེས་སུ་མཐུན་པར་བྱས་པས་འདི་ཡི་དཔུང་པའི་མགོ་ ༡༩ གསེར་གྱི་བུམ་པ་ལྟར་ཟླུམ་པ་དང་། སྨན་སོགས་ཕན་པའི་ཟས་བྱིན་པས་ཐལ་གོང་སྟེ་ཕྲག་པ་


MR04_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་གྱི་བར་གྱི་སྒྲོག་རུས་ཕན་ཚུན་ཤས་གང་ཞིང་རྒྱས་ ༢༠ པ་དང་། ནད་གཡོག་དང་རིམ་གྲོ་བྱས་པས་ཐུབ་པའི་ལྗགས་འདི་ལ་རོ་མི་ཞིམ་པའང་བསོད་ནམས་ཀྱི་སྟོབས་ཀྱིས་རོ་མཆོག་ཏུ་ཞིམ་པར་སྣང་བ་དང་། ༢༡ ཀུན་དགའ་ར་བ་དང་སྐྱེད་ཚལ་སོགས་བྱེད་པ་གཞན་ཡང་དག་པར་ལེན་དུ་གཞུག་པས་སྐུ་ནི་ཤིང་ནྱ་གྲོ་ཏ་ལྟར་ཆུ་ཞེང་གབ་ ༢༢ པ་སྟེ་གྱེན་འཕྲེད་ཆ་སྙོམས་པ་དང་། གཙུག་ལག་ཁང་དང་ཁང་བཟང་སོགས་བྱིན་པས་ཟླུམ་ཞིང་གནག་ལ་གཡས་ཕྱོགས་སུ་འཁྱིལ་བའི་གཙུག་ཏོར་བལྟར་མི་མངོན་པ་དབུར་ལྡན་པ་དང་། ༢༣ འཇམ་པ་དང་སྙན་པ་དང་མཉེན་པར་གསུངས་པས་རང་བཞིན་དུ་ཞལ་དཀྱིལ་ཁེབ་པ་ཙམ་དུ་ལྗགས་རིང་ཞིང་མཛེས་པ་ ༢༤ འདོད་ན་སྟོང་གསུམ་ཡང་ཁེབ་པ་དང་། སེམས་ཅན་རང་རང་གི་སྐད་དང་མཐུན་པར་ཆོས་བསྟན་པས། ཤེས་ཤིང་རྣམ་པར་ཤེས་པར་འགྱུར་བ། མཉན་པར་འོས་ཤིང་མི་མཐུན་པ་མེད་པ། ཟབ་ཅིང་རྗེས་སུ་སྒྲོག་པ། བཏང་མི་བྲ་ཞིང་རྣ་བར་སྙན་པ། མ་འཁྲུགས་ཤིང་གསལ་བའི་ཡན་ལག་ལྔ་དང་ལྡན་པའི་གསུང་ཚངས་པའི་དབྱངས་ ༢༥ དང་ལྡན་པ་དང་། ཡང་ན་ཚངས་དབྱངས་ཡན་ལག་དྲུག་ཅུ་ལའང་བཤད་དོ། །


MR04_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ངག་འཁྱལ་སྤངས་པས་འགྲམ་པ་གཉིས་སྡུག་ཅིང་ཟླུམ་ལ་རྒྱས་པ་མེ་ལོང་གི་ངོས་སམ་སེང་གེའི་འགྲམ་པ་དང་འདྲ་བ་དང་། ༢༦ སྐྱེ་བོ་ཐམས་ཅད་ལ་བསྟོད་ཅིང་བསྔགས་པས་ཚེམས་ཐམས་ཅད་ཤིན་ཏུ་དཀར་བ་དང་། ༢༧ ལོག་འཚོ་སྤངས་པས་ཚེམས་ཐམས་ཅད་མཐོ་དམན་རིང་ཐུང་གི་ཚད་མཉམ་པ་དང་། ༢༨ རྫུན་སྤངས་པས་ཚེམས་ལ་བར་མཚམས་མ་ཕྱེ་བས་ཐགས་བཟང་བ་དང་། ༢༩ ཕྲ་མ་སྤངས་པས་ཡས་མས་ན་ཉི་ཤུ་རེ་སྟེ་ཚེམས་ཀྱི་གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། ༣༠ སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བལྟས་པས་སྤྱན་ནི་ནོར་བུ་མཐོན་མཐིང་དང་འདྲ་བར་སྡུག་པ་དང་། ༣༡ཆགས་སྡང་སྤངས་པས་སྤྱན་གྱི་རྫི༷་མ་བ་ཡི་མཆོག་ཁྱུ་མཆོག་གི་རྫི་མ་དང་འདྲ་༣༢བ་ནི་སྤྱན་ཡ་ལྕིབ་མ་ལྕིབ་ཀྱི་སྤུ་རྣམས་ལེགས་པར་གཞོལ་ཞིང་མ་འདྲེས་པ་སྟེ་འདི་དག་མཐོང་པ་ཙམ་གྱིས་སྐྱེས་བུ་ཆེན་པོར་མཚོན་པར་བྱེད་པ་སུམ་ཅུ་རྩ་གཉིས་ཏེ་མཚན་བཟང་རྣམས་ཡིན་ནོ། །གཉིས་པ་ནི། ཚུལ་འདི་ལ་མཚན་དེ་རྣམས་ནི་རྒྱུ་གང་དང་གང་གིས་སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན་པ་དེ་དང་དེ་ནི་རབ་ཏུ་རྫོགས་པས་མཚན་བཟང་པོ་ནི་འདི་དག་ཡང་དག་པར་འགྲུབ་པར་གྱུར་པ་ཁོ་ནའོ། །རྒྱུ་གང་ཞེ་ན་སྔོན་སློབ་ལམ་དུ་བླ་མ་སྐྱེལ་བ་ལ་སོགས་པ་དང་། སྡོམ་པ་ཡང་དག་པར་བླངས་


MR04_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྟན་པ་དང་། བསྡུ་བའི་དངོས་པོ་བཞི་ལ་བསྟེན་པ་དང་། བཟའ་བཅའ་བལྡག་པ་སོགས་གྱ་ནོམ་པའི་དངོས་པོ་སྦྱིན་པ་དང་། གསད་བར་བྱ་བ་ལས་ཐར་བར་བྱེད་པ་དང་། དགེ་བ་ཡི་ཆོས་ནི་རང་གིས་ཡང་དག་པར་བླངས་པ་དང་། དགེ་ཆོས་བླང་བ་གཞན་ལ་སྤེལ་བ་ལ་སོགས་པ་དངོས་བསྟན་བདུན་དང་སོགས་ཁོངས་ནས་བསྟན་པ་ཉེར་ལྔ་སྟེ་གོང་དུ་མཚན་བཟང་སྐབས་ཕན་ཚུན་སྦྱར་ནས་རྒྱས་པར་བསྟན་པ་བཞིན་མཚན་བཟང་སྒྲུབ་བྱེད་ཀྱི་རྒྱུ་ཡི་མཚན་ཉིད་དེ་རྣམས་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་དཔེ་བྱད་ལ། བཅུ་ཚན་བརྒྱད་ལས། དང་པོ། མཚན་གྱི་ཆ་ཤས་རྣམས་རྫོགས་པར་བྱེད་པས་དཔེ་བྱད་དེ། དེ་ཡང་འདུ་བྱེད་ཀུན་ལ་འདོད་ཆགས་བྲལ་བ་མཐར་ཕྱིན་པའི་ནང་རྟགས་ཕྱིར་ཤར་བ་ཐུབ་པའི་སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ་དང་། ༡ ལྷག་བསམ་མངའ་བས་སེན་མོའི་མདོག་སྣུམ་པ་དང་། ༢ རིགས་མཆོག་ལས་སྐྱེས་པས་སེན་མོ་གཤོང་བུ་མེད་པས་མཐོ་བ་དང་། ༣ སྤྱོད་ཚུལ་ཁ་ན་མ་ཐོ་བ་མེད་པས་སོར་མོ་རྣམས་ཟླུམ་པ། ༤ དགེ་རྩ་རྫོགས་པས་རྒྱས་པ། ༥ ཐེག་གསུམ་ལ་མཐར་གྱིས་ཞུགས་པས་བྱིན་གྱིས་ཕྲ་བ་དང་། ༦ མི་དགེ་བ་དང་ལོག་


MR04_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་སྤངས་པས་ལུས་ཀྱི་རྩ་ཕྱིར་མི་མངོན་པ་དང་། ༧ ཉོན་མོངས་ལས་གྲོལ་བས་རྩ་ལ་མདུད་པ་མེད་པ་དང་། གསང་བ་བསྲུངས་པས་ཞབས་ཀྱི་ནང་གི་ལོང་བུ་ཆུང་ངུ་མི་མངོན་༩ པ་དང་། བགྲོད་དཀའི་གནས་ནས་དགྲོལ་བར་མཛད་པས་ཞབས་རིང་ཐུང་མེད་པས་མཉམ་པ་དང་། ༡༠གཉིས་པ། མི་ཟིལ་གྱིས་གནོན་པ་ལ་མཁས་པ་སེང་གེ ༡༡། ཀླུ་ཟིལ་གྱིས་གནོན་པ་གླང་ ༡༢ ཆེན། ནམ་མཁའ་ལ་གཤེགས་པ་བྱ་ངང་པ་དང་ནི། ༡༣ གདུལ་བྱའི་སྣ་འདྲེན་པས་ཁྱུ་མཆོག་གི་སྟབས་ཀྱིས་གཤེགས་པ་དང་། ༡༤ བསྐོར་ཕྱོགས་ཀྱི་ལམ་དང་མཐུན་པར་གཤེགས་པས་གཡས་ཕྱོགས་སུ་༡༥ལྡོག་ཅིང་གཤེགས་པ་དང་། གཤེགས་ཚེ་ཡིད་དུ་འོང་བས་མཛེས་པར་ ༡༦ གཤེགས་པ་དང་། དམན་ལམ་ཡིད་བྱེད་ཀྱི་གྱ་གྱུ་མེད་པས་དྲང་ ༡༧ པོར་གཤེགས་པ་སྟེ་གཤེགས་སྟངས་བདུན་དང་། གཞན་གྱི་ཡོན་ཏན་བརྗོད་པས་སྐུ་མཉེན་ཞིང་འགྱིང་ལེགས་པས་འཁྲིལ་བག་ ༡༨ ཆགས་པ། སྒོ་གསུམ་སྡིག་པས་མ་གོས་པས་སྐུ་གཙང་དག་བྱི་དོར་བྱས་པ་དང་༡༩ འདྲ་བ། གདུལ་བྱའི་བློ་དང་མཐུན་པར་ཆོས་བསྟན་པས་རིང་ཐུང་སྦོམ་ཕྲ་མ་འཆོལ་བས་རིམ་པར་འཚམས་པ། ༢༠ གསུམ་པ། སྐུ་གསུང་ཐུགས་ཀྱི་སྤྱོད་པ་དག་པས་སྐུ་དྲི་མ་མེད་པ་གཙང་བ་དང་། ༢༡


MR04_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཐུགས་རྗེ་ཆེན་པོ་དང་ལྡན་པས་སྐུ་འཇམ་པ་དང་། ༢༢ ཐུགས་དྲི་མ་མེད་པས་རྣམ་པར་དག་པའི་སྐུ་དང་། ༢༣ སྒྲིབ་གཉིས་འཇོམས་པའི་ཆོས་ཡོངས་སུ་རྫོགས་པས་མཚན་ནི་ཡོངས་སུ་གསལ་ཞིང་མཐའ་དག་རྫོགས་པ་དང་། ༢༤ ཡངས་ཤིང་མཛེས་པའི་ཡོན་ཏན་རྫོགས་ཤིང་སྐུ་ཡི་ཁྱོན་ཆེ་བས་ཁོ་ལག་ཡངས་ཤིང་བཟང་བ་དང་། ༢༥ འགྲོ་ལ་ཐུགས་སྙོམས་པས་གོམས་པ་ཆེ་ཆུང་སྙོམས་པ་དང་། ༢༦ ཉེས་ཀུན་དག་བྱེད་ཀྱི་ཆོས་སྟོན་པས་སྤྱན་གཉིས་ནི་ར་རི་མེད་པས་དག་པ་དང་། ༢༧ དཔེ་དང་བཅས་ཏེ་ཆོས་གོ་སླ་བར་སྟོན་པས་སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང་། ༢༨ བྱ་དཀའི་གནས་ལ་མ་ཞུམས་པས་སྐུ་ཤ་ཞུམ་པ་༢༩ མེད་པ་དང་། དགེ་རྩ་འཇིག་རྟེན་ཐམས་ཅད་ལས་འདས་པས་སྐུ་ཤ་རྒྱས་པ་དང་། ༣༠ བཞི་པ། ཡང་སྲིད་མི་ལེན་པའི་ཕྱིར་སྐུ་མི་ལྷོད་པས་ཤིན་ཏུ་གྲིམས་པའི་ ༣༡ སྐུ་ཉིད་དང་། རྟེན་འབྲེལ་ལུགས་འབྱུང་ལྡོག་རྟོགས་པས་ཡན་ལག་སོར་མོ་སོགས་ཆ་ཕྱེད་ཅིང་ཤིན་ཏུ་རྣམ་པར་འབྱེས་པ་དང་། ༣༢ མངོན་མཐོ་ངེས་ལེགས་ལས་བརྩམས་པའི་ཆོས་ཀྱི་ཚིག་དོན་སྟོན་པས་སྤྱན་སོགས་ཡུལ་ལ་གཟིགས་པ་རབ་རིབ་ཀྱི་སྒྲིབ་པ་མེད་པས་དག་པ་དང་། ༣༣ སློབ་མ་ཚུལ་ཁྲིམས་ཕུན་སུམ་


MR04_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་ཉིད་ཀྱི་ཕྱིར་དཀུ་སྟེ་སྟ་ཟུར་གྱིས་མཚོན་པའི་སྐེད་པ་ཟླུམ་པ་དང་། ༣༤ འཁོར་བའི་ཉེས་སྐྱོན་གྱིས་མ་སྦགས་པས་སྐེད་སྐབས་ ༣༥ ཕྱིན་པ་སྟེ་འཚམས་པ་དང་། ང་རྒྱལ་གྱི་འགྱིང་བག་བཅོམ་པའི་ཕྱིར་སྐེད་པ་ཧ་ཅང་མི་རིང་བས་མ་རྙོངས་པ་དང་། ༣༦ ཆོས་ཟད་མི་ཤེས་པར་སྟོན་པས་སྐུའི་ཕྱལ་ཏེ་ལྟོ་བ་ཕྱང་ ༣༧ ངེ་བ་མཐོ་དམའ་མེད་པ་དང་། ཆོས་ཟབ་མོ་རྟོགས་པས་ལྟེ༷་བ་ནི་གཏིང་ཟབ་པ་དང་། ༣༨ སློབ་མ་རང་དང་མཐུན་པར་གདམས་ངག་འཛིན་པས་ལྟེ་བའི་རི་མོ་གཡས་ཕྱོགས་སུ་འཁྱིལ་ ༣༩ བ་དང་། འཁོར་རྣམས་སྒོ་གསུམ་གྱི་སྤྱོད་པ་མཛེས་པས་སྤྱོད་ལམ་ཀུན་ནས་ལྟ་ན་སྡུག་པ་དང་། ༤༠ ལྔ་པ། ཐུགས་དྲི་མ་མེད་པ་གཙང་བས་སྒོ་གསུམ་གྱི་ཀུན་སྤྱོད་གཙང་བ་དང་། ༤༡ དུས་མ་ཡིན་པར་ཆོས་མི་སྟོན་པས་སྐུ་ལ་ནི་སྨེ་བ་དང་གནག་པའི་བག་མེད་པ་དང་། ༤༢ སྒོ་གསུམ་ཟོ་མདོག་བདེ་བའི་རྒྱུའི་ཆོས་སྟོན་པས་ཕྱག་ནི་ཤིང་བལ་ལྟར་འཇམ་པ་དང་། ༤༣ རང་གཞན་གྱི་སྐྱེ་བོ་ལ་སེམས་སྙོམས་པས་ཕྱག་རིས་ཏེ་ཕྱག་གི་རི་མོ་མདངས་ ༤༤ གསལ་བ་ཡོད་པ་དང་། ཟབ་མོའི་རྟོགས་པ་མཐར་ཕྱིན་པས་ཕྱག་གི་རི་མོ་ཟབ་པ་དང་། ༤༥ ཆོས་ཡང་ཡང་སྟོན་པར་མཛད་པས་ཕྱག་གི་རི་མོ་རིང་བ་དང་། ༤༦ ཇི་


MR04_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་འཚམས་པའི་བསླབ་པ་མང་པོ་སྟོན་པས་ཞལ་ནི་ཧ་ཅང་མི་རིང་ཞིང་མི་ཆེ་བ་དང་། སྣོད་བཅུད་ཀྱི་འཇིག་རྟེན་གཟུགས་བརྙན་ལྟར་རྟོགས་པས་མཆུ་ནི་ཤིང་ཏོག་བིམ་པ་ལྟར་དམར་ལ་གཟུགས་བརྙན་སྣང་བ་ཙམ་དུ་དྭངས་པ་དང་། གདུལ་བྱ་རྣམས་ཚིག་འཇམ་པོས་འདུལ་བས་ལྗགས་མཉེན་པ་དང་། རིགས་པས་འཐད་པ་མང་པོའི་ཡོན་ཏན་སྟོན་པས་ལྗགས་སྲབ་པ་དང་། ༥༠ དྲུག་པ། བྱིས་པའི་སྐྱེ་བོས་གཏིང་དཔག་དཀའ་བའི་ཆོས་སྟོན་པས་ལྗགས་དམར་བ་ཉིད་དང་། ༥༡ ཉེས་པ་བཅབ་པར་དོགས་པ་དང་འཇིགས་པ་མི་མངའ་བས་གསུང་འབྲུག་གི་སྒྲ་ལྟར་བརྗིད་པ་ཉིད་དང་། ༥༢ རྣ་བར་འཇེབས་པ་གསུངས་པས་གསུང་མཉེན་ཅིང་འཇམ་པ་དང་། ༥༣ ཆགས་ཁྲོ་ང་རྒྱལ་མ་རིག་ལྟ་བ་ཐེ་ཚོམ་མཆོག་འཛིན་ཕྲག་དོག་སེར་སྣ་སྟེ་ཀུན་སྤྱོད་དགུའི་འཆིང་བ་བཅད་པས་མཆེ་བ་ཟླུམ་པ་དང་། ༥༤ ཉོན་མོངས་ཤས་ཆེའི་སྐྱེ་བོ་གདུལ་དཀའ་བ་རྣམས་འདུལ་བས་མཆེ་བ་རྣོ༷་བ་དང་། ༥༥ ཉོན་མོངས་འཇོམས་པའི་ཆོས་དཀར་པོས་འདུལ་བས་མཆེ་བ་དཀར་བ་དང་། ༥༦ སེམས་ཅན་རྣམས་ལ་ཉེ་རིང་དུ་འཛིན་པ་ཟད་པས་མཆེ་བ་རིང་ཐུང་མེད་པས་མཉམ་པ་དང་། ༥༧ ཐེག་གསུམ་གྱི་མངོན་


MR04_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་མཐར་གྱིས་སྟོན་པས་མཆེ་བ་བྱིན་གྱིས་ཕྲ་བ་དང་། ཤེས་རབ་མཆོག་ལ་གནས་པས་ཤངས་ཀྱི་གཟེངས་མཐོ་བ་དང་། གདུལ་བྱ་སྐྱེ་བོ་ཡིད་ཆེས་པའི་ཕུན་ཚོགས་དང་ལྡན་པས་ཤངས་སྣབ་སོགས་མེད་པས་མཆོག་ཏུ་དག་པ་དག་དང་ནི། ༦༠ བདུན་པ། ཐེག་ཆེན་གྱི་ཆོས་རྒྱ་ཆེན་པོ་སྟོན་པས་སྤྱན་ཨུཏྤལ་འདབ་ལྟར་དཀྱུས་རིང་བའམ་ཡངས་པ་དང་། ༦༡ སེམས་ཅན་གྱི་ཚོགས་མང་པོ་འཁོར་བ་ལས་དྲངས་པས་རྫི༷་མ་ ༦༢ ཡིད་དུ་སྡུག་པ། མགུ་བར་དཀའ་བ་ལྷ་མི་ལྷ་མིན་གྱི་འགྲོ་བ་གཞོན་ནུ་མ་ཐམས་ཅད་ཀྱིས་བསྟོད་པར་འོས་པས་མངོན་པར་མགུ་བར་མཛད་པའི་སྤྱན་དཀར་ནག་གི་ཆ་པདྨའི་འདབ་མ་དང་ ༦༣ འདྲ་བ་ཡིད་དུ་འོང་བ་དང་། འགྲོ་ལ་རྟག་ཏུ་མ་འོངས་པ་ན་ཅི་འགྱུར་གཟིགས་པས་སྨིན་ཚུགས་རིང་བ་དང་། ༦༤ འཇམ་པོའི་ཆོས་ཀྱིས་འདུལ་བ་ལ་མཁས་པས་སྨིན་མ་སྤུ་འཇམ་པ་དང་། ༦༥ཐུགས་རྒྱུད་དགེ་བས་བརླན་པས་སྨིན་མ་སྣུམ་པ་དང་། ༦༦ དུས་ཀུན་ཉོན་མོངས་ཀྱི་རྐྱེན་གཟིགས་པས་སྨིན་མ་སྤུ་ནི་རིང་ཐུང་མཉམ་པ་དང་། ༦༧ མཆོག་ཏུ་གནོད་པ་ཉོན་མོངས་རྣམ་བཟློག་པར་མཛད་པས་ཕྱག་རིང་ཞིང་རྒྱས་པ་དང་། ༦༨ རྒྱལ་བར་དཀའ་བ་ཆགས་སོགས་ལས་རྒྱལ་བས་སྙན་རིང་ཐུང་མཉམ་པ་དང་། ༦༩ གདུལ་


MR04_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་རྒྱུད་མ་ཉམས་པར་བདེ་བ་ལ་བཀོད་པས་སྙན་དབང་ལ་ཉམས་པ་རྣམ་པར་སྤངས་པ་དང་། ༧༠ བརྒྱད་པ་ལ། ལྟ་བ་ངན་པས་ཐུགས་མི་འགྱུར་པས་དཔྲལ་བ་སྐྲ་མཚམས་ལེགས་པར་འབྱེས་པ་སྟེ་དོད་པ་དང་། ༧༡ ལོག་སྨྲ་ཐམས་ཅད་འཇོམས་པར་མཛད་པས་དཔྲལ་བ་རྒྱས་པ་སྟེ་དབྱེས་ཆེ་བ་དང་། ༧༢ གཞན་དོན་དུ་སངས་རྒྱས་ཐོབ་པར་སྨོན་པའི་སྨོན་ལམ་ཡོངས་སུ་རྫོགས་པས་དབུ་གདུགས་ལྟར་རྒྱས་པ་དང་། ༧༣ ཡུལ་ལ་དགའ་བའི་སྲེད་པ་བཟློག་པས་དབུ་སྐྲ་བུང་བ་ལྟར་གནག་པ་དང་། ༧༤ མཐོང་སྒོམ་གྱི་སྤང་བྱ་ཟད་པས་དབུ་སྐྲ་སྟུག་པ་དང་། ༧༥ བློ་འཇམ་པོ་རྟོག་མེད་ཀྱིས་བསྟན་པའི་སྙིང་པོ་ཤེས་པས་དབུ་སྐྲ་འཇམ་པ་དང་། ༧༦ ཐུགས་ཉོན་མོངས་ཀྱིས་མ་འཁྲུགས་པས་དབུ་སྐྲ་མ་འཛིངས་མ་འཕྱིང་བ་དང་། ༧༧ རྟག་ཏུ་ཚིག་རྩུབ་སྤངས་པས་དབུ་སྐྲ་མི་གཤོར་སྟེ་མི་རྩུབ་པ་དང་། ༧༨ དཀོན་མཆོག་གི་མདུན་དུ་དྲི་ཞིམ་པོའི་མེ་ཏོག་བཀྲམ་པས་དབུ་སྐྲ་དྲི་ཞིམ་པ་ ༧༩ སོགས་དཔེ་བྱད་ཀུན་གྱིས་སྐྱེས་བུ་ཡི་ཡིད་ནི་འཕྲོག་པར་བྱེད་པ་དང་། ཀུན་ཏུ་མཛེས་པར་གྱུར་པའི་ཕྱིར་ཕྱག་ཞབས་ཀྱི་མཐིལ་སོགས་ལ་དཔལ་གྱི་བེའུ་དང་བཀྲ་ཤིས་ཀྱི་རི་མོ་ནི་གཡུང་དྲུང་འཁྱིལ་པ་ལ་སོགས་པས་


MR04_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཏེ། གྲུ་བཞི་དང་། རྡོ་རྗེ་དང་། པདྨ་དང་། དུང་ལ་སོགས་པའི་བཀྲ་ཤིས་པའི་རི་མོ་བརྒྱད་ཅུས་མཚན་པ་གཅིག་ཏུ་བརྩིས་པ་སྟེ། ༨༠དེ་ལྟར་བརྒྱད་ཅུ་པོ་སངས་རྒྱས་ཀྱི་དཔེ་བྱད་བཟང་པོར་བཞེད་པ་ཡིན་ནོ། །བཞི་པ་སྤྲུལ་སྐུ་ནི། ཡེ་ཤེས་རྣམ་པ་ཐམས་ཅད་པའི་སྐུ་དེ་ཉིད་གང་ལ་གང་འདུལ་དུ་ཤར་བའི་སྐུ་གང་གིས་སྲིད་པ་ཇི་སྲིད་པར། འགྲོ་བ་རྣམས་ལ་ཕན་པ་སྣ་ཚོགས་པ་དག་དུས་མཉམ་དུ་རྩོལ་མེད་ལྷུན་གྱིས་གྲུབ་པར་མཛད་པའི་སྐུ་དེ་ནི་གདུལ་བྱ་སོ་སོའི་ངོ་སྐལ་དུ་སྣང་བ་ཐུབ་པའི་སྤྲུལ་སྐུ་ལ་སོགས་པར་རྟག་ཏུ་རྒྱུན་མི་འཆད་པ་སྟེ། དེ་ལྟར་སྐུ་བཞི་པོ་ནི་འབྲས་བུའོ། །ཡང་ན་ཆོས་སྐུ་དང་ཆོས་ཉིད་ངོ་བོ་ཉིད་སྐུ་གཅིག་ཏུ་བྱས་ཏེ་དག་པ་གཉིས་ལྡན་རྣམ་གྲོལ་གྱི་ཆ་ནས་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ནི་ཆོས་ཉིད་ཀྱི་སྐུ་ཡིན་ལ། དེའི་མཁྱེན་ཆ་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་གི་ལྡོག་ཆ་ནས་ཆོས་སྐུར་བཞག་པ་ལས་དོན་ལ་དག་པ་གཉིས་ལྡན་དབྱིངས་ཡེ་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་ཙམ་ལ་ཁྱད་པར་མེད་པས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཕྲིན་ལས་དང་བཞི་ལ་འབྲས་བུ་ཆོས་སྐུ་མཚོན་བྱེད་ཆོས་བཞིར་


MR04_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་པའང་ཡོད་ལ། ཕྲིན་ལས་ནི་ཆོས་སྐུའི་ཕྲིན་ལས་ཡིན་པས་རྟོགས་པ་དང་ཕྲིན་ལས་གཉིས་ཀ་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་སངས་རྒྱས་ཀྱི་ཆོས་ཡིན་པས་ཕྲིན་ལས་ལོགས་སུ་མི་རྩི་བར་སྐུ་བཞི་པོ་ཉིད་ཆོས་སྐུ་མཚོན་པའི་ཆོས་བཞིར་འཆད་དེ། དེ་གཉིས་དོན་ལ་འགལ་བ་མེད་པ་ཡིན་ནོ། །གཉིས་པ་ཕྲིན་ལས་ལ་གསུམ། དུས་ཀྱི་སྒོ་ནས་མདོར་བསྟན། དབྱེ་བའི་སྒོ་ནས་རྒྱས་པར་བཤད། གྲངས་ཀྱི་སྒོ་ནས་མཇུག་བསྡུ་བ་གསུམ་ལས། དང་པོ་ནི། མདོ་ལས། རབ་འབྱོར་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་བྱེ་མ་སྙེད་ནས། བྱང་ཆེན་དག་ཆེད་དུ་བསམ་སྟེ་སེམས་ཅན་དམྱལ་བ་ཆེན་པོ་དག་དུ་དོང་ཞིང་། སེམས་ཅན་དམྱལ་བ་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱས་ནས་ལ་སོགས་པས་བསྟན་ཏེ། དེ་ལ་ཡེ་ཤེས་ཆོས་ཀྱི་སྐུ་བརྙེས་ནས་དེའི་བྱིན་བས་ལས་གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་རྒྱུན་མི་ཆད་པ་དེ་བཞིན་དུ་འཁོར་བ་ཇི་སྲིད་དུ་ཡེ་ཤེས་ཆོས་སྐུ་འདིའི་ཕྲིན་ལས་ནི་རྒྱུན་མི་འཆད་པར་འདོད་པ་ཡིན་ནོ། །གཉིས་


MR04_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། ལམ་གྱི་རྟེན་དང་། ལམ་དང་། འབྲས་བུ་ལ་འགོད་པའོ། །དང་པོ། ཕྲིན་ལས་ཀྱི་རྣམ་པ་ལ་དུ་ཡོད་སྙམ་ན། སྤྱིར་སེམས་ཅན་རྣམས་ལ་ཕན་བདེ་མཐའ་ཡས་པ་རྟག་ཁྱབ་ཏུ་མཛད་པའི་ཕྲིན་ལས་ཚད་མེད་ཀྱང་མདོར་བསྡུ་ན་ཕྲིན་ལས་ཉི་ཤུ་རྩ་བདུན་གསུངས་ཏེ། ཐོག་མར་ཚོགས་ལམ་དུ་འགྲོ་བ་རྣམས་ཞི་བའི་གོ་འཕང་ཐོབ་པའི་རྟེན་བདེ་འགྲོར་འགོད་པའི་ལས་མཛད་པ་དང་ ༡ ནི་ཞེས་ས། །གཉིས་པ་ནི། སྦྱོར་བ་བདག་གཞན་སྨིན་པའི་རྒྱུ་བསྡུ་བ་རྣམ་པ་བཞི་ལ་འགོད་པ་ ༢ དང་། ལྟ་བ་ཀུན་ནས་ཉོན་མོངས་པ་དང་བཅས་པ་ཡི་སྡུག་ཀུན་དོར་བྱར་ཤེས་པ་དང་ལམ་དང་འགོག་པ་རྣམ་པར་བྱང་པ་སྟེ་བླང་བྱར་ཤེས་པ་བདེན་བཞི་རྟོགས་པ་ ༣ ལ་འགོད་པ་དང་། བསམ་པ་སེམས་ཅན་རྣམས་ཀྱི་དོན་ལ་དམིགས་ནས། དེ་དག་གི་དོན་ཇི་ལྟ་བ་བཞིན་གྱི་དོན་བྱེད་པའི་ ༤ སེམས་བསྐྱེད་ལ་འགོད་པ་དང་། སྦྱོར་བ་ཕ་རོལ་ཕྱིན་དྲུག་ ༥ ཉམས་སུ་ལེན་པ་ལ་འགོད་པ་དང་། སངས་རྒྱས་སུ་འགྲོ་བའི་ལམ་དགེ་བ་བཅུ་དང་དུ་ལེན་པ་སྡོམ་པའི་ཚུལ་ཁྲིམས་ལ་འགོད་པ་དང་། ༦ སྦྱོར་ལམ་དུ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ ༧ ཉིད་སྒོམ་བྱུང་གི་རྟོགས་པ་ལ་འགོད་པ་དང་།


MR04_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལམ་དུ་གཉིས་སྣང་གི་སྤྲོས་པ་ཟད་པ་ལ་འགོད་པ་དང་། ༨ སྒོམ་ལམ་ས་གཉིས་པ་དང་གསུམ་པར་བརྡ་ཙམ་ཁོང་དུ་ཆུད་པའི་ཡེ་ཤེས་དང་ལྡན་པའི་ཚུལ་ཁྲིམས་དང་བཟོད་པ་ལ་འགོད་པ་དང་། ༩ ས་བཞི་པ་དང་ལྔ་པ་དྲུག་པ་གསུམ་དུ་ཆོས་ཀུན་ལ་བདེན་ཞེན་གྱིས་དམིགས་པ་མེད་པ་ལ་འགོད་པ་དང་། ༡༠ས་བདུན་པར་ཐབས་མཁས་ཀྱིས་ལུས་ཅན་རྣམས་ནི་ཡོངས་སུ་ ༡༡ སྨིན་པར་བྱེད་པ་ལ་འགོད་པ་དང་། ས་བརྒྱད་པར་བསོད་ནམས་རྒྱ་ཆེ་བའི་བྱང་ཆུབ་སེམས་དཔའི་ལམ་ ༡༢ གྱིས་མཚོན་པས་ལམ་གསུམ་མངོན་དུ་ཤེས་པ་དང་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོངས་སུ་སྨིན་པས་མངོན་པར་ཞེན་པ་མཐའ་དག་བཟློག་པ་དང་། ༡༣ དེའི་དབང་གིས་བྱང་ཆུབ་དམ་པ་རྩོལ་མེད་དུ་ཐོབ་པ་དང་། ༡༤ སངས་རྒྱས་ཀྱི་ཞིང་རྣམ་པར་ ༡༥ དག་པ་ལ་དབང་བ་དང་བཞི་ལ་འགོད་དོ། །དགུ་པར་འཚང་རྒྱ་བར་སྐྱེ་བ་གཅིག་གིས་ཐོགས་པར་ངེས་པ་དང་། ༡༦ སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས་ཆོས་བསྟན་པ་སོགས་ཀྱིས་སེམས་ཅན་གྱི་དོན་ནི་ཚད་མེད་འགྲུབ་པ་ ༡༧ གཉིས་ལ་འགོད་པ་དང་། ས་བཅུ་པར་དབང་ཕུལ་དུ་བྱུང་བ་ཐོབ་པས་སངས་རྒྱས་ཀྱི་ཞིང་ཀུན་ཏུ་བྱོན་


MR04_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སངས་རྒྱས་བསྟེན་པ་ ༡༨ དང་མཆོད་ཅིང་ཆོས་ཉན་པ་སོགས་ཡོན་ཏན་ཚད་མེད་པ་ཐོབ་པ་དང་། བྱང་ཆུབ་ཡན་ལག་གི་རྟོགས་པ་གོང་དུ་འཕེལ་བ་ཚད་མེད་པ་ཐོབ་པ་དང་། ༡༩ ཚོགས་གཉིས་ཀྱི་ལས་རྣམས་ནི་ཆུད་མི་ ༢༠ ཟ་བར་སངས་རྒྱས་ཉིད་དུ་འགྲུབ་པ་དང་། རྒྱ་ཆེ་བ་བདེན་བཞི་རྫོགས་པར་མངོན་སུམ་མཐོང་བ་དང་། ༢༡ ཕྱིན་ཅི་ལོག་བཞི་ནི་ཟད་པར་སྤངས་པ་དང་། ༢༢ ཕྱིན་ཅི་ལོག་དེ་ཡི་གཞི་མཚན་འཛིན་མེད་པའི་ཚུལ་དང་ནི། ༢༣ ཆོས་ཀུན་མཉམ་ཉིད་དུ་རྟོགས་པས་དྲི་མ་རྣམ་པར་བྱང་པ་མཆོག་ཏུ་རྫོགས་པ་དང་། ༢༤ ཚོགས་མ་ལུས་པ་ཡོངས་སུ་རྫོགས་༢༥ པ་དང་ནི་འདུས་བྱས་འཁོར་བ་དང་འདུས་མ་བྱས་པ་མྱང་འདས་ལ་ཐ་དད་པར་ཡོངས་སུ་མི་ཤེས་པའམ་ ༢༦ མི་དམིགས་པ་སྲིད་ཞི་མཉམ་པ་ཉིད་སློབ་ལམ་གྱི་ཡེ་ཤེས་མཐར་ཐུག་པ་ལ་འགོད་པ་དང་། གསུམ་པ་ནི། མཐར་ཐུག་གི་འབྲས་བུ་ཡོངས་སུ་མི་གནས་པའི་མྱ་ངན་ལས་འདས་པ་ལ་འགོད་པ་སྟེ། ༢༧ མདོ་ལས། གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་མཉམ་པ་རྨོངས་པ་མེད་པའི་ཆོས་ཅན་ནི་མྱ་ངན་ལས་འདས་པ་སྟེ། ཞེས་སོགས་ཀྱིས་བསྟན་པ་བཞིན་ནོ། །


MR04_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་གྲངས་ཀྱི་སྒོ་ནས་མཇུག་བསྡུ་བ་ནི། དེ་ལྟར་ཆོས་ཀྱི་སྐུ་ཡི་བདག་རྐྱེན་ལས་བྱུང་བའི་ཕྲིན་ལས་ནི། དེ་ལྟར་རྣམ་པ་ཉི་ཤུ་རྩ་བདུན་དུ་རྒྱལ་བས་བཞེད་དེ། མདོར་བསྡུས་ན་ལམ་གྱི་རྟེན་དང་ལམ་དང་ལམ་མཐར་ཕྱིན་པ་འབྲས་བུ་ལ་འགོད་པའི་སྒོ་ནས་ནམ་མཁའ་དང་སེམས་ཅན་གྱི་མཐའ་ཇི་སྲིད་དུ་ཕྲིན་ལས་རྒྱུན་མི་ཆད་པར་འཇུག་པ་ཡིན་ནོ། །གོང་དུ་ཇི་སྐད་བཤད་པའི་སྐབས་བརྒྱད་པ་ཉིད་ཀྱི་དོན་བསྡུ་ན། སྒྲིབ་གཉིས་བག་ཆགས་དང་བཅས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་པའི་རྣམ་གྲོལ་གྱི་ལམ་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་སྤང་རྟོགས་མཐར་ཕྱིན་པ་འབྲས་བུའི་མཆོག་མི་གནས་པའི་མྱང་འདས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་འགྲུབ་པར་འགྱུར་ཏེ། དེའི་ཚེ་ན་སྐུ་བཞི་ཕྲིན་ལས་དང་བཅས་པ་ལྷུན་གྱིས་གྲུབ་པ་ནི། འདི་ལྟར་གནས་གྱུར་མཐར་ཐུག་ཐོབ་པས་ཞིང་ཁམས་ཡོངས་སུ་དག་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྒྱ་ཁྱོན་ཚད་ལས་འདས་པར། ཡེ་ཤེས་ཀྱི་སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུས་མཛེས་པར་སྤྲས་པ་ལོངས་སྤྱོད་རྫོགས་པ་ཆེན་པོའི་བདག་ཉིད་དུ་བཞུགས་


MR04_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁོར་དུ་སེམས་ཅན་རྒྱུད་ཡོངས་སུ་དག་པ་ས་བཅུའི་སེམས་དཔའ་ཆེན་པོ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་བསྟན་པས་ཡོངས་སུ་སྨིན་པར་མཛད་ནས་རྗེས་སུ་འཛིན་ལ། དེའི་རང་བཞིན་ནི་སངས་རྒྱས་ཀྱི་རྒྱུད་དེ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱི་སྐུ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་པའི་ཆོས་ཉིད་ཡེ་ཤེས་ཀྱི་སྐུའི་རང་བཞིན་འཛིན་པར་མཛད་པ་ཡིན་ལ། དེའི་ཐུགས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཟག་པ་མེད་པའི་ཆོས་སྡེ་ཚན་ཉེར་གཅིག་གི་རྒྱུད་དམ་རང་བཞིན་ཅན་གྱི་བདག་ཉིད་ཆོས་ཀྱི་སྐུ་ཡོངས་སུ་འཛིན་ལ། དེ་ཉིད་གང་ལ་གང་འདུལ་དུ་སྣང་བ་སྤྲུལ་པའི་སྐུ་སྣ་ཚོགས་པར་བསྟན་ནས། ཕྱོགས་བཅུར་ཐེག་པ་གསུམ་གྱི་རིགས་ཅན་དགེ་འདུན་གྱི་རྒྱུད་ཡོངས་སུ་འཛིན་ཅིང་། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་དེས་ནམ་མཁའ་དང་སེམས་ཅན་གྱི་མཐའ་ཇི་སྲིད་དུ་ཕྲིན་ལས་ཉི་ཤུ་རྩ་བདུན་གྱི་ཚུལ་གྱིས་སྲིད་པ་དང་ཞི་བའི་ཕན་བདེའི་ཆོས་ཚུལ་མ་ལུས་པ་ཀུན་རྣམ་པར་རྟོག་མེད་ཡིད་བཞིན་ནོར་བུའི་ཚུལ་གྱིས་ལྷུན་གྱིས་གྲུབ་པར་ཡོངས་སུ་འཛིན་པ་ཡིན་ནོ། །དེ་ལ་རྒྱུད་ཅེས་བྱ་བ་ནི་མི་ཟད་པ་དང་ཇི་སྙེད་པའི་དོན་ཏེ་དེར་གཏོགས་པ་ཐམས་


MR04_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བསྡུ་བ་ཡིན་ལ། རྣམ་པར་དག་པའི་གནས་གྱུར་པ་མཐར་ཐུག་པ་བརྙེས་ནས། སྣོད་བཅུད་དག་པ་གང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། ཕྱོགས་བཅུའི་ནམ་མཁའི་མཐས་གཏུགས་པར་བསྟན་པའི་རྒྱལ་མཚན་བསྒྲེངས་ཤིང་། དམ་པའི་ཆོས་ཀྱི་དུང་འབུད་པ་དང་། འཕགས་པའི་ཆོས་ཀྱི་རྔ་བོ་ཆེ་རྒྱ་ཆེར་བསྒྲགས་པའི་སྒོ་ནས་དཀོན་མཆོག་གསུམ་གྱི་རིགས་སམ་གདུང་རྒྱུན་ནམ་རྒྱུད་མི་འཆད་ཅིང་ཕན་བདེའི་ཆོས་ཀུན་མི་ནུབ་པར་ཡོངས་སུ་འཛིན་པ་ཡིན་ནོ། །སྐབས་བསྡུ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ་ལས། ཆོས་སྐུའི་སྐབས་ཏེ་བརྒྱད་པའོ། །རྩ་བའི་གཉིས་པ་འབྲིང་པོར་དགའ་བ་ལ་དྲུག་ཏུ་དབྱེ་བ་ནི། དེ་ལྟར་སྐབས་བརྒྱད་དུ་བསྟན་པ་དེ་དག་མཁྱེན་གསུམ་གྱི་ངོ་བོར་གྱུར་པའི་མཚན་ཉིད་གཏན་ལ་དབབ་བྱའམ་བསྒོམ་བྱ་དང་། ༡ དེ་ཡི་སྦྱོར་བ་རྣམ་རྫོགས་དང་། ༢ རྣམ་རྫོགས་དེ་རབ་ཏུ་གྱུར་པ་རྩེ་མོ་དང་། ༣མཁྱེན་གསུམ་དེ་ཡི་གོ་རིམ་མཐར་གྱིས་པ་དང་། ༤ དེ་ཡི་མཐའ་སྐད་ཅིག་མའི་སྦྱོར་བ་དང་། ༥ དེ་ཡི་རྣམ་སྨིན་ནི་ཆོས་སྐུའི་གནས་སྐབས་ཏེ། ༦


MR04_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དྲུག་ཏུ་བསྡུས་པ་ནི་བརྒྱད་པོ་ལས་གཞན་ཏེ་རྣམ་པ་དྲུག་ཡིན་ནོ། །གསུམ་པ་བསྡུས་པར་མོས་པ་ལ་མངོན་རྟོགས་གསུམ་དུ་བསྡུས་པ་ནི། ཡུལ་ནི་གཏན་ལ་དབབ་བྱ་མཁྱེན་པ་རྣམ་པ་གསུམ་པོ་སྦྱོར་བའི་རྒྱུད་དང་ ༡ དེ་རྣམ་རྫོགས་ལ་སོགས་པ་སྦྱོར་བ་བཞི་ཡི་བདག་ཉིད་དངོས་དང་། ༢ ཆོས་སྐུ་ཕྲིན་ལས་དང་བཅས་པ་ལ་འབྲས་བུ་ནི་སྟེ་དེ་༣ལྟར་དོན་བསྡུས་ན་སྔ་མ་རྒྱས་འབྲིང་ལས་གཞན་ཏེ་རྣམ་པ་གསུམ་དུ་འདུ་བ་ཡིན་ནོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་གནད་ཟབ་མོ་རྒྱལ་ཚབ་ས་བཅུའི་དབང་ཕྱུག་གིས་སྦས་དོན་མཐར་ཐུག་ཏུ་བཀྲལ་བའི་ཚུལ་འདི་ལྟ་བུ་ལ་ཅི་ནས་ཀྱང་གུས་རྟག་གི་བརྩོན་པས་འཇུག་པར་བྱ་དགོས་ཏེ། དེ་བཞིན་གཤེགས་པས་ཀུན་དགའ་བོ་ལ་བཀའ་སྩལ་པ། ངས་ཁྱོད་ལ་ཇི་སྙེད་བསྟན་པའི་ཆོས་ཀུན་བརྗེད་ཅིང་ཉམས་པར་གྱུར་པ་ལས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཚིག་ཟུར་ཙམ་ཉམས་པ་མི་རུང་བས། དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་ཞིང་དྲིན་དུ་དྲན་པའི་ཡིད་ཀྱིས་ཤེར་ཕྱིན་འདི་མ་ཉམས་པར་ཟུངས་ཞེས་གདམས་པར་མཛད་པ་ལྟར་དོན་ཆེ་བའི་ཕྱིར་རོ། །བཞི་པ་མཇུག་དོན་ལ་གཉིས། མཛད་བྱང་དང་འགྱུར་བྱང་ངོ་། །དང་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བ། སྐྱེ་བ་གཅིག་གིས་ཐོགས་


MR04_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ད་ལྟ་དགའ་ལྡན་ན་བཞུགས་པའི་རྗེ་བཙུན་བྱམས་པ་མགོན་པོས་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་བརྗོད་དོན་དངོས་པོ་བརྒྱད་ཀྱི་སྒོ་ནས་ཚིག་ཉུང་ངུར་བསྡུས་ཏེ་མཛད་པ་རྫོགས་སོ་བཤད་ཟིན་པར་བསྟན་པའོ། །གཉིས་པ་ནི། སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་རྒྱ་གར་གྱི་མཁན་པོ་བིདྱ་ཀ་ར་པྲ་བྷ་སྟེ་རིག་བྱེད་འོད་ཟེར་རམ་རིག་པའི་འབྱུང་གནས་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། སླད་ཀྱིས་པནྜི་ཏ་གོ་མའི་འཆི་མེད་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་ལེགས་པར་གཏན་ལ་ཕབ་པའོ། །འབྲས་ཡུམ་རྣམ་ཀུན་མཆོག་ལྡན་དེ་བཞིན་ཉིད། །ཟབ་ཞི་སྤྲོས་བྲལ་ཟུང་འཇུག་མཉམ་པ་ཉིད། །རང་བྱུང་ཡེ་ཤེས་ཟབ་མོ་བརྒྱད་ལྡན་ཚུལ། །མཐར་ཕྱིན་རྫོགས་པ་ཆེ་ལ་གཞོལ་ཞིང་འབབ། །དེ་སླད་རྒྱལ་བའི་ཆོས་ཀུན་བརྗེད་ཀྱང་སླའི། །ཤེར་ཕྱིན་འདི་ཡི་ཚིག་གི་ཟུར་ཙམ་ཡང་། །ཉམས་མི་རུང་ཞེས་ཐུབ་པ་མཆོག་དེ་ཡིས། །ཡང་ཡང་རྗེས་སུ་བསྔགས་པའི་ཚུལ་འདིར་གཟིགས། །རྒྱལ་དགོངས་མཐར་ཐུག་མ་སྦས་ཇི་ལྟ་བར། །རྒྱལ་ཚབ་འཕགས་པས་ལེགས་བཀྲལ་མངོན་རྟོགས་རིམ། །འཕགས་


MR04_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བོད་མཁས་པའི་ལེགས་བཤད་བྱེ་བའི་བཅུད། །ཀུན་མཁྱེན་བླ་མའི་རྣམ་དཔྱོད་མཐུ་ཡིས་བསྡུས། །ཀུན་དང་མཐུན་ཞིང་ཀུན་ལས་ཁྱད་འཕགས་པའི། །ཟབ་གནད་མཐའ་དག་རྗེན་པར་བཀྲལ་དེའི་ཕྱིར། །བློ་གསལ་བློ་ཡི་པད་དཀར་བཞད་པའི་གཉེན། །བློ་ཆེན་བློ་ཡི་འདོད་འཇོའི་གཏེར་གཅིག་ཡིན། །དེས་ན་བསྟན་ལ་དགོངས་ཤིང་དུས་ཀྱི་མཐར། །སྐྱོབ་པ་མཆོག་དེའི་བཀའ་དྲིན་འཚོབ་འདོད་རྣམས། །ཚུལ་འདི་བཤད་སྒྲུབ་རྒྱལ་མཚན་རྩེ་མོ་རུ། །མཆོད་པར་མཛོད་ཅེས་ལྷག་བསམ་མཐུ་ཡིས་གསོལ། །ཟབ་མོ་བྱིས་པའི་བློ་ཡི་གཞལ་དཀའ་ཡང་། །ཀུན་མཁྱེན་བླ་མའི་རྩ་མཆན་མདོ་སྦྱར་གྱི། །དགོངས་པ་ཇི་བཞིན་ཉིད་ལས་འདོད་ཞེན་གྱིས། །གསུང་སྒྲོས་ཚིག་ཟུར་ཙམ་ཡང་བསླད་པ་མེད། །དེ་སླད་ཆོས་སྤྱན་ལྡན་རྣམས་དཔང་པོར་འོས། །འདིར་འབད་དགེ་དེས་འཇམ་མགོན་ཆོས་ཀྱི་རྒྱལ། །ཡབ་སྲས་བརྒྱུད་པའི་ཐུགས་དགོངས་རྫོགས་ཕྱིར་དང་། །ད་ལྟར་བཞུགས་དང་སླད་ནས་འབྱོན་འགྱུར་བའི། །སྐྱེས་ཆེན་མཆོག་རྣམས་དགྱེས་པའི་ཚུལ་འདིར་བརྩོན། །དེ་ལྟའི་དགེ་བ་ནོར་བུའི་སྒྲོན་མེ་ཡི། །ས་གསུམ་ཉེས་པའི་མུན་པ་ཀུན་སེལ་ཞིང་། །དོན་གཉིས་མཐའ་ཕྱིར་རྣམ་གྲོལ་འདོད་རྒུའི་ཆར། །མཁའ་ཁྱབ་ཞིང་ན་རྟག་པར་མཛེས་གྱུར་ཅིག །བདག་གཞན་སྐྱེ་


MR04_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འཇམ་མགོན་བླ་མ་ཡི། །ཞབས་ཀྱི་ཆུ་སྐྱེས་བསྟེན་པའི་དཔལ་ཐོབ་ནས། །བྱམས་ཆེན་ཆོས་ཀྱི་ཉི་མ་ཤར་བའི་ཚེ། །ཟབ་རྒྱས་ཆོས་མཛོད་རྒྱ་མཚོ་འཛིན་གྱུར་ཅིག །ཅེས་ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་གྱི་རྩ་མཆན་དཀྱུས་སུ་བཀོད་པའི་འགྲེལ་ཆུང་པུཎྜ་རི་ཀའི་དོ་ཤལ་ཞེས་བྱ་བ་འདི་ནི་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ཕྱག་མཆན་ལྟར། སྐབས་ལྔ་པ་རྩེ་མོའི་མངོན་རྟོགས་ཀྱི་ཕྱེད་ཡན་ཆོད་ཀཿཐོག་སི་ཏུ་པཎྜི་ཏས་ཞལ་བཤུས་པར་མཛད་ཅིང་། དེ་ཕྱིན་གྱི་མཇུག་ཡོངས་སུ་རྫོགས་པ་དང་། ཞུས་དག་པར་བྱེད་པ་པོ་མཁྱེན་རབ་དང་ཐུགས་རྗེ་ཚད་མེད་པའི་མངའ་བདག་མཁན་ཆེན་བླ་མ་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཆེན་པོ་ཐུབ་བསྟན་ཀུན་བཟང་ཆོས་ཀྱི་གྲགས་པས་ལྷན་ཅིག་བྱེད་རྐྱེན་མཛད་པ་ལ་བརྟེན་འཇམ་དབྱངས་བླ་མའི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་སྐལ་བཟང་ཐོབ་པ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་ཞེ་ཆེན་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་གླིང་དུ་མེ་སྟག་ས་ག་ཟླ་བའི་ཤར་ཕྱོགས་ཌཱ་ཀི་འདུ་བའི་དུས་ཚེས་ཉེར་ལྔ་ལ་གྲུབ་པར་བགྱིས་པ་འདིས་ཀྱང་ཀུན་མཁྱེན་བླ་མའི་ཟབ་དགོངས་ཡོངས་སུ་རྫོགས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་


MR04_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་དོན་ཟབ་མོ་ཇི་བཞིན་རྟོགས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། ༈ །།ཨོཾ་སྭ་སྟི། ཟབ་དང་རྒྱ་ཆེའི་གནས་ལུགས་དོན། །ཇི་བཞིན་གཏན་ལ་འབེབས་པ་ལ། །བྱམས་ཆེན་མི་ཕམ་རྒྱལ་བ་དེས། །དཔལ་གྱི་མགུལ་ནས་ལེགས་ཕྱུང་པ། །༡ས་གསུམ་ཐོགས་མེད་ཐུགས་མཚོར་རོལ། །མངོན་པར་རྟོགས་པའི་རྒྱན་གྱི་གཞུང་། །དུས་གསུམ་མཁས་པ་འབྱུང་བའི་གཞི། །སླར་ཡང་གསལ་མཛད་འཇམ་པའི་དབྱངས། ༢། མི་ཕམ་ཕྱོགས་ལས་རྣམ་རྒྱལ་སྡེས། །ལེགས་པར་བཀྲལ་བའི་དོན་གསལ་གྱི། །སྤུན་ཟླ་ཉིད་དུ་ངེས་པར་གྲུབ། །འདིར་ཞུགས་ཤེར་ཕྱིན་དོན་བཟང་ངེས། ༣། ཀུན་ལ་


MR04_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཕྱིར་སྤར་གྱི་འཕྲུལ། །འདུ་བྱེད་བརྩོན་པའི་དགེ་འདི་ཡིས། །ཁམས་གསུམ་ཡིད་ཅན་མ་ལུས་པས། །ཡུམ་དོན་བདེ་བླག་རྟོགས་པར་ཤོག །༤ཅེས་པའི་པར་སྦྱང་སྨོན་ཚིག་འདིའང་ཞེ་ཆེན་ནས་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེའི་དགོངས་རྫོགས་སུ་པར་དུ་སྒྲུབ་སྐབས་འཇམ་དབྱངས་བླ་མའི་བྱིན་རླབས་ཀྱི་ཞོ་ཤས་འཚོ་བ་ཆོས་ཀྱི་བློ་གྲོས་པས་སྨོན་པ་དགེ་ལེགས་སུ་གྱུར་ཅིག །ཤུ་བྷཾ།། །། །། །།

ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་།


MR04_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་མཆན་འགྲེལ་མི་ཕམ་ཞལ་ལུང་བཞུགས་སོ། །


MR04_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་ཝེ། ཀུན་མཁྱེན་རྟོན་པ་བཞི་ལྡན་དང་། །རྒྱལ་ཚབ་ཆེ་དང་རྒྱལ་བའི་སྲས། །ངེས་དོན་ལམ་བཟང་གསལ་མཛད་པར། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །གདོད་ནས་དྲི་མེད་སེམས་ཀྱི་ཆོས་ཉིད་ནི། །ངེས་དོན་འཇམ་དཔལ་དཔའ་བོའི་བདག་ཉིད་དུ། །ངེས་པའི་རིགས་ལམ་རལ་གྲིའི་རྣོ་རྒྱུན་གྱིས། །ཀུན་རྨོངས་སྲིད་པའི་དྲ་བ་རྣམ་པར་གཅོད། །དེ་ལ་འདིར་དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་སྙིང་པོ་དགོངས་པའི་མཐིལ། མདོ་དང་སྔགས་ཀྱི་ཆོས་ཀུན་གྱི་གནད་གཅིག་པུ་ནི་ཀུན་ཁྱབ་བདེ་གཤེགས་སྙིང་པོ་འདི་


MR04_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཡིན་ལ། དེ་ཉིད་གསལ་བར་སྟོན་པ། ཐེག་པ་ཆེན་པོའི་རྒྱུད་བླ་མ། །འདི་འཆད་པ་ལ་དོན་རྣམ་བཞི། །དོན་དང་མཐུན་པ་མཚན་གྱི་དོན། །དོན་ཆེན་སྒྲུབ་པ་སྤྱི་ཡི་ཕྱག །དོན་མཆོག་ལྡན་པའི་བསྟན་བཅོས་དངོས། །དོན་དེ་ལེགས་པར་བསྒྱུར་ཚུལ་ལོ། །དང་པོ་གཉིས་པར་དབྱེ་བ་མེད། །དང་པོ། རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་ཨུཏྟ་ར་ཏནྟྲ་ཤཱས་ཏྲཾ། བོད་སྐད་དུ། ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་ཞེས། མ་ཧཱ་ཡཱ་ན་ནི་ཐེག་པ་ཆེན་པོའོ། །ཨུཏྟ་ར་ནི་བླ་མའོ། །ཏནྟྲ་ནི་རྒྱུད་དོ། །ཤཱསྟྲི་ནི་བསྟན་བཅོས་སོ། །མཚན་བཤད་པ་ནི། །ཐེག་པ་ནི་འདིས་


MR04_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

འདེགས་པས་ན་ཐེག་པ་སྟེ་རྒྱུའི་ཐེག་པའོ། །འདིར་འདེགས་པས་ན་ཐེག་པ་སྟེ་འབྲས་བུའི་ཐེག་པའོ། །ཆེན་པོ་ནི། དམིགས་པ་དང་ནི་སྒྲུབ་པ་དང་། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང་། །ཐབས་མཁས་འགྲུབ་པ་ཕྲིན་ལས་ཆེ། །ཞེས་པ་སྟེ། ཆེན་པོ་བདུན་དང་ལྡན་པའོ། །རྒྱུད་ནི་རྒྱུན་ཆགས་པ་སྟེ། འདིའི་བརྗོད་བྱའི་གཙོ་བོ་དེ་བཞིན་གཤེགས་པའི་སྙིང་པོ་ནི་གཞི་ལམ་འབྲས་བུ་ཐམས་ཅད་རྒྱུན་ཆགས་པའམ། ཡང་ན་རྒྱུད་དང་འདྲ་བ་སྟེ། ཁམས་ནི་རྒྱུ་རྒྱུད་དང་འདྲ་ཞིང་ཁམས་ཀྱི་དྲི་མ་དག་པར་བྱེད་པའི་རྐྱེན་བྱང་ཆུབ་སོགས་གསུམ་ནི་ཐབས་རྒྱུད་དང་འདྲ་ལ། འབྲས་བུ་དཀོན་མཆོག་གསུམ་ནི་འབྲས་བུའི་རྒྱུད་དང་འདྲ་བའི་ཕྱིར་རོ། །བླ་མ་ནི་གོང་ན་མེད་པ་དང་ཁྱད་པར་དུ་འཕགས་པ་སྟེ། ངེས་པའི་དོན་གྱི་མདོའི་དོན་རྟོགས་པར་དཀའ་བ་རྡོ་རྗེའི་གནས་བདུན་སྟོན་པའི་ཕྱིར་རོ། །བསྟན་བཅོས་ནི་རྒྱུ་ཉོན་མོངས་ལས་འཆོས་ཤིང་འབྲས་བུ་ངན་འགྲོ་དང་སྲིད་པ་ལས་སྐྱོབ་པ་སྟེ། རྣམ་བཤད་རིགས་པར། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབ་བྱེད་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །


MR04_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་པ་ལྟར་རོ། །མཚན་འདི་ནི་བརྗོད་བྱ་དང་བྱེད་ལས་ལས་བཏགས་པའོ། །གཉིས་པ། མ་རིག་པའི་གཉིད་སངས་པ་དང་ཤེས་བྱ་ལ་བློ་རྒྱས་པའི་སངས་རྒྱས་དང་བྱང་ཆུབ་ཀྱི་ཆེད་དུ་སེམས་མི་ཞུམ་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་ལོ་ཙཱ་བས་བཀོད་པའོ། །གསུམ་པ་ཉིད་ལ་དོན་གསུམ་སྟེ། །ལུས་ཉིད་རྣམ་པར་བཞག་དང་གཅིག །ཡན་ལག་རྒྱས་པར་བཤད་དང་གཉིས། །ཡོངས་སུ་རྫོགས་པའི་བྱ་བ་གསུམ། ལུས་ཉིད་བཞག་ལ་དོན་གསུམ་སྟེ། །སྡོམ་དོན་ལུང་སྦྱར་གོ་རིམ་ངེས། །གསུམ་པོ་ཚིགས་བཅད་རེ་རེའོ། །རིམ་པར་སློབ་མས་བདེ་བླག་ཏུ་རྟོགས་ཤིང་སྒྲོ་སྐུར་སྤང་བ་དང་འཆད་པ་པོས་བསྟན་བཅོས་མ་འཛིངས་པར་བཤད་སླ་བའི་ཆེད་དུ་སྡོམ་གྱིས་བསྟན་པ། དེ་ཡང་། དོན་གཉིས་མཐར་ཕྱིན་པ་སངས་རྒྱས་དང་། འདོད་ཆགས་དང་བྲལ་བ་བདེན་གཉིས་ཀྱི་རང་བཞིན་ཆོས་དང་། ཡེ་ཤེས་གཉིས་ལྡན་ཕྱིར་མི་ལྡོག་པ་ཚོགས་དགེ་འདུན་དང་། རྟོགས་བྱ་ཁམས་དང་ཁམས་དེ་དྲི་བྲལ་གྱི་བྱང་ཆུབ་དང་། དེའི་བྲལ་སྨིན་གྱི་ཡོན་ཏན་དང་རྟོགས་


MR04_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་ཐབས་ཀྱི་ཡོན་ཏན་གྱི་ནུས་པ་སངས་རྒྱས་ཀྱི་ཕྲིན་ལས་ནི་གྲངས་བདུན་ལས་ཐ་མ་སྟེ། དེ་ལས་མང་བ་མེད་པའི་ཐ་ཚིག་གོ །དེ་ལྟར་ན་འཆད་འགྱུར་གྱི་བསྟན་བཅོས་ཡན་ལག་ཀུན་གྱི་ལུས་སམ་སྡོམ་ནི་མདོར་བསྡུ་ན། རྡོ་རྗེ་ཡི་ནི་གནས་བདུན་འདི་དག་གོ་ཞེས། དེ་ལ་དེ་ལྟ་བུའི་བརྗོད་བྱའི་དོན་ནམ་གནས་བདུན་པོ་དེ། བརྗོད་མེད་སོ་སོ་རང་རིག་པའི་དོན་ཡིན་པ་སྟེ། ཐོས་བསམ་ལས་བྱུང་བའི་ཤེས་པས་ཕིགས་པར་དཀའ་བ་དང་། རྟོག་པས་མི་ཕྱེད་པས་ན་རྫས་ཀྱི་རྡོ་རྗེ་རིན་ཆེན་དང་འདྲ་བ་སྟེ་ཕར་ལ་ཐུབ་ཅིང་ཚུར་གང་གིས་ཀྱང་མི་ཕྱེད་པའི་དོན་ཏེ། དེ་ལྟར་བརྗོད་བྱ་རྡོ་རྗེ་ལྟ་བུ་དེ་དག་གི །རྗོད་བྱེད་རྣམས་ཀྱང་དེ་དག་གི་དོན་གསལ་པོར་སྟོན་ཅིང་གོ་བར་བྱེད་པའི་གནས་སམ། རྟེན་ནམ་གཞིར་གྱུར་པས་ན་གནས་ཞེས་བྱའོ། །ཡང་ན་རྡོ་རྗེ་ལྟ་བུའི་ཆོས་དེ་གང་ལ་གནས་པ་དེ་ལ་དེ་སྐད་དུ་བཞག་པ་དང་། དེའི་རྗོད་བྱེད་ལ་ཡང་སྒྲ་དེ་འཐོབ་བོ། །གནས་བདུན་དེ་ལུང་གང་ལས་བསྟན་ཞེ་ན། མདོ་སོ་སོ་ནས་གསུངས་པའི་ཚུལ་དང་སྦྱར་ན། དཀོན་མཆོག་གསུམ་ནི་ལྷག་པའི་བསམ་པ་བསྟན་པའི་མདོ་ལས་གསུངས་སོ། །ཁམས་ནི་


MR04_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

འཕེལ་འགྲིབ་མེད་པའི་མདོ་ལས་སོ། །བྱང་ཆུབ་ནི་དཔལ་ཕྲེང་གི་མདོ་ལས་སོ། །ཡོན་ཏན་ནི་འཕེལ་འགྲིབ་མེད་པའི་མདོ་ལས་སོ། །ཕྲིན་ལས་ནི་དེ་བཞིན་གཤེགས་པའི་ཡོན་ཏན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡུལ་ལ་འཇུག་པ་བསྟན་པའི་མདོ་ལས་གསུངས་སོ། །མདོ་གཅིག་ནས་གསུངས་པའི་ཚུལ་དང་སྦྱར་ན། རྡོ་རྗེའི་གནས་བདུན་པོ་འདི་དག་རང་མཚན་ཉིད་དམ་ངོ་བོ་ཉིད་ཀྱི་རྗེས་འབྲེལ་བ་སྟེ་ལྷན་ཅིག་རྒྱུན་ཆགས་པའི་ཚུལ་གྱིས་ཀྱང་། འདིར་བསྟན་པའི་གོ་རིམ་ཇི་ལྟ་བ་བཞིན་དུ་གཟུངས་ཀྱི་དབང་ཕྱག་རྒྱལ་པོའི་མདོར་ཏེ། དེས་ཞུས་པ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསྟན་པའི་མདོ་ལས་ཀྱང་བསྟན་ཏེ། ཇི་ལྟར་ན། མདོ་དེའི་གླེང་གཞི་ལས་ནི་རྡོ་རྗེའི་གནས་དང་པོ་གསུམ་བསྟན་པར་རིག་པར་བྱ་སྟེ། ཇི་སྐད་དུ། བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ། སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཀླས་པ་མངའ་བ་ཞེས་པ་ལ་སོགས་པས་སོ། །ལྷག་མའི་གནས་བཞི་ནི་བློ་ལྡན་བྱང་སེམས་ཀྱི་ལམ་གྱི་ཆོས་ཡོན་ཏན་གྱི་དྲི་མ་ཡོངས་


MR04_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྦྱོང་བ་དྲུག་ཅུ་བསྟན་པས། དང་པོར་སངས་རྒྱས་ཀྱི་ཁམས་གསལ་བར་མཛད་དེ། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ཀྱང་། །ཉོན་མོངས་ངལ་བ་ཙམ་དུ་ཟད། །ཅེས་གསུངས་པ་ལྟར། དྲི་མ་སྦྱང་བར་བྱ་བའི་གཞི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་སྙིང་པོར་ཡོད་པ་ལས། དེ་མངོན་དུ་འགྱུར་ཆེད་ཡོངས་སྦྱོང་གི་ཚུལ་སྟོན་པར་འཐད་པའི་ཕྱིར་རོ། །ཡོངས་སྦྱོང་དྲུག་ཅུ་ནི། བྱང་ཆུབ་སེམས་དཔའི་རྒྱན་རྣམ་པ་བཞི་དང་། སྣང་བ་རྣམ་པ་བརྒྱད་དང་། སྙིང་རྗེ་ཆེན་པོ་བཅུ་དྲུག་དང་། ཕྲིན་ལས་སུམ་ཅུ་རྩ་གཉིས་སོ། །རྒྱལ་བའི་ཆོས་དབྱེ་བ་ལས་ནི་གནས་ཕྱི་མ་གསུམ་པོ་བསྟན་ཏེ་ཅི་ལྟར་ན་རྒྱལ་བའི་ཆོས་ཀྱི་དབྱེ་བ་བརྒྱད་ཅུ་བསྟན་པས་གསལ་ཏེ། དབྱིངས་བསྟན་པའི་རྗེས་སུ་བྱང་ཆུབ་ཆེན་པོའི་སྙིང་རྗེ་རྣམ་པ་བཅུ་དྲུག་བསྟན་པས་བྱང་ཆུབ་གསལ་བར་མཛད་པ་དང་། དེའི་རྗེས་སུ་སྟོབས་བཅུ་མི་འཇིགས་པ་བཞི་མ་འདྲེས་པ་བཅོ་བརྒྱད་བསྟན་པས་ཡོན་ཏན་གསལ་བར་མཛད་པ་དང་། དེའི་རྗེས་སུ་དེ་བཞིན་གཤེགས་པའི་ཕྲིན་ལས་བླ་ན་མེད་པ་སུམ་ཅུ་རྩ་གཉིས་བསྟན་པས་ཕྲིན་ལས་གསལ་


MR04_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད་པས་དེ་ལྟར་སྦྱར་བར་བྱའོ། །གོ་རིམ་ནི་ཆོས་ཀུན་མཉམ་ཉིད་དུ་མངོན་པར་སངས་རྒྱས་པ་ལས་ཆོས་ཀྱི་འཁོར་ལོ་བསྐོར་བ་འབྱུང་ཞིང་། ཆོས་བསྟན་པ་ལྟར་བསྒྲུབས་པ་ལས་སློབ་མ་འཕགས་པའི་ཚོགས་འབྱུང་ལ། ཚོགས་དགེ་འདུན་ལས་རང་གི་སྙིང་པོ་ཡེ་ཤེས་ཀྱི་ཁམས་སྒྲིབ་པ་ཅི་རིགས་པས་དག་པ་ཐོབ་ཞེས་ཁམས་ཐོབ་པའང་གསར་དུ་ནི་མིན་གྱི་བྱང་ཆུབ་ཀྱི་རྒྱུར་སྨིན་ངེས་པ་ཐོབ་པའི་རིགས་ཁྱད་པར་བའི་དབང་དུ་བྱས་ནས་དེ་སྐད་དོ། །དེ་ནས་རིམ་གྱིས་མཐར་ཡེ་ཤེས་དེ་གློ༷་བུར་གྱི་དྲི་མ་མཐའ་དག་བྲལ་སྟོབས་ཀྱིས་མངོན་དུ་གྱུར་པ་ཐོབ་པ་ནི་བྱང་ཆུབ་མཆོག་ཅེས་བྱ་ལ། བྱང་ཆུབ་དེའི་ཡན་ལག་སྟོབས་སོགས་ཡོན་ཏན་ཚད་མེད་པ་དང་། དེའི་གདུལ་བྱར་གྱུར་པའི་སེམས་ཅན་ཀུན་གྱི་དོན་སྒྲུབ་པར་བྱེད་པའི་ཕྲིན་ལས་ཀྱི་ཆོས་རྣམས་དང་ལྡན་པ་ཡིན་ནོ། །དེ་ལྟར་ན་སངས་རྒྱས་ལས་ཆོས། དེ་ལས་དགེ་འདུན། དེས་རང་རྒྱུད་ཀྱི་ཁམས་སྦྱངས་ནས་བྱང་ཆུབ་བརྙེས་པས། ཡོན་ཏན་དང་ཕྲིན་ལས་འབྱུང་བ་དང་། ཡང་མཆོག་གསུམ་ཐོབ་བྱའི་འབྲས་བུ་དང་། ཁམས་སོགས་བཞི་རྒྱུར་བྱས་པའི་གོ་རིམ་གཉིས་ལས། སྔ་མ་ནི་མཆོག་གསུམ་


MR04_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ལྷན་ཅིག་བྱེད་རྐྱེན་བྱས། རང་རྒྱུད་ཀྱི་ཁམས་ཀྱིས་རྒྱུ་བྱས་ནས་བྱང་ཆུབ་སོགས་འཐོབ་པ་དང་། ཕྱི་མ་ནི་རང་གི་ཁམས་ཉེར་ལེན་གྱི་རྒྱུ་དང་། གཞན་རྒྱུད་ཀྱི། བྱང་ཆུབ་སོགས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པའི་རྒྱུ་འབྲས་ཀྱི་རིམ་པ་གཉིས་གཞུང་འདིར་བསྟན་ཏོ། །ཡན་ལག་རྒྱས་པར་བཤད་ལ་གཉིས། །ཐོབ་བྱ་མཆོག་གསུམ་ཡན་ལག་དང་། །ཐོབ་ཚུལ་གནས་བཞི་རྒྱས་བཤད་དོ། །དང་པོ་མཆོག་གསུམ་བཤད་ལ་གསུམ། །མཆོག་གསུམ་སོ་སོའི་ངོ་བོ་གཅིག །སྐྱབས་གསུམ་རྣམ་པར་འཇོག་ཚུལ་གཉིས། །ངེས་པའི་ཚིག་གིས་བཤད་དང་གསུམ། །དང་པོ་སོ་སོའི་ངོ་བོར་གསུམ། །སྐྱབས་གནས་མཐར་ཐུག་སངས་རྒྱས་དང་། །དེས་བསྟན་དམ་པའི་ཆོས་དཀོན་མཆོག །དེར་འཛིན་དགེ་འདུན་ངོ་བོའོ། །དང་པོ་སངས་རྒྱས་ངོ་བོར་གསུམ། །བསྟོད་པའི་སྒོ་ནས་དངོས་པོ་བརྗོད། །སངས་རྒྱས་གང་ཞིག་ཐོག་མ་སྐྱེ་བ་དང་དབུས་གནས་པ་དང་མཐར་འཇིག་པ་སྟེ་འདུས་བྱས་ཀྱི་མཚན་ཉིད་གསུམ་མེད་པས་འདུས་མ་བྱས་པ་དང་། སྤྲོས་པ་དང་རྟོག་པ་ཉེ་བར་ཞི་བ་ལྷུན་གྱིས་གྲུབ་པ་དང་། སངས་རྒྱས་ཉིད་ཀྱིས་གཞན་ལ་མ་


MR04_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོས་པར་སོ་སོ་རང་རིག་གི་ཡེ་ཤེས་ཀྱིས་རང་བྱུང་གི་རྣམ་པར་སངས་རྒྱས་པས་གཞན་གྱི་རྐྱེན་གྱིས་རྟོགས་པར་བྱ་བ་མིན་པའོ། །རང་ཉིད་དེ་ལྟར་ཆོས་གསུམ་ལྡན་གྱི་ཤེས་བྱ་ཐམས་ཅད་མཁྱེན་པར་སངས་རྒྱས་ནས་ནི། དེ་ལྟར་མ་རྟོགས་པ་རྣམས་ལ་བརྩེ་བའི་ཐུགས་རྗེ་ཆེན་པོས་རང་ཉིད་ཀྱིས་ཇི་ལྟར་གཟིགས་པའི་དོན་དེ་ཉིད་རྟོགས་པའི་ཕྱིར་དུ་འཁོར་བར་འཇིགས་པ་མེད་ཅིང་ཕྱིར་མི་ལྡོག་པ་རྟག་པའི་ཆོས་སྐུ་མངོན་གྱུར་གྱི་ལམ་སྟོན་པ་དང་། དཔེ་འཇིག་རྟེན་ན་རལ་གྲིས་གཅོད་པ་དང་རྡོ་རྗེས་འཇིག་པར་བྱེད་པ་དེ་བཞིན་དུ། གོང་སྨོས་མཁྱེན་བརྩེའི་རལ་གྲི༷་དང་རྡོ་རྗེ་མཆོག་ལྟ་བུ་བསྣམས་ནས་གོ་རིམ་བཞིན་དུ་མཁྱེན་བརྩེའི་རལ་གྲི་ལྟ་བུས་ནི་སྡུག་བསྔལ་ཕྱི་མ་གཞན་བསྐྱེད་པའི་མིང་གཟུགས་ཀྱི་མྱུ་གུ་ལྟ་བུ་གཅོད་པར་མཛད་ཅིང་། མཁྱེན་བརྩེའི་རྡོ་རྗེ་ལྟ་བུས་ནི་བདག་དང་བདག་གིར་འཛིན་པ་སོགས་སྣ་ཚོགས་པའི་ལྟ་བ་ནགས་ཐིབས་པོ་ལྟ་བུ་རྣམས་ཀྱིས་ཡོངས་སུ་བསྐོར་པའི་ཐེ་ཚོམ་རྩིག་པ་བརྟན་པོ་འཁོར་བའི་ར་བ་ལྟ་བུ་དེ་འཇིག་པར་མཛད་པའི་ནུས་པ་ཅན་རྒྱལ་བ་ཆོས་དྲུག་ལྡན་དོན་གཉིས་མཐར་ཕྱིན་པ་དེ་ལ་འདུད་དོ། །དོན་དེ་རྣམ་པར་ཕྱེ་སྟེ་བསྟན། དེ་ལྟར་ན་བཤད་


MR04_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་དྲུག་གམ་བརྒྱད་དེ། རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདུས་མ་བྱས་ཤིང་འབད་རྩོལ་མེད་པས་ལྷུན་གྱིས་གྲུབ་པ། རང་གིས་རིག་པས་གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པ། དེ་གསུམ་དང་ལྡན་པ་མཁྱེན་པ་དང་། གཞན་དེ་ལ་འགོད་པ་བརྩེ་བ་དང་། གཞན་གྱི་སྡུག་བསྔལ་རྒྱུ་འབྲས་སེལ་བའི་ནུས་པར་ལྡན་པ་དྲུག་དང་། དེ་ལྟར་ན་དོན་གཉིས་ལྡན་པའི་སྟེ་དེ་བརྩིས་ཡོན་ཏན་བརྒྱད་ལྡན་པའི་སངས་རྒྱས་ཉིད་དོ། །དེ་དག་སྦྱར་ཏེ་རྒྱས་བཤད་དོ། །དེ་ཡིན་ཚུལ་ནི་ཐོག་མ་སྐྱེ་བ། དབུས་གནས་པ། མཐའ་འགག་པ་མེད་པ་ཡི། རང་བཞིན་ཡིན་ཕྱིར་འདུས་མ་བྱས་ཡིན་ལ། ལུས་ངག་གི་སྤྲོས་པ་དང་། སེམས་ཀྱི་རྟོག་པ་སོགས་འབད་རྩོལ་མ་ལུས་པ་ཉེ་བར་ཞི་བ་ཆོས་ཀྱི་སྐུ་ཡི་བདག་ཉིད་ཅན་ཡིན་པའི་ཕྱིར་ན། ལྷུན་གྱིས་གྲུབ་པ་ཞེས་བྱ་བར་བརྗོད། སོ་སོ་རང་གིས་སམ་རང་བྱུང་གི་ཡེ་ཤེས་ཀྱིས་རྟོགས་བྱའི་ཕྱིར་ན་གཞན་གྱིས་བརྗོད་པ་ལ་སོགས་པའི་རྐྱེན་གྱིས་རྟོགས་པར་བྱ་བ་མིན་པའོ། །དེ་ལྟར་རྣམ་པ་གསུམ་དང་ལྡན་པའི་ཆོས་དབྱིངས་ཀུན་ལ་ཁྱད་པར་མེད་པར་རྟོགས་པའི་ཕྱིར་ན་མཁྱེན་པའི་ཡེ་ཤེས་དང་། གདུལ་བྱ་གཞན་དག་པ་མཐར་ཕྱིན་པ་དེ་ལ་འགོད་པའི་ལམ་གསལ་བར་སྟོན་པའི་


MR04_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ན་ཐུགས་བརྩེ་བ། ནུས་པ་ནི་ཡེ་ཤེས་དང་ཐུགས་རྗེ་དེ་གཉིས་པོ་ཡིས། སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་དང་། དེའི་རྒྱུ་ཉོན་མོངས་པ་མཐའ་དག་སྤོང་ནུས་པའི་ཕྱིར་རོ། །དེ་ལ་དང་པོ་གསུམ་གྱིས་ནི་རང་དོན་ཕུན་སུམ་ཚོགས་པ་འགྲུབ་པ་ཡིན་ཏེ། ཕྱི་མ་གསུམ་གྱིས་ནི་གཞན་དོན་བསྒྲུབ་པ་ཡིན་ནོ། །གཉིས་པ་དམ་ཆོས་བཤད་ལ་བཞི། །བསྟོད་པའི་སྒོ་ནས་དངོས་པོ་བརྗོད། །དམ་ཆོས་གང་ཞིག་འགོག་པ་ཆོས་ཀྱི་དབྱིངས་ནི་རང་བཞིན་གྱི་ཡོན་ཏན་དང་ལྡན་ཞིང་སོ་སོ་རང་གིས་རིག་པར་བྱ་བ་ཡིན་པས་མེད་པ་ཆད་པའི་མཐའ་ལ་གནས་པ་མིན་ཞིང་། རང་བཞིན་བདེན་དངོས་ཀྱི་ཚུལ་དུ་གྲུབ་པ་ཅུང་ཟད་མེད་པས་རྟག་པའི་དངོས་པོར་ཡོད་པ་མིན་ལ། དེ་གཉིས་སོ་སོ་མ་ཡིན་པའི་ཕྱིར་དང་ཕན་ཚུན་འགལ་བས་ཡོད་མེད་གཉིས་ཀ་མ་ཡིན་ཞིང་། དེ་གཉིས་ཡིན་མ་གྲུབ་པས་ཡོད་མེད་གཉིས་ཀ་ལས་གཞན་པ་གཉིས་མིན་དུའང་བརྟག་པར་མི་ནུས་པའི་ཕྱིར་མུ་བཞིའི་སྤྲོས་པ་དང་བྲལ་བ་དང་། བརྡ་ཐ་སྙད་ཀྱིས་བརྗོད་དུ་མེད་ཅིང་ངག་ཡུལ་ལས་འདས་པས་ངེས་ཚིག་དང་བྲལ་བ། དཔེ་གཏན་ཚིགས་སོགས་ཀྱིས་བསྟན་པར་བྱ་བ་དང་གཞན་རིག་གི་


MR04_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མིན་པས་ཡེ་ཤེས་སོ་སོ་རང་གིས་རིག་པར་བྱ་བ་དང་། འཁོར་རྩའི་ལས་ཉོན་གཉིས་མེད་པའམ་ཞི་བ་དང་། དེའི་རྒྱུ་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་མེད་པ་གཉིས་ཞི་བ་ཞེས་པས་བསྟན། ལམ་གྱི་ཆོས་ཉོན་མོངས་ཉེ་ཉོན་བག་ཆགས་དང་བཅས་པའི་དྲི་མ་མེད་པས་དག་པ། ཤེས་བྱའི་སྒྲིབ་པ་བྲལ་བའི་ཡེ་ཤེས་རྣམ་ཀུན་མངོན་སུམ་མཁྱེན་པའི་འོད་ཟེར་གྱི་སྣང་བ་དང་ལྡན་པའི་གསལ་བ། དམིགས་པར་བྱ་བའི་ཡུལ་ཀུན་ལ་སྡུག་པ་ལ་འདོད་ཅིང་ཆགས་པ་དང་། མི་སྡུག་པ་ལ་ཁྲོ་ཞིང་སྡང་བ་དང་། བར་མ་ལ་རྨོངས་ཤིང་གཏི་མུག་པའི་རབ་རིབ་མུན་པ་ལྟ་བུ་རྣམས་རྣམ་པར་འཇོམས་པར་མཛད་པའི་གཉེན་པོར་གྱུར་པ་དམ་ཆོས་ཉི་མ་ལྟ་བུ་དེ་ལ་འདུད་དོ། །དོན་དེ་རྣམ་པར་ཕྱེ་སྟེ་བསྟན། དེ་ལྟར་ན་ཐ་སྙད་ཀྱིས་ཤེས་པས་བསམ་མེད། ལས་ཉོན་གཉིས་མེད། ཚུལ་མིན་གྱི་རྣམ་རྟོག་མེད་པ་དང་། ཉོན་མོངས་པ་རྣམ་པར་དག་པ། ཡེ་ཤེས་ཀྱི་སྣང་བ་གསལ་བ། དུག་གསུམ་གྱི་མུན་པ་འཇོམས་པའི་གཉེན་པོའི་ཕྱོགས་སུ་གྱུར་པ་ཉིད་ཀྱིས། སྔ་མ་གསུམ་འབྲས་བུ་གང་ཞིག་འདོད་ཆགས་དང་བྲལ་བྱ་འགོག་བདེན་དང་། ཕྱི་མ་གསུམ་རྒྱུ་གང་གིས་


MR04_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་དང་བྲལ་བར་བྱེད་པ་ལམ་བདེན་ཏེ། བདེན་གཉིས་ཀྱི་མཚན་ཉིད་ཅན་དེ་ནི་དམ་པའི་ཆོས་སོ། །དེ་དག་བདེན་པ་གཉིས་སུ་བསྡུ། ཆགས་བྲལ་ཉིད་ལ་ཆོས་ཞེས་བརྗོད་པ་དེ་ནི་འགོག་པ་དང་ལམ་གྱི་བདེན་པ་དག་གིས་བསྡུས་ལ། གོ་རིམ་འགོག་ལམ་ཞེས་ཇི་ལྟ་བ་བཞིན་དུ་དེ་དག་ཀྱང་ཡོན་ཏན་སྔ་མ་གསུམ་དང་ཕྱི་མ་གསུམ་གྱིས་དག་པ་གཉིས་ལྡན་གྱིས་འགོག་པ་དང་། དག་བྱེད་ལམ་བདེན་ཞེས་སུ་རིག་པར་བྱའོ། །དེ་རྣམས་སྦྱར་ཏེ་རྒྱུ་མཚན་བཤད། མུ་བཞིར་འཛིན་པའི་རྟོག་པས་བརྟག་བྱ་མིན་ཕྱིར་དང་། སྒྲ་ཐ་སྙད་ངེས་ཚིག་སོགས་ཀྱིས་བརྗོད་བྱ་མིན་ཕྱིར་དང་། འཕགས་པས་མཉམ་བཞག་གིས་མཁྱེན་ཕྱིར་ཏེ་རྒྱུ་གསུམ་གྱིས་སོ་སྐྱེའི་བློས་བསམ་མེད་ཉིད་དང་། ལས་ཉོན་ཞི་བ་ཉིད་ཀྱི་ཕྱིར་གཉིས་མེད། ཚུལ་མིན་གྱི་རྟོག་པ་མེད་དེ། དག་གསལ་སོགས་གསུམ་ནི་ཉི་མ་བཞིན་ཡིན་ནོ། །གསུམ་པ་དགེ་འདུན་བཤད་ལ་གསུམ། །བསྟོད་པའི་སྒོ་ནས་དངོས་པོ་བརྗོད། །བྱང་སེམས་ཕྱིར་མི་ལྡོག་པའི་སེམས་དེ་ནི་གཉེན་པོ་རང་བཞིན་གྱིས་འོད་གསལ་བ་མངོན་དུ་གྱུར་པས་ན་སྤང་བྱ་ཉོན་མོངས་པའི་ངོ་


MR04_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བོ་གདོད་ནས་སྐྱེ་བ་མེད་པར་གཟིགས་པས། གང་དག་འགྲོ་ཀུན་ཆོས་དང་གང་ཟག་གི་བདག་མེད་པའི་མཐའ་འམ་དབྱིངས་སྤྲོས་པ་ཞི་བ་ཡང་དག་བ་རྟོགས་པའི་སྒོ་ནས་ཇི་ལྟ་མཁྱེན་པ་དང་། ཆོས་ཅན་སེམས་ཅན་ཐམས་ཅད་ལ་ཆོས་ཉིད་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ་ཁྱབ་པར་རྗེས་ཞུགས་གཟིགས་པ་ཇི་སྙེད་མཁྱེན་པ་སྟེ། དེ་དག་ཀྱང་རིམ་པར་ཆགས་ཐོགས་ཀྱི་སྒྲིབ་པ་མེད་པའི་བློ་འཇིག་རྟེན་ལས་འདས་པའི་ཤེས་རབ་མངའ་བ་དེས་སེམས་ཅན་རྣམས་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མཁྱེན་པ་དང་། དེ་སེམས་ཅན་མཐའ་ཡས་པ་ལ་ཁྱབ་པར་མཁྱེན་པས་དེ་ལྟར་ཇི་ལྟ་ཇི་སྙེད་གཉིས་ཀྱི་ཡུལ་ཅན་གྱི་ཡེ་ཤེས་གཟིགས་པ་མངའ་བ་དེ་ལ་འདུད་དོ། །སྐབས་འདིར་ཆོས་ཉིད་ཅེས་སེམས་ཅན་རྣམས་རང་བཞིན་གྱིས་རྣམ་པར་དག་པ་ཆོས་དབྱིངས་བདེ་གཤེགས་སྙིང་པོ་ནི་ཆོས་ཉིད་མཐར་ཐུག་པ་ཡིན་པས། དེ་གཟིགས་པ་ཇི་ལྟ་བ་དང་། ཆོས་ཉིད་དེས་ཁྱབ་པའི་ཆོས་ཅན་སེམས་ཅན་མཐའ་ཡས་པ་ཇི་སྙེད་པ་ཞེས་ཆོས་ཉིད་དེ་སེམས་ཅན་མཐའ་ཡས་པའི་ཆོས་ཉིད་ཡིན་པར་རྟོགས་པའོ། །ཡོན་ཏན་དེ་དག་གཉིས་སུ་བསྡུ། བཤད་མ་ཐག་པ་དེའི་དོན་བསྡུ་ན་ཇི་ལྟ་ཇི་སྙེད་ཀྱི་


MR04_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་གཞན་དང་ཐུན་མོང་མ་ཡིན་པར་ནང་སོ་སོ་རང་གི་ནི་ཡེ་ཤེས་ཀྱི་གཟིགས་པ་རིམ་པར་ཆགས་ཐོགས་ཀྱི་སྒྲིབ་པ་དག་པའི་ཕྱིར། བློ་ལྡན་བྱང་ཆུབ་ཆེན་པོ་ལས་ཕྱིར་མི་ལྡོག་པའི་ཚོགས་ནི་ཉན་རང་ལས་མཆོག་ཏུ་གྱུར་པའི་བླ་མེད་ཡོན་ཏན་དང་ལྡན་པ་ཉིད་དོ། །དེ་རྣམས་སྦྱར་ཏེ་རྒྱས་པར་བཤད། འགྲོ་བ་རྣམས་ཀྱི་སེམས་གདོད་ནས་སྤྲོས་པ་ཞི་བའི་ཆོས་ཉིད་དུ་སོ་སོ་རང་རིག་ཡེ་ཤེས་ཀྱིས་རྟོགས་པའི་ཕྱིར་ཇི་ལྟ་མཁྱེན་པ་ཉིད་ཡིན་ལ། དེ་ཡང་སེམས་རང་བཞིན་གྱིས་ནི་ཡོངས་དག་ཕྱིར་ལས་གློ་བུར་གྱི་ཉོན་མོངས་སྔར་ཡོད་ཕྱིས་མེད་པ་ལྟ་བུ་མིན་པར་གདོད་ནས་ཟད་པར་རྟོགས་པའི་ཕྱིར་རོ། །ཤེས་བྱ་ཐམས་ཅད་དང་མཐར་ཐུག་གམ་ཆོས་ཉིད་དེ་བཞིན་ཉིད་རྟོགས་པའི་བློས་ཐམས་ཅད་མཁྱེན་པའི་ཆོས་ཉིད་དེ་བཞིན་གཤེགས་པའི་སྙིང་པོ་ནི་ཆོས་ཅན་སེམས་ཅན་ཐམས་ཅད་ལ་ཁྱད་མེད་དུ་ཡོད་པར་སོ་སོ་རང་རིག་ཡེ་ཤེས་ཀྱིས་མཐོང་ཕྱིར་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཡོད་པ་ཉིད་དོ། །དེ་ལྟར་ཡེ་ཤེས་གཉིས་ཀྱིས་འཇིག་རྟེན་ལས་འདས་པའི་ལམ་རྟོགས་པ་གང་ཡིན་དེ་གཞན་དང་ཐུན་མིན་འཕགས་པ་རང་གི་ནང་གི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་


MR04_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་ཞིང་། དྲི་མ་མེད་པའི་ཆོས་ཀྱི་དབྱིངས་ལ་དྲི་མ་གདོད་ནས་དག་པའི་ཕྱིར་ཆགས་པ་ཉོན་མོངས་པའི་སྒྲིབ་པ་མེད་པ་དང་། དེ་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་རྟོགས་པས་ཐོགས་པ་ཤེས་བྱའི་སྒྲིབ་པ་མེད་ཕྱིར་ཡེ་ཤེས་དེ་གཉིས་ཉི་ཚེ་བའི་མཐོང་བ་ལ་ལྟོས་ནས་ཤིན་ཏུ་དག་པ་ཡིན་ནོ། །ཡེ་ཤེས་ཀྱི་གཟིགས་པ་གཉིས་པོ་ཆགས་ཐོགས་ཀྱི་དྲི་མས་རྣམ་པར་དག་པས་ན་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་དང་ཉེ་བར་གྱུར་བའི་ཕྱིར་ཆོས་ཉིད་མངོན་སུམ་མཐོང་བའི་འཕགས་པ་ཕྱིར་མི་ལྡོག་པ་ནི་ལུས་ཅན་ཀུན་གྱི་སྡུག་བསྔལ་ལས་སྐྱོབ་པའི་སྐྱབས་ཡིན་ནོ། །དཀོན་མཆོག་གསུམ་ཆར་རིག་གྲོལ་ལ་ཁྱད་ཅི་ཞེ་ན། ཐེག་ཆེན་མི་སློབ་པའི་རིག་གྲོལ་སངས་རྒྱས་དང་། སློབ་པའི་རིག་གྲོལ་དང་ལྡན་པས་དགེ་འདུན་དང་། ལྡན་ཆོས་ཆོས་དཀོན་མཆོག་གོ །གཉིས་པ་སྐྱབས་གསུམ་འཇོག་ཚུལ་གསུམ། དགོས་པ་ལ་ལྟོས་གསུམ་དུ་འཇོག །སྟོན་པ་སངས་རྒྱས་ཀྱི་ཡོན་ཏན་དང་། དེས་བསྟན་པ་རྟེན་འབྲེལ་ཟབ་མོའི་ཆོས་ཀྱི་ཡོན་ཏན་དང་དེ་ལ་བསླབ་པ་སློབ་མ་དགེ་འདུན་གྱི་ཡོན་ཏན་བསྟན་པའི་དོན་གསུམ་གྱིས། རིམ་པར་སངས་རྒྱས་ཆོས་དགེ་འདུན་གསུམ་ཐོབ་པར་འདོད་པའི་ཐེག་ཆེ


MR04_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ན་པ་དང་རང་རྒྱལ་ཉན་ཐོས་ཀྱི་ཐེག་པ་གསུམ་དང་། བྱེད་པ་གསུམ་ལ་སྟེ་མཆོག་གསུམ་སོ་སོ་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་རིམ་པར་སངས་རྒྱས་ཆོས་དགེ་འདུན་ཏེ་སྐྱབས་གནས་གསུམ་དུ་རྣམ་པར་བཞག་པ་ཡིན་ནོ། །དེ་ལྟར་ན་དོན་རྣམ་པ་གསུམ་གྱིས་གང་ཟག་དྲུག་གི་དབང་དུ་བྱས་ནས་སྐྱབས་གསུམ་རྣམ་པར་བཞག་པ་ནི། སེམས་ཅན་རྣམས་རིམ་གྱིས་གཞུག་པའི་དོན་ནོ། །ཕྱི་མ་གཉིས་པོ་གཏན་སྐྱབས་མིན། མིང་ཚིག་ཡི་གེ་ཚོགས་པའི་ལུང་ཆོས་ནི། དོན་སྤྱི་ཙམ་རྟོགས་པའི་རྟེན་ཡིན་ཡང་ལམ་མངོན་པར་རྟོགས་པའི་དུས་ན་ཆུ་བརྒལ་བའི་གཟིངས་བཞིན་དུ་སྤང་བའམ་འདོར་འགྲོ་བ་ཡིན་པའི་ཕྱིར་དང་། རྟོགས་པའི་ཆོས་ཀྱང་གཉིས་ཏེ། གང་གིས་རྟོགས་པ་ལམ་གྱི་ཆོས་ནི་འདུས་བྱས་ཡིན་པས། མི་རྟག་པ་མི་བདེན་པ་སྤྲིན་གྱི་མཚན་མ་ལྟར་བརྫུན་པ་བསླུ་བའི་ཆོས་ཅན་ཏེ་གཏན་དུ་བ་མིན་པའི་ཕྱིར་དང་། དེས་རྟོགས་པ་འགོག་པའི་ཆོས་མཐར་ཐུག་པ་སངས་རྒྱས་ཉིད་ཡིན་ཀྱང་། ཉི་ཚེ་བ་ཉན་ཐོས་ཀྱི་ལྷག་མེད་མྱང་འདས་འགོག་པའི་དབྱིངས་ནི་མར་མེ་རྒྱུན་ཆད་པ་ལྟར་ཉོན་མོངས་དང་། སྡུག་


MR04_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་མེད་པའི་མེད་རྐྱང་ཙམ་ཡིན་པའི་ཕྱིར་དང་། དགེ་འདུན་དགྲ་བཅོམ་པ་སྲིད་པ་ཟད་པ་ལྷག་བཅས་རྣམས་ཀྱང་འདུ་བྱེད་རྣམས་ལ་རལ་གྲི་གདེང་བའི་གཤེད་མ་ལྟར་འཇིགས་པས་དེ་ལས་ངེས་པར་འབྱུང་བ་འཚོལ་བ་དང་། བྱང་སེམས་སློབ་པ་རྣམས་ཀྱང་སློབ་པའི་བྱ་བ་དང་བཅས་པས་སྤང་བྱ་མཐའ་དག་གི་འཇིགས་པ་མེད་པ་ཁྱུ་མཆོག་གི་སར་མ་ཕྱིན་པས་ཐམས་ཅད་ཀྱང་འཇིགས་པ་དང་བཅས་པའི་སྒོ་ནས་སངས་རྒྱས་ལ་སྐྱབས་སུ་འགྲོ་བའི་ཕྱིར་ན་ལུང་རྟོགས་ཀྱི་ཆོས་རྣམ་པ་གཉིས་དང་འཕགས་པའི་ཚོགས་དགེ་འདུན་རྣམས་ནི། རེ་ཞིག་པའི་སྐྱབས་གནས་ཡིན་གྱི། མཐར་ཐུག་གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །དོན་གྱི་སྐྱབས་གནས་གཏན་ལ་དབབ། དམ་པའི་དོན་དུ་མཐའ་ཡས་པའི་འགྲོ་བ་ཡི་འཇིགས་མེད་རྟག་པའི་སྐྱབས་མཆོག་ནི་སངས་རྒྱས་ཉག་གཅིག་ཡིན་ཏེ་གོང་གི་སྐྱོན་མེད་པས་གཏན་དུ་བ་ཡིན་ནོ། །འོན་ཀྱང་ཕྱི་མ་གཉིས་ཀྱང་དེར་མཐར་ཐུག་པ་ཡིན་ཏེ། ཐུབ་པ་ནི་ཆགས་བྲལ་མཐར་ཕྱིན་པའི་ཆོས་ཀྱི་སྐུ་ཅན་ཕྱིར་ན་ཆོས་ཡིན་ལ། ཚོགས་དགེ་འདུན་ཡང་ཡིན་ཏེ་སློབ་པ་དེ་ཡི་མཐར་ཐུག་ཕྱིར་སངས་རྒྱས་


MR04_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། ཐེག་གསུམ་དགེ་འདུན་ནི་སྤང་རྟོགས་ཀྱིས་རབ་ཏུ་ཕྱེ་བ་ཡིན་ལ། སྤང་རྟོགས་དེའི་མཐར་ཕྱིན་པ་སངས་རྒྱས་ཡིན་པས་ཚོགས་དགེ་འདུན་ཡང་ཡར་ལྡན་དུ་ཚང་བ་ཡིན་ནོ། །ངེས་ཚིག་བཤད་ལ་དབྱེ་བ་མེད། རཏྣའི་སྒྲས་རིན་པོ་ཆེ་དང་ཆོས་མཐུན་པར་འཇིག་རྟེན་ན་འབྱུང་བ་དཀོན་ཕྱིར་དང་ཉེས་པའི་དྲི་མ་མེད་པའི་ཕྱིར་དང་། རྒུད་པ་སེལ་ཞིང་ཕུན་ཚོགས་སྟེར་བའི་མཐུ་ལྡན་ཕྱིར་དང་། དཀོན་མཆོག་བསམ་པ་དགེ་བའི་འཇིག་རྟེན་གྱི་རྒྱན་དུ་གྱུར་པའི་ཕྱིར་དང་། གཞན་ལས་མཆོག་ཉིད་དུ་གྱུར་པའི་ཕྱིར་དང་། བསྟོད་སྨད་དང་དད་མ་དད་ཀྱིས་འགྱུར་བ་མེད་ཕྱིར་འདུས་མ་བྱས་ཤིང་རྟག་པས་སོ། །དཀོན་མཆོག་ཉིད་ཡིན་ཏེ་རཏྣའི་སྒྲ་ངེས་ཚིག་གི་དཔེ་དོན་སྦྱར་བའོ། །ཐོབ་ཚུལ་གནས་བཞི་བཤད་ལ་གསུམ། ཐུན་མོང་དུ་བསྟན་སོ་སོ་ཡི། །ངོ་བོ་དེ་དག་ཕན་ཡོན་ནོ། །དང་པོ་ཐུན་མོང་དུ་བསྟན་བཞི། །གནས་གཞི་དམ་པའི་ཡུལ་གྱུར་ཚུལ། །དྲི་མ་དང་བཅས་དེ་བཞིན་ཉིད་དེ་ཁམས་དྲི་མའི་སྦུབས་སུ་བཞུགས་པའི་སྐབས་དང་དྲི་མ་མེད་པ་ཁམས་གློ་བུར་གྱི་དྲི་བྲལ་གནས་ཡོངས་སུ་གྱུར་པའི་དེ་བཞིན་


MR04_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་ཆོས་སྐུའོ། །དྲི་མ་མེད་པའི་བྱང་ཆུབ་བམ་སངས་རྒྱས་དེ་ཉིད་ཀྱི་ཡོན་ཏན་སྟོབས་བཅུ་ལ་སོགས་པ་དང་། རྒྱལ་བའི་མཛད་པ་ཡོན་ཏན་དེ་དག་གི་ནུས་པས་གཞན་དོན་མཛད་པའོ། །དེ་ལྟ་བུའི་རྒྱུ་རྐྱེན་གྱི་གནས་བཞི་པོ་གང་ལས་འབྲས་བུ་དཀོན་མཆོག་དགེ་བ་ཡི་བདག་ཉིད་ཅན་གསུམ་འབྱུང་བར་གྱུར་བའི་ཚུལ་འདི་ནི་ཆོས་ཉིད་དོན་དམ་པའི་བདེན་པ་མངོན་སུམ་གཟིགས་པའི་ཡེ་ཤེས་མཐར་ཐུག་དང་ལྡན་པའི་སངས་རྒྱས་རྣམས་ཀྱི་ཡུལ་ཁོ་ན་ཉིད་དོ། །དེ་དག་བསམ་མི་ཁྱབ་པར་བསྟན། འབྲས་བུར་དཀོན་མཆོག་གསུམ་པོ་འདི་འབྱུང་ཞིང་འགྲུབ་པ་ཡི་རིགས། རྒྱུ་རྐྱེན་གྱི་གནས་བཞི་པོ་ཇི་ལྟ་བའི་དོན་ནི་ཐམས་ཅད་གཟིགས་པ་སངས་རྒྱས་རྣམས་ཁོ་ན་ཉིད་ཀྱི་ཡུལ་ཡིན་ཏེ་ཁམས་བདེ་གཤེགས་སྙིང་པོ་དེ་ཡང་རྣམ་པ་བཞི་པོ་གོ་རིམ་བཞིན་དུ་རྒྱུ་བཞི་ཡིས་ནི་སོ་སྐྱེ་རྣམས་ཀྱིས་བསམ་མི་ཁྱབ་པའོ། །དེ་ཡི་རྒྱུ་མཚན་རྒྱས་པར་བཤད། དང་པོ་ཁམས་ནི་རང་བཞིན་གྱིས་དག་པ་དང་གློ་བུར་གྱི་དྲི་མ་ཉོན་མོངས་དང་ལྡན་པ་དུས་གཅིག་ཏུ་ཡོད་པ་འགལ་བ་ལྟར་སྣང་བའི་ཕྱིར་དང་། བྱང་ཆུབ་ནི་སྔར་ནས་ཀྱང་ཀུན་ནས་ཉོན་མོངས་པ་མེད་ཀྱང་ལམ་གོམས་པས་གསར་དུ་དག་


MR04_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་སྣང་བའི་ཕྱིར་དང་། སྟོབས་སོགས་ཡོན་ཏན་ནི་སོ་སྐྱེའི་དུས་ནའང་རྣམ་པར་དབྱེ་བ་མེད་པའི་ཆོས་སུ་ཡོད་ཀྱང་མངོན་དུ་གྱུར་པ་མིན་པའི་ཕྱིར་དང་། སངས་རྒྱས་ཀྱི་ཕྲིན་ལས་ནི་གདུལ་བྱའི་ཁམས་ལ་འཇུག་པ་ལྷུན་གྱིས་གྲུབ་ཀྱང་འདི་བྱའོ་སྙམ་པ་སོགས་ཀྱི་རྣམ་པར་མི་རྟོག་ཕྱིར་ན་བསམ་གྱིས་མི་ཁྱབ་བོ། །རྒྱུ་དང་རྐྱེན་གྱི་རྣམ་པར་བཞག་རྟོགས་བྱ་ཁམས་དང་དེ་རྟོགས་པ་རང་གི་ངོ་བོ་བྱང་ཆུབ་དང་དེ་ཡི་ནི་ཡན་ལག་ཡོན་ཏན་དང་། གཞན་དག་ཀྱང་རྟོགས་པར་བྱེད་ཕྱིར་ཕྲིན་ལས་ཏེ། གོ་རིམ་ཇི་བཞིན་དུ་ཤེས་པར་བྱ་སྟེ་གནས་གཅིག་དང་པོ་ཁམས་དེ་ནི་དག་པའི་རྒྱུ་ཡིན་ལ་ཕྱི་མ་གསུམ་ནི་དག་པའི་རྐྱེན་ཡིན་ནོ། །གཉིས་པ་སོ་སོའི་ངོ་བོ་བཞི། །རྟོགས་པར་བྱ་བ་ཆོས་དབྱིངས་དོན། །རྟོགས་པའི་ངོ་བོ་བྱང་ཆུབ་དོན། །རྟོགས་པའི་ཡན་ལག་ཡོན་ཏན་དོན། །རྟོགས་པར་བྱེད་པའི་ཕྲིན་ལས་དོན། །རྟོགས་བྱ་ཆོས་དབྱིངས་དོན་ལ་བརྒྱད། །ཆོས་དབྱིངས་ཀུན་ལ་ཁྱབ་ཚུལ་གཅིག་དེ་ལ་སྟོན་པའི་གསུང་གི་སྐབས་ལ་ལར་སྟོང་ཉིད་བསྟན་པའི་སྒོ་ནས་ཆོས་དབྱིངས་བདེ་གཤེགས་སྙིང་པོའི་ངོ་བོ་གསལ་བར་མཛད། ལ་ལར་སྟོབས་སོགས་ཡོན་ཏན་ཡེ་ལྡན་དུ་


MR04_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ཆ་ནས་བདེ་གཤེགས་སྙིང་པོའི་རང་བཞིན་གསལ་བར་མཛད་དེ། དེ་གཉིས་འགག་མེད་ཟུང་དུ་འཇུག་པ་དགོས་ཀྱང་བདེན་གཉིས་དབྱེར་མེད་པའི་གནད་ཟབ་པ་ལས་ཤིན་ཏུ་ཟབ་པ་ལ་ཡིད་ཆེས་མ་རྙེད་པའི་དབང་གིས་བདེ་གཤེགས་སྙིང་པོ་ངོ་བོ་མི་སྟོང་པའི་བདེན་གྲུབ་རྟག་པ་དང་། སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་འབྲལ་མེད་ཡེ་ལྡན་དུ་མེད་པའི་སྟོང་པ་ཕྱང་ཆད་དུ་འདོད་པ་གཉིས་ཀར་སྒྲུབ་བྱེད་མེད་ལ་གནོད་བྱེད་མཐོང་ཞིང་། ངོ་བོ་སྟོང་པ་དང་རང་བཞིན་ཡོན་ཏན་ཡེ་ལྡན་གྱི་སྙིང་པོ་འགྲོ་བའི་ཁམས་ན་ཡོད་པ་ལ། གནོད་བྱེད་མེད་ཅིང་སྒྲུབ་བྱེད་ཡང་དག་ཡོད་པར་མཐོང་ངོ་། །གང་ཞེ་ན། རྫོགས་སངས་སྐུ་སོགས་རིགས་པ་གསུམ་གྱིས་ཏེ་འདི་ལ་སྔ་རབས་པ་རྣམས་ཡེ་ཤེས་ཆོས་སྐུས་ཡུལ་ཀུན་ལ་ཁྱབ་པ་ཙམ་དང་། དེ་བཞིན་ཉིད་སྟོང་རྐྱང་ཙམ་དུ་རིགས་འདྲ་བ་དང་། རིགས་ཡོད་ཅེས་སངས་རྒྱ་རུང་ཡིན་པ་ཙམ་ལ་བཤད་ནས་གཞུང་གི་སྙིང་པོ་འདིའི་ཐད་ནས་གནད་མ་བསླད་པའི་ཚིང་ཉུང་ངུར་སྨྲའོ། །དེ་ལ་ཆོས་སྐུས་ཡུལ་ལ་ཁྱབ་པ་ཙམ་གྱིས་རིགས་མཚན་ཉིད་པ་མི་འགྲུབ་ཅིང་སྟོང་པ་རྣམ་གྲངས་པ་ཙམ་ལ་རིགས་ཀྱི་དོན་གང་ཡང་མེད་པ་དང་། གསལ་སྟོང་


MR04_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་པའི་གནས་ལུགས་རིགས་སུ་འདོད་ན་ཡང་རྣམ་ཤེས་དང་ཡེ་ཤེས་ཀྱི་ཟླས་ཕྱེ་བའི་ཡེ་ཤེས་འགྱུར་མེད་འདུས་མ་བྱས་ལ་འདོད་ན་དེ་ལྟར་ཡིན་མོད་ཀྱི་གཞན་དུ་དགོས་ནུས་མེད་པའི་སྐྱོན་དུ་འགྱུར་ཞིང་། ཆོས་དབྱིངས་འགྱུར་མེད་ལ་སངས་རྒྱས་ཀྱི་རིགས་སུ་འདོད་ཕན་ཆད། ཐོག་མར་ཆོས་ཀྱི་དབྱིངས་ཞེས་པ་གང་ལ་གདགས་པའི་གཞི་རྣམས་གྲངས་མིན་པའི་དོན་དམ་བདེན་གཉིས་ཟུང་འཇུག་ཆེན་པོ་རབ་ཏུ་མི་གནས་པ་དབུ་མའི་དོན་དེ་ཉིད་ངོ་བོ་ངོས་ཟིན་པར་བྱ་སྟེ། དེ་ངོས་མ་ཟིན་པར་རྣམ་གྲངས་པའི་དོན་དམ་ཙམ་ལ་འདོད་ན་ནགས་སུ་སྤྲེའུའི་ཚོགས་མཐོང་བ་ལ་སུམ་ཅུ་རྩ་གསུམ་པའི་ལྷར་འཁྲུལ་པ་ལྟར་ཆོས་དབྱིངས་མ་ཡིན་པ་ལ་ཆོས་དབྱིངས་སུ་བཟུང་ནས་དེ་ལ་སངས་རྒྱས་ཀྱི་རིགས་སུ་འདོད་པ་དང་། དེ་ངོ་བོ་ཉིད་སྐུའི་རྒྱུར་འདོད་པ་ལ་སོགས་པའི་རྣམ་གཞག་ཀུན་ལྟར་སྣང་བར་གསུངས་སོ། །དེས་ན་བདེན་གཉིས་དབྱེར་མེད་སྤྲོས་བྲལ་སོ་སོ་རང་གིས་རིག་པར་བྱ་བ་ལ་རང་བཞིན་རྣམ་དག་གི་ཆོས་དབྱིངས་དང་སྟོང་པ་ཉིད་ཅེས་བྱ་བ་སྟེ། དེ་ནི་སངས་རྒྱས་ཀྱི་རིགས་མཚན་ཉིད་པ་དང་དག་པ་གཉིས་ལྡན་གྱི་ངོ་བོ་ཉིད་སྐུར་འགྱུར་བ་ཡིན་པར་མདོ་


MR04_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་བཅོས་ལས་གསུངས་པས་ན། རང་བཞིན་གནས་རིགས་འདི་འདུས་མ་བྱས་སུ་འདོད་པ་ལས་འོས་མ་མཆིས་ལ། འདུས་མ་བྱས་ཡིན་ཕན་ཆོད་འདི་རང་གི་ངོ་བོ་ཉིད་ཀྱིས་འབྲས་བུ་གཞན་བསྐྱེད་ནས་རང་ཉིད་འགགས་པའི་བྱ་བ་བྱེད་པ་མི་འཐད་པས་ཆོས་སྐུའི་ཡོན་ཏན་རྣམས་ཀྱང་བྲལ་འབྲས་སུ་ཁས་ལེན་པ་ལས་འོས་མེད་ལ། དེ་ལྟར་ཡིན་པར་བྱམས་ཀླུས་གསལ་པོར་གསུངས་ཕྱིར་རང་ལུགས་ཆོས་དབྱིངས་འདུས་མ་བྱས་ལ་རིགས་སུ་འདོད་ཅིང་། དབྱིངས་དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་ལ་དེའི་ངོ་བོ་སྐྱེ་འགག་མེད་པ་དང་། སྣང་སྟོང་དབྱེར་མེད་པའི་བདག་ཉིད་དུ་གནས་ཀྱི་ཕྱོགས་སུ་ལྷུང་བ་མེད་པ་ཡིན་ནོ། །འདི་ལྟར་སྐྱེ་ཞིང་འགག་པར་སྣང་བའི་འདུས་བྱས་རྣམས་ནི་སྣང་བ་ལྟར་མ་གྲུབ་པའི་ཕྱིར་དབྱིངས་ཀྱི་གཤིས་ལ་དེ་གོས་པ་ཡོད་མ་མྱོང་པས་འཁོར་བ་རྒྱུ་འབྲས་ཡེ་ནས་དག་ཅིང་རང་བཞིན་ལྷུན་གྱིས་གྲུབ་པའི་འོད་གསལ་ཟག་མེད་ཀྱི་སྣང་བ་རྣམས་དང་འདུ་འབྲལ་མེད་པའི་གནད་འདིས་བདེ་གཤེགས་སྙིང་པོའི་ཚུལ་ཕྱིན་ཅི་མ་ལོག་པར་ངོས་ཟིན་པར་བྱ་དགོས་སོ། །དེ་བས་ན་རིགས་པ་དང་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་


MR04_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ་མཐར་ཐུག་པ་ཆོས་ཀྱི་སྐུ་ཡོན་ཏན་ནམ་མཁའ་དང་མཉམ་པ་དེ་ལྟ་བུ་ནི་སྔོན་ཐ་མལ་པ་འཆིང་བ་ཀུན་ལྡན་དུ་གྱུར་པའི་གང་ཟག་གི་རྒྱུད་དེ་ལས་ཕྱིས་གསལ་བའམ་འཕྲོ༷་བའམ། མངོན་དུ་གྱུར་པ་ཡོད་པའི་ཕྱིར་ན་ད་ལྟ་ནས་སེམས་ཅན་གྱི་རྒྱུད་ན་བདེ་གཤེགས་སྙིང་པོ་ཡོད་ཅེས་བསྒྲུབ་པ་ཡིན་ནོ་ཞེས་དང་། འདིས་ཇི་ལྟར་འགྲུབ་པའི་འཐད་པ་ནི། ཐུན་མོང་ཐུན་མིན་གཉིས་ལས། དང་པོ་ཡེ་ཤེས་ཆོས་སྐུ་མངོན་དུ་མཛད་པའི་སེམས་ཅན་ཡོད་ན་སེམས་ལ་སངས་རྒྱ་རུང་གི་རིགས་ཡོད་པས་ཁྱབ་ཅིང་། རིགས་གཏན་མེད་པ་ལ་དེ་ལྟར་མི་འཐད་པའི་ཕྱིར་ཏེ། ཁམས་ཡོད་ན་ནི་ལས་བྱས་པས་སོགས། ཞེས་གསུངས་པ་བཞིན་ནོ། །གཉིས་པ་དེ་ལྟར་འཐད་པ་བསྟན་པ་དེས་ཞིང་ས་ལ་ལོ་ཏོག་སྐྱེ་རུང་ལྟར་སེམས་འདི་སངས་རྒྱ་རུང་གི་རྒྱུ་ཙམ་དུ་གྲུབ་ཀྱང་། སངས་རྒྱས་ཀྱི་ཡོན་ཏན་ཡེ་ལྡན་གྱི་རིགས་ཁྱད་པར་བ་ཇི་ལྟར་འགྲུབ་སྙམ་ན། འགྲུབ་སྟེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་བདག་ཉིད་ཡེ་ཤེས་ཀྱི་སྐུ་ཅན་ཏེ། འདུས་བྱས་མི་རྟག་པའི་རང་བཞིན་ཅན་མིན་པར་མྱ་ངན་ལས་འདས་པའི་


MR04_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལ་སོགས་པའི་ངེས་དོན་གྱི་མདོ་སྡེའི་ལུང་དང་རིགས་པས་གྲུབ་པའི་ཕྱིར་རོ། །རིགས་པ་ཡང་། གདོད་མའི་ཆོས་དབྱིངས་དང་གཉིས་སུ་མེད་པར་རོ་མཉམ་པའི་འབྲས་བུ་མཐར་ཐུག་པ་རྣམ་མཁྱེན་གྱི་ཡེ་ཤེས་ཉིད་རྒྱུ་རྐྱེན་གྱིས་གསར་དུ་འདུས་བྱས་པའི་མི་རྟག་པ་ཡིན་ན། རང་བྱུང་གི་ཡེ་ཤེས་མ་ཡིན་པ་དང་། འགྱུར་བའི་ཟུག་རྔུ་མ་སྤངས་པར་ཐལ་བ་སོགས་ཀྱི་སྐྱོན་དང་བཅས་ཤིང་རྡོ་རྗེའི་སྐུ་ལ་མི་རྟག་པར་བལྟ་བའི་ཉེས་པ་ཤིན་ཏུ་རྒྱ་ཆེར་འབྱུང་བས་ན། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ནི་འདུས་མ་བྱས་དང་རྟག་པ་དམ་པར་བལྟ་བར་བྱ་སྟེ། འདི་ལྟར་ཚུར་མཐོང་གི་ངོར་ཡུལ་ཤེས་པའི་ཤེས་པ་ཉི་ཚེ་བ་ལ་མི་རྟག་པའི་ཁྱབ་པས་འདུས་མ་བྱས་མི་སྲིད་ཀྱང་། ཤེས་དང་ཤེས་བྱ་རོ་གཅིག་པའི་ཡེ་ཤེས་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་དེ་དང་མི་འདྲ་སྟེ། འདུས་མ་བྱས་པའི་རང་གདངས་འོད་གསལ་མི་འགྱུར་བའི་ངང་དེར་འཁོར་འདས་ཀྱི་ཆོས་ཀུན་འུབ་ཆུབ་པས་ན་དེའི་ངོ་བོ་ལ་སྐྱེ་འགག་ཡེ་ནས་མེད་པར་མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱིས་གྲུབ་པའི་ཕྱིར་རོ། །དེ་ལྟར་མཐར་ཐུག་ཆོས་སྐུའི་ཡེ་ཤེས་དེ་ནི་སྲིད་ཞི་ཀུན་ཁྱབ་དང་མཉམ་པ་ཉིད་དང་། འདུས་མ་བྱས་པ་དང་། འགྱུར་


MR04_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོན་དམ་པའི་རང་བཞིན་དུ་ལུང་རིགས་ཀྱིས་གྲུབ་པ་ན། དེ་ནམ་ཞིག་མངོན་དུ་འགྱུར་རུང་གི་རྒྱུད་ན་ད་ལྟ་ནས་ཡེ་ཤེས་ཆོས་སྐུའི་རང་བཞིན་ཆོས་ཉིད་ཀྱི་ཚུལ་དུ་བྲི་གང་དང་བྲལ་བར་བཞུགས་པ་དེ་ཉིད་ལ། གློ་བུར་གྱི་དྲི་མ་བྲལ་མ་བྲལ་གྱིས་སྣང་ཚུལ་ལ་མངོན་དུ་གྱུར་མ་གྱུར་ཡོད་ཀྱང་། གནས་ཚུལ་ལ་སྔ་ཕྱིར་བཟང་ངན་གྱི་ཁྱད་པར་ཏིལ་ཙམ་མེད་དེ། འགྱུར་མེད་འདུས་མ་བྱས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་འདུས་མ་བྱས་འོད་གསལ་བའི་དབྱིངས་ལ་འཁྲུལ་པས་གོས་པ་མེད་པར་རང་བཞིན་གྱིས་རྣམ་པར་དག་ཅེས། མ་འཁྲུལ་པ་གཤིས་ཀྱི་རང་གདངས་ལ་ལྷུན་གྱིས་གྲུབ་པའི་སྟོབས་སོགས་འབྲས་ཆོས་ཀྱི་ཡོན་ཏན་འབྲལ་མེད་དུ་གནས་ཏེ་ཉི་མ་དང་འོད་ཟེར་བཞིན་ནོ། །དེས་ན་སེམས་དང་སྙིང་པོའི་ཡེ་ཤེས་ཆོས་ཅན་དང་ཆོས་ཉིད་ཡིན་ལ་སངས་རྒྱས་དང་སེམས་ཅན་ཡང་གནས་ཚུལ་དང་སྣང་ཚུལ་གྱི་དབང་དུ་བྱས་ནས་སྟོན་པའི་ཕྱིར་རྒྱུ་ལ་འབྲས་གནས་སོགས་ཀྱི་རིགས་པའི་གནོད་པ་སྟོན་པ་ནི་ཕྱོགས་མ་གོ་བར་ཟད་དོ། །དེ་ལྟར་རིགས་པ་འདི་ནི་འབྲས་དུས་ཀྱི་ཆོས་སྐུ་མངོན་དུ་གསལ་བའི་རྟགས་ཀྱིས་རྒྱུ་དུས་ཀྱི་རིགས་ཡོན་ཏན་ཡེ་ལྡན་ཅན་ཡོད་པ་བསྒྲུབ་


MR04_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། གནས་ཚུལ་ལ་སྔ་ཕྱི་རྒྱུ་འབྲས་སུ་མེད་ཀྱང་སྣང་ཚུལ་ལ་ལྟོས་ནས་རྒྱུ་འབྲས་སུ་བཞག་དགོས་པའི་ཕྱིར་འབྲས་བུ་ལས་རྒྱུ་བསྒྲུབ་པ་ལྟོས་པའི་རིགས་པ་ཞེས་བྱ་བ་ཡིན་ནོ། །རིགས་པ་གཉིས་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པ་ཉིད་དམ་དེ་བཞིན་ཉིད་གདོད་མའི་འོད་གསལ་ཆེན་པོར་དབྱེར་མེད་རོ་གཅིག་པའི་ཕྱིར་ན་སངས་རྒྱས་དང་སེམས་ཅན་ཀྱང་དོན་དམ་པར་དབྱེ་བ་མེད་དེ་སྲིད་ཞི་མཉམ་པ་ཉིད་དོ། །དེའི་ཕྱིར་འཁྲུལ་པ་གློ་བུར་བས་སྤྲུལ་པའི་སེམས་ཅན་ལྟར་སྣང་བ་རྣམས་ཀྱང་གནས་ལུགས་དོན་དམ་པའི་ཆོས་ཉིད་ལས་ཅུང་ཟད་ཀྱང་མ་གཡོས་པར་ཆོས་ཉིད་ཀྱི་རིགས་པས་གྲུབ་པས་ན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་ངེས་སོ་ཞེས་དང་། འོ་ན་དེ་བཞིན་ཉིད་དུ་དབྱེར་མེད་པ་ཙམ་གྱིས་རིགས་ཡོད་པར་འགྲུབ་ན་ས་རྡོ་སོགས་ལའང་རིགས་ཡོད་པར་ཐལ་ལོ་ཞེ་ན། རིགས་ཞེས་བྱ་བ་ན་འཁྲུལ་པའི་སེམས་ཀྱི་དབང་གིས་བྱུང་བའི་སྒྲིབ་གཉིས་ཟད་པར་སྤངས་ནས་ཤེས་བྱའི་རང་བཞིན་ལ་མ་འཁྲུལ་པའི་བློ་རྒྱས་པའི་སངས་རྒྱས་ཀྱི་རྒྱུ་སྐྱོན་མེད་ལ་འཇོག་དགོས་ན། དེ་སེམས་མ་ཡིན་ན་ས་རྡོ་སོགས་བེམ་པོ་ལ་ལམ་སྒྲུབ་པ་མེད་པས་ཐ་སྙད་དུ་དེ་བཞིན་ཉིད་དུ་དབྱེར་མེད་ནའང་དེ་ལ་རིགས་ཡོད་པར་


MR04_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་མི་དགོས་ཏེ། སེམས་ཀྱི་དབང་གིས་ས་རྡོ་སོགས་སྣང་གི །ས་རྡོ་སོགས་ཕྱི་རོལ་གྱི་དབང་གིས་སེམས་བྱུང་བ་མ་ཡིན་པ་རྨི་ལམ་གྱི་སྣང་བ་དང་དེ་ངེས་ཀྱི་ཤེས་པའི་དཔེས་མཚོན་ཏེ་ཤེས་པར་བྱ་ལ། ཁམས་གསུམ་གྱི་བྱེད་པ་པོ་སེམས་འདི་ལ་ཆོས་ཉིད་བདེ་གཤེགས་སྙིང་པོ་དོན་དམ་པའི་དགེ་བ་ཟག་མེད་ཀྱི་རང་བཞིན་ཅན་ཉིད་ཆུ་ལ་རླན་ལྟར་བཞུགས་པར་ཤེས་པས་འཁོར་འདས་ཀྱི་སྣང་བ་རྣམས་ནི་ཀྱི་རྣམ་ཤེས་དང་ཡེ་ཤེས་དེ་དག་གི་རོལ་བ་ཙམ་ཡིན་པས་ཐ་དད་དུ་མི་དགོས་ལ། ཡང་དག་པའི་དོན་དུ་ཆོས་ཉིད་ཡེ་སངས་རྒྱས་པའི་ངང་ལས་མ་གཡོས་པའི་སྣང་བ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ངང་ཚུལ་ལས་མི་འདའ་བར་ཤིན་ཏུ་ཡང་ཁས་ལེན་ནོ། །རིགས་པ་གསུམ་པ། རིགས་ཡོད་ཕྱིར་ན་ཞེས་པའི་དོན་ནི། སེམས་ཅན་ཐམས་ཅད་ལ་སངས་རྒྱ་རུང་གི་རིགས་ཡོད་དེ། དྲི་མ་གློ་བུར་བ་སྤང་རུང་དུ་གྲུབ་ཅིང་། ཡོན་ཏན་ཡེ་ལྡན་གྱི་ཆོས་སྐུ་ཁྱད་མེད་པར་ཡོད་པར་གྲུབ་པས་སོ། །དེ་ལྟར་སངས་རྒྱ་རུང་གི་རིགས་ཡོད་ན་ལུས་ཅན་དེ་དག་ཀུན་ཐོག་མེད་ནས། དུས་རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་ངེས་ཏེ། དེ་དག་སངས་རྒྱས་པའི་


MR04_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་ཡོད་ལ། སངས་རྒྱས་ཆོས་སྐུ་དེ་ཡང་ངོ་བོ་འདུས་མ་བྱས་སུ་གྲུབ་པས་སྔ་ཕྱི་ལ་བཟང་ངན་གྱི་ཁྱད་པར་ངོ་བོའི་ཆ་ནས་མེད་པའི་ཕྱིར་རོ། །རིགས་པ་འདིས་རྒྱུ་ལས་འབྲས་བུ་སྐྱེད་པར་ཤེས་པ་བྱ་བ་བྱེད་པའི་རིགས་པ་ཡིན་ནོ། །འདིར་རྒྱུ་ཡོད་ཙམ་གྱིས་འབྲས་བུ་འབྱིན་པར་དཔོག་པ་ཙམ་མིན་ཏེ། ཆོས་ཉིད་དེ་བཞིན་ཉིད་ཀྱི་རིགས་ལ་འགྱུར་བ་མེད་པ་དང་། དེ་འབྲས་དུས་དང་ངོ་བོ་ལ་བཟང་ངན་མེད་པ་དང་། གློ་བུར་བའི་དྲི་མ་རྣམས་ཡུན་ཇི་ལྟར་རིང་ཡང་འབྲལ་རུང་ཡིན་པས་རིགས་དེ་སངས་རྒྱ་བ་ལ་ནམ་ཡང་ཆུད་ཟ་བ་མི་སྲིད་པའི་གནད་ཀྱིས་སོ། །དེ་ལྟར་རྒྱུ་རིགས་ཡོད་པ་དེ་འབྲས་དུས་ཀྱི་ཆོས་སྐུ་དང་ངོ་བོ་ཁྱད་མེད་དང་། འབྲས་དུས་ཀྱི་ཆོས་སྐུ་ཡོད་ན་དེ་སེམས་ཅན་གྱི་དུས་ནའང་འཕེལ་འབྲི་མེད་པར་ཡོད་དགོས་པ་དང་། རྒྱུ་འབྲས་དང་སྔ་ཕྱིར་བཏགས་ཀྱང་དོན་ལ་ཆོས་དབྱིངས་འགྱུར་མེད་ཀྱི་ངོ་བོར་རོ་གཅིག་པའི་རིགས་པ་དེ་གསུམ་གྱིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་འགྲུབ་སྟེ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རིགས་པ་ཡང་དག་གི་ལམ་ནས་སོ། །དེ་ལྟར་བདེ་སྙིང་སེམས་ཅན་ལ་ཡོད་པར་བསྒྲུབ་པའི་རིགས་པ་འདིས་


MR04_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་གི་ཐར་བ་དང་། ཐེག་གཅིག་ཏུ་འགྲུབ་ཀྱི་གཞན་དུ་དེ་སྒྲུབ་ཀྱི་རིགས་པ་མཐའ་པྲ་ཡས་པར་འགྱུར་རོ། །དེའི་ཕྱིར་ཐེག་པ་མཆོག་ལ་མོས་པ་རྣམས་ཀྱིས་གནས་འདི་ལ་བློ་གྲོས་འབྱོང་བར་བྱ་དགོས་སོ། །དེ་ལྟར་ཡང་། དོན་དམ་དཔྱོད་པའི་རིགས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྲུབ་ཀྱང་དེས་སྙིང་པོའི་ཡོན་ཏན་འགོག་པར་མ་འགྱུར་ཏེ་ཡོན་ཏན་བླ་ན་མེད་པ་ཡོད་ཀྱང་ངོ་བོ་སྟོང་པར་འདི་བས་ཀྱང་ཞལ་གྱིས་བཞེས་པའི་ཕྱིར་རོ། །དེས་ན་འཁོར་ལོ་བར་པའི་བསྟན་དོན་ཀུན་བྱང་གི་ཆོས་ཐམས་ཅད་སྟོང་པར་བསྟན་པ་ནི་དེ་དེ་བཞིན་དུ་གྲུབ་སྟེ་བདེ་གཤེགས་སྙིང་པོའང་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཀྱང་སྟོང་པའི་རང་བཞིན་ཅན་གྱི་སྐུ་དང་། ཡེ་ཤེས་ཀྱི་སྣང་བ་དང་འདུ་འབྲལ་མེད་པའི་ཁྱད་པར་དུ་བྱས་པའི་སྙིང་པོ་བསྟན་པ་འདི་འཁོར་ལོ་ཐ་མའི་ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་དགོངས་པ་ཡིན་པས་ཚུལ་དེ་ཙམ་གྱི་ཆ་ནས་འཁོར་ལོ་བར་པ་ལས་ལྷག་པའི་ཕྱིར། མདོ་དགོངས་འགྲེལ་ལས་འཁོར་ལོ་ཐ་མའི་དོན་ལ་མཆོག་ཏུ་བསྔགས་པའང་དེར་གཏོགས་ཚད་མ་ཡིན་གྱི་སྙིང་པོ་བསྟན་པའི་ངེས་དོན་གྱི་ཕྱོགས་ནས་དེ་


MR04_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གསུངས། དེས་ན་འཁོར་ལོ་བར་པར་བསྟན་པའི་སྟོང་ཉིད་དང་། ཐ་མར་བསྟན་པའི་སྐུ་དང་ཡེ་ཤེས་དག་སྣང་སྟོང་ཟུང་དུ་ཆུད་པར་བྱ་དགོས་པས། བར་པ་དང་ཐ་མའི་ངེས་དོན་གྱི་སྐོར་རྣམས་དབྱེ་བསལ་མེད་པར་གཉིས་ཀ་ངེས་དོན་དུ་ཀུན་མཁྱེན་ཀློང་ཆེན་པས་བཞེད་པ་འདི་ཁོ་ན་ལྟར་བཟུང་བར་བྱ་སྟེ། དེ་གཉིས་གཅིག་ངེས་དོན་བྱས་ན་གཅིག་དྲང་དོན་བྱ་དགོས་པའི་འགལ་བ་མེད་པར་མ་ཟད། ཟུང་དུ་ཚོགས་པར་བྱས་ན་བདེ་གཤེགས་སྙིང་པོ་དེ་ལྟ་བུ་ལ་རྒྱུ་རྒྱུད་ཀྱི་དོན་དུ་བྱས་ནས་རྡོ་རྗེ་ཐེག་པའི་མན་ངག་གི་གནད་འབྱུང་པས་སངས་རྒྱས་ཀྱི་བསྟན་པ་དེ་དག་གནད་གཅིག་ཏུ་འབབ་པར་ཤེས་དགོས་ཤིང་། མཐར་ཐུག་གི་དོན་འདི་ལ་ཀླུ་ཐོགས་གཉིས་སོགས་འཕགས་པ་རྣམས་དགོངས་པ་གཅིག་སྟེ་ཆོས་དབྱིངས་བསྟོད་པ་དང་སེམས་འགྲེལ་ལ་སོགས་པ་དང་། རྒྱུད་བླའི་འགྲེལ་པ་སོགས་ཀྱིས་གསལ་བར་རྟོགས་པའི་ཕྱིར་རོ། །དེ་ལྟར་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་སྟེ། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་གསུངས་པ་ལྟར་དོན་དམ་དཔྱོད་པས་དཔྱད་


MR04_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གྲུབ་འབྲས་མཐར་ཐུག་བདེན་པ་དབྱེར་མེད་རྡོ་རྗེ་ལྟ་བུའི་དོན། རྟོག་གེའི་ཤེས་པས་མི་ཕྱེད་པའི་དབྱིངས་ཡིན་པས་དོན་དམ་པ་ལ་བསྟེན་པའི་ཀླན་ཀ་འཇུག་པའི་གཞི་མེད་དོ། །དེ་ལ་སྤྱིར་གཞུང་གང་འཆད་ཀྱང་གནད་དོན་སྙིང་པོ་ཟིན་ན་ཚིག་རྒྱས་བསྡུས་ཇི་ལྟར་འགྲེལ་ཀྱང་རུང་ཕྱིར། འདིར་གཞུང་གི་སྙིང་པོ་གནད་ཟིན་ཕྱིར་རྗེ་ཉིད་ཀྱིས་སྟོང་ཐུན་ལས་ཅུང་ཟད་བཀོད་པ་ལས་རང་བཟོ་མེད་པར་སླར་དཔྱོད་ལྡན་དག་གིས་སྟོང་ཐུན་སེང་གེའི་ང་རོ་ལ་གཟིགས་ཤིང་རྒྱས་པར་ཁོང་དུ་ཆུབ་པར་བྱའོ། །དེ་ལ་དང་པོའི་དོན་སངས་རྒྱས་ཡེ་ཤེས་ཆོས་ཀྱི་སྐུ་སེམས་ཅན་གྱི་ཚོགས་ལ་ཞུགས་ཤིང་གནས་པ་ནམ་ཞིག་མངོན་དུ་འགྱུར་བ་འཕྲོ་བའི་ཕྱིར་དང་། རང་བཞིན་དྲི་མེད་ཆོས་ཉིད་དེ་ནི་འཁོར་འདས་གཉིས་ལ་ཁྱད་མེད་པ་མཉམ་པའི་དོན་དེ། སངས་རྒྱས་རིགས་གདོད་ནས་དག་པ་དེ་མངོན་དུ་གྱུར་བ་ལ་དེ་འབྲས་སངས་རྒྱས་སུ་ཉེར་བཏགས་ཕྱིར་འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གསུངས་སོ། །ཁྱབ་བྱེད་སྡོམ་གྱི་མདོར་བསྟན་གཉིས། ཁམས་ཀྱི་དོན་བཤད་པ་ལ་རང་བཞིན་གྱིས་དག་པ་ངོ་བོ་ཡི་དོན་དང་། དག་བྱེད་མོས་པ་སོགས་རྒྱུ་ཡི་དང་། དྲི་མ་མཐའ་


MR04_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང་བྲལ་བ་འབྲས་བུ་ཡི་དང་། སྡུག་བདེའི་སྐྱོན་ཡོན་མཐོང་ན་བླང་དོར་འདོད་པ་བྱེད་ལས་ཀྱི་དང་། རྒྱུ་འབྲས་ཀྱི་ཡོན་ཏན་རྣམས་དང་ལྡན་པའི་དང་། རྟེན་གང་ཟག་གི་སྒོ་ནས་བརྟེན་པ་ཆོས་ཉིད་ཀྱང་རྣམ་པར་དབྱེ་བ་འཇུག་པ་ཡི་དང་། ཐ་དད་པའི་གནས་སྐབས་ཀྱི་དང་། དེ་བཞིན་དུ་ཐམས་ཅད་ལ་ཆོས་དབྱིངས་ཀྱིས་ཁྱབ་པ་ཀུན་ཏུ་འགྲོ་བའི་དོན་དང་། སྐྱོན་ཡོན་གྱི་དུས་རྟག་ཏུ་མི་འགྱུར་བའི་དོན་དང་། ཡོན་ཏན་མཐར་ཐུག་པ་རྣམས་ཀྱང་དབྱེར་མེད་པའི་དོན་དང་བཅུ་ནི་ཆོས་ཉིད་དོན་དམ་པའི་དབྱིངས་ཀྱི་དགོངས་དོན་རྣམ་པར་བཞག་པ་ཡིན་ནོ་ཞེས་བྱའོ། །སྡོམ་དོན་རྒྱས་པར་བཤད་པ་གསུམ། །བཤད་པའི་དོན་བསྡུས་མཚམས་སྦྱར་བཞི། །མཚམས་སྦྱར་བ་ལྟར་དཔེས་བསྟན་ལྔ། །བསྟན་དོན་དད་པས་རྟོགས་ཚུལ་དྲུག །རྟོགས་བྱའི་སྟོང་ཉིད་ངོས་བཟུང་བདུན། །དེ་རྣམས་བཤད་པའི་དགོས་པ་བརྒྱད། །གསུམ་པ་སྡོམ་དོན་རྒྱས་བཤད་བརྒྱད། །ངོ་བོ་རྒྱུ་ལས་ངག་དོན་གཅིག །འབྲས་བུའི་བྱེད་ལས་གྲུབ་དོན་གཉིས། །ཡོན་ཏན་ཚོགས་དང་ལྡན་དོན་གསུམ། །གང་ཟག་དབྱེ་བའི་འཇུག་དོན་བཞི། །གནས་སྐབས་མིང་ཙམ་ཕྱེ་དོན་ལྔ། །མཁའ་ལྟར་ཀུན་ཏུ་འགྲོ་


MR04_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དྲུག །དུས་རྟག་འགྱུར་བ་མེད་དོན་བདུན། །ཡོན་ཏན་རྣམ་དབྱེར་མེད་དོན་བརྒྱད། །དང་པོ་དག་པའི་དོན་ལ་གཉིས། །དག་བྱ་དག་བྱེད་ཐུན་མོང་བསྟན། །རིན་ཆེན་རང་བཞིན་གྱིས་དག་པ་དང་ནམ་མཁའ་རང་བཞིན་གྱིས་དག་པ་དང་ཆུ་རང་བཞིན་གྱིས་དག་པ་བཞིན་རྟག་ཏུ་ཁམས་ཀྱི་རང་བཞིན་ནི་ཉོན་མོངས་མེད་པའི་ངོ་བོ་དང་། ཐེག་ཆེན་གྱི་ཆོས་ལ་མོས་པ་དང་། བདག་མེད་རྟོགས་པའི་ལྷག་པའི་ཤེས་རབ་དང་། བདེ་བ་དང་ལྡན་པའི་ཏིང་འཛིན་ཚད་མེད་དང་། སེམས་ཅན་ལ་སྙིང་བརྩེ་བ་དང་རྒྱུ་བཞི་ལས་བྱུང་བ་ཡིན་ནོ། །སོ་སོའི་ངོ་བོ་ཁྱད་པར་བཤད། །འདི་ལ་དག་བྱ་ངོ་བོའི་དོན། །རེ་བ་སྐོང་བའི་མཐུ་དང་། རང་བཞིན་གཞན་དུ་མི་འགྱུར་བ་དང་། སྙིང་རྗེས་བརླན་པའི་ངོ་བོའི་རང་བཞིན་ཕྱིར་འདི་དག་རིམ་བཞིན་ནོར་བུ་རིན་ཆེན་དང་ནམ་མཁའ་དང་ཆུ་ཡི་ཡོན་ཏན་དང་ཆོས་མཐུན་ཉིད་ཡིན་ནོ། །དག་བྱེད་རྒྱུ་ཡི་དོན་དང་གཉིས། །ཕྱི་མ་དག་བྱེད་འདིར་ཡང་གཉིས། །སྤང་བྱ་སྒྲིབ་པ་བཞི་སྤོང་ཚུལ། །རིགས་དྲི་མ་དང་མི་འབྲལ་བའི་སྐྱོན་ཐེག་ཆེན་གྱི་ཆོས་ལ་ཁོང་ཁྲོ་བ་དང་། བདག་ལྟ་དང་། འཁོར་བའི་


MR04_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་གྱིས་འཇིགས་ནས་རང་ཞི་བདེ་གཉེར་བ་དང་། སེམས་ཅན་དོན་ལ་ལྟོས་མེད་དུ་གྱུར་པ་ཉིད་དང་། བཞི་ནི་རིམ་པར་གཏན་དུ་འཁོར་བ་མི་སྤོང་བའི་འདོད་ཆེན་དང་། མུ་སྟེགས་པ་དང་། ཉན་ཐོས་དང་། རང་བྱུང་རང་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་སྙིང་པོ་མངོན་དུ་འགྱུར་བའི་གེགས་སྒྲིབ་པ་རྣམས་བཞི་ཡིན་ལ་དེ་དག་པར་བྱེད་རྒྱུ་ཐེག་ཆེན་ལ་ལྷག་པར་མོས་པ་ལ་སོགས་པའི་ཆོས་ནི་རྣམ་བཞི་ཉིད་ཡིན་ཏེ། གཉེན་པོ་རྒྱལ་སྲས་སུ་འགྱུར་ཚུལ། དེ་ལ་ས་བོན་སོགས་བཞི་ལྡན་པས་རྒྱལ་པོའི་སྲས་སུ་འགྱུར་བ་ལྟར། ཐེག་པ་མཆོག་ལ་མོས་པ་ནི་ཡོན་ཏན་ཁྱད་པར་ཅན་གྱི་གཞིར་གྱུར་པས་ས་བོན་ལྟ་བུ་སྟེ་ཐེག་ཆེན་ལ་ཁོང་ཁྲོ་བའི་གཉེན་པོ། བདག་མེད་རྟོགས་པའི་ཤེས་རབ་ཀྱི་རང་བཞིན་ནི་སངས་རྒྱས་ཀྱི་ཆོས་ཀུན་བསྐྱེད་པའི་ཡུམ་སྟེ་མ་དང་འདྲ་ལ། དེས་བདག་ཏུ་ལྟ་བ་སོགས་ལྟ་ངན་ཀུན་འཇོམས་མོ། །ཏིང་ངེ་འཛིན་བསམ་གཏན་གྱི་དགའ་བདེ་ཚད་མེད་པའི་གནས་པ་ནི་མི་ཉམས་ཤིང་འཕེལ་བའི་བདེ་བའི་མངལ་གནས་དང་འདྲ་སྟེ། དེས་འཁོར་བའི་འཇིགས་པ་སྤོང་སྟེ། དཔེར་ན་སྐྱིལ་ཀྲུང་གཅིག་ལ་གནས་བཞིན་ཏིང་ངེ་འཛིན་གྱི་དགའ་


MR04_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཚད་མེད་པའི་ངང་ནས་སེམས་ཅན་གྲངས་མེད་འདུལ་བ་ལྟ་བུ། སྐྱེད་སྲིང་བའི་སྙིང་རྗེའི་མ་མ་སྟ། ཞི་མཐའི་གཡང་ས་སོགས་སུ་མི་གཏོང་བར་ལམ་གྱི་ལུས་ཡོངས་སུ་རྫོགས་པར་བྱེད་པ་དེས་སེམས་ཅན་ལྟོས་མེད་དུ་བོར་བ་སེལ་བའི་གཉེན་པོའོ། །ཆོས་བཞི་དང་ལྡན་པ་ཅན་གང་ཡིན་པ་དེ་དག་ནི་ཐུབ་པའི་ཐུགས་ལས་རྗེས་སུ་སྐྱེས་ཤིང་གདུད་འཚོབ་པའི་སྲས་བྱང་ཆུབ་སེམས་དཔའ་ཡིན་ནོ། །གཉིས་པ་འབྲས་ལས་གྲུབ་དོན་གཉིས། འཐོབ་བྱ་ཐོབ་བྱེད་ཐུན་མོང་བསྟན། གཉེན་པོས་སྒྲིབ་པ་སྦྱངས་འབྲས་ཆོས་སྐུ་གཙང་བའི་ཕ་རོལ་དང་། བདག་གི་དང་། བདེ་བའི་དང་། རྟག་ཉིད་ཀྱི་ཡོན་ཏན་གྱི་ཕ་རོལ་དུ་ཕྱིན་པ་འབྲས་བུའི་དོན་ཡིན་ལ། །རིགས་ལས་ནི་འཁོར་བའི་སྡུག་བསྔལ་ལ་ཡིད་འབྱུང་ཞིང་ཞི་བ་མྱང་འདས་ཐོབ་པར་འདུན་པ་དང་སྨོན་པའི་ལས་ཅན་ནོ། །སོ་སོའི་ངོ་བོ་རྒྱས་པར་བཤད། །ཕྱི་མ་འདི་ལ་གཉིས་ཡིན་ཏེ། །འཐོབ་བྱ་འབྲས་བུ་ཐོབ་བྱེད་ལས། །འཐོབ་བྱ་འབྲས་བུའི་དོན་ལ་གསུམ། །སྤང་བྱ་ཕྱིན་ཅི་ལོག་སྤོང་ཚུལ། །མོས་སོགས་རྒྱུ་བཞི་པོ་འདི་དག་གི་འབྲས་བུ་ནི་མདོར་བསྡུ་ན་ཆོས་ཀྱི་སྐུ་ལ་ཕྱིན་


MR04_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལོག་མི་གཙང་བ་སོགས་རྣམ་པ་བཞི་ལས་བཟློག་པ་ཡི་གཉེན་པོས་ཏེ་གཙང་སོགས་ཀྱི་རབ་ཏུ་ཕྱེ་བ་ཉིད་ཀྱིས་ན་ཡོན་ཏན་བཞི་ཐོབ་བོ། །ཡང་ན་ཡུལ་ཅན་ལ་སྦྱར་ཏེ། ཆོས་ཀྱི་སྐུ་ལ་དེའི་རང་བཞིན་དང་མི་མཐུན་པར་འཛིན་པའི་ཕྱིན་ཅི་ལོག་ཆོས་སྐུ་མི་གཙང་བ་སོགས་སུ་འཛིན་པ་ལས་བཟློག་པའི་གཉེན་པོ་རྣམ་བཅད་ཀྱི་སྒོ་ནས་གཙང་སོགས་བཞི་ཞེས་དོན་འདྲའོ། །སྤངས་པས་འབྲས་བུ་བཞི་ཐོབ་ཚུལ། དེ་ལ་ཆོས་ཀྱི་སྐུ་དེ་ནི་རང་བཞིན་གྱིས་གདོད་མ་ནས་དག་ཕྱིར་དང་། གློ་བུར་གྱི་དྲི་མ་བག་ཆགས་དང་བཅས་པ་སྤང་ཕྱིར་དག་པ་གཉིས་དང་ལྡན་པ་ནི་གཙང་བ་ཡི་ཕ་རོལ་དུ་ཕྱིན་པ་ཡིན་ལ། མུ་སྟེགས་སོགས་ཀྱིས་བཏགས་པའི་བདག་ཏུ་འཛིན་པ་དང་ཉན་ཐོས་སོགས་ཀྱིས་བདག་མེད་པར་བཟུང་བའི་སྤྲོས་པ་མཐའ་དག་ཉེ་བར་ཞི་བས་དམ་པའི་བདག་གི་ཕ་རོལ་དུ་ཕྱིན་པའོ། །སྡུག་བསྔལ་མ་ལུས་པ་འགགས་ཏེ་ཕྲ་བ་ཡིད་ཀྱི་རང་བཞིན་གྱི་ཕུང་པོ་དང་། ཀུན་འབྱུང་མ་ལུས་པ་འགགས་ཏེ་ཕུང་པོ་དེ་ཡི་རྒྱུ་མ་རིག་བག་ཆགས་ཀྱི་ས་ཡང་ལོག་ཕྱིར་བདེ་བ་ཡི་ཕ་རོལ་དུ་ཕྱིན་པ་ཉིད་དོ། །འཁོར་བ་དང་ནི་མྱ་ངན་ལས་འདས་པ་དག་རང་བཞིན་མཉམ་པ་ཉིད་དུ་རྟོགས་ཕྱིར་


MR04_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉིས་རྒྱུན་མི་ཆད་པའི་རྟག་པའི་ཕ་རོལ་དུ་ཕྱིན་པའོ། །ཐོབ་པས་མཐའ་གཉིས་ལས་གྲོལ་ཚུལ། ཕུང་པོ་ལ་བདག་ཏུ་སྲེད་པའི་ཆགས་པ་བག་ཉལ་དང་བཅས་པ་མ་ལུས་པ་ཤེས་རབ་ཀྱིས་བཅད་པས་འཁོར་བར་མི་གནས་དེ་སྙིང་རྗེ་ཆེན་པོས་སེམས་ཅན་ལ་སྲེད་ཕྱིར་མི་གཏོང་བས་ན་བརྩེ་ལྡན་བྱང་ཆུབ་སེམས་དཔའ་ནི་ཞི་ཐོབ་སྟེ་ཞི་མཐར་ལྷུང་བ་མིན་ནོ། །དེ་ལྟར་བདག་མེད་རྟོགས་པའི་བློ་དང་བརྩེ་བ་སྙིང་རྗེ་ཆེན་པོ་སྟེ་བྱང་ཆུབ་ཐོབ་པའི་ཐབས་གཉིས་པོ་དེ་ལ་བརྟེན་ནས་བྱང་སེམས་འཕགས་པ་ནི་འཁོར་བའམ་མྱ་ངན་འདའ་མི་འགྱུར་ཏེ་མཐའ་གཉིས་སུ་མི་ལྷུང་བའི་ཕྱིར་རོ། །ཐོབ་བྱེད་ལས་ཀྱི་དོན་ལ་གཉིས། །དབྱིངས་མེད་སྤོང་ལེན་མི་རྟོག་པ། །གལ་ཏེ་སངས་རྒྱས་ཁམས་དེ་མེད་ན་ནི། འཁོར་བའི་སྡུག་བསྔལ་ལ་ཡིད་སྐྱོ་བར་མི་འགྱུར་ཞིང་། མྱ་ངན་འདས་ལ་དེ་ཐོབ་པར་འདོད་པ་དང་ཐོབ་པའི་ཐབས་འཚོལ་བའི་དོན་གཉེར་དང་དེའི་དོན་ལ་སེམས་མངོན་པར་འདུ་བྱེད་པའི་སྨོན་པའང་མེད་པར་འགྱུར་དགོས་ན་དེ་ལྟ་མ་ཡིན་ནོ། །རིགས་ཡོད་སྐྱོན་ཡོན་རྟོགས་པའི་ལས། འདིར་སྲིད་པ་དང་མྱ་ངན་ལས་འདས་པ་དག་ལ་རིམ་པར་དེ་དང་དེའི་


MR04_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བདེའི་སྐྱོན་དང་ཡོན་ཏན་དག་མཐོང་བ་འདི་ནི་རིགས་ཡོད་པའི་བྱེད་ལས་ཡིན་ཏེ། གང་ཕྱིར་སྐྱོན་ཡོན་མཐོང་བ་དེ་རིགས་མེད་པ་དག་ལ་མེད་ཕྱིར་རོ། །དེ་ལ་སངས་རྒྱས་ཀྱི་རིགས་དེ་མེད་ན། ནས་ཀྱི་ས་བོན་ལ་འབྲས་ཀྱི་མྱུ་གུ་མི་སྐྱེ་བ་བཞིན་དུ་སངས་རྒྱས་ཀྱི་ཆོས་བསྐྱེད་པའི་བྱེད་ལས་གང་ཡང་སེམས་ཅན་གྱི་རྒྱུད་ན་མི་འབྱུང་སྟེ། རྒྱུ་མེད་པས་སོ། །རྒྱུ་མེད་ན་འབྲས་བུ་མི་འབྱུང་བའི་ཁྱབ་པའང་ཡོད་པ་ཡིན་ཏེ། རྒྱུའམ་ས་བོན་མེད་པ་ལ་གཞན་གྱིས་འབད་ཀྱང་བྱར་མི་བཏུབ་པ་ཡིན་པས་སོ། །ཁམས་ཡོད་ན་ནི་ལས་བྱས་པས་སོགས་ལྟར་རོ། །ཡོན་ཏན་ཚོགས་ལྡན་དོན་ལ་གཉིས། དང་པོ་ཐུན་མོང་དུ་བསྟན་དང་། དཔེར་ན་རྒྱ་མཚོ་ཆེ་བ་སྣོད་ཡངས་པར་རིན་པོ་ཆེ་དང་ཆུ་དཔག་མེད་འདུ་བ་བཞིན་དུ་ཆོས་དབྱིངས་ཀྱང་མོས་པའི་སྣོད་ཡངས་པར་ཤེར་ཏིང་དཔག་ཏུ་མེད་པའི་ཡོན་ཏན་གྱི་རིན་ཆེན་དང་སྙིང་རྗེའི་ཆུ་མི་ཟད་པའི་གནས་ཡིན་པའི་ཕྱིར་རྒྱུའི་ཡོན་ཏན་དང་། མངོན་ཤེས་དང་། ཟག་མེད་ཀྱི་ཡེ་ཤེས། ཟག་མེད་ཀྱི་སྤང་བ་རྣམས་དབྱེར་མེད་པའི་ཡོན་ཏན་དང་ལྡན་པའི་ངོ་བོ་ཉིད་ཡིན་ཕྱིར་མར་མེ་ཡི་སྣང་བ། དྲོ་བ། མདོག་རྣམས་དབྱེར་མེད་པ་བཞིན་དུ་འབྲས་བུའི་ཡོན་


MR04_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་དང་ལྡན་ནོ། །སོ་སོའི་ངོ་བོ་བཤད་པའོ། །སོ་སོའི་ངོ་བོ་བཤད་འདིར་གཉིས། །རྒྱུ་ཡི་ཡོན་ཏན་ལྡན་པའི་དོན། །ཆོས་སྐུ་རྣམ་པར་དག་པའི་རྒྱུ་མོས་པ་དང་རྒྱལ་བའི་ཡེ་ཤེས་ཐོབ་པའི་རྒྱུ་ཤེར་ཏིང་དང་། ཐུགས་རྗེ་ཆེན་པོ་འཇུག་པའི་རྒྱུའམ་ཁམས་ནི་སྙིང་རྗེ་སྟེ། དེ་མ་ལུས་པ་བསྡུས་ཤིང་གནས་པའི་ཕྱིར་ན་རིམ་པར་སྣོད་དང་། རིན་ཆེན་དང་། ཆུ་ཡོད་པ་ཡིས་ཆོས་མཐུན་གསུམ་གྱིས་ནི་དབྱིངས་འདི་ནི་རྒྱ་མཚོ་དང་ནི་མཚུངས་པར་བསྟན་ཏོ། །འབྲས་བུ་ཡོན་ཏན་ལྡན་པའི་དོན། དྲི་མ་མེད་པའི་གནས་ཁམས་ལ་ནི་མངོན་ཤེས་ལྔ་དང་། ཟག་མེད་ཀྱི་ཡེ་ཤེས་དང་། དྲི་མ་མེད་པའི་དེ་བཞིན་ཉིད་དང་། གནས་མ་ལུས་པར་གྱུར་པའི་སྤང་བ་རྣམས་རྣམ་དབྱེ་མེད་པར་གནས་པའི་ཕྱིར་མར་མེ་ཡི་སྣང་བ་དང་། དྲོ་བ་དང་། མདོག་རྣམས་དབྱེར་མེད་གནས་པ་དང་ཆོས་མཚུངས་པ་ཅན་ཡིན་ནོ། །གང་ཟག་དབྱེ་བས་འཇུག་དོན་གཉིས། །གསུམ་གྱིས་འཇུག་པས་གསུངས་པའི་ཚུལ། །སོ་སོའི་སྐྱེ་བོ་དང་འཕགས་པ་སློབ་པ་དང་། རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་ཉིད་གསུམ་དུ་དབྱེ་བའི་འཇུག་པ་ལས་བརྩམས་ནས་དེ་ཉིད་གཟིགས་པ་སངས་རྒྱས་ཀྱིས་སེམས་ཅན་སྐལ་བ་ཅན་ལ་


MR04_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་སྙིང་པོ་འདི་བསྟན་ཏོ། །རྟེན་གསུམ་གྱི་དབྱེ་བ་མེད་ན་ཆོས་སྐུ་འབའ་ཞིག་ལས་གཞན་མེད་པས་སོ། །དེ་རྣམས་རིམ་གྱིས་དག་ཚུལ་ལོ། །སོ་སོའི་སྐྱེ་བོ་རྣམས་སེམས་འདུ་ཤེས་ལྟ་བ་ཕྱིན་ཅི་ལོག་པས་ཡང་དག་པའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ཞིང་། བདེན་པ་མཐོང་བ་འཕགས་པ་རྣམས་ནི་དེ་ལས་བཟློག་པ་སྟེ་ཡང་དག་པར་མཐོང་བ་ཡིན་ལ། དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར་གཟིགས་པ་དང་སྒྲིབ་གཉིས་བག་ཆགས་བཅོམ་ནས་སྤྲོས་མེད་ཉིད་ཡིན་ནོ། །གནས་སྐབས་མིང་ཙམ་དོན་ལ་གཉིས། །གནས་སྐབས་གསུམ་དུ་མིང་འདོགས་ཚུལ། །དེ་ལྟར་ན་རྟེན་གྱི་གང་ཟག་གི་གནས་སྐབས་ཀྱི་དོན་ལ་ཁམས་དེ་དྲི་མས་མ་དག་པའི་སྐབས་དང་། མ་དག་དག་པ་གཉིས་ལྡན་གྱི་སྐབས་དང་། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ན་གོ་རིམ་བཞིན་དུ་སེམས་ཅན་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ཞེས་པའི་མིང་གསུམ་གྱིས་བརྗོད་ཅིང་བསྟན་ཏོ། །གསུམ་གྱིས་དོན་དྲུག་བསྡུས་ཚུལ་ལོ། །ངོ་བོ་ཉིད་ཀྱི་དོན་དང་ལ་སོགས་པའི་སྒྲས་རྒྱུ་འབྲས་ལས་ལྡན་འཇུག་པའི་


MR04_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཏེ། དོན་འདི་དྲུག་གིས་ནི་བསྡུས་པ་ཡི་ཁམས་དེ་ནི་དེ་ལྟ་བུའི་གནས་སྐབས་གསུམ་དག་ཏུ་བཤད་མ་ཐག་པའི་མིང་གསུམ་གྱིས་ནི་བསྟན་པ་ཡིན་གྱི་ངོ་བོ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དོ་ཞེས་སོ། །མཁའ་ལྟར་ཀུན་འགྲོའི་དོན་ལ་གཉིས། །རྟོག་མེད་ཀུན་ལ་ཁྱབ་པའི་ཚུལ། །དཔེ་ཇི་ལྟར་ན་རྟོག་པ་མེད་ཅིང་སྒྲིབ་པ་མེད་པའི་བདག་ཉིད་ཅན་ནམ་མཁའ་ནི་གཟུགས་ཅན་ཐམས་ཅད་ལ་དབྱེར་མེད་པར་ཀུན་ཏུ་རྗེས་སུ་སོང་ཞིང་ཁྱབ་པ་ལྟར་སེམས་ཀྱི་རང་བཞིན་དྲི་མེད་དབྱིངས་དེ་ཡང་ནམ་མཁའ་དེ་བཞིན་གང་ཟག་གི་གནས་སྐབས་ཐམས་ཅད་ལ་ཀུན་ཏུ་འགྲོ་བ་ཉིད་དང་། སྤྱི་མཚན་དབྱེ་བ་མེད་པའི་ཚུལ། དབྱིངས་རྣམ་དག་དེ་ནི་ཆོས་ཀུན་གྱི་སྤྱིའི་མཚན་ཉིད་དམ་ཆོས་ཉིད་ཀུན་ཁྱབ་ཡིན་པས་ཉེས་པ་དང་བཅས་པ་སོ་སྐྱེ་དང་། ཡོན་ཏན་དང་ལྡན་པ་བྱང་ཆུབ་སེམས་དཔའ་དང་། ཡོན་ཏན་མཐར་ཐུག་སངས་རྒྱས་པའི་གནས་སྐབས་ཐམས་ཅད་ཁྱབ་པ་སྟེ་གཟུགས་ཀྱི་རྣམ་པ་དམན་པ་སའི་སྣོད་དང་། བར་མ་ཟངས་སྣོད་དང་། མཆོག་གསེར་སྣོད་ལ་ནམ་མཁའ་རྗེས་སུ་སོང་ཞིང་ཁྱབ་པ་བཞིན་ནོ། །རྟག་ཏུ་འགྱུར་བ་མེད་དོན་གཉིས། །འགྱུར་


MR04_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གནས་སྐབས་བསྟན་པ་དང་། །སྔར་དྲི་བཅས་ཀྱི་སྐབས་ནའང་ཉེས་པ་གློ༷་བུར་བ་འབྲལ་རུང་ཉིད་དང་ལྡན་པས་རང་བཞིན་མིན་པ་དང་། ཡོན་ཏན་རང་བཞིན་ཉིད་ཀྱིས་དབྱེར་མེད་འབྲལ་མི་རུང་བ་དང་ལྡན་པས་གློ་བུར་བ་མིན་ཕྱིར་ཇི་ལྟར་སྔར་འཁོར་བར་གནས་ཚེ་ཇི་ལྟར་ཡིན་པ་བཞིན་ཕྱིས་མྱང་འདས་ན་ཡང་དེ་བཞིན་དུ་རྟག་ཏུ་རང་བཞིན་འགྱུར་བ་མེད་པའི་ཆོས་ཉིད་ཅན་དུ་འདོད་དོ། །དེ་ཚུལ་རྒྱས་པར་བཤད་པའོ། །དེ་ཚུལ་རྒྱས་བཤད་འདི་ལ་གསུམ། །མ་དག་གནས་སྐབས་འགྱུར་བ་མེད། །མ་དག་དག་པའི་སྐབས་མི་འགྱུར། །ཤིན་ཏུ་རྣམ་དག་སྐབས་མི་འགྱུར། །དང་པོ་ལ་ཡང་གཉིས་ཡིན་ཏེ། །མཁའ་བཞིན་འགྱུར་བ་མེད་ཚུལ་དང་། །དེ་རྣམས་ཁྱད་པར་བཤད་པའོ། །དང་པོ་ལ་ཡང་བསྟན་བཤད་བསྡུ། མདོར་བསྟན་དཔེ་ཇི་ལྟར་ནམ་མཁའ་གཟུགས་ཅན་གྱི་ཆོས་ཀུན་ལ་རྗེས་སུ་སོང་བ་ཡིན་ཡང་ཕྲ་བ་སྟེ་གཟུགས་མིན་པར་ཟབ་པའི་ཕྱིར་གཟུགས་ཀྱི་མི་རྟག་སོགས་ཉེས་པས་ཉེ་བར་གོས་པ་མེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་གནས་པའི་ཁམས་འདི་ཡང་སེམས་ཅན་གྱི་ཉེས་པས་ཉེ་བར་གོས་པ་མེད་དོ། །རྒྱས་པར་བཤད་


MR04_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་ལ་ལྔ། ཆོས་ཅན་སྐྱེ་འཇིག་སྣང་བའི་ཚུལ། ཇི་ལྟར་སྣོད་ཀྱི་འཇིག་རྟེན་འདི་ནི་རྣམ་པ་ཐམས་ཅད་དུ་དང་པོར་གོ་ཕྱེ་བའི་ནམ་མཁའ་ལ་ནི་སྐྱེ་ཞིང་མཐར་ནམ་མཁའི་ངང་དུ་འཇིག་མོད་ནམ་མཁའ་ལ་སྐྱེ་འཇིག་མེད་པ་དེ་བཞིན་རྒྱུ་རྐྱེན་གྱི་འདུས་མ་བྱས་ཆོས་ཀྱི་དབྱིངས་བདེ་གཤེགས་སྙིང་པོ་ལ་ནང་སེམས་ཅན་གྱི་དབང་པོ་རྣམས་ནི་དང་པོ་སྐྱེ་ཞིང་མཐར་འཇིག་ཀྱང་ཆོས་ཉིད་ལ་དེ་གཉིས་མེད་དོ། །ཆོས་ཉིད་འཇིག་པ་མེད་པའི་ཚུལ། ཇི་ལྟར་ནམ་མཁའ་དུས་མཐའ་དམྱལ་བ་རང་བཞིན་གྱི་མེ་གསུམ་པོ་རྣམས་ཀྱིས་སྔོན་ཆད་ནམ་ཡང་ཚིག་པ་མེད་པ་དེ་བཞིན་ཁམས་འདི་ནི་འཆི་བ་དང་། ན་བ་དང་། རྒ་བའི་མེས་མི་འཚིག་པ་ཉིད་དོ། །གནས་ལུགས་རྒྱས་པར་བསྟན་ལ་གསུམ། །དཔེ་དང་དོན་དང་དེ་དག་སྦྱར། །རིམ་པར་དཔེ་ཇི་ལྟར་འཇིག་རྟེན་གྱི་སྣོད་ས་ཡི་དཀྱིལ་འཁོར་ནི་ཆུ་ལ་བརྟེན་ནས་ཆགས་ཤིང་གནས་ལ་ཆུ་ནི་རླུང་ལ་བརྟེན་ཅིང་རླུང་ནི་མཁའ་ལ་རབ་ཏུ་གནས་པ་ཡིན་མོད་ཀྱི་མཁའ་ནི་རྒྱུ་རྐྱེན་ལ་ལྟོས་པ་མེད་ཕྱིར་རླུང་དང་ཆུ་དག་དང་། ས་ཡི་ཁམས་ལ་བརྟེན་ནས་རབ་ཏུ་གནས་དགོས་པ་མ་ཡིན་ནོ། །


MR04_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དཔེ་དེ་བཞིན་དུ་ཕུང་པོ་དང་། ཁམས་དང་། དབང་པོ་སྐྱེ་མཆེད་ཟག་བཅས་སྐྱེ་བའི་ཀུན་ཉོན་རྣམས། དེའི་རྒྱུ་ལས་དང་ཉོན་མོངས་དག་ལ་གནས་ཤིང་ལས་དང་ཉོན་མོངས་པ་ནི་མི་རྟག་པ་ལ་རྟག་པར་འཛིན་པ་སོགས་ཚུལ་བཞིན་མིན་པར་ཡིད་ལ་བྱེད་པའི་རྣམ་རྟོག་ལ་བརྟེན་ནས་རྟག་ཏུ་གནས་ཏེ་དེ་མེད་ན་མི་འབྱུང་བས་སོ། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི་སེམས་ཀྱི་དག་པ་རང་བཞིན་གྱིས་འོད་གསལ་བའི་དབྱིངས་ལ་རབ་ཏུ་གནས་ཞེས་རྨི་ལམ་གྱི་སྣང་བ་ལྟར་མེད་བཞིན་འཁྲུལ་བའི་རྟོག་པ་ཙམ་ཡིན་པས་རང་བཞིན་བརྟག་ན་དབེན་པའི་དག་པ་འོད་གསལ་བའི་ཆོས་ཉིད་ཙམ་ལས་འདི་ལས་བྱུང་ཞེས་རྟེན་གཞི་གཞན་གཏུག་ས་མེད་པས་ཡིན་གྱི་དག་པ་ཡོད་ན་ཚུལ་མིན་ཡིད་བྱེད་ཡོད་པའི་རྒྱུ་འབྲས་ལྟ་བུར་གོ་བར་མི་བྱའོ། །སེམས་ཀྱི་རང་བཞིན་འོད་གསལ་བར་གཏོགས་པའི་ཆོས་རྣམས་ནི་ཚུལ་མིན་ཡིད་བྱེད་ལས་ཉོན་སོགས་ཐམས་ཅད་ལ་ཡང་གནས་པ་མེད་དོ། །དཔེ་དོན་སྦྱར་བ་ས་དང་འདྲ་བ་ནི་ཉེར་ལེན་གྱི་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་རྣམས་ཤེས་པར་བྱ།


MR04_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ས་དཀྱིལ་དེ་འགྲུབ་པའི་ཆུ་ཁམས་དང་འདྲ་བ་ནི་ལུས་ཅན་གྱི་ཟག་པ་དང་བཅས་པའི་ལས་དང་ཉོན་མོངས་པ་རྣམས་ཡིན་པར་ཤེས་བྱ་སྟེ་དེ་བརྟེན་པའི་རླུང་ལྟར་ཚུལ་བཞིན་མ་ཡིན་ཡིད་བྱེད་ནི་ང་གི་ཁམས་དང་འདྲ་བར་ལྟའོ། །སེམས་ཀྱི་རང་བཞིན་ཁམས་ནི་ནམ་མཁའི་ཁམས་བཞིན་དུ་རང་གི་ངོ་བོ་དེ་གཞི་གཞན་ལ་ལྟོས་པ་ཅན་མིན་པས་གང་དུ་གནས་པའང་མེད་དོ། །གློ་བུར་འཁོར་བ་འགྱུར་བའི་ཚུལ། དངོས་པོའི་རང་བཞིན་དང་མི་མཐུན་པར་འཛིན་པ་ཚུལ་བཞིན་མ་ཡིན་ཡིད་བྱེད་ནི་སེམས་ཀྱི་རང་བཞིན་ལ་སྒྲིབ་པའི་ཚུལ་གྱིས་གནས་ཏེ་ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱིས་རླུང་དང་འདྲ་བ་དེས་རླུང་གི་ཆུའི་རྟེན་བྱེད་པ་ལྟར་ལས་དང་ཉོན་མོངས་པ་རྣམས་ཀྱི་གོ་སྐབས་རབ་ཏུ་ཕྱེ་ཞིང་སྐྱེད་ལ་ཆུའི་ཕུང་པོ་བསྲུབས་པ་ལས་ས་གཞི་འབྱུང་བ་ལྟར་ལས་དང་ཉོན་མོངས་ཆུ་ལས་ནི་ཕུང་པོ་སྐྱེ་མཆེད་ཁམས་ཟག་བཅས་སྡུག་བསྔལ་གྱིས་བསྡུས་པའི་སྐྱེ་བ་རྣམས་འབྱུང་སྟེ། སྣོད་ཀྱི་འཇིག་རྟེན་དེ་ནམ་མཁའི་དབྱིངས་སུ་འཇིག་པ་དང་ཆགས་པ་ལྟར་འདུས་མ་བྱས་ཀྱི་དབྱིངས་སུ་སེམས་ཅན་རྣམས་སྐྱེ་དང་འཇིག་པར་འགྱུར་


MR04_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ནོ། །རང་བཞིན་འགྱུར་བ་མེད་པའི་ཚུལ། སེམས་ཀྱི་རང་བཞིན་དེ་ཉིད་ནམ་མཁའ་ཡི་ཁམས་ལྟར་ཉེར་ལེན་གྱི་རྒྱུ་མེད་ཅིང་ལྷན་ཅིག་བྱེད་པའི་རྐྱེན་མེད་དེ་ངོ་བོ་གཅིག་ལ་འདུས་པའི་ཚོགས་པ་མེད་ཅིང་དེའི་ཕྱིར་དང་པོར་སྐྱེ་བ་དང་། མཐར་འཇིག་པ་དང་། བར་དུ་གནས་པའང་ཡོད་པ་མ་ཡིན་ནོ། །དེ་ལྟར་ལྔ་པོའི་དོན་བསྡུས་ན། སེམས་ཀྱི་རང་བཞིན་འོད་གསལ་བདེ་གཤེགས་སྙིང་པོ་གང་ཡིན་པ་དེ་ནི་ནམ་མཁའ་དུ་སྤྲིན་སོགས་ཀྱིས་མི་འགྱུར་བ་བཞིན་དུ་འགྱུར་བ་མེད་དེ་ཡང་དག་མིན་རྟོག་ཚུལ་བཞིན་ཡིད་བྱེད་ལས་བྱུང་བའི་འདོད་ཆགས་ཞེ་སྡང་སོགས། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པ་གློ་བུར་གྱི་དྲི་མས་ཆོས་ཉིད་དེ་ཉོན་མོངས་པར་མི་འགྱུར་ཏེ་རང་བཞིན་གྱིས་དག་པའི་ཕྱིར་རོ། །གཉིས་པ་དེ་རྣམས་ཁྱད་པར་གཉིས། འགྱུར་མེད་སྐྱེ་འཇིག་གིས་དབེན་པ། ལས་དང་ཉོན་མོངས་ཆུ་དང་འདྲ་བ་སོགས་ཀྱིས་ཁམས་འདི་ནི་སྔར་མེད་གསར་དུ་མངོན་པར་བསྐྱེད་ཅིང་འགྲུབ་པ་མིན་ཏེ། འཆི་དང་ན་དང་རྒ་བའི་མེ་མི་བཟད་པས་ཀྱང་འཚིག་པར་མི་འགྱུར་རོ། །འགྱུར་བ་མེ་


MR04_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་མཐུན་ནོ། །དེ་ལ་མེ་གསུམ་ནི་དུས་མཐའ་དམྱལ་བ་ཐ་མལ་པའི་མེ་གསུམ་དང་། སྲོག་འགྱུར་བ་འཆི་བ་དང་། ཁམས་འགྱུར་བ་ན་བ་དང་། ན་ཚོད་འགྱུར་བ་རྒ་བའི་མེ་གསུམ་པོ་གོ་རིམ་བཞིན་དུ་སྦྱར་ནས་དཔེ་དེ་དག་དང་ཆོས་མཐུན་ཞིང་འདྲ་བར་ཤེས་པར་བྱའོ། །མ་དག་དག་སྐབས་མི་འགྱུར་གཉིས། །སྐྱེ་སོགས་ཀྱིས་མི་འགྱུར་དོན་དངོས། །རྒྱལ་སྲས་ཡོན་ཏན་ངོས་བཟུང་བ། །དོན་དངོས་བསྟན་པ་གཉིས་ཡིན་ཏེ། །མི་འགྱུར་འགྱུར་བར་སྣང་བའི་ཚུལ། །བྱང་སེམས་འཕགས་པ་རྣམས་ཕུང་པོ་གསར་དུ་གྲུབ་པའི་སྐྱེ་བ་དང་རྒྱུན་འགགས་པའི་འཆི་བ་དང་སྡུག་བསྔལ་བསྐྱེད་པའི་ན་བ་དང་རྒྱུན་འགྱུར་བའི་རྒ་བ་ལས་གྲོལ་བ་བདེ་གཤེགས་སྙིང་པོ་འདི་ཡི་རང་བཞིན་ནམ་གནས་ལུགས་ཇི་བཞིན་ཉིད་རྟོགས་ཏེ་རྟོགས་པ་དེས་ན་བྱང་སེམས་འདི་ལས་ཉོན་གྱི་སྐྱེ་སོགས་ཕོངས་ཤིང་སྡུག་བསྔལ་བ་དང་བྲལ་ཏེ་མི་འགྱུར་བ་ཡིན་ཡང་ཆོས་དབྱིངས་ཇི་བཞིན་རྟོགས་པ་དེ་ཡི་རྒྱུས་བློ་ལྡན་བྱང་སེམས་ནི་དེ་ལྟར་མ་རྟོགས་པའི་འགྲོ་ལ་སྙིང་རྗེ་ཆེན་པོ་བསྐྱེད་ཕྱིར་སྐྱེ་སོགས་བསྟན་ཏེ། གཞན་དོན་དུ་སྨོན་ལམ་སོགས་ཀྱི་


MR04_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གིས་བསམ་བཞིན་དུ་སྲིད་པར་སྐྱེ་བ་དང་། རྟག་འཛིན་ལས་བཟློག་པའི་ཆེད་དུ་འཆི་བ་དང་། དགོས་དབང་གིས་ན་བ་དང་རྒ་བ་སོགས་སྟོན་ཞིང་འཁོར་བར་གནས་པའི་ཕྱིར་གཞན་སྣང་ལ་མ་དག་ཅིང་འགྱུར་བ་དང་བཅས་པར་ཡང་སྣང་ངོ་། །དེ་དོན་རྒྱས་པར་བཤད་ལ་གཉིས། །སྡུག་བསྔལ་རྐྱེན་གྱིས་འགྱུར་བ་མེད། །ཅི་ལྟར་ན་འཕགས་པས་སྐྱེ་སོགས་ཀྱིས་འགྱུར་བ་མེད་པའི་ཆོས་དབྱིངས་མངོན་དུ་རྟོགས་པས་འཆི་དང་ན་བ་དང་རྒ་བའི་སྡུག་བསྔལ་རྩད་ནས་སྤངས་པ་ཡིན་ཏེ། འདི་ལྟར་ལས་དང་ཉོན་མོངས་དབང་གིས་སྐྱེ་བ་ཡིན་ན་འཕགས་པ་དེ་ལ་ལས་ཉོན་དེ་མེད་ཕྱིར་སྐྱེ་བ་དེ་མེད་པའི་ཕྱིར་རོ། །སྙིང་རྗེའི་དབང་ལས་འགྱུར་བར་སྣང་། དེ་ལྟ་ནའང་འགྱུར་བར་སྣང་བ་ནི་ཆོས་དབྱིངས་ཇི་བཞིན་ཡང་དག་པར་མཐོང་བའི་ཕྱིར་སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་སྙིང་རྗེའི་བདག་ཉིད་སྐྱེ་བ་དང་འཆི་དང་རྒ་དང་ན་བར་སྟོན་ཅིང་སེམས་ཅན་སྨིན་པར་མཛད་དོ། །རྒྱལ་སྲས་ཡོན་ཏན་ངོས་བཟུང་ལྔ། །དང་པོ་སེམས་བསྐྱེད་སྐྱེས་ཡོན་ཏན། །རྒྱལ་བའི་སྲས་པོ་རང་བཞིན་འགྱུར་མེད་ཆོས་ཉིད་སྤྲོས་བྲལ་ཆོས་ཀྱི་དབྱིངས་འདི་རྟོགས་ནས་མ་རིག་པའི་ལིང་


MR04_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་གིས་ཤེས་རབ་ཀྱི་མིག་ལྡོངས་པ་རྣམས་ཀྱིས་སྤྱོད་ཡུལ་དུ་སྐྱེ་བ་ལ་སོགས་པ་དག་ཏུ་ནི་མཐོང་པ་ཡིས་འགྲོ་རྣམས་སྨིན་པ་གང་ཡིན་དེ་ངོ་མཚར་རྨད་དུ་བྱུང་བ་ཉིད་དོ། །དེ་བཞིན་དུ་མི་དགེ་བྱིས་པའི་ཆོས་ལས་འཕགས་པའི་སྤྱོད་ཡུལ་ཆོས་ཉིད་མངོན་སུམ་མཐོང་བ་ཐོབ་པ་གང་བྱིས་པའི་སྤྱོད་ཡུལ་དུ་སྐྱེ་རྒ་ན་འཆི་ལྟ་བུར་སྟོན་ཏེ་སེམས་ཅན་སྨིན་པར་བྱེད་པ་དེ་ཉིད་ཀྱི་ཕྱིར་ན་འགྲོ་བ་ཡི་གཉེན་གྱི་རྩ་ལག་གི་ངང་ཚུལ་གྱིས་ཕན་བདེ་སྒྲུབ་པའི་བསྡུ་དངོས་སོགས་ཐབས་མཁས་དང་དེའི་རྒྱུ་སྙིང་རྗེ་མཆོག་ཏུ་གྱུར་པ་ཡིན་ནོ། །སྤྱོད་པ་མཆོག་ལ་ཞུགས་ཡོན་ཏན། །ས་གཉིས་པ་ནས་བདུན་པའི་བར་གནས་པའི་བྱང་སེམས་དེ་ནི་ཤེས་རབ་སྟོབས་ཀྱིས་འཇིག་རྟེན་ཐམས་ཅད་ལས་འདས་ཀྱང་སྙིང་རྗེའི་དབང་གིས་འཇིག་རྟེན་ལས་མ་གཡོས་པ་ཉིད་དེ་ཅི་ལྟར་འཇིག་རྟེ༷ན་ཡོངས་སུ་སྨིན་པའི་དོན་དུ་འཇིག་རྟེན་ན་སྐྱེ་སོགས་ཀྱི་ཚུལ་བཟུང་ནས་འཇིག་རྟེན་གྱི་དྲི་མས་ཅུང་ཟད་ཀྱང་མ་གོས་པར་སྤྱོད་དེ་ཇི་ལྟར་པདྨ་ཆུ་ནང་དུ་སྐྱེས་པ་ཆུ་ཡིས་གོས་པ་མེད་པ་བཞིན་ནོ། །དེ་བཞིན་བྱང་སེམས་འདི་ནི་གཞན་དོན་དུ་འཇིག་རྟེན་དུ་སྐྱེས་ཀྱང་འཇིག་རྟེན་ཆོས་ཉོན་མོངས་དང་སྐྱོན་


MR04_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་མི་གོས་པ་བཞིན་ནོ། །ཕྱིར་མི་ལྡོག་པ་ཐོབ་ཡོན་ཏན། །ས་བརྒྱད་པའི་སེམས་དཔའ་རྣམས་ནི་གཞན་དོན་གྱི་བྱ་བ་སྒྲུབ་པ་ལ་དུས་རྟག་ཏུ་རང་གི་བློ་འབད་རྩོལ་མེད་པར་བུད་ཤིང་སྐམ་པོ་ལ་རང་ཤུགས་ཀྱིས་མེ་འབར་བ་བཞིན་དུ་ནི་ཆེར་འབར་བ་དང་། དེ་མ་ཟད་དེ་དང་ཅིག་ཆར་དུ་སྤྲོས་མཚན་ཉེ་བར་ཞི་བའི་བསམ་གཏན་གྱི་ཏིང་འཛིན་སྙོམས་འཇུག་ལ་དུས་རྟག་ཏུ་སྙོམས་པར་ཞུགས་པའང་ཡིན་ནོ། །སྐྱེ་བ་ཐ་མར་གྱུར་ཡོན་ཏན། །དེས་ས་དགུ་པ་མན་ཆད་དུ་སྔོན་གྱི་སྨོན་ལམ་སོགས་ཀྱི་འཕེན་པའི་དབང་གིས་གཞན་དོན་ལ་ཆེད་དུ་རྩོལ་བ་མེད་པར་འཇུག་པ་དང་ནི་ཀུན་སློང་གི་རྣམ་རྟོག་ཐམས་ཅད་བྲལ་བའི་ཕྱིར་ས་བཅུ་པ་སྲིད་པ་ཐ་མ་པ་དེ་ནི་ལུས་ཅན་རྣམས་སྨིན་པ་ཡི་དོན་དུ་འབད་པ་དང་རྩོལ་བ་བྱེད་དགོས་པ་མ་ཡིན་ནོ། །འོན་ཀྱང་བསམ་པ་བཞིན་ཆོས་བསྟན་པ་དང་མོས་པ་དང་འཚམས་པར་གཟུགས་སྐུ་སྣ་ཚོགས་པ་དག་དང་ནི་གཞན་དོན་བྱང་སེམས་ཀྱི་སྤྱོད་པ་རླབས་པོ་ཆེ་དང་འཆག་དང་བཞེང་བ་སོགས་སྤྱོད་ལམ་གྱིས་ཀྱང་རུང་གདུལ་བྱ་གང་ཞིག་ཚུལ་ཇི་ལྟར་ཐབས་གང་གིས་འདུལ་བ་རྣམས་རྒྱལ་སྲས་དེས་ཕྲིན་ལས་ཇི་ལྟར་འོས་པ་དེ་དེ་ལྟར་ཉིད་དུ་ཤེས་སོ། །དེ་ལྟར་འབད་མེད་


MR04_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྲིན་ལས་འཇུག་པ་ཡིས་ནམ་མཁའི་མཐའ་ཀླས་ཀྱི་འགྲོ་ལ་རྟག་ཏུ་ལྷུན་གྱིས་གྲུབ་པར་ཐམས་ཅད་དུ་དོན་ཡོད་ཅིང་ཐོགས་པ་མེད་པའི་སྒོ་ནས་བློ་ལྡན་སེམས་དཔའ་དེ་ཡིས་ནི་ཚུལ་དེ་ལྟ་བུས་སེམས་ཅན་ཡོངས་སུ་སྨིན་པའི་དོན་གྱི་ནི་ཕྲིན་ལས་ཡང་དག་པར་ཕྱིན་ཅི་མ་ལོག་པར་འཇུག་གོ །དེ་ཡི་དོན་གཉིས་འགྲུབ་ཁྱད་པར། ས་བཅུའི་བྱང་ཆུབ་སེམས་དཔའི་ཕྲིན་ལས་འཇུག་པའི་ཚུལ་འདི་ནི་རྗེས་ཐོབ་ཀྱི་སྐབས་ན་དེ་བཞིན་གཤེགས་པ་རྣམས་དང་། གདུལ་བྱའི་སེམས་ཅན་སྡུག་བསྔལ་ལས་ཡང་དག་པར་སྒྲོལ་བ་ལ་འཇིག་རྟེན་ན་ནི་མཉམ་པ་ཉིད་དུ་མཐོང་གི་ཁྱད་ཕྱེ་མི་ནུས་ཏེ་མངོན་པར་ཤེས་པ་དྲུག་དང་དབང་བཅུ་སོགས་ཡོན་ཏན་ཁྱད་པར་ཅན་ཐོབ་པས་སོ། །དེ་ལྟ་མོད་ཀྱི་རང་དོན་དུ་ས་ཆེན་པོ་དང་རྡུལ་ཕྲན་གྱི་ཆེ་ཆུང་གི་ཁྱད་དང་་མཚོ་དང་བ་གླང་རྨིག་རྗེས་ཀྱི་ཆུའི་ཁྱད་པར་གང་ཡིན་པ་དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཁྱད་ཀྱང་དེ་ཙམ་ཤིན་ཏུ་ཆེ་བ་ཉིད་དོ། །ཤིན་ཏུ་རྣམ་པར་དག་པའི་སྐབས། །འགྱུར་བ་མེད་ཚུལ་མདོར་བསྟན་ཅིང་། །ཆོས་དབྱིངས་རྣམ་དག་གི་ཆོས་སྐུ་དེ་ལུས་གཞན་དོར་ནས་གཞན་དུ་འགྱུར་བ་མིན་པའི་བདག་ཉིད་རྟག་པ་


MR04_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ལྷག་མེད་ཀྱི་དབྱིངས་སུ་ཡང་མི་ཟད་པའི་ཡོན་ཏན་གྱི་ཆོས་དང་ལྡན་པའི་ཕྱིར་རོ། །འགྲོ་བ་རྣམས་ཀྱི་མི་བསླུ་བའི་སྐྱབས་བརྟན་པའི་དོན་ཡིན་ཏེ་ཕྱི་མའི་མཐའ་མེད་པའི་འཁོར་བ་ཇི་སྲིད་པའི་མུར་ཐུག་པར་སྐྱབས་ཡིན་པའི་ཕྱིར་རོ། །དྲི་མེད་དབྱིངས་དེ་ནི་རྟག་ཏུ་འཁོར་འདས་གཉིས་སུ་མེད་པ་ཞི་བའི་དོན་ཏེ་དེ་དག་གི་ཉེས་དམིགས་དང་ཕན་ཡོན་ལ་རྣམ་པར་མི་རྟོག་པའི་ཕྱིར་རོ། །གཏན་དུ་འཇིག་པ་མེད་པའི་ཆོས་ཉིད་གཡུང་དྲུང་གི་དོན་ཡང་ཡིན་ཏེ་ལས་ཉོན་གྱིས་མངོན་པར་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་དོན་རྒྱས་པར་བཤད་ལ་གསུམ། །སྐྱེ་ལ་སོགས་དང་བྲལ་བའི་དོན། །སོ་སོར། བསྟན་དང་སྦྱར་ཏེ་རྒྱས་བཤད་པ། །བསྟན་པ། རྣམ་དག་གི་དབྱིངས་འདི་ནི་དང་པོར་སྐྱེ་བ་མེད་ཅིང་མཐར་འཆི་བ་མེད་ལ། བར་དུ་ན་བས་གནོད་པ་མེད་པ་དང་། འགྱུར་བ་དང་རྒ་བ་མེད་པ་ཉིད་ཡིན་ཏེ་དེ་ནི་གོ་རིམ་བཞིན་དུ་རྟག་ཕྱིར་དང་བརྟན་ཕྱིར་དང་ཞི་བའི་ཕྱིར་དང་གཡུང་དྲུང་ཡིན་པའི་ཕྱིར་རོ། །བཤད་པ། ཁམས་དེ་ནི་ཐོག་མར་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་ཡང་སྐྱེ་བ་མེད་པ་ཡིན་ཏེ། མི་འགྱུར་ཞིང་རྟག་པའི་ཕྱིར། མཐར་བསམ་གྱིས་མི་ཁྱབ་པར་


MR04_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འགྱུར་བའི་འཆི་འཕོ་བ་ཡིས་ཀྱང་ཁམས་དེ་ནི་མི་འཆི་བ་ཡིན་ཏེ་མི་བསླུ་ཞིང་བརྟན་པའི་ཕྱིར། བར་དུ་མ་རིག་པའི་བག་ཆགས་ཀྱི་སྒྲིབ་པ་ཕྲ་མོའི་ནད་རྣམས་ཀྱིས་ཀྱང་གནོད་པ་མེད་དེ། གཉིས་འཛིན་སོགས་ཞི་བ་ཉིད་ཀྱི་ཕྱིར། ཟག་མེད་ཀྱི་ལས་མངོན་པར་འདུ་བྱེད་པ་རྣམས་ཀྱིས་ཀྱང་མི་འཇིག་ཅིང་གཡུང་དྲུང་ཉིད་ཀྱི་ཕྱིར་ན་རྒ་བ་མེད་ན་ཐ་མལ་པའི་སྐྱེ་སོགས་ལྟ་ཅི་སྨོས། དོན་བསྡུ་སྔ་ཕྱི་མཚམས་སྦྱར་བ། །སྐྱེ་མེད་སོགས་སྒྲུབ་པ་དེ་ལ་མི་ཟད་སོགས་ཚིག་རྐང་གཉིས་དང་། དེ་བཞིན་དུ་མཐའ་ཡི་སོགས་གཉིས་དང་། རྣམ་པར་སོགས་གཉིས་དང་། མ་བཅོས་སོགས་རྐང་པ་གཉིས་ཀྱིས་གོ་རིམ་བཞིན་དུ། འདུས་མ་བྱས་པའི་དབྱིངས་ལ་ནི་རྟག་པ་ལ་སོགས་པའི་དོན་ཤེས་པར་བྱ་སྟེ། ཇི་ལྟར་ན། རྟག་པ་སོགས་སུ་འཇོག་པའི་རྒྱུ། །ཆོས་སྐུ་དེ་ནི་ལྷག་མེད་ཀྱི་དབྱིངས་སུ་མི་ཟད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་ན། གཞན་འགྱུར་མིན་པའི་བདག་ཉིད་རྟག་པའི་དོན་དང་ལྡན་པ་དང་། འཁོར་བའི་མཐའ་ཡི་མུ་དང་མཚུངས་པའི་ཕྱིར་ན། འགྲོ་བ་ཀུན་གྱི་སྐྱབས་ཀྱི་བདག་ཉིད་དུ་གྱུར་པ་བརྟན་པའི་དོན་དང་། མཐའ་གཉིས་


MR04_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྣམ་པར་མི་རྟོག་པའི་རང་བཞིན་གྱི་ཕྱིར་ན་སྲིད་ཞི་གཉིས་མེད་ཆོས་ཉིད་ནི་ཞི་བའི་དོན་དང་། རྒྱུ་རྐྱེན་གྱིས་མ་བཅོས་པ་འདུས་མ་བྱས་པའི་ཡོན་ཏན་དང་ལྡན་པ་ཉིད་ཀྱི་ཕྱིར་ན་གཏན་དུ་འཇིག་པ་མེད་པའི་དོན་ནི་གཡུང་དྲུང་གི་དོན་དང་ལྡན་པ་ཉིད་ཡིན་ནོ། །ཡོན་ཏན་རྣམ་དབྱེར་མེད་དོན་ལ། །མིང་གི་སྒོ་ནས་མདོར་བསྟན་པ། །གང་ཕྱིར་ཁམས་རྣམ་པར་དག་པའི་སྐབས་དེ་ནི་སངས་རྒྱས་ཀུན་གྱི་ཆོས་སྐུ་ཡིན་ཞིང་དེ་བཞིན་ཁམས་དེ་ནི་དེ་བཞིན་དུ་གཤེགས་པ་ཡང་ཡིན་ལ་དེ་ནི་འཕགས་པའི་བདེན་པའང་ཡིན་ལ་དོན་དམ་པའི་མྱ་ངན་ལས་འདས་པའང་ཡིན་པས་དེ་རྣམས་མིང་གི་རྣམ་གྲངས་ཙམ་ཡིན་པ་དེ་ཕྱིར་ཉི་མ་དང་འོད་ཟེར་དག་དབྱེར་མེད་པ་བཞིན་དུ་མཐར་ཐུག་མྱང་འདས་ཆོས་ཀྱི་སྐུ་དང་དེའི་ཡོན་ཏན་གཉིས་ངོ་བོ་དབྱེར་མེད་པས་སངས་རྒྱས་ཉིད་ལས་མ་གཏོགས་མྱ་ངན་ལས་འདས་པ་མཚན་ཉིད་པ་མེད་དོ། །རྒྱས་པར་བཤད་ལ་རྣམ་པ་གསུམ། །མིང་གི་རྣམ་གྲངས་རྒྱས་པར་བཤད། །དོན་གྱི་ངོ་བོ་རྒྱས་པར་བཤད། །དེ་དག་དཔེ་ཡིས་ངེས་པར་བྱ། །དང་པོ་མིང་གྲངས་རྒྱས་བཤད་གཉིས། །དོན་བཞིའི་དབང་གིས་མིང་བཞིར་གསུངས། །མདོར་བསྡུ་ན་ཟག་པ་


MR04_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ནི་སངས་རྒྱས་ཆོས་དབྱེར་སོགས་འཆད་འགྱུར་གྱི་དོན་གྱི་རབ་ཏུ་དབྱེ་བ་བཞིས་ཆོས་ཀྱི་སྐུ་ལ་སོགས་པ་ཡི་རྣམ་གྲངས་བཞིར་ནི་བཞག་པར་རིག་པར་བྱ་སྟེ། དེ་རྣམས་དོན་དང་སྦྱར་དེ་བཤད། །གང་ཞེ་ན་ཁམས་དེ་སྟོབས་སོགས་སངས་རྒྱས་ཀྱི་ཆོས་རྣམས་དང་དབྱེར་མེད་པ་ཡི་ཆ་ནས་ཆོས་སྐུ་ཞེས་པ་དང་། སངས་རྒྱས་དེ་ཡི་རིགས་ཐོག་མེད་ན་གནས་པ་ཇི་ལྟ་བ་དེ་བཞིན་ཐོབ་པའམ་མངོན་གྱུར་གྱི་ཆ་ནས་དེ་བཞིན་གཤེགས་པ་དང་། ནམ་ཡང་བརྫུན་པ་མེད་ལ་རྟག་ཏུ་བསླུ་བའམ་འགྱུར་བ་མེད་པའི་གནས་ལུགས་སམ་ཆོས་ཉིད་འཕགས་པའི་ཡུལ་དུ་གྱུར་པས་དོན་དམ་བདེན་པ་དང་། གདོད་ནས་རང་བཞིན་གྱིས་རྣམ་པར་དག་ཅིང་གློ་བུར་གྱི་དྲི་མ་མཐའ་དག་ཉེ་བར་ཞི་བས་མྱང་འདས་ཉིད་དོ། །གཉིས་པ་དོན་གྱི་ངོ་བོ་གཉིས། །གཉིས་སུ་མེད་དོན་རྒྱས་པར་བཤད། །ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་རྣམ་པ་ཀུན་མངོན་པར་རྫོགས་པར་མཁྱེན་པའི་མངོན་པར་བྱང་ཆུབ་པ་ལ་སངས་རྒྱས་ཞེས་བྱ་བ་དང་། གློ་བུར་བའི་དྲི་མ་བག་ཆགས་དང་བཅས་པ་སྤངས་པ་ལ་མྱང་འདས་ཞེས་བྱ་བས། རྟོགས་པ་མཐར་ཕྱིན་ལ་བཏགས་


MR04_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པ་སངས་རྒྱས་དང་། སྤང་བ་མཐར་ཕྱིན་ལ་བཏགས་པ་མྱ་ངན་ལས་འདས་པ་ནི་དམ་པའི་དོན་དུ་ཁམས་གཅིག་གི་རང་བཞིན་དུ་གཉིས་སུ་མེད་པ་ཉིད་དོ། །ཐར་པ་མྱང་འདས་རྒྱས་པར་བཤད། །རྒྱ་ཆེ་ཞིང་རིགས་མཐའ་དག་མ་ཚང་བ་མེད་པའི་རྣམ་པ་ཐམས་ཅད་པའི་ཡོན་ཏན་དང་། གྲངས་གསལ་བ་མཐའ་ཡས་ཤིང་གཞལ་དུ་མེད་པ་དང་། ཟབ་ཅིང་གཏིང་དཔག་དཀའ་བ་བསམ་དུ་མེད་པ་དང་། སྒྲིབ་གཉིས་བག་ཆགས་བཅས་པ་རྣམ་པར་དག་པས་དྲི་མ་མེད་པའི་ཡོན་ཏན་རྣམས་དང་། ཟག་མེད་ཀྱི་དབྱིངས་སུ་རྣམ་པར་དབྱེར་མེད་པའི་མཚན་ཉིད་གང་ཡིན་པ་དེ་ནི་ཐར་པ་སྟེ་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་མངོན་སུམ་རྟོགས་པའི་ཆ་ནས་དེ་བཞིན་གཤེགས་པའང་ཡིན་ནོ། །གསུམ་པ་དཔེ་ཡིས་ངེས་བྱ་གཉིས། །རི་མོ་དཔེ་དང་ཉི་མའི་དཔེ། །རི་མོའི་དཔེ་ཡིས་ངེས་པར་བྱ། །དེའི་དཔེ་ཇི་ལྟར་ན་རི་མོ་འབྲི་བར་བྱེད་པ་པོ་མགོ་ཡན་ལག་སོགས་གཞན་དང་གཞན་རེ་རེ་ཁོ་ན་ལ་མཁས་པ་དག་གང་ཞིག་རང་རང་གིས་ཡན་ལག་གང་འབྲི་ཤེས་པ་དེ་ནི་རང་ལས་གཞན་ངེས་ཟིན་པའམ་ཤེས་པ་མེད་པར་འགྱུར་ལ། དེ་ལྟ་བུའི་སྐབས་དེ་ནས་རས་གཞི་འདི་ལ་རི་མོ་མཁན་ཁྱེད་ཀུན་གྱིས་རྒྱལ་པོ་


MR04_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ང་ཡི་གཟུགས་ནི་རྫོགས་པར་འབྲི་བར་གྱིས་ཤིག་ཅེས་མངའ་བདག་རྒྱལ་པོས་རི་མོ་མཁན་དེ་དག་ལ་བཀའ་ཡིས་བསྒོ་ཞིང་རས་གཞི་ཞིག་ནི་བྱིན་པ་དང་། རྒྱལ་པོ་དེ་ལས་བཀའ་ལུང་དེ་ནི་ཐོས་པར་གྱུར་ཏེ་རང་རང་གི་གང་ཤེས་པའི་རི་མོའི་ལས་ལ་རབ་ཏུ་སྦྱོར་རོ། །རི་མོ་དེ་ལ་མངོན་པར་སྦྱོར་བ་པོ་རྣམས་ལས་གང་རུང་འབྲི་བ་པོ་གཅིག་ཅིག་ཡུལ་གཞན་དུ་སོང་གྱུར་ལ་མགོ་ལྟ་བུ་འབྲི་བ་དེ་ནི་ཡུལ་གཞན་དུ་སོང་བས་ན་དེས་འབྲི་སྐལ་དེ་མ་ཚང་པའི་ཕྱིར་རི་མོ་དེ་ཡན་ལག་ཐམས་ཅད་ཡོངས་སུ་རྫོགས་པར་མི་འགྱུར་བ་དེ་བཞིན་དུ་འདིར་ཡང་ཤེས་པར་བྱའོ་ཞེས་གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས་བྱས་པའི་དཔེར་བྱས་སོ། །ཡན་ལག་དེ་རྣམས་འབྲི་བར་བྱེད་པ་པོ་ལྟ་བུ་གང་ཡིན་པ་ནི་སྦྱིན་དང་ཚུལ་ཁྲིམས་བཟོད་པ་ལ་སོགས་སྒྲས་བརྩོན་བསམ་ཤེས་རབ་སྟེ་ཐབས་ཀྱི་ཆ་ཀུན་ཏོ། །དེ་ལྟར་ན་ཐབས་ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟེ་ཐབས་མ་ཚང་བ་མེད་པའི་སྟོང་པ་ཉིད་ཆོས་ཀྱི་སྐུ་མཐར་ཐུག་པ་ནི་གཟུགས་ཡོངས་རྫོགས་སུ་བརྗོད་པ་ཡིན་ནོ། མདོར་ན་རི་མོ་མཁན་སོ་སོ་བ་དེས་གཅིག་མ་ཚང་ན་ཡང་དེའི་ངོས་སྐལ་གྱི་གཟུགས་དེ་མི་ཚང་བས་གཟུགས་


MR04_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པ་མི་སྲིད་པ་དེ་བཞིན་དུ། སྟོང་ཉིད་མཐར་ཐུག་པ་ནི་ཆོས་སྐུ་ཡིན་ལ། དེའི་གཟུགས་ཡོངས་སུ་རྫོགས་པའི་རི་མོ་བཞིན་དུ། ཐབས་ཀྱི་རྣམ་པ་གཅིག་མ་ཚང་ན་ཡང་མི་འགྲུབ་ལ། ཐམས་ཅད་ཚང་བ་ལས་འགྲུབ་པ་དེའི་ཕྱིར་ན། སྤང་རྟོགས་གཉིས་པོའམ། ཡོན་ཏན་དང་མྱང་འདས་སམ། སྟོང་སྣང་གཉིས་པོ་དེ་ཡང་འབྲལ་མི་ཤེས་པ་ཡིན་ནོ་ཞེས་སོ། །ཉི་མའི་དཔེ་ཡིས་ངེས་བྱ་གཉིས། །ཆོས་མཐུན་བཞི་ཡིས་ཉི་དང་མཚུངས། །ཇི་ལྟ་བ་མཁྱེན་པའི་ཤེས་རབ་དང་ཇི་སྙེད་གཟིགས་པའི་ཡེ་ཤེས་དང་སྤང་བྱ་ལས་རྣམ་པར་གྲོལ་བ་རྣམས། གསལ་དང་འཕྲོ༷་དང་དག་ཕྱིར་དང་། །དེ་གསུམ་ཡང་ཉི་མ་གཅིག་གི་རང་བཞིན་ལས་ཐ་དད་མེད་པའི་ཕྱིར་རིམ་པ་ལྟར་འོད་དང་ཟེར་དང་ཉི་མའི་དཀྱིལ་འཁོར་དག་པ་དང་དེ་གསུམ་ཐ་དད་མེད་པ་རྣམས་དང་མཚུངས་སོ། །སངས་རྒྱས་ལས་གཞན་མྱང་འདས་མེད། དེས་ན་སྒྲིབ་ཀུན་དག་པའི་སངས་རྒྱས་མ་ཐོབ་པར། མྱ་ངན་འདས་པ་མཚན་ཉིད་པའང་མི་ཐོབ་སྟེ་སྤང་རྟོགས་གཉིས་མཉམ་དུ་རྫོགས་པ་ལས་སོ་སོར་རྫོགས་པ་མི་སྲིད་པས་སོ། །དཔེར་ན་འོད་དང་འོད་ཟེར་སྤངས་ནས་ནི། ཉི་མ་རང་ཉིད་


MR04_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་སུ་ལྟ་བར་མི་ནུས་པ་བཞིན་ནོ། །བཤད་དོན་བསྡུས་ཏེ་མཚམས་སྦྱར་བ། །དེ་ལྟར་རྒྱལ་བའི་སྙིང་པོ་ནི་ངོ་བོ་ནས་ཡོན་ཏན་གྱི་བར་རྣམ་བཞག་རྣམ་པ་བཅུ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟ་བུའི་ཁམས་དེ་ད་ལྟ་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་སྦུབས་ནང་ན་གནས་པ་དེ་དཔེ་དག་གིས་སྒོ་ནས་ནི་ཤེས་པར་བྱ་བ་ཡིན་ཏེ། ངོ་བོ་ཤེས་མི་ནུས་པས་སོ། །མཚམས་སྦྱར་བ་ལྟར་དཔེས་བསྟན་གཉིས། །དྲི་མ་དང་ནི་སྙིང་པོ་གཉིས། ཐུན་མོང་ཆོས་མཐུན་སྦྱར་བ་དང་། །སོ་སོའི་ཆོས་མཐུན་སྦྱར་བའོ། །ཐུན་མོང་ཆོས་མཐུན་སྦྱར་ལ་གསུམ། །འགྲོ་བ་དབྱིངས་ཀྱིས་ཁྱབ་ཚུལ་དང་། །དེ་ཡི་དཔེ་དོན་རྒྱས་པར་བཤད། །བསྡུས་ཏེ་ཐོག་མ་མེད་ཚུལ་ལོ། །འགྲོ་ལ་དབྱིངས་ཀྱིས་ཁྱབ་ཚུལ་ལ། །མདོར་བསྟན་པ་དང་སྦྱར་བཤད་པ། །མདོར་བསྟན། དེ་ལ་དཔེ་དགུ་ནི་སངས་རྒྱས་ཀྱི་སྐུ་པད་མ་ངན་པའི་ནང་ན་གནས་པ་དང་། དེ་བཞིན་དུ་སྦྲང་རྩི་སྦྲང་མ་མང་པོ་ཡི་དབུས་ལ་དང་། སྦུན་པ་ལ་འབྲས་བུའི་སྙིང་པོ་དང་མི་གཙང་བའི་ནང་ན་གསེར་དང་། དབུལ་པོའི་ཁྱིམ་གྱི་ས་འོག་ལ་རིན་པོ་ཆེའི་གཏེར་དང་། མྱུ་གུ་སོགས་སྐྱེ་བའི་


MR04_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་འབྲས་བུ་ཆུང་ངུ་ལ་ཡོད་པ་དང་། གོས་ཧྲུལ་ནང་ན་རིན་པོ་ཆེ་ལས་བྱས་པའི་རྒྱལ་བའི་སྐུ་གཟུགས་ཡོད་པ་དང་ནི། བུད་མེད་ངན་པའི་ལྟོ་ན་མི་བདག་འཁོར་བསྒྱུར་ཡོད་པ་དང་། བླུག་གོང་གི་ས་ལ་རིན་ཆེན་གསེར་གྱི་གཟུགས་ཡོད་པ་ཇི་ལྟ་བར་གློ༷་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི་སེམས་ཅན་རྣམས་ལ་དཔེ་དེ་བཞིན་དུ། ཁམས་རང་བཞིན་གྱིས་རྣམ་པར་དག་པ་འདི་གནས་སོ། །དཔེ་དོན་སྦྱར་བ། སྒྲིབ་བྱེད་དྲི་མ་ནི་པདྨ་དང་སྲོག་ཆགས་བུང་བ་དང་སྦུན་པ་དང་མི་གཙང་བ་དང་ས་ཡི་ཕུང་པོ་དང་འབྲས་ཤུན་དང་གོས་ཧྲུལ་དང་། མགོན་མེད་པ་ལ་སོགས་པས་སྡུག་བསྔལ་འབར་བས་མངོན་པར་གདུང་བའི་བུད་མེད་དང་ས་འདམ་ནག་པོ་ཡི་ཁམས་དང་མཚུངས་སོ། །བསྒྲིབ་བྱ་ཁམས་ནི་སངས་རྒྱས་དང་སྦྲང་རྩི་དང་འབྲས་བུའི་སྙིང་པོ་དང་གསེར་དང་གཏེར་དང་ནྱ་གྲོ་ཏ་དང་རིན་ཆེན་སྐུ་དང་གླིང་བཞིའི་བདག་པོ་འཁོར་བསྒྱུར་མཆོག་དང་རིན་ཆེན་གཟུགས་དང་གདོད་ནས་རང་བཞིན་གྱིས་དྲི་མེད་ཁམས་མཆོག་མཚུངས་པ་ཉིད་དོ། །དེ་ཡི་དཔེ་དོན་རྒྱས་བཤད་དགུ། རེ་རེ་ལ་ཡང་གསུམ་གསུམ་སྟེ། པད་ངན་སངས་རྒྱས་དཔེ་དོན་སྦྱར། དཔེ་ཇི་ལྟར་ན་མདོག་ངན་


MR04_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཟུམ་པའི་པད་མའི་ཁོང་ན་གནས་པ་མཚན་དཔེའི་གཟི་བྱིན་སྟོང་གིས་འབར་བ་དེ་བཞིན་གཤེགས་པ་ཡི་སྐུ་དེ་ཉིད་དྲི་མ་མེད་པའི་ལྷ་ཡི་མིག་ལྡན་མིས་མཐོང་ནས་གཞན་ལ་བསྟན་པའི་ཆེད་དུ་ཆུ་སྐྱེས་དེའི་འདབ་མའི་སྦུབས་ནས་སྐུ་དེ་འབྱིན་པར་བྱེད་པའོ། །དོན་དཔེ་དེ་བཞིན་དུ་བདེ་བར་གཤེགས་པས་ཐ་ན་མནར་མེད་དུ་གནས་པའི་འགྲོ་བ་རྣམས་ལའང་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པ་ཉིད་ཀྱིས་རང་བཞིན་གྱིས་འོད་གསལ་བའི་ཆོས་ཉིད་བདེ་གཤེགས་སྙིང་པོ་ཡོད་པར་གཟིགས་ཏེ། གདུལ་བྱ་འདུལ་བའི་དོན་ཡོད་པར་གཟིགས་པ་སྒྲིབ་པ་མེད་པའི་སྒོ་ནས་ཕྱི་མའི་མུར་སྲིད་པ་འདིར་གནས་ནས་ཐུགས་རྗེ་ཆེན་པོ་ཡི་བདག་ཉིད་ཅན་རྣམས་ཀྱིས་གདུལ་བྱ་རྣམས་སྒྲིབ་པ་ལས་ནི་རིམ་གྱིས་གྲོལ་བར་མཛད་དོ། །དཔེར་ན་སྦྱར་བ་ཇི་ལྟར་མདོག་མི་སྡུག་པའི་པདྨ་ཟུམ་པ་ལ་བདེ་བར་གཤེགས་པ་ནི་དེ་ཡི་ཁོང་ན་གནས་པར་ལྷ་ཡི་མིག་གིས་མཐོང་ནས་དེ་སྣང་བའི་དོན་དུ་སྒྲིབ་བྱེད། འདབ་མ་དག་གི་སྦུབས་རྣམས་གཅོད་པར་བྱེད་པ་ལྟར་ཆགས་སྡང་སོགས་ཀྱི་དྲི་མའི་སྦུབས་ཀྱིས་བསྒྲིབས་པའི་རྫོགས་སངས་རྒྱས་པའི་སྙིང་པོ་དེ་ཉིད་འགྲོ་བ་ཀུན་ལ་གནས་པར་གཟིགས་ཏེ།


MR04_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཐུབ་པའི་དབང་པོས་ཀྱང་འདབ་མ་སེལ་པའི་དཔེ་དེ་བཞིན་དུ་ཁམས་ཀྱི་སྒྲིབ་པ་དེ་ནི་འཇོམས་པར་མཛད་པའི་ཕྲིན་ལས་འཇུག་པ་ཡིན་ནོ། །སྦྲང་མ་སྦྲང་རྩིའི་དཔེ་དོན་སྦྱོར། །དཔེ་ཇི་ལྟར་སྲོག་ཆགས་སྦྲང་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་བསྲུང་བའི་སྦྲང་རྩི་རོ་བཅུད་ཕུན་སུམ་ཚོགས་པ་ནི་སྐྱེས་བུ་སྦྲང་རྩི་བརྟགས་པ་ལ་མཁས་པས་སྦྲང་རྩི་དེ་དོན་དུ་གཉེར་བ་ཡིས་སྦྲང་མའི་དབུས་ན་ཡོད་པར་མཐོང་ནས་དུ་བ་གཏོང་བ་སོགས་ཐབས་སྣ་ཚོགས་ཀྱིས་སྦྲང་རྩི་དེ་དང་སྲོག་ཆགས་སྦྲང་མའི་ཚོགས་ཀུན་ནས་བྲལ་བར་བྱས་ཏེ་སྦྲང་རྩི་ཐོབ་པར་རབ་ཏུ་བྱེད་པ་བཞིན། དོན་དྲང་སྲོང་ཆེན་པོས་ཏེ་སངས་རྒྱས་ཀྱིས་ཤེས་བྱའི་རྣམ་པ་ཀུན་མངོན་སུམ་མཁྱེན་པའི་སྤྱན་གྱིས་ནི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཁམས་སྦྲང་རྩི་དང་འདྲ་བ་དེ་གཟིགས་ནས་ཁམས་དེ་ཡི་སྒྲིབ་པ་སྦྲང་མ་དང་འདྲ་བ་ས་བོན་དང་བཅས་པ་གཏན་ནས་རབ་ཏུ་སྤོང་བར་མཛད་པ་ཡིན་ནོ། །སྦྱར་བ་ཇི་ལྟར་སྦྲང་རྩི་རོ་བཅུད་དང་ལྡན་པ་ནི་སྲོག་ཆགས་བྱེ་བ་ཁྲག་ཁྲིག་སྟོང་མང་པོས་བསྒྲིབས་པ་ཞིག་སྦྲང་རྩི་དོན་དུ་གཉེར་བའི་མིས་མཐོང་ནས་སྦྲང་མ་དེ་དག་བསལ་ཏེ་ཇི་ལྟར་


MR04_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་བཞིན་དུ་སྨན་དང་བཟའ་བ་སོགས་སྦྲང་རྩིའི་བྱ་བ་བྱེད་པ་དེ་བཞིན་དུ་ལུས་ཅན་ཐམས་ཅད་ལ་ཡོད་པའི་ཟག་པ་མེད་པའི་རང་རིག་པའི་ཤེས་པ་དེ་སྦྲང་མའི་རྩི་དང་འདྲ་བ་ཉོན་མོངས་སྦྲང་མ་དང་འདྲ་བའི་སྒྲིབ་པ་དེ་འཇོམས་པ་ལ་མཁས་པའི་རྒྱལ་བ་ནི་སྦྲང་རྩི་ལེན་པ་ལ་མཁས་པའི་སྐྱེས་བུ་བཞིན་ནོ། །སྦུན་ལ་སྙིང་པོའི་དཔེ་དོན་སྦྱར། །དཔེ་ཇི་ལྟར་ཕྱི་ཡི་སྦུན་པ་དང་ལྡན་པ་སཱ་ལུ་སོགས་འབྲུ་ཡི་སྙིང་པོ་ནི་སྦུན་པ་དང་བཅས་བཞིན་དུ་མི་རྣམས་ཀྱིས་ནི་ལོངས་སྤྱད་བྱར་མི་འགྱུར་བ་ཡིན་ལ། ཟས་སྐོམ་འཚོ་བ་སོགས་དོན་དུ་གཉེར་བ་གང་ཡིན་པ་དེ་དག་གིས་ནི་སྦུན་ནས་འབྲུ་དེ་འབྱིན་པ་ལྟར། དོན་དཔེ་དེ་བཞིན་སེམས་ཅན་ཐམས་ཅད་ལ་ཡོད་པའི་ཉོན་མོངས་ཀྱི་དྲི་མ་དང་འདྲེས་པ་རྒྱལ་བ་སྟེ་ཁམས་བདེ་གཤེགས་སྙིང་པོའང་ཇི་སྲིད་དུ་ཉོན་མོངས་དྲི་མ་གློ་བུར་བ་དང་འདྲེས་པ་དེ་ལས་མ་གྲོལ་བ་དེ་སྲིད་དུ་རྒྱལ་བ་དེ་བཞིན་གཤེགས་པའི་མཛད་པའི་ཕྲིན་ལས་བསམ་མི་ཁྱབ་པ་རྣམས་འདོད་གཟུགས་གཟུགས་མེད་ཀྱི་སྲིད་པ་གསུམ་དུ་སྟོན་པའམ་མངོན་པར་འདུ་མི་བྱེད་དོ། །སྦྱར་བ་ཇི་ལྟར་འབྲས་སཱ་ལུ་དང་བྲ་བོ་དང་ནས་ལ་སོགས་པ་རྣམས་ཀྱི་འབྲུའི་སྙིང་པོ་


MR04_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་གི་སྦུན་ལས་མ་བྱུང་བ་གྲ་མ་ཅན་དེ་དག་ནི་སྦུན་ལས་འབྱིན་པ་སོགས་ལེགས་པར་མ་བསྒྲུབས་པས་ན་མི་རྣམས་ཀྱིས་ནི་སྤྱད་བྱ་བཟའ་བ་ཞིམ་པོར་མི་འགྱུར་བ་ལྟར། དེ་བཞིན་སེམས་ཅན་ལ་ཡོད་ཆོས་ཀྱི་དབང་ཕྱུག་རྒྱལ་བའི་སྙིང་པོ་ཉོན་མོངས་སྦུབས་ལས་མ་གྲོལ་བའི་ལུས་སམ་སྐུ་དེ་ཡང་ཉོན་མོངས་པའི་བཀྲེས་པས་ཉེན་པའི་འགྲོ་ལ་དམ་པའི་ཆོས་ཀྱི་དགའ་བའི་རོ་སྟེར་བའི་བདག་ཉིད་ཅན་དུ་འགྱུར་པ་མིན་ནོ། །མི་གཙང་ནང་གསེར་དཔེ་དོན་སྦྱར། །དཔེ་ཇི་ལྟར་ལམ་སྲང་ཕན་ཚུན་དུ་རབ་ཏུ་རྒྱུ་བའམ་འགྲོ་བའི་ཚེ་མི་འགའ་ཡི་གསེར་སྦྲམ་ཞིག་ཡོད་པ་ལྗན་ལྗིན་རུལ་བའི་གནས་སུ་ལྷུང་ཞིང་ལྟུང་བར་གྱུར་པ་རུལ་བ་སོགས་ཀྱིས་མི་འཇིག་པའི་ཆོས་ཅན་གསེར་བཟང་བོ་དེ་ནི་གནས་དེར་སྔར་གྱི་གནས་སྐབས་དེ་བཞིན་དུ་ལོ་བརྒྱ་ཕྲག་མང་པོ་དག་ཏུ་གནས་པ་ན་གསེར་དེ། ལྷ་མིག་རྣམ་དག་དང་ལྡན་ལྷ་ཡིས་གནས་དེར་ཡོད་པར་མཐོང་ནས་མི་ཞིག་ལ་འདི་ན་ཡོད་པའི་གསེར་རིན་ཆེན་ཕལ་པའི་མཆོག་ཏུ་གྱུར་པ་འདི་ལོངས་ལ་འདམ་སོགས་སྦྱངས་ཏེ་རིན་ཆེན་གྱིས་བསྒྲུབ་པར་བྱ་བའམ་བསྒྲུབ་པར་འོས་པ་སྐུ་གཟུགས་དང་རྒྱན་ལ་སོགས་པ་གྱིས་ཤིག་ཅེས་སྨྲ་བ་ལྟར། དོན་


MR04_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་དེ་བཞིན་ཐུབ་པས་ཏེ་རྫོགས་པའི་སངས་རྒྱས་ཀྱིས་མི་གཙང་དང་འདྲ་བའི་ཉོན་མོངས་སུ་བྱིང་བའི་སེམས་ཅན་རྣམས་ལ་ཡོད་པའི་ཁམས་ཀྱི་ཡོན་ཏན་ནི། གཟིགས་ནས་ཉོན་མོངས་འདམ་དེ་དག་བྱའི་ཕྱིར་སྐྱེ་དགུ་རྣམས་ལ་དམ་པའི་ཆོས་ཆུ་ཡི་ཆར་པ་ལྟ་བུ་འབེབས་པར་མཛད་དོ། །སྦྱར་བ་ཇི་ལྟར་མི་གཙང་བའི་ལྗན་ལྗིན་རུལ་བའི་གནས་སུ་ལྷུང་བའི་གསེར་ནི་ལྷ་ཡིས་མཐོང་བར་གྱུར་ནས་གསེར་དེ་འདམ་ལས་ཀུན་ཏུ་དག་པར་བྱ་ཕྱིར་མཆོག་ཏུ་མཛེས་པ་ཡི་གསེར་བཟང་པོ་དེ་མི་ལ་ནན་གྱིས་སྟོན་པ་ལྟར། དེ་བཞིན་རྒྱལ་བས་ཉོན་མོངས་མི་གཙང་ཆེན་པོར་ལྷུང་བར་གྱུར་པའི་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་རིན་པོ་ཆེ་གསེར་དང་འདྲ་བ་སེམས་ཅན་རྣམས་ལ་གཟིགས་ནས་ཁམས་དེ་དག་པར་བྱ་ཕྱིར་ལུས་ཅན་རྣམས་ལ་ཆོས་བསྟན་ཏོ། །ས་ལ་གཏེར་ཡོད་དཔེ་དོན་སྦྱར། །དཔེ་ཇི་ལྟར་བཀྲེས་ཤིང་ཕོངས་པས་ཉེན་པའི་མི་དབུལ་པོའི་རང་གི་ཁྱིམ་ནང་གི་ས་འོག་ན་ཅི་འདོད་འབྱུང་བའི་མི་ཟད་པ་ཡི་གཏེར་ནི་ཡོད་པར་གྱུར་ལ་མི་དེས་གཏེར་དེ་ཡོད་པ་མ་ཤེས་ཏེ་གཏེར་དེ་ཉིད་ཀྱིས་ཀྱང་མི་དེ་ལ་ང་ས་འོག་འདིར་ཡོད་ཅེས་མི་སྨྲ་བ་ལྟར། དོན་དཔེ་དེ་བཞིན་དུ་སེམས་ཅན་རྣམས་


MR04_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནང་ཆུད་རིན་ཆེན་གྱི་གཏེར་ལྟ་བུ་རང་བཞིན་གྱིས་དྲི་མ་མེད་པས་དོན་དམ་པར་ཡོན་ཏན་གསར་དུ་བཞག་པ་དང་སྐྱོན་སྔར་ཡོད་བསལ་བར་བྱ་བ་མེད་པའི་ཆོས་ཉིད་རང་བཞིན་དུ་གནས་པ་ཉིད་ཀྱང་མ་རྟོགས་པས་ན་ཟག་མེད་ཡོན་ཏན་གྱི་འབྱོར་བས་དབུལ་བའི་སྡུག་བསྔལ་ནི་རྣམ་པ་མང་པོ་རྒྱུན་དུ་སྐྱེ་དགུ་འདིས་མྱོང་ངོ་། །སྦྱར་བ་ཇི་ལྟར་དབུལ་པོའི་ཁྱིམ་ནང་དུ་ནི་རིན་ཆེན་གཏེར་ཆུད་པར་གྱུར་པའི་སྐབས་ན་མི་དབུལ་དེ་ལ་ནི་རིན་ཆེན་གཏེར་བདག་ནི་འདི་ན་ཡོད་ཅེས་བརྗོད་པར་མི་བྱེད་ཅིང་གཏེར་ཡོད་པ་དེ་ནི་མི་ཡིས་ཤེས་པ་མིན་པ་ལྟར། དེ་བཞིན་ཟག་པ་མེད་པའི་ཆོས་དབྱིངས་ཀྱི་གཏེར་ཡིད་ཀྱི་ཁྱིམ་ན་གནས་བཞིན་པའི་སེམས་ཅན་རྣམས་ནི་དབུལ་བོ་ལྟ་བུ་སྟེ། དེ་དག་རྣམས་ཀྱིས་ཆོས་དབྱིངས་དེ་ཐོབ་པར་བྱ་ཕྱིར་འཇིག་རྟེན་དུ་ནི་དྲང་སྲོང་ཡང་དག་པར་བལྟམས་ནས་ཆོས་སྟོན་པར་མཛད་དོ། །མྱུག་སོགས་འབྲས་ཆུད་དཔེ་དོན་སྦྱར། །དཔེ་ཇི་ལྟར་ཨ་མྲ་དང་ཏ་ལ་ནྱ་གྲོ་ཏ་ལ་སོགས་པའི་ཤིང་གི་འབྲས་བུ་ལ་ལྗོན་ཤིང་བསྐྱེད་པའི་ནུས་པ་ཡོད་པའི་ས་བོན་རྐྱེན་དང་ཕྲད་ན་མྱུ་གུ་འབྱུང་བ་ལ་གེགས་ཀྱིས་འཇིག་པ་མེད་པའམ་མྱུ་གུའི་ས་བོན་འཇིག་མེད་ཡོད་པའི་ཆོས་ས་གཞི་རྨོས་


MR04_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པ་ནང་ཆུ་བཏང་བ་དང་ལུད་བསྐྱེལ་བ་སོགས་དང་ལྡན་པས་ལྗོན་ཤིང་གི་རྒྱལ་པོའི་དངོས་པོ་རིམ་གྱིས་འགྲུབ་པ་ལྟར། དོན་སེམས་ཅན་རྣམས་ཀྱི་མ་རིག་པ་སོགས་འབྲས་ཀྱི་པགས་སྦུབས་ལྟ་བུའི་ནང་ཆུད་ཆོས་དབྱིངས་ཀྱི་ཁམས་ཟག་མེད་ཀྱི་དགེ་བ་ཞེས་སམ། གཟུགས་སྐུའི་རྒྱུ་དགེ་བ་དེ་ཡང་དེ་བཞིན་ཁམས་ཀྱི་སྟེང་གི་དགེ་བ་དེ་དང་དེ་ལ་བརྟེན་ནས། རིམ་གྱིས་ཐུབ་པའི་རྒྱལ་པོའི་དངོས་པོར་འགྱུར་རོ། །སྦྱར་བ། བརླན་ལ་ཆུ་དང་སྨིན་པ་ཉི་མའི་འོད་དང་མི་འདྲུལ་བ་ང་དང་འཛིན་པར་བྱེད་པ་ས་དང་། སོས་ཀ་སོགས་དུས་དང་གོ་འབྱེད་པ་ནམ་མཁའི་རྐྱེན་རྣམས་ཀྱིས། ཏ་ལ་དང་ནི་ཨ་མྲའི་འབྲས་བུའི་ལྤགས་སྦུབས་ཀྱི་གསེབ་ནས་ཤིང་སྐྱེ་བ་ཇི་ལྟ་བུར། སེམས་ཅན་གྱི་ཉོན་མོངས་འབྲས་ཤུན་གྱི་ལྤགས་ནང་ཆུད་པའི་རྫོགས་པའི་སངས་རྒྱས་ཀྱི་ས་བོན་གྱི་མྱུ་གུ་ཡང་། དེ་བཞིན་ཐར་པའི་རྒྱུར་གྱུར་པའི་ཚོགས་གཉིས་ཀྱི་དགེ་རྐྱེན་དེ་དང་དེ་ལས་ཆོས་ཀྱི་དབྱིངས་མངོན་སུམ་པར་མཐོང་སྒོམ་ལམ་དུ་འཕེལ་བར་འགྱུར་ཞིང་མཐར་ཕྱིན་པ་ཡིན་ནོ། །གོས་ཧྲུལ་རྒྱལ་སྐུ་དཔེ་དོན་སྦྱར། །དཔེ་ཇི་ལྟར་རྒྱུ་རིན་ཆེན་སྣ་ཚོགས་ལས་བྱས་རྒྱལ་བའི་སྐུ་གཟུགས་གོས་


MR04_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲུལ་པོ་དྲི་མ་ངན་པ་ཅན་གྱིས་ནི་བསྟུམས་པར་གྱུར་པ་ལམ་གྱི་བཞི་མདོར་གནས་པ་ལྷ་ཡིས་མཐོང་ནས་སྐུ་དེ་གོས་ཧྲུལ་དེ་ལས་གྲོལ་བྱའི་ཕྱིར། ལམ་ན་གནས་པའི་དོན་དེ་ལྟ་བུ་མི་དེ་ལ་སྨྲ་བ་ལྟར། དོན་ཆོས་ཀུན་ལ་གཟིགས་པ་ཐོགས་པ་མེད་པའི་སྤྱན་མངའ་བ་སངས་རྒྱས་རྣམས་ཀྱིས་འདོད་ཆགས་སོགས་རྣམ་པ་སྣ་ཚོགས་ཀྱི་ཉོན་མོངས་གློ་བུར་པ་རྣམས་ཀྱིས་བསྟུམས་པ་བདེ་གཤེགས་དངོས་པོ་ཁམས་དེ་ཉིད་ཐ་ན་གཤང་བའི་སྲིན་བུ་སོགས་དུད་འགྲོ་རྣམས་ལ་ཡང་ཡོད་པར་གཟིགས་ནས་སྐུ་གོས་ཧྲུལ་ནས་འབྱིན་པ་དེ་བཞིན་ཁམས་དེ་གློ་བུར་གྱི་དྲི་མ་ལས་ཐར་བར་བྱ་བའི་དོན་དུ་རྣམ་པར་གྲོལ་བའི་ཐབས་སྟོན་པར་མཛད་དོ། །སྦྱར་བ། ཇི་ལྟར་རིན་ཆེན་རང་བཞིན་ཅན་གྱི་དེ་བཞིན་གཤེགས་པའི་སྐུ་དྲི་མ་ངན་པའི་གོས་ཧྲུལ་གྱིས་བསྟུམས་པ་ལམ་གྱི་བཞི་མདོར་གནས་པ་དེ་ལྷ་ཡི་མིག་གིས་མཐོང་ནས་སྐུ་དེ་སྒྲིབ་པ་ལས་ཐར་ཕྱིར་མི་ལ་འདི་ན་འདི་ཞེས་སྟོན་པ་ལྟར། དེ་བཞིན་ཉོན་མོངས་གོས་ཧྲུལ་གྱིས་བསྟུམས་ཤིང་སྲིད་པ་འཁོར་བའི་ལམ་ན་གནས་པའི་ཁམས་བདེ་གཤེགས་སྙིང་པོ་དེ་དུད་འགྲོ་ལ་ཡང་ཡོད་པར་གཟིགས་ནས་དེ་སྒྲིབ་པ་ལས་


MR04_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་བར་བྱ་ཕྱིར་རྒྱལ་བ་སངས་རྒྱས་རྣམས་ནི་ཆོས་སྟོན་ཏོ། །མངལ་གནས་མི་བདག་དཔེ་དོན་སྦྱར། །དཔེ་ཇི་ལྟར་མི་མོ་གཟུགས་ངན་ཞིང་མགོན་མེད་པ་འགའ་ཞིག་མགོན་མེད་འདུག་གནས་སུ་ནི་སྟེ་མགྲོན་ཁང་བྲག་སྐྱིབས་བཞི་མདོ་ལ་སོགས་པར་འདུག་པར་གྱུར་ལ། དེ་དག་གི་མངལ་གྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་དཔལ་དང་ལྡན་པའི་ཁྱེའུ་ནི་འཛིན་པར་བྱེད་པས་ཏེ་འཛིན་པར་བྱེད་པ་བུད་མེད་དེས། རང་ལྟོ་ན་ཡོད་པ་དེ་མི་བདག་ཡིན་པར་མི་ཤེས་པས་གཞན་གྱིས་བརྙས་སོགས་སྡུག་བསྔལ་བ་ལྟར། དོན་སྲིད་པར་སྐྱེ་བ་ནི་སྡུག་བསྔལ་སྣ་ཚོགས་པས་མགོནམེད་པའི་ཁྱིམ་བཞིན་ཏེ་མ་དག་སེམས་ཅན་ནི་མངལ་ལྡན་བུད་མེད་བཞིན་ཡིན་ལ། དེ་ལ་གང་ཞིག་ཡོད་པས་ན་སྡུག་བསྔལ་ལས་སྐྱོབ་པའི་མགོན་དང་བཅས་པ་ཡིན་པས་དྲི་མེད་ཁམས་ནི་དེ་ཡི་མངལ་ན་གནས་པའི་རྒྱལ་པོ་བཞིན་ནོ། །སྦྱར་བ། ཇི་ལྟར་བུད་མེད་ལུས་ལ་མི་གཙང་བའི་དྲི་དང་བཅས་པའི་གོས་གྱོན་ཞིང་མི་སྡུག་པའི་གཟུགས་ལྡན་པ་ལ་ས་ཡི་བདག་པོ་རྒྱལ་པོ་ཆེན་པོ་མངལ་ན་གནས་ཀྱང་། མགོན་མེད་ཁང་པར་དཔུང་གཉེན་དང་བྲལ་བའི་སྡུག་བསྔལ་མཆོག་མྱོང་བ་ལྟར་དེ་བཞིན་


MR04_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རང་གི་ཡིད་ཀྱི་ནང་གནས་མགོན་ཡོད་གྱུར་ཀྱང་མགོན་མེད་པའི་བློ་དང་ལྡན་པ་འགྲོ་བ་རྣམས་ནི་ཉོན་མོངས་དབང་གིས་ཡིད་མ་ཞི་བས་ན་སྡུག་བསྔལ་གྱི་གཞི་འཁོར་བ་ལ་གནས་པ་ཡིན་ནོ། །ས་ནང་གསེར་གཟུགས་དཔེ་དོན་སྦྱར། །དཔེ་ཇི་ལྟར་ས་འདམ་དེ་ཡི་ནང་གི་གསེར་ཞུན་མ་ལས་བྱས་པའི་གཟུགས་བརྙན་ཚད་དང་མཚན་ཉིད་ཐམས་ཅད་རྒྱས་པ་རང་གི་ངོ་བོ་དྲི་མ་ཞི་བ། ཕྱི་རོལ་ས་འདམ་ས་ཡི་རང་བཞིན་ཅན་མཐོང་ནས་དེ་ལྟར་ཤེས་པ་དག་ནང་གི་གསེར་དྲི་མ་ལས་སྤྱང་ཕྱིར་ཕྱི་རོལ་གྱི་སྒྲིབ་པ་སེལ་བར་བྱེད་པ་ལྟར། དོན་རང་བཞིན་གྱིས་འོད་གསལ་བ་བདེ་གཤེགས་སྙིང་པོ་ལ་སྒྲིབ་བྱེད་དྲི་མ་རྣམས་ཀྱང་ནི་གློ༷་བུར་བར་ནི་རྣམ་པར་གཟིགས་པར་གྱུར་ནས་རིན་ཆེན་གསེར་དེའི་འབྱུང་གནས་ས་འདམ་ལྟ་བུའི་འགྲོ་བ་དེ་རྣམས་གློ་བུར་གྱི་སྒྲིབ་པ་དག་ལས་སྦྱོང་བར་མཛད་ནས་མཐར་བྱང་ཆུབ་མཆོག་ཏུ་འཚང་རྒྱ་བ་ཡིན་ནོ། །སྦྱར་བ། ཇི་ལྟར་དྲི་མེད་གསེར་བཟང་པོ་འོད་འབར་བ་ལས་བྱས་པ་བླུགས་ཀྱི་ས་ཡི་ནང་དུ་ཆུད་པར་གྱུར་པའི་རྟ་སོགས་ཀྱི་གཟུགས་དྲི་མ་མེད་པས་ཞི་བ་དེའི་རང་བཞིན་ལྷ་བཟོ་མཁས་པས་རིག་ནས་ཕྱི་ཡི་


MR04_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ས་དག་སེལ་བར་བྱེད་པ་ལྟར་དེ་བཞིན་ཀུན་མཁྱེན་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་དག་པའི་གསེར་འདྲ་བ་ཉོན་མོངས་ཞི་བའི་ཡིད་ནི་མཁྱེན་པར་གྱུར་ནས་སྒྲིབ་པ་སེལ་ཐབས་ཆོས་འཆད་ཚུལ་གྱིས་ཕྱི་རོལ་གྱི་ས་འདམ་སེལ་བའི་བརྡེག་སྤྱད་དལ་བུས་བསྣུན་པ་ལྟ་བུ་སྒྲུབ་པས་ཁམས་ཀྱི་སྒྲིབ་པ་དག་ནི་སེལ་བར་མཛད་པ་ཡིན་ནོ། །བསྡུས་ཏེ་ཐོག་མ་མེད་ཚུལ་ལོ། །པདྨ་མདོག་ངན་པ་དང་སྲོག་ཆགས་བུང་བ་དང་། །འབྲས་བུའི་སྤུན་པ་དང་ནི་མི་གཙང་ས། །འབྲས་ཤུན་གོས་ཧྲུལ་བུད་མེད་ཀྱི། །མངལ་དང་ས་ཡི་སྦུབས་ལྟ་བུ་ན་ཡང་། །སངས་རྒྱས་སྦྲང་རྩི་སྙིང་པོ་བཞིན། །གསེར་བཞིན་གཏེར་བཞིན་ལྗོན་པ་བཞིན། །རིན་ཆེན་སྐུ་དང་འཁོར་ལོ་ཡིས། །བསྒྱུར་བ་བཞིན་དང་གསེར་གཟུགས་བཞིན། །ཞེས་དཔེ་དེ་དག་གིས་ཉེ་བར་མཚོན་པའི་དོན་ནི། སེམས་ཅན་རྣམས་ཀྱི་ཁམས་སམ་རྒྱུད་ཀྱི་ཉོན་མོངས་པའི་སྦུབས་རྣམས་ནི་སེམས་ཀྱི་རང་བཞིན་དང་མ་འབྲེལ་བས་གློ་བུར་བ་ཡིན་ཀྱང་ཆོས་ཀྱི་དབྱིངས་དང་ལྷན་ཅིག་ཏུ་ཐོག་མ་མེད་པ་ནས་གནས་སོ། །དེ་ལྟ་ན་ཡང་སེམས་ཀྱི་རང་བཞིན་དྲི་མ་མེད་པའི་ཁམས་བདེ་གཤེགས་སྙིང་པོ་ནི། ཐོག་མ་མེད་པ་ནས་དེའི་ཉེས་པས་མ་གོས་པར་རང་བཞིན་


MR04_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་ཆེན་པོར་གནས་པ་ཡིན་པར་བརྗོད་དོ། །དྲི་མ་དང་ནི་སྙིང་པོ་གཉིས། །སོ་སོའི་ཆོས་མཐུན་སྦྱར་བ་གཉིས། །དྲི་མ་ཁྱད་པར་མཚོན་ཚུལ་དང་། །རང་བཞིན་ཆོས་དབྱིངས་མཚོན་ཚུལ་ལོ། །དྲི་མ་མཚོན་ཚུལ་ལ་བཞི་སྟེ། །སྒྲིབ་བྱེད་དྲི་མའི་རྣམ་དབྱེ་བ། །འཇིག་རྟེན་པའི་ཆགས་བྲལ་གྱི་རྒྱུད་ལ་ཡོད་པའི་མི་གཡོ་བའི་འདུ་བྱེད་ཁམས་གོང་མ་གཉིས་ཀྱི་སྒྲུབ་བྱེད་རྒྱུ། འཕགས་པའི་ཡེ་ཤེས་ཀྱིས་གཞོམ་བྱ་འདོད་ཆགས་ཀྱི་བག་ཉལ་དང་། ཞེ་སྡང་གི་བག་ཉལ་དང་། རྨོངས་པ་གཏི་མུག་གི་བག་ཉལ་ཏེ་ས་བོན་གསུམ་པོ་སོ་སོར་དང་། དུག་གསུམ་དེའི་ཀུན་ནས་ལྡང་བ་དྲག་པོ་སྟེ་འདོད་ཁམས་སྒྲུབ་བྱེད་མི་སྡུག་པ་བསྒོམས་པ་སོགས་ཀྱིས་གཞོམ་བྱ་དུག་གསུམ་མངོན་གྱུར་པ་དང་། དགྲ་བཅོམ་པའི་རྒྱུད་ཀྱི་ཟག་མེད་ཀྱི་ལས་དང་ཡིད་ལུས་སྒྲུབ་བྱེད་མ་རིག་བག་ཆགས་ཀྱིས་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱིས་གཞོམ་བྱ་གང་ཡིན་པ་དང་། སོ་སྐྱེའི་རྒྱུད་ཀྱི་ཆོས་ཉིད་མཐོང་བའི་སྒྲིབ་པ་མཐོང་སྤང་དང་། འཕགས་པ་སློབ་པའི་རྒྱུད་ཀྱི་སྒོམ་ལམ་གྱིས་སྤང་བྱ་དང་། མ་དག་ས་བདུན་པའི་སྤང་བྱ་དག་སས་གཞོམ་བྱ་དང་། དག་


MR04_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་ལ་བརྟེན་པ་ཡི་སྒྲིབ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཞོམ་བྱ་སྟེ། དེ་ལྟར་དྲི་མ་རྣམ་པ་དགུ་ནི་པདྨ་ཡི་སྦུབས་ལ་སོགས་པའི་དཔེ་དགུ་པོ་ཡིས་ནི་རབ་ཏུ་བསྟན་པ་ཡིན་ཏེ། ཉེ་བའི་ཉོན་མོངས་སྦུབས་ཀྱི་ནི་དབྱེ་བ་ནི་ཕྱེ་བ་མཐའ་ལས་འདས་པ་ཞིག་ཡོད་ཀྱང་། ཆགས་སོགས་དྲི་མ་དགུ་པོ་འདི་ནི་མདོར་བསྡུས་ནས་ནི་རྣམ་པར་བཞག་པ་སྟེ་དེ་ཡང་ཉོན་མོངས་པའི་གོ་རིམ་བཞིན། པདྨའི་སྦུབས་ལ་སོགས་པ་ཡི། དཔེ་དགུ་དག་གིས་ཏེ་སྒོ་ནས་ཡང་དག་པར་བསྟན་ཏོ། །ཤོ་ལོ་ཀ་འདི་རོང་སྟོན་གྱིས་འགྲེལ་ཚིག་དཀྱུས་ཤོར་དུ་འདོད་དོ། །དེ་ཡིས་དབྱིངས་ལ་སྒྲིབ་པའི་ཚུལ། དྲི་མ་དགུ་པོ་འདི་དག་གིས་བྱིས་པ་སོ་སྐྱེ་རྣམས་དང་། ཉན་རང་དགྲ་བཅོམ་པ་དང་། ཚོགས་སྦྱོར་དང་བཅས་སློབ་པ་མཐོང་སྒོམ་པ་དང་། བློ་ལྡན་བྱང་སེམས་རྣམས་མ་དག་པ་དང་དག་པ་རྣམས་ལ་རིམ་བཞིན་བཞི་དང་གཅིག་དང་ནི། གཉིས་དང་གཉིས་ཀྱིས་མ་དག་པ་གཙོ་ཆེར་ལྡན་པའི་སྒོ་ནས་གང་ཟག་དེ་དག་གི་ཆོས་དབྱིངས་མཐར་ཐུག་མངོན་སུམ་གྱི་གེགས་བྱས་པ་ཉིད་དོ། །རོང་སྟོན་སློབ་པ་ཐེག་དམན་ལམ་ཞུགས་ལའང་བཞེད། དོལ་པོས་ཐུན་མོང་དུ་གསུངས།


MR04_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་དཔེ་དོན་རྒྱས་པར་བཤད། །ཇི་ལྟར་པདྨ་འདམ་སྐྱེས་དེ་གསར་པའི་དུས་མདུན་དུ་གྱུར་ན་ཡིད་དགའ་བ་དང་། ཕྱིས་ནས་རྙིང་སྟེ་ཡང་དགའ་བ་མེད་པར་འགྱུར་བ་ལྟར། འདོད་ཆགས་ཀྱི་བག་ཉལ་ཡང་ཚུལ་མིན་ཡིད་བྱེད་ཀྱིས་ཆགས་པ་མངོན་དུ་གྱུར་པ་ན་དགའ་བ་དང་། འགགས་པ་ན་དགའ་བ་མེད་པས་པདྨ་མཐོང་བའི་དགའ་བ་དེ་བཞིན་ནོ། །ཇི་ལྟར་སྲོག་ཆགས་སྦྲང་མ་ནི་ཤིན་ཏུ་འཁྲུགས་ཏེ་མདུང་བརྡེག་ཅིང་ཟུག་རྔུ་སྐྱེད་པ་ལྟར་དེ་བཞིན་ཞེ་སྡང་གི་བག་ཉལ་ལས་ཁོང་ཁྲོ་མངོན་གྱུར་དུ་སྐྱེ་བས་ན་རང་གཞན་གྱི་སྙིང་ལ་སྡུག་བསྔལ་གྱི་ཟུག་རྔུ་སྐྱོད་པར་བྱེད་པའི་ཕྱིར་རོ། །ཇི་ལྟར་འབྲས་སོགས་སྙིང་པོ་ནི་ཕྱི་རོལ་སྦུན་པས་བསྒྲིབས་ཏེ་མི་མཐོང་པ་ལྟར། དེ་བཞིན་བདེ་གཤེགས་སྙིང་པོའི་དོན་ཚུལ་བཞིན་མཐོང་བ་ཡང་མ་རིག་གཏི་མུག་གི་བག་ཉལ་སྒོ་ངའི་སྦུབས་ལྟ་བུ་དེ་ཉིད་ཀྱིས་བསྒྲིབས་སོ། །ཇི་ལྟར་མི་གཙང་བ་ནི་ཡིད་དང་མི་མཐུན་པ་དེ་བཞིན་འདོད་པའི་ཁམས་ལ་ཆགས་པ་དང་བཅས་རྣམས་ཀྱི། འདོད་པ་དག་གིས་ཡོན་ཏན་བསྟེན་པའི་ཉེས་པ་སོགས་ཉེས་པ་དུ་མའི་རྒྱུ་ཡིན་ཕྱིར་དུག་གསུམ་གྱིས་ཀུན་ནས་ལྡང་བ་མི་གཙང་བའི་ཕུང་པོ་དང་འདྲ་བར་


MR04_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འབྱུང་བར་བྱ་བའི་གནས་སོ། །ཇི་ལྟར་ནོར་གྱི་གཏེར་ཆེན་པོ་ནི་ས་ཡིས་བསྒྲིབས་པས་ན། དབུལ་པོ་རྣམས་ཀྱིས་ནོར་ཡོད་པར་མི་ཤེས་ཤིང་གཏེར་དེ་ལོངས་སྤྱད་བྱར་མི་ཐོབ་པ་ལྟར། དེ་བཞིན་ཡོན་ཏན་གྱི་འབྱོར་པས་དབུལ་བའི་སྐྱེ་བོ་རྣམས་ལ་ཡོན་ཏན་མི་ཟད་པ་རང་བྱུང་གི་ཡེ་ཤེས་ཉིད་ནི་མ་རིག་བག་ཆགས་ཀྱི་ས་ཡིས་བསྒྲིབས་ཏེ་མི་མཐོང་བར་བྱས་སོ། །ཇི་ལྟར་ལྗོན་ཤིང་ངམ་མྱུ་གུ་དང་ཡལ་ག་སོགས་རིམ་གྱིས་སྐྱེ་བས་ས་བོན་གྱི་ཤུན་པ་རྣམས་རིམ་གྱིས་གཅོད་པ་ལྟར་དེ་བཞིན་དེ་ཁོ་ན་ཉིད་ཀྱིས་དོན་མཐོང་བའི་ཡེ་ཤེས་རིམ་གྱིས་སྐྱེ་བ་ཡིས་མཐོང་སྤང་གི་ཉོན་མོངས་རྣམས་ནི་བཟློ༷ག་པར་འགྱུར་རོ། །རིམ་སྐྱེ་ཞེས་དྲོང་ནས་ཀྱང་ཡིན་སྙམ། འཕགས་པའི་ལམ་བདེན་བཞིའི་ཆོས་ཉིད་མངོན་སུམ་མཐོང་བ་དང་འབྲེལ་པ་ལས་འཇིག་ཚོགས་སུ་ལྟ་བ་སོགས་སྤང་བྱའི་སྙིང་པོའམ་གཙོ་བོ་བཅོམ་རྣམས་ཀྱིས། བསྒོམ་ལམ་ཡེ་ཤེས་བསྐྱེད་དེ་དེས་སྤང་བར་བྱ་བ་རྣམས་ནི་སྲ་མཁྲེག་གི་སྙིང་པོ་མེད་པ་གོས་ཧྲུལ་དག་དང་མཚུངས་པར་བསྟན་ཏོ། །མ་དག་ས་བདུན་ལ་བརྟེན་པའི་དྲི་མ་ནི་མཐོང་བྱ་ལ་སྒྲིབ་ཅིང་འབད་རྩོལ་བཅས་པས་སམ།


MR04_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལ་ཡོད་པ་མི་མཐོང་བས་མངལ་སྦུབས་ཀྱི་དྲི་མ་དག་དང་མཚུངས་ལ། མངལ་སྦུབས་དེ་དང་བྲལ་བ་དང་འདྲ་བར་དག་སར་འབད་མེད་དུ་མི་རྟོག་པའི་ཡེ་ཤེས་འབྱུང་བ་ཉིད་འཁོར་སྒྱུར་རྣམ་པར་སྨིན་པ་དག་སྐྱེས་པ་བཞིན་ཏེ་འབད་རྩོལ་ལ་མི་ལྟོས་པས་སོ། །དག་ས་གསུམ་པོ་དང་རྗེས་སུ་འབྲེལ་བའི་དྲི་མ་རྣམས་ནི་དྲི་མ་ཆུང་ངུ་། འབད་རྩོལ་མེད་པར་སྤང་ནུས་པས་གསེར་གཟུགས་ས་འདམ་གྱིས་གོས་པ་བཞིན་དུ་ཤེས་པར་བྱ་སྟེ་དྲི་མ་དེ་ཉིད་བདག་ཉིད་ཆེན་པོ་རྒྱུན་མཐའ་བའི་རྡོ་རྗེའི་ལྟའི་ཞེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཞོམ་བྱ་ཡིན་ནོ། །སླར་ཡང་སྤྱི་ཡི་དོན་བསྡུའོ། །དེ་ལྟར་ཆགས་པ་ལ་སོགས་པའི་སྒྲིབ་བྱེད་དྲི་མ་དགུ་ནི། པདྨ་ལ་སོགས་དཔེ་དག་དང་མཚུངས་པ་ཡིན་ནོ། །ཆོས་དབྱིངས་ཁྱད་པར་མཚོན་ཚུལ་གསུམ། །ཆོས་གསུམ་དཔེ་དགུའི་མཚོན་མདོར་བསྟན། །བསྒྲིབ་བྱའི་དཔེ་དོན་ཆོས་མཐུན་པ་འཆད་འགྱུར་གྱི་རང་བཞིན་གསུམ་གྱིས་བསྡུས་པའི་ཕྱིར་ན་ཁམས་བདེ་གཤེགས་སྙིང་པོ་ནི་སངས་རྒྱས་སོགས་དཔེ་དགུ་པོ་དང་ཆོས་མཚུངས་སོ། །དེ་ཡི་དོན་ཉིད་སོ་སོར་ཕྱེ། །རང་བཞིན་གསུམ་གང་ཞེ་ན་སྙིང་པོ་འདི་ཡི་རང་བཞིན་ནི་རང་བྱུང་ཡེ་ཤེས་


MR04_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུ་དང་། གཞན་དུ་མི་འགྱུར་བ་དེ་བཞིན་ཉིད་དང་། སངས་རྒྱས་འགྲུབ་པའི་རིགས་ཀྱང་སྟེ་གསུམ་མོ། །དེ་ལས་ཆོས་སྐུ་ནི་དཔེ་དང་པོ་གསུམ་དང་། དེ་བཞིན་ཉིད་གསེར་དཔེ་གཅིག་དང་ནི་རིགས་ནི་དཔེ་ལྷག་མ་ལྔ་རྣམས་ཀྱིས་ནི་ཤེས་པར་བྱའོ། །ཕྱེ་བའི་ངོ་བོ་རྒྱས་བཤད་དོ། །རྒྱས་བཤད་འདི་ལ་གསུམ་ཡིན་ཏེ། །ཆོས་སྐུ་དེ་བཞིན་ཉིད་དང་ནི། །རིགས་ཀྱི་དཔེ་དོན་རྒྱས་བཤད་དོ། །ཆོས་སྐུའི་དཔེ་དོན་བཤད་ལ་གཉིས། །ཆོས་སྐུའི་རྣམ་དབྱེ་བསྟན་པ་དང་། །དེ་ལ་ཆོས་སྐུ་རྣམ་པ་གཉིས་སུ་དབྱེ་བ་ཤེས་པར་བྱ་སྟེ་ཆོས་ཀྱི་དབྱིངས་ཤིན་ཏུ་དྲི་མ་མེད་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་ནི་དངོས་རྟོགས་པ་ཆོས་སྐུ་དང་། དེ་རྟོགས་པ་ཡི་རྒྱུ་མཐུན་པ་དོན་དམ་པ་སྟོང་ཉིད་སྟོན་པ་ཟབ་པ་བྱང་སེམས་ཀྱི་སྡེ་སྣོད་དང་། རྒྱ་ཆེ་བ་ཀུན་རྫོབ་ས་ལམ་སོགས་གདུལ་བྱའི་མོས་པ་དང་མཐུན་པར་སྣ་ཚོགས་པའི་ཚུལ་ནི་སྟོན་པ་ཡན་ལག་བཅུ་གཉིས་ཏེ་གཉིས་ནི་བཏགས་པ་བསྟན་པ་ཆོས་སྐུ་སྟེ་ལུང་གི་ཆོས་སོ་ཞེས་པའོ། །དེ་དག་དཔེ་དང་སྦྱར་བའོ། །དང་པོ་རྟོགས་པ་ཆོས་སྐུ་དེ་འཇིག་རྟེན་ལས་འདས་ཕྱིར་འཇིག་རྟེན་ན་འདི་ལ་མཚོན་ནུས་


MR04_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔེ་ནི་མི་དམིགས་པས་དེ་བཞིན་གཤེགས་པ་བདག་རང་ཉིད་དང་ཁམས་དེ་བཞིན་གཤེགས་པའི་སྙིང་པོ་དེ་གཉིས་པོ་འདྲ་བ་ཉིད་དུ་བསྟན་པ་ཡིན་ན། འཇིག་རྟེན་གྱི་བློ་རགས་པའི་ཡུལ་མིན་པས་ཕྲ་མོ་གཏིང་དཔག་དཀའ་བའི་ཟབ་མོའི་སྟེ་དོན་དམ་པའི་ཚུལ་བསྟན་པ་ནི་སྦྲང་རྩི་རྣམས་མངར་ཞིང་ཞིམ་པར་རོ་གཅིག་པ་བཞིན་ཏེ་རང་བཞིན་སྟོང་བར་འདྲ་བས་སོ། །རྒྱ་ཆེ་བ་གསུང་རབ་ཡན་ལག་བཅུ་གཉིས་སོགས་ཐབས་ཀྱི་རྣམ་པ་སྣ་ཚོགས་པའི་ཚུལ་བསྟན་པ་ནི་ཤུན་པ་སྣ་ཚོགས་པའི་སྦུབས་ན་གནས་པའི་འབྲུ་ཡི་སྙིང་པོ་མི་འདྲ་བ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་ཉིད་དང་དཔེ་དོན་སྦྱར། །དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང་། མ་བྱོན་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པའོ། །ཞེས་པ་ལྟ་བུ། ཆོས་རྣམས་ཀྱི་རང་བཞིན་དུས་རྟག་ཏུ་འགྱུར་བ་མེད་པ་སྟེ་ཉོན་མོངས་དང་འབྲེལ་བ་ལྟར་སྣང་ཡང་རང་གི་ངོ་བོ་ལ་འགྱུར་བ་མེད་པ་གསེར་མི་གཙང་བའི་འདམ་དུ་ལྷུང་བས་མི་འགྱུར་བ་ལྟ་བུ་དང་། གསེར་མཛེས་ཤིང་རིན་ཆེ་བ་ལྟར་རང་བཞིན་གྱིས་དགེ་ཞིང་མཆོག་ཏུ་གྱུར་པ་དང་། ཡང་གསེར་རྒྱན་དུ་བརྡུང་རུང་པ་ལྟར་དེ་ལ་དམིགས་


MR04_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ན་དགེ་བ་སྐྱེ་བ་ལའང་ངོ་། །གསེར་དྲི་མས་དག་པ་ལྟར་ཁམས་ཀྱི་ངོ་བོ་རྣམ་པར་དག་པའི་ཕྱིར་ན། དེ་བཞིན་ཉིད་འདི་ནི་གསེར་གྱི་ནི་གཟུགས་དང་མཚུངས་པར་བརྗོད་པ་ཡིན་ནོ། །རིགས་ཀྱི་དཔེ་དོན་བསྟན་ལ་གསུམ། །རིགས་གཉིས་དཔེ་ཡིས་བསྟན་པ་དང་། །འབད་རྩོལ་མེད་པར་ནི་ས་འོག་ན་གཏེར་རང་བཞིན་གྱི་གནས་པ་དང་འབད་རྩོལ་དང་བཅས་པས་འབྲས་བུའི་ཤིང་རིམ་བཞིན་སྐྱེ་བ་དེ་བཞིན་དུ་རིགས་དེ་ལའང་རྣམ་པ་གཉིས་ཡོད་པར་ཤེས་པར་བྱ་སྟེ། ཐོག་མ་མེད་པའི་དུས་ནས་རང་བཞིན་གྱིས་གནས་པ་ཆོས་དབྱིངས་རྣམ་དག་རང་བཞིན་གྱི་རིགས་དང་དེ་ལ་དམིགས་ཏེ་ཐོས་སོགས་འབད་རྩོལ་གྱི་གསར་དུ་ཡང་དག་པར་བླང་བའི་དགེ་བ་ཐར་ཆ་མཆོག་ཏུ་གྱུར་པ་རྒྱས་འགྱུར་གྱི་རིགས་ཉིད་དོ། །རོང་པས་འདི་གཉིས་ལས་ཕྱི་མ་འདི་མཆོག་ཅེས་གསུངས། རྒྱས་འགྱུར་དེའང་དོན་གྱི་དབང་དུ་སྔར་མེད་གསར་དུ་ནི་མིན་ཏེ། ཁམས་ཀྱི་སྟེང་གི་དྲི་མ་ཅུང་ཟད་བསྲབ་པས་ཁམས་ཀྱི་བྱེད་པ་གསོ་ནུས་པའི་ལས་ཞིག་མངོན་སུམ་དུ་བྱུང་བ་ཡིན་ནོ། །དེ་ལས་སྐུ་གསུམ་ཐོབ་པའི་ཚུལ། །རིགས་འདི་གཉིས་ལས་འབྲས་བུ་སངས་རྒྱས་ཀྱི་སྐུ་གསུམ་ཐོབ་པར་འདོད་པ་ཡིན་ཏེ། དང་པོའི་རང་བཞིན་གནས་རིགས་ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པའི་གློ་བུར་གྱི་


MR04_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མ་དག་པས་སྐུ་ནི་དང་པོ་ཆོས་སྐུ་ཐོབ་སྟེ། གཉིས་པ་རྒྱས་འགྱུར་གྱི་རིགས་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ཡིས་ནི་སྐུ་ཕྱི་མ་གདུལ་བྱ་ཉེ་རིང་ལ་སྣང་བ་ལོངས་སྤྲུལ་གཉིས་འཐོབ་བོ། །དེ་རྣམས་དཔེ་དང་སྦྱར་བའོ། །ཆོས་ཉིད་ངོ་བོ་ཉིད་སྐུ་རང་བཞིན་གྱིས་དག་ཅིང་ཡོན་ཏན་གྱིས་མཛེས་པ་ནི་རིན་ཆེན་གྱི་སྐུ་འདྲར་ཤེས་བྱ་སྟེ། རྒྱུ་མཚན་གང་གིས་ན་གདོད་ནས་རང་བཞིན་གྱིས་གནས་པ་དེ་ནི་གསར་དུ་རྩོལ་བས་བྱས་པ་མིན་པ་དང་། སྟོབས་སོགས་ཀྱི་ཡོན་ཏན་རིན་ཆེན་གཏེར་ཡིན་ཕྱིར་ཏེ་རིན་ཆེན་སྐུ་དེ་སོ་སོ་རང་གིས་འདུ་བྱེད་ལ་མི་ལྟོས་པ་ལྟ་བུའོ། །ཆོས་ཟབ་རྒྱས་ཀྱི་ཐེག་པ་ཆེན་པོའི་རྒྱལ་སྲིད་ཀྱི་འབྱོར་བ་ཆེ་ལྡན་ཕྱིར། དག་པ་ལ་སྣང་བ་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི་འཁོར་ལོས་སྒྱུར་བ་རིན་ཆེན་བདུན་དང་གླིང་བཞིའི་དཔལ་འབྱོར་ལ་དབང་བ་བཞིན་ནོ། །དོན་དམ་པའི་སྐུ་མངོན་གྱུར་གྱི་ནུས་པ་ལ་བརྟེན་ནས་གདུལ་བྱའི་ངོར་གང་འདུལ་གྱི་གཟུགས་བརྙན་གྱི་ནི་རྣམ་པ་ཙམ་ཤར་བའི་རང་བཞིན་ཡིན་པའི་ཕྱིར་ཐུན་མོང་དུ་སྣང་བ་སྤྲུལ་པའི་སྐུ་ནི་གསེར་གྱི་གཟུགས་བརྙན་ལྟ་བུའོ། །དེ་ཡན་དཔེས་བསྟན་དོན་སོང་ནས།


MR04_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དོན་དད་པས་རྟོགས་ཚུལ་དང་། ལྷུན་གྲུབ་འདུས་མ་བྱས་པའི་རང་བྱུང་སངས་རྒྱས་རྣམས་ཀྱི་དོན་དམ་བདེ་གཤེགས་སྙིང་པོ་དེ་སོ་སྐྱེ་ཉན་རང་ཐེག་པ་ལ་གསར་ཞུགས་བྱང་སེམས་རྣམས་ཀྱིས་ངེས་དོན་གྱི་ལུང་གི་རྗེས་སུ་འབྲངས་ཏེ་དད་པ་ཉིད་ཀྱིས་ཡིད་ཆེས་པ་ཙམ་གྱིས་རྟོགས་བྱ་ཡིན་གྱི་རང་གིས་ཇི་བཞིན་དུ་ནི་མིན་ནོ། །དཔེར་ན་ཉི་མའི་དཀྱིལ་འཁོར་འོད་འབར་བ་དེ་མིག་མེད་པས་ནི་མཐོང་པ་མེད་པ་བཞིན་ནོ། །རྟོགས་བྱའི་སྟོང་ཉིད་ངོས་བཟུང་ངོ་། །རང་བཞིན་རྣམ་དག་གི་ཁམས་འདི་ལ་ཉོན་མོངས་པའི་སྐྱོན་སྔར་ཡོད་བསལ་བྱ་ཅི་ཡང་མེད་ཅིང་། ཡོན་ཏན་གྱི་ཆ་གསར་དུ་གཞག་པར་བྱ་བ་ཅུང་ཟད་ཀྱང་མེད་ལ། དེ་ལྟར་སྒྲོ་སྐུར་དང་བྲལ་བའི་གནས་ལུགས་ཡང་དག་པའི་དོན་ཉིད་ལ་དེ་དང་རྗེས་སུ་མཐུན་པའི་ཡུལ་ཅན་དོན་དམ་པའི་ཤེས་རབ་ཀྱིས་ཡང་དག་པར་ལྟ་ཞིང་མཉམ་པར་བཞག་པའི་གོམས་པ་རབ་ཏུ་གྱུར་པ་ན་ཡང་དག་པའི་དོན་ཇི་ལྟ་བ་བཞིན་མཐོང་བ་ན་སྒྲིབ་གཉིས་ལས་རྣམ་པར་གྲོལ་བ་ཡིན་ནོ། །དེ་ལ་བསལ་བཞག་མེད་པ་རྒྱུ་མཚན་གང་གིས་ན་དབྱིངས་རང་གི་ངོ་བོ་ལས་ཐ་དད་དུ་རྣམ་དབྱེ་བཅས་པའི་སྟེ་འབྲལ་རུང་བའི་མཚན་


MR04_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཅན་དྲི་མ་གློ༷་བུར་བ་དག་གིས་ཁམས་བདེ་གཤེགས་སྙིང་པོ་འདི་སྟོང་གི་ཡེ་ནས་དེའི་ངོ་བོ་ལ་དྲི་མ་མེད་པ་ཡིན་པས་སོ། །རང་དང་ངོ་བོ་ཉིད་ཀྱིས་རྣམ་དབྱེ་མེད་པའི་འབྲལ་མི་རུང་བའི་མཚན་ཉིད་ཅན་སྟོབས་སོགས་ཡོན་ཏན་བླ་ན་མེད་པའི་ཆོས་ཀྱིས་སྟོང་པ་མ་ཡིན་ཏེ་གདོད་ནས་ལྡན་པས་གསར་དུ་བཞག་མི་དགོས་པས་ཉི་མ་དང་ཟེར་བཞིན་ནོ། །བཤད་པའི་དགོས་པ་བསྟན་ལ་གཉིས། །དྲི་དང་ལན་གྱིས་མདོར་བསྟན་དང་། །དེའི་དོན་རྒྱས་པར་བཤད་པའོ། །མདོར་བསྟན་དེ་ཡང་དྲི་བ་དང་། །མི་བརྟན་ཅིང་རང་བཞིན་མེད་པ་སྤྲིན་དང་། ཉམས་སུ་མྱོང་ཡང་རང་བཞིན་མེད་པ་རྨི་ལམ་དང་། རྣམ་པར་སྣང་ཡང་རང་བཞིན་མེད་པ་སྒྱུ་མའི་གཟུགས་བརྙན་བཞིན་བཀའ་བར་པ་ཡུམ་རྒྱས་འབྲིང་སོགས་དེ་དང་དེར་ཤེས་བྱ་ཐམས་ཅད་ནི་རྣམ་ཀུན་ཏུ་སྟོང་པའོ་ཞེས་གསུངས་ནས་ཡང་འཁོར་ལོ་ཐ་མ་འདིར་རྒྱལ་བ་རྣམས་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་སྙིང་པོ་གདོད་ནས་ལྷུན་གྲུབ་དུ་ཡོད་ཅེས་ཅི་སྟེ་གསུངས་ཏེ་ཡོད་མེད་མི་འགལ་ལམ་ཞེས་དང་། ཡང་ཁམས་དེ་འཕགས་པ་མཆོག་གིས་ཀྱང་རྟོགས་པར་དཀའ་ན་བྱིས་པ་རྣམས་ལ་དེ་བསྟན་པ་ལ་དགོས་པ་


MR04_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཡོད་ཅེ་ན། དེ་ཡི་ལན་ཉིད་བསྟན་པའོ། །དེ་གཉིས་མི་འགལ་ཏེ། སྔར་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་ལ་བདེན་པ་མེད་པར་གསུངས་པ་དབྱིངས་ངོ་བོ་སྟོང་པའི་ཆ་ནས་བསྟན་པ་ཡིན་ལ། འདིར་བདེ་གཤེགས་སྙིང་པོ་ཡོད་པར་གསུངས་པ་ཡང་ངོ་བོ་བདེན་པར་ཡོད་ཅེས་གསུངས་པ་མ་ཡིན་ཏེ། རིག་པ་ཡེ་ཤེས་རང་བཞིན་གསལ་བའི་ཆ་ནས་བསྟན་པས་དེ་གཉིས་མི་འགལ་བར་མ་ཟད་གཅིག་གྲོགས་སུ་གཅིག་འཆར་བས་ཟུང་དུ་འཇུག་པ་དང་། དགོས་པ་ཁྱད་པར་ཅན་ལྔའི་ཆེད་དུ་ཡོད་པར་བསྟན་པ་དང་། ལྔ་གང་ཞེ་ན། རང་ལ་སེམས་བསྐྱེད་སྐྱེ་བའི་གེགས་དོན་དམ་པའི་དབྱིངས་རང་ལ་ཡོད་པར་མ་ཤེས་ནས་བྱང་ཆུབ་བསྒྲུབ་པར་མི་ནུས་སྙམ་དུ་སེམས་ཞུམ་པ་དང་ལམ་ལ་མི་སྤྲོ་བའི་ཉེས་པ་དང་། གཞན་རྗེས་སུ་འཛིན་པའི་གེགས་གཞན་ལ་ཡོད་པར་མ་ཤེས་ནས་སེམས་ཅན་འདི་དག་དམན་ནོ་སྙམ་དུ་དམན་ལ་བརྙས་པ་མི་གུས་པའི་ཉེས་པ་དང་། ཡང་དག་པའི་གནས་ལུགས་རྟོགས་པའི་ཤེས་རབ་ཀྱི་གེགས་དང་གཞན་ཀུན་ལ་ཡོད་པར་མ་ཤེས་ནས་བཅོས་མ་གློ་བུར་གྱི་དྲི་མ་དབྱིངས་ལ་གདོད་ནས་མེད་པ་ལ་ཡོད་པར་སྒྲོ་བཏགས་ཏེ་ཡང་དག་


MR04_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པར་མིན་པར་འཛིན་པའི་ཉེས་པ་དང་དབྱིངས་དང་ངོ་བོ་དབྱེར་མེད་པའི་ཡོན་ཏན་རྣམས་ཡོད་པ་ལ་མེད་པར་སྙམ་སྟེ་ཡང་དག་ཆོས་ལ་སྐུར་བ་འདེབས་པའི་ཉེས་པ་དང་། བདག་གཞན་མཉམ་པ་ཉིད་དུ་རྟོགས་པའི་གེགས་བདག་གཞན་རང་བཞིན་ཆོས་དབྱིངས་མཉམ་པར་མ་ཤེས་པས་བདག་ལ་ཆགས་པ་ལྷག་པར་འཕེལ་བའི་ཉེས་པ་སྟེ་སྐྱོན་ནམ་ཉེས་པ་ལྔ་གང་ཟག་གང་དག་ལ་ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས་པ་ཡིན་ནོ། །རྒྱས་པར་བཤད་ལ་གཉིས་ཡིན་ཏེ། །གཞན་དུ་སྟོང་ཉིད་གསུངས་དགོངས་པ། ཡང་དག་མཐའ་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་ནི་འདུས་བྱས་ཀྱི་རྣམ་པ་ཐམས་ཅད་ཀྱིས་དབེན་ཞིང་སྟོང་པ་སྟེ་གང་གིས་སྟོང་ན་ཆགས་སོགས་ཉོན་མོངས་པའི་ཀུན་ནས་ཉོན་མོངས་དང་མི་དགེ་བ་སོགས་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་དེ་དག་གི་རྣམ་སྨིན་ཕུང་པོ་སོགས་སྐྱེ་བའི་ཀུན་ནས་ཉོན་མོངས་པའི་དོན་གསུམ་པོ་སྤྲིན་ལ་སོགས་པ་བཞིན་དུ་བརྗོད་དོ། །ཅིའི་ཕྱིར་སྤྲིན་སོགས་དང་མཚུངས་ན་ཉོན་མོངས་པ་སེམས་ཅན་གྱི་དབྱིངས་ལ་ཁྱབ་ཅིང་གློ་བུར་སྒྲིབ་པས་སྤྲིན་དང་འདྲ་བྱ་བ་ཡིན་ཞིང་། དེས་ཀུན་ནས་བསླང་བའི་ཟག་


MR04_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱི་ལས་ནི་ཕྱིན་ཅི་ལོག་གི་བློས་བསྐྱེད་ཅིང་འཁྲུལ་བའི་ཡུལ་ཡིན་པས་རྨི་ལམ་གྱི་ལོངས་སྤྱོད་ཇི་ལྟ་བ་བཞིན་དང་། ཉོན་མོངས་པ་དང་ལས་ཟག་བཅས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཕུང་པོ་སོགས་ཀྱི་དོན་ནི་རྐྱེན་ལ་ལྟོས་ནས་སྣ་ཚོགས་སུ་སྣང་ཡང་དཔྱད་ན་མི་བདེན་པས་སྒྱུ་མ་དང་སྤྲུལ་པ་ལ་སོགས་པ་བཞིན་ནོ། །རྒྱུད་འདིར་ཆོས་དབྱིངས་གསུང་ཕན་ཡོན། །ཕན་ཡོན་འདི་ལ་གསུམ་ཡིན་ཏེ། །ཉེས་སྤང་དོན་དུ་ཆོས་དབྱིངས་གསུངས། །སྔར་ནི་བཀའ་བར་བར་ཆོས་ཐམས་ཅད་སྣང་ཡང་རང་བཞིན་མེད་པ་དེ་ལྟར་རྣམ་པར་བཞག་ནས་སླར་ཡང་གོང་མར་གྱུར་བ་བླ་མ་སྟེ་ཆོས་དབྱིངས་རྒྱུན་མི་འཆད་པའི་རྒྱུད་སྟོན་པའི་སྐབས་འདིར་ནི་ཉེས་པ་ལྔ་དག་སྤང་བའི་ཕྱིར་ཁམས་བདེ་གཤེགས་སྙིང་པོ་ཡོད་པ་ཉིད་དོ་ཞེས་དཔེ་དང་རྒྱུ་མཚན་རྣམ་གྲངས་དུ་མས་བསྟན་པ་ཡིན་ནོ། །ཉེས་པ་ཇི་ལྟར་འབྱུང་བའི་ཚུལ། །ཉེས་པ་ལྔ་ནི་འདི་ལྟར་ཁམས་ཡོད་པ་མ་བསྟན་ན་མི་ཐོས་ལ་དེ་ནི་མ་ཐོས་པར་བདག་འདྲས་བྱང་ཆུབ་ག་ལ་འཐོབ་སྙམ་དུ་བདག་ལ་བརྙས་པའི་ཉེས་པ་ཡིས་སེམས་ནི་ཞུམ་ཞིང་ཡིད་ཆད་པ་འགའ་ཞིག་ལ་རང་བཞིན་དོན་དམ་པའི་སངས་རྒྱས་


MR04_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་དུ་བྱའོ་སྙམ་པའི་བྱང་ཆུབ་སེམས་ནི་སྐྱེ་བར་མི་འགྱུར་ལ། གང་ལ་ལ་ཞིག་སངས་རྒྱས་ཐོབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་སྐྱེས་པས་ཀྱང་བདག་ནི་བྱང་ཆུབ་སེམས་དཔའ་འམ་མཆོག་ཅེས་རློམ་པ་སྐྱེ་བས་ན། བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་གཞན་ལ་བདག་ལས་དམན་པའི་འདུ་ཤེས་རབ་ཏུ་འཇུག་པ་ཡིན་ཞིང་དེ་ལྟར་སངས་རྒྱས་ཀྱི་སྙིང་པོ་མེད་པར་སེམས་པ་དེ་ལ་ནི་ཡང་དག་པ་སྒྲོ་སྐུར་དང་བྲལ་བའི་གནས་ལུགས་ཀྱི་དོན་ཤེས་པ་མི་སྐྱེ་བ། དེས་ན་ཡང་དག་མིན་པའི་སྒྲོ་འདོགས་ཀྱི་ལྟ་བ་འཛིན་ཅིང་ཡང་དག་པའི་དོན་ནི་རིག་པར་མི་འགྱུར་བར་སྐུར་བ་འདེབས་སོ། །གང་ཞེ་ན་རྐྱེན་གྱིས་བཅོས་མ་གློ༷་བུར་བ་ཉིད་ཡིན་པའི་ཕྱིར་སེམས་ཅན་གྱི་ཉོན་མོངས་སོགས་སྐྱོན་དེ་ཡང་དག་པའི་དོན་དུ་ཡོད་པ་མིན་ཞིང་། ཡང་དག་པར་ན་ཉེས་པ་དེ་དག་རང་བཞིན་གྱིས་བདག་མེད་པ་ཡིན་པས་ན་ཁམས་དེ་གདོད་ནས་ཡོན་ཏན་གྱི་རང་བཞིན་དག་པའི་ཆོས་ཉིད་ཅན་དུ་ཡོད་པ་ཡིན་ལ། དེ་ལྟར་ཡང་དག་པར་ཡོད་པ་མིན་པའི་ཉེས་པ་འཛིན་ཅིང་སྟེ་ཉེས་པ་རྒྱུ་མཚན་དུ་བྱས་ནས་ཁམས་མེད་པར་ལྟ་ཞིང་དེ་ཡང་སེམས་ཅན་ལ་སངས་རྒྱས་ཀྱི་ཁམས་མེད་ཅེས་པའི་རྩ་བ་གང་ལ་ཐུག་ན་ཡང་དག་


MR04_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

མིན་པའི་ཉེས་པ་འདི་སྣང་བ་ལྟར་ཡོད་པར་བཟུང་བ་གཞིར་བྱས་ནས། དེ་ཡོད་པས་ན་སངས་རྒྱས་ཀྱི་ས་ནི་སྒྲིབ་པ་དག་པ་ཡིན་པས་དྲི་མ་དང་ནམ་ཡང་འགྲོགས་མི་ཤེས་སྙམ་དུ་སངས་རྒྱས་ཀྱི་སྙིང་པོ་མེད་པའི་སྒྲུབ་བྱེད་དྲི་མ་གློ་བུར་བའི་སྣང་བ་འདི་རྟགས་སུ་བཀོད་པ་ལས་གཞན་ཅི་ཡང་གཏན་ཚིགས་མེད་པས་སོ། །ཡང་དག་པའི་ཡོན་ཏན་སྟོབས་སོགས་མེད་ཅེས་སྐུར་བ་འདེབས་པ་ཡི་བློ་དང་ལྡན་པའི་སེམས་དཔའ་དེས་བདག་དང་སེམས་ཅན་ལ་མཉམ་པ་ཉིད་དུ་མཚུངས་པར་མཐོང་བའི་བྱམས་པ་ཆེན་པོ་ཐོབ་པར་མི་འགྱུར་ཏེ་ཉེས་པ་ཡོད་པར་བཟུང་ནས་སྐྱོན་དག་མ་དག་གི་དབྱེ་བས་དམན་མཆོག་ཏུ་ཞེན་པ་མི་ལྡོག་པས་སོ། །ཉེས་སྤང་ཕན་ཡོན་ཐོབ་ཚུལ་ལོ། །འདི་ལྟར་ཁམས་རང་བཞིན་གྱིས་དག་པ་ཀུན་ལ་ཁྱད་མེད་དུ་ཡོང་པ་དེ་ནི་ཐོས་པ་ལས། བདག་གིས་སངས་རྒྱས་འགྲུབ་རུང་བར་མཐོང་ནས་ལམ་ལ་སྤྲོ༷་བ་དང་སེམས་ཅན་གཞན་ལ་སྟོན་པ་བཞིན་དུ་གུས་པ་དང་། ཀུན་རྫོབ་དྲི་མ་རྣམས་རང་བཞིན་མེད་པར་ཤེས་པའི་ཤེས་རབ་དང་། དབྱིངས་རིག་དབྱེར་མེད་ཀྱི་ཁམས་ཀྱི་བདག་ཉིད་རྟོགས་པའི་ཡེ་ཤེས་དང་། བདག་གཞན་མཉམ་པའི་བྱམས་པ་ཆེན་པོ་སྐྱེ་ཞིང་། དེ་ལྟར་


MR04_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་ཕན་ཡོན་གྱི་ཆོས་ལྔ་སྐྱེ་ཕྱིར་དེ་ལས་ནི་སེམས་ཞུམ་སོགས་བྲལ་བས་ཁ་ན་མ་ཐོ་བ་མེད་པ་དང་དམན་ལྷག་མེད་པར་རང་གཞན་མཚུངས་པར་ལྟ་སྟེ། སྐྱོན་གློ་བུར་གྱི་དྲི་མ་རྣམས་ངོ་བོ་ཉིད་ཀྱིས་མེད་པ་དང་ཡོན་ཏན་རང་བཞིན་གྱིས་ལྡན་པའི་གནས་ལུགས་ཤེས་པ་དང་། བདག་དང་སེམས་ཅན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་མཚུངས་པའི་བྱམས་པ་ཆེན་པོ་སྟེ། དོན་ལྔ་པོ་དེ་ལས་འབྲས་བུ་སངས་རྒྱས་ཉིད་ནི་མྱུར་དུ་འཐོབ་བོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གསུམ་པོ་དག་གི་རིགས་སམ་འབྱུང་ཁམས་རྣམ་པར་དབྱེ་བ་ལས་དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་ཏེ་དང་པོའོ། །ཁམས་དེ་སྒྲིབ་པ་ཀུན་བྲལ་བའི། །རྟོགས་པའི་ངོ་བོ་བྱང་ཆུབ་ལ། །བཤད་བྱ་དོན་གྱི་རྣམ་དབྱེ་དང་། །དག་པ་གཉིས་ལྡན་གྱི་བྱང་ཆུབ་ནི་ངོ་བོའི་དོན་དང་། ཐོབ་བྱེད་མཉམ་རྗེས་ཀྱི་ཡེ་ཤེས་ནི་རྒྱུ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་བྲལ་བ་ནི་འབྲས་བུ་དང་། སྒྲིབ་པ་མ་ལུས་པ་བྲལ་བས་ཟག་བཅས་ཀྱི་རྒུད་པ་ཐམས་ཅད་བྲལ་ཏེ་ཟག་མེད་ཀྱི་འབྱོར་པ་ཕུན་ཚོགས་ཐོབ་པ་རང་དོན་དང་ཤེས་སྒྲིབ་བྲལ་བས་ཐམས་ཅད་དུ་ཐོགས་མེད་དུ་འཇུག་


MR04_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞན་དོན་ཕུན་ཚོགས་སྒྲུབ་པ་ནི་ལས་དང་། དོན་གཉིས་ཕུན་ཚོགས་དེ་འགྲུབ་པའི་རྟེན་ཚད་མེད་པའི་ཡོན་ཏན་དང་ལྡན་པ་ནི་ལྡན་པ་དང་། ཡོན་ཏན་ལྡན་པའི་བྱང་ཆུབ་དེ་གཏིང་དཔག་དགའ་བས་ཟབ་པ་ཆོས་སྐུ་དང་མཐུ་སོགས་ཡོན་ཏན་མཐའ་ཡས་མངའ་བས་རྒྱ་ཆེ་བ་ལོངས་སྐུ་དང་། སྐལ་བ་དང་འཚམས་པར་གཞན་དོན་མཛད་པ་བདག་ཉིད་ཆེན་པོ་སྤྲུལ་པའི་སྐུ་སྟེ་དབྱེ་བ་འཇུག་པའི་དོན་དང་། སྐུ་གསུམ་པོ་དེ་ཡང་ནི་འཁོར་བ་ཇི་སྲིད་མ་སྟོང་པའི་དུས་དེ་སྲིད་དུ་གནས་པ་ནི་རྟག་པ་དང་། དེ་དག་ཇི་ལྟ་བ་ཉིད་སངས་རྒྱས་ལས་གཞན་གྱིས་མི་རྟོགས་པས་བསམ་གྱིས་མི་ཁྱབ་པའི་དོན་ནོ། །འཆད་ཚུལ་སྡོམ་དུ་བསྡུས་ཏེ་བསྟན། །དེ་ལྟར་ངོ་བོ་དང་རྒྱུ་དང་འབྲས་བུ་དང་། ལས་དང་ལྡན་པ་དང་དབྱེ་བས་འཇུག་པ་དང་། དེ་ཡང་རྟག་པ་དང་བསམ་མི་ཁྱབ་པ་སྟེ་བརྒྱད་པོ་ཉིདཀྱིས་སངས་རྒྱས་ཀྱི་ས་ནི་རྣམ་པར་བཞག་པ་ཡིན་ནོ། །སྦྱོར་ཏེ་རྒྱས་པར་བཤད་དང་གསུམ། །རྒྱས་པར་བཤད་ལ་དོན་རྣམས་བདུན། །དག་ཐོབ་ངོ་བོ་རྒྱུ་ཡི་དོན། །དྲི་མ་དང་བྲལ་འབྲས་བུའི་དོན། །རང་གཞན་དོན་གཉིས་ལས་ཀྱི་དོན། །དེའི་རྟེན་


MR04_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ལྡན་པའི་དོན། །སྐུ་གསུམ་དབྱེ་བས་འཇུག་པའི་དོན། །ཇི་སྲིད་དེ་དག་རྟག་པའི་དོན། །ཇི་ལྟ་བ་བཞིན་བསམ་མི་ཁྱབ། །དང་པོ་དག་ཐོབ་མདོར་བསྟན་ཅིང་། །སེམས་ཀྱི་རང་བཞིན་གཟོད་མ་ནས་འོད་གསལ་བ་ཞེས་བརྗོད་པའི་དབྱིངས་གང་ཡིན་པ་ཉི་མ་ལྟ་བུའི་རྟོགས་པ་དང་ནམ་མཁའ་བཞིན་དུ་སྤང་བའི་བདག་ཉིད་ཅན་དེ་སྔར་གློ༷་བུར་གྱི་སྒྲིབ་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤྲིན་ཚོགས་སྟུག་པོའི་སྟེ་འཐུག་པོ་ལྟ་བུའི་སྒྲིབ་པ་ཡིས་ནི་བསྒྲིབས་པར་གྱུར་པ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་སྟོབས་སོགས་ཀུན་དང་ལྡན་པ་རྟག་བརྟན་གཡུང་དྲུང་གི་རང་བཞིན་སངས་རྒྱས་ཉིད་དེ་ནི་མཉམ་བཞག་ཏུ་ཇི་ལྟ་བའི་དོན་ལ་དམིགས་པའི་ཆོས་ལ་མི་རྟོག་པའི་ཡེ་ཤེས་དང་། རྗེས་ཐོབ་ཏུ་ཇི་སྙེད་པའི་དོན་ལ་དམིགས་པའི་རབ་ཏུ་རྣམ་པར་འབྱེད་པའི་ཡེ་ཤེས་གཉིས་པོ་དག་ལ་བརྟེན་ནས་མངོན་གྱུར་དུ་འཐོབ་པ་ཡིན་ནོ། །རྒྱས་པར་བཤད་ལ་གཉིས་ཡིན་ཏེ། །དག་པ་གཉིས་ལྡན་ངོ་བོའི་དོན། །འཐོབ་བྱེད་ཡེ་ཤེས་རྒྱུ་ཡི་དོན། །ངོ་བོའི་དོན་ལ་དངོས་ཁྱད་པར། །དོན་དམ་པའི་སངས་རྒྱས་ཉིད་ནི་ཡོན་ཏན་དང་དབྱེར་མེད་པར་གནས་པ་རྟོགས་པ་དང་། གློ་


MR04_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བུར་གྱི་དྲི་མ་དང་བྲལ་བས་དག་པ་གཉིས་དང་ལྡན་པའི་ཆོས་ཀྱིས་རབ་ཏུ་ཕྱེ་བ་རང་བཞིན་གྱིས་འོད་གསལ་བ་ཉི་མ་དང་རང་བཞིན་གྱིས་དག་པ་ནམ་མཁའ་བཞིན་དུ་ཡེ་ཤེས་དང་སྤངས་པ་སྟེ་སྤངས་རྟོགས་གཉིས་ཀྱིས་མཚན་ཉིད་དོ་ཞེས་སྤངས་རྟོགས་མཐར་ཕྱིན་པ་ལ་སངས་རྒྱས་ཞེས་བྱའོ། །ཁྱད་པར་འདི་ཡང་གཉིས་ཡིན་ཏེ། །རང་བཞིན་འོད་གསལ་ཁྱད་པར་དང་། །ཟག་མེད་ཀྱི་དབྱིངས་རང་བཞིན་རྣམ་དག་གི་འོད་གསལ་བ་དེ་ནི་རྒྱུ་རྐྱེན་གྱིས་གསར་དུ་བྱས་པ་མིན་པའི་ཕྱིར་དང་། དེ་དང་དབྱེར་མེད་པ་འཇུག་པ་ཅན་གྱི་ཕྱིར་དང་། ཡོན་ཏན་གྱི་གྲངས་གངྒའི་ཀླུང་གི་ནི་བྱེ་མ་སྙེད་ཀྱི་རྡུལ་ལས་འདས་པའི་ཕྱིར་སངས་རྒྱས་ཀྱི་སྟོབས་སོགས་ཀྱི་ཆོས་རྣམས་ཀུན་དང་གདོད་ནས་ལྷུན་གྲུབ་ཏུ་ལྡན་པ་ཉིད་ཡིན་ནོ། །སངས་རྒྱས་ཀྱི་ཆོས་ཀུན་ཚང་བར་ལྡན་ཞེས་འགྲེལ་པར་བསྟན་ཏོ། །དོལ་པོས། གློ་བུར་དྲི་བྲལ་ཁྱད་པར་རོ། །གློ་བུར་བྲལ་དག་ནི་དྲི་རྣམས་རང་བཞིན་གྱིས་ནི་བདེན་པར་མ་གྲུབ་པའི་ཕྱིར་དང་། མ་དག་པའི་གནས་སྐབས་ཐམས་ཅད་ལ་ཁྱབ་པར་བྱེད་པ་དང་གློ༷་བུར་བ་སྤང་རུང་ཉིད་


MR04_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སེམས་ཅན་གྱི་གནས་སྐབས་དེར་སྤྲིན་དང་འདྲ་བར་སྒྲིབ་བྱེད་དུ་བརྗོད་པ་ཡིན་ལ་དེ་དག་པ་དང་དག་པ་གཉིས་ཐོབ་པོ་ཞེས་གསུངས། འཐོབ་བྱེད་རྒྱུ་དོན་དབྱེ་བ་མེད། །ཐར་པ་དང་ཐམས་ཅད་མཁྱེན་པའི་གེགས་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་དང་བྲལ་བ་སྟེ་བྲལ་བར་བྱེད་པ་ཡི་རྒྱུ་ནི་ཡེ་ཤེས་གཉིས་ཡིན་ཏེ། དེ་ཡང་མཉམ་བཞག་རྣམ་པར་མི་རྟོག་པ་དང་དེ་ཡི་ནི་རྗེས་ཐོབ་ཤེས་བྱ་ཇི་སྙེད་པ་རྣམ་པར་འབྱེད་པ་དེ་ནི་ཡེ་ཤེས་གཉིས་ཡིན་པར་འདོད་དོ། །དྲི་བྲལ་འབྲས་བུའི་དོན་ལ་གཉིས། །དྲི་མེད་དཔེ་ཡི་མདོར་བསྟན་དང་། །ཉོན་མོངས་པ་འདོད་ཆགས་ལས་གྲོལ་བ་རྙོག་པའི་དྲི་མ་མེད་པའི་ཆུ་དང་ལྡན་པ་ལ་རིམ་གྱིས་རྒྱས་པའི་པདྨས་ཁེ༷བས་པའི་མཚོ་མཛེས་པ་ཇི་ལྟ་བ་བཞིན་དང་། ཞེ་སྡང་ལས་གྲོལ་བ་གཟའ་སྒྲ་གཅན་གྱི་ཁ་ནས་ཐར་བའི་ཟླ་བ་ཉ་གང་བ་ལྟ་བུ་དྲི་མེད་བྱམས་བརྩེའི་འོད་ཟེར་གྱི་སྣང་བ་དང་ལྡན་པ་དང་། སྤྲིན་ཚོགས་ལྟ་བུའི་ཉོན་མོངས་གཏི་མུག་དག་ལས་རྣམ་པར་གྲོལ་བའི་ཉི་མ་ལྟ་བུར་ནི་མཁྱེན་གཉིས་དྲི་མ་མེད་པའི་ཡོན་ཏན་དང་ལྡན་པའི་ཕྱིར་འོད་ཟེར་གྱི་སྣང་བ་


MR04_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་སངས་རྒྱས་དེ་ཉིད་དོ། །པད་ངན་ལས་གྲོལ་བའི་ཐུབ་པ་སྐྱེས་བུ་རྣམས་ཀྱི་ཁྱུ་མཆོག་སངས་རྒྱས་ཀྱི་སྐུ་ལྟ་བུ་དང་། སྦྲང་མ་དང་བྲལ་བའི་སྦྲང་རྩི་ལྟ་བུ་དང་། སྦུན་དང་བྲལ་བའི་འབྲས་བུའི་སྙིང་པོ་དང་། འདམ་ལས་གྲོལ་བའི་རིན་ཆེན་གསེར་དང་། ས་འོག་ནས་བྱུང་བའི་གཏེར་དང་། ས་བོན་ལས་འཁྲུངས་པའི་འབྲས་ལྡན་གྱི་ལྗོན་པ་བཞིན་དང་། གོས་ཧྲུལ་ལས་བྲལ་བའི་དྲི་མ་མེད་པའི་རིན་ཆེན་ལས་གྲུབ་པའི་བདེ་བར་གཤེགས་པའི་སྐུ་དང་ནི། མངལ་ལས་གྲོལ་བའི་ས་བདག་དང་། བླུག་འདམ་ལས་གྲོལ་བའི་གསེར་གྱི་གཟུགས་བརྙན་དང་འདྲ་བ་དབྱིངས་མངོན་སུམ་དུ་གྱུར་པའི་རྒྱལ་བ་ཉིད་ཡིན་ནོ། །རྒྱས་པར་བཤད་ལ་གསུམ་ཡིན་ཏེ། །ཡེ་ཤེས་གཉིས་ལས་སྐུ་གཉིས་འབྱུང་། །པདྨས་བརྒྱན་པའི་ཆུ་མཚོ་རྙོག་པ་དག་པ་དང་། སོགས་སྒྲས་ཟླ་བ་སྒྲ་གཅན་ལས་གྲོལ་བ་དང་ཉི་མ་སྤྲིན་ལས་གྲོལ་བ་བཞིན་དུ་ཡུལ་ཡིད་འོང་ལ་འདོད་ཆགས་དང་སོགས་པས་ཡིད་དུ་མི་འོང་ལ་སྡང་བ་དང་། བར་མ་ལ་གཏི་མུག་སྟེ་གློ༷་བུར་བའི་དྲི་མ་ཉོན་མོངས་པ་དུག་གསུམ་ལས་གྲོལ་ཞིང་དག་པ་ནི། རྒྱུ་མང་དུ་ཡོད་ཀྱང་


MR04_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་མདོར་བསྡུ་ན་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཉོན་སྒྲིབ་དང་བྲལ་བའི་འབྲས་བུ་ཡིན་པར་རབ་ཏུ་བརྗོད་དོ། །རྟོགས་པ་ཕུན་སུམ་ཚོགས་པའི་རྟེན་སྟོང་པ་ཉིད་འོད་གསལ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་སྐུ་ནི་ངེས་པར་ཐོབ་པ་དེ་ནི་རྗེས་ལས་ཐོབ་པ་ཡི་ཤེས་བྱ་རྣམ་པར་འབྱེད་པའི་ཡེ་ཤེས་ཀྱིས་ཤེས་སྒྲིབ་སྒྲིབ་པ་སྤངས་པའི་འབྲས་བུ་ཡིན་པར་སྟོན་ཏོ། །དུག་གསུམ་སྤངས་པས་དོན་གཉིས་འགྲུབ། །རང་རྒྱུད་ཀྱི་ཁམས་གསུམ་ལ་འདོད་ཅིང་ཆགས་པའི་རྙོག་པ་འམ་རྡུལ་ལྟ་བུ་ནི་མ་ལུས་པ་སྤང་བའི་ཕྱིར་དང་། གདུལ་བྱ་ཡི་སེམས་ཅན་ནི་པདྨ་ལྟ་བུ་ལ། ཆོས་བསྟན་པས་རབ་ཏུ་ཞི་བའི་བསམ་གཏན་ཆུ་ལྟ་བུ་ནི་འབབ་ཅིང་ཞི་ལྷག་གི་བརླན་པར་བྱེད་པའི་ཕྱིར་ན་སངས་རྒྱས་དེ་ནི་ཆུ་དག་པས་གང་བའི་པདྨའི་རྫིང་བུ་དང་ཆོས་མཚུངས་པ་ཉིད་ཡིན་ནོ། །རང་རྒྱུད་ཡིད་དུ་མི་འོང་བ་ལ་ཞེ་སྡང་གདུག་པ་ཅན་སྒྲ་གཅན་ལྟ་བུ་ལས་གྲོལ་བས་གཞན་དག་ལ་སྙིང་རྗེ་དང་བྱམས་པ་ཆེན་པོའི་འོད་ཟེར་གྱིས་འགྲོ་བ་སེམས་ཅན་རྣམས་ལ་ཁྱབ་པའི་ཕྱིར་ན་སངས་རྒྱས་དེ་ནི། དྲི་མ་མེདཔའི་ཟླ་བ་ཉ་གང་བ་


MR04_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡིན་ནོ། །རང་རྒྱུད་ཀྱི་ཁམས་གསུམ་གྱི་མི་ཤེས་པ་གཏི་མུག་སྤྲིན་ཚོགས་ལྟ་བུ་ལས་རྣམ་པར་གྲོལ་བ་ལས། གདུལ་བྱའི་འགྲོ་བར་རང་རང་གི་སྐལ་བ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་འོད་ཟེར་གྱིས་མི་ཤེས་པའི་མུན་པ་མཐའ་དག་སེལ་བར་མཛད་པའི་ཕྱིར་སངས་རྒྱས་ཉིད་དེ་ནི་དྲི་མ་མེད་པའི་ཉི་མ་ཇི་ལྟ་བ་བཞིན་ཡིན་ནོ། །དྲི་མ་དག་པས་སྙིང་པོ་འཐོབ། །གཞན་གང་དང་ཡང་མི་མཉམ་པར་སངས་རྒྱས་ཉིད་དང་མཉམ་པའི་ཡོན་ཏན་གྱི་ཆོས་ཐོབ་པའི་ཕྱིར་དང་། དམ་པའི་ཆོས་ཀྱི་རོ་ཕུན་སུམ་ཚོགས་པ་ནི་གདུལ་བྱ་རྣམས་ལ་སྦྱིན་པར་མཛད་པའི་ཕྱིར་དང་། སྒྲིབ་གཉིས་བག་ཆགས་ཤུན་པ་ལྟ་བུ་དང་ནི་བྲལ་བའི་ཕྱིར་སངས་རྒྱས་དེ་ནི་སྒྲིབ་བྱེད་དང་བྲལ་བའི་བདེ་བར་གཤེགས་པའི་སྐུ་དང་སྦྲང་རྩི་འབྲུའི་སྙིང་པོ་ཇི་ལྟ་བ་བཞིན་དང་། ངོ་བོ་དྲི་མས་རང་བཞིན་གྱིས་དག་པའི་ཕྱིར་དང་ཡོན་ཏན་རྫས་སམ་དངོས་པོ་ཟད་མི་ཤེས་པ་རྣམས་ཀྱིས་ནི་གདུལ་བྱའི་དབུལ་བ་སེལ་བར་བྱེད་པའི་ཕྱིར་དང་། གདུལ་བྱ་རྣམས་ཀྱི་རྒྱུད་ལ་རྣམ་གྲོལ་གྱི་འབྲས་བུ་འབྱིན་པར་བྱེད་པའི་ཕྱིར་ན་གསེར་དང་གཏེར་དང་ལྗོན་པ་ཇི་ལྟ་བ་བཞིན་དང་། དགོས་འདོད་འབྱུང་བའི་


MR04_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་ལྟ་བུའི་ཡོན་ཏན་ཚད་མེད་པའི་ཆོས་ཀྱི་སྐུ་མངོན་སུམ་དུ་གྱུར་པའི་ཕྱིར་དང་། གདུལ་བྱའི་གཙོ་བོ་རྐང་གཉིས་རྣམས་ཀྱི་གཙོ་བོའམ་བདག་པོའི་འདྲེན་པ་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་དང་། དགོས་འདོད་ཀུན་འབྱུང་བའི་རིན་ཆེན་ལྟ་བུ་རྣམ་པར་རོལ་པ་སྣ་ཚོགས་པའི་གཟུགས་ཀྱི་རྣམ་པར་སྟོན་པའི་ཕྱིར། དེ་ནི་རིན་ཆེན་ལས་གྲུབ་པའི་སྐུ་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་གསེར་གྱི་གཟུགས་བརྙན་རང་རང་གི་སྒྲིབ་བྱེད་དང་བྲལ་བ་ཇི་ལྟ་བ་བཞིན་ཡིན་ནོ། །གསུམ་པ་རང་གཞན་དོན་ལ་གཉིས། །དོན་གཉིས་འགྲུབ་ཚུལ་མདོར་བསྟན་ནས། །རྣམ་གྲོལ་སྐུ་ནི་ཟག་པ་མེད་པའི་སྤངས་པ་དང་ཆོས་ཀྱི་སྐུ་ནི་ཁྱབ་པ་སྟེ་ཡེ་ཤེས་སོ། །དེ་གཉིས་ནི་གཏན་དུ་འཇིག་པ་མེད་པའི་ཆོས་ཅན་ཡིན་ཏེ། རྒ་བ་མེད་པས་བརྟན་པ། ནད་མེད་པས་ཞི་བ། སྐྱེ་བ་མེད་པས་རྟག་པ། འཆི་བ་མེད་པས་འཕོ་བ་མེད་པ་སྟེ་གཞན་དོན་ཕུན་སུམ་ཚོགས་པའི་དཀར་པོའི་ཆོས་ཐམས་ཅད་ཀྱི་གནས་ཡིན་ནོ། །ཆོས་ཉིད་དེ་བཞིན་ཉིད་དུ་གཤེགས་པ་སངས་རྒྱས་ནི་དཔེར་ན་གོ་སྐབས་འབྱེད་པའི་ནམ་མཁའ་བཞིན་དུ་སྐྱེ་བོ་དམ་པ་ཡི་མཆོག་ཏུ་གྱུར་པའི་དབང་པོ་དྲུག་


MR04_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་སྤྱོད་ཡུལ་གྱི་དོན་ཉམས་སུ་མྱོང་བའི་རྒྱུ་མཛད་པས་སོ། །ཇི་ལྟར་ན། བྷཱུ་ཏིའི་སྒྲ་འབྱུང་མེད་དང་དབང་འབྱོར་བ་གཉིས་ཀ་ལ་འཇུག་པ་ལས་འདིར་དབང་འབྱོར་བ་སྟེ། གདུལ་བྱའི་མིག་དབང་པོ་མཆོག་ཏུ་གྱུར་པས་འབྱུང་བ་ལས་གྱུར་པའི་རྡུལ་བསགས་པ་མེད་པས། དབང་འབྱོར་བའི་སངས་རྒྱས་ཀྱི་གཟུགས་སྐུའི་དོན་ལ་བལྟ་བ་དང་། རྣ་བས་མཚན་མ་མེད་པ་ཡང་དག་པའི་ཆོས་ཀྱི་གཏམ་བཟང་པོ་ནི་འཇིག་རྟེན་པའི་ཆོས་དང་མ་འདྲེས་པ་གཙང་མ་མཉན་པ་དང་། སྣས་བདེ་བར་གཤེགས་པ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་དྲི་བཟང་ཡིད་འོང་ཉེས་པས་མ་གོས་པ་གཙང་མ་སྣོམ་པ་དང་། ལྕེ་དབང་མཆོག་གི་དབང་པོས་འཕགས་པ་ཆེན་པོ་རྣམས་ཀྱིས་ལོངས་སྤྱོད་བྱ་དམ་པའི་ཆོས་ཀྱི་རོ་མཆོག་བདུད་རྩི་ལྟ་བུའི་དོན་མྱོང་བ་དང་། ལུས་ཀྱིས་ཏིང་ངེ་འཛིན་ཤིན་སྦྱང་གི་རེག་བྱའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ་དང་། ཡིད་ཀྱིས་ཆོས་ཀུན་གདོད་ནས་རང་གི་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པས་ཟབ་ཅིང་རྟོགས་དཀའ་བ་རང་བཞིན་མེད་པའི་ཚུལ་ཡང་དག་པར་རྟོགས་པའི་རྒྱུར་གྱུར་པ་ཡིན་ཀྱང་དོན་དམ་དཔྱོད་པའི་རིགས་པས་ཞིབ་མོར་དཔྱད་ཅིང་


MR04_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ན། གཞན་དོན་མཐར་ཐུག་དོན་དམ་ཟག་མེད་ཀྱི་བདེ་བ་ཆེན་པོ་ཉམས་སུ་མྱོང་བར་མཛད་པ་ཡིན་ནའང་དེ་ལྟར་མཛད་པའི་དེ་བཞིན་གཤེགས་པ་ནི་འདུས་མ་བྱས་ནམ་མཁའ་ཇི་ལྟ་བ་བཞིན་དུ་སྐྱེ་སོགས་ཀྱི་མཚན་ཉིད་དམ་འབྲས་བུ་བསྐྱེད་པའི་རྒྱུ་མཚན་རྣམས་ཀུན་དང་བྲལ་བ་སྟེ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །རྒྱས་པར་བཤད་ལ་རྣམ་པ་གསུམ། །དོན་གཉིས་འགྲུབ་ཚུལ་སྤྱིར་བསྟན་པ། །བྱེད་ལས་མང་པོ་ཡོད་ཀྱང་མདོར་བསྡུ་ན་མཉམ་རྗེས་ཀྱི་ཇི་ལྟ་ཇི་སྙེད་རྟོགས་པའི་ཡེ་ཤེས་གཉིས་པོ་ཡི་བྱེད་ལས་སུ་འཆད་འགྱུར་གཉིས་པོ་འདི་ནི་ཡིན་པར་ཤེས་པར་བྱ་སྟེ། གང་ཞེ་ན། གྲོལ་བའི་སྐུ་ནི་མཉམ་བཞག་གིས་ཉོན་སྒྲིབ་སྤངས་པས་སྤང་བ་ཡོངས་སུ་རྫོགས་པ་དང་། ཆོས་ཀྱི་སྐུ་ནི་རྗེས་ཐོབ་ཀྱིས་ཤེས་སྒྲིབ་སྤངས་ནས་རྟོགས་པ་ཡོངས་སུ་སྦྱོང་བའོ། །རྣམ་པར་གྲོལ་བའི་སྐུ་དང་ཆོས་ཀྱི་སྐུ་གཉིས་པོ་དག་ནི་སོ་སོར་རང་དོན་གྱི་ལས་རེ་རེ་སྟེ་རྣམ་པ་གཉིས་དང་ཐུན་མོང་དུ་རྣམ་པ་གཅིག་ཏུ་ཤེས་པར་བྱ་སྟེ། གང་ཞེ་ན་རྣམ་གྲོལ་སྐུ་སྤང་བ་རྫོགས་པས་ཟག་པ་མེད་པའི་ཕྱིར་དང་ཆོས་སྐུ་རྟོགས་པ་སྤྱད་པའི་ཡེ་ཤེས་ཀུན་ལ་ཁྱབ་པའི་ཕྱིར་དང་། གཉིས་ཀའང་རྒྱུ་རྐྱེན་གྱིས་མངོན་པར་འདུས་


MR04_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱས་པའི་ཕྱིར་རང་དོན་ཕུན་ཚོགས་ཡིན་ལ། དེ་ཉིད་གཞན་དོན་ཕུན་ཚོགས་ཀྱི་གནས་ཉིད་ཀྱང་ཡིན་པའི་ཕྱིར་དོན་གཉིས་མཐར་ཕྱིན་པའོ། །རང་དོན་ཕུན་ཚོགས་ཁྱད་པར་བཤད། །དེ་ལ་ཟག་མེད་ཀྱི་དོན་ནི་ཉོན་མོངས་རྣམས་ནི་བག་ཆགས་དང་བཅས་པ་འགགས་པའི་ཕྱིར་ཟག་པ་ཉོན་མོངས་པ་མེད་དེ། ཇི་ལྟ་བ་མཁྱེན་པས་ཆགས་པ་མེད་པ་དང་ཇི་སྙེད་པ་མཁྱེན་པས་ཐོགས་པ་མེད་པའི་ཕྱིར་ཡེ་ཤེས་དེ་ཤེས་བྱ་ཐམས་ཅད་ལ་ཁྱབ་པ་ཉིད་དུ་འདོད་དོ། །དེ་གཉིས་དུས་གཏན་ཏུ་འཇིག་པའམ་འགྱུར་བ་མེད་པ་ཡི་རང་བཞིན་ཡིན་པའི་ཕྱིར་འདུས་མ་བྱས་ཡིན་ནོ། །དེ་ལ་འཇིག་པ་མེད་པ་ཉིད་ནི་འདུས་མ་བྱས་ཀྱི་རྒྱུ་མཚན་མདོར་བསྟན་པ་སྟེ། བརྟན་པ་དང་སོགས་སྒྲས་ཞི་བ་རྟག་པ་འཕོ་མེད་རྣམས་ཀྱིས་འཇིག་མེད་དེ་རྒྱས་པར་བཤད་དོ། །ཇི་ལྟར་བཤད་ན། དེ་ལ་འཇིག་པ་ཞེས་བྱ་བ་ལ་འཇིག་ཚུལ་རྣམ་པ་བཞིར་ཤེས་པར་བྱ་སྟེ། བརྟན་པ་སོགས་བཞི་པོ་དག་ལས་བཟློག་སྟེ་རིམ་པར་མི་བརྟན་པ་མ་ཞི་བ། མི་རྟག་པ། འཕོ་བ་རྣམས་ཡིན་པའི་ཕྱིར་རོ། །བཟློག་པ་དེ་གང་ཡིན་ན། ཟག་མེད་ཀྱི་ལས་ཀྱི་འདུ་བྱེད་སྨིན་ནས་རུལ་ཏེ་མྱགས་པའི་རྒ་བ་དང་། མ་རིག་


MR04_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་ཀྱི་སའི་རྣམ་པར་འགྱུར་བའམ་ཁམས་རྣམ་པར་འགྱུར་བའི་ན་བ་དང་། སྲིད་པ་སྔ་མ་རྒྱུན་ཆད་པ་ཡིད་ཀྱི་ལུས་འགྱུར་ནས་ཕྱི་མ་འགྲུབ་པའི་སྐྱེ་བ་དང་། བསམ་གྱིས་མི་ཁྱབ་ཅིང་གོས་པ་འགྱུར་བས་འཆི་འཕོ་བ་སྟེ། བཞི་པོ་དེ་མེད་པའི་ཕྱིར་ན་རིམ་བཞིན་དུ་བརྟན་པ་དང་ཞི་བ་དང་རྟག་པ་དང་འཕོ་བ་མེད་པར་ཤེས་པར་བྱའོ། །གཞན་དོན་ཕུན་ཚོགས་ཁྱད་པར་བཤད། །དྲི་མ་མེད་པའི་སྤངས་པ་རྣམ་གྲོལ་གྱི་སྐུ་དང་ཡེ་ཤེས་རྟོགས་པ་ཆོས་སྐུ་དེ་གདུལ་བྱའི་རྒྱུད་ལ་དཀར་པོ་ཡི་དགེ་བའི་ཆོས་ཀྱི་རྟེན་ནམ་འབྱུང་བའི་གཞི་ཡིན་པའི་ཕྱིར་ན་གཞན་དོན་ཕུན་སུམ་ཚོགས་པའི་གནས་ཀྱང་ཡིན་ནོ། །ཇི་ལྟར་སྐྱེད་བྱེད་ཀྱི་རྒྱུ་མིན་ཅིང་གཟུགས་སོགས་མཚན་མ་མེད་པའི་ནམ་མཁའ་ནི་གཟུགས་མཐོང་བ་དང་དེ་བཞིན་སྒྲ་དང་དྲི། རོ་དང་རེག་བྱ་དང་ཆོས་རྣམས་ཀྱི་ནི། མཐོང་བ་དང་ཐོས་པ་ལ་སོགས་པ་ནས་རྟོགས་པའི་བར་གྱི་རྒྱུ་ཡིན་ཏེ། དེས་གོ་མ་ཕྱེས་ན་མཐོང་ཐོས་སོགས་མེད་པ་ལྟར། དེ་བཞིན་སངས་རྒྱས་ཀྱི་སྐུ་གཉིས་པོ་མཐོང་བ་ལ་སྒྲིབ་པ་མེད་པར་གྱུར་པའི་སྦྱོར་བ་ཉམས་སུ་བླངས་པས་ན། བརྟན་པའི་ཞེས་བྱང་ཆུབ་སེམས་དཔའི་དབང་པོ་དྲུག་གི་དོན་ནས་སྤྱོད་ཡུལ་ལ། ཀུན་རྫོབ་དང་


MR04_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་གྱིས་བསྡུས་པའི་སངས་རྒྱས་ཀྱི་སྐུ་སྣང་ནས་དེའི་ཡོན་ཏན་བསྒྲུབ་པའམ། ཟག་པ་མེད་པའི་ཡོན་ཏན་མང་པོ་དག་སྐྱེ་བའམ་སྣང་བ་ཡི་ནི་རྒྱུ་ཡིན་ནོ། །རོང་སྟོན་གྱིས། སྒྲིབ་པ་མེད་པའི་སྦྱོར་བ་ཞེས་འབད་རྩོལ་གྱི་སྒྲིབ་པ་མེད་པའི་སྦྱོར་བ་བརྟན་པ་ཞེས་གསུངས། བཞི་པ་ཡོན་ཏན་ལྡན་དོན་གཉིས། །མིང་གི་རྣམ་གྲངས་མདོར་བསྟན་ནས། །ཐོས་པ་ལ་སོགས་པའི་ཤེས་རབ་ཀྱིས་བསམ་དུ་མེད་པ་དང་། རྟག་པ་དང་བརྟན་པ་དང་། ཞི་བ་དང་། གཡུང་དྲུང་ཉིད་དང་། རབ་ཏུ་ཞི་བ་དང་། ཁྱབ་པ་དང་། རྟོག་པ་དང་བྲལ་བ་ནམ་མཁའ་བཞིན་དང་། ཉོན་ཤེས་སྙོམས་འཇུག་གི་སྒྲིབ་པ་སྤངས་བའི་རིམ་པར། ཆགས་པ་མེད་པ་དང་ཀུན་ཏུ་ཐོགས་པ་མེད་པ་དང་རྩུབ་པའི་རེག་བྱ་སྤངས་པ་དང་། བལྟར་མེད་པ་དང་། གཟུང་དུ་མེད་པ་དང་། དགེ་བ་དང་ལྡན་པའི་སངས་རྒྱས་ནི་དྲི་མ་མེད་པ་དང་བཅས་ཡོན་ཏན་བཅོ་ལྔ་དང་ལྡན་པའོ། །རྒྱས་པར་བཤད་ལ་གཉིས་ཡིན་ཏེ། །གང་ལ་ཡོན་ཏན་ལྡན་ཚུལ་དང་། །སྔར་བཤད་པའི་རྣམ་གྲོལ་དང་ཆོས་ཀྱི་སྐུ་གཉིས་པོ་དེ་དག་གིས་བསྡོམས་ཏེ་དེ་གཉིས་པོ་ཡིས་རང་དང་གཞན་གྱི་དོན་གཉིས་པོ་བྱེད་པར་བསྟན་ཏེ། སོ་སོར་ནི་


MR04_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །རང་དང་གཞན་དོན་གྱི་རྟེན་གྱི་སྐུ་དེ་ལ་ནི་བསམ་མི་ཁྱབ་སོགས་ཡོན་ཏན་བཅོ་ལྔ་པོ་འདི་ལྡན་པ་ཡིན་ནོ། །ལྡན་པའི་ཡོན་ཏན་ངེས་བྱའོ། །ཕྱི་མ་འདིར་ཡང་གཉིས་ཡིན་ཏེ། ཟབ་པའི་རྒྱུ་མཚན་རྒྱས་པར་བཤད། །ཕྱི་མ་རྣམས་གྱི་རྒྱུ་མཚན་བཤད། །ཟབ་པར་བཤད་ལ་གསུམ་ཡོད་དེ། །བསམ་མི་ཁྱབ་ཚུལ་སྤྱིར་བསྟན་པ། །ཟབ་པའི་ཡོན་ཏན་ནི། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ནའི་ཡུལ་དུ་གྱུར་པ་སངས་རྒྱས་ཀྱི་ཆོས་སྐུ་དེ་ནི་ཐོས་སོགས་ཤེས་རབ་གསུམ་གྱི་ཡུལ་མིན་པའི་ཕྱིར་ན། ཡེ་ཤེས་དེ་ནི་སངས་རྒྱས་ལས་གཞན་ལུས་ཅན་འཕགས་པ་རྣམས་ཀྱིས་ཀྱང་ནི་བསམ་མི་ཁྱབ་པ་ཡིན་པར་རྟོགས་པར་བྱའོ། །དེ་ཡི་ཁྱད་པར་རྒྱས་པར་བཤད། །ཤེས་རབ་གསུམ་གྱི་ཡུལ་མིན་པའི་རྒྱུ་མཚན། ཤིན་ཏུ་ཕྲ་བས་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར་ཐོས་པའི་ཡུལ་མིན་ཏེ། དོན་དམ་པ་ཡིན་པས་རྟོག་དཔྱོད་ཀྱི་ཡུལ་ལས་འདས་པའི་ཕྱིར་བསམ་བྱའི་ཡུལ་མིན་ལ། ཆོས་ཉིད་ཟབ་པས་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་འཇིག་རྟེན་པའི་བསྒོམ་པ་ལ་སོགས་པའི་ཡུལ་མ་ཡིན་ནོ། །རྒྱུ་མཚན་དཔེ་དང་སྦྱར་བའོ། །གང་ཕྱིར་ཁ་དོག་དང་དབྱིབས་སྣ་ཚོགས་


MR04_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུགས་ལ་དམུས་ལོང་གིས་ཅུང་ཟད་མཐོང་མ་མྱོང་བ་བཞིན་དུ། བྱིས་པས་དྲི་མ་མེད་པའི་དབྱིངས་དེ་སྔོན་ཆད་མཐོང་མ་མྱོང་ལ། དེར་མ་ཟད་བཙས་མ་ཐག་པའི་བུ་ཆུང་ཞག་བདུན་ལོན་པ་ཁྱིམ་ནས་འགྲོ་མི་ནུས་པའི་བུ་ཆུང་གིས་ཉི་མའི་གཟུགས་བལྟ་བར་མི་བཟོད་པ་བཞིན་དུ་ཉན་རང་འཕགས་པས་ཀྱང་བལྟ་བར་མི་ནུས་སོ། །འདིར་ཉན་རང་གིས་མི་མཐོང་བར་བཤད་པའི་འགོག་པ་ནི་སྤངས་པ་ཡོངས་སུ་རྫོགས་པའི་འགོག་པ་ཡིན་ནོ། །དོལ་པོས། ས་བཅུ་པའི་བྱང་སེམས་ཀྱིས་ཀྱང་བུ་ཆུང་གི་ཉི་མའི་འོད་ཅུང་ཟད་ཙམ་ལས་རྫོགས་པར་བལྟ་མི་ནུས་པ་ལྟར་རྫོགས་པར་མཐོང་མི་ནུས་པར་གསུངས། དཔལ་ཕྲེང་གི་མདོ་དང་བསྟུན་ན་ཉན་རང་ལ་འགྲིག་གོ །ཕྱི་མ་རྣམས་ཀྱི་རྒྱུ་མཚན་གསུམ། །དང་པོ་མི་འགྱུར་བའི་ཡོན་ཏན། ཆོས་སྐུ་དེ་སྐྱེ་བ་དང་བྲལ་བའི་ཕྱིར་རྟག་པ་སྟེ། ཟད་པའམ་སྲོག་འགག་པའི་འཆི་བ་མེད་པའི་ཕྱིར་ན་བརྟན་པ་ཡིན་ལ། སྐྱེ་འགག་གཉིས་མེད་པའི་ཕྱིར་སངས་རྒྱས་དེ་ཞི་བ་སྟེ། གཡུང་དྲུང་ཡིན་ཏེ་ཆོས་ཉིད་གདོད་མ་ནས་རང་བཞིན་གྱིས་གནས་ཤིང་འགྱུར་བ་མེད་པའི་ཕྱིར་རོ། །གཉིས་པ་


MR04_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་རྟོགས་ཀྱི་ཡོན་ཏན། སྡུག་བསྔལ་ཐམས་ཅད་རྒྱུ་དང་བཅས་པ་མ་ལུས་པར་རབ་ཏུ་ཞི་བ་ཡིན་ཏེ། སྤང་བྱ་ཀུན་འགོག་པའི་བདེན་པའི་རང་བཞིན་ཡིན་པའི་ཕྱིར་དང་། ཤེས་བྱའི་རྣམ་པ་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཕྱིར་ཁྱབ་པ་ཉིད་དང་། དམིགས་མཚན་སྤྲོས་པ་གང་ལའང་གནས་པ་མེད་པའི་ཕྱིར་རྟོག་པ་མེད་པའི་ཡོན་ཏན་དེ་ཡིན་ལ། ཐར་པའི་གེགས་ཉོན་མོངས་པའི་སྒྲིབ་པ་སྤངས་པའི་ཕྱིར་ཆགས་པ་མེད་པ་དང་། ཐམས་ཅད་མཁྱེན་པའི་གེགས་ཤེས་བྱའི་སྒྲིབ་པ་ཀུན་རྣམ་པར་དག་པའི་ཕྱིར་ཇི་སྙེད་པའི་དོན་ལ་ཐམས་ཅད་དུ་ནི་ཐོགས་པ་མེད་པ་དང་། བྱིང་རྒོད་གཉིས་སོགས་སྙོམས་འཇུག་གི་སྒྲིབ་པ་མེད་པས་ལུས་སེམས་འཇམ་ཞིང་ཏིང་ངེ་འཛིན་ལས་སུ་རུང་བའི་ཕྱིར་རྒྱུད་མ་ཞི་བའི་རྩུབ་པའི་རེག་བྱ་ལྟ་བུ་དང་བྲལ་བ་ཡིན་ནོ། །གསུམ་པ་དག་པའི་ཡོན་ཏན་བསྟན། །དོན་དམ་པའི་སངས་རྒྱས་དེ་རྡུལ་ཕྲན་བསགས་པའི་གཟུགས་མེད་ཅིང་འདུས་བྱས་ཀྱི་ཆོས་ལས་འདས་པའི་ཕྱིར་ཐ་མལ་པའི་དབང་པོས་བལྟར་མེད་དེ། གཏན་ཚིགས་དང་ཐ་སྙད་ཀྱི་ཡུལ་ལས་འདས་ཤིང་མཚན་མ་མེད་པའི་ཕྱིར་ཐ་མལ་གྱི་བློས་གཟུང་དུ་མེད་པ་ཡིན་ལ། དགེ་བ་


MR04_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ་ཆོས་དབྱིངས་རང་བཞིན་གྱིས་དག་པའི་ཕྱིར། དྲི་མ་མེད་པ་ཡིན་ཏེ། གློ་བུར་གྱི་དྲི་མ་བག་ཆགས་བཅས་པ་སྤངས་བའི་ཕྱིར་རོ། །ལྔ་པ་སྐུ་གསུམ་དབྱེ་བ་ཡི། །འཇུག་པའི་དོན་ལ་གཉིས་ཡིན་ཏེ། །མཚན་ཉིད་རྣམ་གྲངས་མདོར་བསྟན་པ། །དེ་དོན་རྒྱས་པར་བཤད་པའོ། །རྣམ་གྲངས་མདོར་བསྟན་ལ་ཡང་གསུམ། །ངོ་བོ་ཉིད་སྐུའི་མཚན་ཉིད་དང་། །ཡོན་ཏན་ཡང་ནི་རྣམ་པ་ལྔ། །ངོ་བོ་ཉིད་སྐུའི་མཚན་ཉིད་ལྔ་ནི་ཐོག་མ་སྐྱེ་བ་དང་དབུས་གནས་པ་དང་། མཐའ་མ་འགག་པ་མེད་པ་འདུས་མ་བྱས་ཀྱི་མཚན་ཉིད་ཡིན་ཅིང་། ཆོས་ཀྱི་དབྱིངས་དང་ཡེ་ཤེས་གཉིས་ཐ་དད་དུ་རྣམ་དབྱེར་མེད་པ་དང་། བདག་དང་བདག་མེད་ཀྱི་མཐའ་གཉིས་སུ་ལྟུང་བ་མེད་པ་དང་། ཉོན་ཤེས་སྙོམས་འཇུག་གི་སྒྲིབ་པ་གསུམ་དང་བྲལ་བ་དང་། གདོད་ནས་དྲི་མ་མེད་ཅིང་རྣམ་པར་རྟོག་པ་མེད་པ་འོད་གསལ་བའི་མཚན་ཉིད་རྣམས་ཏེ། དོན་དམ་པའི་ཆོས་དབྱིངས་མཐར་ཐུག་པའི་རང་བཞིན་གང་ཡིན་པ་དེ་རྟོགས་པ་དེ་ནི། དུས་རྟག་ཏུ་ཆོས་ཉིད་ལ་མཉམ་པར་བཞག་པའི་རྣལ་འབྱོར་པ་སངས་རྒྱས་ཁོ་ན་ཡིས་མཐོང་བ་ཡིན་ནོ། །རོང་པས་རྗེས་མཐུན་མཉམ་བཞག་སྤྱིར་བཞག་གོ །


MR04_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་ལྔ་ནི་ངོ་བོ་རྒྱ་ཆེ་བ་རྟགས་ཀྱིས་གཞལ་དུ་མེད་པའི་ཡོན་ཏན་དང་། ༡ གང་གའི་བྱེ་མ་ལས་འདས་པ་གྲངས་ཀྱིས་ཚད་བཟུང་མི་ནུས་པའི་ཡོན་ཏན་དང་། ༢ རྟོག་གེའི་བློས་བསམ་དུ་མེད་པའི་དང་། ༣ ཐུན་མིན་རབ་ཀྱི་མཐར་ཐུག་པ་མཉམ་པ་མེད་པའི་ཡོན་ཏན་རྣམས་དང་ལྡན་པ་དང་། ༤ དེ་བཞིན་དུ་དེ་བཞིན་གཤེགས་པའི་དྲི་མེད་དབྱིངས་དེ་ནི་སྒྲིབ་གཉིས་བག་ཆགས་བཅས་པའི་ཉེས་པ་རྣམ་པར་སྤངས་པའི་ཡོན་ཏན་དང་ ༥ ལྡན་པའོ། །ལོངས་སྐུ་ལ་ཡང་ཁྱད་པར་ལྔ། ཟབ་རྒྱས་སྣ་ཚོགས་པའི་དམ་ཆོས་གསུང་བ་རྒྱུན་མི་འཆད་པ་དང་། ༡ མཚན་དཔེའི་འོད་ཟེར་མངའ་བའི་སྐུས་སྣང་བ་རྒྱུན་མི་འཆད་པ་དང་། ༢ ཐུགས་འགྲོ་བའི་རྣམ་གྲོལ་གྱི་དོན་སྒྲུབ་པ་ལ་བརྩོན་པ་རྒྱུན་མི་འཆད་པ་དང་། ༣ ཕྲིན་ལས་མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་པོ་ཇི་ལྟ་བ་བཞིན་ཏེ་གཡོ་རྩོལ་མེད་པར་ལྷུན་གྱིས་གྲུབ་པ་དང་། ༤ གདུལ་བྱའི་སྣང་ངོར་སྣ་ཚོགས་པའི་དངོས་པོར་སྟོན་ཀྱང་དེ་ཡི་རང་བཞིན་ཅན་དུ་གནས་པ་མིན་པ་སྟེ་༥ལྔའོ། །སྤྲུལ་པའི་སྐུ་ནི་ཆོས་གསུམ་ལྡན། །དང་པོར་འཇིག་རྟེན་པ་རྣམས་ཞི་བའི་མྱང་འདས་ཀྱི་ལམ་ལ་འཇུག་པ་དང་། ༡ བར་དུ་ཐེག་ཆེན་ལ་རབ་ཏུ་སྨིན་


MR04_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ༢ མཐར་བྱང་ཆུབ་ཏུ་ལུང་ ༣ སྟོན་པས་གྲོལ་བར་མཛད་པའི་རྒྱུའམ་གཞིར་གྱུར་པ་ཡི་གཟུགས་སྐུ་གང་ཡིན་པ་དེ་ཡང་ཆོས་སྐུའི་དབྱིངས་འདིར་ནི་རྟག་པར་གནས་པས་འཁོར་བ་ཇི་སྲིད་དུ་རྒྱུན་མི་འཆད་པ་ཡིན་ཏེ། དཔེར་ན་ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་རྒྱུན་མི་འཆད་པ་བཞིན་ནོ། །དེ་དོན་རྒྱས་པར་བཤད་ལ་གསུམ། །དབྱེ་བ་རྣམ་གཞག་མདོར་བསྡུའོ། །དང་པོ་ཐུན་མོང་དབྱེ་བ་བསྟན། །གཞན་རྐྱེན་ལ་རག་མ་ལས་པས་ན་རང་བྱུང་རྣམས་ཀྱི་ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སྤང་རྟོགས་མཐར་ཕྱིན་པའི་ཆ་ནས་སངས་རྒྱས་ཉིད་ཅེས་གང་བརྗོད་པ། སྲིད་ཞིའི་མཐའ་ལ་མི་གནས་པས་མཆོག་ཏུ་མྱ་ངན་ལས་འདས་པ། རྟོག་གེའི་ཡུལ་ལས་འདས་པས་བསམ་དུ་མེད་པ། འཁོར་བའི་གཡུལ་ལས་རྒྱལ་བས་དགྲ་བཅོམ་པ། སོ་སོར་རང་གིས་རིག་པའི་བདག་ཉིད་དུ་གྱུར་པ་བྱང་ཆུབ་ཆེན་པོ་དེ་ལ་དབྱེ་ན། རྟོགས་པར་དཀའ་བས་ཟབ་པའི་ཡོན་ཏན་དང་། མཐུ་དང་ལྡན་པས་རྒྱ་ཆེ་བའི་ཡོན་ཏན་དང་། སྐལ་པ་དང་མཐུན་པར་བདག་ཉིད་ཆེན་པོའི་ཡོན་ཏན་གྱི་ཆོས་ཀྱི་རབ་ཏུ་ཕྱེ་བའི་ཕྱིར་གོ་རིམ་བཞིན་དུ་རང་བཞིན་


MR04_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་སྐུ་གསུམ་དག་གིས་དབྱེ་བས་འཇུག་གོ །གཉིས་པ་མཚན་ཉིད་རྣམ་གཞག་གསུམ། །ངོ་བོ་ཉིད་སྐུའི་རྣམ་གཞག་གཉིས། །མཚན་ཉིད་ཡོན་ཏན་མདོར་བསྟན་ནས། །དེ་ལ་སངས་རྒྱས་རྣམས་ཀྱི་ནི་ངོ་བོ་ཉིད་སྐུ་མཚན་ཉིད་ལྔ་དང་། ཡོན་ཏན་མང་ཡང་མདོར་བསྡུ་ན་ཡོན་ཏན་ལྔ་དང་ནི་ལྡན་པ་ཉིད་དུ་རིག་པར་བྱའོ། །དེ་དག་རྒྱས་པར་བཤད་ལ་གཉིས། །མཚན་ཉིད་རྒྱས་པར་བཤད་པ་དང་། །སྐྱེ་གནས་འཇིག་གསུམ་མེད་པས་འདུས་མ་བྱས་ཤིང་། ༡ ཟག་མེད་ཀྱི་དབྱིངས་དང་མཐར་ཕྱིན་པའི་ཡེ་ཤེས་རྣམ་པར་དབྱེར་མེད་པ་དང་། ༢ སྒྲོ་སྐུར་གྱི་མཐའ་གཉིས་དག་ནི་རྣམ་པར་ ༣ སྤངས་པ་དང་། ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་དང་། ཉོན་མོངས་མིན་ཡང་ཤེས་བྱ་ཤེས་པའི་གེགས་ཤེས་སྒྲིབ་དང་། ཏིང་ངེ་འཛིན་ཁྱད་པར་ཅན་ལ་ཇི་འདོད་དུ་འཇུག་མི་ཤེས་པ་སྙོམས་འཇུག་གི་སྒྲིབ་པ་གསུམ་པོ་དག་ལས་ནི་ངེས་པར་གྲོལ་བ་སྒྲིབ་པ་མེད་པའི་མཚན་ ༤ ཉིད་ཡིན་ཏེ། ངོ་བོ་ལ་གདོད་ནས་སྒྲིབ་པའི་དྲི་མ་མེད་པ་དང་གཟུང་འཛིན་གྱི་རྣམ་པར་རྟོག་པ་མེད་པ་དང་། ཐབས་ཤེས་ཟུང་འཇུག་ལ་མཉམ་པར་བཞག་པའི་རྣལ་འབྱོར་མཐར་ཕྱིན་པ་རྣམས་ཀྱི་ཡུལ་


MR04_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི་དག་པའི་ཕྱིར་ན་འོད་གསལ་པ་ཡི་༥མཚན་ཉིད་ཡིན་ནོ། །ཡོན་ཏན་རྒྱས་པར་བཤད་པའོ། །རྟགས་ཀྱིས་གཞལ་དུ་མེད་པ། གྲངས་གྲངས་མེད་པ། བློས་བསམ་དུ་མེད་པ། གཞན་གང་དང་ཡང་མཉམ་པ་མེད་པ། རྣམ་པར་དག་པའི་མཐར་ཐུག་པའི་ཡོན་ཏན་རྣམས་དང་ཡང་དག་པར། ངོ་བོ་ཉིད་ཀྱི་སྐུ་ལྡན་ཏེ། དེ་ཡང་རིམ་པར་རྒྱ་ཆེའི་ཕྱིར་དང་། གྲངས་མེད་ཕྱིར་དང་། རྟོག་གེའི་ཡུལ་ནི་མིན་པའི་ཕྱིར་དང་། སངས་རྒྱས་འབའ་ཞིག་ལ་མངའ་བའི་ཡོན་ཏན་ཡིན་པའི་ཕྱིར་དང་། སྒྲིབ་གཉིས་བག་ཆགས་བཅས་པ་སྤང་པའི་ཕྱིར་ན་གཞལ་དུ་མེད་པ་ལ་སོགས་པ་གོ་རིམ་བཞིན་ཡིན་ནོ། །ལོངས་སྤྱོད་རྫོགས་སྐུའི་རྣམ་གཞག་གསུམ། །དང་པོ་རྣམ་གཞག་རྒྱས་པར་བཤད། །ཟབ་ཅིང་རྒྱ་ཆེ་བ་སྣ་ཚོགས་པའི་ཆོས་ཀྱི་འབྱོར་བ་ལ་རྫོགས་པར་ལོངས་སྤྱོད་པ་གསུང་རྒྱུན་མི་འཆད་པ་དང་། གཟུགས་སྐུའི་རང་བཞིན་མཚན་དཔེ་སོགས་ཀྱི་ཆོས་ནི་སྐལ་ལྡན་ལ་རྟག་ཏུ་སྣང་བའི་ཕྱིར་དང་། སེམས་ཅན་ཀུན་སྐྱོབས་པའི་ཐུགས་རྗེ་ཆེན་པོ་རྣམ་པར་དག་པའི་རྒྱུ་མཐུན་པ་ཡི་འབྲས་བུ་འགྲོ་དོན་རྒྱུན་མི་འཆད་པའི་


MR04_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང་། དེ་དག་ཀྱང་རྣམ་པར་རྟོག་པ་མེད་བཞིན་ལྷུན་གྱིས་གྲུབ་པར་འདོད་པ་ཇི་ལྟ་བ་བཞིན་ཡོངས་སུ་སྐོང་བའི་ཕྱིར་དང་ཡིད་བཞིན་ནོར་བུའི་སྟེ་ནོར་བུ་ལྟ་བུའི་རྫུ་འཕྲུལ་གྱིས་རྣམ་རོལ་ལས་སྣ་ཚོགས་སུ་སྣང་ཡང་དེའི་ངོ་བོ་ཉིད་མིན་པ་སྟེ། དེ་ལྟར་རྣམ་པ་ལྔས་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པའི་སྐུ་ཡི་རྣམ་པར་གནས་པ་ཡིན་ནོ། །སླར་ཡང་དེའི་དོན་བསྡུས་ཏེ་བསྟན། །གསུང་བརྗོད་པ། སྐུ་སྟོན་པ། ཐུགས་རྗེའི་མཛད་པ་རྒྱུན་མི་འཆད་པ་དང་། དེ་དག་ལ་མངོན་པར་འདུ་བྱེད་པ་མེད་པ་དང་། ལོངས་སྐུ་རང་སྣང་ལ་སྣ་ཚོགས་པ་དེ་ཡི་ངོ་བོ་མིན་པར་སྟོན་ལ། གདུལ་བྱ་གཞན་སྣང་འདིར་ནི་སྣ་ཚོགས་པའི་རྣམ་པར་སྟོན་པ་སྟེ་རྣམ་པ་ལྔར་སྟོན་ཏོ། །དོལ་པོས། འདིར་ནི་དེ་ལྔའི་མཇུག་སྡུད་ལ་སྦྱར་ཏེ་ལོངས་སྐུ་འཆད་པའི་སྐབས་འདིར་སྣ་ཚོགས་སྣང་ཡང་སོགས་ལྔར་གསུངས། ཁྱད་པར་རྐྱེན་ལས་སྣང་ཚུལ་ལོ། །ཇི་ལྟར་འོག་གཞིའི་རས་ཀྱི་ཚོན་ནི་སྣ་ཚོགས་ཀྱིས་སྟེང་གི་ནོར་བུ་དེ་དངོས་ཀྱི་ཁ་དོག་མིན་པ་སྣ་ཚོགས་སུ་སྣང་བ་ལྟར། དེ་བཞིན་དུ་གདུལ་བྱ་འགྲོ་བའི་ཁམས་དབང་མོས་པའི་རྐྱེན་སྣ་ཚོགས་པས། དབྱིངས་དང་ཡེ་ཤེས་ཕྲིན་ལས་གསུམ་གྱིས་སྐྱེ་དགུ་ཀུན་ལ་ཁྱབ་


MR04_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདག་ཉིད་སངས་རྒྱས་རྣམས་ཀྱང་དེ་དངོས་མིན་པར་སྣ་ཚོགས་སུ་སྣང་ངོ་། །སྤྲུལ་པ་སྐུ་ཡི་རྣམ་གཞག་གཉིས། །མཆོག་སྤྲུལ་མཛད་པ་བཅུ་གཉིས་སྟོན། །རྒྱུ་གང་ལས་སྟོན་ན་མཐའ་ཡས་པའི་སེམས་ཅན་རྗེས་སུ་འཛིན་པའི་ཐུགས་རྗེ་ཆེན་པོས་འཇིག་རྟེན་གྱི་ཁམས་ཇི་སྙེད་པ་མཁྱེན་པས་མཁྱེན་བརྩེ་དེ་གཉིས་ཀྱིས་གདུལ་བྱར་འོས་པའི་འཇིག་རྟེན་ཀུན་ལ་གཟིགས་ནས་ནི། ཇི་ལྟ་བ་མཁྱེན་པའི་ཆོས་ཀྱི་སྐུ་འགྱུར་བ་མེད་པའི་ངང་དུ་མཉམ་པར་བཞག་པ་ལས་མ་གཡོས་པར། དོན་གང་སྟོན་ན། སྤྲུལ་པའི་རང་བཞིན་རྣམ་པ་སྣ་ཚོགས་ཀྱིས་རྨད་དུ་བྱུང་བའི་མཛད་པ་བཅུ་གཉིས་སྟོན་ཏེ་དེ་ཡང་སྟོན་པ་ལྟ་བུ་ལ་མཚོན་ན་དང་པོར་དགའ་ལྡན་དུ་དམ་པ་ཏོག་དཀར་དུ་ལྷའི་ཡུལ་དུ་སྐྱེ་བ་མངོན་པར་སྐྱེ་བ་ཡི་ཚུལ་མཛད་པ་དང་། དེ་ནས་མཛད་པ་བཅུ་གཉིས་ཀྱི་དང་པོར་དགའ་ལྡན་གནས་ནས་འཛམ་གླིང་དུ་འཕོ་བ་ཡི་མཛད་པ་དང་། ༡ སྒྱུ་འཕྲུལ་ལྷ་མོ་ཡུམ་གྱི་ལྷུམས་སུ་ ༢ འཇུག་པ་དང་། ལྷུམས་ནས་ལུ་པའི་ཚལ་དུ་སྐུ་བལྟམས་ ༣ པ་དང་། ཡི་གེ་སོགས་བཟོ་ཡི་གནས་ལ་མཁས་པ་དང་། ༤ བཙུན་མོའི་འཁོར་གྱི་ནང་དུ་དགྱེས་པར་རོལ་པ་དང་། ༥ ཁབ་ནས་ངེས་


MR04_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

པར་འབྱུང་བའི་དང་། ༦ ཆུ་བོ་ནེ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ་དཀའ་བ་ ༧ སྤྱོད་པ་དང་། བྱང་ཆུབ་སྙིང་པོར་ཏེ་རྡོ་རྗེའི་གདན་བྱང་ཆུབ་ཤིང་དྲུང་དུ་གཤེགས་པ་དང་། ༨ དེར་སྲོད་ལ་བདུད་སྡེ༷་དཔུང་དང་བཅས་པ་བྱམས་པའི་སྟོབས་༩ ཀྱིས་འཇོམས་པ་དང་། ཐོ་རངས་མངོན་པར་རྫོགས་པར་ ༡༠ ནི་བྱང་ཆུབ་བརྙེས་པའི་དང་། ཆོས་ཀྱི་འཁོར་ལོ་རིམ་ ༡༡ པ་གསུམ་དུ་བསྐོར་བའི་དང་། གྲོང་ཁྱེར་རྩྭ་ཅན་དུ་ཡོངས་སུ་མྱ་ངན་ལས་ ༡༢ འདས་པར་གཤེགས་པའི་མཛད་པ་རྣམས་སོ། །གང་དུ་སྟོན་ན། །ཡོངས་སུ་མ་དག་པའི་ཞིང་རྣམས་སུ། དུས་ཇི་སྲིད་སྟོན་ན། སྲིད་པ་ཇི་སྲིད་གནས་པར་རྒྱུན་མི་འཆད་པར་ལྷུན་གྲུབ་ཏུ་སྟོན་ཏོ། །བྱེད་ལས་གདུལ་བྱ་རིམ་གྱིས་འདྲེན། །རིམ་གྱིས་འདྲེན་ཚུལ་འདི་ལ་གསུམ། །ཕལ་པ་ཐེག་པ་དམན་ལ་འཇུག །དེ་ལྟར་བསྟན་ནས་གདུལ་བྱ་འདྲེན་ཚུལ་ལ་དང་པོར་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། ཟག་པ་དང་བཅས་པ་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་མཆོག་ཏུ་ཞི་བའི་ཆོས་ཀྱི་སྡོམ་བཞི་ལས་བརྩམས་པའི་སྒྲ་ཡིས་གདུལ་བྱ་འདུལ་བའི་ཐབས་མཁྱེན་པས་ཏེ་སངས་རྒྱས་ཀྱིས་གདུལ་བྱའི་སེམས་ཅན་རྣམས་སྲིད་པ་


MR04_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་སྐྱོ༷་བ་བསྐྱེད་ནས། འཁོར་བའི་ཉེས་པ་ཞི་བའི་ཉན་རང་གི་མྱ་ངན་ལས་འདས་པ་ལ་རབ་ཏུ་འཇུག་པར་མཛད་དོ། །ཐེག་དམན་ཐེག་ཆེན་གྱིས་སྨིན་ཚུལ། རང་ཉིད་འཁོར་བའི་སྡུག་བསྔལ་ཙམ་ཉེ་བར་ཞི་བའི་ལམ་ལ་རབ་ཏུ་ཞུགས་པ་ཉན་རང་དགྲ་བཅོམ་པ་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་ཐོབ་བོ་སྙམ་པའི་འདུ་ཤེས་ཅན་རྣམས་ལ་དམ་ཆོས་པདྨ་དཀར་པོ་དང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལ་སོགས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ཐེག་པ་གཅིག་ཏུ་བསྟན་པ་ཡིས་ཉན་རང་དེ་དག་སྔར་མྱང་འདས་མཐར་ཐུག་མ་ཐོབ་པ་ལ་ཐོབ་པར་འཛིན་པ་དེ་ལས་ཡིད་བཟློག་སྟེ། ཐབས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་དང་ཤེས་རབ་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་ཟུང་འགྲེལ་དུ་ཡོངས་སུ་བཟུང་བས་ཐེག་པ་མཆོག་གི་ལམ་ལ་སྨིན་པར་མཛད་དེ། ཐེག་ཆེན་རྣམ་གྲོལ་ལ་སྦྱོར་རོ། །དེ་ལྟར་ཐེག་ཆེན་ལ་ཞུགས་ནས་ས་བརྒྱད་པ་སོགས་ཐོབ་ཚེ་ཞིང་འདི་ཞེས་བྱ་བར་དེ་བཞིན་གཤེགས་པ་མིང་འདི་ཞེས་བྱ་བ་དང་། དུས་འདི་ཙམ་


MR04_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ན་བསྐལ་པ་འདི་ཞེས་བྱ་བ་ལ་སངས་རྒྱས་ཏེ། འཁོར་འདི་སྙེད་དང་ཆོས་ཀྱང་འདི་སྲིད་དུ་གནས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་ལུང་བསྟན་ཏོ་ཞེས་ལུང་སྟོན་པར་མཛད་པ་ཡིན་ནོ། །གསུམ་པ་དེ་དག་དོན་བསྡུ་གཉིས། །རྒྱུ་མཚན་དང་སྦྱར་གསུམ་དུ་བསྡུ། །རྟོགས་པར་དཀའ་བས་ཟབ་པ་དང་གཞན་དོན་སྒྲུབ་པའི་མཐུ་ནི་ཕུན་སུམ་ཚོགས་པ་དང་། སོ་སོའི་སྐྱེ་བོའི་བྱིས་པའི་བསམ་པའི་དོན་དང་མཐུན་པར་འཁོར་བ་ལས་རབ་ཏུ་འདྲེན་པའི་ཕྱིར་ན་སྐུ་གསུམ་པོ་འདི་དག་གྲངས་བཞིན་དུ་ཟབ་པ་ངོ་བོ་ཉིད་སྐུ་དང་། རྒྱ་ཆེ་བ་ལོངས་སྐུ་དང་། བདག་ཉིད་ཆེ་བའམ་ཆེན་པོ་སྤྲུལ་སྐུ་ཞེས་བྱ་བ་ཡིན་ནོ། །གནས་ཚུལ་དང་སྦྱར་གཉིས་སུ་བསྡུ། །སྐུ་འཆད་སྐབས་འདིར་ནི་དང་པོ་ཆོས་སྐུ་སྟེ། ཕྱི་མ་དང་ནི་གཟུགས་ཀྱི་སྐུ་སྟེ་སྐུ་གཉིས་སུ་འདུའོ། །དེ་དག་ཀྱང་དཔེར་ན་ནམ་མཁའ་ལ་ནི་གཟུགས་གནས་པ་བཞིན་དུ་དང་པོ་ཆོས་སྐུ་ལ་ནི་ཐ་མ་གཟུགས་སྐུ་གཉིས་པོ་གནས་ཤིང་སྣང་བ་ཡིན་ནོ། །དྲུག་པ་ཇི་སྲིད་རྟག་པའི་དོན། །རྟག་པའི་རྒྱུ་མཚན་མདོར་བསྟན་ནས། །དེ་ལ་གཟུགས་སྐུ་རྟག་པའི་རྒྱུ་མཚན་བདུན་དང་། ཆོས་སྐུ་རྟག་པའི་རྒྱུ་


MR04_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གསུམ་དང་བཅས་བཅུ་ལས་དང་པོ་གཟུགས་སྐུ་ལ་གཞན་ཡོངས་སུ་འཛིན་པའི་རྒྱུ་མཚན་བཞི་སྟེ། ལུས་སྲོག་སོགས་ལ་ཆགས་པ་མེད་པར་དམ་པའི་ཆོས་ཡོངས་སུ་འཛིན་པ་སོགས་གཞན་དོན་དུ་རྟག་ཏུ་གནས་པའི་རྒྱུ་མཐའ་ཡས་པ་ཚང་བ་དང་། སེམས་ཅན་འདུལ་བར་ཞལ་གྱིས་བཞེས་པ་ལ་ཡུལ་སེམས་ཅན་ཟད་མེད་ཀྱི་དོན་བྱ་དགོས་པ་དང་། ཡུན་འཁོར་བ་ཇི་སྲིད་དུ་གཞན་དོན་བཞེད་པའི་ཐུགས་བརྩེ་བ་ཆེན་པོ་རྒྱུན་མི་འཆད་པ་དང་། དེ་སྲིད་དུ་གཞན་དོན་དུ་བཞུགས་པར་ནུས་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་དབང་འབྱོར་བ་དང་། འཇིག་རྟེན་མི་འདོར་བའི་རྒྱུ་གསུམ་སྟེ། སྲིད་ཞི་མཉམ་ཉིད་དུ་མཁྱེན་པས་བླང་དོར་དུ་མི་གཟིགས་པས་ནམ་ཡང་སྐྱེ་བ་མེད་པ་དང་། འཁོར་བར་བཞུགས་ཀྱང་ཟག་པ་མེད་པའི་ཏིང་ངེ་འཛིན་གྱི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་སྡུག་བསྔལ་གྱིས་མི་གནོད་པ་དང་། ཆོས་ཐམས་ཅད་ཀྱི་དབང་ཕྱུག་སྟེ་མངའ་དབང་བསྒྱུར་བ་ཡིན་པས་རྒྱུན་མི་འཆད་པར་སྲིད་པར་བཞུགས་ཀྱང་དེའི་ཉེས་པས་མི་གོས་པ་སྟེ་བདུན་གྱིས་གཟུགས་སྐུ་རྟག་པ་དང་། གཉིས་པས་ཆོས་སྐུ་ལ་འཕོ་བ་མེད་པའི་གོ་འཕང་བརྙེས་པས་


MR04_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བའི་སྟེ་འཆི་བདག་གི་བདུད་བཅོམ་པ་དང་། ༡གདོད་ནས་འདུས་བྱས་ཀྱི་ངོ་བོ་མེད་ ༢ པས་སྐྱེ་འགག་གིས་སྟོང་པའི་ཕྱིར་དང་། ཕྱི་མའི་མཐར་ཐུག་པར་ཡང་འཇིག་རྟེན་གྱི་མགོན་པོ་སྟེ། ༣ མགོན་པོར་གྱུར་པས་ན་རྟག་པ་ཡིན་ཏེ་ཞེས་གསུམ་གྱིས་ཆོས་སྐུ་རྟག་པར་བསྟན་ཏོ། །རྒྱས་པར་བཤད་ལ་དོན་རྣམ་གསུམ། །གཟུགས་སྐུ་རྟག་པའི་རྒྱུ་མཚན་དང་། །གྲངས་མེད་གསུམ་དུ་ལུས་དང་སྲོག་དང་ལོངས་སྤྱོད་རྣམས་གང་ལ་ཡང་མ་ཆགས་པར་བཏང་ནས་དམ་པའི་ཆོས་འཛིན་པ་ལ་སོགས་པའི་རྒྱུ་མཐའ་ཡས་པས་གྲུབ་པའི་ཕྱིར་ན་གཞན་དོན་དུ་རྟག་ཏུ་གནས་པ་དང་། རྒྱུ་ཚང་ཡང་དགོས་པ་མེད་པས་མི་གནས་སོ་ཞེ་ན། གནས་དགོས་ཏེ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར་དུ་དང་པོར་སེམས་ཅན་ཀུན་སྡུག་བསྔལ་ལས་བསྒྲལ་བར་དམ་བཅས་པ་ཡིན་ལ་ཡུལ་སེམས་ཅན་ཟད་པ་མེད་པས་དམ་བཅའ་མཐར་ཕྱིན་པར་བྱ་དགོས་པའི་ཕྱིར་དང་། གདུལ་བྱ་ཡོད་ཀྱང་བཞེད་པ་མེད་དོ་ཟེར་ན་ཡོད་དེ། སངས་རྒྱས་ཉིད་ནི་ཉོན་མོངས་པས་གཙང་བ་དང་། ཤེས་སྒྲིབ་ཀྱིས་དག་པའི་ཐུགས་རྗེ་ཆེན་པོ་མཐར་ཕྱིན་པ་ཚད་མེད་པ་རྒྱུན་མི་འཆད་པར་སེམས་ཅན་ཀུན་ལ་རབ་ཏུ་འཇུག་པའི་ཕྱིར་


MR04_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་གསུམ་ཡོད་ཀྱང་བཞུགས་པའི་ཚེ་ཡི་འཕེན་པ་རྫོགས་ནས་བཞུགས་མི་ནུས་སོ་ཞེ་ན། ནུས་ཏེ་གཅིག་ཏུ་བསྒྱུར་ཞིང་མང་པོར་སྤྲུལ་པ་སོགས་རྫུ་འཕྲུལ་དང་དེའི་རྐང་པ་ཏིང་ངེ་འཛིན་ལ་དབང་འབྱོར་བས་གང་འདུལ་དེ་སྟོན་པར་ནི་སངས་རྒྱས་དེ་ཡིས་སྲིད་པ་ཇི་སྲིད་དུ་གནས་ཤིང་རྒྱུན་མི་འཆད་པར་སྤྱོད་ནུས་པའི་ཕྱིར་དང་། ནུས་ཀྱང་འཁོར་བ་ལ་སྐྱོ་ནས་མི་བཞུགས་སོ་ཞེ་ན། མི་སྐྱོ་སྟེ། མཁྱེན་པའི་ཡེ་ཤེས་དག་པས་འཁོར་བ་དང་མྱ་ངན་ལས་འདས་པ་རང་བཞིན་གཉིས་སུ་འཛིན་པ་ལས་གྲོལ་ཏེ་འཁོར་འདས་བླང་དོར་དུ་མི་ལྟ་བའི་ཕྱིར་ན་ཡུལ་འཁོར་བ་སྤང་བྱར་མི་གཟིགས་པ་དང་། འཁོར་བའི་སྡུག་བསྔལ་གྱིས་གནོད་པས་མི་བཞུགས་སོ་ཞེ་ན། མི་གནོད་དེ། དུས་རྟག་ཏུ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པའི་ཏིང་ངེ་འཛིན་གྱི་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཕྱིར་དུ་ཡུན་ཇི་ལྟར་རིང་ཡང་སྡུག་བསྔལ་གྱིས་མི་གནོད་དོ། །གལ་ཏེ་འཁོར་བའི་ཉེས་པས་གོས་པས་མི་བཞུགས་པར་འགྱུར་རོ་ཞེ་ན། མི་གོས་ཏེ། གཞན་དོན་དུ་འཇིག་རྟེན་ན་ནི་བཞུགས་ཤིང་དེ་དག་གི་སྐལ་པ་དང་འཚམ་པར་སྤྱོད་པ་


MR04_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་འཇིག་རྟེན་ཆོས་ཀྱིས་གོས་པ་མེད་པའི་ཕྱིར་ཏེ་བདག་ཉིད་འཁོར་བའི་སྤྱོད་ཡུལ་དུ་བསྟན་ཀྱང་དེས་ཉེས་པས་མི་གོས་པས་སོ། །ཆོས་སྐུ་རྟག་པའི་རྒྱུ་མཚན་དང་། སྤང་རྟོགས་མཐར་ཕྱིན་པའི་ཆོས་དབྱིངས་མཐར་ཐུག་མངོན་དུ་གྱུར་པས་རགས་པ་ལས་ཉོན་གྱིས་འཆི་བ་དང་ཕྲ་བ་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་མེད་པ་ཞི་བའི་གནས་ཐོབ་པ་ལ། སྐྱེ་འགག་གི་རྣམ་པ་འཆི་བདག་གི་བདུད་རྒྱུ་བ་སྐབས་ཐོབ་པ་མེད་པའི་ཕྱིར་དང་། དབྱིངས་རང་བཞིན་གྱིས་རྟག་པ་ཡིན་ཏེ། འདུས་མ་བྱས་པའི་རང་བཞིན་ཅན་གྱི་ཐུབ་པ་ཆོས་སྐུ་ནི་གདོད་ནས་སྐྱེ་འཆི་སོགས་རབ་ཞི་སྟེ་རབ་ཏུ་ཞི་བ་ཡིན་པའི་ཕྱིར་དང་མི་བསླུ་བས་རྟག་པ་ཡིན་ཏེ། དུས་ཉི་ཚེ་བ་མིན་པར་རྟག་པ་གཏན་དུ་སྐྱབས་མེད་པའི་སེམས་ཅན་རྣམས་ཀྱི་ནི་སྐྱབས་མགོན་དཔུང་གཉེན་ལ་སོགས་པར་འཐད་ཕྱིར་རོསྟེ། དེའི་ཕྱིར་ཕྱི་མའི་མུ་ཇི་སྲིད་བར་དུ་སྐྱབས་སུ་མི་རུང་བ་མི་སྲིད་པས་སོ། །དེ་དག་ཉིད་ཀྱི་དོན་བསྡུའོ། །དང་པོ་ཡི་ནི་རྒྱུ་མཚན་བདུན་གྱིས་གཟུགས་ཀྱི་སྐུ་ཡི་རྟག་པའི་ཚུལ་བསྟན་པ་ཉིད་དེ་ཕྱི་མ་གསུམ་གྱིས་སྟོན་པ་ནི་ཆོས་ཀྱི་སྐུ་ཡི་རྟག་པ་ཉིད་བསྟན་པའོ། །བདུན་པ་ཇི་ལྟ་བ་བཞིན་དུ། །བསམ་མི་


MR04_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ཚུལ་མདོར་བསྟན་ནས། །ངག་གི་ཡུལ་མིན་པའི་ཕྱིར་དང་། །དོན་དམ་གྱིས་བསྡུས་པའི་ཕྱིར་དང་། །རྟོག་པ་འཇུག་པའི་གནས་མིན་པའི་ཕྱིར་དང་། དཔེ་ལས་འདས་པའི་ཕྱིར་དང་། བླ་ན་མེད་པའི་ཕྱིར་དང་། སྲིད་ཞིས་མ་བསྡུས་པའི་ཕྱིར་ན། རྒྱལ་བའི་ཡུལ་སྐུ་གསུམ་པོ་དེ་ནི་ས་བཅུ་པའི་འཕགས་པ་རྣམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་ན་གཞན་པ་རྣམས་ཀྱིས་ལྟ་ཅི་སྨོས་སོ། །རྒྱས་པར་བཤད་པ་ཉིད་ལ་གསུམ། །རྒྱུ་མཚན་རིམ་པ་ལྟར་བཤད་པ། །སྐུ་གསུམ་པོ་དེ་ནི་ས་བཅུ་པ་ལ་གནས་པས་ཀྱང་བསམ་དུ་མེད་པ་ཡིན་ཏེ། ངག་གིས་བརྗོད་དུ་མེད་པའི་ཕྱིར་ཏེ། ངག་གིས་བརྗོད་དུ་མེད་པ་ཡིན་ཏེ། ངག་ཡུལ་ཀུན་རྫོབ་ཡིན་པ་ལ་འདི་དོན་དམ་ཡིན་པའི་ཕྱིར་རོ། །དོན་དམ་ཡིན་ཏེ། ཀུན་རྫོབ་ལ་རྟོག་ཡུལ་གྱིས་ཁྱབ་ཀྱང་འདི་རྟོག་པས་བརྟག་བྱ་མིན་པའི་ཕྱིར་ཏེ། བརྟག་བྱ་མིན་ཏེ། འཇིག་རྟེན་པའི་དཔེ་དང་གཏན་ཚིགས་ལ་སོགས་པས་རྗེས་སུ་དཔག་པར་བྱ་བ་མིན་པའི་ཕྱིར་དང་། རྗེས་སུ་དཔག་བྱ་མིན་ཏེ། འཇིག་རྟེན་ལས་འདས་ཤིང་བླ་ན་མེད་པའི་ཕྱིར་དཔེ་སོགས་མེད་དོ། །བླ་ན་མེད་པ་


MR04_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ་སྲིད་ཞིས་མ་བསྡུས་པའི་ཕྱིར། སྲིད་ཞིས་མ་བསྡུས་པ་ཡིན་ཏེ། སྲིད་ཞིའི་མཐའ་ལ་གནས་པ་མེད་པའི་ཕྱིར་ཏེ། ཞི་བ་ལ་ཡོན་ཏན་དང་སྲིད་པ་ལ་སྐྱོན་ཉིད་དུ་རྟོག་པ་མེད་པའི་ཕྱིར་རོ། །སྐུ་གཉིས་དང་སྦྱར་ཏེ་དོན་བསྡུ། །དང་པོར་བསྟན་པའི་རྒྱུ་མཚན་ལྔ་པོ་དག་གིས་ཟབ་ཅིང་ཕྲ་བའི་ཕྱིར་ཆོས་སྐུ་བསམ་གྱིས་མི་ཁྱབ་པ་སྟེ། དྲུག་པ་སྲིད་ཞིས་མ་བསྡུས་པས་སྐྱེ་འགག་ཏུ་སྣང་ཡང་དེ་ཡི་དངོས་པོའམ་རང་བཞིན་དུ་མིན་པའི་ཕྱིར་གཟུགས་སྐུ་བསམ་གྱིས་མི་ཁྱབ་པ་བསྟན་པའོ། །ཡོན་ཏན་བསམ་མི་ཁྱབ་ཚུལ་ལོ། །བསམ་གྱིས་མི་ཁྱབ་པ་མདོར་བསྡུས་ན། ཇི་ལྟ་ཇི་སྙེད་མངོན་སུམ་དུ་རྟོགས་པའི་བླ་ན་མེད་པའི་ཡེ་ཤེས་དང་། སེམས་ཅན་མཐའ་ཡས་པ་སྒྲོལ་བའི་ཐུགས་རྗེ་ཆེ་བ་སྟེ་ཆེན་པོ་དང་ཕྲིན་ལས་སོགས་ཡོན་ཏན་གྱིས་ཏེ་ཡོན་ཏན་ཚད་མེད་རྣམས་དང་ལྡན་པ་ཉིད་ཀྱིས་ཡོན་ཏན་ཀུན་གྱི་ཡང་ཕ་རོལ་ལམ་མཐར་ཕྱིན་པར་བྱོན་པའི་རྒྱལ་བ་ནི་བསམ་གྱིས་མི་ཁྱབ་སྟེ། དེས་ན་རང་བྱུང་སངས་རྒྱས་རྣམས་ཀྱི་ཆོས་རྣམ་གཞག་རྣམ་པ་བརྒྱད་ཀྱིས་ཐ་མའི་ཚུལ་བསམ་གྱིས་མི་ཁྱབ་པ་འདི་ནི་དྲང་སྲོང་བྱང་ཆུབ་སེམས་དཔའ་ཆེན་པོ་དག་ས་ལ་གནས་ཤིང་དབང་བཅུ་ཐོབ་པ་


MR04_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཀྱང་མངོན་སུམ་དུ་ཇི་ལྟ་བར་རིག་པ་མིན་ན་ཕལ་པས་ལྟ་ཅི་སྨོས་ཞེས་སོ། །རོང་པས། དབང་བསྐུར་ཐོབ་ཞེས་འོད་ཟེར་ཆེན་པོའི་དབང་ཐོབ་པ་ས་བཅུ་པ་ལ་འཆད་དོ། །ལེའུ་གཉིས་པའི་ས་བཅད་རྫོགས། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། བྱང་ཆུབ་ཀྱི་སྐབས་ཏེ་གཉིས་པའོ། །རྟོགས་པའི་ཡན་ལག་ཡོན་ཏན་སྐབས། །རྣམ་པར་བཤད་ལ་སྤྱི་དོན་གཉིས། །སྐུ་གཉིས་དང་སྦྱར་གྲངས་ཀྱིས་དབྱེ། །ཕྱེ་བའི་ཡོན་ཏན་གཏན་ལ་དབབ། །རྣམ་པར་དབྱེ་བ་ལ་ཡང་གཉིས། །སྐུ་དང་ཡོན་ཏན་ཕྱེ་སྟེ་བསྟན། །རང་དོན་དང་གཞན་དོན་དུ་གྱུར་པ་དོན་དམ་པ་ཆོས་ཀྱི་སྐུ་དང་ནི། དེ་ལ་བརྟེན་པ་ཀུན་རྫོབ་གཟུགས་ཀྱི་སྐུ་ཉིད་དེ། ཆོས་སྐུ་ལ་ཡོད་པ་བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་། གཟུགས་སྐུ་ལ་ཡོད་པ་རྣམ་པར་སྨིན་པའི་འབྲས་བུའམ་ཡོན་ཏན་སུམ་ཅུ་རྩ་གཉིས་དང་ནི་བསྡོམས་པས་ཡོན་ཏན་གྱི་དབྱེ་བ་དྲུག་ཅུ་རྩ་བཞི་འདི་དག་ཡིན་ནོ། །དེ་དག་སོ་སོར་དབྱེ་བའོ། །བདག་ཉིད་ཀྱི་ནི་དོན་ཕུན་ཚོགས་ཐམས་ཅད་འབྱོར་བའི་གནས། ཡེ་ཤེས་དམ་པའི་སྤྱོད་ཡུལ་དོན་གྱི་ཆོས་སྐུ་


MR04_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། དྲང་སྲོང་ཆེན་པོ་སངས་རྒྱས་རྣམས་ཀྱི་བརྡ་ཙམ་ཐ་སྙད་ཙམ་དུ་བསྟན་པ་ཡི་གཟུགས་ཀྱི་སྐུ་ནི་གཞན་ཕ་རོལ་གྱི་དོན་ཕུན་སུམ་ཚོགས་པའི་གནས་ཡིན་ལ། དང་པོའི་ཆོས་སྐུ་ནི་སྟོབས་ལ་སོགས་པ་བྲལ་བའི་ཡོན་ཏན་རྣམས་དང་ལྡན་ལ། གཉིས་པ་གཟུགས་སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་བཟང་སུམ་ཅུ་སོ་གཉིས་པོ་བསོད་ནམས་བསགས་པ་ལས་རྣམ་པར་སྨིན་པའི་ཡོན་ཏན་དག་དང་ལྡན་ནོ། །དབྱེ་བའི་ཡོན་ཏན་བཞི་ཡིན་ཏེ། དཔེ་དོན་སྦྱར་ཏེ་སྡོམ་མདོར་བསྟན། སྟོབས་བཅུ་པོ་ཉིད་ནི་མ་རིག་པ་སོགས་སྒྲིབ་པ་རྣམས་འཇོམས་པ་ལ་ཐོགས་པ་མེད་ཅིང་གཞན་གྱིས་མི་ཕྱེད་པ་རྡོ་རྗེ་ཇི་ལྟ་བ་བཞིན་དང་། མི་འཇིགས་པ་བཞི་པོ་ཉིད་ནི་འཁོར་ཚོགས་མཐའ་ཡས་པའི་ནང་དུ་འཇིགས་པས་བག་ཚ་བ་མེད་པ་སེང་གེ་བཞིན་དང་། དེ་བཞིན་གཤེགས་པ་མ་འདྲེས་པ་བཅོ་བརྒྱད་ནི་གཞན་གང་དང་ཡང་ཐུན་མོང་མིན་པ་ནམ་མཁའ་བཞིན་ཏེ། ཐུབ་པའི་གདུལ་བྱ་རྣམས་ལ་སྐུ་མཚན་དཔེའི་རྣམ་པར་བསྟན་པ་རྣམ་གཉིས་ནི་གདུལ་བྱ་རིང་བ་དང་ཉེ་བ་ལ་སྣང་ཡང་དེ་དག་གི་ངོ་བོར་གྲུབ་པ་མེད་པས་ཆུ་ཟླ་དང་གནམ་ཟླ་བཞིན་ནོ། །སོ་སོའི་རྣམ་བཞག་རྒྱས་པར་བཤད། །དེ་དག་


MR04_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའི་ལུང་ལས་རྟོགས། །སླར་ཡང་དཔེ་དོན་བསྡུས་ཏེ་བསྟན། །དེ་ཡི་རྒྱས་བཤད་དེ་ཡང་གཉིས། །རང་དོན་དོན་དམ་ཆོས་སྐུ་ལ། །ཡོད་པ་བྲལ་འབྲས་ཡོན་ཏན་དང་། །གཞན་དོན་ཀུན་རྫོབ་གཟུགས་སྐུ་ལ། །ཡོད་པ་སྨིན་འབྲས་ཡོན་ཏན་ནོ། །དང་པོ་བྲལ་འབྲས་ཡོན་ཏན་གསུམ། །སྟོབས་དང་མི་འཇིགས་མ་འདྲེས་སོ། །དང་པོ་སྟོབས་བཅུ་བཤད་ལ་གཉིས། །མཚོན་བྱ་དོན་གྱི་ངོ་བོ་བསྟན། །རྒྱུ་སྔོན་ཐེག་ཆེན་གྱི་ཆོས་ལ་དམ་བཅའ་བརྟན་པོར་བྱས་པ་ལས་རྒྱུ་འབྲས་སོགས་གནས་དང་གནས་མིན་མཁྱེན་པ་དང་། སྔོན་རྒྱུ་འབྲས་ཀྱི་ཆོས་ལ་ཡིད་བརྟན་པར་བྱས་པ་ལས། དགེ་སྡིག་སོགས་ཀྱི་ལས་རྣམས་ཀྱི་རྣམ་པར་སྨིན་པ་མཁྱེན་པ་དང་ནི། སྔོན་གདུལ་བྱའི་དབང་པོ་བརྟགས་ནས་ཆོས་བསྟན་པས་གདུལ་བྱའི་སེམས་ཅན་གྱི་དད་སོགས་དབང་པོ་རྣོ་འབྲིང་བརྟུལ་པོའི་བྱེ་བྲག་ཐམས་ཅད་མཁྱེན་པ་དང་། སྔོན་གདུལ་བྱའི་ཁམས་རྣམས་དང་མཐུན་པར་ཞུགས་པས་ཐེག་པ་གསུམ་ལ་སོགས་པའི་རིགས་སམ་ཁམས་སྣ་ཚོགས་པ་རྣམས་མཁྱེན་པ་དང་ནི། སྔོན་མོས་པ་དང་མཐུན་པར་ཆོས་བསྟན་པས། ཐེག་གསུམ་ལ་


MR04_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པར་མོས་པ་སྣ་ཚོགས་པ་མཁྱེན་པ་དང་། སྔོན་ཐེག་པ་ཐམས་ཅད་ལ་གོམས་པར་བྱས་པས་ཁམས་གསུམ་དང་བྱང་ཆུབ་གསུམ་ལ་སོགས་པར་ཀུན་འགྲོའི་ལམ་ཐམས་ཅད་མཁྱེན་པ་དང་། སྔོན་ཏིང་ངེ་འཛིན་ཚད་མེད་པ་ལ་གོམས་པ་དང་། བསམ་གཏན་དང་སོགས་པས་གཟུགས་མེད་པ་དང་། རྣམ་ཐར་དང་སྙོམས་འཇུག་རྣམས་ཉོན་མོངས་པ་ཅན་དང་། དྲི་མ་མེད་པ་རྣམ་པར་བྱང་བ་ཐམས་ཅད་མཁྱེན་པ་དང་། སྔོན་དགེ་རྩ་ཆུད་མ་གསན་ཅིང་བག་ཡོད་བྱས་པས་རང་གཞན་གྱི་སྔོན་གྱི་ཚེ་རབས་སྤྱོད་པ་རྒྱུ་མཚན་དང་བཅས་པ་ཐམས་ཅད་མཁྱེན་པ་སྔོན་གནས་ནི་རྗེས་སུ་དྲན་པ་དང་། སེམས་ཅན་སྤ་མི་བཀོང་ཞིང་དེ་དག་ལ་དོན་སྣང་བར་བྱེད་པའི་ལྷག་བསམ་གྱིས་ཆོས་བསྟན་པས་སེམས་ཅན་གང་ནས་འཆི་འཕོ་བ་དང་གང་དུ་སྐྱེ་བ་བར་སྲིད་དང་བཅས་པའི་བྱེ་བྲག་ཐམས་ཅད་མཁྱེན་པ་ལྷ་ཡི་མིག་གི་མངོན་པར་ཤེས་པའི་སྟོབས་དང་། སྔོན་ཟག་པ་ཟད་ཕྱིར་ཆོས་བསྟན་པས་རང་གཞན་གྱི་ཉོན་མོངས་ཞི་བ་ཟག་པ་ཟད་ཚུལ་མཁྱེན་པ་དང་། དེ་ལྟར་མཁྱེན་པའི་སྟོབས་ནི་རྣམ་པ་བཅུའོ། །མཚོན་བྱེད་དཔེ་ཡིས་ངེས་པར་བྱ། །


MR04_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་དང་འབྲས་བུ་གནས་དང་གནས་མིན་དང་། ལས་ཀྱི་རྣམ་སྨིན་དང་། གདུལ་བྱའི་རིགས་སམ་ཁམས་དང་། འགྲོ་བའི་མོས་པ་སྣ་ཚོགས་དང་། ཀུན་འགྲོའི་ལམ་སྣ་ཚོགས་དང་། སྙོམས་འཇུག་སོགས་ཉོན་མོངས་པ་ཅན་དང་རྣམ་བྱང་གི་ཁྱད་པར་དང་། དད་སོགས་དབང་པོའི་ཚོགས་དང་། རང་གཞན་གྱི་ཚེ་རབས་ཀྱི་སྔོན་གནས་རྗེས་སུ་དྲན་པ་དང་། ལྷ་ཡི་མིག་གིས་འཆི་འཕོ་དང་སྐྱེ་བ་དང་། རང་གཞན་གྱི་ཟག་པ་ཟད་ཚུལ་མཁྱེན་པའི་སྟོབས་རྣམས་ཀྱིས་རང་རང་གི་མི་མཐུན་ཕྱོགས་མི་ཤེས་པ་ཤེས་བྱ་སྙོམས་འཇུག་བག་ཆགས་ཀྱི་སྒྲིབ་པ་གསུམ་རིམ་པར་གོ་ཆ་སྲ་བ་དང་རྩིག་པ་བརྟན་པ་དང་ཤིང་ནགས་འཐིབ་པོ་དང་འདྲ་བ་རྣམས་འབིགས་པར་དང་འཇིག་པར་དང་གཅོད་པར་བྱེད་པའི་ཕྱིར་ན་མཁྱེན་པའི་སྟོབས་བཅུ་པོ་གང་ཡིན་པ་ནི་རང་རང་གི་མི་མཐུན་པའི་ཕྱོགས་འཇོམས་པ་ལ་ཐོགས་པ་མེད་ཅིང་ཚུར་གང་གིས་ཀྱང་མི་ཕྱེད་པས་རྡོ་རྗེ་ཇི་ལྟ་བ་བཞིན་ནོ། །གཉིས་པ་མི་འཇིགས་པ་ལའང་གཉིས། །དོན་གྱི་ངོ་བོ་ངོས་བཟུང་བ། །ངོ་བོ་དང་ནི་བྱེད་ལས་གཉིས། །ངོ་བོ་ནི་སྔོན་སེམས་སྙོམས་པས་སེར་སྣ་མེད་


MR04_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཆོས་བསྟན་པ་ལས་ཇི་ལྟ་ཇི་སྙེད་ཀྱི་ཆོས་ཀུན་མངོན་སུམ་དུ་རྟོགས་པའི་ཚུལ་གྱིས་བདག་ཉིད་མངོན་པར་རྫོགས་པར་བྱང་ཆུབ་བོ་ཞེས་ཞལ་གྱིས་བཞེས་པ་ལ་མི་འཇིགས་པ་དང་། སྔོན་བར་དུ་གཅོད་པའི་ཆོས་མ་བརྟེན་པ་ལས་ཐར་པའི་གེགས་ཆགས་སོགས་ཉོན་མོངས་ནི་འགོག་པར་བྱེད་དགོས་ཞེས། འགོག་པར་བྱེད་པ་ལ་མི་འཇིགས་པ་དང་། སྔོན་དཀར་པོའི་ཆོས་ལ་མོས་པས་ཞུགས་པ་ལས་ངེས་པར་འབྱེད་པའི་བྱང་ཕྱོགས་ཀྱི་ལམ་སྟོན་པ་ལ་མི་འཇིགས་པ་དང་། སྔོན་ང་རྒྱལ་མེད་པར་ཆོས་བསྟན་པ་ལས་སྤང་བྱ་ཟད་པའི་འགོག་པ་ཐོབ་བོ་ཞེས་ཞལ་གྱིས་བཞེས་པ་སྟེ་དེ་ལྟར་རང་དོན་སྤངས་རྟོགས་རྫོགས་པར་ཞལ་གྱིས་བཞེས་པ་དང་གཞན་དོན་དུ་ལམ་དང་ལམ་གྱི་བར་ཆད་སྟོན་པ་ལ། དཀའ་ཐུབ་དང་། རིགས་དང་། ལོངས་སྤྱོད་དང་། ནུས་པ་དང་། ཆགས་བྲལ་གྱིས་ང་རྒྱལ་བའི། དགེ་སྦྱོང་དང་། བྲམ་ཟེ་དང་། ལྷ་དང་། བདུད་དང་། ཚངས་པ་ལ་སོགས་པ་སུས་ཀྱང་ཆོས་མཐུན་གྱིས་རྒོལ་བའི་མཚན་མ་མ་མཐོང་ནས། ལུས་མི་བདེ་བ་དང་། ངག་བག་ཚ་བ་


MR04_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སེམས་འཇིགས་པ་མེད་པའི་ཕྱིར། ཁྱུ་མཆོག་བས་པོ་ཆེའི་གནས་སུ་དམ་བཅས། འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲགས། ཚངས་པའི་གནས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་མི་འཇིགས་པ་ནི་རྣམ་པ་བཞིའོ། །དེ་ཡི་བྱེད་ལས་ནི། བདག་ཉིད་དང་གཞན་དོན་ལས་བརྩམས་ཏེ་ཤེས་བྱའི་དངོས་པོ་སྡུག་བསྔལ་ལ་སོགས་པའི་རྣམ་པ་ཀུན་བདག་ཉིད་ཀྱིས་ཤེས་སོ་ཞེས་ཞལ་གྱིས་བཞེས་པ་དང་། དེ་གཞན་ལ་ཤེས་པར་མཛད་པའི་ཕྱིར་ཆོས་སྟོན་པ་དང་། སྤང་བྱའི་དངོས་པོ་ཀུན་འབྱུང་ལས་ཉོན་སོགས་རང་གིས་སྤངས་སོ་ཞེས་དང་། གཞན་གྱིས་སྤོང་བར་མཛད་ཕྱིར་བར་ཆད་སྤང་བྱའི་ཆོས་སྟོན་པ་དང་། བསྟན་བྱ་ལམ་ཀུན་ལ་རང་གིས་བསྟེན་ཟིན་ཞེས་དང་། གཞན་གྱིས་བསྟེན་པར་མཛད་པའི་ཕྱིར་ལམ་སྟོན་པ་དང་། ཐོབ་བྱ་བླ་མེད་འགོག་པ་ཤིན་ཏུ་དྲི་མེད་དག་པ་གཉིས་ལྡན་རང་གིས་ཐོབ་བོ་ཞེས་ཞལ་གྱིས་བཞེས་པ་དང་། གཞན་གྱིས་ཀྱང་ཐོབ་པར་མཛད་ཕྱིར་ཟག་ཟད་འགོག་པའི་ཆོས་སྟོན་ཏེ། དེ་ལྟར་རང་གིས་མངོན་དུ་བྱས་པ་དང་། གཞན་དོན་དུ་བདེན་པ་བཞི་བདེན་པར་གསུང་ཕྱིར་


MR04_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་སངས་རྒྱས་ཉིད་འཁོར་གང་དུའང་ཐོགས་པ་མེད་པ་ཡིན་ནོ། །དེ་ཉིད་དཔེ་ཡིས་ངེས་པར་བྱ། །རི་དྭགས་དབང་པོ་སེང་གེ་ཇི་ལྟར་ནགས་སྟུག་པོའི་མཐར་རྟག་ཏུ་གནས་ཀྱང་འཇིགས་པ་མེད་ཅིང་རི་དྭགས་གཞན་རྣམས་ལ་སྐྲག་པ་མེད་པར་བག་བརྐྱངས་ཏེ་རྒྱུ་བ་ལྟར། དེ་བཞིན་འཁོར་ཆེ་བ་མང་པོ་ཚོགས་པའི་ནང་དུའང་ཐུབ་པའི་དབང་པོ་མིའི་སེང་གེ་ཡང་རང་ཉིད་མཆོག་ཏུ་གྱུར་པས་འཇིགས་པ་མེད་པར་ལེགས་པར་གནས་པ་དང་། གཞན་ལ་རག་མ་ལས་པས་ལྟོས་པ་མེད་པ་དང་། ཐུགས་རྟག་ཏུ་མཉམ་པར་བཞག་པ་བརྟན་པའི་ཡོན་ཏན་དང་། སྤང་བྱ་ཤིན་ཏུ་ཕྲ་བའང་སྤངས་པས་རྩལ་དང་ལྡན་པར་གནས་སོ། མ་འདྲེས་བཅོ་བརྒྱད་བསྟན་ལ་གཉིས། །དོན་དངོས་བསྟན་དང་དཔེ་དང་སྦྱར། །དོན་དངོས་བསྟན་པ་ཉིད་ལ་གཉིས། །བཅོ་བརྒྱད་སོ་སོའི་དབྱེ་བ་དང་། །སླར་བཤད་ལས་དང་ཐོབ་ཚུལ་ལོ། །བཅོ་བརྒྱད་དབྱེ་བ་དེར་ཡང་གཉིས། །ཕྱེ་སྟེ་རྒྱས་པར་བཤད་པ་དང་། །བསྡུས་ཏེ་གཞན་ཡང་བསྟན་པའོ། །རྒྱས་པར་བཤད་ལ་སྡེ་ཚན་བཞི། །དང་པོ་སྤྱོད་པས་བསྡུས་པ་དྲུག །སྔོན་ལམ་


MR04_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

སྟོར་བའི་སེམས་ཅན་ལ་ལམ་མ་ནོར་བར་སྟོན་པ་སོགས་གོམས་པས་མཆོང་རྒྱུག་སོགས་དུག་གསུམ་གྱིས་ཀུན་ནས་བསླང་བའི་སྐུ་ལ་འཁྲུལ་པ་མི་མངའ་སྟེ་སྐུ་ཡི་གཅིག་དང་། སྔོན་རྩོད་པ་མེད་པ་དང་རྫུན་ཚིག་དང་མུ་ཅོར་སྨྲ་བ་སོགས་སྤངས་པས་རྩོད་པ་དང་ཀྱལ་ཀ་སོགས་ཉོན་མོངས་པས་ཀུན་ནས་བསླང་བའི་གསུང་ཅ་ཅོ་མི་མངའ་སྟེ་གསུང་གི་གཅིག་དང་། སྔོན་རྗེས་དྲན་དྲུག་གོམས་པར་བྱས་པས་སྟོན་པ་སངས་རྒྱས་ལ་འདས་དོན་བརྗེད་པའི་དྲན་པ་ཉམས་པ་མི་མངའ་བ་དང་། སྔོན་གཞན་སེམས་བསྲུང་བ་སོགས་གོམས་པར་བྱས་པས་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་མ་བཞག་པའི་ཐུགས་མི་མངའ་བ་དང་། སྔོན་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་སྤང་བ་ལ་གོམས་པས་འཁོར་བ་དང་མྱང་འདས་ཐ་དད་དུ་འཛིན་པའི་འདུ་ཤེས་སྣ་ཚོགས་པ་རྣམས་ཀྱང་མི་མངའ་བ་དང་། སྔོན་བདག་གཞན་དང་སྲིད་ཞི་སོགས་མཉམ་ཉིད་གོམས་པར་བྱས་པས་གདུལ་བྱ་དུས་ལ་བབས་ཀྱང་སོ་སོར་མ་བརྟགས་པས་ཡལ་བར་འདོར་བའི་བཏང་སྙོམས་མི་མངའ་བ་སྟེ་ཐུགས་ཀྱི་བཞིའོ། །གཉིས་པ་རྟོགས་པས་བསྡུས་པ་དྲུག །སྔོན་ཟབ་རྒྱས་ཀྱི་


MR04_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཚོལ་བ་སོགས་ལ་གོམས་པར་བྱས་པས་དཀོན་མཆོག་གི་གདུང་རྒྱུན་མི་འཆད་པ་དང་སེམས་ཅན་ལ་ཕན་པ་དོན་དུ་གཉེར་བའི་འདུན་པ་ཉམས་པ་མི་མངའ་བ་དང་། སྔོན་བླ་མ་བསྟེན་པ་དང་སེམས་ཅན་སྨིན་པ་སོགས་ལ་བརྩོན་འགྲུས་གོམས་པས་གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས་དང་། སྔོན་དྲན་པ་ཉེར་བཞག་སོགས་གོམས་པས་ཆོས་ཀུན་ཇི་ལྟ་བ་བཞིན་གཟིགས་པའི་དྲན་པ་དང་། སྔོན་ཆོས་འཚོལ་བས་མི་ངོམས་པར་ཤེས་རབ་གསུམ་བསྐྱེད་པས། ཆོས་རྣམ་པར་འབྱེད་པའི་ཤེས་རབ་དང་། སྔོན་འདུ་འཛི་སྤངས་ཏེ་དབེན་པར་རྣལ་འབྱོར་དང་རྣམ་ཐར་སོགས་གོམས་པས། སྒྲིབ་པ་དང་བྲལ་བའི་རྣམ་པར་གྲོལ་བ་དང་། སྔོན་གཞན་གྱིས་རྟོགས་ཆེད་ཆོས་སྟོན་པ་དང་རྟེན་འབྲེལ་གྱི་ངང་ཚུལ་ཤེས་པ་ལ་གོམས་པས། ཆོས་ཀུན་ལ་དབང་འབྱོར་བའི་ཤེས་རབ་སྒྲིབ་པ་ལས་རྣམ་གྲོལ་གྱི་ཡེ་ཤེས་ཀྱིས་ཤེས་བྱ་ཀུན་ལ་གཟིགས་པ་ཉམས་མི་མངའ་བའོ། །འདིར་ཏིང་འཛིན་མ་སྨོས་པ་མཉམ་པར་མ་བཞག་པ་མི་མངའ་བའི་ནང་དུ་འདུས་ལ། ཁ་ཅིག་ཏུ་དྲན་པ་མ་སྨོས་པའང་བསྙིལ་བ་མི་མངའ་བར་འདུས་ཤིང་། ལ་ལར་ཐམས་


MR04_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཡོད་པ་ལྟར་ན་འདུན་བརྩོན་གཅིག་ཏུ་བྱས་པའམ། ཡང་ན་རྣམ་གྲོལ་དང་རྣམ་གྲོལ་གྱི་ཡེ་ཤེས་གཅིག་ཏུ་བྱས་ལ། དེ་ལྟར་རྟོགས་པས་བསྡུས་པ་དྲུག་འདི་དེ་བཞིན་གཤེགས་པའི་དབང་པོ་གནས་དང་འབྲས་བུར་བཅས་པ་ལས་མ་ཐོབ་པའི་ཉམས་པ་མི་མངའ་ཞེས་སོ། །གསུམ་པ་མཛད་པས་བསྡུས་པ་གསུམ། །སྔོན་གཡོ་སྒྱུ་ཚུལ་འཆོས་སོགས་བྲལ་བའི་ཚངས་སྤྱོད་གོམས་པ་ལས། སྐུ་ཡི་ལས་རྫུ་འཕྲུལ་ལ་སོགས་པ་དང་། སྔོན་རྫུན་དུ་སྨྲ་བ་སོགས་སྤངས་ཤིང་ཆོས་ཀྱི་གཏམ་སྨྲ་བ་ལ་གོམས་པས། ངག་གི་ལས་ཆོས་སྟོན་པ་སོགས་དང་། སྔོན་བརྣབ་སེམས་སོགས་སྤང་ཞིང་ཡང་དག་ལྟ་བ་གོམས་པས་ཡིད་ཀྱི་ལས་ཏིང་འཛིན་ལ་སོགས་པ་སྟེ། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་རྣམས་ཡེ་ཤེས་སྔོན་དུ་འགྲོ་བ་དང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཉིད་དོ། །བཞི་པ་མཁྱེན་པས་བསྡུས་པ་གསུམ། །སྔོན་འདས་དང་ད་ལྟ་དང་མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཆགས་ཐོགས་མེད་པའི་ཡེ་ཤེས་བརྙེས་པ་ལ་ཡིད་གཉིས་མི་ཟ་བར་བདག་གིས་དེ་ཐོབ་པར་མོས་པ་དང་། བདག་གཞན་ཡང་དེ་ལྟར་འཇུག་པ་གོམས་པར་བྱས་པ་ལས།


MR04_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ལྟར་འདས་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ཀྱི་གཟིགས་པ་འཇུག་པ་སོགས་དུས་གསུམ་ལ་ཡེ་ཤེས་ཀྱི་གཟིགས་པ་སྒྲིབ་པ་མེད་པའོ། །བསྡུས་ཏེ་གཞན་བསྟན་དབྱེ་བ་མེད། །དེ་ལྟར་བཅོ་བརྒྱད་པོ་འདི་དང་གཞན་ཡང་ཆོས་གོས་སོར་བཞི་ཙམ་སྐུ་ལ་མ་རེག་པ་དང་། སྐུ་ཚད་མེད་པ་དང་། ཐམས་ཅད་ཟིལ་གྱིས་གནོན་ཅིང་། ཁྱད་པར་དུ་འཕགས་པའི་སྤྱི་གཙུག་བལྟར་མི་མངོན་པ་དང་། རྩི་སྨན་དང་འདྲ་བར་མཐོང་མ་ཐག་སེམས་ཅན་གྱི་སྐྱོན་ཞི་བར་བྱེད་པ་ལ་སོགས་པ་རྣམས་ཀྱང་སྟོན་པའི་མ་འདྲེས་པའི་ཡོན་ཏན་ཡིན་ནོ། །ལས་དང་ཐོབ་ཚུལ་ཡང་དེ་ལྟར། སྐུ་འཁྲུལ་བ་དང་གསུང་ཅ་ཅོ་དང་ཐུགས་བསྙེལ་བ་དང་། རྣམ་གཡེང་གིས་ཐུགས་གཡོ་བ་དང་འཁོར་འདས་ཐ་དད་ཀྱི་ནི་འདུ་ཤེས་དང་། མ་བརྟག་པར་རང་གིས་བཏང་སྙོམས་དྲང་སྲོང་སངས་རྒྱས་ལ་མེད་ཅིང་། གཞན་ཕན་དོན་གཉེར་གྱི་འདུན་པ་དང་ནི། གཞན་དོན་ལ་སྤྲོ་བའི་བརྩོན་འགྲུས་དང་། དོན་ཀུན་གཟིགས་པའི་དྲན་པ་རྣམ་པར་དག་པ་དང་། དྲི་མ་མེད་པའི་ཤེས་རབ་དང་། རྟག་ཏུ་སྒྲིབ་པ་རྣམ་པར་གྲོལ་བ་དང་། ཤེས་བྱའི་དོན་ཀུན་གཟིགས་པ་རྣམ་པར་གྲོལ་བའི་ཡེ་ཤེས་རྣམས་ལས་ནི་ཉམས་པ་མི་མངའ་བ་དང་། སངས་རྒྱས་གང་གི་སྐུ་གསུང་ཐུགས་


MR04_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལས་གསུམ་པོ་ཐམས་ཅད་ལ་ཡེ་ཤེས་སྔོན་དུ་འགྲོ་ཞིང་རྗེས་སུ་འཇུག་པ་དང་། དུས་གསུམ་གྱི་ཤེས་བྱ་རྣམས་ལ་རྟག་ཏུ་ཆགས་པ་དང་ཐོགས་པ་མེད་པ་མཁྱེན་པ་རྒྱ་ཆེན་བསམ་མི་ཁྱབ་པ་ཇི་སྙེད་པའི་དོན་ལ་འཇུག་པ་སྟེ། དེ་ལྟ་བུའི་མ་འདྲེས་པ་བཅོ་བརྒྱད་པོ་གང་རྟོགས་པ་སྟེ་ཐོབ་ནས་གདུལ་བྱའི་འགྲོ་བར་འཇིགས་པ་མེད་པར་དམ་པའི་ཆོས་ཀྱི་འཁོར་ལོ་ཆེན་པོ་རབ་ཏུ་བསྐོར་བ། སེམས་ཅན་སྡུག་བསྔལ་ལས་བསྒྲལ་བར་བཞེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་བདུད་བཞི་ལས་རྒྱལ་བ་ཉིད་དེ་ནི་སངས་རྒྱས་རྣམས་ཀྱིས་བརྙེས་སོ། །དེ་དག་དཔེ་དང་ལེགས་སྦྱར་རོ། །ས་སོགས་ལ་ཡོད་པའི་ཆོས་སྲ་གཤེར་སོགས་གང་ཡིན་པའི་འདུས་བྱས་ཀྱི་ཆོས་ཉིད་དེ་ནི་ནམ་མཁའི་མཚན་ཉིད་མིན་ལ། ནམ་མཁའི་མཚན་ཉིད་སྒྲིབ་མེད་དང་ཐོགས་མེད་འདུས་མ་བྱས་པ་ལ་སོགས་པའི་མཚན་ཉིད་གང་དེ་འབྱུང་བཞི་གཟུགས་ཅན་གྱི་ཚོགས་ལ་མེད་པ་ལྟར། གཞན་གང་དང་མ་འདྲེས་པས་ནམ་མཁའ་དང་འདྲ་བར་བསྟན་ནས། འོན་ཀྱང་ས་ཆུ་མེ་ང་ནམ་མཁའ་ལྔ་ནི་འབྱུང་བ་ཙམ་དུ་དམིགས་པས་མཚུངས་པ་འཇིག་རྟེན་དག་ན་ཐུན་མོང་སྟེ། མ་འདྲེས་པ་ཉིད་ནི་རྡུལ་


MR04_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་ཙམ་ཡང་འཇིག་རྟེན་དག་ན་ཐུན་མོང་མིན་པས་ནམ་མཁས་ཀྱང་མི་མཚོན་ནོ་ཞེས་སོ། །གཉིས་པ་སྨིན་འབྲས་བཤད་ལ་གཉིས། །མཚོན་བྱ་མཚོན་གྱི་དབྱེ་བ་བཤད། །སྔོན་སློབ་ལམ་དུ་དམ་བཅའ་བརྟན་པར་མཛད་པས། ཞབས་མཐིལ་ལེགས་པར་མཉམ་པར་གནས་པ་དང་། ༡ སྔོན་ཡོ་བྱད་སྣ་ཚོགས་སྦྱིན་པར་བཏང་བས། ཕྱག་ཞབས་ཀྱི་མཐིལ་ན་རྩིབས་སྟོང་གི་འཁོར་ལོའི་མཚན་པ་དང་། ༢ སྔོན་གཞན་ཁྱད་དུ་མ་བསད་པས་ཞབས་ཀྱི་རྟིང་པ་ཡངས་ཤིང་། ཞབས་ཀྱི་ལོང་བུ་མི་མངོན་པར་ཟླུམ་པ་དང་། ༣ ཤེར་ཕྱིན་དུ་གཉིས་སུ་བཤད། སྔོན་སེམས་ཅན་རྣམས་ཆོས་ཀྱིས་བསྐྱབས་པ་ལས། ཕྱག་ཞབས་ཀྱི་སོར་མོ་རིང་བ་དང་། ༤ སྔོན་གཞན་གྱི་འཁོར་མ་ཕྱེ་བས། ཕྱག་ཞབས་ཀྱི་སོར་མོ་རྣམས་ནི་དྲ་བ་ཡིས་ནི་འབྲེལ་པ་དང་། ༥ སྔོན་གོས་བཟང་པོ་སྣ་ཚོགས་བྱིན་པས། པགས་པ་ཤིན་ཏུ་འཇམ་ཞིང་སྐུ་གཞོན་ཤ་ཅན་དུ་གནས་པས་ལེགས་པ་ཉིད་དང་། ༦ སྔོན་བཟའ་བཏུང་མཆོག་ཏུ་གྱ་ནོམ་པ་བྱིན་པས། སྐུ་ཡི་གནས་ནི་བོལ་གང་གཉིས། ཕྱག་རྒྱབ་གཉིས། ཕྲག་སྟེང་གཉིས། ལྟག་པ་སྟེ་བདུན་པོ་དག་མཐོ་བ་


MR04_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྔོན་སངས་རྒྱས་པའི་ཆོས་ཡོངས་སུ་བཟུང་བ། བྱིན་པ་རི་དྭགས་ཨེ༷་ན་ཡ་འདྲ་བར་ཟླུམ་ཞིང་གྲིམས་ལ་རིམ་གྱིས་ཕྲ་བ་དང་། སྔོན་གསང་ཚིག་བསྲུང་ཞིང་འཁྲིག་པ་སྤངས་པས། གསང་གནས་གླང་པོ་ཆེའམ་རྟ་ཅང་ཤེས་བཞིན་དུ་སྦུབས་སུ་ནུབ་པ་དང་། སྔོན་དགེ་བའི་ལས་རྒྱ་ཆེན་པོ་མཐར་གྱིས་སྤྱད་པས། རོ་སྟོད་འཕེལ་ཀ་ཆེ་བ་སེང་གེ་དང་འདྲ་བ་དང་། སྔོན་དགེ་ཆོས་ཡང་དག་པར་སྤྱད་པས། ཕྲག་པ་གཉིས་ཀྱི་ཐལ་གོང་བར་སྟོང་པ་མེད་ཅིང་ཤ་རྒྱས་པ་དང་། སྔོན་གཞན་ལ་མི་འཇིགས་པ་བྱིན་ཞིང་དབུགས་དབྱུང་བས། དཔུང་མགོ་ལེགས་པར་ཟླུམ་ཞིང་ཕྲག་པའི་ལྷུན་མཛེས་པ་དང་། སྔོན་གཞན་གྱི་གྲོགས་བྱ་བ་ལ་སྤྲོ་བས་ཞུགས་པ་ལས། ཕྱག་གི་རེག་བྱ་འཇམ་ཞིང་དབྱིབས་ཟླུམ་ཞིང་སྦོམ་ཕྲ་མཐོ་དམན་མེད་པ་དང་། མ་བཏུད་ཀྱང་ཕྱག་རིང་བ་པུས་མོའི་ལྷ་ངར་སླེབས་པ་དང་། སྔོན་དགེ་བཅུ་མི་ངོམས་པར་སྤྱད་པས། དྲི་མས་ཡོངས་སུ་དག་པའི་སྐུ། འོད་ཀྱི་དཀྱིལ་འཁོར་དང་ལྡན་པ་ཉིད་དང་། སྔོན་ནད་པ་རྣམས་ལ་སྨན་སྣ་ཚོགས་བྱིན་པ་ལས། མགྲིན་པ་དྲི་མ་མེད་པའི་དྲང་རིམ་པ་


MR04_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་འདྲ་བ་དང་། སྔོན་དགེ་བའི་སྦྱོར་བ་ཡོངས་སུ་རྫོགས་པར་བསྒྲུབས་པ་ལས། འགྲམ་པ་རི་དྭགས་རྒྱལ་པོ་སེང་གེ་འདྲ་བར་རྒྱས་པ་དང་། སྔོན་སེམས་ཅན་ལ་སེམས་མཉམ་པར་བྱས་པ་ལས་ཚེམས་ནི་བཞི་བཅུ་ཚང་ཞིང་སྟེང་འོག་ཉི་ཤུ་ཉི་ཤུ་གྲངས་མཉམ་པ་དང་། སྔོན་སེམས་ཅན་མི་མཛའ་བ་རྣམས་བསྡུམས་པ་ལས། རབ་ཏུ་དག་ཅིང་ཚེམས་ཐག་བཟང་བ་དང་། སྔོན་ཡིད་དུ་འོང་བའི་ནོར་བུ་བྱིན་པ་ལས། དྲི་མ་མེད་པས་རྣམ་པར་དག་པའི་ཚེམས་རིང་ཐུང་སྦོམ་ཕྲ་མེད་པར་མཉམ་པ་ཉིད་དང་ནི། སྔོན་སྒོ་གསུམ་གྱི་ལས་ཐམས་ཅད་ཉེས་པའི་དྲི་མས་མ་གོས་པར་སྤྱད་པས། མཆེ་བ་རབ་མཆོག་ཏུ་དུང་ལྟར་དཀར་བ་ཉིད་དང་། སྔོན་ཐམས་ཅད་དུ་བདེན་པའི་ཚིག་བསྲུང་བ་ལས་ལྗགས་རིང་ཞིང་སྲབ་པས་ཞལ་དཀྱིལ་ཁེབ་པ་དང་། སྔོན་ཡིད་དུ་འོང་བའི་རོ་བྲོ་བ་བྱིན་པ་ལས། མཐའ་འམ་ཚད་མེད་ཅིང་ཀུན་གྱིས་བསམ་དུ་མེད་པ་ཡི་རོ་བྲོ༷་བ་ཡི་མཆོག་ཉིད་དུ་རོ་མི་ཞིམ་པ་ཡིན་ཀྱང་མཁྱེན་པའམ་མྱོང་བ་དང་། སྔོན་ཚིག་ངན་སྤངས་ཞིང་སྙན་པར་སྨྲས་པ་ལས། ཀུན་སློང་གི་རྟོག་པ་ལ་མི་ལྟོས་པར། རང་བྱུང་གི་གསུང་ཀ་ལ་པིང་ཀ་ཡི་སྒྲ་


MR04_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྙན་པ་དང་ཚངས་པའི་དབྱངས་ལྟར་རྒྱང་རིང་དུ་ཐོས་པ་ཉིད་དང་། སྔོན་བྱམས་པའི་སྒོ་ནས་གཞན་རྗེས་སུ་བསྐྱངས་པ་ལས། སྤྱན་བཟང་པོ་ཨུཏྤལ་གྱི་འདབ་མ་ལྟར་དཀར་ནག་འབྱེས་ཤིང་དཀྱུས་རིང་བ་དང་། སྔོན་བསམ་པ་སྒྱུ་མེད་པར་མཛད་པ་ལས་རྫི༷་མ་ཁྱུ་མཆོག་གི་རྫི༷་མ་དང་འདྲ་བར་མཐུག་ཅིང་གནག་ལ་མ་འཛིངས་པ་ཉིད་དང་། སྔོན་བསྔགས་འོས་བསྔགས་པ་ལས། ཞལ་དཀྱིལ་མཛེས་ཤིང་དྲི་མ་མེད་པའི་སྨིན་མཚམས་སུ་མཛོད་སྤུ་དཀར་པོ་འཐེན་ན་གྲུ་གང་ལས་རིང་ཞིང་བཞག་ན་གཡས་སུ་འཁྱིལ་བ་དང་ལྡན་པ་དང་། སྔོན་བླ་མ་ལ་གུས་ཤིང་འདུད་པ་བྱས་པ་ལས། གཙུག་ཏོར་སེམས་ཅན་ཐམས་ཅད་ཀྱིས་བལྟར་མི་མངོན་པ་དབུ་ཡི་རྩེ་མོར་ལྡན་པ་དང་། སྔོན་སེམས་ལས་སུ་རུང་བར་བྱས་ཤིང་ཡིད་འོང་གི་མལ་སྟན་བྱིན་པ་ལས། དྲི་མ་དག་ཅིང་མ་འཁུམ་པར་སྲབ་པ་དང་ལྡན་པའི་པགས་པ་གསེར་གྱི་མདོག་འདྲ་བ་སེམས་ཅན་གྱི་མཆོག་སངས་རྒྱས་ལ་མངའ་ཞིང་། འདི་ཤཱཀ་ཐུབ་ཀྱི་དབང་དུ་བྱས་ཀྱི་སྨན་བླ་ལྟ་བུ་ལ་དེའི་དོད་དུ་སྔོན་པོ་བགྲང་ངོ་ཞེས་རོང་སྟོན་གསུངས། རང་གིས་མདངས་བཟང་བའི་ཆ་ནས་


MR04_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་འདྲ་སྙམ་མོ། །སྔོན་འདུ་འཛི་སྤངས་པས་དགེ་བ་སྤེལ་ཏེ་མཁན་སློབ་སོགས་ཀྱི་གདམས་ངག་མཐུན་པར་བཟུང་བ་ལས། བ་སྤུ་རྣམས་ལེགས་པར་ཕྲ་ལ་འཇམ་ཞིང་རེ་རེ་ནས་སྐྱེས་ཏེ་སྐུ་ཡི་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བ་ཉིད་དང་། སྔོན་བརྡེག་པ་དང་མཚོན་ཆ་སོགས་སྤངས་པ་ལས། དབུ་སྐྲ་དྲི་མ་མེད་པའི་རིན་ཆེན་མཐོན་བཞིན་དུ་གནས་པ་དང་། སྔོན་རང་གཞན་ཐམས་ཅད་ཏིང་ངེ་འཛིན་ལ་སྦྱར་བ་ལས། ནྱ་གྲོ་དྷ་ཡོངས་སུ་རྫོགས་པའི་ལྗོན་ཤིང་གི་དཀྱིལ་འཁོར་དང་འདྲ་བར། སྐུ་ཆུ་ཞིང་གབ་པ་ཉིད་དང་། སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་དང་མཆོད་རྟེན་གསོས་པ་དང་། སེམས་ཅན་འཇིགས་པ་རྣམས་དབུགས་དབྱུང་བ་ལས། ཀུན་ཏུ་བཟང་བོ་དཔེ་མེད་པའི་དྲང་སྲོང་ཆེ་སྟེ་སངས་རྒྱས་ནི་སྲེད་མེད་བུ་ཡི་སྟོབས་ལྟ་བུ་མངའ་ཞིང་རྡོ་རྗེ་ལྟར་མཁྲེགས་པའི་སྐུ་ཆེ་ཞིང་དྲང་ལ་ཀུན་ནས་མཛེས་པ་དང་ལྡན་པ་ཉིད་དེ། དེ་ལྟར་ན་ཕལ་པས་བསམ་གྱིས་མི་ཁྱབ་ཅིང་གཟི་བརྗིད་ཀྱི་དཔལ་རབ་ཏུ་འབར་བའི་ཡོན་ཏན་སུམ་ཅུ་གཉིས་པོ་འདི་དག་སྟོན་པ་ཐམས་ཅད་མཁྱེན་པས་མི་དབང་སངས་རྒྱས་རྣམས་སྐྱེས་བུ་ཆེན་པོར་མཚོན་པའི་མཚན་དུ་མདོ་སྡེ་ལས་གསུངས་


MR04_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །མཚོན་བྱེད་དཔེ་དང་སྦྱར་ཏེ་བསྡུ། །དཔེ་ཇི་ལྟར་ན་སྤྲིན་མེད་པའི་སྟོན་དུས་སུ་ནམ་མཁའ་ཡི་དཀྱིལ་དུ་ཟླ་བའི་གཟུགས་ཉ་གང་བ་མཐོང་བ་དང་། དེ་སྟོན་ཀའི་དུས་ཀྱི་ཆུ་སྔོན་པོ་དྭངས་ཤིང་དྲི་མེད་ཀྱིས་གང་བའི་མཚོར་ནི་མཐོང་བ་ལྟར། དེ་བཞིན་དུ་རྒྱལ་སྲས་ས་བཅུ་པ་རྣམས་དང་ཕལ་པའི་ཚོགས་རྣམས་ཀྱི་ཁྱབ་བདག་སངས་རྒྱས་ཀྱི་གཟུགས་སྐུ་གཉིས་པོ་དེ་ཡང་རྫོགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་དང་འཇིག་རྟེན་གྱི་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར་རོ། །དེ་དག་སྟོན་པའི་ལུང་ལས་རྟོགས། །སྟོབས་སོགས་ཡོན་ཏན་དྲུག་ཅུརྩ་བཞི་པོ་འདི་དག་སོ་སོར་ཆོས་སྐུ་ལ་ཡོད་པ་བྲལ་རྒྱུ་དང་། གཟུགས་སྐུ་ལ་ཡོད་པ་སྨིན་རྒྱུའི་རྒྱུ་དང་བཅས་ཏེ། འདིར་བསྟན་པའི་གོ་རིམ་ཇི་བཞིན་བུ་མོ་རིན་ཆེན་གྱི་ཞུས་པའི་ཐེག་པ་ཆེན་པོའི་མན་ངག་ཅེས་པའི་མདོ་ཡི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །སླར་ཡང་བསྟན་ལ་རྣམ་པ་གཉིས། །དཔེ་དོན་མཚུངས་ཆོས་སྤྱིར་བསྟན་པ། །དེ་དག་སྦྱར་ཏེ་སོ་སོར་བཤད། །དེ་ཡང་དང་པོ་སྤྱིར་བསྟན་པ། །སྟོབས་ནི་མི་མཐུན་ཕྱོགས་ཀྱིས་མི་ཕྱེད་པ་དང་། མི་འཇིགས་པ་ནི་སྤོབས་པ་


MR04_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཞན་པ་དང་། མ་འདྲེས་པ་ནི་ཉན་རང་སོགས་དང་མཚུངས་པ་མེད་ཕྱིར་དང་། གཟུགས་སྐུ་གཉིས་ཆོས་སྐུ་ལས་གཡོ་བ་མེད་པའི་ཕྱིར། རིམ་བཞིན་དུ་རྡོ་རྗེ་དང་སེང་གེ་དང་ནམ་མཁའ་དང་དག་པའི་ཆུ་ཡི་ནང་དུ་འཆར་བ་དང་བཅས་པའི་ཟླ་བའི་དཔེས་བསྟན་ཏོ། །སོ་སོར་བསྟན་པ་ལ་ཡང་གཉིས། །བྲལ་འབྲས་ཆོས་སྐུའི་ཡོན་ཏན་དང་། །སྨིན་འབྲས་གཟུགས་སྐུའི་ཡོན་ཏན་བཤད། །དང་པོ་ལ་ཡང་གཉིས་ཡིན་ཏེ། །ཕྱེ་སྟེ་དཔེ་ཡིས་མཚོན་ཚུལ་དང་། །བསྡུས་ཏེ་དབྱེ་བ་མེད་ཚུལ་ལོ། །མཚོན་ཚུལ་ལ་ཡང་རྣམ་གསུམ་ལས། སྟོབས་རྣམས་རྡོ་རྗེས་མཚོན་ཚུལ་གཉིས། །དང་པོ་སོ་སོར་མཚོན་ཚུལ་དང་། །སྟོབས་བཅུ་རྡོ་རྗེ་དང་འདྲ་བ་རྣམས་ལས་ནི་གནས་དང་གནས་མིན་མཁྱེན་པ་སོགས་སྟོབས་དང་པོ་དྲུག་དང་། ཉོན་མོངས་དྲི་མ་མེད་པ་སོགས་སྟོབས་བར་མ་གསུམ་དང་། ཟག་ཟད་མཁྱེན་པའི་སྟོབས་ཕྱི་མ་གཅིག་གིས་རིམ་པ་བཞིན་དུ་ཤེས་བྱ་དང་སྙོམས་པར་འཇུག་པ་དང་བག་ཆགས་དང་བཅས་པའི་སྒྲིབ་པ་ཀུན་བསལ་བས་གོ་ཆ་སྲ་བ་དང་རྩིག་པ་བརྟན་པ་དང་ཤིང་མཐུག་པོ་བཞིན་དུ་ཕུག་དང་བཤིག་དང་བཅད་ཕྱིར་རོ། །གཉིས་པ་ཐུན་མོང་མཚོན་ཚུལ་ལོ། །


MR04_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བརླིང་བ་ཉིད་དང་། སྙིང་པོ་ཉིད་དང་བརྟན་པ་ཉིད་དང་མི་ཕྱེད་པས་ཏེ་ཆོས་དེ་བཞིས། དྲང་སྲོང་སངས་རྒྱས་ཀྱི་སྟོབས་ནི་རྡོ་རྗེ་དང་འདྲའོ། །དེ་བཤད་པ། གང་གི་ཕྱིར་བརླིང་བ་ཡིན་ཞེ་ན། འཁོར་འདས་ཀྱི་ཆོས་ཀུན་གྱི་སྙིང་པོས་ཏེ་སྙིང་པོ་ཡིན་པའི་ཕྱིར་རོ། །གང་ཕྱིར་སྙིང་པོ་ཡིན་ན། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པས་བརྟན་པའི་ཕྱིར་རོ། །གང་ཕྱིར་བརྟན་པ་ཡིན་ན། རྣམ་རྟོག་དང་མཚན་མ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་མི་ཕྱེད་པའི་ཕྱིར་རོ། །དེ་ལྟར་སྤང་བྱ་ཐམས་ཅད་འཇོམས་ཤིང་ཚུར་གང་གིས་ཀྱང་མི་ཚུགས་པས་མི་ཕྱེད་པའི་ཕྱིར་ན་སྟོབས་བཅུ་བོ་རྡོ་རྗེ་བཞིན་ནོ། །མི་འཇིགས་སེང་གེས་མཚོན་ཚུལ་གཉིས། །མདོར་བསྟན་པ་དང་བཤད་པའོ། །བསྟན་པ། སུ་ལ་ཡང་འཇིགས་པ་མེད་ཕྱིར་དང་གཞན་ལ་ལྟོས་མེད་ཕྱིར་དང་། བློ་གྲོས་བརྟན་ཕྱིར་དང་ཡོན་ཏན་གྱི་རྩལ་ནི་ཕུན་སུམ་ཚོགས་པས། ཐུབ་པ་མི་ཡི་སེང་གེ་ནི་སེང་གེ་བཞིན་དུ་འཁོར་གྱི་ཚོགས་སུ་འཇིགས་པ་མི་མངའ། རྒྱས་བཤད། དེ་ལ་ཤེས་བྱ་ཀུན་མངོན་སུམ་དུ་མཁྱེན་པས་དྲི་བ་ཀུན་ལུང་སྟོན་ནུས་པས་ཕས་རྒོལ་སོགས་སྐྱེ་


MR04_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བོ་གང་ལས་ཀྱང་འཇིགས་པ་མེད་པར་ནི་རྣམ་པར་གནས་པ་དང་། སྒྲིབ་པ་ཕལ་ཆེར་དག་པའི་སེམས་ཅན་ས་བཅུ་པ་དང་ཡང་བདག་ཉིད་མི་མཉམ་པར་གཟིགས་པའི་ཕྱིར་གཞན་སུ་ལ་ཡང་ལྟོས་པ་མེད་པ་དང་། ཐུགས་ནི་ཇི་ལྟ་ཇི་སྙེད་ཀྱི་ཆོས་རྣམས་ཐམས་ཅད་ལ། རྣམ་པར་མི་རྟོག་ཅིང་རྩེ་གཅིག་ཏུ་གནས་པའི་ཕྱིར་ན་ཏིང་འཛིན་བརྟན་པ་ཉིད་དང་། མཆོག་ཏུ་སྤང་དཀའ་བ་མ་རིག་བག་ཆགས་ཀྱི་ས་ཡི་སྒྲིབ་པ་ཤིན་ཏུ་ཕྲ་བ་ལས་ཀྱང་ལེགས་པར་བརྒལ་བའི་ཕྱིར་མི་མཐུན་ཕྱོགས་འཇོམས་པ་ལ་རྩལ་ཕུན་སུམ་ཚོགས་ནི་གེགས་ཅི་ཡང་མེད་པའི་ཡོན་ཏན་དང་ལྡན་ནོ། །མ་འདྲེས་ནམ་མཁས་དཔེས་མཚོན་ནས། འཇིག་རྟེན་སོ་སོའི་སྐྱེ་བོ་བདག་ཏུ་འཛིན་པ་དང་ཉན་ཐོས་གང་ཟག་གི་བདག་མེད་རྟོགས་པ་དང་། ཞི་བ་མཐའ་གཅིག་ཏུ་སྤྱོད་པ་རང་རྒྱལ་བདག་མེད་ཕྱེད་གཉིས་རྟོགས་པ་དང་། བློ་ལྡན་བྱང་སེམས་བདག་མེད་གཉིས་རྟོགས་པ་དང་། རང་བྱུང་སངས་རྒྱས་ཤེས་བྱ་ཀུན་མངོན་སུམ་དུ་མཁྱེན་པ་རྣམས་གོང་ནས་གོང་དུ་བློ་དག་ནི་ཕྲ་ཞིང་ཟབ་པ་མཆོག་ཏུ་གྱུར་པའི་ཕྱིར་དཔེ་ནི་ས་ཆུ་སོགས་རྣམ་པ་ལྔ་སྟེ་སྔ་མ་སྔ་མ་རགས་ཤིང་ཕྱི་མ་ཕྱི་མ་ཕྲ་ཞིང་ཟབ་པ་དང་འདྲའོ་


MR04_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་སངས་རྒྱས་ཀྱི་ཡོན་ཏན་ནི། འཇིག་རྟེན་ཀུན་ཀྱི་ཉེར་འཚོའི་གཞི་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར། ས་ཡིས་རྟེན་བྱེད་པ་དང་། ཆུ་ཡིས་སྡུད་པར་བྱེད་པ་དང་། མེ་ཡིས་སྨིན་པར་བྱེད་པ་དང་། རླུང་གིས་མི་འདྲུལ་བར་བྱེད་པ་རྣམས་ཀྱི་འཇིག་རྟེན་གྱི་ཉེར་འཚོ་བྱེད་པ་དང་མཚུངས་ཤིང་། ཡང་ན་སངས་རྒྱས་ནི་འཇིག་རྟེན་པ་སོ་སྐྱེ་བ་རྣམས་དང་། འཇིག་རྟེན་ལས་འདས་པ་ཉན་ཐོས་ལ་སོགས་པ་ཡི་མཚན་ཉིད་ལས་འདས་པས་ཐུན་མོང་མིན་ཕྱིར་ས་སོགས་ལས་འདས་པའི་ནམ་མཁའ་ཇི་ལྟ་བ་བཞིན་ནོ། །བསྡུས་ཏེ་དབྱེ་བ་མེད་ཚུལ་ལོ། །དེ་ལྟར་ཡོན་ཏན་སུམ་ཅུ་ནི་རྩ་གཉིས་པོ་འདི་རྣམས་རང་དོན་དོན་དམ་ཆོས་སྐུས་རབ་ཏུ་ཕྱེ་ཞིང་དེའི་ངང་དུ་དབྱེར་མེད་དུ་གནས་པ་སྟེ། ནོར་བུ་རིན་ཆེན་གྱི་འོད་དང་མདོག་དང་དབྱིབས་རྣམས་དབྱེ་བ་མེད་པ་བཞིན་དུ་འདི་རྣམས་ཀྱང་ཆོས་སྐུ་གཅིག་གི་ངང་དུ་དབྱེ་བ་མེད་ཕྱིར་རོ། །སྨིན་འབྲས་གཟུགས་སྐུའི་ཡོན་ཏན་གཉིས། །མཚན་རྣམས་སྐུ་གཉིས་ལ་གནས་ཚུལ། །མཚན་བཟང་པོས་བརྒྱན་པའི་སྐུ་མཐོང་བ་ཙམ་ན་སྐྱེས་བུ་ཆེན་པོའོ་ཞེས་ཡིད་ཚིམ་པར་བྱེད་པའི་རྣམ་སྨིན་གྱི་ཡོན་ཏན་གང་ཡིན་པ་སུམ་ཅུ་རྩ་གཉིས་ཞེས་


MR04_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་འདི་ཉིད་སྤྲུལ་པའི་སྐུ་དང་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ནི་ལོངས་སྤྱོད་པ། ལོངས་སྤྱོད་རྫོགས་སྐུ་སྟེ་གཟུགས་སྐུ་གཉིས་ལ་བརྟེན་ནོ། །གཟུགས་སྐུ་ཟླ་བའི་དཔེས་མཚོན་ཚུལ། །གཟུགས་སྐུ་མཐོང་བའི་གེགས་སྒྲིབ་པ་རྣམ་པར་དག་པ་ལས་རིང་བ་སོ་སྐྱེ་དང་ཉན་ཐོས་སོགས་དང་། ཉེ་བ་ས་བཅུའི་བྱང་སེམས་ཆེན་པོ་རྣམས་ལ་འཇིག་རྟེན་དང་རྒྱལ་བའི་དཀྱིལ་འཁོར་དུ་ཆུ་དྭངས་པར་ཟླ་བའི་གཟུགས་བརྙན་མཐོང་བ་དང་། ནམ་མཁའ་ལ་ཟླ་བའི་གཟུགས་དངོས་མཐོང་བ་བཞིན་དུ། སྐུ་གཉིས་པོ་དེ་མཐོང་བ་དག་གི་གདུལ་བྱའི་རིགས་ནི་རྣམ་པ་གཉིས་ཡིན་ཏེ། དེ་ལྟར་སངས་རྒྱས་ཀྱི་གཟུགས་སྐུ་དངོས་དང་། དེའི་གཟུགས་བརྙན་ཡིན་པས་དཀྱིལ་འཁོར་གཉིས་ཞེས་སོ། །ལེའུ་གསུམ་པའི་ས་བཅད་རྫོགས་སོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས་ཡོན་ཏན་གྱི་སྐབས་ཏེ་གསུམ་པའོ། །རྟོགས་བྱའི་ཕྲིན་ལས་དོན་ལ་གཉིས། །ལྷུན་གྲུབ་རྒྱུན་མི་འཆད་པར་བསྟན། །དེ་ཉིད་དཔེ་ཡིས་ངེས་པར་བྱ། །དང་པོ་ལ་ཡང་བསྟན་བཤད་གཉིས། །མདོར་བསྟན་ལ་གཉིས་ལྷུན་གྲུབ་དང་། །


MR04_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ན། མཐའ་ཡས་པའི་གདུལ་བྱའི་ཁམས་དང་བསམ་པ་དང་བག་ཉལ་ཐམས་ཅད་མཁྱེན་ཡང་འདི་དང་འདིའོ་ཞེས་རྣམ་པར་རྟོག་པ་དང་འབད་རྩོལ་མེད་པར་ལྷུན་གྲུབ་ཏུ་འཇུག་པ་དང་། དེ་བཞིན་དུ་གདུལ་བྱའི་བསམ་པ་དང་མཐུན་པར་ཞི་དྲག་སོགས་འདུལ་བའི་ཐབས་སྣ་ཚོགས་པར་སྟོན་པ་ལ་འབད་རྩོལ་མེད་པར་ལྷུན་གྲུབ་ཏུ་འཇུག་པ་དང་ནི་གདུལ་བྱའི་ཁམས་ཀྱི་དབང་གི་གདུལ་བྱའི་བྱ་བ་མངོན་མཐོ་དང་ངེས་ལེགས་ལ་འགོད་པ་ལ་འབད་རྩོལ་མི་མངའ་བ་དང་། གདུལ་བྱ་གང་ན་ཡོད་པ་དེ་ཡི་ཡུལ་འཇིག་རྟེན་ཁམས་མཐའ་ཡས་རྣམས་སུ་གཤེགས་པ་དང་། གདུལ་བྱ་འདུལ་བའི་དུས་རྣམས་སུ་གཤེགས་པ་ལ། ཁྱབ་བདག་སངས་རྒྱས་ནི་དུས་རྟག་ཏུ་འབད་མེད་ལྷུན་གྱིས་གྲུབ་པར་འཇུག་པ་ཡིན་ནོ། །རྒྱུན་མི་འཆད་པ་མདོར་བསྟན་ཏོ། །ངེས་འབྱིན་གྱི་རྒྱུ་གཟུགས་དང་ཏིང་འཛིན་སོགས་ཡོན་ཏན་རིན་ཆེན་མཆོག་གི་ཚོགས་རྣམས་དང་ལྡན་ཞིང་། དྲི་མེད་ཡེ་ཤེས་ཀྱི་ཆུ་ཡིས་གང་བའི་མཚོ་ཆེན་པོ་ས་བཅུ་དང་། ཉེར་སྟོན་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སེམས་ཅན་སྨིན་


MR04_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་ཉི་འོད་ཅན་འདིས་འགྲོ་བ་ལམ་གྱི་ཐེག་པ་མ་ལུས་པ་ངེས་པར་བསྒྲུབས་པའི་རྒྱུ་ཕུན་ཚོགས་དང་ལྡན་ཏེ་དེ་དག་གི་འབྲས་བུ་ཕུན་ཚོགས་མཐའ་དང་དབུས་མེད་པའི་རྒྱ་ཆེན་པོར་གྱུར་པ་ནམ་མཁའ་ལྟར་ཁྱབ་པ་ཡི་བྱང་ཆུབ་ཆེན་པོ་ཐོབ་པའོ། །བྱང་ཆུབ་ཐོབ་ནས་ཀྱང་དོན་དམ་པའི་སངས་རྒྱས་ཉིད་ནི་སྟོབས་སོགས་ཀྱི་ཡོན་ཏན་དྲི་མ་མེད་པ་དང་ལྡན་པ་གཏེར་ལྟ་བུར་སེམས་ཅན་ཀུན་ལ་ཁྱད་མེད་དུ་གནས་པར་རྣམ་གཟིགས་ནས། དེ་དག་ཡོངས་སུ་འཛིན་པར་མཛད་པ་དང་། ཡོངས་སུ་འཛིན་པའི་རྒྱུ་མཚན་ཡང་རང་བཞིན་རྣམ་དག་ཁམས་ནམ་མཁའ་འདྲ་བ་དེ་ལ་སྒྲིབ་བྱེད་གློ་བུར་བ་ཉོན་མོངས་དང་ཤེས་བྱའི་སྤྲིན་གྱི་དྲ་བ་བསལ་དགོས་པའི་ཕྱིར་དང་། སེལ་བྱེད་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་རླུང་ཤུགས་དྲག་པོ་དག་གིས་རྣམ་པར་གཏོར་བར་ནུས་པའི་མཛད་པ་རྒྱུན་མི་འཆད་དོ། །རྒྱས་བཤད་ལ་གཉིས་ལྷུན་གྲུབ་བཤད། །གདུལ་བྱ་གང་ཞིག་ཐབས་གང་གིས་གདུལ་བ་ཡི་བྱ་བ་གང་། གནས་གང་དུ། དུས་གང་གི་ཚེ་འདུལ་བ་ལ་དེ་དང་དེ་ཡི་ཕྲིན་ལས་འཇུག་པ་ལ་རྣམ་རྟོག་སྐྱེ་བ་མེད་ཅིང་འབད་རྩོལ་གྱི་གཡོ་བ་མེད་ཕྱིར་ཐུབ་པ་སངས་རྒྱས་ནི་རྟག་ཏུ་


MR04_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ་པར་འཇུག་ཅིང་། དེ་ལ་བསམ་པ་སྣ་ཚོགས་པའི་གདུལ་བྱའི་ཁམས་དང་ནི་གང་ཞིག་གི་ཆེད་དུ། རང་རང་གི་མོས་པ་དང་མཐུན་པར་ཐེག་གསུམ་ལ་སོགས་པའི་གདུལ་བའི་ཐབས་མང་པོ་གང་དང་གང་གིས་འདུལ་བ་དང་། གནས་སྐབས་མངོན་མཐོ་དང་མཐར་ཐུག་ངེས་ལེགས་ལྟ་བུའི་གདུལ་བྱའི་བྱ་བ་གང་ཡིན་པ་དང་གང་དུ་ནི་འདུལ་བ་དང་གང་གི་ཚེ་འདུལ་བའི་ཡུལ་དང་དུས་དེ་དག་ཏུ་འདུལ་བ་ལ་ལྷུན་གྲུབ་ཏུ་འཇུག་གོ །རྒྱུན་མི་འཆད་པ་བཤད་ལ་ལྔ། །མིང་གི་དབྱེ་བ་བསྟན་པ་གཅིག་ཕྲིན་ལས་འབྱུང་བའི་ངེས་འབྱིན་གྱི་རྒྱུ་དང་། དེ་ཡི་ཉེ་བར་སྟོན་པ་ཡི་རྐྱེན་དང་། རྒྱུ་རྐྱེན་དེ་དག་ལས་འབྲས་བུ་གྲུབ་ཚུལ་དང་། འབྲས་བུ་དེ་ཡི་ཕྲིན་ལས་འཇུག་པའི་ཡུལ་ཡོངས་སུ་འཛིན་པ་དང་། ཚུལ་དེ་དག་གི་སྒྲིབ་པ་སྦང་བར་བྱ་བ་དང་སྒྲིབ་པ་དེ་གཅོད་པར་བྱེད་པའི་ཕྲིན་ལས་ཀྱི་རྐྱེན་རྣམས་ལ་ནི། རྣམ་པར་རྟོག་པ་མེད་པར་རང་གིས་འཇུག་པའི་ཕྱིར་རོ། །དོན་གྱི་ངོ་བོ་བཤད་པ་གཉིས། །དོན་གྱི་རྒྱུ་མཚན་དྲུག་པོ་དེ་གང་ཞེ་ན། མཐར་ཐུག་ཏུ་ངེས་པར་འབྱིན་པ་སྟེ་འབྱིན་པར་བྱེད་པ་ནི་ས་བཅུ་སྟེ། ཚོགས་གཉིས་པོ་དག་ནི་ས་བཅུ་པོ་དེ་ཡི་ཡོན་ཏན་


MR04_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གོང་དུ་འཕེལ་ཞིང་སྟོན་པའི་རྒྱུའོ། །དེ་ཡི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་མཆོག་ཡིན་ཏེ། བྱང་ཆུབ་ཐོབ་ནས་ཀྱང་སེམས་ཅན་ཡོངས་སུ་འཛིན་པ་དང་། དེའི་རྒྱུ་མཚན་ཡང་སྙིང་པོ་དེ་སྒྲིབ་བྱེད་མཐའ་ཡས་པའི་ཉོན་མོངས་དང་། ཉེ་བའི་ཉོན་མོངས་པ་བག་ཆགས་དང་བཅས་པ་རྣམས་སོ། །དུས་ཀུན་ཏུ་ནི་སྒྲིབ་པ་དེ་འཇོམས་པར་བྱེད་པའི་རྐྱེན་ནི་ཐུགས་རྗེ་ཆེན་པོ་ཡིན་ནོ། །སངས་རྒྱས་ཀྱི་སྙིང་པོ་ཅན་དུ་གཟིགས་ནས། དེ་དག་དཔེ་ཡིས་མཚོན་ཚུལ་གསུམ། །དེ་ལྟར་ན་གནས་དྲུག་པོ་ནི་འདི་དག་རྣམས་གོ་རིམ་ཇི་བཞིན་ས་བཅུ་རྒྱ་མཚོ་ལྟ་བུ་དང་། ཚོགས་གཉིས་ཉི་མ་དང་ནི་བྱང་ཆུབ་ནམ་མཁའ་དང་གཟུང་བྱ་སེམས་ཅན་གྱི་ཁམས་གཏེར་ལྟ་བུ་དང་། དེའི་དྲི་མ་ཉོན་མོངས་རྣམས་སྤྲིན་དང་དེ་འཇོམས་པའི་ཐུགས་རྗེ་ཆེན་པོ་རླུང་བཞིན་ཤེས་པར་བྱའོ། །དཔེ་དོན་རྒྱས་པར་བཤད་པ་བཞི། །དེ་ལ་ཅིའི་ཕྱིར་འདྲ་ན། ཡེ་ཤེས་ཀྱི་ཆུ་མངོན་ཤེས་ལ་སོགས་པའི་ཡོན་ཏན་གྱི་རིན་ཆེན་དང་ལྡན་པའི་ཕྱིར་ན་ས་རྣམས་རྒྱ་མཚོ་བཞིན་ནོ། །སེམས་ཅན་ཐམས་ཅད་ལ་ཕན་བདེའི་ཉེར་འཚོའི་སྟེ་ཉེར་འཚོའི་གཞི་ཡིན་པའི་ཕྱིར། ཚོགས་གཉིས་དག་ནི་ཉི་མ་བཞིན་དང་།


MR04_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་ཁྱབ་པས་རྒྱ་ཆེ་བ་མཐའ་དང་དབུས་མེད་ཕྱིར། བྱང་ཆུབ་ནི་ནམ་མཁའི་ཁམས་བཞིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཉིད་ཡོན་ཏན་གྱི་འབྱོར་བ་ཟད་མི་ཤེས་པ་དང་བཅས་པའི་ཕྱིར། སེམས་ཅན་གྱི་ཁམས་ནི་གཏེར་དང་འདྲ་བའོ། །སྤང་བྱ་གློ་བུར་བ་ཡིན་པ་དང་། རང་བཞིན་ལ་ཁྱབ་པར་བྱེད་པ་དང་། ཁམས་ཀྱི་རང་བཞིན་དུ་མ་གྲུབ་པའི་ཕྱིར་ཁམས་རྣམ་དག་དེ་ཡི་སྒྲིབ་པ་ཉོན་མོངས་ནི་སྤྲིན་ཚོགས་བཞིན་དང་། སྒྲིབ་པ་དེ་འཐོར་བར་བྱེད་པའི་ལམ་སྟོན་པ་ནི་ཉེར་གནས་ཉེ་བར་གནས་པའི་ཕྱིར། ཐུགས་རྗེ་ཆེན་པོ་ནི་མི་བཟད་དེ་ཤུགས་དྲག་པོའི་ང་དང་འདྲའོ། །བསྡུས་ཏེ་རྒྱུན་མི་འཆད་ཚུལ་ལོ། །སྔོན་ས་བཅུར་ཚོགས་གཉིས་སྒྲུབ་སྐབས་སེམས་ཅན་ཐམས་ཅད་བསྒྲལ་བར་དམ་བཅས་ཏེ་གཞན་གྱི་དོན་དེ་ཁོ་ནའི་དབང་གིས་ངེས་པར་འབྱུང་བའི་ཕྱིར་དང་། ད་ལྟ་བྱང་ཆུབ་ཐོབ་པ་ན་བདག་ཉིད་དང་སེམས་ཅན་གཉིས་དབྱིངས་རང་བཞིན་གྱིས་དག་པར་མཚུངས་པར་གཟིགས་ནས་ཕྲིན་ལས་དོན་ཡོད་པར་མཁྱེན་པ་དང་། འཇིག་རྟེན་མཐའ་ཡས་པའི་སེམས་ཅན་གྱི་སྒྲིབ་པ་གཅོད་པའི་ཐུགས་རྗེ་ཆེན་པོའི་མཛད་པ་ཡོངས་སུ་


MR04_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྫོགས་པའི་ཕྱིར་ན། འཁོར་བ་ཇི་སྲིད་དུ་མཛད་པ་རྒྱུན་མི་འཆད་དོ། །དེ་ཉིད་དཔེ་ཡིས་ངེས་བྱ་བཞི། །སྡོམ་དུ་བསྡུས་ཏེ་དཔེས་དབྱེ་བ། །ཕྲིན་ལས་དེ་ཉིད་དཔེས་ངེས་པར་བྱ་བ་ནི། སངས་རྒྱས་འདུས་མ་བྱས་ཡིན་ཀྱང་སྐྱེ་འགག་ཏུ་སྣང་བ་དང་། རྟོག་པ་མེད་ཀྱང་ལྷུན་གྱིས་གྲུབ་པ་དང་། རྒྱུན་མི་འཆད་དུ་འཇུག་པ་མི་འགལ་བར་སྟོན་ཏེ། སྐུ་སྣང་བ་བརྒྱ་བྱིན་གྱི་དཔེ་དང་། གསུང་ལེགས་འདོམས་རྔ་སྒྲ་དང་། ཐུགས་མཁྱེན་བརྩེའི་ཁྱབ་པ་སྤྲིན་དང་། སྤྲུལ་པ་སྣ་ཚོགས་སྟོན་པ་ཚངས་པ་དང་། ཡེ་ཤེས་སྤྲོ་བ་ཉི་མ་དང་། ཐུགས་གྱི་གསང་བ་ནོར་བུ་རིན་ཆེན་བཞིན་དང་། དེ་བཞིན་གཤེགས་པ་ཡི་གསུང་གི་གསང་བ་སྒྲ་བརྙན་བཞིན་དང་། སྐུའི་གསང་བ་ནམ་མཁའ་དང་ནི་གཞན་དོན་མཛད་པར་ས་གཞི་བཞིན་ནོ། །དོན་དང་སྦྱར་ཏེ་སོ་སོར་བཤད། །དགོས་པ་བརྗོད་དེ་སྐབས་དོན་བསྡུ། །སླར་ཡང་བསྡུས་ཏེ་ཁྱད་པར་བཤད། །སོ་སོའི་ངོ་བོའི་རྣམ་པ་དགུ། །རྣམ་འཕྲུལ་སྟོན་ཚུལ་དབང་པོའི་དཔེས། །དང་པོ་བསྟན་པ་འདི་ལ་གསུམ། །རྣམ་རྟོག་མེད་ཀྱང་གཞན་དོན་འགྲུབ། །དེ་ཉིད་ལེགས་པར་སྦྱར་ཏེ་བཤད། །བསྡུས་ཏེ་སྐྱེ་འགག་མེད་ཚུལ་ལོ། །


MR04_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་མེད་གཞན་དོན་འགྲུབ་ལ་གཉིས། །མཚོན་བྱེད་དཔེ་དང་མཚོན་བྱ་དོན། །དཔེ་ལ་ཡང་ནི་བཞི་ཡིན་ཏེ། །དག་པའི་ས་གཞིར་གཟུགས་བརྙན་འཆར། །ཇི་ལྟར་རིན་ཆེན་བཻཌཱུར་ཡི་དག་པ་ཡི་རང་བཞིན་ཅན་ཞིག་ཏུ་འཛམ་གླིང་གི་ས་སྟེང་འདི་མ་ལུས་པར་གྱུར་ཏེ་མེ་ལོང་དྭངས་པར་གཟུགས་ཤར་བ་ལྟར་ས་དེ་ཤིན་ཏུ་དག་པའི་ཕྱིར་ན་རི་རབ་ཀྱི་རྩེ་ཡི་ལྷ་ཡི་དབང་པོ་དེ་འཁོར་ལྷ་ཡི་བུ་མོའི་ཚོགས་སོགས་འཁོར་དཔག་མེད་དང་བཅས་པ་དང་། གཙོ་བོའི་གནས་རྣམ་པར་རྒྱལ་བའི་ཁང་བཟང་མཆོག་ཏུ་མཛེས་པ་དང་། ལྷ་གནས་དེ་ལས་གཞན་པ་གྲོང་ཁྱེར་ལྟ་ན་སྡུག་པ་དག་དང་། ལྷ་དབང་དེ་ཡི་གཞལ་ཡས་ཁང་འཁོར་ལོས་འདྲེན་པ་སོགས་བཀོད་པ་སྣ་ཚོགས་པ་དང་། ས་གཞི་དང་ཤིང་དང་ལམ་སྲང་སོགས་ཡིད་དུ་འོང་བའི་ལྷ་རྫས་ཀྱི་ཡོ་བྱད་རྣམ་པ་མང་པོ་དེ་གཟུགས་བརྙན་གྱི་ཚུལ་དུ་མཐོང་ངོ་། །དེ་ཡིས་དགེ་བའི་ལས་ལ་སྦྱོར། །དེ་ལྟར་མཐོང་བ་དེ་ནས་འཛམ་གླིང་གི་སྐྱེས་པ་བུད་མེད་ཚོགས། ས་ཡི་སྟེང་ན་གནས་པ་ཡི་མི་དེ་དག་རྣམས་ཀྱིས་འབྱོར་པ་ཚད་མེད་པ་དེ་ལྟ་བུའི་སྣང་བ་དེ་ནི་མཐོང་གྱུར་ཏེ། ངེད་ཅག་ཀྱང་རིང་པོར་མི་ཐོགས་པར་ལོངས་སྤྱོད་ཕུན་སུམ་ཚོགས་པའི་ལྷ་ཡི་དབང་པོ་


MR04_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འདྲར་མྱུར་དུ་གྱུར་ཅིག་ཅེས། དེ་འདྲའི་སྨོན་ལམ་མང་པོ་འདེབས་པར་བྱེད་ཅིང་། བརྒྱ་བྱིན་དེ་ཐོབ་པའི་དོན་དུ་ཚུལ་ཁྲིམས་སྣ་རེ་བསྲུང་བ་ལ་སོགས་པའི་དགེ་བ་ནི་སྦྱོར་བས་ཡང་དག་པར་བླངས་ཏེ་གནས་པར་གྱུར་ཏོ། །ལས་དེས་འདོད་པའི་གོ་འཕང་ཐོབ། །མི་དེ་དག་ཚུལ་ཁྲིམས་བསྲུང་བ་སོགས་དཀར་པོ་དགེ་བའི་ལས་དེས་ནི། བརྒྱ་བྱིན་སོགས་མཐོང་བ་འདི་གཟུགས་བརྙན་གྱི་སྣང་བ་ཙམ་ཡིན་གྱི་ལྷ་སོགས་ཀྱི་དངོས་པོ་འདིར་འོང་བ་ནི་མ་ཡིན་ནོ་ཞེས་དེ་ལྟ་བུར། ཤེས་པ་མེད་ཀྱང་གཟུགས་བརྙན་ལ་ངོ་བོར་བཟུང་ནས་དགེ་བ་སྤྱད་པའི་དབང་གིས་ས་སྟེང་ནས་འཕོས་ཏེ་ལྷ་རུ་སྐྱེ་བར་འགྱུར་རོ། །འབད་པ་མེད་པར་དོན་དུ་འགྱུར། །བཻཌཱུརྱའི་ས་གཞིར་བརྒྱ་བྱིན་གྱི་སྣང་བ་ཤར་བ་དེ་ནི་ཤིན་ཏུ་ཡང་། འཛམ་བུའི་གླིང་པ་རྣམས་དགེ་བ་ལ་གཞུག་པར་བྱའོ་སྙམ་པའི་རྟོག་པ་མེད་ཅིང་འབད་རྩོལ་གྱིས་གཡོ་བ་མེད་ལ། དེ་ལྟ་མོད་ཀྱི་འོན་ཀྱང་ས་སྟེང་ན་གནས་པའི་མི་རྣམས་དངོས་སུ་དགེ་བ་དང་བརྒྱུད་ནས་མངོན་འདོད་ཀྱི་གོ་འཕང་ལ་སྦྱོར་བས་ན་དོན་ཆེན་པོ་ཉིད་ཀྱིས་ནི་ཉེ་བར་གནས་པ་ཡིན་ནོ། །མཚོན་བྱའི་དོན་ཉིད་ལ་ཡང་བཞི། །དག་པའི་སེམས་ལ་གཟུགས་སྐུ་སྣང་། །དཔེ་དེ་བཞིན་


MR04_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དད་བརྩོན་དྲན་པ་སོགས་མི་མཐུན་པའི་ཕྱོགས་མ་དད་ལ་སོགས་པའི་དྲི་མ་མེད་པ་ཅན་དུ་གྱུར་པའི་དད་བརྩོན་སོགས་ཡོན་ཏན་རང་རྒྱུད་ལ་རིམ་གྱིས་བསྒོམ་པ་ཡི། རང་སེམས་དྭངས་པ་ལ་སྣང་བ་རྫོགས་པའི་སངས་རྒྱས་ཀྱི་སྐུ་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་དང་ལྡན་པ་དང་། རེས་འགའ་ཕན་ཚུན་འཆག་པ་དང་ནི་བཞེངས་པ་དང་། གདན་ལ་བཞུགས་པ་དང་ནི་མལ་དུ་མནལ་ཏེ་གཟིམས་པ་དང་། གྲོང་ཁྱེར་དུ་གཤེགས་པ་སོགས་ཀུན་ཏུ་སྤྱོད་ལམ་སྣ་ཚོགས་མཛད་པ་ཅན་དང་། མྱང་འདས་ཞི་བའི་ཆོས་ནི་གསུང་པ་དང་། རེས་ཆོས་མི་གསུང་བར་ནང་དུ་ཡང་དག་པར་མཉམ་པར་བཞག་པར་གྱུར་པ་དང་། རྫུ་འཕྲུལ་སོགས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་དག་མཛད་པ་འོད་ཀྱི་དཀྱིལ་འཁོར་དང་ལྡན་པ་མར་མེ་སྣུམ་གྱིས་བྲན་པ་མི་ལུས་ཀྱི་དབྱིབས་སུ་གནས་པ་ལྟ་བུའི་གཟི་མདངས་ཆེན་པོ་ཅན་དེ་ནི་སེམས་ཅན་རྣམས་ཀྱིས་མཐོང་བར་འགྱུར་རོ། །དེ་ལས་འདོད་པའི་གོ་འཕང་སྒྲུབ། །སངས་རྒྱས་དེ་མཐོང་ནས་ཀྱང་དེ་ཐོབ་པར་འདོད་པ་དང་ལྡན་པ་དག་གིས་སངས་རྒྱས་ཉིད་ཅེས་འབྲས་བུ་མཆོག་དེ་ལ་ཡིད་རབ་ཏུ་དང་བའི་སྒོ་ནས་རབ་ཏུ་སྦྱོར་ཏེ། དེ་ཐོབ་པའི་རྒྱུ་སྦྱིན་སོགས་ཡང་


MR04_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བླངས་ནས་ནི། རང་གིས་འདོད་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཐོབ་པར་བྱེད་དོ། །འབད་པ་མེད་ཀྱང་དོན་དུ་འགྱུར། །སེམས་དག་པ་ལ་སྣང་བ་ཡི་སངས་རྒྱས་དེ་ནི་ཤིན་ཏུ་ཡང་ཀུན་སློང་གི་རྟོག་པ་མེད་ཅིང་འབད་རྩོལ་གྱིས་གཡོ་བ་མེད་པ་ཉིད་ཡིན་ལ། དེ་ལྟ་ན་ཡང་འཇིག་རྟེན་ན་སངས་རྒྱས་མཐོང་བ་དེ་ནི་དངོས་སུ་དགེ་བ་རྒྱ་ཆེན་དང་བརྒྱུད་ནས་རྣམ་མཁྱེན་ལ་སྦྱོར་བའི་དོན་ཆེན་པོས་ནི་ཉེ་བར་གནས་པ་ཡིན་ནོ། །རིམ་གྱིས་མཐར་ཐུག་ཆོས་སྐུ་ཐོབ། །ཕྱི་རོལ་གྱི་སངས་རྒྱས་སུ་མཐོང་བ་འདི་ནི་རང་སེམས་དེ་ལྟར་སྣང་བའོ་ཞེས་སོ་སོའི་སྐྱེ་བོས་མི་ཤེས་མོད། དེ་ལྟ་ན་ཡང་སངས་རྒྱས་ཀྱི་གཟུགས་མཐོང་སྟེ། མཐོང་བ་པོ་དེ་དག་ལ་ནི་དོན་ཆེན་པོ་ཡོད་པར་འགྱུར་ཏེ། རིམ་གྱིས་གཟུགས་སྐུ་དེ་མཐོང་བ་ལ་བརྟེན་ནས། དེ་ཐོབ་པའི་ཆེད་དུ་ཐེག་པ་བླ་ན་མེད་པ་འདི་ལ་གནས་པ་རྣམས་ཀྱིས་ནི་ནང་སོ་སོ་རང་གི་རིག་བྱ་དོན་དམ་པ་སེམས་ཉིད་འོད་གསལ་ཆོས་ཀྱི་སྐུ་སངས་རྒྱས་མཐར་ཐུག་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མིག་གིས་མཐོང་བར་འགྱུར་རོ། །དེ་ཉིད་ལེགས་པར་སྦྱར་བཤད་པ། །དཔེ་ཇི་ལྟར་ས་འདི་ཀུན་རྡོ་གསེགས་སོགས་ཉམ་ངའི་གནས་གཞན་དང་བྲལ་ནས་དྲི་མེད་


MR04_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བཻཌཱུརྱ་ཡི་རང་བཞིན་ཅན་འོད་གསལ་བ་དང་མཛེས་པ་དཔེར་ན་ནོར་བུའི་སྟེ་རིན་པོ་ཆེའི་ཡོན་ཏན་དྲི་མ་དང་བྲལ་བའི་དཔལ་དང་ལྡན་ཞིང་སྟེང་ནི་ལག་མཐིལ་ལྟར་མཉམ་པར་གྱུར་ཏེ། ས་དེ་ལྟར་དག་པའི་ཕྱིར་ན་གནས་དེར་ནི་ལྷ་ཡི་བདག་པོའི་གནས་སྣ་ཚོགས་དང་ལྷ་དབང་བརྒྱ་བྱིན་དང་ལྷ་གཞན་དང་བཅས་པ་ཡི་གཟུགས་ཤར་ཏེ། མཐར་རིམ་གྱིས་ས་ཡི་ཡོན་ཏན་གསལ་དག་སོགས་བྲལ་བའི་ཕྱིར་ན་གཟུགས་དེ་ནི་སླར་ཡང་མི་སྣང་བར་འགྱུར་ཞིང་། ཕུན་སུམ་ཚོགས་པའི་བརྒྱ་བྱིན་མཐོང་བས་དེ་ཡི་དངོས་པོ་ཐོབ་ཕྱིར་བསྙེན་གནས་ཡན་ལག་བརྒྱད་པ་སོགས་ཀྱི་བརྟུལ་ཞུགས་དང་ངེས་པར་སྦྱིན་པ་དང་མཆོད་པ་སོགས་ལ་ཕྱོགས་པ་ཡི་བུད་མེད་དང་སྐྱེས་པའི་ཚོགས་རྣམས་ལྷ་དབང་ཐོབ་པར་སྨོན་པའི་སེམས་ཀྱིས་མེ་ཏོག་དང་བདུག་པ་ལ་སོགས་འཐོར་བ་དང་བདུག་ཅིང་སྨོན་ལམ་འདེབས་པ་དེ་ལྟར། དྲི་མ་དག་པ་ཡི་བཻཌཱུརྱ་དང་འདྲ་སྟེ་འདྲ་བའི་རང་གི་སེམས་ལ་སྣང་བའི་ཐུབ་དབང་དེ་ལྟ་བུ་ཐོབ་བྱའི་ཕྱིར། སངས་རྒྱས་ལ་རབ་ཏུ་དགའ་སྟེ་དགའ་བའི་སེམས་ལྡན་རྒྱལ་བའི་སྲས་རྣམས་ཀྱང་མི་རྣམས་ལྷ་དབང་ཐོབ་པར་འདོད་པ་དེ་བཞིན་དུ་སངས་རྒྱས་ཐོབ་འདོད་ཀྱི་སེམས་རབ་


MR04_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་པར་བྱེད་དོ། །བསྡུས་ཏེ་སྐྱེ་འགགས་མེད་ཚུལ་ལོ། །ཇི་ལྟར་བཻཌཱུར་ས་གཞི་རྡུལ་སོགས་བྲལ་བའི་གཙང་མ་ལ་ལྷ་ཡི་དབང་པོའི་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། དེ་བཞིན་འགྲོ་བའི་སེམས་ཀྱི་ས་གཞི་མ་དད་པ་སོགས་བྲལ་བའི་གཙང་མ་ལ། ཐུབ་པའི་དབང་པོའི་སྐུ་མཚན་དཔེ་ལྡན་པ་ཡི་གཟུགས་བརྙན་འཆར་རོ། །དེ་ལྟར་འགྲོ་བར་སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་འཆར་བ་དང་ནུབ་པར་སྣང་བ་ནི་རིམ་པར་མ་དད་པ་སོགས་ཀྱི་རྙོག་པ་མེད་པའི་རང་སེམས་རབ་ཏུ་འཇུག་པའི་དབང་གིས་དང་། མ་དད་པ་སོགས་ཀྱི་རྙོག་པའི་རང་སེམས་རབ་ཏུ་འཇུག་པ་ཡི་དབང་གིས་འཇུག་པ་ཡིན་ཏེ། དཔེ་ཇི་ལྟར་འཇིག་རྟེན་དག་ན་ས་གཞི་དག་པ་དང་མ་དག་པའི་དབང་གིས་བརྒྱ་བྱིན་གྱི་གཟུགས་བརྙན་འཆར་ནུབ་དུ་མ་སྐྱེ་འགག་ཏུ་སྣང་ཡང་བརྒྱ་བྱིན་རང་གནས་ལས་མི་གཡོ་བ་ལྟར། དེ་བཞིན་དུ་གདུལ་བྱའི་སེམས་དབང་གིས་གཟུགས་སྐུ་སྣང་བ་དང་མི་སྣང་བར་གྱུར་ཀྱང་། སྣང་ཚེ་སངས་རྒྱས་ཡོད་པར་ལྟ་བ་དང་མེད་ཚེ་ཞིག་པ་ཡིན་ཞེས་སུ་སངས་རྒྱས་དེ་མི་ལྟ་སྟེ་རང་སྣང་ཙམ་མ་གཏོགས་སངས་རྒྱས་ལ་སྐྱེ་འགག་མེད་པས་སོ། །གཉིས་པ་གདམས་ངག་གསུང་བའི་ཚུལ། །


MR04_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་སྒྲའི་དཔེ་ཡིས་ངེས་བྱ་གསུམ། །ལྷ་ཡི་རྔ་ལྟར་དམ་ཆོས་གསུང་། །དཔེ་རྣམས་ལས་ཀྱང་ཁྱད་པར་འཕགས། །དེ་དག་རྐྱེན་ལས་འཇུག་ཚུལ་ལོ། །གསུང་ཚུལ་རྒྱས་བཤད་དོན་བསྡུ་གཉིས། །དང་པོ་རྒྱས་པར་བཤད་ལ་གསུམ། །རྩོལ་བ་མེད་དང་ལས་ལས་བྱུང་། །ཞི་བ་སྒྲུབ་པའི་ཚུལ་གསུམ་དང་། །དེ་གསུམ་རིམ་པར། རྩོལ་མེད་ཇི་ལྟར་ལྷ་རྣམས་ཀྱི་ནང་ན་ལྷ་རྣམས་ཀྱི། སྔོན་གྱི་དཀར་པོའི་མཐུ་ཡིས་ནི། བརྗོད་འདོད་ཀྱི་འབད་རྩོལ་དང་ལྕེ་རྐན་སོགས་སྒྲའི་གནས་དང་ཡིད་དང་བཅས་པའི་གཟུགས་དང་། ཀུན་སློང་གི་རྣམ་པར་རྟོག་པ་མེད་བཞིན་དུ། འདུས་བྱས་མི་རྟག་པ་དང་། ཟག་བཅས་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ཞི་བའི་སྒྲ་ཡིས་འདོད་པ་ལ་གཡེང་བས་བག་མེད་པའི་ལྷ་རྣམས་ཐམས་ཅད་ཡང་དང་ཡང་ཆོས་ཀྱི་རྔས་ནི་སྐུལ་བར་བྱེད་པ་ལྟར། དེ་བཞིན་ཁྱབ་བདག་སངས་རྒྱས་རྣམས་ནི་འབད་རྩོལ་དང་གནས་རྣམ་རྟོག་སོགས་དང་བྲལ་ཡང་གདུལ་བྱའི་འགྲོ་བ་མ་ལུས་པ་ཀུན་ལ་རང་རང་གི་སྐད་དང་མཐུན་པར་སངས་རྒྱས་ཀྱི་གསུང་གིས་ཁྱབ་པར་མཛད། དེས་རིགས་ཅན་གསུམ་གྱི་སྐལ་ལྡན་རྣམས་ལ་ཐེག་


MR04_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ཆོས་སྟོན་ཏོ། །ལས་ལས་བྱུང་བ་ཇི་ལྟར་ལྷ་ནང་ལྷ་རྣམས་ཀྱི། རྔ་བོ་ཆེའི་སྒྲ་དེ་ལྷ་རང་གི་དགེ་བའི་ལས་ལས་བྱུང་བ། དེ་བཞིན་དུ་འཇིག་རྟེན་ན་ཐུབ་པའི་ཆོས་སྒོ་མཐའ་ཡས་པ་གསུང་བའང་སྔོན་གྱི་སྨོན་ལམ་དང་གདུལ་བྱ་རང་རང་གི་དགེ་བའི་ལས་ལས་བྱུང་བ་ཡིན་ནོ། །དེས་ཞི་བ་སྒྲུབ་ཚུལ་བརྗོད་འདོད་ཀྱི་འབད་པ་དང་སྒྲའི་གནས་དང་ཡིད་བཅས་ཀྱི་ལུས་དང་། ཀུན་སློང་གི་སེམས་དང་བྲལ་བའི་རྔ་བོ་ཆེའི་སྒྲ་དེ་དག་གིས་ལྷ་རྣམས་ལ་ཇི་ལྟར་བག་མེད་པ་ཞི་བ་སྒྲུབ་པ་ལྟར། དེ་བཞིན་དུ་འབད་པ་སོགས་བཞི་དང་བྲལ་བའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་དེ་ཡིན་ཀྱང་མྱང་འདས་ཞི་བ་སྒྲུབ་པར་བྱེད་དོ། །སླར་ཡང་དཔེ་དག་དོན་བསྡུའོ། །ཇི་ལྟར་ལྷ་ཡི་གྲོང་ན་ཆོས་ཀྱི་རྔ་སྒྲའི་རྒྱུས་ཏེ་རྒྱུ་ལས་བྱུང་བའི་ལྷ་ལ་མི་འཇིགས་པ་སྦྱིན་པ་ཡི་ཚུལ་ནི་འདི་ལྟ་སྟེ་ཉོན་མོངས་པ་ཞེ་སྡང་གིས་ལྷ་རྣམས་ལྷ་མིན་དང་གཡུལ་དུ་འཇུག་ཚེ་ལྷ་རྣམས་ལ་མ་འཇིགས་ཤིག་ཅེས་སོགས་ཀྱི་སྒྲ་དེས་ལྷ་མིན་གྱི་དཔུང་ལས་རྒྱལ་བས་འཇིགས་པ་སེལ་བར་བྱེད་པ་དང་། ཉོན་མོངས་པ་འདོད་ཆགས་ཀྱིས་འདོད་ཡོན་ལ་རྩེད་མོ་རྩེ་བས་གཡེང་བ་ན་སྡོམ་བཞིའི་སྒྲས་བག་མེད་སེལ་བ་ལྟར། དེ་བཞིན་དུ་གདུལ་བྱའི་འཇིག་


MR04_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དག་ན་སངས་རྒྱས་ཀྱི་ཆོས་གསུངས་པ་ལ་བརྟེན་ནས་གནས་སྐབས་བསམ་གཏན་དང་གཟུགས་མེད་ལ་སོགས་པ་བསྒོམས་པའི་རྒྱུས་བྱུང་བ་ཡིས་སེམས་ཅན་རྣམས་ཉོན་མོངས་པ་དང་སྡུག་བསྔལ་གྱི་འཇིགས་པ་རབ་འཇོམས་ཤིང་མྱང་འདས་ཞི་བ་བླ་ན་མེད་པའི་ལམ་བདག་མེད་པའི་ཚུལ་བརྗོད་པས་དེའི་གོ་འཕང་ཐོབ་པར་བྱེད་དོ། །དཔེ་ལས་ཁྱད་པར་འཕགས་མདོར་བསྟན། །གང་ཕྱིར་སྐྱེ་བོ་ཀུན་ལ་ཁྱབ་པ་ཉིད་དང་། མཐར་ཐུག་ངེས་ལེགས་ཀྱི་ཕན་པ་དང་། གནས་སྐབས་མངོན་མཐོའི་བདེ་བ་དང་། སྐུ་རྫུ་འཕྲུལ་གྱི་དང་ཐུགས་ཀུན་ཏུ་བརྗོད་པའི་དང་གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གསུམ་སྟེ་རིམ་པར་དང་པོས་དད་པར་བྱས་ཏེ། གཉིས་པ་སྣོད་ཤེས་པར་བྱས་ནས། གསུམ་པས་སྣོད་དང་འཚམ་པར་ཆོས་སྟོན་པས་དེ་ལྟར་ཆོ་འཕྲུལ་གསུམ་ལྡན་གྱིས་སྡུག་བསྔལ་ལས་ངེས་པར་འབྱིན་པ་སྟེ་ཡོན་ཏན་བཞིས་རྔ་སྒྲ་ལས་ཀྱང་ཁྱད་པར་དུ་འཕགས་པ་དེ་ཕྱིར་ཐུབ་པ་སངས་རྒྱས་ཀྱི་དབྱངས་ནི་ལྷ་རྫས་ཀྱི་སིལ་སྙན་ཉི་ཚེ་བ་ཕན་བདེ་ངེས་འབྱིན་མིན་པ་རྣམས་ལས་ཁྱད་པར་དུ་འཕགས་པ་སྨོས་ཅི་དགོས་སོ། །ཁྱད་པར་རྒྱས་པར་བཤད་པ་གཉིས། །ལྷར་ནི་ཆོས་ཀྱི་རྔ་ཡི་སྒྲ་ཆེན་པོ་ལྷ་


MR04_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ན་གནས་པས་ཐོས་ཀྱང་སར་གནས་མི་རྣམས་ཀྱི་རྣར་མི་འགྲོ་བས་ན་ཉི་ཚེ་བ་ཡིན་ལ། སངས་རྒྱས་ཀྱི་གསུང་གི་རྔ་སྒྲ་དུས་ལ་བབས་ན་འཁོར་བ་ན་གནས་པ་ཡི་ས་འོག་གི་འཇིག་རྟེན་དག་ཏུའང་ཁྱབ་པར་འགྲོ་བས་ཉི་ཚེ་བ་མིན་པས་ཆོས་རྔ་ལས་ཀྱང་ལྷག་ན་སིལ་སྙན་གཞན་ལས་ལྟ་ཅི་སྨོས་སོ། །དེ་བཞིན་དུ་ལྷར་ནི་ལྷ་ཡི་སིལ་སྙན་རྣམ་པ་མི་འདྲ་བ་བྱེ་བ་ཕྲག་མང་པོ་རྣམས་ནི་དེ་དང་མཐུན་པར་འདོད་ཡོན་ལ་ཆགས་པའི་མེ་མངོན་པར་འཕེལ་བའི་དོན་དུ་སྒྲོགས་པས་ཕན་པ་མིན་ལ། ཐུགས་རྗེའི་བདག་ཉིད་རྣམས་ཀྱི་གསུང་མང་པོ་ལྟ་ཅི་དབྱངས་གཅིག་ཀྱང་། སྲིད་པའི་སྡུག་བསྔལ་གྱི་མེ་རྒྱུ་དང་བཅས་པ་རབ་ཏུ་ཞི་བའི་དོན་དུ་འཇུག་པས་ཕན་པ་ཡིན་ནོ། །ལྷར་ནི་བཀོད་པ་མཛེས་ཤིང་ཐོས་ན་ཡིད་དུ་འོང་བ་སིལ་སྙན་གྱི་སྒྲ་སྣ་ཚོགས་པ་དག་ནི་སེམས་ཀྱི་རྒོད་པ་དང་ཡུལ་ལ་གཡེང་བ་རྣམ་པར་འཕེལ་བར་འགྱུར་བའི་རྒྱུ་ཡིན་པས་བདེ་བའི་རྒྱུ་མིན་ལ། ཐུགས་རྗེའི་བདག་ཉིད་དེ་བཞིན་གཤེགས་པའི་གསུང་ནི་རྒོད་པ་དང་གཡེང་བ་ཞི་བས་ཏིང་ངེ་འཛིན་ལ་སེམས་གཏོད་པ་སོགས་དགེ་བའི་ཕྱོགས་སུ་བསམ་པ་སྐུལ་བྱེད་ཉིད་ཡིན་པས་བདེ་བ་ཡིན་ནོ། །མདོར་ན་མ་ལུས་པའི་འཇིག་རྟེན་ཁམས་སུ་


MR04_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། ལྷ་དང་ས་གནས་མི་ལ་སོགས་པ་མ་ལུས་པའི་བདེ་བའི་རྒྱུ་གང་ཡིན་པ་དེ་ནི་ཆོ་འཕྲུལ་གསུམ་དང་ལྡན་པས་མ་ལུས་པའི་འཇིག་རྟེན་ཇི་སྙེད་པ་ཀུན་ཏུ་འགོག་མེད་དུ་ཁྱབ་པར་སྣང་བ་སངས་རྒྱས་ཀྱི་གསུང་དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད་དོ། །དེས་ན་སྡུག་བསྔལ་ལས་ངེས་འབྱིན་གྱིས་ཁྱད་པར་འཕགས་སོ། །དེ་དག་རྐྱེན་ལས་འཇུག་ཚུལ་ལོ། །ཇི་ལྟར་རྣ་བ་ཡི་དབང་པོ་དང་བྲལ་བས་ཕྲ་མོའི་སྒྲ་སྟེ་སྒྲ་ཆུང་ངུ་ནི་མི་མྱོང་ཞིང་སྟེ་སྐལ་མེད་རྣམས་ཀྱིས་གསུང་དབྱངས་རྩ་བ་ནས་མི་ཐོས་ལ། གལ་ཏེ་ཐོས་པའི་སྐལ་ལྡན་རྣམས་ལ་ཡང་དཔེར་ན་སྒྲའི་ཁྱད་པར་ཡོད་དོ་ཅོག་ཐམས་ཅད་ལྷ་ཡི་རྣ་དབང་ཐོབ་པའི་རྣ་བར་ཡང་། རྣ་ལམ་དུ་ནི་མི་འགྲོ་ཞིང་འགའ་ཞིག་འགྲོ་བ་བཞིན། དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཆོས་ཤིན་ཏུ་ཕྲ་ཞིང་ཟབ་པ་མཆོག་ཏུ་ཞི་བ་ནི་ཞིབ་མོའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡང་། ཉོན་མོངས་མེད་པའི་ཡིད་ཅན་སྐལ་ལྡན་འགའ་ཞིག་གི་རྣ་བའི་ལམ་དུ་འགྱུར་བ་ཡིན་གྱི་ཐམས་ཅད་ཀྱི་མ་ཡིན་ནོ། །གསུམ་པ་མཁྱེན་བརྩེས་ཁྱབ་པའི་ཚུལ། །སྤྲིན་གྱི་དཔེ་ཡི་ངེས་བྱ་བཞི། །ལོ་ཏོག་འཕེལ་དང་སྣོད་ལས་གྱུར། །ལྟོས་མེད་མི་རྣམས་ཞི་ཆོས་མཐུན། །ལོ་


MR04_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་འཕེལ་བའི་ཆོས་མཐུན་གཉིས། །འབད་པ་མེད་ཚུལ་མདོར་བསྟན་པ། །ཇི་ལྟར་དབྱར་གྱི་དུས་ན་སྤྲིན་གྱི་ཚོགས་འཁྲིགས་པ་ཞིང་པ་རྣམས་ཀྱི་ལོ་ཏོག་ཕུན་སུམ་ཚོགས་པའི་རྒྱུ་ཆར་ཆུ་ཡི་ཕུང་པོ་ཡི་རྒྱུན་འབྱུང་བ་འབད་རྩོལ་མེད་པར་ས་ལ་རྒྱུན་དུ་འབེབས་པ་ལྟར། དེ་བཞིན་སངས་རྒྱས་ཀྱི་ཐུགས་རྗེའི་སྤྲིན་ལས་ནི། རྒྱལ་བའི་གསུང་དམ་ཆོས་ཆུ་ཡི་ཆར། འགྲོ་བའི་དགེ་བའི་ལོ་ཏོག་འཕེལ་བའི་རྒྱུ་དེ་ཡང་ཀུན་སློང་གི་རྣམ་པར་རྟོག་པ་དང་འབད་རྩོལ་མེད་པར་ལྷུན་གྲུབ་ཏུ་འབེབས་སོ། །རྐྱེན་ལས་འཇུག་ཚུལ་གྱིས་བཤད་པ། །ཇི་ལྟར་འཇིག་རྟེན་པ་རྣམས་དགེ་བའི་ལམ་ལ་འཇུག་ཅིང་བག་ཡོད་པར་སྤྱོད་པ་ན། ལྷ་རྣམས་ཀྱི་མཐུས་རླུང་དལ་བུས་བསྲུབས་པ་ལས་སྐྱེས་པའི་ཆུ་ཆར་གྱི་ཟེགས་མ་དག་སྤྲིན་གྱིས་འབེབས་པ་ལྟར། དེ་བཞིན་དུ་རྒྱལ་བའི་བརྩེ་བའི་རླུང་གཡོས་ནས་འགྲོ་བའི་དགེ་བའི་ལོ་ཏོག་མངོན་པར་འཕེལ་བར་བྱ་བའི་ཕྱིར་དུ་སངས་རྒྱས་ཀྱི་སྤྲིན་ལས་དམ་ཆོས་ཀྱི་ཆར་པ་འབེབས་སོ། །དེ་ཡང་སྲིད་པ་འཁོར་བ་ལ་ཕན་པའི་ཆེད་དུ་མཁྱེན་པ་དང་། བརྩེ་བ་ཆེན་པོ་ལ་བརྟེན་ནས་འགྱུར་བ་འཁོར་བ་དང་། མི་འགྱུར་བ་མྱང་འདས་ཕྱོགས་གཅིག་པའི་མཐའི་སྐྱོན་གྱིས་མི་གོས་པ་མཐའ་བྲལ་


MR04_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་དཀྱིལ་ལྟ་བུ་ལ་གནས་པ་ཟག་མེད་ཀྱི་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་མཐའ་ཡས་པའི་ཆུ་དྲི་མ་མེད་པའི་སྙིང་པོ་ཅན་གྱི་ཐུབ་དབང་གི་སྤྲིན་ནི་དགེ་བའི་ལོ་ཏོག་ཟད་མི་ཤེས་པ་འཕེལ་བའི་རྒྱུ་ཡིན་ནོ། །སྣོད་ལས་འགྱུར་ཚུལ་ཆོས་མཐུན་གཉིས། །དཔེ་བསྟན་པ་དང་དེ་ཡི་དོན། །དཔེ་ཇི་ལྟར་རེག་བྱ་བསིལ་བ་དང་རོ་ཞིམ་པ་དང་། ལུས་ལ་མི་གནོད་པས་འཇམ་པ་དང་། འཇུ་སླ་བས་ཡང་བ་དང་། དེས་མཚོན་ཏེ། ཤིན་ཏུ་དང་པ་དྲི་ང་བ་མེད་པ། མང་དུ་བཏུང་ཡང་ལྟོ་བ་ལ་མི་གནོད་པ། མགྲིན་པར་མི་གནོད་པ་སྟེ་ཡན་ལག་བརྒྱད་དང་ལྡན་པའི་རོ་གཅིག་པའི་ཆུ་ཡི་ཆར་ནི་སྤྲིན་དེ་ལས་ཐོན་པ། དེ་དག་ས་ལ་བ་ཚྭ་ཅན་དང་བ་ཚྭ་མེད་པ་ལ་སོགས་པ་གནས་ཐ་དད་པ་དང་འབྲེལ་བས། ཁ་བ་མངར་བ་ལན་ཚྭ་སོགས་ཤིན་ཏུ་མང་བའི་རོར་ནི་འགྱུར་བ་བཞིན། དོན་དེ་བཞིན་སངས་རྒྱས་ཀྱི་ཆོས་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པ་དེ་བཞིན་ཉིད་དུ་རོ་གཅིག་པའི་ཆུ་ཡི་ཆར་རབ་ཏུ་ཡངས་ཤིང་རྒྱ་ཆེ་བའི་བརྩེ་སྤྲིན་སྙིང་པོ་ལས་ཐོན་པ། འགྲོ་བའི་རྒྱུད་ཀྱི་ཁམས་དབང་བསམ་པའི་གནས་ཀྱི་དབྱེ་བ་ལས། ཐེག་གསུམ་ལ་སོགས་རྣམ་པ་མང་པོའི་རོ་དང་ལྡན་པར་འགྱུར་


MR04_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ལྟོས་པ་མེད་པའི་ཆོས་མཐུན་གསུམ། །དཔེ་གསུམ་གྱིས་ནི་མདོར་བསྟན་ཅིང་། །དེ་བཞིན་ཉིད་དུ་རོ་གཅིག་པའི་ཚུལ་ཐེག་པ་མཆོག་ལ་དང་བ་ཡང་དག་པར་ངེས་པའི་ཕུང་པོ་དང་། དེ་ལ་མོས་མི་མོས་པར་མ་ངེས་པའི་ཕུང་པོ་དང་ནི་ཐེག་ཆེན་ལ་ཞེ་སྡང་བ་ལོག་པར་ངེས་པ་ཡི་ཕུང་པོ་གསུམ་ནི་དཔེར་ན་ཆར་བབ་ཚེ་མི་དག་དང་། རྨ་བྱ་དང་ནི་ཡི་དྭགས་དང་རིམ་པར་བཞིན་དུ་འདྲའོ། །དེ་ཡི་དོན་ཉིད་རྒྱས་པར་བཤད། །དཔྱི༷ད་མཐར་སོས་ཀའི་དུས་སུ་སྤྲིན་མེད་པ་ན་མི་རྣམས་མི་དགའ་བ་དང་། མཁའ་ལ་མི་རྒྱུ་བའི་བྱ་ཙཱ་ཏ་ཀ་དག་ཆུ་ལ་ཚུལ་མི་ལྟོས་པས་བར་མའམ་བཏང་སྙོམས་སུ་གནས་པ་དང་། ཡི་དྭགས་རྣམས་དགའ་བར་འགྱུར་བ་དང་། དབྱར་ཚེ་ས་ལ་ཆར་བབས་པ་ན་མི་རྣམས་དགའ་ཞིང་ཙཱ་ཏ་ཀ་བཏང་སྙོམས་དང་། བྱེ་ཚན་དུ་སྣང་བས་ཡི་དྭགས་དང་ནི་སྡུག་བསྔལ་བས་མི་དགའ་བ་ལྟར། སངས་རྒྱས་ཀྱི་སྙིང་རྗེའི་སྤྲིན་ཚོགས་དག་གིས་དམ་ཆོས་ཀྱི་ཆུ་བྱུང་བ་དང་མ་བྱུང་བ་ལས་ཀྱང་ཆོས་འདོད་པ་རྣམས་དགའ་བ་དང་མི་དགའ་བར་འགྱུར་བ་དང་། བར་མ་རྣམས་བཏང་སྙོམས་དང་། ཆོས་ལ་སྡང་བའི་སེམས་ཅན་རྣམས་མི་དགའ་བ་དང་དགའ་བར་འགྱུར་བའི་ཚུལ་ནི། འཇིག་རྟེན་དག་ན་དཔེ་དེ་ཉིད་ཀྱིས་


MR04_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཏེ་ཤེས་པར་བྱའོ། །ལྟོས་པ་མེད་པར་འཇུག་ཚུལ་ལོ། །དེ་ལྟ་ནའང་ཆར་འབབ་པའི་ཚེ་ཐིགས་པ་རགས་པ་ཆར་ཆེན་པོ་དང་། སེར་བ་འབབ་པ་དང་གནས་འགའ་ཞིག་དུ་རྡོ་ཆེན་དང་ནི་རྡོ་རྗེའི་མེ་སྟེ་ཐོག་ནི་འབེབ་པ་ན། སྲོག་ཆགས་ཕྲ་མོ་དང་རི་སུལ་སོང་བ་སྐྱབས་མེད་པ་རྣམས་ལ་གནོད་པ་དང་ཡི་དྭགས་དག་ལ་རྡོ་ཚན་སོགས་བབས་པས་གནོད་ན་ཡང་ཇི་ལྟར་སྤྲིན་གྱི་ཆར་ནི་དེ་དག་ལ་གནོད་དེ་ཞེས་མི་འབབ་པ་མི་བྱེད་པར་ལྟོས་མེད་དུ་སྤྲིན་གཡོ་ཞིང་ཆར་འབབ་ཅིང་མི་རྣམས་སྤྱི་ལ་ཕན་ཞིང་ཡི་དྭགས་སོགས་ལ་གནོད་ཀྱང་རང་གི་ཉེས་པས་ཡིན་གྱི་ཆར་གྱི་ཉེས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སངས་རྒྱས་ཀྱིས་ཟབ་ཅིང་ཕྲ་བ་སྟོང་ཉིད་དང་སྦྱིན་སོགས་རྒྱ་ཆེན་པོའི་ཆོས་ཀྱི་ཆར་རིགས་པའི་ཚུལ་གྱིས་མཁྱེན་པ་དང་ནི་བརྩེ་བའི་སྤྲིན་ལས་བྱུང་བ་ན་སྐལ་ལྡན་རྣམས་ཀྱི་ཉོན་མོངས་དག་པར་འགྱུར་བ་དང་། སྐལ་མེད་སྡང་ལྡན་བདག་ལྟའི་བག་ཉལ་བརྟན་པོ་རྣམས་ལ་རེ་ཞིག་མི་ཕན་པར་གནོད་ན་ཡང་དེ་དག་ལ་རྣམ་ཀུན་ལྟོས་པ་མེད་པར་ཆོས་ཀྱི་ཆར་འབེབས་སོ། །མེ་རྣམས་འཇོམས་པའི་ཆོས་མཐུན་གསུམ། །སྡུག་བསྔལ་མེ་ཚོགས་ཞི་བར་བྱེད། །འཁོར་བའི་སྐྱེ་འཆི་ཐོག་མ་དང་མཐའ་


MR04_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེད་པ་དེར་བརྒྱུད་ཅིང་འགྲོ་བའི་ལམ་ནི་རྣམ་པ་ལྔ་སྟེ་ངན་སོང་གསུམ་དང་མི་དང་ལྷའོ། །དེ་ལ་མི་གཙང་བ་ལ་དྲི་ཞིམ་པ་མེད་པ་བཞིན་དུ་འགྲོ་བ་ལྔ་པོ་དེ་དག་ན་ནམ་ཡང་བདེ་བམེད་དེ་སྡུག་བསྔལ་གསུམ་དང་བརྒྱད་ཀྱིས་བཅིང་བའི་ཕྱིར་རོ། །འཁོར་བ་དེ་ཡི་སྡུག་བསྔལ་རྟག་ཏུ་མེ་ཡིས་བསྲེགས་པ་དང་། མཚོན་རྣོན་པོས་བཏབ་པ་དང་། རྨ་གསར་པ་ལ་རྒྱ་ཚྭ་གཏུག་པ་ལ་སོགས་པའི་རེག་པ་ལས་སྐྱེས་པ་བཞིན་དུ་སྡུག་བསྔལ་བར་གནས་པ་ལ་ཐུགས་རྗེའི་སྤྲིན་ལས་དམ་ཆོས་ཆར་ཆེན་སྡུག་བསྔལ་གྱི་མེ་དེ་རྣམས་རབ་ཏུ་ཞི་བར་བྱེད་པའི་དོན་དུ་སྐལ་བ་དང་འཚམ་པར་རབ་ཏུ་འབེབས་སོ། །ཞི་བྱེད་ཤེས་རབ་རིམ་གྱིས་འབྱུང་། །ལྷ་ལ་འཆི་འཕོ་ལྟུང་འགྱུར་གྱི་སྡུག་བསྔལ་དང་མི་ལ་མེད་པ་ཡོངས་འཚོལ་དང་། ཡོད་པ་བསྲུང་བ་དང་བཀྲེས་སྐོམ་ངལ་དུབ་ལ་སོགས་ཀྱི་སྡུག་བསྔལ་ཞེས་བྱར་ཏེ་ཞེས་བྱ་བ་ཡོད་པར་རྟོགས་པའི་ཕྱིར་ཏེ། འཁོར་འདས་ཀྱི་གནས་ལུགས་ཤེས་པའི་ཤེས་རབ་དང་ལྡན་པ་དག་ནི་ལྷ་མིའི་དབང་ཕྱུག་བརྒྱ་བྱིན་དང་འཁོར་བསྒྱུར་ལྟ་བུ་མཆོག་ལའང་མངོན་པར་འདོད་པ་མེད་དེ། སྐྱེས་ཐོབ་ཀྱི་ཤེས་རབ་དང་ནི་དེ་བཞིན་གཤེགས་པའི་གསུང་རབ་ལ་དད་པའི་རྗེས་འབྲང་ལ་སྟེ་


MR04_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་འབྲངས་ནས་ཐོས་བསམ་བྱས་པ་ཞིག་གིས་སམ། ཡང་ན་ཤེས་རབ་སྟེ་ཆོས་ཀྱི་རྗེས་འབྲང་དང་དད་པའི་རྗེས་སུ་འབྲང་བ་གཉིས་སམ། ཡང་ན་ནང་གི་རྐྱེན་དང་ཕྱི་ཡི་རྐྱེན་དང་ལྡན་པ་ཞིག་གིས། ཟག་བཅས་འབྲས་བུའི་ཆ་འདི་ནི་སྡུག་བསྔལ་དང་། ལས་ཉོན་དེའི་རྒྱུ་ཀུན་འབྱུང་དང་། སྡུག་བསྔལ་རྒྱུ་འབྲས་འགགས་པའི་མྱང་འདས་འདི་ནི་འགོག་པ་དང་། ཐབས་བདག་མེད་རྟོགས་པ་ནི་ལམ་ཉིད་ཅེས་ཐོས་སོགས་ཤེས་པས་མཐོང་བའི་ཕྱིར་རོ། །ཤེས་ལྟར་སྤོང་ལེན་ཉམས་སུ་བླང་། །དཔེར་ན་བྲལ་བྱ་ནད་ནི་སྤང་བྱར་ཤེས་བྱ་དང་། དེ་སྤང་ཕྱིར་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། ནད་མེད་པའི་བདེ་བར་གནས་པ་ནི་ཐོབ་བྱ་དང་། དེའི་ཐབས་སྨན་ནི་བསྟེན་པར་བྱ་བ་ལྟར། འཁོར་བ་སྡུག་བསྔལ་དང་དེའི་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ་ལྔ་རྣམས་རིམ་པར་ཤེས་བྱ་དང་སྤང་བྱ་དང་རིག་པའམ་ཐོབ་པར་བྱ་ཞིང་རྒྱུད་ལ་བརྟེན་པར་བྱ་བར་ཤེས་ནས་བླང་དོར་བྱའོ། །བཞི་པ་སྤྲུལ་པ་མཛད་པའི་ཚུལ། །ཚངས་པའི་དཔེ་ཡིས་ངེས་བྱ་གཉིས། །སྐལ་ལྡན་སྣང་བ་སྟོན་ཚུལ་དང་། །སྐལ་མེད་སྣང་བ་མེད་ཚུལ་ལོ། །སྣང་བ་སྟོན་པའི་ཚུལ་ལ་གསུམ། །འབད་པ་ཟད་དང་ཉེས་པ་སེལ། །སྐལ་པ་


MR04_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པས་མཚུངས་པར་བསྟན། །འབད་པ་མེད་པ། ཇི་ལྟར་ན་གཟུགས་ཁམས་ཀྱི་ལྷ་ཚངས་པ་ཆེན་པོ་ཚངས་པ་ཡི་གནས། བསམ་གཏན་དང་པོའི་གཞལ་ཡས་ཁང་ནས་གཞན་དུ་འཕོ་བ་མེད་བཞིན་དུ། འདོད་པའི་ལྷ་ཡི་གནས་ནི་དྲུག་པོ་ཐམས་ཅད་དུ་རང་དང་འདྲ་བའི་སྤྲུལ་པའི་སྣང་བ་འབད་མེད་དུ་སྟོན་པ་ལྟར། དོན་དེ་བཞིན་དུ་ཐུབ་པ་སངས་རྒྱས་རྣམས་ཀྱང་དོན་དེ་ཆོས་སྐུ་ལས་ནམ་ཡང་བསྐྱོད་པ་མེད་པར་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྐལ་ལྡན་རྣམས་ལ་འབད་པ་མེད་པར་སྤྲུལ་པ་གཟུགས་སྐུས་གང་འདུལ་གྱི་རྣམ་འཕྲུལ་སྣ་ཚོགས་དག་ནི་སྟོན་པར་མཛད་དོ། །ཉེས་པ་མེད་པར། ཇི་ལྟར་ན་ཚངས་པ་ཆེན་པོ་རྟག་ཏུ་རང་གི་གཞལ་ཡས་ཁང་ན་མི་གཡོ་བཞིན་དུ་སྤྲུལ་པའི་ལུས་འདོད་ཁམས་ཀྱི་ལྷ་གནས་ཀུན་ཏུ་ཞུགས་པ་དེ། འདོད་ལྷ་རྣམས་ཀྱིས་མཐོང་ནས་ཚངས་པ་དེ་མཐོང་བའི་རྐྱེན་གྱིས་གཟུགས་ཁམས་ཀྱི་དཔལ་ཕུན་སུམ་ཚོགས་པས་ན་མཐོང་མཁན་དེ་ཡང་ཚངས་པའི་གོ་འཕང་དོན་དུ་གཉེར་ཕྱིར་རང་གི་འདོད་པའི་ཡོན་ཏན་ཡུལ་རྣམས་ལ་ཆགས་པའི་དགའ་བ་སྤོང་བར་བྱེད་པ་ལྟར། དེ་བཞིན་བདེ་བར་གཤེགས་པ་ཆོས་ཀྱི་སྐུ་ལས་མི་བསྐྱོད་བཞིན་དུ་འཇིག་རྟེན་གྱི་ཁམས་ཀུན་དུ་གང་འདུལ་གྱི་སྤྲུལ་པའི་


MR04_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སྐུ་སྟོན་པ་སྐལ་ལྡན་གྱིས་མཐོང་ནས་སངས་རྒྱས་དེ་མཐོང་བའི་རྐྱེན་གྱིས་མཐོང་མཁན་དེ་ཡང་དེ་ཐོབ་ཕྱིར་རྟག་ཏུ་སྒྲིབ་གཉིས་ཀྱི་དྲི་མ་ཀུན་སེལ་བར་བརྩོན་པར་བྱེད་དོ། །སྐལ་བར་སྟོན་པས་མཚུངས་པ། སྔོན་གྱི་དུས་སུ་ལྷ་རྣམས་ཀྱི་དོན་བྱེད་པར་ཚངས་པ་རང་ཉིད་ཀྱིས་སྨོན་ལམ་བཏབ་པ་དང་། འདོད་ལྷ་རྣམས་ཀྱི་ནི་ཚངས་པ་མཐོང་བར་འགྱུར་བའི་དགེ་བའི་མཐུས། ཇི་ལྟར་ཚངས་པ་ཉིད་འབད་པ་མེད་བཞིན་དུ་སྣང་བ་སྟོན་པ་ལྟར་རང་བྱུང་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་ཡང་སྔོན་གྱི་སྨོན་ལམ་དང་གདུལ་བྱའི་དགེ་བའི་མཐུ་ལས་གང་འདུལ་གྱི་གཟུགས་སྐུའི་སྣང་བ་སྟོན་པའང་དེ་བཞིན་ནོ། །སྐལ་བ་མེད་ལ་མི་སྣང་ངོ་། །གདུལ་བྱ་དུས་ལ་བབས་པ་ན་དགའ་ལྡན་ནས་འཕོ་བ་དང་། ཡུམ་གྱི་ལྷུམས་སུ་འཇུག་པ་དང་། སྐུ་བལྟམས་པ་དང་། ཡབ་ཀྱི་ཁབ་སེར་སྐྱའི་གྲོང་དུ་གཤེགས་པ་དང་། བཙུན་མོའི་འཁོར་དང་ལྷན་ཅིག་དགེས་པར་རོལ་བ་དང་རབ་ཏུ་བྱུང་ནས་དབེན་པར་དཀའ་བ་སྤྱོད་པ་དང་། བྱང་ཆུབ་སྙིང་པོར་གཤེགས་ནས་བདུད་སྡེ༷་བཅོམ་པ་དང་། བྱང་ཆུབ་ཆེ་བརྙེས་དང་། ཞི་བའི་གྲོང་དུ་ལམ་སྟོན་པའི་ཆོས་


MR04_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བསྐོར་བ་དག་བསྟན་ནས་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ། ཐུབ་པ་སངས་རྒྱས་དེ་མཐོང་བའི་སྐལ་མེད་རྣམས་ཀྱི་མིག་གི་ལམ་དུ་སྣང་བར་མི་འགྱུར་རོ། །ལྔ་པ་ཡེ་ཤེས་སྤྲོ་བའི་ཚུལ། །ཉི་མའི་དཔེ་ཡིས་ངེས་བྱར་བཞི། །ཕན་གནོད་མི་རྟོག་གཞན་དོན་མཛད། །སྐལ་ལས་རིམ་འཆར་དཔེ་ལས་འཕགས། །ཕན་དང་གནོད་པའི་རྟོག་མེད་པ། །ཇི་ལྟར་འོད་ཟེར་ཚ་བའི་ཉི་མས་གདུང་བའི་དུས་གཅིག་གི་ཚེ་ཉིད་ལ། པད་སོགས་རྒྱས་དང་ཀུན་མུ་ཏ་ནི་རབ་ཏུ་ཟུམ་པ་ཉིད་དུ་གྱུར་ནའང་། ཆུ་སྐྱེས་བྱེ་དང་ཀུ་མུ་ཏ་ཟུམ་པའི་ཡོན་ཏན་དང་སྐྱོན་དག་ལ། ཉི་མ་རྟོག་མེད་དུ་འཇུག་པ་ལྟར། འཇིག་རྟེན་ཁམས་འདིར་ནི་འཕགས་པའི་ཉི་མ་ཡང་དེ་བཞིན་ཏེ། གསུང་བྱུང་བའི་དུས་གདུལ་བྱའི་བློ་ཡི་པདྨོ་རྒྱས་པ་དང་། གདུལ་བྱ་མིན་པའི་ཡིད་ཀྱི་ཀུ་མུ་ཏ་ཁ་ཟུམ་པ་ལ་མི་རྟོག་གོ །མི་རྟོག་གཞན་དོན་མཛད་ལ་གསུམ། །རྟོག་པ་མེད་དང་འོད་ཟེར་འཕྲོ། །རྟོག་པ་མེད་པ། ཇི་ལྟར་ཉི་མ་འདི་ལྟར་བྱའོ་ཞེས་རྟོག་པ་མེད་པར། རང་གི་འོད་ཅིག་ཆར་སྤྲོས་པ་ཡིས། པདྨ་རྒྱས་པར་བྱེད་པ་དང་། ལོ་ཏོག་སོགས་གཞན་དག་སྨིན་པ་དང་། ཀུ་མུ་ཏ་ཟུམ་པར་བྱེད་པ་ལྟར། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡི། ཉི་


MR04_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལས་དམ་ཆོས་ཀྱི་འོད་ཟེར་དག་གདུལ་བྱའི་སྐྱེ་བོའི་བློ་པདྨ་འབྱེད་པ་དང་། ཕན་བདེའི་ལོ་ཏོག་སོགས་རྒྱས་པ་དང་། གདུལ་བྱམ་ཡིན་པའི་ཡིད་ཀུ་མུ་ཏ་ཟུམ་པ་བྱེད་པ་ལ། འདི་ལྟར་བྱའོ་ཞེས་རྣམ་པར་རྟོག་པ་མེད་པར་འཇུག་གོ །འོད་ཟེར་འཕྲོ་བ། ཇི་ལྟར་ཉི་མ་ནམ་མཁར་ཤར་བའི་འོད་ཟེར་གྱིས་མུན་པ་སེལ་བར་བྱེད་པ་བཞིན་དུ། རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་ཀྱི་སྐུ་གཉིས་པོ་དག་གིས་མངོན་པར་བྱང་ཆུབ་སྙིང་པོ་ཆོས་དབྱིངས་ཤིན་ཏུ་རྣམ་དག་གི་ནམ་མཁར་ཤར་བའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཉི་མ་འདི་ཡང་འགྲོ་བར་ནི་མུན་པ་སེལ་བའི་ཡེ་ཤེས་ཀྱི་འོད་ཟེར་སྤྲོ༷་བར་མཛད་དོ། །ཅིག་ཆར་ཤར་ནས་དོན་མཛད་དོ། །གང་ཕྱིར་གདུལ་བྱ་བློའམ་རྒྱུད་དག་པ་ཡི། ཆུ་ཡི་སྣོད་ནི་ཐམས་ཅད་ལ། བདེ་གཤེགས་ཉི་མའི་གཟུགས་བརྙན་སྤྲུལ་པ་ནི། དཔག་ཏུ་མེད་པ་ཅིག་ཆར་དུ་འཆར་ཞིང་དོན་བྱེད་དོ། །གདུལ་བྱ་མ་དག་པ་ཆུ་རྙོག་མ་ལྟ་བུར་མི་འཆར་རོ། །སྐལ་ལས་རིམ་པར་འཆར་ཚུལ་གཉིས། །བསྟན་པ་དང་ནི་བཤད་པ་ཉིད། །བསྟན་པ། དུས་རྟག་ཏུ་ཆོས་ཅན་ཐམས་ཅད་ལ་རྣམ་དབྱེར་མེད་པར་ཁྱབ་པའི་ཆོས་དབྱིངས་ཤིན་ཏུ་རྣམ་དག་ནམ་མཁའི་སྟེ་ནམ་མཁའ་


MR04_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ་བའི་དཀྱིལ་དུ་ནི། རྣམ་ཀུན་མཁྱེན་པ་སངས་རྒྱས་ཉི་མ་ལྟ་བུ་ཤར་ནས་གདུལ་བྱ་ཡི་སྐྱེ་བོ་རི་དང་འདྲ་བ་རྣམས་ལ་ཇི་ལྟར་འོས་པར་རིམ་གྱིས་འབར་ཅིང་འཆར་ཏེ། དང་པོར་བྱང་སེམས། དེ་ནས་རང་རྒྱལ། དེ་ནས་ཉན་ཐོས། དེ་ནས་མ་ངེས་པ། མཐར་ལོག་པར་ངེས་པ་ལའང་འབབ་བོ་ཞེས་སོ། །བཤད་པ། ཇི་ལྟར་རྒྱ་ཆེན་པོའི་འོད་ཟེར་སྟོང་ཕྲག་དང་ལྡན་པའི་ཉི་མ་ཤར་བ་འདི། གླིང་བཞིའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣང་བར་བྱས་ནས་ཏེ་ནམ་ལངས་པའི་དུས་དང་སྦྱར་ཏེ། དེ་ནས་རིམ་གྱིས་ནི། དང་པོ་མཆོག་ཏུ་མཐོན་པོའི་རི་དང་། དེ་ནས་བར་མ་དང་། དེ་ནས་དམན་པའམ་དམའ་བའི་རི་དང་། དེ་ནས་ས་ཕྱོགས་མཐོ་བ་ནས་དམའ་བའི་བར་ལ་ཡང་འབབ་པ་དེ་བཞིན་དུ་རྒྱལ་བའི་ཉི་མ་ཡང་གདུལ་བྱའི་སེམས་ཅན་གྱི་ཚོགས་ལ་རིམ་གྱིས་འབབ་སྟེ། གདུལ་བྱ་སྐལ་པ་མཆོག་དང་། བར་མ་དང་། དམན་པ་དང་། མཐར་ལོག་སྲེད་ཅན་ལའང་འཆར་ཞིང་སྨིན་པར་མཛད་དོ། །དཔེ་ལས་ཁྱད་པར་འཕགས་ཚུལ་གཉིས། །འོད་ཟེར་ཁྱད་འཕགས་བྱེད་ལས་འཕགས། །འོད་ཟེར་ཕྱོགས་བཅུའི་ཞིང་ཀུན་ཀྱི་ནམ་མཁའི་མཐིལ་ཁྱབ་པར་འོད་ཟེར་སྤྲོ༷་བ་ཉི་མ་ལ་མེད་ལ་དེར་མ་ཟད་མི་ཤེས་


MR04_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མུན་པས་བཀབ་པ་བསལ་ནས་ཤེས་བྱའི་དོན་གསལ་བར་སྟོན་པ་ཡང་ཡོད་པ་མིན་ཞིང་། ཐུགས་རྗེའི་བདག་ཉིད་སངས་རྒྱས་ཀྱིས་ཐེག་གསུམ་སོགས་སྣ་ཚོགས་པའི་མདོག་དང་ལྡན་པར་བཀྱེའི་སྟེ་བཀྱེ་བའི་འོད་ཟེར་གྱི་ཚོགས་ཀྱིས་ཡེ་ཤེས་ཀྱི་སྣང་བས་ཕྱོགས་བཅུའི་ཞིང་ཀུན་གསལ་བ་དག་མཛད་པ་ནི་འགྲོ་བ་རྣམས་ལ་མི་ཤེས་པའི་མུན་པ་བསལ་ཏེ་ཤེས་བྱའི་དོན་གསལ་བར་སྟོན་པར་མཛད་དོ། །བྱེད་ལས། འཇིག་རྟེན་འདིར་ཉི་མ་ཤར་ཡང་། ལོང་བ་སོགས་ཀྱིས་གཟུགས་སོགས་མཐོང་བ་སོགས་དང་། འཁོར་བའི་སྡུག་བསྔལ་སེལ་བ་དང་། ཟབ་མོའི་ཆོས་ཉིད་མཐོང་བ་སོགས་ཀྱི་ནུས་པ་མེད་ལ། སངས་རྒྱས་ཉི་མ་གདུལ་བྱའི་གྲོང་དུ་གཤེགས་ཚེ་མིག་དང་མི་ལྡན་པ་ཡི་སྐྱེ་བོ་ལོང་བ་རྣམས་ཀྱིས་ཀྱང་གཟུགས་མཐོང་ཞིང་། འོན་པས་སྒྲ་ཐོས། སྨྱོན་པས་དྲན་པ་རྙེད། དབུལ་པོའི་ཁྱིམ་དུ་གཏེར་ཐོན་པ་སོགས་མཐོ་རིས་ཀྱི་ཉེར་འཚེ་སེལ་ཞིང་མངོན་མཐོ་ངེས་ལེགས་སོགས་འདོད་པའི་དོན་མེད་པས་གདུང་བའི་ཚོགས་དང་བྲལ་ནས་སངས་རྒྱས་ཀྱི་དོན་དེ་མཐོང་བ་ལས་ནི་བདེ་བ་ཁྱད་པར་དུ་འཕགས་པ་མྱོང་བ་དང་། ཡང་ན་སངས་རྒྱས་གྲོང་དུ་གཤེགས་ཚེ་དོན་མེད་པའི་ཚོགས་བྲལ་ཞེས་སྐུ་མཐོང་གསུང་


MR04_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པ་ལ་སོགས་དང་ངན་སོང་ཞི་བ་ལའོ། །རྒྱུ་གཏི་མུག་གིས་བློ་གྲོས་ཀྱི་མིག་ལྡོངས་པས་འབྲས་བུ་སྲིད་པའི་རྒྱ་མཚོར་ལྷུང་ཞིང་ཕྱིན་ཅི་ལོག་གི་ལྟ་བའི་མུན་པས་བསྒྲིབས་པ་རྣམས་སངས་རྒྱས་ཉི་མའི་འོད་ཀྱིས་བློ་གྲོས་ཀྱི་སྣང་བ་རིམ་གྱིས་གསལ་བར་བྱས་ནས་སྔར་མ་མཐོང་བ་ཡི་གནས་ཤེས་བྱའི་དེ་ཁོ་ན་ཉིད་མཐོང་བར་འགྱུར་རོ། །དྲུག་པ་ཐུགས་ཀྱི་གསང་བ་ཉིད། །ནོར་བུའི་དཔེ་ཡིས་ངེས་བྱ་གཉིས། །རེ་འདོད་སྒྲུབ་པས་མཚུངས་པར་བསྟན། །རྙེད་པར་དཀའ་བས་མཚུངས་པར་བསྟན། །རེ་འདོད་བསྒྲུབ་པས་མཚུངས་བསྟན་གཉིས། །རྟོག་མེད་འདོད་རྒུ་སྒྲུབ་ཚུལ་དང་། །དཔེ་ཇི་ལྟར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་འདིའི་དོན་འདི་བྱའོ་སྙམ་པའི་རྣམ་པར་རྟོག་པ་མེད་ཀྱང་དུས་ཅིག་ཆར་དུ་ཉེ་འཁོར་ན་གནས་ཤིང་གསོལ་བ་འདེབས་པའི་སྤྱོད་ཡུལ་ན་གནས་པ་རྣམས་ཀྱི་ནི། འབྲུ་སྨན་ཟས་གོས་སོགས་རེ་བའི་བསམ་པ་ཀུན་སོ་སོར་རྫོགས་པར་བྱེད་པ་ལྟར། དོན་དེ་བཞིན་དུ་སངས་རྒྱས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་བརྟེན་ནས་རིགས་ཅན་གསུམ་སོགས་བསམ་པ་ཐ་དད་པ་རྣམས་ཀྱིས་རང་རང་གི་མོས་པ་དང་འཚམ་པར་ཐེག་གསུམ་སོགས་སྣ་ཚོགས་པའི་ཆོས་ནི་ཐོས་པར་གྱུར་ཀྱང་།


MR04_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དེ་ནི་ཆོས་སྟོན་པ་དེ་ལ་རྣམ་པར་མི་རྟོག་གོ །འབད་མེད་རྟག་ཏུ་བཞུགས་ཚུལ་ཏེ། །ཇི་ལྟར་ནོར་བུ་རིན་ཆེན་ནི་རྟོག་པ་མེད་བཞིན་དུ་ཇི་འདོད་པའི་ནོར་རྫས་འབད་པ་མེད་པར་གཞན་པ་དག་པ་རབ་ཏུ་སྟེར་བ་ལྟར། དེ་བཞིན་ཐུབ་པ་སངས་རྒྱས་ཀྱང་འབད་པ་མེད་བཞིན་དུ་ཇི་ལྟར་ཐོས་པར་ནི་ཆོས་སྟོན་པ་སོགས་གཞན་གྱི་དོན་དུ་ནི་སྲིད་པ་ཇི་སྲིད་བར་དུས་རྟག་ཏུ་བཞུགས་པ་ཡིན་ནོ། །རྙེད་པར་དཀའ་ལ་དབྱེ་བ་མེད། །གང་ཕྱིར་རྒྱུ་རྒྱ་མཚོ་ཆེན་པོར་ཆུད་ཅིང་ས་ཆེན་པོའི་འོག་ན་གནས་པའི་ཕྱིར་ནོར་བུ་རིན་པོ་ཆེ་དེ་ལ་འདོད་པས། དོན་དུ་གཉེར་ཡང་། ཇི་ལྟར་དགོས་འདོད་སྟེར་བའི་ནོར་བུ་བཟང་བོ་དེ་འཛམ་གླིང་གི་འགྲོ་བ་འདིར་རབ་ཏུ་རྙེད་པར་དཀའ་བ། དེ་བཞིན་དུ་འགྲོ་བ་ཤིན་ཏུ་སྐལ་བ་ངན་པ་ཉོན་མོངས་ཀྱིས་ཟིན་པའི་ཡིད་དྲི་མ་དང་བཅས་པ་འདིར་བདེ་གཤེགས་མཐོང་བ་རྙེད་དཀར་ཤེས་པར་བྱའོ། །བདུན་པ་གསུང་གི་གསང་བ་མཆོག །བྲག་ཆའི་དཔེ་ཡིས་ངེས་བྱས་པ། །དཔེ་དང་དོན་ནི་གཉིས་ཡིན་ནོ། །དཔེ་ཇི་ལྟར་ན་བྲག་ཆ་སོགས་སྒྲ་བརྙན་གྱི་ནི་སྒྲ་རང་རང་གི་བརྗོད་པ་དང་མཐུན་པར་ཉན་པ་པོ་གཞན་གྱི་རྣམ་རིག་གི་རྐྱེན་ལས་བྱུང་བ་ཙམ་ཡིན་གྱི་བྲག་ལ་སོགས་ལ་འདི་བརྗོད་དོ་སྙམ་པའི་རྣམ་


MR04_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པ་མེད་ཅིང་བྱེད་པ་ལྕེ་རྐན་སོགས་འཕྲད་ནས་བརྗོད་པར་བཟོ་བའམ་འབད་རྩོལ་མེད་ལ། སྒྲ་དེ་བྲག་སོགས་ཀྱི་ཕྱི་དང་ནང་ན་མི་གནས་པ་ལྟར། དོན་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་ཆོས་ཀྱི་སྒྲ་སྣ་ཚོགས་པ་ཉན་པ་པོ་གདུལ་བྱ་གཞན་གྱི་བསམ་པ་དང་མཐུན་པར་རྣམ་རིག་ལས་བྱུང་བ་ཡིན་གྱི་སངས་རྒྱས་ལ་ནི་འདི་ལ་འདི་སྟོན་ཏོ་སྙམ་པའི་རྣམ་པར་རྟོག་པ་མེད་ལ་བཟོའམ་འབད་རྩོལ་མེད་ཅིང་། གསུང་དེ་སྐུ་ཡི་ཕྱི་དང་ནང་ན་གནས་པ་མ་ཡིན་ནོ། །བརྒྱད་པ་སྐུ་ཡི་གསང་བ་མཆོག །ནམ་མཁའི་དཔེ་ཡིས་ངེས་བྱ་ཡང་། །དཔེ་དང་དོན་གཉིས་ཉིད་ཡིན་ནོ། །དཔེ་རང་གི་ངོ་བོ་ཅུང་ཟད་ཀྱང་གྲུབ་པ་མེད་ཅིང་དབང་ཤེས་ལ་སྣང་བ་མེད་པའི་ཕྱིར་ན་མཚན་མར་དམིགས་པ་མེད་ཅིང་རྟེན་གཞི་ཡང་མེད་ལ་བྱེ་བྲག་ཏུའང་མིག་གི་ལམ་ལས་རབ་ཏུ་འདས་པ་ཡིན་པས་ན་གཟུགས་མེད་ཅིང་འདིའོ་ཞེས་བསྟན་དུ་མེད་པ་ཡི་ནམ་མཁའ་ལ་ཇི་ལྟར་དབུས་ཀྱི་ཆ་མཐོ་བ་དང་མཐའི་ཆ་དམའ་བ་དང་། གྲུ་བཞི་ཟླུམ་པོ་སོགས་སུ་དང་། སྔོན་པོ་སོགས་སུ་མཐོང་ཡང་ནམ་མཁའ་དེ་ནི་མཐོང་བ་དེ་ལྟར་ཡོད་པ་མིན་ནོ། །དོན་དེ་བཞིན་དུ་ལྷུམས་འཇུག་དང་བལྟམས་པ་སོགས་ནས་རྣམ་རོལ་མཐའ་ཡས་པ་ཐམས་ཅད་སངས་རྒྱས་ལ་ཡོད་པར་མཐོང་ཡང་


MR04_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དེ་ནི་དེ་ལྟ་བུར་ཡོད་པ་མིན་ནོ། །དགུ་པ་ཐུགས་རྗེ་འཇུག་པའི་ཚུལ། །ས་གཞིའི་དཔེ་བྱས་དཔེ་དང་དོན། །དཔེ་ཇི་ལྟར་ན་ས་ལས་སྐྱེ་བ་རྩི་ཤིང་ནགས་ཚལ་མེ་ཏོག་ལ་སོགས་པ་འདི་ཀུན་བསྐྱེད་འདོད་ཀྱི་རྣམ་རྟོག་དང་འབད་རྩོལ་མེད་པའི་ས་ལ་བརྟེན་ནས་ནི། སྔར་མེད་འཕེལ་བ་དང་སྔར་ཡོད་བརྟན་པ་དང་དེ་དག་གོང་ནས་གོང་དུ་ཡངས་པར་འགྱུར་བས་སེམས་ཅན་གྱི་ཉེར་འཚོ་བྱེད་པ་ལྟར། དོན་དེ་བཞིན་དུ་རྫོགས་པའི་སངས་རྒྱས་ཀྱིས་རྣམ་རྟོག་དང་འབད་རྩོལ་མེད་པ་ལ་བརྟེན་ནས་རིགས་ཅན་གསུམ་དང་། མུ་སྟེགས་ཅན་དང་། ཐ་ན་ལོག་པར་ངེས་པའི་འགྲོ་བའི་དགེ་བའི་རྩ་བ་རྣམས་མ་ལུས་པར་ནི་འཕེལ་བརྟན་ཡངས་པར་འགྱུར་བས་འགྲོ་ཀུན་གྱི་ཉེར་འཚོ་མཛད་དོ། །དགོས་བརྗོད་སྐབས་དོན་བསྡུས་ལ་གཉིས། །དགོས་དང་དཔེ་དོན་གྱིས་དབྱེ་བ། །དཔེ་ཡིས་མཚོན་ཚུལ་ཁྱད་པར་བཤད། །དགོས་སོགས་དབྱེ་བ་ལ་ཡང་བཞི། །དགོས་དང་ཉིང་དགོས་འགྲུབ་པའི་ཚུལ། །འཇིག་རྟེན་པ་དག་འབད་རྩོལ་མེད་པར་བྱ་བ་འགའ་ལྷུན་གྲུབ་ཏུ་བྱེད་པ་མཐོང་བ་མེད་པ་དེ་བས་ན་སངས་རྒྱས་ལའང་འབད་རྩོལ་མེད་ན་གཞན་དོན་སོགས་ཇི་ལྟར་མཛད་སྙམ་པའི་གདུལ་བྱའི་ཐེ་ཚོམ་གཅོད་པའི་ཕྱིར་དུ་འབད་རྩོལ་མེད་པའི་ཚུལ་བརྒྱ་


MR04_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱི་གཟུགས་སོགས་དཔེ་རྣམས་དགུ་ཡིས་ནི་མདོ་ལས་གསལ་བར་བསྟན་པ་ཡིན་ནོ། །དེ་བཞིན་དུ་སྐྱེ་འགག་མེད་ན་སྐྱེ་འགག་ཏུ་སྣང་བ་ལ་ཐེ་ཚོམ་གཅོད་ཕྱིར་ཡང་ཡིན་ལ། གསུང་རབ་གང་དུ་སངས་རྒྱས་ཀྱི་ཕྲིན་ལས་མཚོན་པའི་དཔེ་དགུ་པོ་འདི་དག་རྒྱུ་མཚན་དང་བཅས་པ་རྒྱས་པར་རབ་ཏུ་བསྟན་པར་གྱུར་པ་ཡི་མདོ་སྡེ༷་དེ་ཡི་ནི་མིང་སངས་རྒྱས་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ཞེས་པ་དེ་ཉིད་ཀྱིས་དཔེ་དགུས་བཤད་པ་དེ་ཡི་དགོས་པ་དང་ཉིང་དགོས་གཉིས་ཀ་ཡང་བསྟན་པ་ཉིད་ཡིན་ཏེ། གསུང་རབ་དེ་དང་དགོངས་འགྲེལ་འདི་ལྟ་བུ་དག་ཐོས་པ་ལས་བྱུང་པར་ཤེས་རབ་རྣམ་པར་དག་པ་ཡི་སྣང་བརྒྱ་ཆེན་པོ་འདིས་བརྒྱན་པའི་བློ་ལྡན་བྱང་སེམས་དེ་ནི་མྱུར་དུ་སངས་རྒྱས་སྤྱོད་ཡུལ་འབད་མེད་ལྷུན་གྲུབ་ཀྱི་ཕྲིན་ལས་ཀུན་ལ་དང་པོར་རྟོགས་པའི་སྒོ་ནས་འཇུག་ཅིང་མཐར་སྒྲུབ་པའི་ཚུལ་གྱིས་ཀྱང་འཇུག་པར་འགྱུར་རོ། །དེ་ཡང་དངོས་སུ་ཐེ་ཚོམ་ཆོད་པ་དགོས་པ་དང་། བརྒྱུད་ནས་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་འཇུག་པ་ནི་དགོས་པའི་ཡང་དགོས་པའོ། །དཔེ་དང་དོན་དག་བསྡུས་ཏེ་བསྟན། །འབད་མེད་དུ་གཞན་དོན་བྱེད་པ་དེ་མཚོན་པའི་དོན་དུ་བཻཌཱུར་ཡའི་ས་གཞི་དང་བརྒྱ་བྱིན་གྱི་གཟུགས་བརྙན་ལ་སོགས་པའི་དཔེ་དག་ནི་རྣམ་པ་དགུ་གོང་དུ་ལེགས་པར་


MR04_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་དེ་ལ་ནི། དེ་ཡི་བསྡུས་དོན་ངེས་པར་བཟུང་བར་བྱ་བ་ནི་འདི་ཡིན་ཏེ། བརྒྱ་བྱིན་གྱི་དཔེས་སྐུའི་རྣམ་འཕྲུལ་སྟོན་པ་དང་། རྔ་སྒྲས་གསུང་གདམས་ངག་བརྗོད་པ་དང་། སྤྲིན་གྱིས་ཐུགས་མཁྱེན་བརྩེས་ཁྱབ་པ་དང་། ཚངས་པས་སྐུ་དང་གསུང་གི་མཛད་པ་མཐའ་ཡས་པར་སྤྲུལ་པ་དང་། ཉི་མས་ཡེ་ཤེས་སྤྲོ༷་བ་དང་། ནོར་བུས་ཐུགས་ཀྱི་གསང་བ་དང་། སྒྲ་བརྙན་གྱིས་གསུང་གི་གསང་བ་དང་། ནམ་མཁས་སྐུ་ཡི་གསང་བ་དང་། ས་ཡི་དཔེས་ཐུགས་རྗེའི་སྟེ་ཐུགས་རྗེ་ཆེན་པོའི་བདག་ཉིད་ཐོབ་པ་ཉིད་བསྟན་ཏོ། །དམ་བཅའ་ལ་སོགས་དོན་གསུམ་སྦྱར། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཞན་དོན་དུ་འབད་རྩོལ་གྱི་རྒྱུན་ཀུན་རབ་ཏུ་ཞི་བ་ཡིས་འཇུག་སྟེ། རྣམ་པར་རྟོག་པ་མེད་ཅིང་འོད་གསལ་བའི་ཐུགས་མཐར་ཐུག་པ་མངོན་དུ་གྱུར་པའི་ཕྱིར། དཔེར་ན་དྲི་མེད་བཻཌཱུར་བརྒྱ་བྱིན་གྱི་གཟུགས་བརྙན་ཤར་བ་ལ་སོགས་པ་བཞིན་ནོ། །དེ་ལྟར་སྐུའི་སྣང་བ་སྟོན་པ་ལ་སོགས་པ་དོན་དགུ་ནི་ཆོས་ཅན་དུ་བཟུང་ངོ་། །དེ་ལ་འབད་རྩོལ་ཞི་བ་ཡིན་ཞེས་དམ་བཅས་ཏེ། རྟོག་པ་མེད་པའི་ཐུགས་ནི་དེ་སྒྲུབ་ཀྱིས་གཏན་ཚིགས་སོ། །དེ་ལྟར་འབད་རྩོལ་གང་ཡང་མེད་ཀྱང་གདུལ་བྱའི་དོན་སྒྲུབ་པའི་རང་བཞིན་གྱི་དོན་ནི་གདུལ་བྱ་རྣམས་ལ་གྲུབ་


MR04_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་དུ་མཐུན་དཔེ་ནི་བརྒྱ་བྱིན་གྱི་གཟུགས་བརྙན་ལ་སོགས་པ་དགུ་བསྟན་པ་ཡིན་ནོ། །སྐབས་དོན་འབད་རྩོལ་མེད་ཚུལ་ལོ། །སངས་རྒྱས་ཀྱི་ཕྲིན་ལས་མཛད་པའི་སྐབས་འདིར་ནི་དཔེ་དགུ་རྣམས་ཀྱིས་མཚོན་པའི་སྐབས་ཀྱི་དོན་རྣམས་ནི་འདི་ཡིན་ཏེ། སྐུའི་རྣམ་འཕྲུལ་སྟོན་པ་དང་གསུང་གདམས་ངག་འདོམས་པ་ལ་སོགས་པའི་དོན་རྣམ་པ་དགུས་གསལ་བར་བྱས་པས་ནི་སྟོན་པ་སངས་རྒྱས་རྣམས་སྐྱེ་བ་དང་འཆི་བ་ལ་སོགས་འདུས་བྱས་ཀྱི་ཆོས་རྣམས་དང་བྲལ་བ་དང་། རྣམ་རྟོག་དང་འབད་པ་དང་རྩོལ་བ་མེད་པར་རབ་ཏུ་འཇུག་པར་སྟོན་པའོ། །དཔེ་ཡིས་མཚོན་ཚུལ་གཤད་ལ་གཉིས། །དཔེ་ཡི་དབྱེ་བ་བསྟན་པ་དང་། །སངས་རྒྱས་ཀྱི་ཕྲིན་ལས་གང་ཞིག་མཚོན་བྱེད་ཀྱི་དཔེ་ནི་བརྒྱ་བྱིན་དང་། ལྷའི་རྔ་བོ་ཆེ་དང་། སྤྲིན་བཞིན་དང་། ཚངས་པ་དང་ཉི་མ་དང་། རིན་ཆེན་མཆོག་ཏུ་གྱུར་པ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་བཞིན་དང་། སྒྲ་བརྙན་དང་ནམ་མཁའ་དང་ས་གཞི་བཞིན་དུ་འཇིག་རྟེན་ཇི་སྲིད་པའི་བར་དུ་འབད་རྩོལ་མེད་བཞིན་དུ་གཞན་དོན་ལྷུན་གྲུབ་ཏུ་མཛད་པ་དེ་ནི་རྣལ་འབྱོར་པ་མཆོག་ཏུ་གྱུར་པ་རྣམས་ཀྱིས་རིག་གི་ཕལ་པས་ནི་མ་ཡིན་ནོ། །དོན་དང་སྦྱར་ཏེ་བཤད་པའོ། །རིན་ཆེན་གྱི་ས་གཞིར་ལྷ་དབང་གི་གཟུགས་


MR04_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་བཞིན་དུ་སྐུ་ཡི་སྣང་བ་སྟོན་པ་སྟེ། འབད་མེད་དུ་ཆོས་ཀྱི་དབྱིངས་ལེགས་པར་འདོམས་མཛད་ལྷ་ཡི་རྔ་བོ་ཆེ་དང་འདྲ་ལ། ཁྱབ་བདག་སངས་རྒྱས་ཀྱི་མཁྱེན་པ་དང་བརྩེ་བ་ཆེན་པོའི་སྤྲིན་ཚོགས་ནི། མཐའ་ཡས་པའི་འགྲོ་བ་སྲིད་པའི་རྩེའི་ཞེས་རྩེ་མོའི་བར་དུ་ཁྱབ་པ་ནི་ནམ་མཁའི་སྤྲིན་ཚོགས་དང་འདྲ་ཞིང་། ཚངས་པ་རང་གནས་ལས་མ་གཡོས་པར་སྤྲུལ་པ་སྟོན་པ་བཞིན་དུ་ཟག་པ་མེད་པའི་ཆོས་སྐུའི་གནས་ལས་མི་བསྐྱོད་པར་སྤྲུལ་པ་རྣམ་པ་དུ་མར་རབ་ཏུ་སྟོན་པ་དང་། ཉི་མའི་འོད་ཟེར་སྤྲོ་བ་བཞིན་དུ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་སྤྲོ༷་བ་གང་ཡིན་པ་དང་། དྲི་མས་རྣམ་པར་དག་པའི་རིན་ཆེན་ཡིད་བཞིན་ནོར་འདྲའི་གཞན་དོན་རྟོག་མེད་ལྷུན་གྲུབ་ཏུ་མཛད་པའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་མངའ་བ་དང་། རྒྱལ་བ་རྣམས་ཀྱི་གསུང་གི་གསང་བ་དེ་སྣ་ཚོགས་སུ་ཐོས་ཀྱང་བྲག་ཅ་བཞིན་དུ་ཡི་གེ་ཡི་ངོ་བོར་གྲུབ་པ་མེད་པ་དང་། སྐུ་ཡི་གསང་བ་ནི་ནམ་མཁའ་ལྟ་བུར་འཇིག་རྟེན་ཀུན་ལ་ཁྱབ་པ་དང་། དབྱིབས་སོགས་སུ་སྣང་བས་གཟུགས་སུ་གྲུབ་པ་མེད་པ་དང་། དུས་རྟག་པ་ཉིད་དོ། །ས་གཞི་བཞིན་དུ་འགྲོ་བའི་རྒྱུད་ལ་དཀར་པོའི་ཆོས་ཀྱི་རྩི་སྨན་ལོ་ཏོག་རྣམས་མ་ལུས་པ་འཕེལ་བརྟན་ཡངས་པར་བྱེད་པའི་


MR04_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ཀུན་ཏུརྟེན་ནམ་གཞིར་གྱུར་པ་ནི་སངས་རྒྱས་ཀྱི་གནས་གྱུར་པའི་ཡེ་ཤེས་ཀྱི་ས་ཡིན་ནོ། །ཡང་ན། དེ་ལ་དག་པའི་ས་ལྟ་བུ་ནི་དད་པ་ལ་སོགས་པ་ཡིན་ནོ་ཞེས་སོ། །སླར་ཡང་བསྡུས་ཏེ་བཤད་ལ་གཉིས། །གཟུགས་སྐུ་སྐྱེ་འཇིག་སྣང་ན་ཡང་། །ཆོས་སྐུ་སྐྱེ་འཇིག་མེད་ཚུལ་དང་། །ཆོས་མཐུན་མཚུངས་པར་སྣང་ན་ཡང་། །མི་མཐུན་ཁྱད་པར་འཕགས་ཚུལ་ལོ། །སྣང་ཡང་སྐྱེ་འཇིག་མེད་ཚུལ་གཉིས། །དབང་པོའི་དཔེ་ཡིས་སྐྱེ་འཇིག་མེད། །དག་པ་བཻཌཱུརྱ་དང་འདྲ་བ་ཡ། སེམས་ལ་སངས་རྒྱས་མཐོང་བའི་རྒྱུ་རུ་གྱུར་པ་སེམས་དེ་དག་པར་བྱེད་པའི་ཐབས་སེམས་ནི་མི་མཐུན་ཕྱོགས་མ་དད་པ་ལ་སོགས་པས་མི་བཟློག་པའི་དད་པའི་དབང་པོ་སོགས་བརྟས་པ་ཉིད་ཡིན་ལ། རང་རྒྱུད་ཀྱི་དད་སོགས་དགེ་བ་སྐྱེ་བ་དང་འཇིག་པས་ན་རིམ་པར་ཀུན་རྫོབ་སངས་རྒྱས་ཀྱི་གཟུགས་སྐུ་ནི་སྐྱེ་དང་འཇིག་པར་སྣང་བ་ཡིན་ནའང་དཔེར་ན་ས་གཞི་དག་མ་དག་པའི་དབང་གིས་བརྒྱ་བྱིན་གྱི་གཟུགས་བརྙན་འཆར་ནུབ་འཕྲལ་དུ་སྣང་ཡང་དེ་འཕྲལ་དུ་སྐྱེ་འཇིག་མེད་པར་རང་གནས་ལས་མ་གཡོས་པ་བཞིན་དུ་ཐུབ་པ་སངས་རྒྱས་ཉིད་ནི་ཆོས་ཀྱི་སྐུ་ཡི་བདག་ཉིད་ཡིན་ཕྱིར་སྐྱེ་འཇིག་མེད་དོ། །དཔེ་ཀུན་གྱིས་མཚོན་རྒྱུན་མི་འཆད། །


MR04_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་དགུ་པོ་དེ་བཞིན་དུ་ནི་སངས་རྒྱས་རྣམས་ལའང་འབད་རྩོལ་གང་ཡང་མེད་པར། སྐྱེ་མེད་འགག་མེད་ཀྱི་ཆོས་སྐུ་ལས་མ་གཡོས་བཞིན་དུ་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་སྐུའི་སྣང་བ་སྟོན་པ་ལ་སོགས་པའི་མཛད་པ་ལྷུན་གྲུབ་ཏུ་འཇུག་པ་ཡིན་ནོ། །མཚུངས་ཀྱང་ཁྱད་པར་འཕགས་ཚུལ་གཉིས། །མདོར་བསྟན་པ་དང་བཤད་པའོ། །བསྟན་པ་སངས་རྒྱས་ཀྱི་ཕྲིན་ལས་མཚོན་བྱེད་ཀྱི་དཔེ་འདི་རྣམས་ཀྱིས་མདོར་བསྡུས་པ་ཡི། དོན་ནི་འཆད་འགྱུར་འདི་ཡིན་ཞིང་། དཔེ་སྔ་ཕྱིའི་རིམ་པ་སྟེ་གོ་རིམ་ཡང་དེས་སྟོན་ཏེ། ཇི་ལྟར་ན། དཔེ་སྔ་མ་སྔ་མ་རྣམས་ཀྱིས་མཚོན་མི་ནུས་པ་བརྗོད་ནས་དཔེ་ཕྱི་མ་ཕྱི་མ་ལ་དཔེ་སྔ་མ་རྣམས་ཀྱིས་མཚོན་མ་ནུས་པ་གསལ་བོར་བྱས་ཏེ་དཔེ་དོན་ཆས་མི་མཐུན་པའི་ཆ་སྤངས་པའི་སྒོ་ནས་རིམ་གྱིས་བརྗོད་པ་ཡིན་པས་སོ། །བཤད་པ། དེ་གང་ཞེ་ན། སངས་རྒྱས་ནི་སྐུའི་སྣང་བ་སྟོན་པ་བརྒྱ་བྱིན་གྱི་གཟུགས་བརྙན་ལྟ་བུ་སྟེ། འོན་ཀྱང་བརྒྱ་བྱིན་གྱི་གཟུགས་བརྙན་ཆོས་སྟོན་པའི་དབྱངས་དང་མི་ལྡན་པས་དེ་དང་འདྲ་བ་མིན་པས་དེས་མཚོན་མི་ནུས་པས་ཁྱད་པར་དུ་འཕགས་སོ། །དེ་ལྟར་ཆོས་སྟོན་པའི་དབྱངས་དང་ལྡན་པའི་ཆ་ནས་ལྷ་ཡི་རྔ་བོ་ཆེས་ཆོས་ཀྱི་སྡོམ་


MR04_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་སྟོན་པ་བཞིན་ཏེ། རྔ་བོ་ཆེ་ཉི་ཚེ་བར་གྱུར་ནས་ས་འོག་སོགས་ཐམས་ཅད་དུ་ཁྱབ་པར་དོན་བྱེད་པ་མིན་པས་དེ་དང་འདྲ་བ་མིན་ལ་ཐམས་ཅད་ལ་ཁྱབ་པར་དོན་བྱེད་པའི་ཆ་ནས་སྤྲིན་ཆེན་དང་མཚུངས་ཏེ། སྤྲིན་དེས་ལོ་ཏོག་སྨིན་པ་སོགས་ཀྱི་དོན་བྱེད་ཀྱང་ཡང་དག་པའི་དོན་མེད་པའི་ཆགས་སོགས་ཀྱི་ས་བོན་སྤང་བ་མིན་པས་དེ་འདྲ་མིན་ལ། འདོད་ཡོན་ལ་ཆགས་སོགས་ཉོན་མོངས་སྤོང་བར་བྱེད་པའི་ཆ་ནས་ཚངས་པ་ཆེན་པོ་བཞིན་ཏེ། ཚངས་པ་དེས་ལན་ཅིག་ཕན་འདོགས་པས་སྨིན་པར་བྱེད་ཀྱི་དེས་མྱང་འདས་ཞི་བའི་གནས་སུ་གཏན་དུ་ནི་སྨིན་པར་བྱེད་པ་མིན་པས་དེ་འདྲ་མིན་ལ། གཏན་དུ་གདུལ་བྱའི་ལོ་ཏོག་སྨིན་པར་མཛད་པའི་ཆ་ནས་ཉི་མའི་གཟུགས་ཀྱི་འོད་ཟེར་གྱིས་ལོ་ཏོག་གཏན་དུ་སྨིན་པར་བྱེད་པ་བཞིན་ཏེ་ཉི་མ་དེས་ལོ་ཏོག་སྨིན་ཅིང་རེས་མུན་པ་བཅོམ་ནས་སྣང་བར་བྱེད་པ་ཙམ་ཡིན་གྱི་གཏན་དུ་ནི་མི་ཤེས་པའི་མུན་པ་འཇོམས་པ་མིན་པས་དེ་འདྲ་མིན་ལ། གཏན་དུ་མུན་པ་འཇོམས་པར་བྱེད་པའི་ཆ་ནས་ཡིད་བཞིན་གྱི་ནོར་བུས་ཉིན་མཚན་གཉིས་ཆར་གཏན་དུ་མུན་པ་འཇོམས་པ་དང་འདྲ་སྟེ། ནོར་བུ་ནི་ཀླུ་སོགས་དུད་འགྲོ་ལའང་ཡོད་པས་ཐོབ་པའམ་འབྱུང་བ་ནི་རྙེད་པར་མི་དཀའ་བས་དེ་འདྲ་མིན་ལ། རྙེད་དཀའི་ཆ་ནས་སྒྲ་བརྙན་ཕྱི་


MR04_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གང་དུ་མི་རྙེད་པ་བཞིན་ཏེ། སྒྲ་བརྙན་ནི་རྐྱེན་ལས་ནི་བྱུང་བ་ཡིན་པས་དེ་དང་འདྲ་བའང་མིན་ཏེ་རང་བྱུང་འདུས་མ་བྱས་ཡིན་པས་སོ། །འདུས་མ་བྱས་ཡིན་པའི་ཆ་ནས་རྐྱེན་ལས་བྱུང་བ་མིན་པའི་ནམ་མཁའ་དང་འདྲ་སྟེ། ནམ་མཁའ་ནི་དགེ་བ་ཡི་གཞིའམ་རྟེན་མིན་པས་དེ་དང་འདྲ་བའང་མིན་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཡི་འགྲོ་བའི་ཕུན་སུམ་ཚོགས་པ་མ་ལུས་པ་དེ་དག་གནས་པ་ཡི་རྟེན་ནམ་གཞི་ཡིན་པའི་ཕྱིར་ན། ས་ཡི་དཀྱིལ་འཁོར་ཆེན་པོས་ཐམས་ཅད་ཀྱི་རྟེན་བྱེད་པ་དག་དང་འདྲ་བའོ། །དེ་ཡིན་ཏེ། སངས་རྒྱས་རྣམས་ཀྱིས་བྱང་ཆུབ་ཆེན་པོ་ཐོབ་པ་ལ་བརྟེན་ནས། འཇིག་རྟེན་ལས་འདས་པའི་ལམ་ཕུན་ཚོགས་ཐེག་གསུམ་འབྱུང་བའི་ཕྱིར་དང་། དེ་ལ་བརྟེན་ནས་འཇིག་རྟེན་པའི་ཕུན་སུམ་ཚོགས་པའི་རྒྱུ་འདོད་ཁམས་པའི་དགེ་བའི་ལས་ལམ་བཅུ་དང་། གཟུགས་ཁམས་ཀྱི་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་ཕུན་ཚོགས་ཀྱི་རྒྱུ་གཟུགས་མེད་པའི་སྙོམས་འཇུག་རྣམས་འབྱུང་བའི་ཕྱིར་རོ། །ལེའུ་བཞི་པའི་ས་བཅད་རྫོགས། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གསུམ་པོ་དག་གི་རིགས་ཁམས་ཀྱི་རང་བཞིན་


MR04_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དབྱེ་བ་ལས། དེ་བཞིན་གཤེགས་པའི་ཕྲིན་ལས་མཛད་པའི་སྐབས་ཏེ་བཞི་པའོ། །གནས་བཞིར་མོས་པའི་ཕན་ཡོན་གཉིས། །མཆོག་ཏུ་བསྔགས་པའི་ཚུལ་གྱིས་བསྟན། །དེ་ཉིད་རྣམ་གྲངས་གཞན་གྱིས་བཤད། །བསྔགས་པའི་ཚུལ་གྱིས་བསྟན་ལ་གཉིས། །གནས་བཞི་རྟོགས་པར་དཀའ་ཚུལ་དང་། སངས་རྒྱས་ཀྱི་ཁམས་དྲི་བཅས་དེ་བཞིན་ཉིད་དང་། དེ་ཉིད་གློ་བུར་དྲི་མས་ཤིན་ཏུ་རྣམ་པར་དག་པ་སངས་རྒྱས་ཀྱི་བྱང་ཆུབ་དང་། སངས་རྒྱས་ཀྱི་ཆོས་སྟོབས་སོགས་ཡོན་ཏན་དང་། སངས་རྒྱས་ཀྱི་ཕྲི༷ན་ལས་ཏེ། རྡོ་རྗེའི་གནས་བཞི་པོ་འདི་ནི་གློ་བུར་གྱི་དྲི་མ་ཕལ་ཆེ་བ་དག་པའི་སེམས་ཅན་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་ཇི་བཞིན་དུ་བསམ་བྱ་མིན་ན་གཞན་གྱིས་ལྟ་ཞོག་དེས་ན་གནས་བཞི་པོ་འདི་ནི་འདྲེན་པ་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཁོ་ན་ཡིན་ནོ། །དེ་རྟོགས་ཕན་ཡོན་ཐོབ་ཚུལ་ལོ། །ཕན་ཡོན་ཐོབ་ཚུལ་འདི་ལ་གཉིས། །ཐབས་ཀྱི་དགེ་བ་གཞན་ལས་འཕགས། །ཤེས་རབ་མཆོག་ཐོབ་རྒྱུ་མཚན་ནོ། །གཞན་ལས་འཕགས་ཚུལ་མདོར་བསྟན་ནས། །འོན་ཀྱང་ལུང་ལ་བརྟེན་ནས་བློ་ལྡན་གང་ཞིག་རྒྱལ་བའི་ཡུལ་བཞི་པོ་དེ་ལ་མོས་པ་དེ་ནི་སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་ཀྱི་སྟེ་


MR04_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བསམ་མི་ཁྱབ་པ་གནས་པའི་སྣོད་དུ་རུང་བར་འགྱུར་ཏེ། ཕལ་བས་བསམ་དུ་མེད་པའི་ཡོན་ཏན་གྱི་ཚོགས་ཅན་གྱི་གནས་འདི་བཞི་ལ་མངོན་པར་དགའ་བའི་དགེ་བས། དེ་དང་མ་འབྲེལ་བའི་སེམས་ཅན་ཀུན་གྱི་སྦྱིན་སོགས་བསོད་ནམས་ཚོགས་ཐམས་ཅད་ཟིལ་གྱིས་གནོན་ཏེ་འདི་ལས་གོང་དུ་གྱུར་པའི་ཆོས་གཞན་མེད་པའི་ཕྱིར་རོ། །རྒྱས་པར་བཤད་པ་ལ་ནི་གསུམ། །སྦྱིན་པ་མཆོད་ལས་ཁྱད་འཕགས་ཤིང་། །གང་ཟག་གང་ཞིག་གིས་བསམ་པ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བའི་བསམ་པས་གསེར་ལས་གྲུབ་པའི་ཞིང་ཁམས་རྒྱ་ཆེན་པོ་ནོར་བུས་ཏེ་ནོར་བུ་རིན་ཆེན་དཔག་ཏུ་མེད་པས་སྤྲས་པ་ནི། གྲངས་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་དག་གི་རྡུལ་དང་མཉམ་པ་དུས་ཉིན་རེ་བཞིན་དུ་རྒྱུན་མི་འཆད་པར་ཡུལ་མཆོག་ཏུ་གྱུར་པ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དུས་རྟག་པར་འབུལ་ན་བསོད་ནམས་ཆེས་མང་དུ་འཕེལ་མོད། དེ་བས་ཀྱང་གང་ཟག་གཞན་གང་ལ་ལ་ཞིག་གིས་དོན་གནས་བཞི་པོ་འདི་ལས་བརྩམས་ཏེ་དོན་རྟོགས་ན་ལྟ་ཅི་སྨོས། ཐ་ན་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་ཡིད་ཆེས་པས་མོས་ན་མོས་པའི་དགེ་བ་འདི་གོང་དུ་བཤད་པའི་སྦྱིན་པ་ལས་བྱུང་བའི་དགེ་


MR04_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྒྱ་ཆེན་པོ་དེ་ལས་ཀྱང་བསོད་ནམས་ཆེས་མང་པོ་ཐོབ་པར་འགྱུར་རོ། །ཚུལ་ཁྲིམས་ལས་ཀྱང་ཁྱད་འཕགས་པ། །བློ་ལྡན་གང་ཞིག་བསམ་པ་བླ་མེད་བྱང་ཆུབ་འདོད་པས་དུས་བསྐལ་པ་དུ་མར་ཡང་། ལུས་ངག་ཡིད་ཀྱི་སྒོ་ནས་གོམས་པའི་དབང་གིས་དཀའ་ཚེགས་ཀྱིས་འབད་པ་མེད་པར་འཇུག་པའི་སྟོབས་ཀྱིས་ཚུལ་ཁྲིམས་ཉེས་པ་ཕྲ་མོས་ཀྱང་དྲི་མ་མེད་པ་སྲུང་བར་བྱེད་པ་ལ་བསོད་ནམས་ཆེས་འཕེལ་མོད། དེ་ལས་ཀྱང་གང་ཟག་གཞན་གང་ལ་ལ་ཞིག་གིས་གནས་བཞི་པོ་འདི་ལས་དོན་རྟོགས་ན་ལྟ་ཅི་སྨོས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་པར་གྱུར་ན་མོས་པའི་དགེ་བ་འདིས་གོང་བཤད་ཀྱི་ཚུལ་ཁྲིམས་ལས་བྱུང་བའི་དགེ་བ་དེ་ལས་བསོད་ནམས་ཆེས་མང་དུ་ཐོབ་པར་འགྱུར་རོ། །བསྒོམ་པ་ལས་ཀྱང་ཁྱད་འཕགས་ཏེ། །གང་ཟག་གང་ཞིག་འཇིག་རྟེན་འདི་ན་བྱེད་ལས་སྲིད་པ་གསུམ་གྱི་ཉོན་མོངས་པའི་མེ་འཇིལ་བར་ནུས་པའི་བསམ་གཏན་ནི། ལྷ་ཡི་གནས་པ་བསམ་གཏན་བཞི་དང་ཚངས་པའི་གནས་པ་ཚད་མེད་བཞི་རྣམས་ཕུལ་བྱུང་མཐར་སོན་པ་ཞིག་རྫོགས་པའི་བྱང་ཆུབ་འཕོ་བ་མེད་པ་ཐོབ་པའི་ཐབས་སུ་བསྒོམས་པ་ལ་བསོད་ནམས་ཆེས་མང་པོ་འཕེལ་མོད། དེ་བས་ཀྱང་གང་ཟག་གཞན་གང་ལ་ལ་ཞིག་གིས་


MR04_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བཞི་པོ་འདི་ལས་བརྩམས་ཏེ་དོན་རྟོགས་ན་ལྟ་ཅི་སྨོས། ཐ་ནའང་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་ཡིད་ཆེས་པས་མོས་ན་དེ་ལྟར་མོས་པའི་དགེ་བ་འདི་གོང་བསྟན་གྱི་བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་འཕེལ་ཞིང་ཐོབ་པར་འགྱུར་རོ། །འདི་རྣམས་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ཚིགས་བཅད་དུ་བྱས་པའོ། །ཤེས་རབ་མཆོག་ཐོབ་རྒྱུ་མཚན་ནོ། །དེ་ལྟས་སྦྱིན་ཚུལ་བསྒོམས་པ་ལས་བྱུང་བའི་བསོད་ནམས་ཆེན་པོ་དེ་ལས་ཀྱང་གནས་བཞི་ཐོས་པ་ལས་བྱུང་བའི་ཤེས་རབ་མཆོག་ཡིན་པའི་རྒྱུ་མཚན་གང་གི་ཕྱིར་སྙམ་ན། འདི་ལྟར་སྦྱིན་པས་ཕུན་སུམ་ཚོགས་པའི་ལོངས་སྤྱོད་དག་ནི་སྒྲུབ་པར་བྱེད་ཅིང་། ཚུལ་ཁྲིམས་ཀྱིས་མཐོ་རིས་ཀྱི་རྟེན་ཐོབ་པར་བྱེད་ལ་བསམ་གཏན་བསྒོམས་པས་ཉོན་མོངས་ཙམ་སྤོང་བར་བྱེད་ལ། འདི་ལྟ་བུ་རྟོགས་པའི་ཤེས་རབ་ཀྱིས་ནི་རྣམ་མཁྱེན་གྱི་གེགས་ཉོན་མོངས་པ་དང་ཤེས་བྱ་ཡི་སྒྲིབ་པ་ཀུན་སྤོང་བའི་ཐབས་དངོས་ཡིན་པ་དེ་ཡི་ཕྱིར། གནས་བཞི་ཐོས་པ་འདི་མཆོག་ཉིད་དེ་རྟོགས་པའི་ཤེས་རབ་དེ་ཡི་རྒྱུ་ནི་གནས་བཞི་འདི་ཐོས་པ་ལས་བྱུང་བ་ཡིན་པས་སོ། །རྣམ་གྲངས་གཞན་གྱིས་བཤད་ལ་གཉིས། །མཐར་ཐུག་ཐོབ་པའི་ཕན་ཡོན་དང་། །


MR04_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་དུ་གནས་པ་ཁམས་དང་། ཁམས་དེ་ནི་གནས་གྱུར་པ་བྱང་ཆུབ་དང་། བྱང་ཆུབ་དེ་ཡི་ཡོན་ཏན་དང་། ཡོན་ཏན་དེས་གཞན་དོན་སྒྲུབ་པ་ཕྲིན་ལས་ཏེ། རྒྱལ་བ་སངས་རྒྱས་ཁོ་ན་ཡི་ནི་མཁྱེན་པའི་ཡུལ། རྣམ་པ་བཞི་པོ་བསྟན་བཅོས་འདིར་ཇི་སྐད་བརྗོད་པ་འདི་ལ་བློ་ལྡན་རྣམས་ཀྱིས་རིམ་པ་བཞིན་ཐམས་ཅད་ལ་ཁྱབ་པར་ཡོད་པ་ཉིད་ལ་ཡིད་ཆེས་པའི་དད་པ་དང་། བྱང་ཆུབ་དེ་ཐོབ་པར་ནུས་པ་ཉིད་ལ་འདོད་པའི་དད་པ་དང་། དེ་ཡོན་ཏན་དང་འབྲལ་མི་རུང་དུ་ལྡན་པ་ལ་དང་བའི་དད་པ་སྟེ། དད་པ་གསུམ་དང་ལྡན་པའི་སྒོ་ནས་ལྷག་པར་མོས་པས་ནི། བྱང་ཆུབ་ཀྱི་སྤྱོད་པ་ལ་ཞུགས་ནས་མྱུར་བ་ཉིད་དུ་དེ་བཞིན་གཤེགས་པ་ཡི། གོ་འཕང་བླ་ན་མེད་པ་ཐོབ་པའི་སྐལ་བ་དང་ལྡན་པར་འགྱུར་རོ། །ལམ་ལ་འཇུག་པའི་ཕན་ཡོན་ནོ། །ལམ་ལ་འཇུག་པའི་ཕན་ཡོན་གཉིས། །བསམ་པ་བྱང་ཆུབ་མཆོག་སེམས་བསྐྱེད། བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་ཏེ། གང་གིས་ན། བསམ་གྱིས་མི་ཁྱབ་པའི་ཡུལ་བཞི་པོ་འདི་ནི་རིམ་བཞིན་ཡོད་པ་དང་བདག་འདྲས་ཀྱང་ཐོབ་པར་ནུས་པ་དང་། ཐོབ་པ་ལ་དོན་གཉིས་མཐར་ཕྱིན་པ་འདི་འདྲའི་ཡོན་ཏན་དང་ལྡན་ནོ་ཞེས་དད་པ་གསུམ་དང་ལྡན་པས་མོས་པའི་ཕྱིར། དམ་པའི་ཆོས་ལ་དོན་གཉེར་


MR04_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འདུན་པ་དང་། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང་། དམིགས་པ་མི་བརྗེད་པའི་དྲན་པ་དང་། རྩེ་གཅིག་པའི་བསམ་གཏན་དང་། ཤེས་བྱ་རྣམ་པར་འབྱེད་པའི་ཤེས་རབ་ལ་སོགས་པ་བསམ་མི་ཁྱབ་པའི་ཡོན་ཏན་ཐམས་ཅད་འབྱུང་གནས་ཀྱི་སྣོད་ལྟ་བུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་བྱང་སེམས་དེ་དག་ལ། དུས་རྟག་ཏུ་ཉེ་བར་གནས་པར་འགྱུར་ཏེ། རང་གཞན་ཀུན་ལ་ཁམས་ཡོད་ཅིང་ཐོབ་རུང་དུ་ཤེས་པ་སོགས་ཀྱིས་སོ། །སྦྱོར་བ་ཕར་ཕྱིན་དྲུག་ལ་འཇུག །ཕྱིན་དྲུག་ལ་འཇུག་འདི་ལ་བཞི། །ཕ་རོལ་ཕྱིན་པ་ཡོངས་སུ་རྫོགས། །སེམས་བསྐྱེད་དེ་ནི་དུས་རྟག་ཏུ་ཉེར་གནས་པས་ལམ་ལ་བསླབས་པའི་རྒྱལ་བའི་སྲས་པོ་དེ་ནི་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་། དེས་བསོད་ནམས་ཀྱི་ཚོགས་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པས་བསོད་ནམས་གཞན་ཟིལ་གྱིས་གནོན་ཅིང་ཆེས་མང་པོ་ཐོབ་པ་ཉིད་དུ་འགྱུར་བ་ཡིན་ནོ། །དེ་ཡང་བསོད་ནམས་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དང་པོ་ལྔ་ཡིན་ལ། དེ་ལ་སྦྱིན་བྱ་སྦྱིན་པོ་སྦྱིན་བྱེད་སོགས་བྱ་བྱེད་ལས་རྣམ་པ་གསུམ་སྟེ་འཁོར་གསུམ་དུ་རྟོག་པ་མེད་པས་བསོད་ནམས་དེ་ཡོངས་སུ་རྫོགས་པ་ཡིན་ལ་ཡོངས་སུ་དག་པ་ནི་


MR04_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སོགས་དེ་ཡི་རང་རང་གི་མི་མཐུན་ཕྱོགས་སེར་སྣ་ལ་སོགས་པ་ལྔ་སྤངས་པ་ཉིད་ཀྱི་ཕྱིར་རོ། །བསོད་ནམས་བྱ་བའི་དངོས་གསུམ་བྱེད། །དེ་ཡང་བསོད་ནམས་ཕར་ཕྱིན་ལྔ་པོ་ལས་སྦྱིན་པའི་ཕར་ཕྱིན་ལས་བྱུང་བའི་བསོད་ནམས་ནི་སྦྱིན་པ་ཡི་བསོད་ནམས་བྱ་བའི་དངོས་པོ་སྟེ། ཚུལ་ཁྲིམས་ལས་བྱུང་བ་ནི་ཚུལ་ཁྲིམས་ཀྱི་བསོད་ནམས་བྱ་བའི་དངོས་པོ་ཡིན་ལ། བཟོད་པ་དང་བསམ་གཏན་གཉིས་པོ་དག་ལས་བྱུང་བ་ནི། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཡིན་ལ། བརྩོན་འགྲུས་ནི་དེ་གསུམ་གྱི་གྲོགས་སུ་ཀུན་ཏུ་འགྲོ་བ་ཡིན་པས་སྔར་གསུམ་དུ་གསུངས་པ་དང་མཐུན་པ་ཉིད་དོ། །སྤང་བྱ་སྒྲིབ་པ་རྣམ་གཉིས་ཀྱི། །དེའི་སྤང་བྱ་ནི་བྱ་བྱེད་ལས་ཏེ་འཁོར་གསུམ་དུ་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཕར་ཕྱིན་ཡོངས་སུ་རྫོགས་པའི་གེགས་ཤེས་བྱའི་སྒྲིབ་པ་ཡིན་པར་འདོད་ཅིང་། མི་མཐུན་ཕྱོགས་སེར་སྣ་དང་འཆལ་ཚུལ་ལ་སོགས་པའི་རྣམ་རྟོག་གང་ཡིན་པ་དེ་ནི་ཕར་ཕྱིན་ཡོངས་སུ་དག་པའི་གེགས་ཉོན་མོངས་པའི་སྒྲིབ་པ་ཡིན་པར་འདོད་དོ། །གཉེན་པོ་ཤེས་རབ་མཆོག་ཐོབ་བོ། །དོན་གྱི་གནས་ཟབ་མོ་རྟོགས་པའི་ཤེས་རབ་ལས་གཞན་སྒྲིབ་གཉིས་དེ་དག་ནི། རྩ་བ་ནས་སྤོང་བར་བྱེད་པའི་རྒྱུ་གཞན་མེད་པ་དེ་ཡི་ཕྱིར་ན་ཕར་ཕྱིན་སྔ་མ་ལྔ་


MR04_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཤེས་རབ་མཆོག་ཡིན་ལ། ཤེས་རབ་དེ་ཡི་གཞི་ནི། དོན་གནས་བཞི་སྟོན་པའི་མདོ་དགོངས་འགྲེལ་དང་བཅས་པ་ཚུལ་བཞིན་དུ་ཐོས་པ་ཡིན་པ་དེ་ཡི་ཕྱིར་ན་ཐོས་པ་ནི་གཞན་སྦྱིན་སོགས་བསོད་ནམས་བྱ་བའི་དངོས་པོ་གསུམ་ལས་མཆོག་ཏུ་གྱུར་པ་ཉིད་དོ། །མཇུག་ཡོངས་རྫོགས་པའི་བྱ་བ་གཉིས། །བཤད་བྱའི་དོན་ཉིད་རྒྱས་པར་བཤད། །འཆད་པའི་ཚུལ་གྱིས་བསྡུས་ཏེ་བསྟན། །རྒྱས་པར་བཤད་པ་ལ་ཡང་གསུམ། །བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ། །ཆོས་ལ་གནོད་པ་སྤོང་བའི་ཚུལ། །བརྩམས་པའི་བསོད་ནམས་བསྔོ་བའོ། །བརྩམས་པའི་ཚུལ་ལྔ་སྡོམ་དུ་བཞི། །གང་ལ་བརྟེན་ནས་གང་ཕྱིར་བཤད། །དེ་ལྟར་རྡོ་རྗེའི་གནས་བདུན་བཤད་པ་དེ་ཡང་རང་བཟོ་མ་ཡིན་ཏེ། གང་ལ་བརྟེན་ནས་གཟུངས་དབང་གིས་ཞུས་པའི་མདོ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། དཔལ་ཕྲེང་གིས་ཞུས་མདོ། འཕེལ་འགྲིབ་མེད་པར་བསྟན་པའི་མདོ། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་སོགས་ངེས་དོན་སྟོན་པ་ན་ཡིད་ཆེས་པའི་ལུང་རྣམ་དག་དང་། གནས་སྐབས་སུ་བྱ་བྱེད། ལྟོས་པ། འཐད་པ་སྟེ་རིགས་པ་གསུམ་དང་། མཐར་ཐུག་ཆོས་ཉིད་ཟབ་མོའི་རིགས་པ་སྟེ་རིགས་པ་བཞི་ལ་


MR04_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་ནས། གང་ཕྱིར་བཤད་ན། རྩོམ་པ་པོ་བདག་ཉིད་ཆོས་ཀྱི་དབྱིངས་འབའ་ཞིག་སྒྲིབ་པ་ཕྲ་མོས་ཀྱང་དག་ནས་མཐར་ཕྱིན་པའི་མྱང་འདས་ཐོབ་པའི་ཕྱིར་དང་། བག་ཆགས་འབའ་ཞིག་པའི་བདག་ཉིད་ཀྱི་བར་གྱི་སྒྲིབ་པ་ཐམས་ཅད་དག་པར་བྱ་བའི་ཕྱིར་ཞེས་ཀྱང་བཤད་དོ། །གཞན་གང་དག་གནས་འདི་ལྟ་བུ་ལ་མོས་པ་དང་། དེ་ལས་ཁྱད་འཕགས་ཀྱི་དགེ་བ་ཕུན་སུམ་ཚོགས་པ་ལྡན་པ་ལ་སྤྲོ་བའི་བློ་ཅན་ནམ། ཡང་ན་གནས་ཟབ་མོ་ལ་མོས་པར་དཀའ་ཡང་། ཆོས་པའི་དགེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་བློ་གྲོས་ཅན། དེ་དག་རྗེས་སུ་གཟུང་བར་བྱ་ཕྱིར་བསྟན་བཅོས་འདི་བཤད་དོ། །འཆད་པའི་ཚུལ་གྱིས་བསྟན་པ་དང་། །དཔེ་ཇི་ལྟར་ན་ཕྱི་ཡི་རྐྱེན་སྒྲོན་མེ་དང་གློག་དང་ནོར་བུ་དང་། ཉི་མ་དང་ཟླ་འོད་ལ་བརྟེན་ནས། ནང་གི་རྐྱེན་མིག་དང་ལྡན་པས་ཡུལ་གཟུགས་ལྟ་བ་བཞིན་དུ། དོན་དེ་བཞིན་ཕྱིའི་རྐྱེན། ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་མཁྱེན་པ་དོན་སོ་སོ་ཡང་དག་པར་རིག་པ་དང་། སྐད་རིགས་ཐམས་ཅད་ཐོགས་མེད་དུ་མཁྱེན་པ་ངེས་པའི་ཚིག་དང་། དོན་མཚོན་བྱེད་ཀྱི་མིང་གི་རྣམ་གྲངས་མཁྱེན་པ་ཆོས་དང་། ཆོས་དེ་དག་གི་དབྱེ་བ་ཐོགས་མེད་དུ་མཁྱེན་པ་སྤོབས་པ་སྟེ་སོ་སོ་ཡང་དག་པར་རིག་པ་བཞིའི་


MR04_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་འགྱེད་པར་མཛད་པ་ཐུབ་པ་སངས་རྒྱས་ཀྱི་སྣང་བ་ལ་བརྟེན་ནས། ནང་གི་རྐྱེན་བློ་གྲོས་ཀྱི་མིག་གིས་ཟབ་མོའི་དོན་མཐོང་ནས་བྱམས་པ་བདག་གིས་གཞུང་འདི་ཉིད་རབ་ཏུ་གསལ་བར་བཤད་དོ། །གང་ཞིག་བཤད་བྱའི་བཀའི་ངོ་བོ། །གསུང་རབ་གང་ཞིག་བརྗོད་བྱ་ཟབ་རྒྱས་ཀྱི་དོན་ཆེན་པོ་དང་ལྡན་པ། རྗོད་བྱེད་ངག་ཚིག་དྲི་མ་མེད་པའི་ཆོས་དང་ཉེར་འབྲེལ་ཞིང་། བྱེད་ལས་སྤང་བྱ་ཁམས་གསུམ་གྱིས་བསྡུས་པ་ཀུན་ནས་ཉོན་མོངས་པ་རྣམས་སྤོང་བར་བྱེད་པའི་གསུང་དུ་གྱུར་པ། གཉེན་པོའམ་འབྲས་བུ་མྱ་ངན་ལས་འདས་པ་ཞི་བའི་ཕན་ཡོན་སྟོན་ཅིང་ཐོབ་པར་ ༤ མཛད་པ་ཡི་ཡོན་ཏན་བཞི་ལྡན་གང་ཡིན་པ་དེ་ནི་དྲང་སྲོང་སངས་རྒྱས་ཀྱི་གསུང་ཡིན་ལ། དེ་ལས་བཟློག་པ་གཞན་ནི་གསུང་རབ་མ་ཡིན་ནོ། །རྒྱུ་མཐུན་གུས་པས་བླང་ཚུལ་ལོ། །གཞུང་གང་ཞིག་བཤད་བྱའི་ཁྱད་པར་རྒྱལ་བའི་བསྟན་པ་འབའ་ཞིག་གི་དོན་བརྗོད་བྱར་ལྷུར་ལེན་པའི་དབང་དུ་བྱས་ཏེ་རང་བཟོ་མིན་པ་དང་། རྩོམ་པ་པོའི་ཁྱད་པར་རྙེད་བཀུར་སོགས་ཀྱི་རྣམ་གཡེང་མེད་པ་ཡིད་ཆེས་དང་དོན་ལེགས་པར་ཤེས་པ་ཅན་གྱིས་བཤད་པ་དང་། འབྲས་བུའི་ཁྱད་པར་ཐར་པ་ཐོབ་པའི་ཆེད་དུ་ཐབས་ཀྱི་ཁྱད་པར་དེ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པ་


MR04_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཡོན་ཏན་བཞི་ལྡན་གྱི་བསྟན་བཅོས་དེ་ཡང་དྲང་སྲོང་སངས་རྒྱས་ཀྱི་བཀའ་བཞིན་དུ་གུས་པས་སྤྱི་བོས་བླང་པར་བྱ་བ་ཉིད་དོ། །ཆོས་ལ་གནོད་པ་སྤངས་ལ་གསུམ། །དག་ཐབས་ངེས་བཟུང་བསྟེན་པར་གདམས། །ཉམས་པའི་རྒྱུ་ངོས་བཟུང་སྟེ་སྤངས། །ཟབ་མོའི་ཆོས་ཉམས་འབྲས་བུ་སྤོངས། །དག་ཐབས་ངོས་བཟུང་བསྟན་ལ་གཉིས། །རང་བཟོ་སྤོང་དང་ཕྱོགས་ཞེན་སྤོང་། །རང་བཟོ་སྤོང་ཚུལ། གང་ཕྱིར་རྒྱལ་བ་སངས་རྒྱས་ཉིད་ལས་ཆེས་མཁས་པའི་གང་ཟག་འགའ་ཡང་འཇིག་རྟེན་གྱི་ཁམས་འདི་ན་ཡོད་པ་མིན་ཏེ། ཤེས་བྱའི་རྣམ་པ་མ་ལུས་པའི་ཇི་སྙེད་པ་དང་། དེ་ཁོ་ན་ཉིད་མཆོག་ཇི་ལྟ་བའི་དོན་ནི་ཚུལ་བཞིན་དུ་ཀུན་མཁྱེན་གྱིས་མཁྱེན་པ་བཞིན་དུ་གཞན་གྱིས་དེ་ལྟར་ཤེས་པ་མིན་པ་དེ་ཡི་ཕྱིར་དྲང་སྲོང་ཆེན་པོ་སངས་རྒྱས་རང་ཉིད་ཀྱིས་དྲང་ངེས་ཀྱི་ཚུལ་སྣ་ཚོགས་པར་བཞག་པ་ལ་མདོ་སྡེ༷་གང་ཡིན་པ་དེ་དག་དྲང་དོན་ལ་ངེས་དོན་དང་ངེས་དོན་ལ་དྲང་དོན་ཡིན་ནོ་ཞེས་རང་བཟོས་འཆོལ་བར་བྱས་ཏེ་མི་དཀྲུགས་ཏེ། གལ་ཏེ་དཀྲུགས་པར་བྱས་ན་ཐུབ་པ་སངས་རྒྱས་ཀྱི་ཆོས་ཀྱི་ཚུལ་ལམ་གཞུང་རྣམ་པར་བཞག་པ་བཤིག་པར་འགྱུར་བའི་ཕྱིར་དེ་ཡང་དམ་པའི་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར་བས་ཉེས་པ་ཤིན་ཏུ་ཆེན་པོ་ཡིན་ནོ། །དེས་ན་


MR04_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་བདེ་གཤེགས་སྙིང་པོ་འདི་ལྟ་བུ་ཡོད་པར་བསྟན་པ་འདི་ཡང་ཤིན་ཏུ་ཟབ་པའི་བློ་ཅན་ལ་ཡིན་ཏེ་སྔགས་ཀྱི་དོན་ཟབ་མོ་ལྟ་བུ་ཡིན་པའི་ཕྱིར། དེ་དྲང་དོན་ཡིན་ནོ་ཞེས་རང་གི་བློ་རུ་གློ་བར་མ་ཆུད་པ་རྒྱུ་མཚན་དུ་བྱས་ནས་སངས་རྒྱས་ཀྱི་བཀའ་མ་འོངས་པ་ན་མི་དཀྲུགས་སོ་ཞེས་རྒྱལ་ཚབ་ཆེན་པོའི་བཀས་སྤྲིང་པའོ། །ཅིའི་ཕྱིར་ན་བདེ་གཤེགས་སྙིང་པོ་དྲང་དོན་དུ་འགྲེལ་ནས་སྤོང་བར་བྱེད་པའི་རྒྱུ་བཅུ་སྟེ་འོག་ནས་སྟོན་ཏོ། །ཕྱོགས་ཞེན་སྤོང་ཚུལ། ཉོན་མོངས་པ་མ་རིག་པ་ལ་སོགས་པས་སེམས་ཀུན་ཏུ་རྨོངས་པར་བྱས་པའི་བདག་ཉིད་ཅན་རྣམས་ཀྱིས་སངས་རྒྱས་སོགས་འཕགས་པའི་གང་ཟག་རྣམས་ལ་སྐུར་བ་འདེབས་པ་དང་། དེས་ལེགས་པར་གསུངས་པའི་དམ་པའི་ཆོས་ལ་བརྙས་པར་བྱེད་པ་ལ་སོགས་པའི་ཉེས་པ་གང་ཡིན་པ་དེ་ཀུན་ཀྱང་རང་གི་གྲུབ་མཐའ་ངན་པ་ལ་ཞེན་ལྟས་ཏེ་མངོན་པར་ཞེན་པའི་ལྟ་བས་བྱས་པ་དེས་ན་གྲུབ་མཐའ་ངན་པ་ལ་ཞེན་ལྟའི་སྟེ་ཞེན་པའི་ལྟ་བ་ངན་པའི་དྲི་མ་ཅན་དུ་གྱུར་པ་དེ་ལ་མཁས་པའི་བློ་གྲོས་ནམ་ཡང་མི་སྦྱར་བར་བྱ་སྟེ། སྦྱར་ན་ཡང་དག་པའི་གནས་ལས་ཡིད་ཕྱིར་ཕྱོགས་པའི་ཉེས་པ་ཡོད་ཅིང་ཡང་དག་པའི་གནས་ལ་བློ་བསྒྱུར་དུ་མི་རུང་བའི་ཉེས་པའང་ཡོད་དེ། དཔེར་ན་གོས་གཙང་མ་དྲི་མ་མེད་པས་དག་པ་ཚོན་


MR04_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཁ་དོག་རྣམ་པར་འགྱུར་བའམ་བསྒྱུར་དུ་རུང་གིས་སྣུམ་གྱིས་གོས་པ་ཡི་དྲི་མ་ཅན་དེ་ལྟ་མིན་པ་བཞིན་ནོ། །ཉམས་པའི་རྒྱུ་སྤང་དབྱེ་བ་མེད། །ཟབ་དོན་མི་ཤེས་པར་བློ་དམན་པའི་ཕྱིར་དང་། །རྒྱས་འགྱུར་གྱི་རིགས་མ་སད་པས་དཀར་པོའི་ཆོས་ལ་མོས་པ་དང་བྲལ་བའི་ཕྱིར་དང་། ཡོན་ཏན་མིན་པ་ལ་ཡིན་པར་རློམ་པའི་ལོག་པའི་ང་རྒྱལ་ལ་བརྟེན་པའི་ཕྱིར་དང་། ཚེ་སྔ་མར་དམ་པའི་ཆོས་ཀྱི་ཕོངས་པས་ལས་བསགས་པའི་བསྒྲིབས་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་དང་། དྲང་དོན་ལ་དེ་ཁོ་ན་ཉིད་དུ་ངེས་པར་འཛིན་ཅིང་ངེས་དོན་སྤོང་བའི་ཕྱིར་དང་། ཟས་གོས་སོགས་རྙེད་པ་ལ་ཆགས་ཤིང་བརྐམ་པའི་ཕྱིར་ཆོས་མིན་དུ་སྨྲ་བ་དང་། འཇིག་ཚོགས་སོགས་ཀྱི་ལྟ་བའི་དབང་དུ་གྱུར་པའི་ཕྱིར་དང་། ཟབ་མོའི་ཆོས་སུན་འབྱིན་པ་ཡི་སྡིག་གྲོགས་ལ་བསྟེན་པའི་ཕྱིར་དང་། ཆོས་འཛིན་པའི་བཤེས་གཉེན་མ་བརྟེན་པར་དེ་ལ་ཞེ་འགྲས་ནས་རིང་དུ་བསྲིངས་པའི་ཕྱིར་དང་། མཆོག་ཏུ་ཟབ་པའི་དོན་ལ་མོས་པ་དམན་པའི་ཕྱིར་ཏེ། རྒྱུ་བཅུ་པོ་དེས་དགྲ་བཅོམ་པ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཟབ་མོ་སྤོང་བར་བྱེད་དོ། །ཆོས་ཉམས་འབྲས་སུ་སྤོང་ཚུལ་གཉིས། །ངན་སོང་སྤོང་དང་འཁོར་བ་སྤོང་། །ངན་སོང་སྤོང་ཚུལ། ཇི་ལྟར་ན་ཟབ་མོའི་ཆོས་ལ་ཡིད་སྡང་


MR04_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་དེའི་ཚུལ་ལས་ཉམས་ཤིང་སྤོང་བ་ལ་འཇིགས་ཤིང་སྐྲག་པ་དེ་བཞིན་དུ་བླང་དོར་ལ་མཁས་པའི་དམ་པ་རྣམས་ཀྱིས་འཇིག་རྟེན་ན་འཇིགས་པར་གྲགས་པའི་མེ་ཡིས་བསྲེག་པ་དང་ནི། མི་བཟད་པའི་སྦྲུལ་གདུག་པས་ཟ་བ་དང་། གཤེད་མ་ཡིས་གསོད་པ་དང་ནི་ཐོག་གིས་འབིགས་པ་ལའང་ཤིན་ཏུ་འཇིགས་ཤིང་སྐྲག་པར་མི་བྱ་སྟེ། གང་གིས་ན་མེ་དང་སྦྲུལ་དང་དགྲ་དང་རྡོ་རྗེའི་མེ་སྟེ་ཐོག་རྣམས་ཀྱིས་ནི་ཚེ་འདིའི་སྲོག་དང་བྲལ་བ་ཙམ་བྱེད་དེ། རྒྱུ་དེ་རྣམས་ལས་མནར་མེད་པའི་དམྱལ་བ་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་བར་མི་འགྱུར་ལ། ཆོས་སྤངས་པས་མནར་མེད་དུ་འགྲོ་ཞིང་འཚིག་པར་འགྱུར་བའི་ཕྱིར་རོ། །འཁོར་བ་སྤོང་ཚུལ་གང་ཟག་ངན་པ་གང་ཞིག་དུས་ཡང་ཡང་སྡིག་གྲོགས་བསྟེན་པས་སྐྱབས་དམ་པ་སངས་རྒྱས་ལ་ཡང་བཀྲོངས་བར་འདོད་པས་ངན་སེམས་དང་ལྡན་པས་ཁྲག་འབྱིན་པར་གྱུར་པ་དང་། རང་གི་ཕ་དང་མ་དང་དགྲ་བཅོམ་པ་སྟེ་གསོད་པར་བྱ་བ་མིན་པ་གསོད་པར་བྱེད་པ་དང་། མཆོག་ཚོགས་དགེ་འདུན་དབྱེན་གྱིས་འབྱེད་པའི་མི་དེ་དག་གི་ཡང་ཆོས་ཉིད་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་འབྲེལ་བའི་ལམ་ལ་ངེས་པར་བསམས་ཤིང་བསྒོམས་ན་མྱུར་དུ་མཚམས་མེད་ཀྱི་ལས་དེ་ལས་ཐར་བར་འགྱུར་གྱི། གང་ཟག་


MR04_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་ཡིད་ནི་ཆོས་ལ་སྡང་ཞིང་སྤོང་པ་དེ་ལ་ཐར་བ་ག་ལ་ཡོད་དེ་དེའི་རྒྱུ་ལམ་མེད་པས་སོ་ཞེས་ཏེ། མཚམས་མེད་བྱས་ཀྱང་། དམ་པའི་ཆོས་མ་སྤངས་ན། ཆོས་ལས་བཤད་པའི་ཆོས་ཉིད་སོགས་བསམས་ན་ཐར་གྱི། ཐར་བའི་རྒྱུ་ཆོས་རང་སྤངས་ན་ཐར་བའི་རྒྱུ་གཞན་མེད་པས་ག་ལ་ཐར་ཞེས་སོ། །བསོད་ནམས་བསྔོ་ཞིང་འཆད་ཚུལ་བསྡུ། །བསྔོ་བ། དཀོན་མཆོག་གསུམ་དང་། རང་བཞིན་གྱིས་རྣམ་པར་བྱེད་པའི་ཁམས་བདེ་གཤེགས་སྙིང་པོ་དང་། གློ་བུར་གྱི་དྲི་མ་མེད་པས་བྱང་ཆུབ་དང་། བྲལ་སྨིན་གྱི་ཡོན་ཏན་དང་། གཞན་དོན་སྒྲུབ་པའི་ཕྲིན་ལས་ཏེ། བརྗོད་བྱའི་དོན་རྡོ་རྗེ་ལྟ་བུའི་གནས་རྣམ་པ་བདུན་ཚུལ་བཞིན་དུ་ལེགས་པར་བཤད་པ་ལས། བཤད་པ་པོ་བདག་གིས་དགེ་བ་གང་ཐོབ་པ་དེས་ནི་འགྲོ་བ་འདི་དག་ཐམས་ཅད་གནས་སྐབས་ཀྱི་འབྲས་བུ་སངས་རྒྱས་ཀྱི་འཁོར་དུ་སྐྱེས་ནས་མཐའ་ཡས་པའི་འོད་ཟེར་གྱི་ཚོགས་མངའ་བ་དྲང་སྲོང་ཆེན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཞལ་མཐོང་ཞིང་སངས་རྒྱས་དེ་མཐོང་ནས་ཀྱང་ནི་དེ་ལས་ཆོས་ཐོས་པ་ཉམས་སུ་བླངས་ནས་ཆོས་ཀྱི་མིག་དྲི་མ་མེད་པ་མཐོང་ལམ་སོགས་སྐྱེས་ཏེ། མཐར་ཐུག་གི་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་མཆོག་སངས་རྒྱས་མྱུར་དུ་ཐོབ་པར་ཤོག་ཅིག་ཅེས་སོ། །


MR04_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་ཚུལ་བསྡུ་བ། རྒྱུ་གང་ལས་བཤད་ན། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ་བརྟེན་ནས་ཞེས་པས་བསྟན་ཞིང་། རྒྱུ་མཚན་ནམ་དགོས་པ་གང་གི་ཕྱིར་བཤད་ན། བདག་ཉིད་འབའ་ཞིག་དག་སོགས་ཏེ་དེ་ལྟར་ཚིགས་བཅད་གཅིག་དང་། ཚུལ་ཇི་ལྟ་བུར་བཤད་པ་ནི། ཇི་ལྟར་སྒྲོན་གློག་ནོར་བུ་ཉི་ཟླ་ལ་སོགས་ཀྱིས་བསྟན། དོན་གང་བཤད་པ་ནི། གང་ཞིག་དོན་ལྡན་སོགས་ཀྱིས་བསྟན་པ་དང་། དེའི་རྒྱུ་མཐུན་པ་ནི་གང་ཡིན་པ་དེ། གང་ཞིག་རྒྱལ་བའི་བསྟན་པ་ཞེས་པ་སོགས་ཀྱིས་བསྟན་ཏེ། ཁྱོན་བསྡོམས་ན་ཚིགས་སུ་བཅད་པ་བཞིས་བསྟན་ཏོ། །དེ་རྗེས་གང་ཕྱིར་རྒྱལ་ལས་ཆེས་མཁས་སོགས་དང་། ཉོན་མོངས་རྨོངས་བདག་སོགས་ཏེ་ཚིགས་བཅད་གཉིས་ཀྱིས་བདག་ཉིད་ཆོས་སྤང་གི་སྒྲིབ་པས་དག་པ་ཡི་ཐབས་དང་། དེ་རྗེས། བློ་དམན་ཕྱིར་དང་སོགས་ཚིགས་བཅད་གཅིག་གིས་ཆོས་ཟབ་མོ་ལས་ཉམས་པའི་རྒྱུ་དང་། དེ་ནས་ཇི་ལྟར་ཟབ་མོའི་ཆོས་ཉམས་སོགས་ཚིགས་སུ་བཅད་པ་ནི། གཉིས་ཀྱིས་ཆོས་སྤངས་པའི་འབྲས་བུ་མི་བཟད་པ་འབྱུང་ཚུལ་བསྟན་པ་ཡིན་ནོ། །གནས་སྐབས་སུ་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སྐྱེས་ནས་བཟོད་པ་


MR04_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་དང་། མཐར་ཐུག་བྱང་ཆུབ་ཐོབ་པའི་ཆོས་ཡོངས་སུ་བསྔོ་བ་བརྗོད་པའི་སྒོ་ནས་མདོར་ན་དམ་པའི་ཆོས་ལ་ཞུགས་པའི་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་རྣམ་པ་གཉིས་ནི། དཀོན་མཆོག་རྣམ་པར་བྱང་ཁམས་སོགས་ཚིགས་བཅད་ཐ་མ་ཡིས་ནི་བསྟན་པ་ཡིན་ནོ། །ཕྱི་མ་གཉིས་འདི་ཟླ་རྒྱས་བཞིན། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དཀོན་མཆོག་གི་རིགས་རྣམ་པར་དབྱེ་བ་ལས། ཕན་ཡོན་གྱི་སྐབས་ཏེ་ལྔ་པའོ། །ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་མགོན་པོ་བྱམས་པས་མཛད་པ་རྫོགས་སོ། །དོན་དེ་ལེགས་པར་བསྒྱུར་ཚུལ་ན། །དཔལ་གྲོང་ཁྱེར་དཔེ་མེད་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ་པཎྜི༷་ཏ་མཁས་པ་ཆེན་པོ་སད་སང་ཛྙཱ་ན་དང་། ལོ་ཙྪ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་གྲོང་ཁྱེར་དཔེ་མེད་དུ་བསྒྱུར་བའོ། །དེ་ལ་སྤྱིར་ཕྱག་མཆན་ཡོད་རིགས་རྣམས་གང་ལ་གཟིགས་པའི་རྒྱ་བོད་ཀྱི་འགྲེལ་པ་རྣམས་རང་རང་གི་མཇུག་ཏུ་གསལ་བ་ལས་འདིར་ཡང་། འཕགས་པ་ཐོགས་མེད་དང་། དོལ་པོ། རྒྱལ་སྲས་ཐོགས་མེད། རེ་མདའ་བ། རོང་སྟོན་རྣམས་ཀྱི་འགྲེལ་པ་ཕྱག་མཆན་དུ་གསལ་ན་ཡང་།


MR04_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་དོན་དུ་རང་གར་ཐད་ཀའི་འགྲེལ་བར་གང་ཡོད་མཆན་དུ་བཏབ་པ་ལྟ་བུ་མ་ཡིན་པར་རྒྱལ་ཚབ་ཆེན་པོ་ཉིད་ཀྱི་དགོངས་པར་གང་འབྱོར་གྱིས། གནད་དོན་སྙིང་པོ་སྣང་སྟོང་ཕྱོགས་སུ་མ་ལྷུང་བའི་རང་ལུགས་གསལ་པོར་བཀོད་འདུག་པར་གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་འགྲེལ་པ་དེ་དག་ལ་ཞིབ་པར་གཟིགས་རྟོག་མཛོད་དང་གསལ་པར་རྟོགས་ངེས་ཡོད་པ་ལགས་སོ། །རྒྱུད་བླ་འདིར་རྗེ་ཉིད་ཀྱིས་ས་བཅད་གསར་དུ་མ་མཛད་པར་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་བསྡུས་དོན། ཐེག་མཆོག་ངེས་དོན་ཟབ་མོའི་གཏམ། །ཚིག་ཙམ་ཐོས་ཀྱང་སྐལ་ཆེ་ན། །མཁས་པའི་གསུང་གི་རྗེས་འབྲང་སྟེ། །ལེགས་པར་འཆད་ནུས་སྐལ་པ་བཟང་། །དེ་སླད་དེ་ཡི་བསྡུས་པའི་དོན། །ཛཾ་ཐང་ཆོས་ཀྱི་ཕོ་བྲང་མཆོག །མི་ཕམ་བསྟན་པའི་འབབ་སྟེགས་སུ། །འཆད་པའི་ཐུན་བར་དག་ཏུ་བྲིས། །དེ་དགེ་དྲི་མེད་འོད་སྟོང་གིས། །རྨོངས་པའི་རབ་རིབ་ཀུན་བསལ་ནས། །འགྲོ་ཀུན་ངེས་དོན་ཟབ་མོའི་གཏམ། །ཉན་པའི་རྣ་བའི་བདུད་རྩིར་གྱུར། །རྟོག་གེ་འཆའ་བའི་དཀྲུག་མ་དྭངས། །རྣམ་པར་རྟོག་པའི་རྡུལ་དེངས་པའི། །དྲི་མེད་ཆོས་དབྱིངས་ནམ་མཁའི་དཀྱིལ།


MR04_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་ཉིན་བྱེད་འབར་གྱུར་ཅིག །ཅེས་པའི་མཛད་བྱང་ཅན་འདི་ཉིད་ཀྱིས་ཆོག་པར་མཛད་པ་རྒྱུད་བླ་ཕྱག་མཆན་ཅན་གྱི་ཕྱག་དཔེ་དང་ལྷན་ཅིག་ཏུ་འདི་བཞུགས་པར་མཛད་ནས་དེའི་མཇུག་ཏུ། མི་འཇིགས་ཤེས་རབ་སེང་གེའི་ང་རོ་ཡིས། །ཐེག་མཆོག་བསྟན་པའི་རྡོ་རྗེའི་རྒྱལ་མཚན་བསྒྲེངས། །བྱམས་པའི་སྟོབས་ཀྱིས་འཇིག་རྟེན་གསུམ་གྱི་ཁྱོན། །ལུང་རྟོགས་སྣང་བ་ཆེན་པོས་ཁྱབ་བྱེད་ཤོག །ཅེས་རྗེ་ཉིད་ཀྱི་ཞལ་གསུང་ཕྱག་བྲིས་དངོས་གསལ་འདིས་ཤེས་ཤིང་རྟོགས་པར་ངེས་སོ། །འདི་ལྟར་ཕྱག་མཆན་དཀྱུས་སུ་འགོད་པའི་བྱེད་པ་པོ་སི་ཏུ་རིན་པོ་ཆེའི་བཀའ་དྲིན་ལས་ཀུན་བཟང་དཔལ་ལྡན་ནོ། །རྒྱལ་དགོངས་མཐར་ཐུག་རྒྱལ་ཚབ་ས་བཅུ་པས། །ལེགས་བཀྲལ་འོད་གསལ་ཐེག་མཆོག་དབུ་མ་ཆེའི། །རིང་ལུགས་སྲིད་མཐའི་བར་དུ་ཆེར་རྒྱས་ཤིང་། །ཆོས་རྔ་སྒྲོགས་པས་འཇིག་རྟེན་མཛེས་བྱེད་ཤོག །༈ རབ་འབྱམས་ཤེས་བྱ་ཀུན་གཟིགས་སི་ཏུ་པཎ་ཆེན་གྱིས་བཀའ་ཕེབས་བཞིན་ཤིང་གླང་ཟླ་༤ཚེས་ལ་ཟེ་ཞེ་ཆེན་ཡང་དབེན་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་༧རྗེ་བླ་མའི་ཕྱག་མཆན་དང་གཏུགས་ཏེ་ཞུ་དག་ལན་ཅིག་བཅས་ཟེ་ཆེན་


MR04_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་བགྱིས་པའོ། །ཨ་ཛི་ཏས་བརྩམས་པ། ཚིག་གཅིག་གིས་ཀྱང་དོན་གྱི་རྣམ་འགྱུར་བརྒྱ། །གསལ་བར་མཐོང་བ་དྭངས་ཤེལ་མེ་ལོང་འདྲ། །ཟབ་མོའི་གནད་བརྒྱ་འགག་གཅིག་གིས་བཀྲོལ་བ། །འཁྲུལ་འཁོར་མཁས་པས་གསང་ཐག་བཀྲོལ་བ་བཞིན། །ཚིག་གསལ་དོན་ཟབ་འཁྲུལ་བྲལ་ཐེ་ཚོམ་གྱི། །མདུད་པ་ཀུན་འགྲོལ་ཡིད་འོང་སྙན་ངག་ལྡན། །བློ་ལྡན་སུ་ཡིས་མཐོང་ཡང་ཡིད་འཕྲོག་པ། །ཁྱོད་ཀྱི་གསུང་དང་མཚུངས་པ་གཞན་མ་མཆིས། །བལྟས་ན་བློ་གྲོས་གསལ་བྱེད་ཉི་མ་འདྲ། །བསམས་ན་ཀུན་དགའི་དཔལ་སྦྱིན་ཟླ་བའི་ཚུལ། །རྟོགས་ན་མི་ལྡོག་ཡིད་ཆེས་རྒྱལ་གསུངས་བཞིན། །དེ་ཕྱིར་ཁྱེད་གསུངས་ཟོལ་མེད་དད་པས་བསྟོད། །ཅེས་མེ་རྟ་ཟླ་ ༡༢ ཚེས་ ༡༢ ལའོ། ༈ །ཨོཾ་སྭ་སྟི་སིདྡྷཾ། སྙིགས་དུས་ལྷར་བཅས་འགྲོ་བའི་སྟོན་པ་མཆོག །ཐུགས་བསྐྱེད་ཚོགས་རྫོགས་མཛད་པ་མཐར་ཕྱིན་པ། །བསྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱའི་རྒྱལ། །བསྟན་པ་དེ་འཛིན་བཅས་པ་མཆོད་ཅིང་བསྙེན། ༡ །ཐུབ་པའི་མཛད་པ་གཙོར་གྱུར་ཆོས་འཁོར་གསུམ། །འཕགས་ཚོགས་རིགས་ཅན་རྣམ་གསུམ་འཇུག་


MR04_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞི། །འཁོར་ལོ་བར་མཐའི་དགོངས་དོན་འཁྲུལ་མེད་པ། །རྒྱལ་ཚབ་སེམས་དཔས་ལེགས་བཀྲལ་ཟབ་རྒྱས་གཞུང་། ༢ །རྡོ་རྗེ་ལྟ་བུའི་གནས་བདུན་བསྡུས་ནས་ནི། །འབྲས་བུའི་དཀོན་མཆོག་རྣམ་གསུམ་ཐེག་ཆེན་གྱི། །གཞུང་ལུགས་ཐུན་མིན་རྣམས་ལས་གསུངས་བཞིན་བསྟན། །བདེ་གཤེགས་སྙིང་པོ་མདོར་བསྟན་རྣམ་གསུམ་དང་། ༣ །རྣམ་གཞག་བཅུ་ཡིས་ལེགས་པར་གཏན་ལ་ཕབ། །ཐབས་ཤེས་ལམ་གྱིས་ལས་ཉོན་སྒྲིབ་པ་སྤངས། །སྐྱེ་འཆི་ལས་གྲོལ་མཐར་ཐུག་ཐེག་འབྲས་གཅིག །བསྟན་པ་བློ་མཆོག་ལྡན་པས་རྟོགས་པར་འགྱུར། ༤ །སྙིང་པོས་འགྲོ་ལ་ཁྱབ་ཚུལ་དཔེ་དོན་དགུས། །བཤད་ཅིང་དེ་ཉིད་དྲང་ངེས་དབྱེ་གསལ་མཛད། །དག་ཐོབ་བྲལ་བ་བྱང་ཆུབ་ཆེན་པོ་ནི། །སྤངས་རྟོགས་ཡོངས་རྫོགས་སྐུ་དང་ཡེ་ཤེས་ལྡན། ༥ ། བསམ་གྱིས་མི་ཁྱབ་འདུས་མ་བྱས་པའི་དབྱིངས། །བྲལ་ཕྲལ་སྨིན་ཡོན་ཏན་དྲུག་ཅུ་རྩ་བཞི་མངའ། །ནམ་མཁའ་ཟླ་གཟུགས་ཆུ་འཆར་ཇི་བཞིན་དུ། །


MR04_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གདུལ་བྱ་དག་དང་མ་དག་ཉེ་རིང་མཐོང་། ༦ །རྒྱལ་བའི་མཛད་པ་རྟག་ཁྱབ་ལྷུན་གྲུབ་ཚུལ། །བརྒྱ་བྱིན་རྔ་སོགས་རྣམ་དགུའི་དཔེ་ཡིས་བསྟན། །འབད་རྩོལ་བྲལ་ཡང་ཕྲིན་ལས་རྒྱུན་མི་འཆད། །མཐོང་བ་སྨོན་ལམ་རྟེན་འབྲེལ་ཆོས་ཉིད་མཐུ། ༧ །གནས་བཞི་སྟོན་པའི་མདོ་ཐོས་ཕན་ཡོན་ནི། །བསོད་ནམས་ཚད་མེད་ཐོབ་དང་བཀའ་བསྟན་གྱི། །མཚན་ཉིད་གནས་ངན་སྤོང་དང་ཐེག་ཆེན་མོས། །གསུང་རབ་བཤད་པའི་དགེ་བསྔོ་ལེགས་པར་བསྟན། ༨ །རྣམ་འདྲེན་ལྔ་པའི་བཀའ་ལུང་དྲི་མ་མེད། །འཕགས་བོད་མཁས་གྲུབ་རྣམས་ཀྱིས་བཤད་པའི་རྒྱུན། །མི་ཕམ་ཡོན་ཏན་རྒྱ་མཚོའི་གཞུང་བཟང་འདི། །སྲིད་མཐའི་བར་དུ་མི་ཉམས་འཕེལ་བའི་སླད། ༩ །ཚེ་དབང་རྡོ་རྗེའི་དད་གུས་སྤྲོ་བའི་བློས། །རྣམ་དཀར་ཡོན་སྦྱར་ལྷུན་གྲུབ་སྟེང་ཉིད་དུ། །གཅིག་ལས་མང་འབྱུང་སྤར་གྱི་སྒྱུ་འཕྲུལ་ཆེ། །འཕགས་མཆོག་རིག་གྲོལ་སྒོ་གསུམ་དྭངས་པས་བསྐྲུན། །


MR04_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

༡༠ །འདིར་འབད་དགེ་བས་མཚོན་ཏེ་དུས་གསུམ་དུ། །འཕགས་བཞི་སོ་སྐྱེས་རྣམ་དཀར་ཅི་མཆིས་ཀུན། །ཕྱོགས་བསྡོམས་ཡོངས་སུ་བསྔོ་བའི་ཐབས་མཁས་ནི། །ཀུན་བཟང་འཇམ་དཔལ་དཔའ་བོའི་རྗེས་སློབ་མཐུས། ༡༡ །རྒྱལ་བསྟན་དར་ཞིང་འཁོར་ལོ་རྣམ་གསུམ་གྱི། །བསྟན་འཛིན་མང་འཕེལ་བཤད་སྒྲུབ་ཕྱོགས་བརྒྱར་ཁྱབ། །སྣོད་བཅུད་དཔལ་འབྱོར་རྒྱས་ཤིང་ཡིད་ཅན་ཀུན། །གནས་སྐབས་མཐར་ཐུག་ཕན་བདེའི་འབྱོར་གྱུར་ཅིག ༡༢ ། ཁྱད་པར་ཆོས་འདི་སྲི་ཞུ་བགྱིས་པ་ཡི། །འདྲི་ཀློག་རྐོས་བྱེད་སྦྱིན་བདག་ལྟོས་བཅས་ཀྱི། །འགལ་རྐྱེན་ཞི་ཞིང་ལེགས་ཚོགས་རབ་ཏུ་འཕེལ། །ཆོས་མཐུན་བསམ་དོན་ཡིད་བཞིན་འགྲུབ་གྱུར་ཅིག ༡༣ །ཐེག་མཆོག་ངེས་དོན་ཟབ་མོའི་ཚིག་དོན་མཁྱེན། །སྙིང་བརྩེ་བྱང་ཆེན་ཕར་ཕྱིན་སྤྱོད་ལ་དབང་། །བདུད་ཀྱིས་མི་ཐུབ་ནུས་སྟོབས་ཡོངས་སུ་རྫོགས། །མ་ཕམ་རྒྱལ་བའི་དྲུང་དུ་སྐྱེ་གྱུར་ཅིག ༡༤ །ཅེས་གཞུང་བཟང་ཁྱད་འཕགས་འདི་ཉིད་སྤར་གྱི་ལས་འདུ་བགྱི་


MR04_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོ་དམ་པ་འཕགས་མཆོག་རིག་གྲོལ་གྱིས་བསྐུལ་བ་ལ་བརྟེན་ནས་འཇམ་དབྱངས་མཁྱེན་རབ་མཐའ་ཡས་ཀྱིས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ། ཤུབྷཾ།། །།

བདེ་གཤེགས་སྙིང་པོའི་སྟོང་ཐུན་ཆེན་མོ་སེང་གེའི་ང་རོ།


MR04_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་སྙིང་པོའི་སྟོང་ཐུན་ཆེན་མོ་སེང་གེའི་ང་རོ་བཞུགས་སོ། །


MR04_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བེ། གདོད་ནས་དྲི་མེད་སེམས་ཀྱི་ཆོས་ཉིད་ནི། །ངེས་དོན་འཇམ་དཔལ་དཔའ་བོའི་བདག་ཉིད་དུ། །ངེས་པའི་རིགས་ལམ་རལ་གྲིའི་རྣོ་རྒྱུན་གྱིས། །ཀུན་རྨོངས་སྲིད་པའི་དྲ་བ་རྣམ་པར་གཅོད། །དེ་ལ་འདིར་དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་སྙིང་པོ་དགོངས་པའི་མཐིལ། མདོ་དང་སྔགས་ཀྱི་ཆོས་ཀུན་ཀྱི་གནད་གཅིག་པུ་ནི་ཀུན་ཁྱབ་བདེ་གཤེགས་སྙིང་པོ་འདི་ཁོ་ན་ཡིན་ཞིང་། ཚུལ་འདི་ཤིན་ཏུ་ཟབ་པས་ས་བཅུའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ཀྱང་མཚན་མོའི་གཟུགས་ལྟར་ཇི་ལྟ་བ་བཞིན་དུ་རྟོགས་དཀའ་བར་གསུངས་ན་ཕལ་བས་ལྟ་ཅི་སྨོས། དེ་ཡང་སྟོན་པ་བདེ་བར་གཤེགས་པས་གསུང་གི་སྐབས་ལ་ལར་སྟོང་པ་ཉིད་བསྟན་པའི་སྒོ་ནས་བདེ་གཤེགས་སྙིང་པོའི་ངོ་བོ་གསལ་བར་མཛད། ལ་ལར་སྟོབས་སོགས་ཀྱི་ཡོན་ཏན་ཡེ་


MR04_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དུ་བསྟན་པའི་ཆ་ནས་བདེ་གཤེགས་སྙིང་པོའི་རང་བཞིན་གསལ་བར་མཛད་དེ། དེ་གཉིས་འགལ་མེད་ཟུང་དུ་འཇུག་པ་དགོས་ཀྱང་། བདེན་གཉིས་དབྱེར་མེད་པའི་གནད་ཟབ་པ་ལས་ཤིན་ཏུ་ཟབ་པ་ལ་ཡིད་ཆེས་མ་རྙེད་པའི་དབང་གིས་ལ་ལས་ནི་བདེ་གཤེགས་སྙིང་པོ་ངོ་བོས་མི་སྟོང་པའི་རྟག་པར་བལྟ། ལ་ལས་ནི་སྟོང་རྐྱང་ཙམ་ལ་བཟུང་ནས་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་འབྲལ་མེད་ཡེ་ལྡན་དུ་བཞག་ཏུ་མེད་པའི་ཆད་ལྟ་སྐུར་འདེབས་ཀྱི་ཕྱོགས་ལ་གནས་པར་གྱུར་ནས། སོ་སོའི་ཞེ་འདོད་གྲུབ་ཏུ་རེ་བའི་དགག་སྒྲུབ་ཀྱི་ཅ་ཅོ་སྣ་ཚོགས་རྒྱ་མཚོ་འཁྲུགས་པ་ལྟར་སྒྲོགས་ན་ཡང་། བླ་མའི་མན་ངག་གིས་ཟིན་པའི་སྐལ་བཟང་དག་ནི་བདུད་རྩིའི་བཅུད་བཟང་སྙིང་ལ་སིམ་པ་ལྟར་སྟོང་པའི་དབྱིངས་དང་འོད་གསལ་བའི་ཡེ་ཤེས་འགལ་མེད་ཟུང་འཇུག་གི་དོན་ལ་ཡིད་ཆེས་པའི་ངང་ནས་སྣང་སྟོང་གང་


MR04_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རུང་གི་མཐའ་ལ་ཕྱོགས་སུ་འཛིན་པ་རྣམ་པར་ཞི་གནས་གནས་པ་རྣམས་འདི་སྐད་དུ་སྨྲའོ། །དེ་ལ་སྤྱིར་དེ་བཞིན་གཤེགས་པའི་བཀའ་ཚད་མ་ནི་མི་བསླུ་བའི་ལུང་ཡང་དག་ཡིན་མོད་ཀྱི། དེ་མི་བསླུ་བ་ངེས་པ་ལ་དཔྱད་པ་གསུམ་གྱིས་དག་པས་ལུང་རྣམ་དག་ཏུ་ངེས་པ་སྤྱིར་བཏང་། ཁྱད་པར་གཞུང་དེའི་སྒྲ་ཇི་བཞིན་པའི་བསྟན་དོན་ལ། རིག་པས་གནོད་པ་མེད་ཅིང་། སྒྲུབ་བྱེད་ཡང་དག་ཡོད་པའི་སྒོ་ནས་ངེས་པའི་དོན་དུ་བཟུང་དགོས་ཀྱི། ལུང་གི་དག་བྱེད་རིགས་པ་བོར་ནས། གང་གཤད་པ་ལ་དེ་བཞིན་དུ་ཡིད་ཆེས་པ་ཙམ་ཁོ་ནས་མི་ཆོག་སྟེ། སྤྱིར་ལུང་ལ་ཡང་དག་དང་ལྟར་སྣང་། ལུང་ཡང་དག་ལའང་དྲང་ངེས་ཀྱི་ཁྱད་པར་ཡོད་པ་བསྙོན་དུ་མེད་པའི་ཕྱིར་རོ། །དེས་ན་སོ་སྐྱེས་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་འཇུག་བྱའི་གནས་རྣམས་ཚད་མ་གསུམ་གྱིས་ངེས་ནུས་པ་རྣམས་ལ་ལྡོག་མེད་ཀྱི་ཡིད་ཆེས་འབྱུང་གི་གཞན་དུ་རང་གི་ཚད་མས་མ་ངེས་ཤིང་གཞན་རྒོལ་བའི་ངོར་སྒྲུབ་པར་མ་ནུས་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་ཅིག་གིས་མདུན་གྱི་གཞི་འདིར་ཤ་ཟ་ཡོད་ཅེས་དམ་བཅའ་བ་དང་འདྲ་བས་ཚིག་དེ་འདྲས་རང་གཞན་ལ་ཡིད་ཆེས་སྐྱེད་མི་ནུས་སོ། །དེ་བས་ན་ཡང་དག་པའི་རིགས་ལམ་དང་མཐུན་པར་སྨྲ་བ་སྐྱེ་བོ་མཁས་པའི་ཚུལ་ཡིན་ལ། རིགས་པས་གྲུབ་ན་རྒོལ་བའི་ལྕེ་རང་བཞིན་གྱིས་ཐུང་ངུར་འགྱུར་ཞིང་རང་


MR04_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱོགས་འཛིན་པ་དང་སྤྲོ་བ་ལྡོག་མེད་དུ་སྐྱེས། རིགས་པས་མི་འགྲུབ་པའི་ལམ་དེ་སྨྲ་བ་མང་པོའི་ཇི་ལྟར་བརྒྱན་ཀྱང་ཀླན་ཀའི་ཚོགས་ལུ་མའི་ཆུ་ལྟར་འཕེལ་བར་འགྱུར་བའི་ཕྱིར། འདིར་རྒྱལ་བ་དང་རྒྱལ་སྲས་ཆེན་པོ་བརྒྱུད་པར་བཅས་པའི་ལམ་སྲོལ་རྟོག་གེས་མ་དཀྲུགས་པ་ལ་ཞུགས་ནས། ཕྱོགས་སུ་ཞེན་པ་བོར་ཏེ་གཟུ་བོའི་བློས་བདེ་གཤེགས་སྙིང་པོའི་རྣམ་གཞག་བསྟན་པའི་ཚུལ་དེ་དག་གི་སྒྲུབ་བྱེད་རིགས་པ་རྣམ་དག་ལ་གཞལ་བ་ན་བདེ་གཤེགས་སྙིང་པོ་ངོ་བོ་མི་སྟོང་པའི་བདེན་གྲུབ་རྟག་པ་དང་། ཡོན་ཏན་མེད་པའི་སྟོང་པ་ཕྱང་ཆད་དུ་འདོད་པ་གཉིས་ཀ་ལ་སྒྲུབ་བྱེད་མེད་ལ་གནོད་བྱེད་མཐོང་ཞིང་། ངོ་བོ་སྟོང་པ་དང་རང་བཞིན་ཡོན་ཏན་ཡེ་ལྡན་གྱི་སྙིང་པོ་འགྲོ་བའི་ཁམས་ན་ཡོད་པ་ལ། གནོད་བྱེད་མེད་ཅིང་སྒྲུབ་བྱེད་ཡང་དག་ཡོད་པར་མཐོང་ངོ་། །དེ་ལ་དང་པོ་ཁམས་བདེ་གཤེགས་སྙིང་པོ་འགྲོ་བའི་རྒྱུད་ལ་ཡོད་པའི་སྒྲུབ་བྱེད་གང་ཞེ་ན། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱི་རན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པའི་དོན་རིགས་པས་གཏན་ལ་དབབ་པ་ལ། གཞན་ལུགས་བརྗོད་པ་དང་། ཡང་དག་པའི་རང་ལུགས་རྣམ་པར་བཞག་པ་གཉིས། དང་པོ་བོད་སྔ་རབས་པ་རྣམས་རྫོགས་སངས་སྐུ་འཕྲོ་བ་ཞེས་ཡེ་ཤེས་ཆོས་སྐུས་ཡུལ་ཀུན་ལ་ཁྱབ་པ་ཙམ་དང་། དེ་བཞིན་ཉིད་སྟོང་རྐྱང་ཙམ་དུ་རིགས་འདྲ་བ་དང་། རིགས་ཡོད་ཅེས་སངས་རྒྱ་རུང་ཡིན་པ་ཙམ་ལ་བཤད་ནས་རྒྱུད་བླ་མའི་གཞུང་གི་སྙིང་པོ་འདིའི་ཐད་ནས་གནད་མ་བསླངས་པའི་


MR04_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཉུང་ངུར་སྨྲའོ། །དེ་ལ་ཆོས་སྐུས་ཡུལ་ཁྱབ་པ་ཙམ་གྱིས་རིགས་མཚན་ཉིད་པ་མི་འགྲུབ་སྟེ། གཞན་རྒྱུད་ཀྱིས་བསྡུས་པར་སྣང་བའི་སངས་རྒྱས་ཀྱི་མཁྱེན་པས་ཡུལ་ལ་ཁྱབ་པ་ཙམ་དངོས་པོ་ཀུན་ལ་ཡོད་ཀྱང་། དེ་ཡོད་པ་ཙམ་གྱིས་དེ་ཀུན་སངས་རྒྱ་བའི་རྒྱུ་མཚན་མེད་ལ། རང་རྒྱུད་ཀྱི་ཆོས་སྐུ་ནི་ད་ལྟ་མངོན་དུ་མ་གྱུར་པས་རྟགས་ལ་ཐེ་ཚོམ་ཟ་བ་དང་། སྟོང་པ་རྣམ་གྲངས་པ་ཙམ་ལ་རིགས་ཀྱི་དོན་གང་ཡང་མེད་དེ། ཁྱོད་ཀྱི་བསམ་ངོར་རིགས་འདི་ས་བོན་མྱུ་གུ་གོ་འཕོ་བ་བཞིན་དུ་ད་ལྟ་སངས་རྒྱས་ཀྱི་ཡོན་ཏན་ཅི་ཡང་མེད་ཀྱང་། ལམ་རྐྱེན་གྱིས་ཟིན་ན་གཟོད་འགྱུར་རུང་ཡིན་པར་འདོད་ན། བདེན་སྟོང་མེད་དགག་གི་ལྡོག་ཆ་དེ་འདུས་མ་བྱས་དོན་བྱེད་ནུས་པས་སྟོང་པ་ལ་དེ་འདྲའི་ཁྱད་པར་གང་ཡང་འཐད་པ་མེད་དེ། འདུས་བྱས་ས་བོན་གྱི་ཆ་ནི་ཐ་སྙད་དུ་མྱུ་གུར་གནས་འགྱུར་རུང་གི་ས་བོན་གྱི་སྟེང་གི་བདེན་མེད་ཀྱི་ཆ་ནི་མྱུ་གུར་གནས་འགྱུར་བ་ནམ་ཡང་མི་སྲིད་པ་བཞིན་ནོ། །གཞན་ཡང་བདེན་སྟོང་ཡིན་པའི་གནད་ཀྱིས་སངས་རྒྱ་རུང་ཡིན་པར་སྒྲུབ་པའང་བབ་བཅོལ་ཏེ། སེམས་བདེན་གྲུབ་ཡིན་ན་སངས་རྒྱ་མི་རུང་བ་ཙམ་ཡིན་པ་བདེན་ཡང་། བདེན་གྲུབ་མེད་པ་ཡིན་ན་སངས་རྒྱ་བའི་ངེས་པ་མེད་དེ། ས་རྡོ་ལ་སོགས་པ་ཆོས་ཐམས་ཅད་ཀྱང་བདེན་མེད་ཡིན་ཀྱང་། བདེན་མེད་ཡིན་ཚད་སངས་རྒྱ་རུང་བར་སུས་སྒྲུབ་པར་ནུས། བདེན་མེད་ལ་དམིགས་པས་སྒྲིབ་པ་སྤོང་ནུས་པ་ཁོ་ནས་རིགས་སུ་འཇོག་པའང་གྱི་ན་སྟེ། སྟོང་པ་ཉིད་ལ་དམིགས་པ་ཁོ་ནས་ཤེས་སྒྲིབ་སྤོང་བའི་རྒྱུ་མཚན་མེད་པར་སླར་ཚོགས་མཐའ་ཡས་པས་བརྒྱན་དགོས་པར་ཁྱོད་རང་འདོད་བཞིན་དུ། མེད་དགག་དེ་འདྲ་ལ་བདེ་གཤེགས་


MR04_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཞེས་འདོད་པ་དོན་མེད་དེ། འདི་ཉན་རང་དང་ཐུན་མོངས་པའི་རིགས་སུ་འགྱུར་གྱི། འདིས་སངས་རྒྱ་རུང་མི་འགྲུབ་སྟེ་འདི་ཙམ་ལ་ཤེས་སྒྲིབ་སྤངས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བའི་འཐད་པ་གང་ཡང་སྒྲུབ་མི་ནུས་པ་དང་། མེད་དགག་རང་གི་ངོ་བོ་ལ་མཁྱེན་ཆ་མེད་པས་སངས་རྒྱས་དུས་ཀྱང་དེས་ཅི་ཡང་མཁྱེན་མི་སྲིད་པའི་ཕྱིར་རོ། །དེས་ན་གནས་གྱུར་འདུས་བྱས་ཀྱི་རིགས་ཀྱི་ཚུལ་འདི་ཡིད་ལ་མཛའ་ན། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ན་ཐོག་མ་མེད་པ་ནས་ཡོད་པའི་མཁྱེན་བརྩེ་ནུས་གསུམ་གྱི་ས་བོན། གཅན་གཟན་དང་སྲིན་པོ་སོགས་ཀྱང་རང་གི་བུ་ལ་བརྩེ་བ་དང་། ཕན་གནོད་ངོ་ཤེས་པ་སོགས་ཡོད་པ་དེ། ལམ་གྱིས་ཟིན་ནས་གེགས་བྲལ་ཏེ་ཇེ་འཕེལ་དུ་སོང་བ་ན་ཚད་མེད་པའི་མཁྱེན་བརྩེ་ནུས་གསུམ་མངའ་བ་སངས་རྒྱས་སུ་འགྱུར་རུང་བ་ཙམ་ལ་འདོད་ན་མེད་དགག་ལ་རིགས་སུ་འདོད་པ་ལས་དེ་ལེགས་ཏེ། སྐྱེད་བྱེད་ཀྱི་རྒྱུ་འབྲས་ཡིན་དགོས་ཕན་ཆད། སྐད་ཅིག་ཅན་དངོས་པོར་གྱུར་པའི་རྒྱུ་སྐྱེད་བྱེད་ཡིན་པ་བོར་ནས། དངོས་མེད་འདུས་མ་བྱས་སྐྱེད་བྱེད་མིན་པ་ལ་རྒྱུར་འདོད་པ་ནི་ཡ་མཚན་པའི་གནས་སོ། །ཁ་ཅིག་འདི་སྙམ་དུ་བདེན་མེད་ཡིན་ཚད་རིགས་མ་ཡིན་ཀྱང་སེམས་ཀྱི་རང་བཞིན་བདེན་མེད་ཁོ་ན་རིགས་སུ་འཐད་དོ་སྙམ་ནས། སེམས་ཀྱི་བདེན་མེད་ཡིན་ཀྱང་རུང་དེས་ནི་སྐྱེད་པའི་བྱ་བ་ཅི་ཡང་མི་ནུས་ལ། ཆོས་ཅན་སེམས་ཀྱི་སྐད་ཅིག་མ་རྣམས་ཕྱི་མའི་སྐྱེད་བྱེད་དུ་འོས་པས་འདུས་མ་བྱས་པའི་རིགས་འདི་ཁྱེད་ལ་མི་མཁོ་འདྲ་བས་བོར་ཅིག་གལ་ཏེ་བདེན་གཉིས་སོ་སོར་


MR04_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་ནས་མི་འཇོག་སྟེ། ཆོས་ཅན་སེམས་ཀྱི་གསལ་བ་དང་ཆོས་ཉིད་སྟོང་པ་ཉིད་དབྱེར་མེད་པའི་གནས་ལུགས་རིགས་སུ་འདོད་དོ་སྙམ་ན། འདི་ཡང་རྣམ་ཤེས་དང་ཡེ་ཤེས་ཀྱི་ཟླས་ཕྱེ་བའི་ཡེ་ཤེས་འགྱུར་མེད་འདུས་མ་བྱས་ལ་འདོད་ན་ནི་དེ་ལྟར་ལུང་དང་རིགས་པས་གྲུབ་པའི་ཕྱིར་ཤིན་ཏུ་ཡིན་མོད་ཀྱི། སྟོང་པ་དང་ཟུང་དུ་འཇུག་རྒྱུའི་ཆོས་ཅན་དེ་རྣམ་ཤེས་སྐད་ཅིག་མའི་ཆ་འདི་ཞེ་ལ་བཞག་ནས་འདི་རིམ་གྱིས་སངས་རྒྱས་སུ་གོ་འཕོའོ་སྙམ་པ་ནི་གྱི་ན་སྟེ། རིགས་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆ་གཉིས་ཡོད་པར་ཐལ་ཞིང་། དེ་ལྟ་ན་དགོས་ནུས་མེད་པའི་འདུས་མ་བྱས་ནི་རིགས་བཏགས་པ་བ་དང་། འདུས་བྱས་ནི་འབྲས་བུ་སྐྱེད་ནུས་ཀྱི་རིགས་མཚན་ཉིད་པར་འགྲོ་བས་རང་བཞིན་གནས་རིགས་འདུས་མ་བྱས་ཆོས་ཀྱི་དབྱིངས་ལ་བཞེད་པའི་ཐེག་ཆེན་གྱི་མདོ་སྡེ་ཀུན་གྱི་དགོངས་པ་སྟོང་པར་ཟད་དོ། །དེས་ན་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་སུ་གྱུར་པའི་སྒོ་ནས་བཞག་པའི་རིགས་ཞིག་སེམས་ཀྱིས་འདོར་མི་ནུས་པར་ཆོས་དབྱིངས་རྣམ་དག་ལ་རང་བཞིན་གནས་རིགས་སུ་སྨྲས་ཀྱང་ཞེ་འདོད་དང་རང་ཚིག་འགལ་བའི་རྟགས་ངོམས་པ་ཙམ་ལས་མ་མཆིས་པས་ཆོས་དབྱིངས་འགྱུར་མེད་ལ་སངས་རྒྱས་ཀྱི་རིགས་སུ་འདོད་ཕན་ཆད། ཐོག་མར་ཆོས་ཀྱི་དབྱིངས་ཞེས་པ་གང་ལ་གདགས་པའི་གཞི་རྣམ་གྲངས་མིན་པའི་དོན་དམ་བདེན་གཉིས་ཟུང་འཇུག་ཆེན་པོ་རབ་ཏུ་མི་གནས་པ་དབུ་མའི་དོན་དེ་ཉིད་ངོས་ཟིན་པར་བྱ་སྟེ། དེ་ངོས་མ་ཟིན་པར་རྣམ་གྲངས་པའི་དོན་དམ་ཙམ་ལ་འདོད་ན་ནགས་སུ་སྤྲེའུའི་ཚོགས་མཐོང་བ་ལ་སུམ་ཅུ་རྩ་གསུམ་པའི་ལྷར་འཁྲུལ་པ་ལྟར་


MR04_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དབྱིངས་མ་ཡིན་པ་ལ་ཆོས་དབྱིངས་སུ་བཟུང་ནས་དེ་ལ་སངས་རྒྱས་ཀྱི་རིགས་སུ་འདོད་པ་དང་། དེ་ཉིད་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་དང་། དེ་ངོ་བོ་ཉིད་སྐུའི་རྒྱུར་འདོད་པ་སོགས་རྣམ་གཞག་ཀུན་ཐེག་པ་ཆེན་པོ་ལྟར་བཅོས་པའི་ལམ་ཡིན་པར་གྲུབ་ཅིང་ཤེར་མདོ་སོགས་ལས་ཀྱང་དེ་ལྟར་གསུངས་སོ། །དེ་བས་ན་བདེན་གཉིས་ཟུང་འཇུག་གི་དབྱིངས་སྤྲོས་པའི་དྲྭ་བ་ཀུན་གྱིས་དབེན་པའི་དོན་སོ་སོ་རང་གིས་རིག་པར་བྱ་བ་ལ་རང་བཞིན་རྣམ་པར་དག་པ་ཆོས་ཀྱི་དབྱིངས་དང་སྟོང་པ་ཉིད་ཅེས་བྱ་སྟེ་དེ་ནི་སངས་རྒྱས་ཀྱི་རིགས་མཚན་ཉིད་པ་དང་དག་པ་གཉིས་ལྡན་གྱི་ངོ་བོ་ཉིད་སྐུར་འགྱུར་བ་ཡིན་པར་ཐེག་ཆེན་གྱི་མདོ་དང་དགོངས་འགྲེལ་ཐམས་ཅད་ལས་གསུངས་པས་ན། རང་བཞིན་གནས་རིགས་འདི་འདུས་མ་བྱས་སུ་འདོད་པ་ལས་འོས་མ་མཆིས་ལ། འདུས་མ་བྱས་ཡིན་ཕན་ཆོད་འདི་རང་གི་ངོ་བོ་ཉིད་ཀྱིས་འབྲས་བུ་གཞན་བསྐྱེད་ནས་རང་ཉིད་འགག་པའི་བྱ་བ་བྱེད་པ་མི་འཐད་པའི་ཆོས་སྐུའི་ཡོན་ཏན་རྣམས་ཀྱང་བྲལ་འབྲས་སུ་ཁས་ལེན་པ་ལས་འོས་མེད་ལ། དེ་ལྟར་ཡིན་པར་རྒྱལ་ཚབ་ས་བཅུའི་སེམས་དཔའ་ཆེན་པོས་རྒྱུད་བླ་མ་ལས་གསུངས་པ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པ་ལས་ཀྱང་གསལ་པོར་གསུངས་པའི་ཕྱིར་གཞུང་དེ་དག་གི་རྗེས་སུ་འབྲངས་ནས་རང་ལུགས་ཆོས་དབྱིངས་འདུས་མ་བྱས་པ་རིགས་སུ་འདོད་ཅིང་། དབྱིངས་དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་ལ་དེའི་ངོ་བོ་སྐྱེ་འགག་མེད་པ་དང་། སྣང་སྟོང་


MR04_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་པའི་བདག་ཉིད་དུ་གནས་ཀྱི་ཕྱོགས་སུ་ལྷུང་བ་མེད་པ་ཡིན་ནོ། །འདི་ལྟར་སྐྱེ་ཞིང་འགག་པར་སྣང་བའི་འདུས་བྱས་རྣམས་ནི་སྣང་བ་ལྟར་མ་གྲུབ་པའི་ཕྱིར་དབྱིངས་ཀྱི་གཤིས་ལ་དེས་གོས་པ་ཡོད་མ་མྱོང་བས། འཁོར་བ་རྒྱུ་འབྲས་ཡེ་ནས་དག་ཅིང་རང་བཞིན་ལྷུན་གྱིས་གྲུབ་པའི་འོད་གསལ་ཟག་མེད་ཀྱི་སྣང་བ་རྣམས་དང་འདུ་འབྲལ་མེད་པའི་གནད་འདིས་བདེ་བར་གཤེགས་པའི་སྙིང་པོའི་ཚུལ་ཕྱིན་ཅི་མ་ལོག་པ་ངོས་ཟིན་པར་བྱ་དགོས་སོ། །དེ་བས་ན་གཉིས་པ་རང་ལུགས་བརྗོད་པ་ལ། གོང་གི་རྐང་པ་དང་པོའི་དོན་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་མཐར་ཐུག་པ་ཆོས་ཀྱི་སྐུ་ཡོན་ཏན་ནམ་མཁའ་དང་མཉམ་པ་དེ་ལྟ་བུ། སྔོན་ཐ་མལ་བ་འཆིང་བ་ཀུན་ལྡན་དུ་གྱུར་པའི་གང་ཟག་གི་རྒྱུད་དེ་ལས་ཕྱིས་གསལ་བའམ། འཕྲོ་བའམ། མངོན་དུ་གྱུར་པ་ཡོད་པས་ན་ད་ལྟ་ནས་སེམས་ཅན་གྱི་རྒྱུད་ན་བདེ་གཤེགས་སྙིང་པོ་ཡོད་ཅེས་བསྒྲུབ་པ་ཡིན་ནོ། །འདིས་ཇི་ལྟར་འགྲུབ་པའི་འཐད་པ་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་ཡོད་དེ། དང་པོ་ཡེ་ཤེས་ཆོས་སྐུ་མངོན་དུ་མཛད་པའི་སེམས་ཅན་ཡོད་ན་སེམས་ལ་སངས་རྒྱ་རུང་གི་རིགས་ཡོད་པས་ཁྱབ་ཅིང་། རིགས་གཏན་མེད་པ་ལ་དེ་ལྟར་མི་འཐད་པའི་ཕྱིར་ཏེ། ཆོས་དབྱིངས་བསྟོད་པ་ལས། ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་པ་ན་ལས་བྱས་ཀྱང་། །ཉོན་མོངས་འབའ་ཞིག་སྐྱེ་བར་ཟད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་དེ་ལྟར་འཐད་པ་བསྟན་པ་


MR04_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ཞིང་ས་ལ་ལོ་ཏོག་སྐྱེ་རུང་ལྟར་སེམས་འདི་སངས་རྒྱ་རུང་གི་རྒྱུ་ཙམ་དུ་གྲུབ་ཀྱང་། སངས་རྒྱས་ཀྱི་ཡོན་ཏན་ཡེ་ལྡན་གྱི་རིགས་ཁྱད་པར་བ་ཇི་ལྟར་འགྲུབ་སྙམ་ན། དེ་ཡང་འགྲུབ་སྟེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའི་བདག་ཉིད་ཡེ་ཤེས་ཀྱི་སྐུ་ཅན་ཏེ། འདུས་བྱས་མི་རྟག་པའི་རང་བཞིན་ཅན་མིན་པར་ལུང་དང་རིགས་པས་གྲུབ་པའི་ཕྱིར་རོ། །དེ་ཡང་ལུང་ནི་མྱ་ངན་ལས་འདས་པའི་མདོ་ལས། དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དེ་བཞིན་གཤེགས་པ་འདུས་མ་བྱས་པ་ལ། དེ་བཞིན་གཤེགས་པ་འདུས་བྱས་ཡིན་ནོ་ཞེས་ཟེར་བས་ནི་མུ་སྟེགས་པར་གྱུར་ཏེ་ཤི་ཡང་སླའོ། །ཞེས་དང་། རིགས་ཀྱི་བུ། ད་ནི་དེ་བཞིན་གཤེགས་པ་རྟག་པའི་སྐུ་དང་། མི་ཤིགས་པའི་སྐུ་དང་། རྡོ་རྗེའི་སྐུ་དང་། ཤའི་སྐུ་མ་ཡིན་པ་དང་། ཆོས་ཀྱི་སྐུར་ལྟོས་ཤིག་ཅེས་དང་། ཡང་། དེ་བཞིན་གཤེགས་པ་མི་རྟག་གོ་ཞེས་བྱ་བའི་ཚིག་སྨྲ་བས་ནི་ཤིང་གི་ཕུང་པོ་འབར་པ་འདི་ལ་ལྕེས་ཀུན་ནས་རེག་པར་བྱས་ཏེ་ཤི་ཡང་སླའི། ཚིག་དེ་ནི་མཉན་པར་མི་བྱའོ། །ཞེས་དང་། མེད་དགག་གི་ཆ་ཙམ་མྱང་འདས་སུ་མི་རུང་བ་ཡང་ལུང་དེ་ལས། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བ་ནི་གང་གི་ཚེ་བཙལ་ཀྱང་ཅི་ཡང་མ་རྙེད་པ་སྟེ། ཅི་ཡང་མེད་པ་ཞེས་བྱ་བ་ནི་གཅེར་བུ་བ་རྣམས་ལའང་ཡོད་མོད་ཀྱི། ཐར་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་དང་། ཐར་བ་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་ཁམས་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པའོ། །


MR04_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། རྡོ་རྗེ་གཅོད་པ་ལས་ཀྱང་། གང་ཟག་ང་ལ་གཟུགས་སུ་མཐོང་། །གང་ཟག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པ་ལ་སོགས་པས་མཚོན་ཏེ་ངེས་དོན་གྱི་མདོ་སྟེ་ཀུན་ལས་རྒྱ་ཆེར་བསྟན་པ་དང་། རིགས་པ་ཡང་། གདོད་མའི་ཆོས་དབྱིངས་དང་གཉིས་སུ་མེད་པར་རོ་མཉམ་པའི་འབྲས་བུ་མཐར་ཐུག་པ་རྣམ་མཁྱེན་གྱི་ཡེ་ཤེས་ཉིད་རྒྱུ་རྐྱེན་གྱིས་གསར་དུ་འདུས་བྱས་པའི་མི་རྟག་པ་ཡིན་ན། རང་བྱུང་གི་ཡེ་ཤེས་མ་ཡིན་པ་དང་། འགྱུར་བའི་ཟུག་རྔུ་མ་སྤངས་པ་དང་། ཡང་འགག་ཡང་སྐྱེ་བའི་ཆ་དང་བཅས་པ་དང་། རང་གི་ངོ་བོས་འཇིག་པས་བསླུ་བ་ཅན་དང་། གཏན་གྱི་སྐྱབས་སུ་མ་གྱུར་པ་རང་ཉིད་སྐྱེས་མ་ཐག་ཏུ་འགག་པའི་ཕྱིར་དང་། རྒྱུའི་ཚོགས་པ་ཚང་བ་གང་དུ་ཉི་ཚེ་བར་གནས་པའི་ཕྱིར་དང་། ཆོས་ཀུན་ལ་རོ་མཉམ་དུ་མ་སོང་བ་དང་། མཐའ་ཀུན་ལས་མ་འདས་པ་དང་། ཡིད་ཀྱི་རང་བཞིན་གྱི་སྐྱེ་བ་སོགས་མ་འགག་པ་དང་། རང་དབང་མེད་པར་འདུ་བྱེད་པའི་གཞན་དབང་ཅན་དུ་ཐལ་བ་སོགས་ཀྱི་སྐྱོན་དང་བཅས་པས་དེ་ལྟར་ཁས་ལེན་པ་ལ་རྡོ་རྗེའི་སྐུ་ལ་མི་རྟག་པར་བལྟ་བའི་ཉེས་པ་ཤིན་ཏུ་རྒྱ་ཆེར་འབྱུང་བས་ན། ལམ་ངན་པ་འདི་དོར་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ནི་འདུས་མ་བྱས་དང་རྟག་པ་དམ་པ་བལྟ་བར་བྱ་


MR04_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཐུན་མོང་ཚུ་རོལ་མཐོང་བ་ལ་བརྟེན་པའི་རིགས་པ་ཙམ་གྱིས་གཞལ་ནས་ཡེ་ཤེས་འདུས་མ་བྱས་པ་མི་སྲིད་དེ། ཤེས་པ་དང་རྟག་པའི་གཞི་མཐུན་མི་སྲིད་པས་སོ་སྙམ་པ་ནི་གྱི་ན་སྟ། ཡུལ་ཤེས་པའི་ཤེས་པ་ཉི་ཚེ་བ་ལ་མི་རྟག་པས་ཁྱབ་ཀྱང་། ཤེས་དང་ཤེས་བྱ་རོ་གཅིག་པའི་ཡེ་ཤེས་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་དེ་དང་མི་འདྲ་སྟེ། འདུས་མ་བྱས་པའི་རང་གདངས་འོད་གསལ་མི་འགྱུར་བའི་ངང་དེར་འཁོར་འདས་ཀྱི་ཆོས་ཀུན་འུབ་ཆུབ་པས་ན་དེའི་ངོ་བོ་ལ་སྐྱེ་འགག་ཡེ་ནས་མེད་པར་མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱིས་གྲུབ་པའི་ཕྱིར་རོ། །དེས་ན་དེ་འདྲ་བའི་ཡེ་ཤེས་དེ་ནི་འདུས་བྱས་དང་འདུས་མ་བྱས་ཀྱི་མཐའ་གང་ལའང་མི་གནས་པའི་འདུས་མ་བྱས་ཆེན་པོ་སྟེ། དངོས་མེད་རྐྱང་པ་དང་གཏན་མི་འདྲ་ལ། དངོས་དངོས་མེད་གཉིས་ཀ་ཆོས་ཅན་ཡིན་ཞིང་། དེ་དག་བརྟེན་ནས་སྐྱེས་པའམ་བརྟེན་ནས་བཏགས་པའི་ཕྱིར་ན་ཡང་དག་པར་དཔྱད་ན་འདུས་བྱས་དང་གསོག་གསོབ་རྫུན་པ་བསླུ་བ་ཡིན་ལ། བདེ་གཤེགས་སྙིང་པོ་ནི་དངོས་དངོས་མེད་ཀྱི་ཆོས་ཀུན་གྱི་ཆོས་ཉིད་འདུས་མ་བྱས་ཆེན་པོ་ཡང་དག་པར་མི་བསླུ་བ་ཡིན་ཏེ། རྩ་བ་ཤེས་རབ་ལས། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དང་། དངོས་དང་དངོས་མེད་འདུས་བྱས་ཡིན། མྱ་ངན་འདས་པ་འདུས་མ་བྱས། ཞེས་གསུངས་པ་བཞིན་ནོ། །དེ་ལྟར་མཐར་ཐུག་ཆོས་སྐུའི་ཡེ་ཤེས་དེ་ནི་སྲིད་ཞི་ཀུན་ཁྱབ་དང་མཉམ་པ་ཉིད་དང་འདུས་མ་བྱས་པ་དང་། འགྱུར་མེད་དོན་


MR04_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པའི་རང་བཞིན་དུ་ངེས་པ་དོན་གྱི་མདོ་སྡེའི་ལུང་དང་མཐར་ཐུག་དཔྱོད་པའི་རིགས་པས་གྲུབ་པ་ན། དེ་ནམ་ཞིག་མངོན་དུ་འགྱུར་རུང་གི་རྒྱུད་ན་ད་ལྟ་ནས་ཡེ་ཤེས་ཆོས་སྐུའི་རང་བཞིན་ཆོས་ཉིད་ཀྱི་ཚུལ་དུ་བྲི་གང་དང་བྲལ་བར་བཞུགས་པ་དེ་ཉིད་ལ། གློ་བུར་གྱི་དྲི་མ་བྲལ་མ་བྲལ་གྱི་སྣང་ཚུལ་ལ་མངོན་དུ་གྱུར་མ་གྱུར་ཡོད་ཀྱང་། གནས་ཚུལ་ལ་སྔ་ཕྱིར་བཟང་ངན་གྱི་ཁྱད་པར་ཏིལ་ཙམ་མེད་དེ། འགྱུར་མེད་འདུས་མ་བྱས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང་། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་སོགས་འཁོར་བའི་ཆོས་ཐམས་ཅད་འགྱུར་ཞིང་མི་བརྟན་པ་ཡིན་ལ་དེ་ཀུན་ཆོས་ཉིད་དེའི་ངང་དུ་འཕོ་འགྱུར་བྱེད་པ་ལྟར་སྣང་ཡང་། སེམས་ཀྱི་དག་པ་བདེ་གཤེགས་སྙིང་པོ་ནི་ནམ་མཁའ་ལྟར་འཕོ་འགྱུར་མེད་པར་ཡང་ནས་ཡང་དུ་གསུངས་པ་ལྟར་ཤེས་པར་བྱ་ལ། དེ་ལྟར་འདུས་མ་བྱས་འོད་གསལ་བའི་དབྱིངས་ལ་འཁྲུལ་བས་གོས་པ་མེད་པར་རང་བཞིན་གྱིས་རྣམ་པར་དག་ཅིང་། མ་འཁྲུལ་བ་གཤིས་ཀྱི་རང་གདངས་ལ་ལྷུན་གྱིས་གྲུབ་པའི་སྟོབས་སོགས་འབྲས་ཆོས་ཀྱི་ཡོན་ཏན་འབྲལ་མེད་དུ་གནས་ཏེ་ཉི་མ་དང་འོད་ཟེར་བཞིན་ནོ། །དེ་ལྟར་ཡང་རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །


MR04_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་འཁོར་བའི་ཉེས་པ་ཐམས་ཅད་ནི་ང་དང་ཆོས་ཀྱི་བདག་ཏུ་འཛིན་པ་འཁྲུལ་བའི་སེམས་ལས་བྱུང་ལ། འཁྲུལ་སེམས་དེ་ཡང་གདོད་མའི་གཤིས་འོད་གསལ་ལ་ཡེ་ནས་མ་གོས་མ་འདྲེས་པར་མཁའ་ལ་སྤྲིན་ལྟར་གློ་བུར་བ་ཡིན་པས་སྐྱོན་དེ་དག་ནི་ཁམས་དང་སོ་སོར་འབྱེད་ཅིང་འབྲལ་རུང་བ་ཡིན་པས་ཁམས་ཀྱི་ངོ་བོ་ལ་སྐྱོན་དེས་སྟོང་པ་སྟེ་མ་གོས་པ་ཡིན་ལ། འཁྲུལ་བས་བསླད་པ་ལ་མི་ལྟོས་པར་རང་གི་ངང་གིས་འོད་གསལ་ཞིང་ཆོས་ཀུན་ཀྱི་དེ་ཁོ་ན་ཉིད་དུ་ཞུགས་པའི་རང་བྱུང་གི་ཡེ་ཤེས་ལས་རྣམ་དབྱེར་བྱར་མེད་པའི་མཐར་ཐུག་གི་ཡོན་ཏན་རྣམས་ཀྱི་ཁམས་དེ་མི་སྟོང་སྟེ། རང་གི་ངོ་བོ་ལ་འབྲལ་མེད་ཀྱི་གཤིས་ཡིན་པས་ཉི་མ་དང་ཟེར་བཞིན་ནོ། །དེ་ལྟར་རང་བཞིན་གནས་རིགས་དེ་འདུས་མ་བྱས་པ་ཡོན་ཏན་ཡེ་ལྡན་ཆོས་སྐུའི་ངོ་བོར་གྲུབ་པ་ན་སངས་རྒྱ་རུང་བས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་ཡེ་ཤེས་ཆོས་སྐུ་བྲི་གང་དང་བྲལ་བར་བཞུགས་དགོས་ཏེ། ལམ་བསྒོམས་ན་སངས་རྒྱ་རུང་བར་དངོས་སྟོབས་ཀྱིས་གྲུབ་ལ། སངས་རྒྱས་དུས་ཀྱི་ཆོས་སྐུ་དེ་འདུས་མ་བྱས་ཡིན་པས་གསར་དུ་རྒྱུ་རྐྱེན་གྱིས་འདུས་བྱས་པ་མི་སྲིད་པའི་ཕྱིར་ད་ལྟ་ནས་སངས་རྒྱས་ཀྱི་ངོ་བོར་བཞུགས་ཞེས་གྲུབ་བོ། །དེ་ལ་ཁ་ཅིག་འདི་སྙམ་དུ་ད་ལྟ་ནས་སངས་རྒྱས་པའི་ངོ་བོར་བཞུགས་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེས་སེམས་ཅན་དེ་དག་གི་སྒྲིབ་པ་ཅི་ལ་མི་སེལ་སྙམ་པ་དང་། ཡང་ཐེག་པ་ཐུན་མོང་བའི་གོ་ཡུལ་ལ་ཞེན་ནས་སངས་རྒྱས་ནི་འབྲས་བུ་དང་སེམས་ཅན་རྒྱུ་ཡིན་པས་


MR04_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ལ་འབྲས་བུ་ཡོད་ན་ཟན་ཟ་མི་གཙང་ཟ་བའི་རིགས་པ་སོགས་ཀྱིས་གནོད་དོ་སྙམ་ན། ཤིན་ཏུ་ཟབ་པའི་ངེས་དོན་གྱི་མདོ་སྡེའི་དོན་ལ་བློ་མ་སྦྱངས་པ་ཁྱོད་ལ་ཐུན་མོང་པའི་གཞུང་གི་གོ་བ་ཙམ་གྱིས་ཁྲིད་ནས་དོགས་པ་དེ་ལྟར་སྐྱེ་བ་ལ་ཁགས་མེད་ཀྱང་། དེ་མ་ཡིན་ཏེ་ཆོས་ཉིད་འོད་གསལ་བའི་ཡེ་ཤེས་ཀུན་ལ་ཁྱད་མེད་པར་ཡོད་ཀྱང་། རང་སེམས་འཁྲུལ་པ་གློ་བུར་བ་འདི་སྐྱེས་པའི་ཚེ་འཁྲུལ་སེམས་ཡུལ་དང་བཅས་པ་འདི་ཙམ་འཁོར་བའི་གདགས་གཞི་ཡིན་ལ་འཁྲུལ་པ་དེས་རང་ལ་ཡོད་པའི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་མི་ཤེས་ཏེ། དཔེར་ན་གཉིད་ཀྱི་དུས་ན་ཡིད་ཀྱི་ཤེས་པ་གཅིག་པུའི་དབང་གིས་ལུས་དང་ཡུལ་དང་མིག་ཤེས་ལ་སོགས་པའི་སྣང་བ་མུ་མེད་པ་བྱུང་བ་ལ། དེ་དུས་ཡུལ་ཡུལ་ཅན་སོ་སོར་འཛིན་ཅིང་དམིགས་ཀྱི། ཡིད་ཤེས་ཁོ་རང་གིས་རང་གི་ཡིན་ལུགས་གཟུང་འཛིན་ཐ་དད་དུ་མ་གྲུབ་པ་ཤེས་མི་ནུས་ལ། མ་ཤེས་ཀྱང་ཡིན་ལུགས་དེ་ལས་གཞན་དུ་གྱུར་པ་མེད་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གནས་ཀྱང་དེ་ལྟར་ཡིན་པ་ཙམ་གྱིས་ཀུན་གྱིས་རྟོགས་དགོས་པ་མ་ཡིན་པ་བཞིན་ཏེ། གནས་སྣང་མི་མཐུན་པའི་འཁྲུལ་པ་སྲིད་པའི་ཕྱིར་རོ། །དེས་ན་སེམས་དང་སྙིང་པོའི་ཡེ་ཤེས་གཉིས་ཆོས་ཅན་དང་ཆོས་ཉིད་ཡིན་ལ་སངས་རྒྱས་དང་སེམས་ཅན་ཡང་གནས་ཚུལ་དང་སྣང་ཚུལ་གྱི་དབང་དུ་བྱས་ནས་སྟོན་པའི་ཕྱིར་རྒྱུ་ལ་འབྲས་གནས་ཀྱི་རིགས་པའི་གནོད་པ་སྟོན་པ་ནི་ཕྱོགས་མ་གོ་བར་ཟད་དོ། །དེ་ལྟར་རིགས་པ་འདི་ནི་འབྲས་དུས་ཀྱི་ཆོས་སྐུ་མངོན་དུ་གསལ་བའི་


MR04_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཀྱིས་རྒྱུ་དུས་ཀྱི་རིགས་ཡོན་ཏན་ཡེ་ལྡན་ཅན་ཡོད་པར་སྒྲུབ་པ་སྟེ། གནས་ཚུལ་ལ་སྔ་ཕྱི་རྒྱུ་འབྲས་སུ་མེད་ཀྱང་སྣང་ཚུལ་ལ་ལྟོས་ནས་རྒྱུ་འབྲས་སུ་བཞག་དགོས་པའི་ཕྱིར་འབྲས་བུ་ལས་རྒྱུ་བསྒྲུབ་པ་ལྟོས་པའི་རིགས་པ་ཞེས་བྱ་བ་ཡིན་ནོ། །རྐང་པ་གཉིས་པ། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །ཞེས་པའི་དོན་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་གནས་ལུགས་སྟོང་པ་ཉིད་གདོད་མའི་འོད་གསལ་ཆེན་པོར་དབྱེར་མེད་རོ་གཅིག་པས་ན། སངས་རྒྱས་དང་སེམས་ཅན་ཡང་དོན་དམ་པར་དབྱེ་བ་མེད་དེ་སྲིད་ཞི་མཉམ་པ་ཉིད་དོ། །དེའི་ཕྱིར་འཁྲུལ་པ་གློ་བུར་བས་སྤྲུལ་པའི་སེམས་ཅན་ལྟར་སྣང་བ་རྣམས་ཀྱང་གནས་ལུགས་དོན་དམ་པའི་ཆོས་ཉིད་ལས་ཅུང་ཟད་ཀྱང་མ་གཡོས་པར་ཆོས་ཉིད་ཀྱི་རིགས་པས་གྲུབ་པས་ན་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་ངེས་ཏེ། མདོ་ལས་ཀྱང་ཆོས་ཐམས་ཅད་གདོད་མ་ནས་འོད་གསལ་བ་དང་། མྱ་ངན་ལས་འདས་པ་དང་མངོན་པར་སངས་རྒྱས་པའི་རང་བཞིན་དུ་གསུངས་པ་ཡིན་ནོ། །འོ་ན་ཁྱོད་ཀྱིས་སྔར་གཞན་ལ་བརྗོད་པ་ལྟར་དེ་བཞིན་ཉིད་དུ་དབྱེར་མེད་པ་ཙམ་གྱིས་རིགས་ཡོད་པར་འགྲུབ་ན། ས་རྡོ་སོགས་ལའང་རིགས་ཡོད་པར་ཐལ་ལོ་སྙམ་ན། རིགས་ཞེས་བྱ་བ་ནི་འཁྲུལ་བའི་སེམས་ཀྱི་དབང་གིས་འབྱུང་བའི་སྒྲིབ་གཉིས་ཟད་པར་སྤངས་ནས་ཤེས་བྱའི་རང་བཞིན་ལ་མ་འཁྲུལ་བའི་བློ་རྒྱས་པའི་སངས་རྒྱས་ཀྱི་རྒྱུ་སྐྱོན་མེད་ལ་འཇོག་དགོས་ན། དེ་སེམས་མ་ཡིན་པ་ས་རྡོ་སོགས་བེམ་པོ་ལ་ལམ་སྒྲུབ་


MR04_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པས་ཐ་སྙད་དུ་དེ་བཞིན་ཉིད་དུ་དབྱེར་མེད་ནའང་དེ་ལ་རིགས་ཡོད་པར་འཇོག་མི་དགོས་ཏེ། སེམས་ཀྱི་དབང་གིས་ས་རྡོ་སོགས་སྣང་གིས་རྡོ་སོགས་ཕྱི་རོལ་གྱི་དབང་གིས་སེམས་བྱུང་བ་མ་ཡིན་པ། རྨི་ལམ་གྱི་སྣང་བ་དང་དེ་དུས་ཀྱི་ཤེས་པའི་དཔེས་མཚོན་ཏེ་ཤེས་པར་བྱ་ལ། ཁམས་གསུམ་གྱི་བྱེད་པ་པོ་སེམས་འདི་ལ་ཆོས་ཉིད་བདེ་གཤེགས་སྙིང་པོ་དོན་དམ་པའི་དགེ་བ་ཟག་མེད་ཀྱི་རང་བཞིན་ཅན་ཉིད། ཆུ་ལ་རླན་ལྟར་ཞུགས་པར་ཤེས་པས་འཁོར་འདས་ཀྱི་སྣང་བ་རྣམས་ནི་རྣམ་ཤེས་དང་ཡེ་ཤེས་དེ་དག་གི་རོལ་པ་ཙམ་ཡིན་པས་ཐ་དད་དུ་མི་དགོས་ལ། ཡང་དག་པའི་དོན་དུ་ཆོས་ཉིད་ཡེ་སངས་རྒྱས་པའི་ངང་ལས་མ་གཡོས་པའི་སྣང་བ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་ངང་ཚུལ་ལས་མི་འདའ་བར་ཤིན་ཏུ་ཡང་ཁས་ལེན་ཏེ། སྡུད་པ་ལས། གཟུགས་ཀྱི་དག་པ་འབྲས་བུ་དག་པར་རིག་པར་བྱ། །འབྲས་བུ་གཟུགས་དག་ཐམས་ཅད་མཁྱེན་ཉིད་དག་པར་འགྱུར། །ཐམས་ཅད་མཁྱེན་ཉིད་འབྲས་བུ་དག་དང་གཟུགས་དག་པ། །ནམ་མཁའི་ཁམས་དང་མཚུངས་ཏེ་དབྱེར་མེད་བཅད་དུ་མེད། །ཅེས་གསུངས་པ་ལྟར། ཡུལ་ཅན་སྒྲིབ་པ་ལས་གྲོལ་བའི་དག་པ་གང་ཡིན་པ། ཡུལ་གཟུགས་ལ་སོགས་པའི་དག་པའམ་རང་བཞིན་ཡིན་ཏེ། རང་སྣང་གི་སྒྲིབ་པ་རིམ་བྲལ་གྱི་མཐོང་ཚུལ་ཙམ་ལས་དོན་གྱི་ངོ་བོ་ཡེ་ནས་སྒྲིབ་བྲལ་དུ་གནས་པའི་ཕྱིར་རོ། །དེས་ན་ཡུལ་ཅན་རིག་པའི་ཁམས་ཀྱི་དྲི་མ་ཟད་དེ་སངས་རྒྱས་པ་ན། ཡུལ་གྱི་དངོས་པོས་དག་པར་ལྷག་མར་མི་ལུས་ཏེ།


MR04_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

མིག་སྐྱོན་དག་ན་རབ་རིབ་རང་སངས་པ་བཞིན་ནོ། །འོ་ན་གཅིག་སངས་རྒྱས་དུས་སྣང་བ་མ་དག་པ་ཀུན་འགག་གོ་སྙམ་ན་མ་ཡིན་ཏེ། གང་ཟག་སོ་སོའི་རང་སྣང་གི་སྒྲིབ་པས་རང་བསྒྲིབས་ནས་གནས་སྣང་འགལ་བར་མཐོང་བ་ཡོད་པའི་ཕྱིར་རོ། །འོ་ན་གནས་སྣང་རྣམ་པ་ཀུན་ཏུ་མཐུན་པ་སངས་རྒྱས་ཀྱི་ས་ན་མ་དག་པའི་སྣང་བ་འདི་ཀུན་མངའ་འམ་མི་མངའ། མངའ་ན་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་མ་རྒྱས་ལ། མི་མངའ་ན་ཀུན་ཏུ་འགྲོ་བའི་ལམ་ལ་སོགས་པ་མཁྱེན་པར་མི་སྲིད་དོ་སྙམ་ན། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱི་ཆོས་སྲིད་དོ་ཅོག་ཀུན་རང་དང་རོ་མཉམ་པའི་ངང་ནས་འབད་མེད་ལྷུན་གྲུབ་ཏུ་མཁྱེན་ཅིང་། དེ་ལ་རང་ངོར་ཐམས་ཅད་དག་པ་ཆེན་པོར་གཟིགས་པ་ལས་མ་འདས་བཞིན་དུ་འགྲོ་བ་རིགས་དྲུག་གི་སྣང་བ་རྣམས་ཀྱང་སོ་སོའི་སྣང་ཚུལ་ལྟར་གཟིགས་པ་འདི་ནི། ཡུལ་དང་ཡུལ་ཅན་གྱི་གཉིས་སྣང་གི་སྒྲིབ་པ་མཐའ་དག་ཟད་པའི་སྟོབས་ཀྱིས་ཆོས་ཅན་ཇི་སྙེད་པ་མ་འདྲེས་ཡོངས་རྫོགས་ཀྱི་ཚུལ་དུ་ཆོས་ཉིད་ཀྱི་ཀློང་དུ་ཆུད་པའི་གནད་ཀྱིས་རོ་མཉམ་པའི་ཡེ་ཤེས་སྐྱེ་འགག་དང་བྲལ་བས་ཅིག་ཆར་གཟིགས་པ་སྟེ། ཚུལ་མཐོང་གིས་ལྟ་ཅི། ས་ལ་གནས་པས་ཀྱང་བསམ་པར་དཀའ་བའོ། །དེའི་ཚུལ་ཡང་ཇི་སྐད་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཆོས་ཀུན་མཉམ་པ་ཉིད་མཉམ་པར། །རང་བྱུང་བས་ནི་རྗེས་སུ་རྟོགས། །དེ་ཕྱིར་ཡང་དག་མངོན་སངས་རྒྱས། །དེ་བཞིན་གཤེགས་པ་


MR04_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པ་མཉམ། །ཞེས་དང་། སེམས་རང་བཞིན་གྱིས་འོད་གསལ་བ་དེ་བཞིན་དུ་ཤེས་པས་དེ་དེའི་ཕྱིར་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་སློབ་དཔོན་ཟླ་བ་གྲགས་པའི་ཞལ་ནས། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། །རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ན། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་གསུངས་པ་ལྟར་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོས། ཆོས་ཐམས་ཅད་ཁྱབ་ཅིང་འབད་མེད་གཟིགས་པ་རྒྱ་མཚོ་ལ་ཟླ་སྐར་ཤར་བའི་ཚུལ་དུ་ཁྱབ་ཅིང་རྟོག་པ་ཉེ་བར་ཞི་བའི་ངང་ནས་གཟིགས་པ་འདི་རང་བྱུང་འོད་གསལ་བའི་ཡེ་ཤེས་གཞི་ལ་བཞུགས་པའི་ཆོས་ཉིད་དེ་སྒྲིབ་པ་མཐའ་དག་ཟད་ནས་ཇི་བཞིན་མངོན་དུ་གྱུར་པའི་སྟོབས་ཀྱིས་ཡིན་པས་མཐར་ཐུག་དཔྱོད་པའི་ཆོས་ཉིད་ཀྱི་རིགས་པ་ཡང་དག་ལ་བརྟེན་ན་མི་ལྡོག་པའི་ཡིད་ཆེས་རྙེད་པར་འགྱུར་གྱི། གཞན་དུ་ཉི་ཚེ་བའི་བློས་གཞལ་ནས་སངས་རྒྱས་ཀྱི་ས་ན་ཡེ་ཤེས་མེད་པའམ། ཡོད་ཀྱང་འགྱུར་བཅས་ཀྱི་བློ་ཐ་མལ་པ་དང་མཚུངས་པར་སྒྲུབ་པ་དང་། སེམས་ཅན་གྱི་ཁམས་མི་གཟིགས་པའམ་ཡང་ན་མ་དག་པའི་སྣང་བ་ཡོད་པར་འདོད་པ་དང་། ཇི་ལྟ་ཇི་སྙེད་ངོ་བོ་རོ་མཉམ་དུ་སྒྲུབ་མ་ནུས་པ་སོགས་འགལ་འདུ་དང་


MR04_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྟོག་གི་རྙོག་མ་མང་དུ་སློང་བ་མཐོང་ངོ་། །རྐང་པ་གསུམ་པ་རིགས་ཡོད་ཕྱིར་ན། ཞེས་པའི་དོན་ནི། སེམས་ཅན་ཐམས་ཅད་ལ་སངས་རྒྱ་རུང་གི་རིགས་ཡོད་དེ། དྲི་མ་གློ་བུར་བ་སྤང་རུང་དུ་གྲུབ་ཅིང་། ཡོན་ཏན་ཡེ་ལྡན་གྱི་ཆོས་སྐུ་ཀུན་ལ་ཁྱད་མེད་པར་ཡོད་པར་གྲུབ་པས་སོ། །དེ་ལྟར་སངས་རྒྱ་རུང་གི་རིགས་ཡོད་ན་ལུས་ཅན་དེ་དག་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་ངེས་ཏེ། དེ་དག་སངས་རྒྱས་པའི་གནས་སྐབས་ཡོད་ལ། སངས་རྒྱས་ཆོས་སྐུ་དེ་ཡང་ངོ་བོ་འདུས་མ་བྱས་སུ་གྲུབ་པས་སྔ་ཕྱི་ལ་བཟང་ངན་གྱི་ཁྱད་པར་ངོ་བོའི་ཆ་ནས་མེད་པའི་ཕྱིར་རོ། །རིགས་པ་གསུམ་པ་འདིས་རྒྱུ་ལས་འབྲས་བུ་སྐྱེད་པར་ཤེས་པ་བྱ་བ་བྱེད་པའི་རིགས་པ་ཡིན་ནོ། །འདིར་རྒྱུ་ཡོད་ཙམ་གྱིས་འབྲས་བུ་འབྱིན་པར་དཔོག་པ་ཙམ་མིན་ཏེ། ཆོས་ཉིད་དེ་བཞིན་ཉིད་ཀྱི་རིགས་ལ་འགྱུར་བ་མེད་པ་དང་། དེ་འབྲས་དུས་དང་ངོ་བོ་ལ་བཟང་ངན་མེད་པ་དང་། གློ་བུར་བའི་དྲི་མ་རྣམས་ཡུན་ཇི་ལྟར་རིང་ཡང་འབྲལ་རུང་ཡིན་པས་རིགས་དེ་སངས་རྒྱ་བ་ལ་ནམ་ཡང་ཆུད་ཟ་བ་མི་སྲིད་པའི་གནད་ཀྱིས་སོ། །དེ་ལྟར་རྒྱུ་རིགས་ཡོད་པ་དེ་འབྲས་དུས་ཀྱི་ཆོས་སྐུ་དང་ངོ་བོ་ཁྱད་མེད་དང་། འབྲས་དུས་ཀྱི་ཆོས་སྐུ་ཡོད་ན་དེ་སེམས་ཅན་གྱི་དུས་ནའང་འཕེལ་འབྲི་མེད་པར་ཡོད་དགོས་པ་དང་། རྒྱུ་འབྲས་དང་སྔ་ཕྱིར་བཏགས་ཀྱང་དོན་ལ་ཆོས་དབྱིངས་འགྱུར་མེད་ཀྱི་ངོ་བོར་རོ་གཅིག་པའི་རིགས་པ་དེ་གསུམ་གྱིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་འགྲུབ་སྟེ་དངོས་པོའི་སྟོབས་


MR04_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཞུགས་པའི་རིགས་པ་ཡང་དག་གི་ལམ་ནས་སོ། །དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་པར་སྒྲུབ་པའི་རིགས་པ་འདིས་མཐར་ཐུག་གི་ཐར་བ་དང་། དེ་བཞིན་གཤེགས་པ་དང་ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པ་རྣམས་ཐ་དད་དུ་མེད་ལ། དེ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱི་སྟོབས་ལས་བྱུང་བར་ཤེས་ན་མཐར་ཐུག་ཐེག་གཅིག་ཏུ་འགྲུབ་ཀྱི། གཞན་དུ་བདེ་གཤེགས་སྙིང་པོ་ཞེས་པ་སེམས་ཅན་གྱི་ཁམས་ན་མེད་པ་དང་། སངས་རྒྱས་ཀྱི་དུས་ན་མེད་པ་དང་། རྒྱུ་དུས་ཡོན་ཏན་མེད་པ་ལ་འབྲས་དུས་གསར་དུ་ཡོན་ཏན་ཅན་དུ་སྨྲ་བ་སོགས་ཐེག་པ་ཆེན་པོའི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་དག་གི་ལུགས་ལ་མཐར་ཐུག་ཐེག་གཅིག་སྒྲུབ་པའི་རིགས་པ་པྲ་ཡས་པར་འགྱུར་རོ། །དེའི་ཕྱིར་ཐེག་པ་མཆོག་གི་གནས་ལ་མོས་པ་རྣམས་ཀྱིས་གནས་འདི་ལ་ཤིན་ཏུ་བློ་གྲོས་འབྱོང་བར་བྱ་དགོས་སོ། །དེ་ལྟར་སེམས་ཅན་གྱི་དུས་ན་ཡོན་ཏན་ཡེ་ལྡན་གྱི་ཁམས་ཡོད་པར་བཞག་པ་དེ་ནི་བསམ་གྱིས་མི་ཁྱབ་པའི་གནས་ཟབ་མོ་ཡིན་པས་སངས་རྒྱས་ཀྱིས་ཀྱང་འཁོར་རྣམས་ལ་ངེའི་གསུང་གིས་ཡིད་ཆེས་པར་གྱིས་དང་མི་བསླུ་བར་འགྱུར་གྱི་རང་སྟོབས་ཀྱིས་ཤེས་པར་དཀའ་བའི་ཚུལ་གྱིས་བཀའ་སྩལ་པས་ཟབ་མོའི་མཐར་ཐུག་ཏུ་བསྟན་པ་ཡིན་པས། འདི་ལ་བློ་ཆུང་རྟོག་གེ་རྣམས་རྒོལ་བ་བརྒྱུད་མར་བྱེད་དེ། སངས་རྒྱས་དང་སེམས་ཅན་གྱི་གཞི་མཐུན་གྱི་སེམས་ཡོད་པར་ཐལ་བ་སོགས་ཐ་སྙད་ལ་བརྟེན་པའི་ཀླན་ཀ་ཇི་སྙེད་པ་ནི་གྱི་ནར་སྨྲ་བ་སྟེ།


MR04_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་དུ་དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དང་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་དུ་ཡང་གང་རྟོགས་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་གསུངས་པ་ལྟར། སེམས་ཀྱི་ཆོས་ཉིད་སྙིང་པོའི་ཁམས་དང་། ཆོས་ཅན་གྱི་སེམས་གཉིས་གཅིག་ཐ་དད་གང་དུའང་ཁས་བླང་མི་དགོས་ལ། གནས་ཚུལ་ཆོས་ཉིད་ཀྱི་དོན་ལས་མ་འདས་ཀྱང་། སྣང་ཚུལ་འཁྲུལ་པ་སྲིད་པ་ལ་འགལ་པ་མེད་པར་མ་ཟད། དེ་ལས་གཞན་དུ་ཐར་པ་མེད་པའམ། སུ་ཡང་འཁྲུལ་མི་སྲིད་པ་སོགས་ཀྱི་སྐྱོན་དུ་འགྱུར་ལ། གནས་སྣང་མི་མཐུན་པ་ཡོད་པའི་ཕྱིར་འཁྲུལ་བའི་སེམས་ཅན་སྲིད་ཅིང་། དེ་ལམ་ལ་ཞུགས་པས་འཁྲུལ་བ་སྤངས་ནས་སངས་རྒྱས་པའང་ཡོད་པར་འགྲུབ་པ་ཡིན་ནོ། །དོན་དམ་དཔྱོད་པའི་རིགས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྲུབ་ཀྱང་དེས་སྙིང་པོའི་ཡོན་ཏན་འགོག་པར་མི་འགྱུར་ཏེ་ཡོན་ཏན་བླ་ན་མེད་པ་ཡོད་ཀྱང་ངོ་བོ་སྟོང་བར་འདི་བས་ཀྱང་ཞལ་གྱིས་བཞེས་པའི་ཕྱིར་རོ། །དེས་ན་འཁོར་ལོ་བར་བས་བསྟན་དོན་ཀུན་བྱང་གི་ཆོས་ཐམས་ཅད་སྟོང་པར་བསྟན་པ་ནི་དེ་དེ་བཞིན་དུ་གྲུབ་སྟེ་བདེ་གཤེགས་སྙིང་པོའང་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཀྱང་སྟོང་པའི་རང་བཞིན་ཅན་གྱི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དང་འདུ་འབྲལ་མེད་པས་ཁྱད་པར་དུ་བྱས་པའི་སྙིང་པོ་བསྟན་པ་འདི་འཁོར་ལོ་ཐ་མའི་


MR04_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་དགོངས་པ་ཡིན་པས། ཚུལ་དེ་ཙམ་གྱི་ཆ་ནས་འཁོར་ལོ་བར་བ་ལས་ལྷག་པའི་ཕྱིར། མདོ་སྡེ་དགོངས་འགྲེལ་ལས་འཁོར་ལོ་ཐ་མའི་དོན་ལ་མཆོག་ཏུ་བསྔགས་པའང་འཁོར་ལོ་ཐ་མར་གཏོགས་ཚད་མ་ཡིན་གྱི་སྙིང་པོ་བསྟན་པའི་ངེས་དོན་གྱི་ཕྱོགས་ནས་དེ་ལྟར་གསུངས་པ་སྟེ། རིག་ཁམས་ནོར་བུ་སྦྱོང་བའི་དཔེ་བསྟན་པ་སོགས་མདོ་གཞན་གྱིས་དེ་ལྟར་གསལ་བར་ངེས་ནུས་སོ། །དེས་ན་འཁོར་ལོ་བར་བར་བསྟན་པའི་སྟོང་པ་ཉིད་དང་། ཐ་མར་བསྟན་པའི་སྐུ་དང་ཡེ་ཤེས་དག་སྣང་སྟོང་ཟུང་དུ་ཆུད་པར་བྱ་དགོས་པས། འཁོར་ལོ་བར་བ་དང་ཐ་མའི་ངེས་དོན་གྱི་སྐོར་རྣམས་དབྱེ་གསལ་མེད་པར་གཉིས་ཀ་ངེས་དོན་དུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་བཞེད་པ་འདི་ཁོ་ན་ལྟར་གཟུང་བར་བྱ་སྟེ། དེ་གཉིས་གཅིག་ངེས་དོན་བྱས་ན་གཅིག་དྲང་དོན་བྱ་དགོས་པའི་འགལ་བ་མེད་པར་མ་ཟད། ཟུང་དུ་ཚོགས་པར་བྱས་ནས་བདེ་གཤེགས་སྙིང་པོ་དེ་ལྟ་བུ་ལ་རྒྱུ་རྒྱུད་ཀྱི་དོན་དུ་བྱས་ནས་རྡོ་རྗེ་ཐེག་པའི་མན་ངག་གི་གནད་འབྱུང་བས་སངས་རྒྱས་ཀྱི་བསྟན་པ་དེ་དག་གནད་གཅིག་ཏུ་འབབ་པར་ཤེས་དགོས་ཤིང་། མཐར་ཐུག་གི་དོན་འདི་ལ་ཀླུ་ཐོགས་རྣམ་གཉིས་སོགས་འཕགས་པ་རྣམས་དགོངས་པ་གཅིག་སྟེ་ཆོས་དབྱིངས་བསྟོད་པ་དང་སེམས་འགྲེལ་ལ་སོགས་པ་དང་། རྒྱུད་བླ་མའི་འགྲེལ་བ་སོགས་ཀྱིས་གསལ་བར་རྟོགས་པའི་ཕྱིར་རོ། །དེ་ལྟར་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་


MR04_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྙེད་གསུངས་པ་སྟེ། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། ཞེས་གསུངས་པ་ལྟར་དོན་དམ་དཔྱོད་པས་དཔྱད་ནས་གྲུབ་འབྲས་མཐར་ཐུག་བདེན་པ་དབྱེར་མེད་རྡོ་རྗེ་ལྟ་བུའི་དོན། རྟོག་གེའི་ཤེས་པས་མི་ཕྱེད་པའི་དབྱིངས་ཡིན་པས་དོན་དམ་པ་ལ་བརྟེན་པའི་ཀླན་ཀ་འཇུག་པའི་གཞི་མེད་དོ། །ད་ནི་ཁམས་དེ་དག་སེམས་ཅན་གྱི་རྒྱུད་ན་ཇི་ལྟར་བཞུགས་པའི་ཚུལ་བཤད་ན། གནས་ལུགས་རང་གི་ངོ་བོའི་དབང་དུ་བྱས་ན་ཆོས་ཐམས་ཅད་ཆོས་ཉིད་དེ་ཡི་ཀློང་དུ་ཆུད་ཅིང་ཆོས་ཉིད་རང་གི་ངོ་བོ་ལ་སྐྱེ་འགག་མེད་པར་མཉམ་པ་ཉིད་དུ་གནས་ལ་འཁོར་འདས་ལ་སོགས་པའི་བཟང་ངན་དང་། ཕ་རོལ་ཚུ་རོལ་བདག་དང་གཞན་ཆེ་དང་ཆུང་བ་སོགས་ཀྱི་ཆ་དང་། སྔ་ཕྱིའི་དུས་ཀྱི་ཁྱད་པར་སོགས་མེད་དེ་ཆོས་དབྱིངས་ཐིག་ལེ་ཉག་གཅིག་འཕོ་འགྱུར་མེད་པའོ། །གནས་ལུགས་ལ་དེ་ལྟར་ཡིན་ཀྱང་འཁྲུལ་བ་གློ་བུར་བའི་སྣང་ངོ་དང་བསྟུན་ན་འདི་ལྟར་ཁམས་གསུམ་འཁོར་བའི་ལུས་སེམས་ཡུལ་གྱི་སྣང་བར་ཤར་ནས་ཆོས་ཉིད་ཀྱི་རང་བཞིན་མི་མཐོང་བའི་ཚེ་ནའང་། ཆོས་ཉིད་ནི་མེད་པ་མ་ཡིན་ཏེ་རང་གི་རང་བཞིན་ལས་གཡོ་བ་ཅུང་ཟད་ཀྱང་མེད་པར་ཡོད་པས་ན། སེམས་ཀྱི་ཆོས་ཉིད་དེ་ལྟ་བུ་གློ་བུར་གྱི་དྲི་མས་སྦུབས་སུ་བྱས་ནས་མི་མངོན་ཡང་བཅུད་དམ་དབུས་ན་སྙིང་པོའི་ཚུལ་གྱིས་གནས་པ་ལ་རིགས་སམ་སྙིང་པོ་ཞེས་བརྗོད་དེ། དཔེར་ན་ས་འོག་གི་གཏེར་ལ་སོགས་པའི་དཔེ་དགུས་མཚོན་ནས་ཤེས་པར་བྱ་བར་


MR04_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེ་གློ་བུར་གྱི་དྲི་མ་ལ་ལྟོས་ནས་མ་དག་པ་དང་། དག་མ་དག་ཅི་རིགས་པ་དང་། ཤིན་ཏུ་རྣམ་དག་གི་གནས་སྐབས་གསུམ་དུ་བཞག་ཀྱང་ཁམས་རང་གི་ངོ་བོ་ལ་ཁྱད་པར་མེད་དེ། རྒྱུད་བླ་མ་ལས། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །སངས་རྒྱས་རིགས་ལ་དེ་འབྲས་ཉེར་བཏགས་པས། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གསུངས། །ཞེས་དང་། འདི་ཡང་རང་བཞིན་ཆོས་སྐུ་དང་། །དེ་བཞིན་ཉིད་དང་རིགས་ཀྱང་སྟེ། ཞེས་དང་། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་ཞེས་མཚན་གསོལ་ལོ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་མ་ཤེས་པར་བདེ་གཤེགས་སྙིང་པོ་ཞེས་པ་མཁར་གཞོང་ལ་རྒྱ་ཤུག་བརྟེན་པ་ལྟར་ཕུང་ལྔའི་གཟེབ་ག་ཤེད་ན་འཁྲུལ་དང་མ་འཁྲུལ་བའི་བློ་གཉིས་སྣང་མུན་བཞིན་དུ་འགྲོགས་པ་ཞིག་གི་རྣམ་པ་ཡིད་ལ་བཟུང་ནས་དགག་སྒྲུབ་ཀྱང་དེ་དང་འཚམ་པར་བྱེད་པ་ནི་ཐེག་ཆེན་གྱི་དགོངས་དོན་ལ་རང་ཉིད་ཕྱོགས་སུ་མ་ཕྱིན་པའི་འོ་དོད་ཙམ་དུ་ཟད་དེ་དོ། །དེ་བས་ན་ཐེག་ཆེན་ལ་བློ་མ་སྦྱངས་པའི་རྟོག་གེ་ངན་པའི་ཁྲོད་སྙིང་པོའི་གཏམ་འདི་བསྒྲགས་ཀྱང་དོན་མེད་ལ། ཟབ་མོའི་གཏམ་འདི་ལྟ་བུ་བྱིས་པ་དང་། མུ་སྟེགས་ཅན་ལ་བསྟན་བྱ་མ་ཡིན་ཏེ། དེ་དག་ཆོས་ཟབ་མོ་འདི་མཉན་པའི་སྣོད་དུ་མི་རུང་བས་ན་དེ་ལ་བདག་མེད་པ་དང་། མི་རྟག་པ་སོགས་ལས་བརྩམས་ཏེ་ཆོས་བསྟན་ཅིང་དེ་རིགས་པས་


MR04_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་དགོས་ཀྱི། སྙིང་པོ་བསྟན་པ་དོན་མེད་དེ་དེ་ཚུར་མཐོང་ཁོ་ནས་སྒྲུབ་མི་ནུས་པས་སྒྲོ་སྐུར་གྱི་གནས་སུ་འགྱུར་བའི་ཕྱིར་རོ། །ནང་པའི་གྲུབ་མཐའ་འོག་མ་ནས་བློ་སྦྱངས་ཏེ་སྟོང་པ་ཆེན་པོ་རྣམ་གྲངས་མིན་པའི་དོན་ལ་ངེས་པ་ཁྱད་པར་ཅན་སྐྱེས་པ་དག་ལ་རིམ་བཞིན་བདེ་གཤེགས་སྙིང་པོའི་གཏམ་བསྟན་ན་གདོད་ཡིད་ཆེས་པར་འགྱུར་རོ། །དེས་ན་ལམ་རྣམ་དག་ཡིན་ཀྱང་རིགས་པས་སྒྲུབ་མི་ནུས་ཏེ་མྱོང་བས་རྟོགས་དགོས་སོ་ཞེས་པ་དང་། ཚུར་མཐོང་གི་ལམ་དུ་མ་གྱུར་ན་ལམ་ཡང་དག་མིན་ནོ་སྙམ་པའི་རྨོངས་མཚང་བརྟོལ་ནས་ལམ་སྒྲུབ་ཚུལ་གྱི་གནད་ལ་མཁས་པར་བྱ་དགོས་སོ། །ད་ནི་ཁམས་ཀྱི་རང་བཞིན་ལ་ལོག་པར་རྟོག་པའི་ཕྱོགས་འགའ་ཞིག་བཟློག་པ་ལ། མི་སྟོང་པར་བདེན་གྲུབ་ཏུ་ལྟ་བ་བཟློག་པ། སྟོང་པ་ཕྱང་ཆད་དུ་ལྟ་བ་བཟློག་པ། མི་རྟག་པར་འདུས་བྱས་སུ་འཛིན་པ་བཟློག་པའོ། །དང་པོ་ནི་ཇི་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ལས། བྱང་སེམས་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་བ། སངས་རྒྱས་ཀྱིས་མདོ་སྡེ་ལས་དེ་བཞིན་གཤེགས་པའི་སྙིང་པོ་དྲི་མའི་སྦུབས་སུ་གནས་པ་རྟག་བརྟན་ཐེར་ཟུག་ཏུ་གསུངས་པ་དེ་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་ལགས། མུ་སྟེགས་བྱེད་རྣམས་ཀྱང་ཡོན་ཏན་མེད་པ་སོགས་ཀྱིས་བདག་ཏུ་སྨྲ་བ་ཡིན་ཞེས་དྲིས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མི་མཚུངས་ཏེ། སངས་རྒྱས་རྣམས་ཀྱིས་རྣམ་ཐར་སྒོ་གསུམ་དང་མྱ་ངན་ལས་འདས་པ་དང་མ་སྐྱེས་པའི་


MR04_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་པར་གྱུར་པའི་གནས་རྣམ་པར་སྤང་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པའི་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ་འདི་ལ་བློ་གྲོས་ཆེན་པོ། །མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ། །ཞེས་གསུངས་པ་དང་། གཞན་ཡང་དངོས་པོའི་འདུ་ཤེས་ཅན་ལ་ཐར་བ་མེད་པར་གསུངས་པ་དང་། རང་གི་ངོ་བོ་མ་སྟོང་ན་ཆོས་གཞན་གྱིས་སྟོང་པ་ཡོད་ཀྱང་སྟོང་གོ་མི་ཆོད་དེ། སྟོང་པ་བདུན་གྱི་ནང་ནས་ཐ་ཤལ་བ་གཅིག་གཅིག་གིས་སྟོང་པ་སྟེ། དེ་སྤང་བར་བྱ་ཞེས་སོགས་མཐའ་ཡས་པ་དང་། གཞན་ཡང་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྟག་པ་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་འདི་ལྟ་སྟེ་གཉིས་ཀར་ཡང་ཉེས་པ་འགྱུར་བའི་ཕྱིར་རོ། །ཞེས་དང་། སྤྲོས་པ་བདུད་ཀྱིས་བཟུང་བ་ཡིན། །ཡོད་དང་མེད་ལས་འདའ་བར་བྱ། །ཞེས་དང་། ཆོས་མཆོག་མྱ་ངན་འདས་པ་ལས་ལྷག་པའི་ཆོས་ཞིག་ཡོད་ན་དེ་ཡང་སྒྱུ་མ་དང་རྨི་ལམ་ལྟ་བུའོ། །ཞེས་པ་ལ་སོགས་པའི་ལུང་གི་དོན་དེ་བཞིན་དུ། རིགས་པས་དཔྱད་ན་ཡང་བདེ་གཤེགས་སྙིང་པོ་ངོ་བོ་སྟོང་པ་ཡིན་པའི་གནད་ཀྱིས་སེམས་ཀྱི་ཆོས་ཉིད་དུ་རུང་བ། ཡུལ་ཐམས་ཅད་ཁྱབ་པ། དུས་ཇི་སྲིད་དུ་རྟག་པ། བསམ་གྱིས་མི་ཁྱབ་


MR04_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཡོན་ཏན་རྣམ་པ་ཐམས་ཅད་པར་རིས་མེད་དུ་འཆར་བ་ཡིན་གྱི། རང་གི་ངོ་བོ་མི་སྟོང་པར་བདེན་པར་གྲུབ་པ་ལ་ཆོས་གཞན་གྱི་ཆོས་ཉིད་དུ་རུང་བ་སོགས་རྣམ་པ་ཀུན་ཏུ་མི་སྲིད་ཅིང་དོན་དམ་དཔྱོད་པའི་ཚད་མས་གཏན་ལ་ཕབ་པའི་གྲུབ་འབྲས་སུ་ཡང་མི་བཏུབ་སྟེ་ཆོས་ཐམས་ཅད་བདེན་མེད་དུ་དཔྱོད་པའི་ལག་རྗེས་ལ་བདེན་གྲུབ་གཅིག་འགྲུབ་པ་ནི་སྣང་བ་ལས་མུན་པ་ལྟར་གནས་མ་ཡིན་པའི་ཕྱིར་རོ། །ཐ་སྙད་དཔྱོད་པའི་ཚད་མས་ཀྱང་བདེན་གྲུབ་མི་འགྲུབ་སྟེ། དེའི་ངོར་བདེན་པར་གྲུབ་ཀྱང་དེ་ཙམ་གྱིས་ཆོས་དེ་མི་སྟོང་པར་རྣམ་པ་ཀུན་ཏུ་འགྲུབ་མི་ནུས་པའི་ཕྱིར་རོ། །ཚད་མ་གཉིས་ཀྱིས་སྒྲུབ་མ་ནུས་པར་གྱུར་པ་ལ་སྒྲུབ་བྱེད་ནམ་མཁའི་མེ་ཏོག་གི་རྗེས་སུ་འགྲོ་བས་དེ་སྒྲུབ་པ་དོན་མེད་ཀྱི་ངལ་བར་ཟད་དོ། །གཉིས་པ་ནི། སྣང་སྟོང་ཟུང་འཇུག་གི་དབྱིངས་ཕྱོགས་མ་གོ་བ་དག་རྣམ་གྲངས་པའི་དོན་དམ་མེད་དགག་ཙམ་ལ་རིགས་དང་ཆོས་དབྱིངས་དང་སྟོང་ཉིད་དུ་བཟུང་ནས་ཡོན་ཏན་ཡེ་ལྡན་དུ་སྨྲ་བའི་གཞུང་ལ་འགལ་བ་སྒྲུབ་པ་ནི་ཤིན་ཏུ་མི་རུང་སྟེ། ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ་ལས། ཆོས་འདོད་མ་ཡིན་རྙེད་པ་དོན་གཉེར་བ། །བསྡམས་པ་མིན་དག་བྱང་ཆུབ་སློབ་བོ་ཞེས། །སྨྲ་འགྱུར་ཁ་ཅིག་ཕྱི་མའི་དུས་འབྱུང་སྟེ། །སྨྲ་ལ་དགའ་ཞིང་ཐམས་ཅད་སྟོང་ཞེས་སྨྲ། །ཞེས་དང་། སྟོང་ཉིད་མ་སྐྱེས་སུས་ཀྱང་བྱས་མ་ཡིན། །མ་མཐོང་འོང་བ་མ་ཡིན་འཕོ་མིན་ན། །དམིགས་གནས་བདག་


MR04_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་སྟོང་ཉིད་ལེགས་བསླབས་ཞེས། །འཛེར་བ་དེ་དག་ཆོས་ཀྱི་རྐུན་པོ་ཡིན། །ཞེས་དང་། མེད་པའི་ཆོས་ལ་ཡོངས་སུ་རྟོག་པ་ན། །བྱིས་པ་གང་ཡིན་གཡོ་བ་དེ་ཡིས་བཅིངས། །ཞེས་དང་། སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོགས་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རབ་སྤངས་ནས། །མཁས་པ་དབུས་ལའང་གནས་པ་ཡོང་མི་བྱེད། །ཅེས་དང་། སོར་ཕྲེང་ལ་ཕན་པའི་མདོ་ལས། ཀྱེ་མ་འཇིག་རྟེན་ན་དམ་པའི་ཆོས་འཇིག་པའི་སྐྱེས་བུ་གཉིས་ཡོད་དེ། གང་ཤིན་ཏུ་སྟོང་པ་ཉིད་དུ་ལྟ་བ་དང་། གང་འཇིག་རྟེན་ན་བདག་ཏུ་སྨྲ་བ་འདི་གཉིས་ནི་དམ་པའི་ཆོས་འཇིག་པ་དང་། དམ་པའི་ཆོས་ཁས་འབུབས་པའོ་ཞེས་དང་། ལྟ་བ་ཀུན་འབྱིན་བྱེད་ཀྱི་གཉེན་པོ་སྟོང་ཉིད་ལ་དངོས་དངོས་མེད་དུ་ཞེན་ན་གསོར་མི་རུང་བའི་ལྟ་བར་གསུངས་པ་དང་། སྟོང་མི་སྟོང་གང་ཡང་དམིགས་པ་ལས་མ་འདས་ལ་དེ་ཀུན་སྤང་དགོས་པར་མདོ་བསྟན་བཅོས་རྣམས་ལས་ཡང་ཡང་གསུངས་སོ། །རིགས་པས་བརྟགས་ན་ཡང་བདེན་གྲུབ་བཅད་ཙམ་གྱི་མེད་དགག་གི་ལྡོག་ཆ་དེ་དགག་བྱ་བཅད་པ་འཛིན་པའི་རྟོག་བཅས་ཀྱིས་བཏགས་པ་ཙམ་ལས་གནས་ལུགས་སྒྲོ་འདོགས་བྲལ་བའི་ཕྱོགས་སུ་མ་ཕྱིན་པར་གཏིང་རྙེད་སླ་བའི་ཕྱིར་འདིར་མང་དུ་བརྗོད་མི་དགོས་སོ། །བདེན་


MR04_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་མེད་དགག་གི་ཆ་ཙམ་ཆོས་དབྱིངས་དང་གནས་ལུགས་མཚན་ཉིད་པ་མིན་ཡང་། ལས་དང་པོ་པས་དེ་ལ་འཇུག་པའི་སྒོ་ཙམ་དུ་ཡིད་ལ་བྱ་བར་འོས་པ་ཡིན་ཅིང་། མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལས་ལྷའི་ལོ་སྟོང་དུ་དཀོན་མཆོག་གསུམ་ལ་ཅི་དགོས་པ་བྱིན་པ་བས། བྱང་ཆུབ་སེམས་དཔའ་གཞན་ཞིག་ཐ་ན་སེ་གོལ་གཏོགས་པ་སྲིད་དུ་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །འདུ་བྱེད་ཐམས་ཅད་ནི་སྡུག་བསྔལ་བའོ། །འདུ་བྱེད་ཐམས་ཅད་ནི་སྟོང་པའོ། །འདུ་བྱེད་ཐམས་ཅད་ནི་བདག་མེད་པའོ་སྙམ་དུ་དཔྱོད་ན་དེ་དེ་བས་བསོད་ནམས་ཆེས་གྲངས་མེད་པ་སྐྱེད་པར་བྱེད་དོ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ནི། གཞི་བདེ་བར་གཤེགས་པའི་སྙིང་པོ་ཉི་མ་སྤྲིན་དང་བྲལ་བ་ལྟར་ཇི་བཞིན་པ་མངོན་དུ་གྱུར་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་རྟག་མི་རྟག་གང་ཡིན་སྙམ་ན་མདོ་རྣམས་ལས་རྣམ་མཁྱེན་ཉིད་རེས་རྟག་པར་ཡང་གསུངས། རེས་མི་རྟག་པར་ཡང་གསུངས་མོད་ཀྱི་དེའི་དོན་ནི་འདི་ལྟ་སྟེ། གནས་ཡོངས་སུ་མ་གྱུར་པའི་གདུལ་བྱ་གཞན་གྱི་བསམ་ངོ་དང་བསྟུན་ཏེ་རྣམ་མཁྱེན་མི་རྟག་ཅེས་ལུང་ལས་གསུངས་ཤིང་། རིགས་པ་ཡང་རྣམ་འགྲེལ་ལས། ཚད་མ་རྟག་པ་ཉིད་ཡོད་མིན། །དངོས་ཡོད་རྟོགས་པ་ཚད་ཕྱིར་དང་། །ཤེས་བྱ་མི་རྟག་པ་ཉིད་ཀྱི། །དེ་མི་རྟག་པ་ཉིད་ཕྱིར་རོ། །ཞེས་གསུངས་ཏེ། སེམས་བསྐྱེད་པ་དང་སྟོང་ཉིད་གོམས་པ་ལ་


MR04_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལམ་གྱི་རྒྱུ་ལས་རྣམ་མཁྱེན་འབྱུང་གི་རྒྱུ་མེད་དུ་འབྱུང་བ་མི་རིགས་པ་དང་། དེ་ཆོས་ཐམས་ཅད་ལ་མངོན་སུམ་པའི་ཚད་མ་ཡིན་པའི་ཕྱིར། ཚད་མ་སྟེ་མི་བསླུ་བའི་བློ་ཡིན་ན་རྟག་པ་ཞིག་མེད་དེ་དངོས་པོ་ཡོད་པ་ལ་དེ་དེ་བཞིན་འཇལ་བ་ཚད་མ་ཡིན་ལ། དེའི་ཡུལ་ཤེས་བྱ་ནི་མི་རྟག་པ་ཉིད་ཀྱི་ཕྱིར་འཇལ་བྱེད་ཚད་མ་དེ་ཡང་མི་རྟག་སྟེ་རིམ་ཅན་དུ་འབྱུང་གི །རྟག་པ་ཡིན་ན་དོན་བྱེད་པའི་ནུས་པས་སྟོང་པར་ཚད་མས་གྲུབ་པའི་ཕྱིར་ཡུལ་འཇལ་བ་ལ་སོགས་པའི་བྱེད་པ་མཐའ་དག་གིས་སྟོང་པར་ངེས་པས་ན་རྣམ་མཁྱེན་ནི་རྟག་པར་ཤིན་ཏུ་མི་རིགས་ཏེ་མི་རྟག་པར་འགྲུབ་ལ། དེ་བཞིན་དངོས་པོ་ཐམས་ཅད་མི་རྟག་པ་དང་། དངོས་མེད་ལ་རྟག་པར་བཏགས་ཀྱང་རྟག་རྒྱུའི་གཞི་མེད་པས་རྟག་པ་མཚན་ཉིད་པའི་ཆོས་གང་ཡང་མི་རྙེད་པར་འགྱུར་རོ། །ཚུལ་འདི་ནི་ཕྱི་རོལ་མུ་སྟེགས་ཅན་དང་། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱི་ངོ་བོར་གནས་གྱུར་པའི་ཚུལ་ལ་བློ་མ་སྦྱངས་པའི་ཐེག་པ་ཐུན་མོངས་པའི་ངོར་དེ་ལྟར་སྒྲུབ་དགོས་ཏེ། རྣམ་ཤེས་ཀྱི་ངོར་སྣང་ཚུལ་ལ་དེ་ལས་གཞན་དུ་འཆར་བའི་ཐབས་ཅི་ཡང་མེད་དོ། །འོན་ཀྱང་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་ཀྱི་གཟིགས་པའི་དབང་དུ་བྱས་ན་རྣམ་མཁྱེན་རྟག་པར་འགྲུབ་སྟེ། དེ་མི་རྟག་པའི་སྒྲུབ་བྱེད་དུ་བཀོད་པའི་ཤེས་བྱ་སྐད་ཅིག་མར་སྐྱེ་འགག་བྱེད་པ་དང་། ཡུལ་ཅན་ཡེ་ཤེས་ཀྱང་སྐད་ཅིག་རིམ་ཅན་དུ་འབྱུང་བ་སོགས་ནི་གནས་ཡོངས་སུ་མ་གྱུར་པ་རྣམས་ཀྱི་སྣང་དོར་དེ་ལྟར་སྣང་བར་ཟད་ཀྱི། གནས་


MR04_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དོན་ལ་དེ་ཁོ་ན་ལྟར་གྲུབ་པ་ནི་མ་ཡིན་ཏེ། ཆོས་གང་ཡང་སྐད་ཅིག་གཅིག་ཏུ་སྐྱེ་བའང་མེད་ན། དེས་བརྩམས་པའི་དུས་ཀྱི་གོ་རིམ་སོགས་མ་གྲུབ་པ་ལྟ་ཅི་སྨོས་ཏེ། དཔེར་ན་རྨི་ལམ་རང་ངོའི་སྣང་བ་ལ་སྔ་ཕྱིའི་དུས་ཀྱི་མཐའ་དང་ཕྱོགས་ཀྱི་ཆ་མུ་མེད་པར་སྣ་ཚོགས་སུ་སྣང་ཡང་དེ་ལྟར་མ་གྲུབ་པ་བཞིན་ནོ། །དེས་ན་ཆོས་ཉིད་སྐྱེ་འགག་མེད་པའི་དོན་དེ་བཞིན་དུ་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་མཐར་ཐུག་པ་ན། ཤེས་དང་ཤེས་བྱ་དབྱེར་མེད་པའི་ཡེ་ཤེས་ཀྱི་སྐུ་ཡིན་ཞིང་། གནས་མ་གྱུར་པའི་སྐབས་ན་ཡང་སེམས་ཀྱི་གཤིས་སམ་ཆོས་ཉིད་ཟུང་འཇུག་རང་བཞིན་གྱིས་འོད་གསལ་བ་ནི་འགྱུར་བ་མེད་པའི་ཕྱིར། སྔ་ཕྱིའི་ཁྱད་མེད་པར་རང་བཞིན་དུ་གནས་པའི་རིགས་ཞེས་བྱ་ལ། འགྱུར་བཅས་གློ་བུར་འབྲལ་རུང་གི་དྲི་མ་གང་དག་སྐད་ཅིག་མའི་སྐྱེ་འགག་རིམ་གྱིས་འབྱུང་བ་དང་། འཁོར་འདས་དང་བཟང་ངན་ལ་སོགས་པའི་མི་མཉམ་པ་འདི་ནི་གནས་མ་གྱུར་པའི་གཉིས་སྣང་ཅན་ལ་དེ་ལྟར་བསླུ་མེད་བསྙོན་མེད་དུ་སྣང་ཡང་། གཤིས་ལ་སྐྱེ་འགག་དང་གཉིས་ཆོས་མ་གྲུབ་པར་མཉམ་པ་ཆེན་པོར་གནས་པ། དེའི་ངང་དུ་ཕྱོགས་ཀྱི་ཆ་དང་དུས་ཀྱི་འགྱུར་བ་ཐམས་ཅད་འུབ་ཆུབ་ཅིང་། དེ་ནི་འཕགས་པ་རྣམས་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་ཡོད་པ་ཡིན་ཞིང་། དུས་གསུམ་གྱི་འགྱུར་བས་སླད་དུ་མེད་པས་ན་དེ་ལ་རྟག་པ་ཆེན་པོའི་ཐ་སྙད་ཅིས་མི་གདགས་ཏེ། ཡོད་པ་གང་ཞིག་སྐད་ཅིག་གི་སྐྱེ་འགག་ཅན་མིན་


MR04_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །འདི་ལྟར་འགྱུར་བ་ཅན་དངོས་པོ་ཐམས་ཅད་དང་དངོས་མེད་ནམ་མཁའ་ལ་སོགས་པ་ཕྱོགས་དུས་ཀྱི་ཤེས་བྱ་ཐམས་ཅད་རོ་མཉམ་པར་ཆོས་ཉིད་དེའི་ཁོངས་སུ་ཆུད་ཀྱང་། ཆོས་ཉིད་དེ་འགྱུར་བ་ཅན་ལ་སོགས་པའི་ཆོས་ཅན་གང་གིས་ཀྱང་བསྡུས་པ་མ་ཡིན་ཏེ། དཔེར་ན་ནམ་མཁའི་ཁོངས་སུ་སྤྲིན་འདུས་ཀྱང་། སྤྲིན་གྱི་ཁོངས་སུ་ནམ་མཁའ་མི་འདུས་པ་བཞིན་ནོ། །དེས་ན་ཆོས་ཉིད་མཉམ་པ་ཆེན་པོ་དབྱིངས་འོད་གསལ་བའི་གཤིས་དེ་ནི་རང་བྱུང་གི་ཡེ་ཤེས་ཉག་གཅིག་གིས་རང་བཞིན་གྱིས་དངོས་པོ་ཀུན་ལ་ཁྱབ་པར་ལྷན་སྐྱེས་སུ་གནས་ཀྱང་། གློ་བུར་གྱི་དྲི་མ་ཅན་ལ་རང་གི་རང་བཞིན་མངོན་དུ་མ་གྱུར་པ་ན། དྲི་མ་དེ་སེལ་བྱེད་ལམ་ལྔས་བསྡུས་པའི་སྤང་རྟོགས་ཀྱི་མཐུ་ལས་ཤེས་དང་ཤེས་བྱ་དབྱེར་མེད་པའི་ཡེ་ཤེས་ཆེན་པོ་དེ་ཐོབ་པ་ན། རང་བྱུང་གི་ཡེ་ཤེས་འགྱུར་བ་མེད་པའི་ཤེས་བྱ་ཐམས་ཅད་ཆོས་ཉིད་ཀྱི་གཤིས་སུ་རོ་མཉམ་པར་མི་རྟོག་བཞིན་འབད་མེད་ལྷུན་གྲུབ་ཏུ་མཁྱེན་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་བོ། །འོན་ཀྱང་ཚུལ་དེས་རང་བྱུང་གི་ཡེ་ཤེས་རྒྱུ་ལས་སྐྱེས་པར་མི་འགྱུར་ཏེ། ཡང་དག་པར་གློ་བུར་དྲི་བྲལ་གྱི་ཆོས་སྐུ་དེ་བྲལ་བའི་འབྲས་བུར་སོང་བ་ཡིན་ལ། རྒྱུ་ལས་གསར་དུ་སྐྱེ་བ་ལྟར་སྣང་བ་ཡང་གནས་མ་གྱུར་པའི་སྣང་ཚུལ་ལ་དེ་ལྟར་སྣང་བར་ཟད་ཀྱི། ཡང་དག་པའི་དོན་དུ་ཆོས་ཉིད་ཀྱི་རང་བཞིན་ཆོས་ཀྱི་སྐུའི་ངོ་བོ་ལ་སྐྱེ་འཇིག་མེད་པར་ཆོས་ཐམས་ཅད་གདོད་ནས་མཉམ་པ་ཉིད་དུ་མངོན་པར་སངས་རྒྱས་པའམ། གཟོད་མ་


MR04_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཞི་བ་མྱ་ངན་ལས་འདས་པ། རང་བཞིན་གྱིས་འོད་གསལ་བ་སོགས་ཟབ་མོའི་མདོ་སྡེ་རྣམས་ཀྱི་དགོངས་པ་མཐར་ཐུག་འདི་དག་སའི་སེམས་དཔའ་རྣམས་ཀྱིས་ཀྱང་བསམ་པར་དཀའ་བའི་གནས་ཡིན་ན་ཕལ་པས་ལྟ་ཅི་སྨྲོས། འོན་ཀྱང་ཚུལ་བཞིན་ཡིད་ཆེས་སྐྱེས་ན་ཕྱིར་མི་ལྡོག་པར་ལུང་བསྟན་ཐོབ་པ་དང་མཚུངས་པར་བསྔགས་པའི་ཕྱིར་ཚུལ་འདི་ལ་མོས་པར་བྱའོ། །ཚུལ་དེ་ལྟར་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུ་རྟག་པར་བལྟས་ན་བསོད་ནམས་འབྱུང་སྟེ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱིས་ཏིང་ངེ་འཛིན་ཞེས་པའི་མདོ་ལས། འཇམ་དཔལ་རིགས་ཀྱི་བུའམ་རིགས་བུ་མོ་གང་ལ་ལས་ལྷའི་བསྐལ་བ་བྱེ་བར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རེ་རེར་འཁོར་བཞི་ལ་ཇི་འདོད་པའི་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའང་རིགས་ཀྱི་བུ་མོ་གང་གཞན་གྱིས་མཐུན་པར་བྱ་བའི་དོན་དུ་གཡོས། དེ་བཞིན་གཤེགས་པ་ནི་རྟག་པའོ། །དེ་བཞིན་གཤེགས་པ་ནི་གཡུང་དྲུང་ངོ་། །ཞེས་ཚིག་ཏུ་སྨྲ་ན་ཡང་དེ་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་པར་བྱེད་དོ། །ཞེས་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། འོད་སྲུང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ནི་རྟག་ཏུ་རྩེ་གཅིག་པའི་སེམས་ཀྱིས་སངས་རྒྱས་རྟག་པ་དང་གནས་པའོ་ཞེས་བྱ་བའི་ཚིག་འདི་གཉིས་ལ་ནན་ཏན་བྱའོ། །ཞེས་དང་། གང་གིས་བསམ་གྱིས་མི་ཁྱབ་པ་དེ་ལ་རྟག་པའི་


MR04_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཤེས་ཀྱིས་ནན་ཏན་བྱེད་ན་དེ་ནི་སྐྱབས་སུ་འགྲོ་བའི་གནས་ཡིན་ནོ། །ཞེས་སོགས་དང་། དེ་བཞིན་གཤེགས་པའི་སྐུ་ལ་མི་རྟག་པར་བལྟ་བ་ལ་སྐྱབས་འགྲོ་ཙམ་ཡང་མེད་པ་དང་། རྡོ་རྗེའི་སྐུ་ལ་མི་རྟག་པར་བལྟས་ན་ཉེས་དམིགས་ཚད་མེད་པ་འབྱུང་བར་མདོ་ལས་གསུངས་པར་ལྟར་ཤེས་པར་བྱས་ནས་ཡང་དག་པའི་དོན་ལ་གུས་པར་བྱ་དགོས་སོ། །དེ་ལྟར་བདེ་བར་གཤེགས་པའི་སྙིང་པོ་རང་གི་ངོ་བོ་ནི་ཡོད་མེད་རྟག་ཆད་ལ་སོགས་པའི་སྤྲོས་པ་ཐམས་ཅད་བྲལ་བ་བདེན་པ་དབྱེར་མེད་ཐིག་ལེ་ཉག་གཅིག་མཉམ་པ་ཉིད་དེ། གནས་ལུགས་དེའི་ངང་དུ་སྣང་སྲིད་ཀྱི་ཆོས་ཐམས་ཅད་རོ་གཅིག་པ་དེ་ཁོ་ན་ཉིད་དུ་གྱུར་པ་དེ་དེ་བཞིན་དུ་མཐོང་བ་ནི་ཡང་དག་པ་བསལ་བཞག་མེད་པའི་དོན་མཐོང་བས་འཛིན་པ་མཐའ་དག་དང་བྲལ་བ་ནི་དོན་དམ་རྟོགས་པའི་ལྟ་བ་བཟང་བོ་སྟེ། བྱང་ཆུབ་ཀྱི་ཕྱོགས་བསྟན་པ་ཞེས་པའི་མདོ་ལས། འཇམ་དཔལ་སུས་ཆོས་ཐམས་ཅད་མི་མཉམ་པ་མེད་ལ་གཉིས་སུ་མེད་ཅིང་གཉིས་སུ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལྟ་བའོ། །ཞེས་དང་། ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། དངོས་དང་དངོས་མེད་རྣམ་ཤེས་ཤིང་། །ཡང་དག་མཐའ་ལ་གང་གནས་པ། །དངོས་པོ་དང་ནི་དངོས་མེད་པ། །ལྟ་བ་མཁས་པས་མི་འཛིན་ཏོ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དོན་དམ་པར་འཕགས་པའི་ཤེས་རབ་དང་ཡེ་ཤེས་ཀྱི་མདུན་ན་ཆོས་གང་ཡང་ཡོངས་སུ་ཤེས་པའམ། སྤང་པའམ་བསྒོམ་པའམ་མངོན་དུ་བྱ་བར་འགྱུར་


MR04_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་ཆོས་གང་ཡང་མི་འདུག་གོ །ཞེས་གསུངས་པ་བཞིན་ནོ། །འོན་ཀྱང་ཐ་སྙད་དཔྱོད་པའི་ཚད་མས་ཤན་ལེགས་པར་འབྱེད་པའི་སྐབས་སུ་བདེན་པ་ལ་བདེན་པར་ཤེས་པ་འཕགས་པའི་ལམ་མི་བསླུ་བར་ཤེས་པ་ལྟ་བུ་དང་། མི་བདེན་པ་ལ་མི་བདེན་པར་ཤེས་པ་བདག་བསྒོམས་པས་གྲོལ་བར་སྨྲ་བ་ལ་ལོག་པར་ཤེས་པ་ལྟ་བུ་དང་། མི་རྟག་པ་ལ་མི་རྟག་པར་ཤེས་པ་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་སྐད་ཅིག་མར་ཤེས་པ་དང་། རྟག་པ་ལ་རྟག་པར་ཤེས་པ་བདེ་གཤེགས་སྙིང་པོ་རང་བྱུང་གི་ཡེ་ཤེས་རྣམ་པ་ཐམས་ཅད་པ་མི་འགྱུར་བར་ཤེས་པ་དང་། མེད་པ་ལ་མེད་པར་ཤེས་པ་བདག་དང་གཟུང་འཛིན་དུ་སྣང་བ་རང་བཞིན་མ་གྲུབ་པར་ཤེས་པ་ལྟ་བུ་དང་། ཡོད་པ་ལ་ཡོད་པར་འཛིན་པ་རྒྱུ་འབྲས་བསླུ་མེད་རྟེན་འབྲེལ་གྱི་སྣང་ཚུལ་དང་། སེམས་ཅན་ཐམས་ཅད་ལ་ཆོས་ཉིད་བདེ་གཤེགས་སྙིང་པོ་ལྷུན་གྱིས་གྲུབ་པའི་ཡོན་ཏན་རང་བཞིན་གྱི་གནས་པར་ཤེས་པ་ལྟ་བུ་ལ་སོགས་པ་ནི་ཐ་སྙད་དུ་དངོས་པོའི་ཡིན་ལུགས་ལ་ཕྱིན་ཅི་མ་ལོག་པའི་ཤེས་རབ་ཀྱི་འཛིན་སྟངས་ཡིན་པས་དེ་ལྟར་ཤེས་ཤིང་བཞུགས་པ་ལས་ཡོན་ཏན་རྒྱ་ཆེན་པོ་ཐོབ་སྟེ་གཏི་མུག་མེད་པའི་དགེ་བའི་རྩ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་མདོ་སྡེ་རྣམས་ལས་ཀྱང་སྤྱིར་བཏང་དང་དམིགས་ཀྱིས་བསལ་བའི་སྒོ་ནས་ཆོས་དུ་མ་བསྟན་ཅིང་། ཁྱད་པར་དུ་གང་ཟག་གི་བདག་མེད་ཀྱང་། བདག་དང་བདག་མེད་ཀྱི་སྤྲོས་པ་གཉིས་ལས་འདས་པའི་བདེ་


MR04_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སྙིང་པོ་ནི་བདག་ཆེན་པོར་གསུངས་པ་སོགས་གཙང་བདེ་རྟག་བདག་གི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་མཆོག་ཏུ་བསྟན་པ་ནི་མི་གནས་པའི་མྱང་འདས་ཆེན་པོ་ཞི་བ་བསིལ་བ་གྱ་ནོམ་པ་མཐར་ཐུག་པའི་ཡོན་ཏན་འགྱུར་བ་མེད་པ་ཡོད་པ་ལ་ཡོད་པར་ཤེས་པའི་སླད་དུ་སྟེ། མྱ་ངན་ལས་འདས་པའི་མདོ་ལས། བདག་ཅེས་བྱ་བ་ནི་ཆོས་གང་བདེན་པ་ཡང་དག་པར་རྟག་པ། བདག་པོར་གྱུར་པ་མི་འགྱུར་མི་འཕོ་བ་དེ་ནི་བདག་ཅེས་བྱ་སྟེ། ཞེས་སོགས་གསུངས་པ་བཞིན་ནོ། །དེ་ལྟར་ཟབ་མོ་བདེ་གཤེགས་སྙིང་པོའི་ཚུལ་འདི་བཤད་པ་ཐོས་ནས་མོས་པ་ཙམ་ལའང་ཕན་ཡོན་ཚད་མེད་པ་འབྱུང་སྟེ་རྒྱུད་བླ་མ་ལས། བློ་ལྡན་རྒྱལ་བའི་ཡུལ་དེ་ལ་མོས་པ། །སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་འགྱུར་ཏེ། །བསམ་མེད་ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན་ཀུན་ཀྱི་བསོད་ནམས་ཟིལ་གྱིས་གནོན། །གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ཞིང་ནོར་བུས་སྤྲས་པ་ནི། །སངས་རྒྱས་ཞིང་རྡུལ་མཉམ་པ་ཉིན་རེ་ཆོས་རྒྱལ་རྣམས་ལ་རྟག་འབུལ་ན། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར། །བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་པ་དུ་མར་ཡང་། །ལུས་ངག་ཡིད་ཀྱི་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་པ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །ཚུལ་ཁྲིམས་ལས་


MR04_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་འཐོབ་པར་འགྱུར། །གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེད་འཇིལ་བསམ་གཏན་ནི། །ལྷ་དང་ཚངས་གནས་མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་བསྒོམས་ལ། །གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི། །བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་འཐོབ་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་ཟབ་ཅིང་གཏིང་དཔག་དཀའ་ལ། ཤེས་ཤིང་མོས་ན་དོན་ཆེ་ཞིང་ཐེག་པ་མཆོག་གི་སྙིང་པོ་ཕྱིར་མི་ལྡོག་པའི་སེང་གེའི་སྒྲ་བདེ་བར་གཤེགས་པའི་སྙིང་པོའི་གཏམ་བསྟན་པ་འདི་ནི་ཆེས་ཟབ་མོ་ཕུལ་དུ་བྱུང་བའི་ཕྱིར། སྔོན་སྦྱངས་ཆུང་ཞིང་བློ་དམན་པ་དག་མོས་པར་དཀའ་སྟེ། དེ་བཞིན་གཤེགས་པ་འགྲོ་བའི་མདོ་ལས། ང་ཡི་ཡེ་ཤེས་འདི་ལ་ནི། །བྱིས་པའི་བློ་ཅན་ཐེ་ཚོམ་ཟ། །གནས་མི་འགྱུར་ཏེ་ནམ་མཁའ་ལ། །ཇི་ལྟར་མདའ་འཕངས་ལྷུང་བ་བཞིན། །ཞེས་དང་། རྣམ་པ་འཐག་པ་བསྡུས་པའི་མདོ་ལས། དེ་ལྟར་མི་བླུན་པོ་དེ་དག་ངན་སོང་དུ་འགྲོ་བར་བདུད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར། དེ་ལའང་སྐྱོན་འདོགས་པར་སེམས་སོ། །དེ་བཞིན་གཤེགས་པས་གནང་པའི་ཆོས་སྨྲ་བ་དེ་དག་ལ་ཡང་སྐྱོན་འདོགས་པར་སེམས་སོ། །ཞེས་དང་། ཚངས་པས་བྱིན་གྱིས་ཞུས་པ་ལས། ལེགས་པར་གསུངས་པའི་ཆོས་ནི་སྟོན་པ་ན། །སྡིག་པའི་སྤྱོད་ཡུལ་ཅན་ཏེ་མི་འཐད་


MR04_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན། །དད་མེད་ཆོས་ལ་སོམ་ཉི་བསྐྱེད་ན་ནི། །བསྐལ་བ་བྱེ་བ་མང་པོར་སྨྱོན་པར་འགྱུར། །མ་དད་པ་ཡི་བསམ་པས་སྡིག་ཅན་འགྱུར། །བློ་སྡང་གང་གི་ཡིད་ཀྱང་སྲུང་མི་བྱེད། །སྙིང་པོ་ཅན་ཀུན་རྣམ་པར་སྤངས་ནས་ནི། །དད་པ་མེད་པས་སྙིགས་མ་འཛིན་པར་བྱེད། །འགྱིང་བར་བྱེད་ཅིང་རྟག་ཏུ་ཁེངས་པ་སྟེ། །མ་དད་དེ་ནི་གཞན་ལ་འདུད་མི་བྱེད། །ཅེས་དང་། དེ་དག་ཆོས་མིན་ཚིག་གིས་འགལ་བར་བྱེད། །རྒྱལ་བ་རྣམས་ཀྱི་བསྟན་ལ་དྲི་མ་དེས། །མུ་སྟེགས་ཅན་ལྟར་ཐེ་ཚོམ་སོམ་ཉི་བཅས། །དེས་ནི་ཆོས་ལ་ཀླགས་གཏོང་འགལ་བྱས་ནས། །དད་མེད་དེ་ནི་ཆོས་ཀྱང་སྤོང་བ་བྱེད། །ཅེས་དང་། ཚུལ་འཆལ་ཚར་གཅོད་པའི་མདོ་ལས། ཤཱ་རིའི་བུ། འཚོ་བའི་ལམ་དུ་བྱིང་བ། །རྩོད་པ་ལ་ཞེན་པ། བདག་དང་གཞན་ལ་གནོད་པ་བྱེད་པ་སྐྱེས་བུ་དམ་པ་མ་ཡིན་པ་དེ་ལྟ་བུ་དག་གིས་འཛམ་བུའི་གླིང་འདི་རབ་ཏུ་གང་བར་འགྱུར་རོ། །ཞེས་སོགས་གསུངས་པའི་ཚུལ་ལ་བསམས་ཏེ་དུས་ཀྱི་སྙིགས་མ་བདོ་ཞིང་བསྟན་ཞབས་སུ་སྐྱེས་པ་རྣམས་རྟོན་པ་བཞི་གོ་ལོག་པའི་ཚུལ་གྱིས་ཐེག་པ་མཆོག་གི་རིང་ལུགས་ཀྱི་གནད་ཕར་ཆེར་ཉམས་ཤིང་ཆོས་ལྟར་བཅོས་པ་བྱུང་བ་ན། ཐེག་ཆེན་ལམ་གྱི་སྲོག་ལྟ་བུ་འདི་ལ་ཕངས་པའི་སེམས་སུ་བྱེད་པའང་དཀོན་མོད་ཀྱི། སྔ་འགྱུར་རིག་འཛིན་བརྒྱུད་པའི་བསྟན་ཞབས་སུ་སྐྱེས་པའི་སྟོབས་ཀྱིས། བརྒྱུད་པའི་ཞལ་ལུང་རིན་པོ་ཆེ་དུ་མ་མཐོང་ཞིང་ཐོས་པ་དང་། རྒྱལ་དབང་པདྨའི་རྒྱལ་ཚབ་འཇམ་དཔལ་གཞོན་ནུ་


MR04_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཡི་རྣམ་པར་རོལ་བ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་སོགས་ཡང་དག་པ་དགེ་བའི་བཤེས་གཉེན་དུ་མའི་ཞབས་པད་སྤྱི་བོས་ལེན་པའི་སྐལ་བ་བཟང་བོར་གྱུར་པའི་མཐུ་ལས་ན་ཚོད་དང་བློ་གྲོས་མ་སྨིན་པ་བདག་ཀྱང་ཟབ་མོའི་གནས་འདི་ལ་ཅུང་ཟད་སྤོབས་པ་སྐྱེས་པ་ཡིན་ནོ། །འདི་ལྟར་མཐའ་ཀུན་བྲལ་བའི་ཟུང་འཇུག་རབ་ཏུ་མི་གནས་པའི་ཚུལ་ཆོས་ཀྱི་དབྱིངས་རང་བཞིན་དུ་གནས་པ་རིགས་ཀྱི་དོན་ལེགས་པར་སྨྲ་བ་འདི་ནི་སེང་གེའི་སྒྲ་ཡིན་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ལྷའི་བུ་ཆོས་གང་ལ་ཡང་མངོན་པར་མ་ཆགས་པར་བརྗོད་པ་དེ་དག་སེང་གེའི་སྒྲ་ཡིན་ནོ། །གང་དེ་ལྟ་བུ་ལ་མངོན་པར་ཆགས་པར་བརྗོད་པ་དེ་དག་ནི་སེང་གེའི་སྒྲ་མ་ཡིན་ཏེ་ཝའི་སྒྲའོ། །གང་ལྟ་བ་ཀུན་ཏུ་སློང་བ་སྟོན་པ་དེ་དག་ལ་སེང་གེའི་སྒྲ་མེད་དོ། །ཞེས་དང་། མདོ་མྱང་འདས་ཆེན་པོ་ལས། སེང་གེའི་སྒྲ་སྒྲོགས་པ་ནི་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་དང་། དེ་བཞིན་གཤེགས་པ་རྟག་ཏུ་གནས་ཤིང་མི་འཕོ་བར་ངེས་པར་བཤད་པའོ། །ཞེས་དང་། རིགས་ཀྱི་བུ་གནས་སྟོང་པར་མང་དུ་བཤད་ཀྱང་སེང་གེའི་སྒྲ་བསྒྲགས་པ་ཞེས་མི་བྱ་སྟེ། མཁས་པ་ཤེས་རབ་ཅན་གྱི་འཁོར་མང་པོའི་ནང་དུ་བསྒྲགས་པ་ནི་སེང་གེའི་སྒྲ་ཆེན་པོ་སྒྲོགས་པ་ཞེས་བྱའོ། །དེ་ལ་སེང་གེའི་སྒྲ་སྒྲོགས་པ་ནི་ཆོས་ཐམས་ཅད་མི་རྟག་པ་སྡུག་བསྔལ་བ་བདག་མེད་པ་ཡོངས་སུ་མ་དག་པ་ཞེས་མི་འཆད་དེ། དེ་བཞིན་གཤེགས་པ་རྟག་པ་བདེ་བ་བདག་དང་ཡོངས་སུ་དག་


MR04_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པ་འབའ་ཞིག་འཆད་དོ། །ཞེས་སོགས་སེང་གེའི་སྒྲ་བསྒྲགས་པའི་དཔེ་དོན་རྒྱ་ཆེར་གསུངས་པས་མཚོན་ཏེ་ཤེས་པར་བྱའོ། །གལ་ཏེ་དེ་ལྟར་བདེ་བར་གཤེགས་པའི་རང་ལམ་དྲང་བོར་སྨྲས་པ་ཁ་ཅིག་དང་མ་མཐུན་ཡང་། ཡང་དག་པའི་ལམ་རྣམ་པར་བཞག་པ་ཡིན་པས་གཞན་ཁོང་འཁྲུགས་བར་མི་བྱ་སྟེ། དབུ་མ་ལ་འཇུག་པ་ལས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཅེས་པ་ལྟར་རོ། །དེ་ལྟ་བུའི་ཚུལ་འདི་ཆོས་སྲུང་བའང་ཡིན་ཏེ། ཏིང་འཛིན་རྒྱལ་བོ་ལས། དེ་ལ་ཆོས་སྲུང་བ་གང་ཞེ་ན། འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་ལ་སྨོད་པ་རྣམས་ཆོས་དང་མཐུན་པར་ཚར་གཅོད་པའོ། །ཞེས་དང་། ཆོས་འཛིན་པ་ཡང་ཡིན་པར་ནམ་མཁའ་མཛོད་ཀྱིས་ཞུས་པ་ལས། རྒྱལ་བའི་བྱང་ཆུབ་མཚན་ཉིད་གང་བརྙེས་པ། །ཆོས་ཀྱི་མཚན་ཉིད་དེ་ནི་ཡོངས་འཛིན་ཅིང་། །གང་གིས་རྡུལ་མེད་མཐའ་འདི་རབ་ཤེས་པ། དེ་ནི་སངས་རྒྱས་ཀུན་ཀྱི་ཆོས་འཛིན་ཡིན། །ཞེས་དང་། དེ་ལྟར་ཆོས་བཟུང་བ་དེ་ནི་སངས་རྒྱས་ལ་བྱས་པ་གཟོ་བ་དང་། བསོད་ནམས་ཚད་མེད་པའང་འཐོབ་སྟེ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པའི་མདོ་ལས། འདི་ལྟར་རྒྱལ་བའི་ཆོས་ཀྱིས་ཉེར་གནས་ཤིང་། །ཆོས་ཀྱིས་ངེས་པར་འབྱུང་གི་ཟང་ཟིང་མིན། །དེ་བས་གང་ཞིག་བདེ་གཤེགས་ཆོས་འཛིན་པ། །དེ་ནི་སངས་རྒྱས་ཀུན་ལ་བྱས་པ་གཟོ། །ཞེས་དང་།


MR04_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། ཇི་ལྟར་བསྐལ་པ་བྱེ་བ་སྟོང་བརྗོད་ཀྱང་། །སངས་རྒྱས་ཡེ་ཤེས་མཐའ་ཡོད་མ་ཡིན་ལྟར། །དེ་བཞིན་གཤེགས་ཀྱི་དམ་ཆོས་འཛིན་པ་ཡི། །བསོད་ནམས་དེ་ཡང་ཚད་ཡོད་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འདི་ན་ཐེག་པ་མཆོག་གི་གཞུང་ལུགས་ལ། །ཅུང་ཟད་སྨྲ་བའི་སྤོབས་པ་རྒྱས་གྱུར་ཀྱང་། །ན་ཚོད་གཞོན་ཞིང་སྦྱང་བ་མ་སྨིན་པ། །བན་སྨྱོན་བདག་གི་ངག་ལ་སུས་ཡིད་རྟོན། །དེང་དུས་སྐྱེ་བོ་གྲགས་པའི་རྗེས་སུ་འབྲངས། །ཚུལ་དང་ཚུལ་མིན་དཔྱོད་པའི་བློ་གྲོས་བྲལ། །ཕལ་ཆེར་ཕྲག་དོག་གདོན་གྱིས་རྣམ་པར་དཀྲུགས། །ལེགས་བཤད་སྨྲ་བའི་དུས་མིན་བདག་གིས་འཚལ། །འོན་ཀྱང་བླ་མ་མཆོག་དང་ལྷག་པའི་ལྷ། །སྙིང་གི་པདྨོར་རྟག་ཏུ་གུས་མཆོད་པས། །གཞུང་བཟང་རྣམས་ཀྱི་ཚིག་དང་དོན་གྱི་ཆ། །གསལ་བ་གསལ་བར་རིག་པའི་དབྱིངས་སུ་ཤར། །དེ་ཚེ་ལེགས་བཤད་གོམས་པ་ལྷུར་ལེན་ལ། །དགའ་བ་ཡུན་རིང་སྐྱེས་ནས་ཕྱི་མའི་མུར། །ཞིང་གཞན་དུ་ཡང་རྒྱལ་བའི་ཆོས་ཚུལ་ལ། །སྤྲོ་བ་དམ་པ་ཡར་ངོའི་ཟླ་བ་བཞིན། །ཟབ་མོའི་མཐར་ཐུག་པ་ཡི་གཏམ་འདི་ལས། །བློ་ལྡན་དགའ་བ་སྐྱེ་འགྱུར་དེ་ལྟ་བུ། །སྲིད་ཞིའི་མཐར་ལྷུང་བདེ་བ་གང་གིས་མིན། །དེ་ཕྱིར་སྐལ་བཟང་ཚོགས་ཀྱི་དགའ་སྟོན་ལགས། །མངོན་པར་ཞེན་པ་མཐའ་དག་སྤངས་པ་ཡི། །སྣང་སྟོང་ཟུང་འཇུག་ཐེག་མཆོག་སེང་གེའི་སྒྲས། །ལྟ་


MR04_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ངན་རི་དྭགས་ཚོགས་རྣམས་ཟིལ་གནོན་ཞིང་། །རྒྱལ་བསྟན་སྙིང་པོར་ཕྱོགས་བཅུར་རྒྱས་གྱུར་ཅིག །ཅེས་པ་འདི་ཡང་བསླབ་གསུམ་ནོར་བུའི་མཛོད་འཆང་ཆོས་ཀྱི་མཆེད་པོ་གུ་ཎའི་མིང་ཅན་གྱིས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་སོགས་ཀྱི་རྣམ་བཤད་ཡིད་ངོར་གང་ཐོན་ཞིག་ཕྲིས་ཞེས་ཆེད་བསྐུལ་ངོར་བནྡེ་བློ་གྲོས་དྲི་མེད་ཀྱིས་ཤར་མར་བྲིས་པ་དགེ་ལེགས་འཕེལ། །འདིའི་རྩོམ་དཔེ་རྗེ་བླ་མའི་ཕྱག་དཔེའི་ཁྲོད་དུ་འཚེབས་ནས་ལོ་སྐོར་ཚར་གཉིས་སོན་པའི་རྗེས་སུ་སླར་ཡང་དཔེ་རྙེད་པ་དང་དུས་མཚུངས་པར་བླ་མ་དམ་པ་ལུང་རྟོགས་ནས་སྤར་བརྐོ་རྒྱུ་མཛད་ཐོག་སྔར་གྱི་སྐུལ་བ་པོ་ཡང་དེར་འཛོམས་པ་དང་མཁྱེན་ལྡན་ལེགས་པའི་བློ་གྲོས་བཅས་ཀྱིས་ད་དུང་བསྐྱར་བསྣན་སོགས་དགོས་ན་ཅིས་ཀྱང་གྱིས་ཞེས་བསྐུལ་བ་ལ་བརྟེན་ནས་སྔར་གྱི་རྩོམ་དཔེའི་ཚིག་སྣ་འགའ་ཞིག་བསྡུས། གནད་རེ་ཟུང་གསར་བསྣན་བཅས་རབ་ཚེས་ལྕགས་ཡོས་ས་ག་ཟླ་བའི་དམར་ཕྱོགས་ཀྱི་གྲལ་ཚེས་དགེ་བར་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་གླིང་དུ་བློ་གྲོས་དྲི་མེད་འཇམ་དཔལ་དགྱེས་པའི་རྡོ་རྗེས་ཞག་གཉིས་ལ་ངོས་བཤུས་གྲུབ་པར་བགྱིས་པ་མངྒ་ལཾ། །ཨོཾ་སྭ་སྟི། རྒྱལ་བ་མི་ཡི་སེང་གེ་ཐུབ་དབང་གིས། །གདུལ་བྱའི་ཁམས་དབང་རྗེས་མཐུན་བསམ་ཡས་ཀྱི། །འདུལ་བྱེད་གང་གསུང་ཐེག་པའི་སྙིང་པོ་མཆོག །འཁོར་ལོ་བར་ཐ་གཉིས་པོ་འདི་ཡིན་ཞེས། ༡། ཡང་ཡང་བཀའ་སྩལ་བཀའ་དང་བསྟན་བཅོས་གཉིས། །གནད་དུ་དྲིལ་ནས་སྔ་འགྱུར་རིག་འཛིན་གྱི། །རྗེས་འབྲང་ཚད་མ་


MR04_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་སྣང་བྱེད་པོ། །མི་ཕམ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ། ༢། ཆོས་དང་སྟོན་པ་རབ་ཏུ་གསལ་བྱེད་པོའི། །བཀའ་དྲིན་གཟོ་ཕྱིར་བསྟན་པའི་ཞབས་འདེགས་དང་། །རང་གི་བག་ཆགས་བཟང་བོ་འཇོག་ཕྱིར་དུ། །ཡི་གེའི་ཕྱི་མོ་པར་དུ་བསྐྲུན་པ་ལགས། ༣། འདིས་མཚོན་དུས་གསུམ་ལེགས་བྱས་དགེ་ཚོགས་ཀུན། །རིས་མེད་བསྟན་དང་བསྟན་འཛིན་དར་རྒྱས་ཤིང་། །བཤད་སྒྲུབ་ཕྲིན་ལས་ཉི་ལྟར་རབ་གསལ་ཏེ། །ཕྱོགས་ལས་རྣམ་པར་རྒྱལ་ཕྱིར་ཡོངས་སུ་བསྔོ། ༤། མཁའ་མཉམ་ཡིད་ཅན་མ་རིག་དུཿཁ་ལས། །རྣམ་གྲོལ་ཐོས་བསམ་སྒོམ་པའི་སྣོད་གྱུར་ནས། །ལམ་ལྔ་ས་བཅུའི་བགྲོད་པ་མཐར་ཕྱིན་ཏེ། །རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག༥། བདག་ནི་དེང་ནས་ཚེ་རབས་ཐམས་ཅད་དུ། །ཕྱོགས་ལྷུང་བསམ་ངན་རྒྱུད་ལ་མི་སྐྱེ་ཞིང་། །ཐེག་ཆེན་བདུད་རྩིའི་ཆོས་ལ་ལོངས་སྤྱོད་ནས། །རིས་མེད་བསྟན་ལ་བྱ་བ་བྱེད་པར་ཤོག༦། རྒྱལ་དང་རྒྱལ་སྲས་རིག་འཛིན་བྱང་སེམས་ཀྱིས། །ཇི་ལྟར་ཐུགས་བསྐྱེད་ཕྲིན་ལས་མ་ལུས་པ། །དེ་དེ་བཞིན་དུ་བདག་གཅིག་གིས་བསྒྲུབས་ནས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག༧། ཅེས་པའང་ཞུ་དག་པ་པུཎྱེ་ཡུཥྟི་ཥྛ་ནས། པར་ཡོན་སྦྱོར་སྐབས་རྡོ་རྗེའི་བདེན་སྨོན་རང་སོར་བཞག་པའོ། །དགེའོ།། །།

ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པའི་འགྲེལ་བ་ཡེ་ཤེས་སྣང་བ་རྣམ་འབྱེད།


MR04_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

-aཊཱི་ཀྲ་ཛྙཱན་བྷཱ་ས་བི་བྷ་ཀྟི་དྷརྨཱ་དྷརྨ་ཏཱ་བི་བྷཾ་ག་ཀཱ་རི་ཀཱ་ཡཱ་རྦི་ཧ་ར་ཏིསྨ། །
ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པའི་འགྲེལ་བ་ཡེ་ཤེས་སྣང་བ་རྣམ་འབྱེད་བཞུགས། །


MR04_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

-bརྣམ་པར་མི་རྟོག་ཡེ་ཤེས་རྡོ་རྗེ་ཡིས། །གཟུང་འཛིན་རི་བོ་རབ་ཏུ་བཅོམ་མཛད་པས། །བསམ་གྱིས་མི་ཁྱབ་ཡེ་ཤེས་སྐུ་བརྙེས་པ། །སྟོན་མཆོག་ཐུབ་པ་དེ་ལ་ཕྱག་འཚལ་ལོ། །གང་གི་ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་མཛོད། །འཛིན་མཛད་རྒྱལ་བའི་སྲས་པོ་འཇམ་པའི་དབྱངས། །རྒྱལ་ཚབ་ས་བཅུའི་དབང་ཕྱུག་མ་ཕམ་པའི། །ཞབས་སེན་ནོར་བུ་གཙུག་གི་རྒྱན་དུ་བརྟེན། །གང་འདིར་ཐེག་པ་ཆེན་པོའི་ཆོས་ཀྱི་མཛོད། །ཀུན་ཀྱི་ནང་ན་སྙིང་པོར་གྱུར་པ་ཡི། །རྣམ་པར་མི་རྟོག་ཡེ་ཤེས་ཟབ་མོའི་དོན། །གསལ་མཛད་བསྟན་བཅོས་ཆེན་པོའི་རྣམ་བཤད་བྱ། །དེ་ཡང་རྒྱལ་བའི་སྲས་པོ་འཕགས་པ་ཐོགས་མེད་ཀྱིས་མི་ལོ་བཅུ་གཉིས་སུ་རྗེ་བཙུན་བྱམས་པ་བསྒྲུབས་པའི་མཐར་ཞལ་མངོན་སུམ་དུ་བསྟན་ནས་དགའ་ལྡན་ལྷའི་གནས་སུ་ཁྲིད་


MR04_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

-aདེ། རྒྱལ་བའི་བཀའ་ཐམས་ཅད་ཀྱི་དགོངས་པ་འགྲེལ་པའི་བསྟན་བཅོས་རྒྱན་གཉིས་འབྱེད་གཉིས་རྒྱུད་བླ་མ་སྟེ་ཆོས་ལྔ་བསྟན་པ་འདི་ལ། མཁས་པ་ཁ་ཅིག་གིས་ལྔ་ཀ་བསྟན་བཅོས་དཀྱུས་གཅིག་གི་ཚུལ་དུ་བཞེད་ལ། ཡང་ཁ་ཅིག་གིས་ཐེག་གསུམ་དང་ཐེག་གཅིག་ངེས་དོན་དུ་བཤད་པ་ལ་སོགས་མཐར་ཐུག་གི་བསྟན་བྱ་མི་མཐུན་པས་བསྟན་བཅོས་ཀྱི་ལུས་གཅིག་ཏུ་འདོད་པ་དེ་བཀག་ནས། རང་ལུགས་བཀའ་སོ་སོའི་དགོངས་འགྲེལ་དུ་བཞེད་ལ། དེ་ལ་ཡང་ཐོག་མཐའ་གཉིས་དབུ་མ་དང་། བར་མ་གསུམ་སེམས་ཙམ་གྱི་དགོངས་འགྲེལ་དུ་བཞེད་པ་དང་། མདོ་རྒྱན་ཁོ་ན་སེམས་ཙམ་གྱི་གཞུང་དང་། གཞན་བཞི་དབུ་མར་བཞེད་པ་དང་། མངོན་རྟོགས་རྒྱན་དབུ་མ་དང་། གཞན་བཞི་སེམས་ཙམ་དུ་བཞེད་པ་དང་། ཡང་ཁ་ཅིག་གིས་ལྔ་ཀ་སེམས་ཙམ་གྱི་དགོངས་པར་གནས་པ་དང་། ཡང་ལྔ་ཀ་དབུ་མའི་དགོངས་པར་གནས་པར་བཞེད་པ་སོགས་ཡོད་ཀྱང་། དོན་ལ་མངོན་རྟོགས་རྒྱན་ནི་བཀའ་བར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་འགྲེལ་དང་། རྒྱུད་བླ་མ་འཁོར་ལོ་ཐ་མའི་ངེས་དོན་བདེ་གཤེགས་སྙིང་པོ་བསྟན་པའི་མདོ་རྣམས་ཀྱི་དགོངས་འགྲེལ་དུ་རྩོད་པ་མེད་པར་གྲུབ་ཅིང་། དེ་གཉིས་ཀས་མཐར་ཐུག་གི་རིགས་གཅིག་དང་ཐེག་པ་གཅིག་ཏུ་འདོད་ལ་དབུ་མའི་དོན་དུ་དགོངས་པ་མཐུན་པ་ཉིད་དོ། །


MR04_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

-bམདོ་སྡེ་རྒྱན་ནི་སྔ་མ་དེ་གཉིས་ཀྱིས་བཤད་བྱའི་མདོ་ལས་གཞན་པའི་མདོ་སྡེ་ཕལ་མོ་ཆེའི་དོན་ཕྱོགས་གཅིག་བསྡེབས་པའི་དགོངས་འགྲེལ་ཡིན་ལ། དེར་རིགས་དང་ཐེག་པ་གཅིག་ཏུ་མ་ངེས་པར་བསྟན་པ་སོགས་ཕལ་ཆེར་སེམས་ཙམ་གྱི་མདོ་སྡེའི་དགོངས་པ་གཙོ་བོར་འགྲེལ་བར་གསལ་ལོ། །འབྱེད་གཉིས་པོ་འདི་ནི་ཐེག་པ་སྤྱི་ཡི་རྒྱ་ཆེ་བ་དང་ཟབ་མོའི་ཕྱོགས་སྟོན་པར་བྱེད་པ་སྟེ། འདི་དག་ཏུ་རང་བཞིན་གསུམ་དང་ཕྱི་དོན་མ་གྲུབ་པའི་ཚུལ་རྒྱ་ཆེར་སྟོན་བསྟན་ཀྱང་དེ་ཙམ་ཞིག་གིས་སེམས་ཙམ་པའི་གཞུང་ཁོ་ནར་འགྱུར་བའི་ངེས་པ་མེད་དེ། དབུ་མའི་དགོངས་པ་ཡང་ཆོས་སྐད་དེ་དག་གི་ཚུལ་གྱིས་བཞག་པ་ཙམ་ལ་འགལ་བ་མེད་པ་ནི། ལང་གཤེགས་ལས། ཆོས་ལྔ་རང་བཞིན་གསུམ་དང་ནི། །


MR04_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

-aརྣམ་པར་ཤེས་པའི་ཚོགས་བརྒྱད་དང་། །བདག་མེད་དོན་གྱི་རྣམ་གཉིས་པོར། །ཐེག་ཆེན་མཐའ་དག་བསྡུས་པ་ཡིན། ཞེས་ཆོས་སྐད་འདི་དག་ཐེག་ཆེན་མཐའ་དག་གི་སྤྱི་སྡོམ་དུ་གསུངས་པ་དང་། ཡུམ་གྱི་དགོངས་པ་གསལ་བར་བྱེད་པའི་མདོ་བྱམས་ཞུས་ན་ཡང་ངོ་བོ་ཉིད་གསུམ་གྱི་ཆོས་སྐད་འདི་དག་བསྟན་པ་སོགས་ཀྱིས་དངོས་སུ་གསལ་ལ། སེམས་ཙམ་པའི་འདོད་གཞུང་བཞིན་གཉིས་སྟོང་གི་ཤེས་པ་བདེན་གྲུབ་ཏུ་མི་འདོད་འོས་མེད་ཀྱི་ཚིག་ཟིན་དང་རིགས་པ་གང་ཡང་མི་སྣང་བས་ན། ཕྱོགས་སུ་མ་ལྷུང་བར་ཐེག་པ་སྤྱི་ཡི་དགོངས་འགྲེལ་དུ་བཤད་པ་ལ་ཉེས་པ་ཅི་ཡང་མེད་པར་མ་ཟད་གཞུང་གི་བབ་དེ་ལྟར་གནས་པས་ན། དབུས་མཐའ་རྣམ་འབྱེད་འདི་ཐེག་པ་གསུམ་གྱི་ལམ་རྒྱ་ཆེ་བའི་རྣམ་གཞག་སྟོན་པའི་གཞུང་དང་། ཆོས་ཉིད་རྣམ་འབྱེད་འདི་བདེན་གཉིས་ཟུང་འཇུག་དབུ་མ་རྣལ་འབྱོར་སྤྱོད་པའི་ཚུལ་དང་མཐུན་པར། ཟབ་མོའི་མདོ་སྡེ་ཀུན་ཀྱི་བརྗོད་བྱའི་སྙིང་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་གཏན་ལ་འབེབ་པའི་གཞུང་ཡིན་ལ། དེའི་ཕྱིར་ཤིན་ཏུ་ཟབ་པས་ན་འདི་དང་རྒྱུད་བླ་གཉིས་བཀའ་རྒྱ་དམ་པའི་ཚུལ་གྱིས་རྒྱ་གར་དུའང་ཕྱིས་སུ་དཔེ་རྒྱུན་མ་བྱུང་བའི་ཚེ། མངའ་བདག་མཻ་ཏྲི་པས་མཆོད་རྟེན་ཞིག་གི་སེར་ཀ་ནས་འོད་བྱུང་བ་གཟིགས་པ་དེ་ནས་ཆོས་ཉིད་རྣམ་འབྱེད་དང་རྒྱུད་བླ་མ་གཉིས་ཀྱི་དཔེ་ཕྱུང་སྟེ་སླར་འཕེལ་བ་ཡིན་པས། ཞ་མ་ལོ་ཙཱ་བ་སེངྒེ་རྒྱལ་མཚན་གྱིས་ཆོས་


MR04_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

-bཉིད་རྣམ་འབྱེད་ཀྱི་དཔེ་འདི་འགྱུར་ཞུས་མཛད་པའི་ཚེ། པཎྜི་ཏས་ཤོག་ལྡེབ་རེ་རེ་བཞིན་གནང་ནས་འདི་ཆུད་མ་ཟོས་པར་གྱིས། དཔེ་བཀའ་དམ་པས་རྒྱུན་དཀོན་ཕྱིར་འདི་མེད་སོང་ན་རྗེ་བཙུན་བྱམས་པ་འཛམ་བུའི་གླིང་དུ་སྐུ་མྱ་ངན་ལས་འདས་པ་ཡིན་ནོ། །ཞེས་གཙིགས་སུ་མཛད་པར་གསུངས་པ་ལྟར། ལྟ་བའི་ངེས་གསང་སྟོན་པའི་ཟབ་དོན་ཡིན་པས་ཐེག་པ་ཆེན་པོ་བ་ཀུན་ཀྱིས་ལྟ་བ་འདི་ལྟར་རྟོགས་དགོས་པས་དབུ་སེམས་སུ་ཡི་ལུགས་སུ་བཀྲལ་ཡང་མི་རུང་བ་མེད་མོད། དཔེར་ན་ཤེར་ཕྱིན་གྱི་མདོ་སྡེ་ལ་དབུ་སེམས་ཀྱི་སློབ་དཔོན་རྣམས་ཀྱིས་སོ་སོ་རང་རང་གི་བཞེད་གཞུང་དུ་བཀྲལ་ཡང་གཞུང་དེའི་དགོངས་པ་མཐར་ཐུག་དབུ་མར་གནས་པ་ལྟར། གཞུང་འདི་ཡང་སེམས་ཙམ་གྱི་ལྟར་སྟོན་པའི་བསྟན་བཅོས་སུ་བཞེད་མཁན་ཡང་། །རང་བློའི་རྩལ་དང་སྦྱར་ཏེ་དེ་ལྟར་བཤད་ཀྱང་འགལ་བ་མེད་ལ། འོན་ཀྱང་དོན་དུ་གཞུང་འདིས་ཐེག་པ་ཆེན་པོའི་ཟབ་དོན་མཐར་ཐུག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ཅི་ལྟ་བུ་ཡིན་པ་གསལ་བར་སྟོན་པས་ན། ཟབ་མོའི་མདོ་སྡེ་མཐའ་དག་གི་སྤྱི་འགྲེལ་དུ་འགྲོ་ཞིང་། ཀུན་རྫོབ་ཆོས་ཅན་གྱི་འདོད་ཚུལ་སེམས་ཙམ་དང་མཐུན་ལ། དོན་དམ་ཆོས་ཉིད་ཀྱི་འདོད་ཚུལ་དབུ་མ་དང་མཐུན་པས་མཐར་ཐུག་གི་དགོངས་པ་དབུ་མར་གནས་ཤིང་དབུ་སེམས་ཟུང་འཇུག་གི་ཚུལ་གྱིས་ཐེག་པ་ཆེན་པོའི་ལྟ་བའི་གནད་སྟོན་པའི་ཚུལ་དུ་གོ་ཞིང་བཤད་ན་བསྟན་བཅོས་ཆེན་པོའི་དགོངས་པ་གཏིང་


MR04_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

-aཕྱིན་པར་བཤད་པར་འགྱུར་རོ། དེ་ལྟ་བུའི་བསྟན་བཅོས་ཆེན་པོ་འདི་འཆད་པ་ལ། མཚན་དོན། འགྱུར་ཕྱག་གཞུང་དོན། མཇུག་དོན་བཞི། དང་པོ། རྒྱ་གར་སྐད་དུ་དྷརྨ། བོད་སྐད་དུ་ཆོས། དེ་བཞིན་ཏུ་སྦྱར་ཏེ་དྷརྨཱ་ཏ་ཆོས་ཉིད། བི་བྷཾ་ག །རྣམ་པར་འབྱེད་པ། ཀཱ་རི་ཀཱ་ཚིག་ལེའུར་བྱས་པ་ཞེས་པ་སྟེ། ཆོས་ཅན་འཁོར་བ་དང་ཆོས་ཉིད་མྱ་ངན་ལས་འདས་པའི་རང་བཞིན་ཇི་ལྟ་བུ་ཡིན་པ་མ་ནོར་བར་སྟོན་ཅིང་རྣམ་པར་འབྱེད་པའི་མཚན་དེ་སྐད་དུ་བསྟན་པའོ། །གཉིས་པ་འགྲོ་བ་ཐམས་ཅད་ཀྱི་མགོན་པོ་ཉིད་དུ་གྱུར་པ། བྱམས་པ་ཆེན་པོ་དང་ལྡན་པའི་ཡོན་ཏན་གྱི་སྒོ་ནས་བྱང་ཆུབ་སེམས་དཔའི་གནས་སྐབས་ནས་སངས་རྒྱས་ཀྱི་བར་དུ་བྱམས་པ་ཞེས་པའི་མཚན་གྱི་གྲགས་པ་མི་འདོར་བ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ད་ལྟ་དགའ་ལྡན་ན་བཞུགས་པ་གཞུང་འདི་ཉིད་མཛད་པ་པོ་དེ་ལ་ལོ་ཙཱ་བ་དག་གིས་འགྱུར་མཛད་པའི་ཐོག་མར་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ་ཞེས་བརྗོད་པར་མཛད་པ་ཡིན་ནོ། །གསུམ་པ་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་། བརྩམ་བྱ་བསྟན་བཅོས་ཀྱི་ལུས་དངོས་གཉིས་ལས། དང་པོ་ལ་ཚིགས་སུ་བཅད་པ་གཅིག་སྟེ། ཤེས་ནས་གང་ཞིག་ཡོངས་སུ་སྤང་བར་བྱ་བ་འཁོར་བ་ཉིད་ཡིན་ཞིང་། དེ་ལས་གཞན་དུ་གྱུར་བ་འགའ་ཞིག་ནི་མངོན་སུམ་ཉིད་དུ་བྱ་བ་ཡིན་ཏེ་གང་ཞེ་ན་མྱ་


MR04_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

-bངན་ལས་འདས་པའོ། །དེས་ན་སྐྱེས་བུ་རྣམས་ཀྱིས་ཤེས་ཤིང་སྤང་བླང་དུ་བྱ་བའི་དངོས་པོ་ནི་འདི་ཙམ་དུ་ཟད་པས་ན་འཁོར་འདས་དེ་དག་གི་མཚན་ཉིད་ཇི་ལྟ་བུ་ཡིན་པ་ཕྱིན་ཅི་མ་ལོག་པའི་ཚུལ་གྱིས་རྣམ་པའི་དབྱེ་བ་བྱེད་པར་འདོད་ནས་འཕགས་པ་བྱམས་པ་བདག་གིས་བསྟན་བཅོས་ཆེན་པོ་འདི་ཤེས་རབ་དང་སྙིང་རྗེ་ཆེན་པོས་བརྩམས་སོ། །ཞེས་གསུངས་སོ། །གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། མཚོན་པའི་དཔེས་མཇུག་བསྡུ་བ་གསུམ། དང་པོ་ལ། ངོ་བོ་ངོས་བཟུང་། དེའི་མཚན་ཉིད་སོ་སོར་བཤད། དེ་དག་གྲུབ་པའི་ཚུལ། དེ་གཉིས་གཅིག་ཐ་དད་བརྟག་པ་བཞི། དང་པོ། གསུང་རབ་ཀྱི་བརྗོད་བྱ་འདི་དག་ཐམས་ཅད་མདོར་བསྡུ་ན་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ་གང་ཞེ་ན། ཆོས་དང་དེ་བཞིན་ཏུ། ཆོས་ཉིད་ཞེས་བྱ་བ་འདི་གཉིས་ཡིན་ལ། དེ་གཉིས་ཀྱིས་ཤེས་བྱའི་གནས་ཐམས་ཅད་བསྡུས་པ་ཉིད་ཡིན་པའི་ཕྱིར་འདི་གཉིས་ལེགས་པར་གཏན་ལ་ཕབ་ན་གསུང་རབ་ཀྱི་བརྗོད་བྱ་མཐའ་དག་ལ་མ་རྨོངས་པར་འགྱུར་རོ། །དེ་ལ་སྐབས་འདིར་ཆོས་ཀྱིས་རབ་ཏུ་ཕྱེ་བ་ནི་གཟུང་འཛིན་གཉིས་སུ་སྣང་བ་ཅན་གྱི་འཁོར་བ་ཡིན་ཏེ། ཐར་བ་དང་རྣམ་མཁྱེན་འདོད་པ་རྣམས་ཀྱིས་འཁྲུལ་བའི་སྣང་ཚུལ་གང་གི་རང་བཞིན་ཤེས་པར་བྱ་བ་དང་སྤང་བར་བྱ་བའི་གཞི་གྱུར་བའི་ཆོས་རྣམས་འདི་ཙམ་དུ་ཟད་པའི་ཕྱིར་རོ། །ཆོས་ཉིད་ཀྱིས་རབ་ཏུ་ཕྱེ་བ་ནི་ཐེག་པ་གསུམ་གྱི་མྱ་


MR04_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

-aངན་ལས་འདས་པ་ཡིན་ཏེ། ཇི་ལྟར་སྣང་བའི་འཁོར་བ་འདི་ལ་གང་ཟག་གི་བདག་དང་། ཆོས་སུ་གྲུབ་པའི་ངོ་བོ་ཉིད་མེད་པར་མཐོང་བའི་སྟོབས་ཀྱིས་གནས་ཡོངས་སུ་གྱུར་བའི་མྱང་འདས་ཐོབ་པ་ནི་གནས་ཚུལ་ལ་ཡང་དག་པར་ཞུགས་པས་གནས་སྣང་མི་མཐུན་པ་མེད་པའི་ཕྱིར་ཡང་དག་པར་ཤེས་པར་བྱ་བ་དང་མངོན་དུ་བྱ་བ་ནི་འདི་ཙམ་དུ་ཟད་པའོ། །གཉིས་པ་ལ་ཆོས་ཀྱི་མཚན་ཉིད་དང་། ཆོས་ཉིད་ཀྱི་མཚན་ཉིད་གཉིས། དང་པོ། བཤད་མ་ཐག་པ་དེ་ལ་ཆོས་ཞེས་བརྗོད་པ་འཁོར་བ་དེ་ཉིད་ཀྱི་མཚན་ཉིད་ནི། གཟུང་འཛིན་གཉིས་སུ་སྣང་བ་དང་། ཇི་ལྟར་སྣང་བ་དེ་འདི་དང་དེ་ལྟར་ཞེན་ཅིང་མིང་སྣ་ཚོགས་ཀྱིས་མངོན་པར་བརྗོད་པར་སྣང་བ་ཅན་འདི་ཉིད་དེ། འདི་ལྟར་ཚུལ་བཞིན་བྲིས་པའི་རི་མོ་ལ་མཐོ་དམན་མེད་ཀྱང་ཡོད་པར་སྣང་བ་ལྟར་གཟུང་འཛིན་གཉིས་སུ་སྣང་བ་དེ་ནི། སྣང་བ་ལྟར་དོན་ལ་མ་གྲུབ་པས་ན་དཔེར་ན་སྐྲ་ཤད་ལ་སོགས་པར་སྣང་བ་བཞིན་དུ་ཡང་དག་པ་མ་ཡིན་པའི་རང་གི་ཀུན་ཏུ་རྟོག་པ་ཙམ་སྟེ། ཡུལ་མེད་བཞིན་ཏུ་སེམས་ལ་སྣང་བའི་ཕྱིར་རོ། །དེས་ན་གཉིས་སུ་སྣང་བ་དེ་ནི་སྣང་ངོར་ཡོད་ཀྱང་དོན་ལ་ཡང་དག་མ་ཡིན་པའོ། །དེའི་ཕྱིར་གཉིས་སུ་སྣང་བ་དེ་ལ་བརྟེན་ནས་ནང་གི་ཡིད་ཀྱིས་འདི་དང་འདི་ཞེས་མངོན་པར་བརྗོད་ཅིང་གདགས་པ་དེ་ཡང་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་བརྗོད་བྱའི་དོན་དུ་གྲུབ་པ་མེད་ཅིང་། རང་གི་རྟོག་པས་བཏགས་པ་ཙམ་ཡིན་པས་ཆོས་སུ་བརྗོད་པ་ཇི་སྙེད་པ་ནི་


MR04_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

-bཀུན་ཏུ་རྟོག་པ་ཙམ་དུ་གྲུབ་པའོ། །མདོར་བསྡུས་ན། གཉིས་སྣང་དང་གཉིས་ཞེན་གྱི་ཆོས་ཐམས་ཅད་ཀུན་བཏགས་ཙམ་ལས་རང་གི་ངོ་བོ་ཉིད་མེད་བཞིན་སྣང་བར་བསྟན་ཏོ། །གཉིས་པ། གཞན་ཡང་ཆོས་ཉིད་ཀྱི་མཚན་ཉིད་ནི་གོང་ལས་བཟློག་སྟེ། གཟུང་བ་དང་ནི་འཛིན་པ་གཉིས་སུ་སྣང་བ་དང་། དེ་ལ་ཞེན་ནས་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི་ཐ་སྙད་ཀྱིས་ཁྱད་པར་དུ་བྱར་མེད་པ་སོ་སོ་རང་གིས་རིག་པར་བྱ་བའི་ཡུལ་དེ་བཞིན་ཉིད་ཡིན་ནོ། །གསུམ་པ་དོན་ལ་མེད་བཞིན་དུ་སྣང་བ་དེ་ལྟ་བུ་ཡིན་པའི་འཐད་པ་ཉེ་བར་བསྒྲུབ་པ་ནི། དངོས་པོའི་དོན་ལ་དེ་ལྟར་མེད་པ་ཡིན་བཞིན་དུ་སྣང་བའི་ཕྱིར་འཁྲུག་པའི་སྣང་བ་རབ་རིབ་ལྟ་བུ་དེ་ནི་ཀུན་ནས་ཉོན་མོངས་པ་ཐམས་ཅད་འབྱུང་བའི་རྒྱུ་ཡིན་ཏེ། གཉིས་སུ་སྣང་བ་ལ་བརྟེན་ནས་གཉིས་སུ་ཞེན་པ་སྐྱེ་ལ། དེ་ལ་བརྟེན་ནས་བག་ཆགས་སྣ་ཚོགས་འབྱུང་བའི་ཕྱིར་རོ། །དེ་ཡང་དཔེ་ཇི་ལྟར་ན་རྫས་སྔགས་ཀྱི་སྟོབས་ལས་མེད་བཞིན་ཏུ་སྒྱུ་མའི་གླང་ཆེན་གྱི་གཟུགས་དང་རྨི་ལམ་དུ་བུད་མེད་བཟང་མོ་སོགས་སྣང་བ་བཞིན་དུ། ཆོས་འདི་དག་ཀྱང་མེད་བཞིན་ཏུ་སྣང་ཞིང་དེའི་དབང་གིས་གནས་ལུགས་སུ་ཡེ་ནས་ཡོད་པ་བདག་མེད་གཉིས་ཀྱི་དོན་གང་ཡིན་པ་དེའང་སོ་སོའི་སྐྱེ་བོ་ལ་སྣང་བ་མིན་པའི་ཕྱིར་རོ། །ཇི་སྐད་བཤད་པ་དེ་ལྟ་བུ་ཡིན་པ་དེའི་ཕྱིར་འཁོར་འདས་དང་འཁྲུལ་གྲོལ་འཐད་ཀྱི་གཞན་དུ་དེ་དག་འཐད་པར་མི་འགྱུར་ཏེ། དོན་དུ་མེད་པ་


MR04_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

-aདང་མེད་བཞིན་སྣང་བ་གཉིས་པོ་ཟུང་དུ་ཚོགས་པ་དེ་ལྟ་བུ་མིན་པར་དེ་གཉིས་ལས་གང་རུང་ཞིག་མེད་ན་འཁྲུལ་བ་དང་མ་འཁྲུལ་བ་དང་དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཞེས་བྱ་བ་གཉིས་ཡོད་པར་རྣམ་པ་ཀུན་ཏུ་མི་འཐད་པར་འགྱུར་ཏེ། དོན་ལ་མེད་པ་མ་ཡིན་པར་གཉིས་སུ་སྣང་བ་ལྟར་ཡོད་ཅིང་གྲུབ་ན་དེ་ལྟར་འཛིན་པ་དེ་འཁྲུལ་བའམ་ཕྱིན་ཅི་ལོག་ཏུ་མི་འཐད་ལ། འཁྲུལ་བ་དེ་ལས་བཟློག་པའི་ཐབས་མེད་པས་མྱང་འདས་ཀྱང་རྣམ་པ་ཀུན་ཏུ་མེད་པར་འགྱུར་རོ། །དོན་ལ་མེད་པ་ལྟར་སྣང་བ་ཡང་མེད་ན་སུ་ཡང་གཟུང་འཛིན་གྱི་འཁྲུལ་བ་ཅན་དུ་འགྱུར་མི་སྲིད་པས་ཀུན་ཉོན་གཞི་མེད་པར་འགྱུར་ལ། དེ་མེད་པས་དེ་ལས་ལྡོག་པ་རྣམ་བྱང་ཞེས་བྱ་བའང་མེད་པར་འགྱུར་ཏེ་རི་བོང་གི་རྭ་མེད་པ་ལ་བཅད་དུ་མེད་པ་བཞིན་ནོ། །དེས་ན་མེད་སྣང་ཟུང་དུ་ཚོགས་པ་དེའི་ཕྱིར་མེད་པ་ལ་ཡོད་པར་འཛིན་པའི་འཁྲུལ་བ་ལ་ཀུན་ཉོན་ཕྱོགས་སྲིད་ཅིང་། མེད་པ་ལ་མེད་པར་ཤེས་པའི་སྒོ་ནས་མ་འཁྲུལ་བའི་ལམ་གྱིས་ཐོབ་པའི་མྱང་འདས་ཀྱང་སྲིད་པ་ཡིན་ནོ། །བཞི་པ་འཁོར་འདས་སམ་ཆོས་དང་ཆོས་ཉིད་དུ་གྲགས་པ་གཉིས་པོ་དག་ནི་ངོ་བོ་གཅིག་པ་ཉིད་དང་། ངོ་བོ་སོ་སོ་བ་ཡང་མ་ཡིན་ཏེ། དེ་ལྟར་ན་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་པའི་མྱང་འདས་ནི་གནས་ལུགས་སུ་ཡེ་ནས་ཡོད་པ་དང་ནི། ཆོས་ཅན་འཁོར་བའི་ཆོས་གཉིས་སུ་སྣང་བ་རྣམས་ནི་སྣང་བ་ལྟར་གནས་ལུགས་


MR04_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

-bསུ་མེད་པ་དག་གི་ཁྱད་པར་ཡོད་པའི་ཕྱིར་ཐ་སྙད་དུ་དེ་གཉིས་གཅིག་མ་ཡིན་པ་དང་། གཅིག་མེད་ན་ཅིག་ཤོས་ཀྱང་མེད་པའམ་ཡང་དག་པར་ན་ཆོས་ཉིད་ནི་ཆོས་ཅན་དེ་དག་མ་གྲུབ་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ལས་གཞན་ཐ་དད་དུ་མེད་པས། ཡོད་པ་ཆོས་ཉིད་དང་མེད་པ་ཆོས་ཅན་གྱི་ཁྱད་པར་ནི་ལྟོས་ཏེ་བླང་དོར་ཕྱེ་བ་ཙམ་ལས། དོན་ཐ་དད་པར་གྲུབ་པའི་ངོ་བོ་ཉིད་ཅུང་ཟད་ཀྱང་མེད་པའི་ཕྱིར་ཐ་དད་པའང་མ་ཡིན་པར་རིག་པར་བྱ་བ་ཉིད་དུ་འགྱུར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། ཆོས་རྒྱས་པར་བཤད་པ་དང་། ཆོས་ཉིད་རྒྱས་པར་བཤད་པ་གཉིས་ལས། དང་པོ་ལ་སྡོམ་དུ་བསྟན་པ་དང་། སོ་སོར་བཤད་པ་གཉིས། དང་པོ་ཤེས་པར་བྱ་བའི་ཚུལ་རྣམ་པ་དྲུག་གིས་ཐོས་བསམ་གྱི་སྒོ་ནས་ཆོས་དག་ལ་འཇུག་པ་ནི་ཆོས་དེ་དག་གཏན་ལ་འབེབས་ཚུལ་བླ་ན་མེད་པ་ཡིན་པ་སྟེ། གང་གིས་ན་སྤང་བྱ་འཁོར་བའི་ཆོས་ཀྱི་རང་བཞིན་དེ་དག་འཇུག་ཚུལ་འདི་ལྟ་བུས་མ་ལུས་པ་བདེ་བླག་ཏུ་གཏན་ལ་འབེབས་ནུས་པའི་ཕྱིར་རོ། །འཇུག་པའི་ཚུལ་དྲུག་པོ་དེ་གང་ཞེ་ན། འཁོར་བའི་ཆོས་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་པ་ཤེས་པར་བྱ་བ་ལ་འཇུག་པ་དང་ནི། དེའི་མཚན་ཉིད་དེ་ལྟར་གྲུབ་པའི་ཚུལ་ལ་འཇུག་པ་བསྟན་པ་དང་། ཆོས་དང་ཆོས་ཉིད་དེ་དག་གཅིག་དང་ཐ་དད་མ་ཡིན་པའི་ཚུལ་ཤེས་པར་བྱ་ཞིང་འཇུག་པ་དང་། འཁོར་བ་དེ་ཡི་གནས་ནི་ཐུན་མོང་པ་ཤེས་པར་བྱ་བ་ལ་འཇུག་པ་དང་། ཐུན་མོང་མིན་པའི་ཚུལ་ཤེས་


MR04_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

-aསམ་འཇུག་པ་དང་། གཟུང་བ་དང་འཛིན་པར་སྣང་བ་དེ་ནི་མེད་པའི་དོན་ལ་རབ་ཏུ་འཇུག་པའི་ཚུལ་ཤེས་པ་དང་དྲུག་གི་སྒོ་ནས་བསྟན་པས་དེའི་དོན་ཁོང་དུ་ཆུད་པར་ནུས་སོ། །གཉིས་པ་སྡོམ་གྱི་དོན་སོ་སོར་བཤད་པ་ལ། དང་པོ་གསུམ་བཤད་ཟིན་པར་བསྟན་པ་དང་། ཕྱི་མ་གསུམ་སྐབས་འདིར་བཤད་པའོ། །དང་པོ་འཇུག་པ་དྲུག་བསྟན་པ་དེ་ལ་མཚན་ཉིད་དང་གྲུབ་པ་དང་གཅིག་དང་ཐ་དད་མ་ཡིན་པ་གསུམ་ནི་གོང་དུ་ཇི་ལྟར་མདོར་བསྟན་གྱི་སྐབས་སུ་བཤད་པ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་ལ། གནས་གཉིས་པོ་བཤད་པ་དང་། གཟུང་འཛིན་མེད་པའི་དོན་ལ་འཇུག་ཚུལ་བཤད་པ་གཉིས། དང་པོ་ལ་ཐུན་མོང་དུ། མདོར་བསྟན། སོ་སོའི་དོན་རྒྱས་པར་བཤད་པ་གཉིས། དང་པོ། སེམས་ཅན་གྱི་ཁམས་གང་ཞིག་སྣོད་ཀྱི་ཁམས་གང་དུ་སྐྱེ་བ་ལེན་པའི་ཚུལ་གྱིས་ཡང་ནས་ཡང་དུ་འཁོར་བའི་གནས་སྐབས་ན། སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་དུ་གྲགས་པའི་འཇིག་རྟེན་རྣམ་པ་གཉིས་པོ་དེ་ནི་ཀུན་ཏུ་འཁོར་བར་བྱ་བའི་གནས་སུ་གྲགས་པ་སྟེ། འདི་ལྟར་བརྟེན་པ་སེམས་ཅན་གྱི་ཁམས་དང་རྟེན་སྣོད་ཀྱི་ཁམས་གཉིས་པོ་འདི་ལས་གཞན་པའི་འཁོར་བའི་གནས་བྱ་བ་ཅི་ཡང་མེད་དོ། །དེ་ལ་ཐུན་མོང་བ་དང་ཐུན་མིན་དེ་དག་གང་ཞེ་ན། སྣོད་ཀྱི་འཇིག་རྟེན་གྱི་ཁམས་འདི་དག་ནི་བག་ཆགས་མཐུན་པར་སད་པའི་འགྲོ་བ་ལ་ཐུན་མོང་ལྟར་སྣང་ཞིང་དེ་ལྟར་རྣམ་པར་རིག་


MR04_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

-bཔའམ་ཤེས་པར་བྱ་བ་ཉིད་ཀྱི་ཆ་ནས་གནས་ཐུན་མོང་བ་ཞེས་བྱ་བ་ཡིན་ནོ། །སེམས་ཅན་གྱི་ཁམས་ཀྱིས་བསྡུས་པའི་ཆོས་ལ་ནི་འགའ་ཞིག་ཐུན་མོང་བར་གྱུར་པ་དང་། ཡང་ན་འགའ་ཞིག་ཐུན་མོང་མ་ཡིན་པར་གྱུར་པའང་ཡོད་པའོ། །གཉིས་པ་གནས་ཐུན་མོང་བ་བཤད་པ་དང་། ཐུན་མིན་བཤད་པའོ། །དང་པོ། སེམས་ཅན་གྱི་ཁམས་ཀྱིས་བསྡུས་པའི་ཆོས་ལ་ཐུན་མོང་དུ་གྱུར་པ་དེ་ཡང་ཇི་ལྟར་བཞག་ཅེ་ན། མངལ་ནས་སྐྱེ་བ་དང་། ལུས་དང་ངག་གི་ཐ་སྙད་རྣམ་པར་རིག་པར་བྱེད་པ་དང་། གཞན་གྱིས་གཞན་རྗེས་སུ་བཟུང་བ་དང་། ཚར་གཅོད་པ་དང་། ཕན་འདོགས་པ་དང་ནི་གནོད་པ་བྱེད་པ་དང་། ཅིག་ཤོས་ལ་བརྟེན་ནས་ཐོས་སོགས་ཀྱི་ཡོན་ཏན་སྐྱེ་བ་དང་། ཆགས་སོགས་ཀྱི་སྐྱོན་འབྱུང་བ་རྣམས་ནི་དེར་སྡང་བའི་རྣམ་ཤེས་སྐྱེ་བ་ལ་སེམས་ཅན་གཅིག་ལ་གཅིག་ཕན་ཚུན་དུ་བདག་པོ་ཡི་རྐྱེན་དུ་གྱུར་པ་ཉིད་ཀྱིས་ཕན་ཚུན་རྒྱུ་བྱེད་པ་ཡིན་པའི་ཕྱིར་ན་འདི་དག་ནི་སྣང་གྱུར་ཐུན་མོང་བ་ཞེས་བྱའོ། །དེ་ལ་སྐྱེ་བ་ཐུན་མོང་དུ་གྱུར་ཚུལ་ནི། རང་གི་ལས་ཀྱིས་རྒྱུ་བྱས་ཕ་མ་གཉིས་ཀྱི་ས་བོན་ལས་ལྷན་ཅིག་བྱེད་རྐྱེན་བྱས་པའི་རྒྱུ་ཐུན་མོང་བ་དེས་འབྲས་བུ་མངལ་ནས་སྐྱེས་པའི་ལུས་འགྲུབ་པ་ལྟ་བུའོ། །ཐ་སྙད་ཐུན་མོང་བ་ནི་གཞན་གྱི་ལུས་ངག་གི་རྣམ་པར་རིག་བྱེད་ཀྱིས་བསྐུལ་ནས། གཞན་ལྟ་བ་དང་སྨྲ་བ་སོགས་ལ་འཇུག་པ་ལྟ་བུའོ། །དེ་བཞིན་དུ་གཅིག་གིས་གཅིག་ཆོས་དང་ཟང་ཟིང་གི་སྒོ་ནས་རྗེས་སུ་བཟུང་བ་དང་ཤག་


MR04_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

-aའགྱེད་པ་དང་གཡུལ་སྤྲད་པ་སོགས་ཀྱིས་ཚར་གཅོད་པ་དང་། འཇིགས་པ་ལས་བསྐྱབས་པ་སོགས་ཀྱིས་ཕན་འདོགས་པ་དང་། བརྡུང་བརྡེག་སོགས་གནོད་པ་བྱེད་པ་དང་ཐོས་པ་སོགས་ཀྱི་སྒོ་ནས་ཡོན་ཏན་སྐྱེད་པ་དང་། ལྟ་ངན་བསྟན་པ་དང་ཆགས་པ་སོགས་བསྐྱེད་པས་སྐྱོན་ཅན་དུ་བྱས་པ་རྣམས་ནི་ཕ་རོལ་པོས་བདག་རྐྱེན་བྱས་ཤིང་རང་གི་རྒྱུད་ཀྱི་ཆོས་ཀྱི་རྒྱུའི་གཙོ་བོ་བྱས་ཏེ་འབྲས་བུ་ཐུན་མོང་བ་གཅིག་གྲུབ་པའི་ཆ་ནས་ཐུན་མོང་བ་ཞེས་བྱ་སྟེ། ཐ་སྙད་དུ་རྒྱུ་རྐྱེན་དེ་དག་ཚོགས་པས་འབྲས་བུ་དེ་དག་བསྒྲུབ་པ་ཡིན་ཀྱང་། དོན་ལ་བདག་པོའི་རྒྱུ་ཞེས་སྨོས་པས་རྣམ་པར་རིག་པ་ལས་གཞན་པའི་དམིགས་རྐྱེན་དུ་གྱུར་པ་ཕྱི་དོན་མ་གྲུབ་པ་དང་། ཕྱི་སྣོད་སོགས་ཐུན་མོང་བ་ལྟར་སྣང་བ་རྣམས་ཀྱང་ནང་གི་རྣམ་པར་རིག་པའི་གཟུང་ཆ་ཙམ་ལས་གཞན་དུ་མེད་པས་ཐུན་མོང་བའི་ཕྱི་དོན་མ་གྲུབ་པར་བསྟན་པའང་ཡིན་ནོ། །གཉིས་པ། གནས་ཀུན་གཞི་རྣམ་པར་ཤེས་པ་དང་། རྣམ་པར་རིག་པ་ཚོགས་བདུན་དང་། སོ་སོའི་བདེ་སྡུག་མྱོང་བ་དང་། སེམས་པས་ལས་བསགས་པ་དང་། འཆི་འཕོ་བ་དང་། སོ་སོའི་སྲིད་པར་སྐྱེ་བ་ལེན་པ་དང་ནི། འཁོར་བར་བཅིང་བ་དང་། འཁོར་བ་ལས་གྲོལ་བ་རྣམས་ནི་རང་གི་རྒྱུད་ཀྱི་ཆོས་ཐུན་མོང་མ་ཡིན་པ་ཡིན་པའི་ཕྱིར། སོ་སོའི་རྒྱུད་ཀྱི་མྱོང་གྱུར་ཐུན་མིན་དེ་དག་སེམས་ཅན་གཞན་དང་ཐུན་མོང་དུ་བྱར་མི་བཏུབ་པས། དེ་རྣམས་ནི་


MR04_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

-bསེམས་ཅན་གྱི་གནས་ཐུན་མོང་མ་ཡིན་པ་ཞེས་བྱའོ། །དྲུག་པ་ལ། ཕྱི་རོལ་གཟུང་བ་མེད་པར་རྣམ་པར་རིག་པ་ཙམ་གྱི་གྲུབ་མཐའ་བསྟན་པ་དང་། དེ་ལས་གཟུང་འཛིན་མེད་པའི་དོན་ལ་འཇུག་ཚུལ་གཉིས། དང་པོ་ལ། འཛིན་པ་ལས་ཐ་དད་པའི་གཟུང་བ་མེད་པར་བསྟན་པ་དང་། དེ་ལ་མ་ངེས་པ་སྤང་བའོ། །དང་པོ། ཕྱི་དོན་ལ་མངོན་པར་ཞེན་པ་རྣམས་འདི་སྙམ་དུ་བལྟ་བྱ་ཐུན་མོང་བའི་རི་ལ་སོགས་པ་རྡུལ་དུ་གྲུབ་པ་རྣམས་འདི་ལྟར་བསྙོན་མེད་དུ་ཡོད་པའི་ཕྱིར་ཕྱི་དོན་གྲུབ་བོ་སྙམ་ན་དེ་མ་ཡིན་ཏེ། ཕྱི་རོལ་གྱི་གཟུང་བ་གང་ཞིག་ཐུན་མོང་བར་སྣང་བ་རི་ལ་སོགས་པ་ཆོས་ཅན། ནང་གི་ཤེས་པ་ལས་ཐ་དད་པའི་ཕྱི་དོན་བེམ་པོའི་ངོ་བོར་གྲུབ་པ་མེད་དེ། བག་ཆགས་མཐུན་པར་སད་པ་རྣམས་ཀྱི་ནང་གི་འཛིན་པའི་རྣམ་པར་རིག་པ་ཉིད་ཕྱི་རོལ་གྱི་དོན་དེ་དང་དེའི་རྣམ་པར་སྣང་བ་ཡིན་པའི་ཕྱིར། དཔེར་ན་རྨི་ལམ་གྱི་གཟུགས་ལྟ་བུའོ། །དེའི་ཕྱིར་ན་རྣམ་པར་ཤེས་པ་ལས་གཞན་པ་ཕྱི་རོལ་དུ་གྱུར་པའི་དོན་ཡོད་པ་མ་ཡིན་ཏེ། འདི་ལྟར་བལྟ་བྱ་ཐུན་མོང་བའི་ཕྱི་དོན་ཞེས་བྱ་བ་དེ་ཡང་། རྒྱུད་མི་གཅིག་པའི་འགྲོ་བ་དུ་མ་ལ་ཐུན་མོང་དུ་སྣང་བ་ཉིད་ཡིན་པའི་ཕྱིར་སོ་སོའི་རྒྱུད་ཀྱི་འཛིན་པ་ལས་ཐ་དད་དུ་མེད་པ་ཉིད་དུ་གྲུབ་པར་འགྱུར་རོ། །དེའི་རྒྱུ་མཚན་ཇི་ལྟ་བུ་ཞེ་ན་ཕྱི་དོན་གྲུབ་པའི་སྒྲུབ་བྱེད་དུ་བཀོད་པའི་བལྟ་བྱ་ཐུན་མོང་བ་ཞེས་བྱ་བ་དེ་ནི། རྒྱུད་སོ་སོའི་ངོ་སྐལ་ལ་སྣང་ལུགས་འདྲ་བ་ཙམ་ཞིག་


MR04_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

-aགིས་ཐུན་མོང་བའི་ཕྱི་དོན་ཞེས་འཇོག་པར་རྒྱུད་ན་སྣང་བ་དེ་དག་ནི་རང་རང་སོ་སོའི་རྒྱུད་ཀྱི་སྣང་བ་ཡིན་གྱི་ཐུན་མོང་པ་ནམ་ཡང་མི་སྲིད་ལ། སྣང་བ་ཙམ་དེ་ལས་གཞན་པའི་ཕྱི་དོན་ཞེས་པ་ཐུན་མོང་པ་ཞིག་ནི་འདིའོ་ཞེས་རིགས་པས་ནམ་ཡང་བསྟན་མི་ནུས་ཏེ་སེམས་ལ་སྣང་བ་ལས་ཡུལ་དེ་ཡོད་པར་འཇོག་དགོས་ཀྱི། མ་སྣང་བར་ནི་འཇལ་བྱེད་ཚད་མ་མེད་པས་ན་འཇོག་མི་རིགས་སོ། །དེས་ན་བལྟ་བྱ་ཐུན་མོང་བ་ཞེས་པ་འདི་ལ་ལེགས་པར་བརྟགས་ན་ཐུན་མོང་བ་ཞེས་སུ་འཇོག་པའི་རྒྱུ་མཚན་རྒྱུད་སོ་སོའི་སྣང་བ་འདྲ་བས་འཇོག་ན། སྣང་བ་དེ་ནི་འདྲ་བ་ཡིན་ནའང་། དེའི་རྒྱུ་ཕྱི་དོན་ཐུན་མོང་བ་གཅིག་ངེས་པར་གྲུབ་མི་དགོས་ཏེ། སྒྱུ་མའི་སྔགས་ཀྱིས་མིག་བསླད་པའི་སྐྱེ་བོ་རྣམས་ལ་སྣང་བ་མཐུན་པར་འཆར་བ་བཞིན། བག་ཆགས་མཐུན་པར་སད་པའི་སྐྱེ་བོ་རྣམས་ལ་བག་ཆགས་དེའི་ནུས་པ་མ་ཟད་ཀྱི་རིང་ལ་གནས་ལ་སོགས་པ་འདྲ་བར་སྣང་ན་ཡང་། འདྲ་བར་སྣང་བའི་རྒྱུ་གཅིག་ཕྱི་རོལ་ན་དོན་དུ་གྲུབ་པ་མེད་དེ་ཆུ་གཅིག་ལའང་ལས་སྣང་ཐ་དད་པའི་འགྲོ་བ་དྲུག་གི་མཐོང་སྣང་ཐ་དད་དུ་ཡོད་པ་བཞིན་རང་གི་ནང་གི་སེམས་ཀྱི་རང་སྣང་ཙམ་དུ་ཤེས་པར་བྱའོ། །གཉིས་པ་གང་སྣང་བ་ཐམས་ཅད་སེམས་ལ་སྣང་བ་ཡིན་པ་ཙམ་ནི་སུས་ཀྱང་བཟློག་མི་ནུས་མོད་ཀྱི། དེས་སྣང་བ་ཐམས་ཅད་སེམས་དང་རྫས་གཅིག་ཏུ་སྒྲུབ་པ་དང་། སྣང་བ་


MR04_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

-bགཏོད་བྱེད་ཀྱི་ཕྱི་དོན་མེད་པར་མི་འགྲུབ་སྟེ། ཇི་ལྟར་ན་གཞན་གྱི་སེམས་ཀྱང་གཞན་གྱིས་མངོན་སུམ་ཤེས་པ་ཡོད་ཀྱང་དེས་ཕྱི་དོན་བཞིན་དུ་རྒྱུད་གཞན་གྱི་སེམས་མེད་པ་ན་སྒྲུབ་པ་དང་། ཕ་རོལ་གྱི་སེམས་སྣང་བ་དེ་རང་གི་སེམས་དང་རྫས་གཅིག་ཏུ་མི་འགྲུབ་པ་བཞིན་ནོ་སྙམ་ན། སྣོད་ཀྱི་འཇིག་རྟེན་སོགས་ཐུན་མོང་བ་ལྟར་སྣང་བ་དེ་ལས་ཅིག་ཤོས་ཐུན་མོང་མ་ཡིན་པའི་གཟུང་བ་གང་ཞིག་རྣམ་པར་རིག་པའམ་ཤེས་པའི་དོན་ནམ་ཡུལ་དུ་གྱུར་པ། སེམས་ཅན་རྒྱུད་གཞན་གྱི་སེམས་དང་སེམས་བྱུང་ལ་སོགས་པ་ཤེས་པ་དེས་ནི། རིགས་སྔགས་དང་བསམ་གཏན་ལ་སོགས་པའི་སྟོབས་ཀྱིས་ཕ་རོལ་གྱི་སེམས་ཇི་ལྟར་གྱུར་པ་ཤེས་སུ་ཟིན་ཀྱང་། ཡུལ་ཅན་མཉམ་པར་མ་བཞག་པ་དང་མཉམ་པར་བཞག་པའི་དུས་ཀྱི་འཛིན་པའི་རྣམ་པར་རིག་པ་ལ་རྒྱུད་ཐ་དད་པའི་སེམས་གཅིག་ལ་གཅིག་ཕན་ཚུན་དངོས་སུ་ཡུལ་དུ་གྱུར་པ་མ་ཡིན་ཏེ། ཇི་ལྟར་ན་མཉམ་པར་མ་བཞག་པ་དག་ལ་ནི། རང་གི་རྣམ་པར་རྟོག་པ་ཕ་རོལ་གྱི་སེམས་དང་འདྲ་བའི་རྣམ་པར་སྣང་བའི་ཕྱིར་དང་། མཉམ་པར་བཞག་པ་དག་ལ་ནི། ཏིང་ངེ་འཛིན་དེ་ཡི་སྤྱོད་ཡུལ་དུ་འདས་མ་འོངས་མཁྱེན་པའི་རྣམ་པ་དང་འདྲ་བར་ཕ་རོལ་གྱི་སེམས་དེའི་གཟུགས་བརྙན་ཏེ་དེ་དང་འདྲ་བའི་རྣམ་པ་ཙམ་རབ་ཏུ་སྣང་བ་ཡིན་པའི་ཕྱིར་རོ། །དེས་ན་སེམས་ཡུལ་ལ་དམིགས་ནས་དེའི་རྣམ་པར་སྐྱེ་བ་དང་། སེམས་རང་ཉིད་དང་རྫས་གཅིག་ཏུ་མྱོང་བའི་ངོ་བོར་


MR04_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

-aསྐྱེས་པའི་ཡུལ་ཤེས་ཚུལ་གཉིས་མི་འདྲ་སྟེ། རྣལ་འབྱོར་པས། ཕལ་པའི་སེམས་ཀྱི་བདེ་སྡུག་སོགས་དམིགས་པའི་ཚུལ་གྱིས་ཤེས་ཀྱང་། དེ་དང་མྱོང་བ་འདྲ་བར་མི་འགྱུར་བ་བཞིན་ནོ། །འོ་ན་ཕ་རོལ་གྱི་སེམས་དེ་བཞིན་དུ་ཕྱི་དོན་ཀྱང་དངོས་སུམ་མྱོང་བར་རྣམ་པ་ཤར་བས་མྱོང་ན་ཅི་འགལ་སྙམ་ན། ནང་གི་བག་ཆགས་སད་པའི་དབང་གིས་ཤེས་པ་ཉིད་དོན་ལྟར་སྣང་བ་དེ་མེད་ན་ཕྱི་དོན་ཡོད་དུ་ཆུག་ཀྱང་མི་སྣང་སྟེ། ཡི་དྭགས་ཀྱིས་ཆུ་དང་ནམ་མཁའ་མཐའ་ཡས་པས་གཟུགས་བཞིན་ནོ། །ནང་གི་བག་ཆགས་གསལ་བར་སད་ན་ཕྱི་དོན་ཡན་གར་བ་ཡོད་མི་དགོས་ཏེ་ཡི་དྭགས་ལ་རྣག་དང་ནམ་མཁའ་མཐའ་ཡས་པ་ལ་ནམ་མཁའི་སྣང་བ་ཀུན་ཏུ་ཁྱབ་པ་བཞིན་ནོ། །དེས་ན་སྣང་བ་རྣམས་སེམས་ཀྱི་དབང་གིས་བྱུང་བར་ཟད་དེ། སྣང་བའི་དབང་གིས་སེམས་བྱུང་བ་མ་ཡིན་ནོ། །དེ་བཞིན་དུ་རྒྱུད་གཞན་ནི་གཞན་གྱི་སེམས་ཀྱི་དབང་གིས་བྱུང་བ་མ་ཡིན་ཏེ། གཅིག་མྱ་ངན་ལས་འདས་ཀྱང་ཐམས་ཅད་དེ་བཞིན་དུ་འགྱུར་བར་ཁས་ལེན་མི་ནུས་པའི་ཕྱིར་རོ། །འོ་ན་སངས་རྒྱས་ལ་ཆོས་ཐམས་ཅད་མངོན་སུམ་དུ་གྱུར་པའི་ཕྱིར་དེ་ལ་ཅི་སྣང་བ་དེའི་ཡེ་ཤེས་དང་རྫས་གཅིག་ན་སངས་རྒྱས་དང་སེམས་ཅན་གྱི་ཤེས་རྒྱུད་གཅིག་ཏུ་འགྱུར་རོ་ཞེ་ན། སངས་རྒྱས་ལ་བདག་དང་སེམས་ཅན་ཐ་དད་པའི་རྒྱུད་ཀྱི་འདུ་ཤེས་མི་མངའ་སྟེ་ཆོས་ཉིད་བཞིན་དུ་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་ཡིན་པས་ན་དེ་དང་


MR04_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

-bཆོས་ཐམས་ཅད་གཅིག་པ་དང་ཐ་དད་པ་ལ་སོགས་པའི་ཚུལ་དུ་དཔག་པར་མི་ནུས་པར་གསུངས་ཏེ། མ་སྐྱེས་པ་དང་མི་འགག་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ནི། དེ་ལྟར་གཟུང་བར་སྣང་བ་དེ་ནི་རང་གི་ངོ་བོས་འཛིན་པ་ལས་གཞན་དུ་མེད་པར་གྲུབ་ན། འཛིན་པར་སྣང་བ་དེ་ཡང་མེད་པར་གྲུབ་བོ། །དེ་ཅིའི་ཕྱིར་ན་འཛིན་པ་ནི་གཟུང་བ་ལ་ལྟོས་ཏེ་གྲུབ་ཀྱི་ཡན་གར་དུ་ནམ་ཡང་མི་འགྲུབ་བོ། །དེ་ལྟར་ན་གཟུང་བ་དང་འཛིན་པ་གཉིས་ཀྱི་རྣམ་པ་ཐམས་ཅད་དང་བྲལ་ཏེ་ཡུལ་དང་ཡུལ་ཅན་མེད་པའི་རིག་པ་རང་བཞིན་གྱིས་འོད་གསལ་བ་བརྗོད་དུ་མེད་པ་ཙམ་ནི་བདག་གཉིས་ཀྱིས་སྟོང་པའི་ཡོངས་གྲུབ་དེ་བཞིན་ཉིད་དང་ཐ་མི་དད་པ་དེ་ནི་སེམས་ཙམ་པས་ཀྱང་རྟོགས་དགོས་ན་དབུ་མ་པས་ལྟ་ཅི་སྨོས་སོ། །སེམས་ཙམ་པ་ལྟར་ན་དེའི་རང་བཞིན་ལ་སྟོང་ཉིད་བཅུ་དྲུག་གི་དོན་ཡོངས་སུ་རྫོགས་ཏེ་ཕྱི་དང་ནང་ལ་སོགས་པ་གཟུང་འཛིན་གྱི་ཆོས་གང་དུ་ཡང་བསམ་པ་དང་བརྗོད་པར་བྱ་བ་མ་ཡིན་པས་སྤྲོས་བྲལ་དུ་འདོད་དོ། །འོན་ཀྱང་བརྗོད་མེད་ཀྱི་ཤེས་པ་དེ་ཡི་ངོ་བོ་ལ་བདེན་གྲུབ་ཏུ་འཇོག་ཚུལ་གྱི་གྲུབ་མཐའ་ཕྲ་མོ་ཙམ་ཞིག་ལྷག་མར་ལུས་པ་དེ་ཉིད་རིགས་པས་སུན་ཕྱུངས་ཏེ་གཟུང་འཛིན་མེད་པའི་ཤེས་པ་ཉིད་ཀྱང་བདེན་པ་མེད་པའི་སྟོང་པ་དང་ཟུང་དུ་ཞུགས་པའི་རང་སེམས་གདོད་ནས་དག་པའི་འོད་གསལ་ཉིད་དུ་འདོད་ན་དབུ་


MR04_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

-aམ་ཡང་དག་པ་ཡིན་ཏེ། དེས་ན་ཐེག་ཆེན་དབུ་སེམས་འདི་གཉིས་ཞེན་པའི་གནད་ཕྲ་མོ་ཞིག་ཆོད་མ་ཆོད་ཀྱི་ཁྱད་པར་ལས། མཉམ་རྗེས་ཀྱི་ཉམས་ལེན་ཕྱོགས་འདྲ་བ་ལྟ་བུར་འོང་བས་འཕགས་ཡུལ་གྱི་པཎ་གྲུབ་ཆེན་པོ་རྣམས་ཀྱང་ཐེག་པ་ཆེན་པོ་ཉམས་སུ་ལེན་པ་ལ་འདི་གཉིས་ཁྱད་མེད་ལྟ་བུར་མཛད་པའང་དོན་དེ་ལྟ་བུའི་ཕྱིར་ཡིན་ནོ། གོང་དུ་བཤད་པ་གཟུང་འཛིན་གཉིས་མེད་པའི་ཚུལ་ཤེས་པ་དེ་ལས་ཀྱང་ནི་དེ་ཡི་དོན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་ལས་གཟུང་བ་དང་འཛིན་པར་སྣང་བ་མེད་པ་ལ་མངོན་སུམ་དུ་འཇུག་པ་གྲུབ་སྟེ་གཉིས་སུ་མེད་པའི་ཆོས་ཉིད་མཐོང་བར་འགྱུར་རོ། །གཉིས་སུ་མེད་པའི་ཆོས་ཉིད་དེ་ལྟ་བུ་ཡེ་ནས་ཡོངས་སུ་གྲུབ་པའམ། ཡོད་བཞིན་དུ་དེ་མི་སྣང་བར་གཉིས་སུ་སྣང་བའི་འཁྲུལ་བ་དེ་འབྱུང་བར་མི་འཐད་སྙམ་ན། དེ་ལ་མི་འཐད་པ་མེད་དེ་ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོངས་པའི་གཟུང་འཛིན་གཉིས་སྣང་གི་བག་ཆགས་གང་ཞིག་དེ་ཁོ་ན་ཉིད་ལ་སྒྲིབ་པར་བྱེད་པའི་ཚུལ་ཅན་སེམས་ཀྱི་རང་བཞིན་འོད་གསལ་བ་དང་ལྷན་ཅིག་གནས་པ་དེ་ཉིད་ཀུན་ནས་ལྡང་བའམ་མངོན་དུ་སད་པའམ་རྣམ་པར་སྨིན་པ་ཉིད་དུ་གྲུབ་པས་ན། རྒྱུ་དེ་ལས་འཁྲུལ་ཞིང་འཁོར་བ་འབྱུང་བ་ཡིན་ཞེས་སོ། །འོ་ན་ཐོག་མ་མེད་པ་ནས་ལྷན་སྐྱེས་སུ་གནས་པའི་ཕྱིར་ད་ཡང་སྤང་མི་ནུས་སམ་སྙམ་ན། དེ་


MR04_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

-bམ་ཡིན་ཏེ་གཟུང་འཛིན་གཉིས་ཡོངས་སུ་མ་གྲུབ་པར་རབ་ཏུ་གྲུབ་པ་ཡིན་པའི་ཕྱིར་དེ་ལྟར་རྟོགས་ནས་བསྒོམ་པ་ན་དེ་མངོན་དུ་མཐོང་བར་འགྱུར་རོ་ཞེས་གཉིས་མེད་ལ་འཇུག་པ་གྲུབ་པའི་འཐད་པ་བརྗོད་པ་ཡིན་ནོ། །གཉིས་པ་ཆོས་ཉིད་རྒྱས་པར་བཤད་པ་ལ། སྡོམ་གྱིས་མདོར་བསྟན་པ་དང་། སྡོམ་དོན་རྒྱས་པར་བཤད་པ་གཉིས། དང་པོ། དོན་རྣམ་པ་དྲུག་གིས་ཆོས་ཉིད་ལ་འཇུག་པ་བླ་ན་མེད་པ་སྟེ། གང་ཞིག་དོན་དྲུག་པོ་དེ་ཁོང་དུ་ཆུད་ན་རྣམ་བྱང་གི་ཆོས་མ་ལུས་པ་བདེ་བླག་ཏུ་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་རོ། །དེ་གང་ཞེ་ན། ཆོས་ཉིད་ཀྱི་མཚན་ཉིད་ཤེས་པར་བྱ་བ་དང་། དེ་སྐྱེ་བའི་གནས་སམ་གཞི་ཉིད་དུ་གྱུར་པའོ། །ཡང་ན་ཆོས་ཉིད་དེ་དམིགས་པ་གང་ལ་ཀུན་ཏུ་གནས་པ་དེའི་གཞི་དང་། དེ་ངེས་པར་འབྱེད་པ་དང་ཆོས་ཉིད་ཀྱི་དོན་ལ་མངོན་སུམ་རེག་པ་དང་། སླར་ཡང་དེ་ཉིད་ཡང་ནས་ཡང་དུ་རྗེས་སུ་དྲན་པ་དང་། ཆོས་ཉིད་དེའི་བདག་ཉིད་དུ་ཉེ་བར་སོན་པའམ་ཡོངས་སུ་གྲུབ་པ་མཐར་ཕྱིན་པ་ལ་འཇུག་པ་དང་དྲུག་གིས་སོ། །གཉིས་པ་སྡོམ་གྱི་དོན་བཞིན་དྲུག་པོ་དེ་སོ་སོར་བཤད་པ་ལ། དང་པོ་ཆོས་ཉིད་རྣམ་བྱང་གི་མཚན་ཉིད་གང་ཞེ་ན་གོང་དུ་མདོ་རུ་བསྡུས་ཏེ་བསྟན་པའི་སྐབས་སུ་དེ་བཞིན་ཉིད་གཟུང་བ་སོགས་བཞི་དང་བྲལ་བར་ནི་བསྟན་པ་ཇི་ལྟ་བར་ཤེས་པར་བྱའོ། །གཉིས་པ་གནས་ནི་བརྗོད་བྱ་ཀུན་བྱང་གིས་བསྡུས་པའི་ཤེས་བྱའི་ཆོས་རྣམས་ཐམས་


MR04_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

-aཅད་དང་། རྗོད་བྱེད་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་མདོ་སྡེ་ཐམས་ཅད་ཡིན་པར་འདོད་དོ། །ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ལ་ཐ་སྙད་དུ་བླང་དོར་ལ་སོགས་པའི་ཚུལ་དང་དོན་དམ་པར་མི་དམིགས་པར་གཏན་ལ་ཕབ་པ་ལས་མྱང་འདས་ཐོབ་པ་དང་། གསུང་རབ་ལ་ཐོས་བསམ་གྱིས་ཞུགས་པ་ལས་ལམ་སྒྲུབ་ཚུལ་ལ་མ་རྨོངས་པར་འགྱུར་བའི་ཕྱིར་རོ། །གསུམ་པ་དོན་དེ་ལ་ངེས་པར་འབྱེད་པ་ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་མདོ་སྡེ་ཡི་དགོངས་དོན་ལ་བརྟེན་པའི་ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པའི་སྦྱོར་ལམ་ཐམས་ཅད་ལ་བཤད་དོ། །ཅིའི་ཕྱིར་ངེས་འབྱེད་ཅེས་བྱ་སྙམ་ན། ཚོགས་སྦྱོར་དུ་མདོ་སྡེའི་དོན་བཞིན་ཤེས་རབ་གསུམ་གྱི་སྒོ་ནས་ཡིད་ལ་བྱས་པས་ཆོས་ཉིད་ཀྱི་དོན་ངེས་པར་འབྱེད་པའམ་ངོས་ཟིན་པ་ལ་དེ་སྐད་དུ་བྱས་སོ། །བཞི་བ་རིག་པ་ཞེས་བྱ་བ་ནི་ཡུལ་ཅན་ཤེས་རབ་ཀྱི་སྤྱན་ནས་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ཐོབ་པའི་ཕྱིར་མཐོང་བའི་ལམ་གྱིས་དོན་སྤྱི་ཙམ་མ་ཡིན་པར་མཉམ་བཞག་ཏུ་མངོན་སུམ་གྱི་ཚུལ་དུ་ཡུལ་དེ་བཞིན་ཉིད་མཐོང་སྤང་གི་དྲི་མས་དག་པ་མངོན་དུ་ཐོབ་ཅིང་། རྗེས་ཐོབ་ཏུ་ཡང་དག་པའི་ལྟ་བས་ཉམས་སུ་མྱོང་བ་གང་ཡིན་པའོ། །ལྔ་བ་རྗེས་སུ་དྲན་པ་ཞེས་བྱ་བ་ནི་སྔར་སོ་སོ་རང་རིག་པས་ནི་ཆོས་ཉིད་མངོན་སུམ་མཐོང་བའི་དོན་རྟོགས་ཟིན་ལ། སླར་ཡང་བསྒོམ་པའི་ལམ་གྱི་སྐབས་ན་ཡང་ཡང་དྲན་


MR04_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

-bཞིང་རྟོགས་པར་བྱེད་པ་བྱང་ཆུབ་ཀྱི་ཕྱོགས་ཀྱིས་བསྡུས་པ་ཐམས་ཅད་ལ་དེ་ལྟར་བརྗོད་པ་སྟེ། བསྒོམ་ལམ་དེ་ནི་བསྒོམ་པས་སྤང་བར་བྱ་བའི་དྲི་མ་རྣམས་སེལ་བའི་ཕྱིར་བསྒོམ་པའོ། །དྲུག་པ་ལ་མཐར་ཐུག་གི་གནས་ཡོངས་སུ་གྱུར་པའི་ངོ་བོ་ངོས་བཟུང་བ་དང་། དེའི་ཁྱད་པར་གྱི་ཆོས་རྣམས་རྒྱས་པར་བཤད་པ་གཉིས། དང་པོ་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་དེ་ལ་དེ་ཡི་བདག་ཉིད་དུ་ཉེ་བར་སོན་པ་ནི་དེ་བཞིན་ཉིད་དེ་གློ་བུར་གྱི་དྲི་མ་མེད་པར་གྱུར་པ་ན། གནས་སྣང་རྣམ་པ་ཀུན་ཏུ་མཚུངས་པར་གྱུར་ཏེ་ཆོས་ཐམས་ཅད་དེ་བཞིན་ཉིད་ཙམ་དུ་སྣང་བ་ཡིན་ལ། དེ་ཡང་དེའི་ཚེ་གནས་གྱུར་པ་ཡོངས་སུ་རྫོགས་པ་ཉིད་དུ་གྲུབ་པ་ཡིན་ནོ། །ཞེས་གནས་གྱུར་ཙམ་ས་དང་པོ་ནས་ཡོད་ཀྱང་མཐར་ཐུག་གི་ས་འདིར་གནས་གྱུར་མཐར་ཐུག་གྲུབ་པ་ཡིན་ནོ། །ཞེས་སོ། །གཉིས་པ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་དོན་རྣམ་པ་བཅུས་གནས་ཡོངས་སུ་གྱུར་པ་ལ་ཤེས་ཤིང་སྒྲུབ་པའི་ཚུལ་གྱིས་འཇུག་པ་ནི་བླ་ན་མེད་པ་ཉིད་ཡིན་ཏེ་བཅུ་པོ་དེས་གནས་ཡོངས་སུ་གྱུར་པའི་དོན་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ཅིང་དེ་སྒྲུབ་པ་ལས་འབྲས་བུའི་མཐར་ཐུག་ཐོབ་པའི་ཕྱིར་རོ། །བཅུ་པོ་དེ་གང་ཞེ་ན། རང་བཞིན་ནམ་ངོ་བོ་དང་། དངོས་པོའམ་རྫས་དང་། གང་ཟག་དང་། ཁྱད་པར་དང་། དགོས་པ་དང་། དེའི་གནས་སམ་རྟེན་གང་ཡིན་པ་དང་ནི། ཡིད་ལ་བྱེད་པ་


MR04_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

-aདང་། སྦྱོར་བ་དང་། དེ་མེད་པའི་ཉེས་དམིགས་དང་། ཡོད་པའི་ཕན་ཡོན་ལ་འཇུག་པས་སོ། །གཉིས་པ་མདོར་བསྟན་གྱི་རིམ་པ་དང་མཚུངས་པར་རྒྱས་བཤད་བཅུ་ལས། དང་པོ། དེ་ལ་རང་བཞིན་ནམ་ངོ་བོར་འཇུག་པ་ནི། གློ་བུར་བ་ཡི་དྲི་མ་དང་། དེ་བཞིན་ཉིད་རིམ་པ་བཞིན་མི་སྣང་བ་དང་སྣང་བའི་དོན་དུ་ཆོས་ཉིད་དེ་བཞིན་ཉིད་དེ་གློ་བུར་གྱི་དྲི་མ་མེད་པ་གང་ཡིན་པ་སྟེ་ཆོས་ཉིད་དྲི་བྲལ་རང་གི་ངོ་བོ་ཇི་བཞིན་པར་སྣང་བའོ། །གཉིས་པ་གནས་ཡོངས་སུ་གྱུར་པ་དེའི་དངོས་པོའམ་རྫས་ཉིད་ལ་འཇུག་པ་ནི་སྐབས་འདིར་རྣམ་པ་གསུམ་དུ་བསྡུས་ཏེ་བསྟན་པ་ནི་ཐུན་མོང་བ་ལྟར་སྣང་བ་སྣོད་ཀྱི་འཇིག་རྟེན་གྱི་རྣམ་པར་རིག་པའམ་རྣམ་པར་སྣང་བ་དེ་བཞིན་ཉིད་དུ་གནས་ཡོངས་སུ་གྱུར་པ་དང་། མིང་ཚིག་ཡི་གེའི་རྣམ་པར་སྣང་བའི་རྗོད་བྱེད་དུ་གྱུར་པ་མདོ་སྡེ་རྣམས་ཀྱི་ཆོས་ཀྱི་དབྱིངས་ཉིད་ཀྱི་དེ་བཞིན་ཉིད་དུ་གྱུར་པ་དང་། ཐུན་མོང་མིན་པ་རྒྱུད་སོ་སོས་བསྡུས་པའི་སེམས་ཅན་གྱི་ཁམས་ཀྱི་སེམས་སེམས་བྱུང་གི་རྣམ་པར་རིག་པ་ཡི་ཚོགས་དེ་བཞིན་ཉིད་དུ་གནས་གྱུར་པ་དང་གསུམ་གྱི་ཚུལ་དུ་ཤེས་པར་བྱའོ། །དེ་ལ་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་འགའ་ཙམ་ཡང་ཡོད་པ་མ་ཡིན་པས་ན་གནས་གྱུར་པའི་ཚེ་ཟག་པ་མེད་པའི་དབྱིངས་ན་ཆོས་ཅན་རྣམ་པ་ཐམས་ཅད་པའི་མཐའ་དང་མཉམ་པའི་གནས་གྱུར་གྱི་ཡོན་ཏན་


MR04_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

-bབསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། འདིར་སྣོད་དང་དེའི་ཤུགས་ཀྱིས་ལུས་སུ་སྣང་བ་ཐམས་ཅད་གནས་གྱུར་བའི་མཐའ་དབུས་མེད་པའི་དེ་བཞིན་ཉིད་བརྡལ་བ་ཆོས་སྐུ་ཐོབ་པ་དང་། གཉིས་པ་མདོ་སྡེས་མཚོན་པའི་ངག་གི་འདུ་བྱེད་དུ་གཏོགས་པ་ཐམས་ཅད་གནས་གྱུར་པའི་ཆོས་ཀྱི་སྒྲ་དབྱངས་རྒྱུན་ཆད་པ་མེད་ཅིང་ཟད་མི་ཤེས་པའི་ཡོན་ཏན་ལ་དབང་འབྱོར་བ་ལོངས་སྐུ་ཐོབ་པ་དང་། སེམས་ཀྱིས་བསྡུས་པ་ཀུན་གཞི་དང་དེ་ལ་བརྟེན་པའི་ཚོགས་བདུན་གནས་གྱུར་པ་ཡེ་ཤེས་ལྔའི་མཁྱེན་པ་དང་ལྡན་པ་སྤྲུལ་པའི་སྐུ་ཐོབ་པའོ། །ཡང་ན་རིམ་པ་བཞིན་ཞིང་དང་ལུས་ཡོངས་སུ་དག་པར་སྣང་བ་དང་། དམ་པའི་ཆོས་འདོམས་པ་དང་། ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་ཀྱིས་ཤེས་བྱའི་རྣམ་པ་ཐམས་ཅད་ལུང་སྟོན་པའི་ཁྱད་པར་དུ་བལྟ་བར་བྱའོ། །དེ་ལ་གཟུགས་ཅན་དང་ངག་གི་སྒྲར་བསྡུས་པ་ནི་གནས་མ་གྱུར་པའི་སྐབས་ན་ཐུན་མོང་དུ་སྣང་རུང་བ། སེམས་ནི་ཐུན་མོང་མིན་པ་ཡིན་ལ། གནས་གྱུར་པའི་ཚེ་དེ་ལ་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་སྣང་བ་ལས་ཐ་དད་པ་དང་། མ་དག་པ་མེད་པས་རང་སྣང་དག་པ་འབའ་ཞིག་གི་ཁྱད་པར་དུ་བྱས་ཏེ་སྣང་བ་ཡིན་ནའང་། གནས་མ་གྱུར་པ་རྣམས་ཀྱི་སྣང་ངོ་ལ་དེ་ཉིད་སྟོན་པ་དང་བསྟན་པ་ལ་སོགས་པ་ཐ་དད་པའི་ཚུལ་དུ་འཆར་བ་ཡིན་ནོ། །གསུམ་པ། གང་ཟག་གི་གནས་གྱུར་བ་དག་ལ་འཇུག་པ་ནི། བཤད་མ་ཐག་


MR04_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

-aཔའི་གནས་གྱུར་དང་པོ་གཉིས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཡུལ་དུ་གྱུར་པའི་དེ་བཞིན་ཉིད་གནས་ཡོངས་སུ་གྱུར་པ་སྟེ། སྐུ་གསུམ་ལྟར་ན་ཆོས་སྐུ་ནི་སངས་རྒྱས་ཉིད་ཀྱི་ཡུལ་དང་། ལོངས་སྐུ་ནི་བྱང་ཆུབ་སེམས་དཔའི་ཡུལ་དུ་གྱུར་བའོ། །ཞིང་ཁམས་དང་ལུས་ཡོངས་སུ་དག་པ་དང་དམ་པའི་ཆོས་ཚད་མེད་པའི་སྣང་བ་ལ་དབང་འབྱོར་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོད་ཀྱི་ཉན་ཐོས་ལ་མེད་པའི་ཕྱིར་རོ། །ཕྱི་མ་སེམས་ཀྱི་གནས་གྱུར་འདི་ནི་ཉན་ཐོས་རྣམས་དང་ནི་རང་སངས་རྒྱས་ཀྱི་ཡང་ཡིན་ནོ། །ཞེས་ཇི་ལྟར་ཞེ་ན་སྐུ་གསུམ་གྱི་དབང་དུ་བྱས་ན་ཉན་རང་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ཅད་པའི་ཡེ་ཤེས་མངའ་བའི་སྤྲུལ་སྐུ་མཐོང་ནུས་པའམ། ཡང་ན་དེ་དག་གི་ཀུན་གཞིའི་སྟེང་གི་ཉོན་མོངས་པའི་ཡིད་གནས་གྱུར་པའི་ཆ་ནས་ཕྱི་མ་དེའི་ཆ་ཙམ་ཡོད་པ་ཡིན་པས། ཕྱི་མ་འདི་འཕགས་པ་བཞི་བོའི་ཡང་ཐུན་མོང་ལྟ་བུར་གསུངས་མོད་ཀྱི་འོན་ཀྱང་ཉན་རང་ལ་སེམས་ཀྱི་གནས་གྱུར་ཡོངས་སུ་རྫོགས་པ་མེད་དོ། །བཞིབ་གནས་ཡོངས་སུ་གྱུར་པ་ཁྱད་པར་ཅན་ལ་འཇུག་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་གྱུར་ཏེ། གང་གིས་ན་བདག་མེད་གཉིས་ཡོངས་སུ་རྫོགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཐུས་གནས་གྱུར་མཐར་ཐུག་ཐོབ་པའི་ཕྱིར་རོ། །དེ་ཇི་ལྟར་ཞེ་ན་ཆོས་ཐམས་ཅད་ཐམས་ཅད་ནས་ཐམས་


MR04_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

-bཅད་དུ་གནས་གྱུར་པའམ་མངོན་པར་བྱང་ཆུབ་པའམ། མྱ་ངན་ལས་འདས་པའི་རང་བཞིན་དུ་སྣང་བའི་ཕྱིར། ནམ་མཁའ་མཐས་གཏུག་པར་ཞིང་ཡོངས་སུ་དག་པའི་ཁྱད་པར་དང་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་སྐུ་གསུམ་པོ་ཐོབ་པས་རིམ་པ་ལྟར། ཤེས་བྱ་ཀུན་ལ་ཡེ་ཤེས་ཀྱི་གཟིགས་པ་རྣམ་པར་དག་པ་དང་། ཟབ་ཅིང་རྒྱ་ཆེ་བའི་ཆོས་རྨད་དུ་བྱུང་བ་ཐེག་པ་ཆེན་པོ་འདོམས་པར་མཛད་པ་དང་ནི། མངོན་ཤེས་སོགས་ཀྱི་མཐུ་ཐོགས་པ་མེད་པ་ཐོབ་པས་གཞན་གྱི་དོན་ལ་ཇི་ལྟར་བཞེད་པ་བཞིན་མངའ་དབང་འབྱོར་བ་ཉིད་ཐོབ་པའི་ཁྱད་པར་ལས་ནི་ཉན་རང་ལས་འཕགས་པ་ཡིན་ནོ། །ལྔ་བ་གནས་ཡོངས་སུ་གྱུར་པ་ཁྱད་པར་ཅན་དེ་ལ་དགོས་པའམ་མཁོ་བའི་རྒྱུ་ཉིད་དུ་གྱུར་པ་གང་ཡིན་པ་རྟོགས་པའམ་ཤེས་པར་བྱ་བ་ལ་འཇུག་པ་ནི། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པས་དེ་ཡི་དོན་དུ་སྨོས་ལམ་བཏབ་པ་སྟེ། བྱང་ཆུབ་སེམས་དཔའི་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པ་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་དང་། ཐེག་པ་ཆེན་པོའི་ལམ་དང་འབྲས་བུ་སྟོན་པ་ཡི་ཟབ་ཅིང་རྒྱ་ཆེ་བའི་གསུང་རབ་མཐའ་དག་ལ་དམིགས་པའི་སྒོ་ནས་ཤེས་བྱ་བདེན་པ་གཉིས་ལ་སྒྲོ་འདོགས་ཆོད་པའི་ཁྱད་པར་དང་། སྤང་རྟོགས་མཐར་ཕྱིན་པར་སྒྲུབ་པའི་ཆེད་དུ་ས་བཅུ་ལ་གོང་ནས་གོང་དུ་རབ་ཏུ་སྦྱོར་བའི་ཁྱད་པར་དང་གསུམ་གྱིས་ཉན་རང་གི་ལམ་ལས་འཕགས་པའི་གནས་གྱུར་མཐར་ཐུག་པ་དེའི་


MR04_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

-aརྒྱུ་གཏན་ལ་དབབ་པར་བྱའོ། །དེ་ནི་དགོས་པའི་ཁྱད་པར་རོ། །དྲུག་པ་རྟེན་ལ་མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་གནས་ཡོངས་སུ་གྱུར་པ་མཐར་ཐུག་པ་དེའི་གནས་སམ་གཞིའམ་རྟེན་ཉིད་དུ་གྱུར་པའི་ཚུལ་ལ་འཇུག་པ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་ཡིན་ཏེ། གང་གི་ཕྱིར་ཞེ་ན་ཡེ་ནས་རྣམ་པར་དག་པའི་གནས་ལུགས་དེ་བཞིན་ཉིད་ཀྱི་དོན་མངོན་དུ་གྱུར་ཅིང་དེའི་རང་བཞིན་དུ་བྱེད་པ་ལ་དེ་ཉིད་ཇི་བཞིན་པར་རྟོགས་པའི་མི་རྟོག་ཡེ་ཤེས་ཉིད་ཀྱི་སྒོ་ནས་ཐོབ་དགོས་ཀྱི། གཞན་དུ་ནམ་ཡང་མི་ཐོབ་པའི་ཕྱིར། དེ་ནི་དེ་འཐོབ་པའི་རྟེན་ཡིན་པའི་ཕྱིར་རོ། །མི་རྟོག་ཡེ་ཤེས་དེ་ཅི་ལྟ་བུ་ཞེ་ན་དེའི་ཚུལ་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབ་པ་ལ་འཇུག་པ་རྣམ་པ་དྲུག་གིས་ཏེ། གང་ཞེ་ན་གང་ལ་དམིགས་ནས་དེ་སྐྱེད་པའི་དམིགས་པ་ལ་འཇུག་པ་དང་། ཡེ་ཤེས་དེ་ཡི་མི་མཐུན་ཕྱོགས་མཚན་མ་སྤངས་པ་ལ་འཇུག་པ་དང་། ཡེ་ཤེས་དེ་ཉིད་རྒྱུད་ལ་བསྐྱེད་ཚུལ་ཡང་དག་པ་ཡི་སྦྱོར་བ་ལ་འཇུག་པ་དང་། ཡེ་ཤེས་དེ་ཡི་བྱེད་ལས་སམ་སྤྱོད་ཡུལ་གྱི་མཚན་ཉིད་ཅི་ལྟ་བུ་ཡིན་པ་ལ་འཇུག་པ་དང་ནི་ཡེ་ཤེས་དེ་ལ་བརྟེན་པའི་ཕན་ཡོན་ལ་འཇུག་པ་དང་། ཡེ་ཤེས་དེ་ཡི་རང་གི་ངོ་བོ་ཅི་ལྟ་བུ་ཡིན་པ་ཡོངས་སུ་ཤེས་པ་ལ་འཇུག་པས་སོ། །གཉིས་པ་ལ་མདོར་བསྟན་གྱི་རིམ་པ་དང་མཐུན་པར་དེ་དྲུག་པོ་བཤད་པ་ལས། དེ་ལ་དང་པོ་དམིགས་པ་ལ་


MR04_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

-bའཇུག་པ་ནི་རྣམ་པ་བཞིར་ཤེས་པར་བྱ་སྟེ། ཐེག་པ་ཆེན་པོ་སྟོན་པ་ཡི་གཞུང་ཟབ་ཅིང་རྒྱ་ཆེ་བ་ལ་དམིགས་དགོས་ལ། དེ་ཡང་ཐེག་པ་ཆེན་པོའི་བཤེས་གཉེན་བསྟེན་ནས་གདམས་པ་ཕྱིན་ཅི་མ་ལོག་པ་མཉན་པར་བྱ་བ་དང་། དེ་ལ་མོས་པ་མཆོག་ཏུ་བྱ་བ་དང་། དེའི་དོན་ལ་རིགས་པ་བཞིས་ཐེ་ཚོམ་མེད་པའི་ངེས་པ་སྐྱེད་པ་དང་། ངེས་པའི་དོན་བཞིན་ཡིད་ལ་བྱེད་པའི་སྒོ་ནས་ཚོགས་ནི་ཡོངས་སུ་རྫོགས་པར་བྱས་པ་དང་བཞིས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པར་བྱ་སྟེ། དམིགས་པ་དེ་བཞིའི་གང་རུང་ཞིག་མ་ཚང་ན་ཡང་དེ་ཚུལ་བཞིན་མི་སྐྱེ་བར་ཤེས་པས་དེ་བཞིན་དུ་བྱ་བར་གདམས་སོ། །གཉིས་པ་རློམ་སེམས་ཀྱི་མཚན་མ་སྤངས་པ་ལ་འཇུག་པ་ཡང་ནི་རྣམ་པ་བཞི་སྟེ། འདོད་ཆགས་སོགས་མི་མཐུན་པ་ཡི་ཕྱོགས་ལ་ཞེན་པའི་མཚན་མ་དང་། སྤོང་བྱེད་ཀྱི་གཉེན་པོ་མི་སྡུག་པ་སོགས་ལ་ཞེན་པའི་མཚན་མ་དང་། དམིགས་པ་དེ་བཞིན་ཉིད་ལ་ཞེན་པའི་མཚན་མ་དང་། ཡུལ་ཅན་རྟོགས་པའམ་ལམ་གྱི་འབྲས་བུ་ཡང་དག་པའི་ལྟ་བ་དང་སྟོབས་བཅུ་ལ་སོགས་པའི་རྟོགས་པ་ཡི་ཆོས་ལ་ཞེན་པའི་མཚན་མ་དག་ནི་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པའི་རྟོགས་པ་ཡིན་ལ། དེ་དག་རྣམ་པར་སྤངས་པས་ཡེ་ཤེས་དེ་ཡོངས་སུ་དག་པ་ཐོབ་ཞེས་སོ། །མཚན་མ་བཞི་སྤངས་པ་འདིས་ནི་གོང་གི་རིམ་པ་ཇི་ལྟ་བ་བཞིན་དུ། རགས་པ་དང་འབྲིང་དང་ཕྲ་མོ་དང་ཡུན་རིང་དུ་བདག་གི་རྒྱུད་ལ་རྗེས་སུ་འབྲེལ་བ་ཡི་མཚན་མ་སྤང་


MR04_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

-aདཀའ་བའི་བར་དུ་རིམ་བཞིན་ཡོངས་སུ་སྤངས་པའི་ཚུལ་བརྗོད་པ་ཡིན་ཏེ། རྣམ་པར་མི་རྟོག་པའི་གཟུངས་བསྟན་པའི་མདོ་ལས་གསུངས་པ་བཞིན་ནོ། །དེ་ལ་གནས་ངན་ལེན་པའི་རྒྱུ་ཆགས་སོགས་ཀུན་ནས་ཉོན་མོངས་པའི་ཆོས་སུ་གྱུར་པ་རྣམས་ནི་རྟོགས་སླ་ཞིང་ཡིད་འབྱུང་སླ་བའི་ཕྱིར་མི་མཐུན་ཕྱོགས་ལ་ཞེན་པའི་མཚན་མ་ནི་རགས་པ་སྟེ་དང་པོར་སྤོང་ངོ་། །དེའི་གཉེན་པོ་མི་སྡུག་པ་སོགས་ལ་ཡོན་ཏན་དུ་ལྟ་བས་མཚན་མ་འབྲིང་པོ་སྟེ་སྔ་མའི་རྗེས་སུ་སྤོང་ངོ་། །དེ་བཞིན་ཉིད་ནི་སྤང་བྱ་ཀུན་གྱི་གཉེན་པོ་བླ་ན་མེད་པ་ཡིན་པ་དང་རྟོགས་བྱའི་དམ་པ་ཡིན་པས་དེ་ལ་ཞེན་ཞིང་མཚན་མར་འཛིན་པ་ནི་རྟོག་པ་ཕྲ་མོ་སྤང་དཀའ་བ་སྟེ་སྔ་མའི་རྗེས་སུ་སྤོང་ངོ་། །རྟོག་པ་ལ་ཞེན་པའི་མཚན་མ་ནི་ཐམས་ཅད་ཀྱི་རྗེས་སུ་སྤོང་སྟེ། དེ་ནི་ས་དང་ལམ་གྱི་སྐབས་ན་གོང་མའི་རྟོག་པ་ལ་ཐོབ་འདོད་ཀྱི་འདུན་པ་ཕྲ་མོ་མི་འདོར་བས་ཡུན་རིང་དུ་རྗེས་སུ་འབྲེལ་བ་སྟེ་དག་པར་མི་རྟོག་ཡེ་ཤེས་ཡོངས་སུ་སྨིན་པའི་བར་དུ་རྟོག་པ་ཕྲ་མོའི་ཚུལ་དུ་རྒྱུད་ལ་འབྲེལ་བ་ཡིན་ནོ། །གསུམ་པ། ཡང་དག་པ་ཡི་སྦྱོར་བ་ལ་འཇུག་པ་དེ་ཡང་ནི་རྣམ་པ་བཞི་སྟེ། དང་པོར་ཆོས་ཐམས་ཅད་སེམས་ཙམ་དུ་དམིགས་པ་ཡི་ནི་སྦྱོར་བ་ལ་འཇུག་པ་དང་། དེ་ལ་བརྟེན་ནས་གཟུང་བ་མི་དམིགས་པ་ཡི་སྦྱོར་བ་ལ་འཇུག་པ་དང་། དེ་ལ་བརྟེན་ནས་གཟུང་བ་ལ་དམིགས་པའམ་འཛིན་པ་ཉིད་ཀྱང་མི་དམིགས་པའི་སྦྱོར་བ་ལ་


MR04_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

-bའཇུག་པ་དང་། དེ་ལ་བརྟེན་ནས་གཟུང་འཛིན་གང་དུའང་མི་དམིགས་པ་དེ་བཞིན་ཉིད་ལ་དམིགས་པའི་སྦྱོར་བ་ལ་འཇུག་པའི་ཚུལ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པ་ཡིན་པ་ཤེས་པར་བྱའོ། །དེ་ལ་ཕྱིའི་དོན་རང་བཞིན་མེད་པར་རྟོགས་སླ་ལ། དེ་ལས་འཛིན་པ་མི་དམིགས་པ་རྟོགས་དཀའ་བ་སོགས་ཀྱི་ཕྱིར་གོ་རིམ་བཞིན་དུ་རྒྱུད་ལ་སྐྱེད་ཚུལ་ཏེ། དྲོད་སྣང་བ་ཐོབ་པའི་ཏིང་ངེ་འཛིན་སོགས་སུ་གསུངས་པ་དང་ཚུལ་འདྲའོ། །བཞི་པ། དེ་ལ་མཚན་ཉིད་ལ་འཇུག་པ་ནི་རྣམ་པ་གསུམ་གྱིས་ཤེས་པར་བྱ་སྟེ། ཆོས་ཉིད་རང་གི་ངོ་བོ་ལ་གནས་པའི་མཚན་ཉིད་དང་། དེ་ལ་སྣང་མེད་དུ་བཞག་པའི་མཚན་ཉིད་དང་། སྣང་བཅས་སུ་བཞག་པའི་མཚན་ཉིད་དོ། །དང་པོ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་ལ་གནས་པ་ཉིད་ལས་ནི། གཟུང་འཛིན་གཉིས་སམ་ཡང་ན་བདེན་པ་གཉིས་སུ་བློས་དབྱེར་མེད་ཅིང་ངག་གིས་མཐའ་འམ་རྣམ་པ་གང་དུའང་བརྗོད་དུ་མེད་པའི་ཆོས་ཉིད་ལ་རབ་ཏུ་གནས་པའི་ཕྱིར་རོ། །དེ་ཡང་མཐར་ཐུག་པ་ནི་བདེན་གཉིས་དབྱེར་མེད་རོ་གཅིག་ཏུ་ཐུགས་སུ་ཆུད་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་དེ་ཇི་ལྟ་བ་བཞིན་དུ་གཟིགས་ལ་སློབ་ལམ་ན་དེ་ཡི་རྗེས་སུ་མཐུན་པ་ཡོད་པའོ། །གཉིས་པ། མི་རྟོག་པའི་ཡེ་ཤེས་སྣང་བ་མེད་པ་ཉིད་ཐོབ་པ་ལས་འདི་ལྟར་རྟོག་མེད་དབང་ཤེས་ལ་གཟུང་འཛིན་གཉིས་སུ་སྣང་བ་༡དང་ནི་གཉིས་སྣང་དེ་ལ་དེར་ཞེན་ནས་རྟོག་པ་དང་བཅས་པའི་


MR04_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

-aཡིད་ཀྱིས་ཇི་ལྟར་སྣང་བ་དེ་ལ་དེ་དང་དེར་མངོན་པར་བརྗོད་པ་སྟེ། ནང་གི་བརྗོད་པའམ་༢ཡིད་ཀྱིས་གཟུང་འཛིན་དུ་རྟོག་པ་དང་། ༣མིག་སོགས་ནང་གི་དབང་པོ་༤དང་། གཟུགས་སོགས་ཕྱིའི་ཡུལ་དང་། ༥ མིག་གི་རྣམ་ཤེས་སོགས་རྣམ་པར་རིག་པ་དང་། ༦ཐུན་མོང་སྣོད་ཀྱི་འཇིག་རྟེན་ཏུ་སྣང་བ་འདི་དག་ཐམས་ཅད་ནས་ཐམས་ཅད་དུ་ནུབ་སྟེ་མེད་པའི་ཕྱིར་དེ་གང་གིས་ཀྱང་ཁྱད་པར་བྱར་མེད་པའི་དེ་བཞིན་ཉིད་རོ་གཅིག་ཏུ་སྣང་བ་ནི་སྟོང་པ་ཉིད་ལ་གཉིས་སྣང་ནུབ་བོ་ཞེས་བྱའོ། །དེས་ན་བཤད་མ་ཐག་པའི་དོན་དྲུག་བསྟན་པ་འདིས་ནི་རིམ་པ་ལྟར། དབང་པོ་སོགས་ཀྱི་ཤེས་པ་བརྟག་ཏུ་མེད་པ། ༡ངག་གིས་བསྟན་དུ་མེད་པ། ༢ ཤེས་པ་སྐྱེ་བའི་གནས་སམ་རྟེན་མེད་པ། ༣ཡུལ་དུ་སྣང་༤བ་མེད་ཅིང་ཡུལ་ཅན་རྣམ་པར་རིག་པ་༥མེད་པ། ཐུན་མོང་གི་རྟེན་སྣོད་ཀྱི་གནས་མེད་༦པ་ཞེས་བྱ་བ་སྟེ། ཚུལ་འདིས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཚན་ཉིད་བསྟན་པ་ཡིན་ལ། དེ་ནི་དེ་བཞིན་གཤེགས་པས་མདོ་ལས་གསུངས་པ་བཞིན་དུ་འདིར་བརྗོད་པ་ཡིན་ནོ། །ཇི་ལྟར་ན་དཀོན་མཆོག་བརྩེགས་པའི་འོད་སྲུང་གིས་ཞུས་པ་ལུང་བསྟན་པ་ལས། འོད་སྲུང་རྟག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །མི་རྟག་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་


MR04_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

-bཔ་མེད་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །ཞེས་དང། དེ་བཞིན་དུ་བདག་བདག་མེད་འཁོར་བ་མྱང་འདས་ཡོད་པ་དང་མེད་པ་སོགས་ལ་སྦྱར་ཏེ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ་སོགས་གོང་ལྟར་གསུངས་སོ། །དེའི་ཕྱིར་སྣང་བ་དེ་དག་གི་རང་བཞིན་ལས་འདས་པའི་སྣང་བ་མེད་པའི་ཡེ་ཤེས་རང་འོད་གསལ་བ་ནམ་མཁའ་དང་མཉམ་པ་དེ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྣང་བ་མེད་པ་ཞེས་བྱ་ལ། དེ་རང་གི་ངོ་བོ་ནི་རྣམ་པར་ཤེས་པ་ལས་འདས་པའི་ཡེ་ཤེས་ཡིན་ཏེ་འདུས་བྱས་འདུས་མ་བྱས་སོགས་ཀྱི་ཁམས་གང་དུའང་མ་གཏོགས་པའོ། །དེའི་ཕྱིར་དེའི་ངོ་བོ་ལ་སྣང་བ་དེ་དག་གིས་རིས་སུ་བཅད་པ་མེད་དེ་ཆོས་ཉིད་དང་གཉིས་སུ་མེད་པར་རང་གསལ་བའོ། །ཇི་ལྟ་བ་རྟོགས་པའི་ཡེ་ཤེས་ཀྱི་ལྡོག་ཆ་ནས་བསྟན་ན། རྟག་ཏུ་འདིའི་ངང་ཚུལ་ལས་མ་གཡོས་བཞིན་དུ་ཇི་སྙེད་པའི་ཡེ་ཤེས་ཀྱིས་སྣང་བ་ཐམས་ཅད་མཉམ་ལ་མ་འདྲེས་པར་གཟིགས་པ་འབྱུང་སྟེ་འགལ་མེད་ཟུང་གཅིག་ཏུ་རུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་ཆོས་ཐམས་ཅད་རོ་མཉམ་པ་ལས་མ་གཡོས་བཞིན་དུ་ཆོས་ཅན་ཐམས་ཅད་སྣང་བར་ཟད་ཀྱི་དེ་གཉིས་མི་འགལ་བ་བཞིན་དུ། ཆོས་ཉིད་གཟིགས་པའི་ཡེ་ཤེས་ཀྱི་རང་སྣང་ལ་སྣང་བ་མི་འགག་པར་ཤར་ཡང་དེ་དང་དེར་དམིགས་པ་མེད་པའི་ཆ་ནས་


MR04_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

-aགོང་གི་སྣང་མེད་དུ་བསྟན་པའི་དོན་ཡོངས་སུ་རྫོགས་པ་ཡིན་ཏེ་ཐ་མལ་བའི་གཉིས་སྣང་ལ་སོགས་པའི་རང་བཞིན་ལས་འདས་པའི་ཕྱིར་རོ། །འདི་ཤིན་ཏུ་གལ་ཆེ་བའི་ཟབ་དོན་དེ་འཕྲོས་སུ་བཤད་པའོ། །གཉིས་པ། སྣང་བ་ལས་ནི་ཇི་ལྟར་ན་མཉམ་བཞག་ཏུ་ནི་ཆོས་ཐམས་ཅད་རོ་མཉམ་པར་དེ་བཞིན་ཉིད་ཀྱི་ངོ་བོས་དམིགས་པར་བྱར་མེད་པ། དཔེར་ན་ནམ་མཁའི་དཀྱིལ་ལྟར་མཉམ་པ་ཉིད་དུ་སྣང་བའི་ཕྱིར་རོ། །མཉམ་བཞག་དེ་ལྟ་བུའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ནི་འདུ་བྱེད་པའི་ཆོས་ཐམས་ཅད་ཅི་དང་གང་སྣང་བ་མ་ལུས་པ་སྣང་ཡང་རང་བཞིན་མ་གྲུབ་པའི་སྒྱུ་མ་དང་སྨིག་རྒྱུ་དང་རྨི་ལམ་ལ་སོགས་པ་ལྟ་བུར་སྣང་བ་ཡིན་པའི་ཕྱིར་རོ། །མཉམ་རྗེས་མེད་པར་ཟུང་གཅིག་ཏུ་ཆུད་པ་མཐར་ཐུག་པ་ནི་སངས་རྒྱས་ཀྱི་སར་འབྱུང་ཞིང་། རྗེས་མཐུན་པ་འཕགས་པའི་ས་དང་ཆ་འདྲ་བ་སྔགས་ལམ་གྱི་དཔེ་ཡི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ན་ཡང་འབྱུང་སྟེ་ཐབས་ཟབ་པའི་ཕྱིར་རོ། །ཚུལ་འདིས་མཐར་ཐུག་སངས་རྒྱས་ཀྱིས་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་རྣམ་པ་གཉིས་པོས་གཟིགས་ཚུལ་དང་སློབ་ལམ་དུ་མཉམ་བཞག་སྣང་བཅས་སྣང་མེད་མི་འགལ་བའི་གནད་ཤེས་དགོས་པས་ཤིན་ཏུ་གལ་ཆེ་བའི་ཕྱིར་འཕྲོས་དོན་ཅུང་ཟད་དང་བཅས་ཏེ་བཤད་པ་ཡིན་ནོ། །ལྔ་བ་མི་རྟོག་ཡེ་ཤེས་དེ་ཡི་ཕན་ཡོན་ལ་འཇུག་པ་ནི་རྣམ་པ་བཞི་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་ཀྱིས། སྒྲིབ་པ་གཉིས་


MR04_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

-bདང་བྲལ་བའི་གནས་ཡོངས་སུ་གྱུར་པ་མཐར་ཐུག་པ་ཆོས་ཀྱི་སྐུ་རྫོགས་པར་ཐོབ་པ་དང་། འགྱུར་ཞིང་མི་བརྟན་པ་ཟག་བཅས་ཀྱི་བདེ་བ་བག་ཆགས་དང་བཅས་པ་ལས་འདས་ནས་གོང་ན་མེད་པའི་བདེ་བ་ཆེན་པོ་ཟག་པ་མེད་ཅིང་གཏན་དུ་འཕོ་འགྱུར་མེད་པ་ཐོབ་པ་དང་། ཇི་ལྟ་བ་དང་ཇི་སྙེད་པས་བསྡུས་པའི་ཤེས་བྱ་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པའི་གཟིགས་པ་རྣམ་པར་དག་པ་ལྷུན་གྱིས་གྲུབ་པ་ལ་དབང་འབྱོར་བ་ཐོབ་པ་དང་། མཐའ་ཡས་པའི་གདུལ་བྱ་ལ་རང་རང་གི་མོས་པ་དང་འཚམ་པའི་ཆོས་ཀྱི་སྒོ་སྣ་ཚོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་འབད་མེད་དུ་སྟོན་པ་ལ་དབང་འབྱོར་བ་བཞི་ཐོབ་པའོ། །དེ་ལྟར་ན་སྤང་རྟོགས་མཐར་ཐུག་པ་བསྐྱེད་པའི་རྒྱུ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ཡིན་པའི་ཕྱིར་ཡེ་ཤེས་དེའི་ཕན་ཡོན་རྣམ་པ་བཞི་བསྟན་པའོ། །དྲུག་པ་ཡེ་ཤེས་དེའི་ཚུལ་ཡོངས་སུ་ཤེས་པ་ལ་འཇུག་པ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས། དང་པོ། ཡོངས་སུ་ཤེས་པ་ལ་འཇུག་པ་དེ་ནི་རྣམ་པ་བཞི་རུ་ཤེས་པར་བྱ་སྟེ། མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་ཚུལ་ཡོངས་སུ་ཤེས་པར་དང་། གོལ་ས་མི་རྟོག་པ་ལྔ་དང་བྲལ་བའི་ཚུལ་གྱིས་རང་གི་མཚན་ཉིད་ཡོངས་སུ་ཤེས་པ་དང་། དམན་ལམ་ལས་ཁྱད་པར་འཕགས་པའི་ཆོས་ལྔ་ཡོངས་སུ་ཤེས་པ་དང་། ཡེ་ཤེས་དེའི་བྱེད་ལས་ལྔ་ཡོངས་སུ་ཤེས་པ་དང་བཞིའོ། །གཉིས་པ་རྒྱས་བཤད་


MR04_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

-aལ་གོང་གི་རིམ་པ་དང་མཚུངས་པར་བཞི་ལས། དང་པོ་དེ་ལ་གཉེན་པོ་ཤེས་པ་ནི་གང་ཞེ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ནི་བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་སྒྲོ་སྐུར་དང་བྲལ་བའི་དེ་བཞིན་ཉིད་ལ་ཞུགས་པའི་ཕྱིར་ན་མཐར་འཛིན་པའི་ལྟ་བ་ངན་པ་ཐམས་ཅད་སེལ་བར་བྱེད་པ་ཡིན་ཏེ། གཟུགས་སོགས་ཀྱི་ཆོས་སུ་འཛིན་པ་དང་། ༡གང་ཟག་གི་བདག་ཏུ་འཛིན་པ་དང་། ༢དངོས་པོ་རྣམས་སྔ་མའི་གནས་སྐབས་ལས་ཡོངས་སུ་གྱུར་པ་སྐྱེ་བ་དང་འགག་པར་འཛིན་པ་དང་། ༣ཆོས་ཅན་དང་ཆོས་ཉིད་ཐ་དད་པར་འཛིན་པ་དང་། ༤སྣང་ཙམ་གྱི་ཆོས་རྣམས་ཐ་སྙད་དུ་མེད་ཅེས་སྐུར་བ་འདེབས་པ་ཉིད་དང་༥ལྔ་ཡིན་ཏེ། དེ་ལྔ་བོ་ནི་དོན་ལ་དེ་ལྟར་མེད་པའམ་མ་གྲུབ་པ་ཡིན་པ་ལ་རྨོངས་པའི་བློས་བདག་གཉིས་དང་སྐྱེ་འགག་དང་ཐ་དད་དང་སྐུར་འདེབས་ཀྱི་རྣམ་པར་འཛིན་པས་ན་དེ་ཐམས་ཅད་མི་བདེན་པ་ལ་ཞུགས་པས་ན་མེད་པ་འཛིན་པ་ཞེས་བྱ་སྟེ། དེ་ལྟར་མེད་པ་འཛིན་པའམ་ཕྱིན་ཅི་ལོག་ཏུ་འཛིན་པ་རྣམ་པ་ལྔའི་གཉེན་པོ་ཉིད་དུ་བསྟན་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་ཡིན་པའི་ཕྱིར་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ་ལ་ཕྱིན་ཅི་ལོག་གི་ལྟ་བ་སྒྲོ་འདོགས་བཞི་དང་སྐུར་འདེབས་གཅིག་པོ་དེས་མཚོན་པའི་ལྟ་བ་ངན་པ་མཐའ་དག་འབྱུང་བར་མི་འགྱུར་རོ། །གཉིས་པ་མི་རྟོག་ཡེ་ཤེས་ཀྱི་མཚན་ཉིད་ཡོངས་སུ་ཤེས་པ་ནི་མི་མཐུན་ཕྱོགས་


MR04_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

-bགོལ་ས་རྣམ་ལྔ་སྤང་བའི་སྒོ་ནས་བསྟན་ཏེ། དེ་ཅིའི་ཕྱིར་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་དམིགས་པར་བྱ་བའི་རྣམ་པ་ཅི་ཡང་མ་མཐོང་ལ་ཅིར་ཡང་མི་འཛིན་པ་ཡིན་མོད་ཀྱི་དེས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མཐོང་བ་ཡིན་པའི་ཚུལ་འདི་དམུས་ལོང་ལ་གཟུགས་ལྟར་རོ། །ཚུ་རོལ་མཐོང་བའི་ངོར་སྒྲུབ་པའི་ཚུལ་གྱིས་ཅིག་ཆར་བསྟན་དུ་མེད་པས་དེའི་ངོ་བོ་ཅིར་ཡང་མི་རྟོག་པ་ཡིན་ཀྱང་ཆོས་ཉིད་མཐའ་གང་དུའང་དམིགས་སུ་མེད་པའི་དོན་མ་ནོར་བར་རྟོགས་ནས་ཆོས་ཉིད་དང་མཐུན་པར་ཅིར་ཡང་མི་འཛིན་པ་ཡིན་གྱི། ཅི་ཡང་མ་ཤེས་པའམ་ཤེས་པ་བཀག་པ་སོགས་ཀྱི་སྒོ་ནས་མི་རྟོག་པ་མིན་ནོ་ཞེས་བསྟན་པ་སྟེ། དེ་གང་ཞེ་ན། འཇིག་རྟེན་ཐ་སྙད་ཀྱི་སྤྲོས་པ་རྣམས་མིང་དོན་བསྲེས་ཏེ་རྟོག་པས་ཡིད་ལ་མི་བྱེད་པ་ཙམ་གྱིས་རྣམ་པར་མི་རྟོག་པ་ཞེས་མི་བྱ་སྟེ། བུ་ཆུང་སྐྱེས་མ་ཐག་པ་དང་བེའུ་སོགས་ཀྱི་རྒྱུད་ན་དེ་འདྲའི་རྟོག་པ་མེད་ཀྱང་དེ་ལ་རྣམ་པར་མི་རྟོག་པ་ཞེས་མི་བྱ་པ་བཞིན་ནོ། བུ་ཆུང་གི་རྒྱུད་ལ་སྒྲ་དོན་འདྲེས་རུང་ཡོད་དུ་ཆུག་ཀྱང་འདྲེས་འཛིན་མེད་ལ་སྐྱེས་མ་ཐག་པ་རྟོག་དཔྱོད་གཞུག་མི་ཤེས་པ་ལ་དཔེར་བྱས་པས་སྐབས་ཀྱི་དོན་འགྲུབ་བོ། །རྩིང་ཞིབ་ཀྱི་རྣམ་པ་ཅན་གྱི་རྟོག་དཔྱོད་ལས་ཡང་དག་པར་འདས་པ་ཙམ་གྱིས་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་མི་འགྱུར་ཏེ་བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཤེས་པ་བཞིན་ནོ། །རྟོག་པ་ཉེ་བར་ཞི་བ་ཙམ་ཞིག་གིས་ཀྱང་དེ་མ་ཡིན་ཏེ་གཉིད་ལོག་པ་


MR04_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

-aདང་བརྒྱལ་བ་དང་མྱོས་པ་དང་འགོག་སྙོམས་ལ་གནས་པའི་གནས་སྐབས་བཞིན་ནོ། །མི་རྟོག་པའི་ངོ་བོའི་དོན་ཅན་དུ་གྱུར་པས་ཀྱང་དེ་མ་ཡིན་ཏེ་གཟུགས་སོགས་ཡུལ་དང་མིག་སོགས་ཀྱི་དབང་པོ་རྣམས་རྟོག་པ་མེད་པའི་བེམ་པོའི་ངོ་བོར་གྱུར་ཀྱང་དེ་དག་མི་རྟོག་པའི་ཡེ་ཤེས་མ་ཡིན་པའི་ཕྱིར་རོ། །ཅི་ཡང་རྣམ་པར་རྟོག་པར་མི་བྱའོ་སྙམ་དུ་མངོན་རྟགས་སུ་འཛིན་པ་ཡང་རྣམ་པར་མི་རྟོག་པ་མ་ཡིན་ཏེ་རྟོག་པར་མི་བྱ་སྙམ་དུ་ངེས་ངེས་གསལ་གསལ་གྱི་ཚུལ་དུ་དེ་དང་དེར་མངོན་རྟགས་སུ་འཛིན་པའམ། བཀྲ་བར་འཛིན་པ་དེ་ག་ཁོ་རང་མཚན་མར་འཛིན་པ་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པ་མ་ཡིན་པར་འགྱུར་རོ། །དེ་ལྟ་ན་མི་རྟོག་ཅེས་པའི་སྒྲ་འཇུག་པའི་ཡུལ་རྣམ་པ་ལྔ་ཡི་ངང་ཚུལ་དེ་དང་མ་འདྲེས་པར་སྤང་བའི་ཚུལ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་གི་མཚན་ཉིད་དེ་ལྟར་བཤད་དོ། །དེས་ན་མཐའ་དང་སྤྲོས་པའི་རྣམ་པ་གང་ཅིར་ཡང་མི་རྟོག་ཀྱང་། གནས་ལུགས་དམིགས་སུ་མེད་པའི་དོན་ལ་ཐེ་ཚོམ་གྱི་རབ་རིབ་མེད་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྣང་བ་ཁོང་ནས་ཤར་བ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་དུ་ཤེས་པར་བྱའོ། །གསུམ་པ་ཁྱད་པར་ཡོངས་སུ་ཤེས་པ་ནི། འཁོར་འདས་ལ་བླང་དོར་དུ་རྣམ་པར་མི་རྟོག་པ་ཉིད་དང་། སྤངས་རྟོགས་ཉི་ཚེ་བ་ནི་མ་ཡིན་པར་ཡོངས་སུ་རྫོགས་པ་དང་། སྲིད་པ་དང་ཞི་བའི་མཐའ་གང་ལའང་གནས་པ་མེད་པ་དང་།


MR04_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

-bཆོས་ཀྱི་སྐུ་རྟག་པའི་ངོ་བོས་གཞན་དོན་དུ་འཁོར་བ་སྲིད་དུ་བཞུགས་པས་གཏན་དུ་བ་ཡིན་པ་དང་། འདིའི་གོང་ན་གཞན་མེད་པའི་ཕྱིར་ཐམས་ཅད་ཀྱི་མཆོག་བླ་ན་མེད་པའི་རྣམ་པ་སྟེ། འདི་དག་ནི་ཉན་རང་ལས་ཁྱད་པར་འཕགས་པའི་ཚུལ་རྣམ་པ་ལྔ་ཡིན་ཏེ། ཉན་རང་དག་ནི་འཁོར་འདས་སུ་རྣམ་པར་རྟོག་པ་སོགས་ཀྱིས་ཁྱད་པར་འདི་དག་དང་མི་ལྡན་པ་ཡིན་ནོ། །བཞི་བ་ཡོངས་སུ་ཤེས་པ་རྣམ་པ་བཞི་ཡོད་པའི་ཐ་མ་དེའི་བྱེད་ལས་ཡོངས་སུ་ཤེས་པ་ནི། རྣམ་པར་རྟོག་པ་མངོན་དུ་རྒྱུ་རིང་དུ་བྱེད་པ་སྟེ། དེ་ནི་དེའི་ཀུན་ནས་ལྡང་བ་བཅོམ་པའི་ཕྱིར་སྐྱེས་བུ་བྱེད་པའི་འབྲས་བུ་དང་། བླ་ན་མེད་པའི་བདག་ཉིད་ཟག་མེད་ཀྱི་བདེ་བ་སྟེར་བར་བྱེད་པ་ནི་ཆོས་ཀུན་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་གཏན་དུ་རྟག་པའི་བདེ་བ་སྒྲུབ་པའི་ཕྱིར་བདག་པོའི་འབྲས་བུ་དང་། ཉོན་མོངས་པ་དང་ཤེས་བྱ་ཡི་སྒྲིབ་པ་གཉིས་པོ་བྲལ་བར་བྱེད་པ་ནི། ཕྲ་རྒྱས་བག་ཆགས་དང་བཅས་པ་བཅོམ་པའི་ཕྱིར་བྲལ་བའི་འབྲས་བུ་དང་། མི་རྟོག་པའི་ཡེ་ཤེས་དེ་ཡི་རྗེས་ལས་ཐོབ་པའི་ཆོས་རྣམས་ཀྱི་རང་མཚན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཡེ་ཤེས་ཀྱིས་ཤེས་པའི་རྣམ་པ་ནི་ཐམས་ཅད་པ་ནི་གཟིགས་པ་ཐོགས་པ་མེད་པར་འཇུག་པ་རྒྱུ་མཐུན་པའི་འབྲས་བུ་དང་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་སྦྱོང་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རང་གི་རྒྱུད་ལ་གཏོད་ཅིང་


MR04_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

-aཡོངས་སུ་རྫོགས་པར་བྱེད་པ་དང་གཞན་ལ་སྟེར་བར་བྱེད་པ་དང་། དེ་གསུམ་གཅིག་ཏུ་བརྩིས་པ་རྣམ་སྨིན་གྱི་འབྲས་བུ་སྟེ། དེ་ལྟར་རྣམ་པ་ལྔ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བྱེད་ལས་ཀྱི་ཁྱད་པར་རོ། །བདུན་པ་གནས་ཡོངས་སུ་གྱུར་པ་ཡིད་ལ་བྱེད་པའི་ཚུལ་ལ་ཇི་ལྟར་འཇུག་པ་ནི། རྟེན་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ལ་ཚུལ་བཞིན་འཇུག་པར་འདོད་པའི་གང་ཟག་ནི། བྱང་ཆུབ་སེམས་དཔའ་གང་ཡིན་པ་དེས་འདི་ལྟར་ཡིད་ལ་བྱེད་པ་སྟེ། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་ནི་མི་ཤེས་པས་མི་བདེན་པར་ནི་གྱུར་དུ་ཟིན་ཡང་འཁྲུལ་བའི་བློའི་ངོར་ཡོངས་སུ་བརྟག་པའི་གཟུང་འཛིན་དུ་སྣང་བའི་ཆོས་རྣམས་ཀྱི་ས་བོན་ཐམས་ཅད་པ་ཀུན་གཞིའི་རྣམ་ཤེས་ཞེས་པ་གང་དེ་མེད་བཞིན་པ་གཟུང་འཛིན་གཉིས་སུ་སྣང་བའི་རྒྱུ་ཡིན་ཏེ། ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་བག་ཆགས་ཀྱིས་བགོས་པའི་རྣམ་ཤེས་ཀྱི་རྒྱུད་ཉིད་ལས་ཆོས་སྣ་ཚོགས་སུ་སྣང་བ་ནི་རྨི་ལམ་བཞིན་ནོ། །ཀུན་གཞི་དེ་ལ་བརྟེན་པའི་འཇུག་ཤེས་གང་ཞིག་ཐ་དད་པའི་རྒྱུ་མཚན་ཅན་དེ། རང་ཡུལ་སོ་སོར་ངེས་པར་འཛིན་པ་ཅན་དུ་སྣང་བར་འབྱུང་ངོ་། །འདི་ལ་རྒྱུད་ཅེས་བྱས་པའང་སྣང་ངོ་། །ཡང་དག་མིན་པའི་ཀུན་རྟོག་གི་དབང་ལས་མེད་བཞིན་སྣང་བ་དེས་ན་རྒྱུ་ཀུན་གཞི་དང་འབྲས་བུར་བཅས་པ་སྟེ་ཚོགས་བདུན་ཡུལ་དང་བཅས་པའི་གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་འདི་དག་འདི་ལྟ་


MR04_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

-bབུར་འཁྲུལ་ངོར་སྣང་དུ་ཟིན་ཡང་། དོན་ལ་མེད་པ་སྨིག་རྒྱུ་ལ་སོགས་པ་བཞིན་དུ་རང་གི་ཡང་དག་པ་མིན་པའི་ཀུན་དུ་རྟོག་པ་ཙམ་དུ་གྱུར་པའོ། །གཟུང་འཛིན་གཉིས་པོ་དེ་སྣང་བས་ཆོས་ཉིད་མི་སྣང་ཞིང་། གཟུང་འཛིན་དེ་མི་སྣང་བས་ཆོས་ཉིད་སྣང་བ་ཡིན་ནོ་ཞེས། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེའི་དབང་གིས་སེམས་ཅན་རྣམས་འཁོར་བར་འཁོར་ཞིང་ཆོས་ཉིད་མ་མཐོང་བ་ཡིན་པ་དེ་ལྟར་ཤེས་ཤིང་ཚུལ་བཞིན་ཡིད་ལ་བྱེད་ན་བྱང་ཆུབ་སེམས་དཔའ་དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ནི་ཐོག་མར་འཇུག་པ་ཡི་ཚུལ་དེ་ལྟ་བུ་ཡིན་ཏེ། རྣམ་པར་རྟོག་པའི་དབང་གིས་འཁོར་བར་སྣང་བ་ལས་རྒྱུ་གཞན་ཅི་ཡང་མེད་པས་ཀུན་ཉོན་ཕྱོགས་གཏན་ལ་དབབ་ཚུལ་ལ་གནད་འདི་བས་ཟབ་པ་མེད་ཅིང་། གཉིས་སྣང་དེ་ནི་དེ་ལྟར་མ་གྲུབ་པས་ན་ཡང་དག་མིན་པའི་རྟོག་པ་ཙམ་དུ་ཤེས་ནས་དེ་ལ་དེར་ཞེན་སྤངས་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པས་ནི་རྣམ་བྱང་ཕྱོགས་སྒྲུབ་པའི་ལམ་གྱི་གནད་ལའང་འདི་ཆེས་ཟབ་པའི་ཕྱིར་ནའོ། །ཇི་སྐད་བཤད་པ་དེ་ལྟར་དམིགས་ཤིང་ཡིད་ལ་བྱེད་པ་གོམས་པ་ལས་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་མམ་སེམས་ཙམ་དུ་དམིགས་པ་འབྱུང་ལ། དེ་ལས་ཕྱི་རོལ་གྱི་དོན་རྣམས་ཞེན་བྱར་མི་དམིགས་པ་ལ་འཇུག་པ་དང་། དེ་ལྟར་དོན་རྣམས་མི་དམིགས་པ་ལས་ནི། དེ་དང་དེར་འཛིན་པའི་རྣམ་པར་རིག་པ་ཙམ་དུའང་མི་དམིགས་པ་འབྱུང་བ་དང་། འཛིན་པ་དེ་མི་དམིགས་


MR04_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

-aཔ་ལས་གཟུང་འཛིན་གཉིས་པོ་ནི་ཁྱད་པར་བྱར་མེད་པ་གཉིས་སུ་མེད་པའི་དེ་བཞིན་ཉིད་བསམ་བརྗོད་ལས་འདས་པའི་དོན་དམིགས་པ་ལ་འཇུག་པ་འབྱུང་ལ། གཟུང་འཛིན་དེ་གཉིས་ཀྱི་ཁྱད་པར་དུ་གཏོགས་པའི་ཆོས་གང་ཡང་མི་དམིགས་པ་དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་བྱ་སྟེ་དེ་ལ་དམིགས་བྱའི་ཡུལ་ཅུང་ཟད་ཀྱང་མེད་པ་དང་། ཡུལ་ཅན་གྱིས་གང་དུ་དམིགས་པ་མེད་པ་དང་། དེའི་ཕྱིར་ན་གཟུང་བ་དང་འཛིན་པ་ཡོད་པ་དང་མེད་པ་ལ་སོགས་པའི་མཚན་མ་ཐམས་ཅད་ཅུང་ཟད་ཀྱང་མི་དམིགས་པས་རབ་ཏུ་ཕྱེ་བ་ནི་ཡིན་པའི་ཕྱིར་རྣམ་པར་རྟོག་པའི་ཕྱོགས་སུ་གཏོགས་པའི་རྒྱུ་མཚན་ཕྲ་མོ་ཡང་བཞག་རྒྱུ་མེད་པར་འགྱུར་རོ། །བརྒྱད་པ། ཡེ་ཤེས་དེ་ཉམས་སུ་ལེན་པའམ་དེ་ལ་བརྩོན་ཅིང་སྦྱོར་བས་ས་དང་ལམ་གྱི་གནས་སྐབས་ཀྱི་སའམ་གཞི་སོ་སོ་ལ་འཇུག་པ་ནི་རྣམ་པ་བཞི་རུ་ཤེས་པར་བྱ་སྟེ། ཆོས་ཉིད་ཀྱི་དོན་མངོན་སུམ་དུ་མ་རྟོགས་ཀྱང་ཤེས་རབ་གསུམ་ལ་བརྟེན་ཏེ་མོས་པའི་སྒོ་ནས་དོན་དེ་ལ་རབ་ཏུ་སྦྱོར་བས་ནི། མོས་པས་སྤྱོད་པའི་ས་ལ་འཇུག་པ་སྟེ། ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྦྱོར་ལམ་གྱི་གནས་སྐབས་སོ། །ཆོས་ཉིད་ཀྱི་དོན་དོན་སྤྱི་ཙམ་དུ་མ་ཡིན་པར་སོ་སོར་རབ་ཏུ་རྟོགས་པ་ཡི་སྦྱོར་བས་ས་ནི་དང་པོ་ལ་འཇུག་པ་སྟེ་དེ་ཁོ་ན་ཉིད་ལ་མངོན་སུམ་དུ་རེག་པའི་གནས་སྐབས་སོ། །རྟོགས་ཟིན་དེ་ཉིད་ཡང་ཡང་བསྒོམས་པས་རབ་ཏུ་སྦྱོར་བས་ནི་ས་གཉིས་


MR04_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

-bཔ་ནས་བདུན་པའི་བར་གྱི་མ་དག་པ་ཡི་ས་དྲུག་ཏུ་གྲགས་པ་སྟེ་མཚན་མ་ཀུན་ཏུ་སྤྱོད་པ་དང་བཅས་པའི་གནས་སྐབས་དང་། མཚན་མ་ཀུན་ཏུ་སྤྱོད་པ་དེ་དག་པའི་ས་ནི་བརྒྱད་པ་ལ་སོགས་པ་གསུམ་པོ་ལ་འཇུག་སྟེ། ས་ལྷག་མ་དགུ་བོ་དེ་ནི་རྟོགས་ཟིན་གྱི་དོན་རྗེས་སུ་དྲན་པའི་གནས་སྐབས་སོ། །མཐར་ཕྱིན་པའི་ས་ལ་སྦྱོར་བས་ནི་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་མཛད་པ་ནམ་མཁའ་དང་སེམས་ཅན་གྱི་མཐའ་ཇི་སྲིད་དུ་རྒྱུན་མི་འཆད་པར་འཇུག་པའི་ཕྱིར་ཏེ། སྦྱོར་བ་དེ་ནི་སྒྲིབ་གཉིས་སྤངས་པའི་ཆོས་ཉིད་དེ་ཡི་བདག་ཉིད་དུ་ཉེ་བར་སོན་པའམ་འགྲོ་བའི་གནས་སྐབས་ཏེ་དབྱིངས་དང་གཉིས་སུ་མེད་པ་འགྱུར་མེད་ཀྱི་ཡེ་ཤེས་སོ། །དགུ་བ་ཉེས་དམིགས་དག་ལ་འཇུག་པ་ནི་གང་ཞེ་ན། གནས་ཡོངས་སུ་གྱུར་པ་མེད་པ་ཡི་ཉེས་དམིགས་བཞི་སྟེ་ཉོན་མོངས་པ་སྤངས་ཟིན་པ་རྣམས་སླར་ཡང་རྒྱུད་དེར་མི་འཇུག་པའི་རྟེན་མེད་པའི་ཉེས་པ་དང་། གཉེན་པོ་ལམ་ཉིད་རྒྱུད་དེ་ལ་འཇུག་པའི་རྟེན་མེད་པའི་ཉེས་པ་དང་། མྱ་ངན་ལས་འདས་པའི་གང་ཟག་རྣམས་སུ་གདགས་པའི་གཞི་མེད་པའི་ཉེས་པ་དང་། ཉན་རང་ཐེག་ཆེན་གྱི་མཐར་འབྲས་བྱང་ཆུབ་གསུམ་གྱི་ཁྱད་པར་དག་གདགས་པའི་གཞི་མེད་པའི་ཉེས་པ་དང་བཞིར་འགྱུར་བ་ཤེས་པར་བྱའོ། །དེ་ཡང་དེའི་གོ་བའི་གནད་རྒྱས་པར་བཤད་ན། ལམ་གྱིས་སྤང་བྱ་སྤང་ཞིང་རྟོགས་པ་ཐོབ་པའི་གནས་གྱུར་དེ་གལ་ཏེ་མེད་ན།


MR04_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

-aཉོན་མོངས་པ་སྤངས་ཟིན་པ་རྣམས་སླར་རྒྱུད་དེ་ལ་མི་འཇུག་པའི་རྟེན་མེད་པའི་ཉེས་པ་ཡོད་དེ། དཔེར་ན་མཐོང་སྤང་སྤངས་པའི་རྒྱུད་ལ་སླར་སྤང་བྱ་དེ་མི་འབྱུང་བ་ནི་བྱང་སེམས་དེའི་རྒྱུད་ཡོངས་སུ་གྱུར་པའི་གནས་གྱུར་ཐོབ་པའི་ཕྱིར་རྟེན་དེ་ལ་དེ་འཇུག་པའི་སྐབས་མེད་པ་ཡིན་གྱི་གཞན་དུ་སྒྲིབ་པ་ལན་གཅིག་སྤངས་སུ་ཟིན་ཡང་སེམས་ཀྱི་རྒྱུད་གནས་མ་གྱུར་ན་སླར་ཡང་སྔར་བཞིན་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་ཀྱི་སའི་བར་དུ་ཤེས་པར་བྱ་སྟེ། རྒྱུད་གང་ཞིག་གནས་མ་གྱུར་པའི་ཚེ་སྤང་བྱ་དེ་དང་དེ་འཇུག་པའི་རྟེན་དུ་གྱུར་ལ། གནས་གྱུར་པའི་ཚེ་སྤང་བྱ་དེ་དག་མི་འཇུག་པའི་རྟེན་དུ་གྱུར་པ་ནི་གནས་གྱུར་པ་ཡོད་པའི་དབང་གིས་ཡིན་ནོ། །ས་བོན་མེས་བསྲེགས་པ་བཞིན་དུ་སྤང་བྱའི་ས་བོན་བཅོམ་པ་ན་སླར་མི་སྐྱེ་བ་ཙམ་ཡིན་གྱི་གནས་གྱུར་ཞེས་པ་མེད་ཀྱང་ཅི་འགལ་སྙམ་ན། སྤང་བྱའི་ས་བོན་བཅོམ་པ་ཡིན་མོད་ཀྱི། དེ་ཡང་རྒྱུད་གང་གི་ཁྱད་པར་དུ་བྱས་ནས་འཇོག་དགོས་ཀྱི་ཁྱད་པར་མེད་པ་ལ་མི་རུང་སྟེ་གཉེན་པོའི་ཡེ་ཤེས་རྒྱུད་ལ་བསྐྱེད་པའི་རྒྱུད་ཀྱི་ཁྱད་པར་ལ་ལར་ཟག་པ་ཟད་པ་ཞེས་དམིགས་ཕྱེ་སྟེ་མ་བསྟན་པར་ས་བོན་བཅོམ་ཚུལ་ཀྱང་མི་ཤེས་པའི་ཕྱིར་རོ། །དེ་ལྟ་ན་སྤང་བྱའི་ས་བོན་ཟད་པའི་རྒྱུད་དེ་ལ་སྔར་ལས་གནས་གྱུར་པའི་ཁྱད་པར་དེས་སླར་མི་སྐྱེ་བ་ཡིན་གྱི་རྒྱུད་རྒྱུན་ཆད་ནས་རྟེན་མེད་པར་སོང་བ་ལྟ་བུ་ནི་མ་ཡིན་པའི་ཕྱིར་རྒྱུད་ཀྱི་ཁྱད་པར་ལ་ལར་ཟག་པ་རྣམས་སྐྱེ་བ་དང་ལ་ལར་མི་སྐྱེ་བ་འདི་གནས་གྱུར་མ་


MR04_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

-bཐོབ་པ་དང་ཐོབ་པའི་དབང་གིས་ཏེ་རབ་རིབ་མེད་པའི་མིག་ལ་སྐྲ་ཤད་ཀྱི་སྣང་བ་སྐབས་མི་ཐོབ་པ་བཞིན་ནོ། །ཡང་གནས་ཡོངས་སུ་གྱུར་པ་མེད་ན་སྤང་བྱའི་གཉེན་པོ་ལམ་འཇུག་པའི་རྟེན་མེད་པའི་ཉེས་པ་ཡོད་པར་འགྱུར་ཏེ། གང་ཟག་འདི་ནི་མཐོང་ལམ་བའོ་འདི་ནི་ས་གཉིས་པའོ་ཞེས་སོགས་རྒྱུད་ཀྱི་ཁྱད་པར་ལ་ལམ་གོང་མ་གོང་མ་དག་འཇུག་པའི་རྟེན་ནི་གནས་གྱུར་སྔ་མ་སྔ་མ་ཡིན་ཏེ་སྔ་མ་སྔ་མ་མེད་པར་ཕྱི་མ་ཕྱི་མ་འབྱུང་མི་སྲིད་པའི་ཕྱིར་ཏེ། ས་བོན་མྱུ་གུར་གནས་གྱུར་པ་མེད་ན་སྡོང་བུ་སོགས་འབྱུང་བ་སྐབས་མི་ཐོབ་པ་བཞིན་ནོ། །གནས་གྱུར་དེ་དང་དེ་ལའང་ལམ་དེ་དང་དེའི་ཐ་སྙད་དང་དོན་གཉིས་ཀ་འཇུག་སྟེ། སངས་རྒྱས་པའི་ས་ལ་མི་སློབ་ལམ་ཞེས་པ་བཞིན་ནོ། །ཡང་གནས་ཡོངས་སུ་གྱུར་པ་མེད་ན་མྱང་འདས་སུ་གདགས་པའི་གཞི་མེད་པའི་ཉེས་པ་ཡོད་དེ། དཔེར་ན་ཟག་པ་དང་བཅས་པའི་ཕུང་པོའི་རྒྱུན་ལ་གདགས་གཞི་བྱས་ཏེ་འདི་ནི་གང་ཟག་འཁོར་བ་པའོ་ཞེས་གདགས་པ་བཞིན་དུ། ཟག་པ་མེད་པར་གནས་གྱུར་པ་དེ་ཉིད་ལ་གདགས་གཞིར་བྱས་ཏེ་འདི་ནི་མྱ་ངན་འདས་པའི་གང་ཟག་གོ་ཞེས་གདགས་ཀྱི་གནས་གྱུར་མེད་པར་སེམས་ལ་སོགས་པའི་ཕུང་པོའི་རྒྱུན་ཙམ་ལ་ནི་མྱ་ངན་ལས་འདས་པའི་གང་ཟག་ཏུ་གདགས་པའི་གཞི་མེད་པར་འགྱུར་ཏེ་སྔར་གནས་མ་གྱུར་པའི་གནས་སྐབས་བཞིན་ནོ། །གཞན་ཡང་ཉན་རང་རང་ལམ་ན་འདོད་པ་ལྟར་གྱི་ཕུང་པོ་ལྷག་མ་མེད་པའི་


MR04_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

-aདབྱིངས་སུ་མྱ་ངན་ལས་འདས་པའི་གང་ཟག་རྣམས་ལའང་མྱ་ངན་ལས་འདས་པ་ཞེས་གདགས་པའི་གཞི་མེད་པར་འགྱུར་ཏེ་གནས་གྱུར་མེད་ན་དེ་ལྟར་བཏགས་པ་དེ་རི་བོང་གི་རྭའི་མིང་བཞིན་གཞི་མེད་པའི་མིང་དུ་འགྱུར་རོ། །དེ་ལ་གཞི་མེད་ཀྱང་མི་རུང་བ་ཅི་ཡོད་དེ་སྔར་གྱི་ཕུང་པོ་འགག་པ་ཙམ་ལ་མྱང་འདས་སུ་འདོགས་ཏེ་ནད་ཞི་བ་ལ་ནད་མེད་དོ་ཞེས་བརྗོད་པ་བཞིན་ནོ་སྙམ་ན། སྔར་གྱི་ཕུང་པོ་རྒྱུན་ཆད་ཅིང་སླར་མི་སྐྱེ་བའི་ངེས་པ་ཡོད་ན་ནི་དེ་ཉིད་དེའི་གནས་གྱུར་ཡིན་པས་གནས་གྱུར་ཀྱང་ཡོད་པར་འགྱུར་ཏེ། གང་ཟག་འདི་ནི་མྱ་ངན་ལས་འདས་སོ། །སླར་འཁོར་བར་མི་ལྟུང་ངོ་ཞེས་པའི་རྟེན་དང་གདགས་གཞི་གཉིས་ཀ་གནས་གྱུར་དེ་ཡིན་པས་དེ་མེད་པར་ཁས་བླང་དུ་མི་བཏུབ་ལ། གལ་ཏེ་གནས་གྱུར་མེད་པར་ཁས་བླངས་ན་ཕུང་པོ་རྒྱུན་ཆད་པ་དང་སླར་མི་སྐྱེ་བ་ཡང་མེད་པར་འགྱུར་ཏེ་དེའི་རྟེན་དང་གདགས་གཞི་གཉིས་ཀ་མེད་པའི་ཕྱིར་རོ། །གལ་ཏེ་ཐེག་པ་ཆེན་པོའི་ལམ་གྱིས་ཟག་བཅས་ཀྱི་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་ཀྱང་ཟག་མེད་ཀྱི་སྐུ་དང་ཡེ་ཤེས་རྒྱུན་མི་འཆད་པའི་མྱང་འདས་ལྟར་ན་དེ་ནི་གནས་ཡོངས་སུ་གྱུར་པའི་བདག་ཉིད་ཡིན་པ་སྨོས་མ་དགོས་སོ། །ཡང་ཐེག་པ་གསུམ་གྱི་འབྲས་བུ་བྱང་ཆུབ་ཅེས་ཁྱད་པར་མི་འདྲ་བ་གསུམ་དུ་འཇོག་པ་དེ་ནི་གནས་གྱུར་གྱི་ཁྱད་པར་མི་འདྲ་བ་ལས་ཡིན་ཏེ། སྒྲིབ་པ་ཕྱོགས་རེ་བ་དང་མཐའ་དག་དག་པའི་ཁྱད་པར་


MR04_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

-bགྱིས་དེ་ལྟར་འཇོག་དགོས་པ་ཡིན་ཀྱང་། གནས་ཡོངས་སུ་གྱུར་པ་ཉིད་མེད་ན་བྱང་ཆུབ་གསུམ་གྱི་ཁྱད་པར་འདི་དང་འདི་ཞེས་གདགས་པའི་གཞི་མེད་པར་འགྱུར་ཏེ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་པའི་ཚེ་བྱང་ཆུབ་གསུམ་གྱི་ཁྱད་པར་གང་ལ་འདོགས་པའི་གཞི་མེད་པར་འགྱུར་བས་ནི། དེ་དག་གི་སྤང་རྟོགས་ཀྱི་ཡོན་ཏན་ཆེ་ཆུང་སོགས་བཤད་པ་རྣམས་མོ་གཤམ་གྱི་བུའི་མཛེས་མི་མཛེས་བཤད་པ་བཞིན་དུ་དོན་མེད་པར་འགྱུར་རོ། །འདི་དག་རྒྱ་བོད་ཀྱི་འགྲེལ་བ་སྔ་མ་རྣམས་སུ་ཞིབ་པར་མ་གསུངས་པས་འདིར་རྒྱས་པར་བཤད་པ་ལ་བློ་ལྡན་རྣམས་དགྱེས་པར་མཛོད་ཅིག །བཅུ་པ་ནི་བཤད་མ་ཐག་པ་གནས་ཡོངས་སུ་གྱུར་པ་མེད་པའི་ཉེས་པ་བཞི་ལས་བཟློག་ནས་དེ་ཡོད་པ་ལ་ཕན་ཡོན་ཡོད་པའི་ཚུལ་ལ་འཇུག་པ་ནི་རྣམ་པ་བཞི་རུ་སྔ་མའི་དོན་གྱིས་ཤེས་པར་བྱ་སྟེ། རྒྱུད་ཀྱི་ཁྱད་པར་གང་ཞིག་རྒྱུན་ཆད་པ་མེད་པར་ཡོད་ཀྱང་སྔ་མ་ལས་གནས་ཡོངས་སུ་གྱུར་པའི་བདག་ཉིད་དུ་གནས་པ་ཡོད་ན། ཉོན་མོངས་པ་རྣམས་གཏན་དུ་མི་འཇུག་པར་བྱེད་པའི་རྟེན་ཡོད་པ་དང་། ལམ་འཇུག་པའི་རྟེན་ཡོད་པ་དང་། མྱ་ངན་ལས་འདས་པར་གདགས་པའི་གཞི་ཡོད་པ་དང་། ཐེག་པ་གསུམ་གྱིས་རྣམ་གྲོལ་བྱང་ཆུབ་གསུམ་གྱི་ཁྱད་པར་ཕྱེས་ཏེ་གདགས་པའི་གཞི་ཡོད་པར་འགྱུར་ཏེ་དེ་ལྟར་ན་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་དེ་ནི་རྣམ་པར་གྲོལ་བའི་བྱང་ཆུབ་དང་མྱ་ངན་ལས་འདས་


MR04_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

-aཔའི་གདགས་གཞི་ཡོན་ཏན། མི་ཟད་པའི་འབྱུང་གནས་ནམ་མཁའ་ཇི་སྲིད་དུ་སེམས་ཅན་མ་ལུས་པའི་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་ཡིད་བཞིན་རྗེས་སུ་སྒྲུབ་པའི་རྟེན་དམ་པ་ཡིན་པར་ཤེས་ནས་གང་ཟག་སྐལ་པ་དང་ལྡན་པ་རྣམས་ཀྱིས་དེ་སྒྲུབ་པ་ལ་འཇུག་པར་བྱའོ། །གསུམ་པ་ཇི་སྐད་བཤད་པའི་ཆོས་དང་ཆོས་ཉིད་དེའི་དོན་དཔེས་བསྟན་པའི་སྒོ་ནས་མཇུག་བསྡུ་བ་ནི། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཙམ་གྱི་དབང་གིས་སྣང་བ་འཁོར་བའི་ཆོས་རྣམས་ནི་མེད་པའི་ཆོས་ཞེས་བྱ་སྟེ་རང་གི་ངོ་བོ་མེད་བཞིན་ཏུ་སྣང་བའོ། །དེ་རྣམས་མེད་བཞིན་ཏུ་ཡང་འཁྲུལ་ངོར་སྣང་བའི་དཔེ་ནི། ཇི་ལྟར་ན་སྒྱུ་མ་དང་རྨི་ལམ་དང་ཆུ་ཟླ་ལ་སོགས་པ་སྣང་ཡང་དེའི་ངོ་བོ་ཉིད་དུ་མེད་པ་བཞིན་ནོ། །ཆོས་ཉིད་བཞིན་དུ་གནས་ཡོངས་སུ་གྱུར་པ་དཔེར་བྱ་ན་རང་བཞིན་གྱི་དག་པ་ནམ་མཁའ་དང་། གསེར་བཟང་པོ་དང་། ཆུ་ཁམས་དྭངས་པ་དང་། ཉི་མ་སྤྲིན་མེད་ལ་སོགས་པ་བཞིན་ཏེ། གནས་ཚུལ་ལ་ཆོས་ཐམས་ཅད་ཡེ་ནས་གཟུང་འཛིན་ལ་སོགས་པའི་དྲི་མ་མེད་པར་གནས་སུ་ཟིན་ཡང་། འཁྲུལ་བའི་དབང་གིས་གནས་ཚུལ་བསྒྲིབས་ཏེ་སྣང་ཚུལ་ལ་མ་དག་པ་ལྟར་སྣང་བའི་ཚེ་གནས་མ་གྱུར་པ་ཞེས་བྱ་ལ། དྲི་མ་དེ་ལམ་གྱིས་བསལ་བའི་སྟོབས་ཀྱིས་གནས་སྣང་རྣམ་པ་ཀུན་དུ་མཐུན་པའི་ཚེ་གནས་གྱུར་མཐར་ཐུག་པ་ཐོབ་པ་ཡིན་ཞིང་། གནས་མ་གྱུར་པ་དང་གྱུར་པའི་སྐབས་ཐ་དད་པའི་


MR04_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

-bའགྱུར་བ་དང་བཅས་པས་ན་ཆོས་ཉིད་ཡེ་ནས་དག་པའི་རང་བཞིན་དུ་མི་རུང་བ་དང་། འགྱུར་བ་དང་བཅས་པར་མི་འགྱུར་རམ་ཞེ་ན་མི་འགྱུར་ཏེ། ཇི་ལྟར་ནམ་མཁའ་ཡེ་ནས་དག་པ་ལ་གློ་བུར་གྱི་ཁུག་རྣ་སོགས་དང་བཅས་པ་དང་། གསེར་ལ་འདམ་དང་། ཆུ་ལ་ས་རྡུལ་དང་། ཉི་མ་སྤྲིན་སོགས་ཀྱིས་སྒྲིབ་པ་དང་བཅས་ཀྱང་དེ་དག་གི་ངོ་བོ་ལ་དེ་དང་དེས་བསླད་པ་མེད་ལ། དེ་དང་བྲལ་བའི་རང་བཞིན་མངོན་དུ་གྱུར་པ་ནའང་གསར་དུ་སྐྱེས་པ་མིན་པ་བཞིན་དུ་གློ་བུར་གྱི་དྲི་མ་དང་བྲལ་བའི་སྟོབས་ཀྱིས་གནས་གྱུར་ཐོབ་པའང་རང་བཞིན་གྱིས་འོད་གསལ་བའི་དོན་གློ་བུར་གྱི་དྲི་མས་བསྒྲིབས་ནས་སྔར་མི་སྣང་བ་ཕྱིས་ལམ་གྱི་སྟོབས་ལས་སྣང་བ་ཙམ་དུ་ཤེས་པར་བྱ་བ་ཡིན་ནོ། །བཞི་པ། མཇུག་གི་དོན་མཛད་བྱང་ནི་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་མགོན་པོ་བྱམས་པས་མཛད་པ་རྫོགས་སོ། །ཞེས་དང་། འགྱུར་བྱང་ནི། ཁ་ཆེའི་མཁན་པོ་མ་ཧཱ་ཛ་ན་དང་། ཞམ་ལོ་ཙཱ་བ་དགེ་སློང་སེང་གེ་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་སོ། །གཞུང་གི་དཀར་ཆག་ལྡན་དཀར་མ་སོགས་སུ་སྔ་འགྱུར་དུས་བསྒྱུར་བར་མ་གསུངས་ཀྱང་། ལོ་རྒྱུས་ཁ་ཅིག་ལས་བྱམས་ཆོས་སྡེ་ལྔ་ཀ་སྔ་འགྱུར་དུས་བསྒྱུར་ཞུས་གསུངས་ཏེ་དེ་དུས་མཁན་སློབ་སོགས་པཎ་ཆེན་དུ་མ་བཞུགས་ཤིང་རྒྱ་གར་དུ་བསྟན་པ་ཡོངས་རྫོགས་མ་ཉམས་པའི་སྐབས་ཡིན་པས་བསྒྱུར་བར་གོར་མ་ཆག་གོ །རྒྱལ་


MR04_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

-aཚབ་སེམས་དཔའ་མཆོག་གི་བློ་གྲོས་ཀྱིས། །རྒྱལ་བའི་དགོངས་དོན་ཚུལ་བཞིན་བཤད་པའི་གཞུང་། །རྒྱལ་སྲས་རྣམས་ཀྱི་འཇུག་ངོགས་འདི་བཤད་དགེས། །རྒྱལ་བསྟན་དྲི་མེད་ཕྱོགས་བཅུར་རྒྱས་གྱུར་ཅིག །རྣམ་པར་མི་རྟོག་ཡེ་ཤེས་གངས་ཆེན་མཚོ། །འཕགས་པའི་ཆོས་ཀྱི་རིན་ཆེན་འབྱུང་གནས་ལ། །བདག་དང་འགྲོ་ཀུན་དགའ་བས་ལེགས་ཞུགས་ནས། །རྫོགས་སྨིན་སྦྱོང་བ་མཐའ་རུ་ཕྱིན་པར་ཤོག །ཅེས་པ་འདི་ནི་སྔར་མེ་གླང་གི་ལོར་གདན་ས་འདིར་ཙམ་ལ་སྤྲུལ་བའི་སྐུ་རིན་པོ་ཆེས་བསྐུལ་མ་མཛད་པ་དང་། ཕྱིས་སུའང་དོན་གཉེར་ཅན་འགའ་ཡིས་བསྐུལ་བ་དང་། རང་ཉིད་ཀྱང་གཞུང་ཆེན་པོ་འདི་ལ་མོས་པའི་ཡིད་ཀྱིས། ཕྱིས་སུ་ཤིང་རྟ་ལོར་གདན་ས་ཆེན་པོ་ཀཿཐོག་ཏུ་མི་ཕམ་འཇམ་དབྱངས་རྣམ་པར་རྒྱལ་བས་མངོན་རྟོགས་རྒྱན་བཤད་པའི་ཞོར་ལ་བྲིས་ཏེ་ཞག་གསུམ་ལ་གྲུབ་པར་བགྱིས་པ་མངྒ་ལཾ།། །། ཆོས་དང་ཆོས་ཉིད་ཟབ་མོ་རྣམ་འབྱེད་པའི། །གཞུང་འགྲེལ་མི་ཕམ་འཇམ་དབྱངས་གསུང་ཁྱད་འཕགས། །ལྷུན་གྲུབ་སྟེང་དུ་པར་དུ་འདུ་བྱེད་པོ། །ལྷག་བསམ་མཚུངས་མེད་ཚེ་དབང་སྒྲོལ་མ་སྟེ། །ལེགས་བྱས་འདིས་མཚོན་དུས་གསུམ་དགེ་ཚོགས་ཀྱིས། །གང་དེ་ཕ་མ་འབྲེལ་བཅས་ཐམས་ཅད་པ། །སྲས་བཅས་རྒྱལ་བའི་གདམས་པའི་སྣོད་གྱུར་ཏེ། །ཆོས་ཀུན་མཉམ་པ་ཆེན་པོའི་དོན་རྟོགས་ཤོག། །ཅེས་མངྒ་ལམ་སྨོན་པ་དགེ། །། །།

དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་ཀྱི་འགྲེལ་བ་འོད་ཟེར་ཕྲེང་བ།


MR04_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

རསྨི་མཱ་ལ་ནཱ་མ་མ་དྷྱ་ནྟ་བི་བྷེ་ག་སྱ་ཤ་སྟྲཾ་སྱ་ཊཱི་ཀ་བི་ཧ་ར་ཏིསྨ། །
དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་ཀྱི་འགྲེལ་བ་འོད་ཟེར་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །


MR04_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་དབྱིངས་ཀུན་ཁྱབ་བྱམས་པའི་འོད་ཟེར་གྱིས། །འགྲོ་ལ་བློ་གྲོས་སྣང་བ་རྣམ་འབྱེད་པ། །རྒྱལ་བ་ཉི་མའི་གཉེན་དང་རྒྱལ་བའི་སྲས། །མ་ཕམ་འཇམ་པའི་དབྱངས་ལ་ཕྱག་འཚལ་ནས། །ཡོད་མེད་རྟག་ཆད་མཐའ་ལ་མི་གནས་ཤིང་། །ཡང་དག་འཕགས་པའི་ལམ་བཟང་མཚོན་པའི་སྒོ། །དབུས་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་ཀྱི། །ཚིག་དོན་ལེགས་པར་ཕྱེ་སྟེ་བཤད་པར་བྱ། །དེ་ལ་འདིར་རྒྱལ་ཚབ་ས་བཅུའི་སེམས་དཔའ་མཆོག་གི་བསྟན་བཅོས་ཆེན་པོ་སྡེ་ལྔའི་ཡ་གྱལ་ཐེག་པ་ཆེ་ཆུང་མཐའ་དག་གི་ལམ་གྱི་གནད་ཟབ་མོ་མཐའ་གཉིས་དང་བྲལ་བའི་དེ་ཁོ་ན་ཉིད་སྟོན་པར་བྱེད་པ་དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས་འདི་འཆད་པ་ལ། མཚན་དོན། འགྱུར་ཕྱག །གཞུང་དོན། འཇུག་དོན་བཞི། དང་པོ། རྒྱ་གར་སྐད་དུ། མདྷྱཱནྟ་ཞེས་པ་བོད་སྐད་དུ། དབུས་མཐའ། དེ་བཞིན་དུ། བི་བྷེ་ག །རྣམ་པར་འབྱེད་པ། ཀཱ་རི་ཀཱ། ཚིག་ལེའུར་བྱས་པ་ཞེས་རིམ་པ་ལྟར་མཐའ་དང་བྲལ་བའི་དེ་ཁོ་ན་ཉིད་དབུས་གང་ཡིན་པ་དང་། རྟག་ཆད་ཀྱི་མཐའ་གང་ཡིན་པ་མ་ནོར་བར་རྣམ་པར་འབྱེད་པར་བྱེད་པའི་བསྟན་བཅོས་གང་ཞིག །གཞུང་མཐའ་དག་ཚིགས་སུ་བཅད་པའི་ཚུལ་དུ་བྱས་པ་ནི་ཚིག་ལེའུར་བྱས་པའོ། །གཉིས་པ་ལ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟན། གསུམ་པ་ལ། སྡོམ་གྱི་སྒོ་ནས་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པ་གཉིས། དང་པོ། མཚན་ཉིད་སྒྲིབ་པ་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། བསྟན་བཅོས་


MR04_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་དབུ་ཞབས་ཀྱི་དོན་ཐམས་ཅད་བསྡུ་ན་རྣམ་པ་བདུན་དུ་འདུས་ཏེ། ཐོག་མར་ཤེས་པར་བྱ་བ་ཀུན་བྱང་གི་མཚན་ཉིད་བསྟན་ལ། དེའི་རྗེས་སུ་རྣམ་པར་བྱང་བ་དེའང་སྒྲིབ་པ་སྤང་བ་ལས་ཐོབ་པས་སྒྲིབ་པ་བསྟན། སྒྲིབ་པ་དེ་ནི་དེ་ཁོ་ན་ཉིད་ལ་དམིགས་པས་སྤོང་བར་འགྱུར་བས་ན་དེ་ཁོ་ན་ཉིད་བསྟན། དེ་བཞིན་དུ་དེ་ཁོ་ན་ཉིད་ལ་དམིགས་ནས་གཉེན་པོ་དག་ནི་སྒོམ་པའི་ཚུལ་དང་། གཉེན་པོ་དེ་རང་རྒྱུད་ལ་སྐྱེ་བའི་གནས་སྐབས་གང་ཡིན་པ་དང་། གཉེན་པོ་བསྒོམ་པའི་འབྲས་བུ་གང་ཐོབ་པ་དང་དྲུག་ནི་སྤྱིར་བསྟན་ནས། སངས་རྒྱས་ཉིད་ཐོབ་པའི་ཐུན་མོང་མ་ཡིན་པའི་ལམ་ཐེག་པ་བླ་ན་མེད་པའི་ཁྱད་ཆོས་དམིགས་བསལ་ནས་བསྟན་པ་སྟེ། དོན་རྣམ་པ་བདུན་དུ་ཡོད་པའོ། །གཉིས་པ་ལ། ཤེས་བྱ་སྤྱིའི་ཚུལ་དང་། ཐེག་ཆེན་ཐུན་མོང་མིན་པའི་ཚུལ་བཤད་པ་གཉིས། དང་པོ་ལ་ཤེས་བྱའི་ཡུལ། ཉམས་སུ་ལེན་པའི་ལམ། ལམ་དེའི་འབྲས་བུ་དང་གསུམ། དང་པོ་ལ་ཤེས་བྱ་མཚན་ཉིད། སྤང་བྱ་སྒྲིབ་པ། རྟོགས་བྱ་དེ་ཁོ་ན་ཉིད་དང་གསུམ། དང་པོ་ལ། ཀུན་ནས་ཉོན་མོངས་པའི་མཚན་ཉིད་དང་། རྣམ་པར་བྱང་བའི་མཚན་ཉིད་གཉིས། དང་པོ་ལ་ཀུན་ཉོན་གྱི་ངོ་བོ་དང་། ཚུལ་ཇི་ལྟར་ཉོན་མོངས་པའོ། །དང་པོ་ལ་གནས་ཚུལ་གྱི་དབང་དུ་བྱས་པ་དང་། སྣང་ཚུལ་གྱི་དབང་དུ་བྱས་པ་དང་། དེ་དག་གི་དོན་ལ་འཇུག་ཚུལ་ལོ། །དང་པོ་ཡང་དག་མ་ཡིན་


MR04_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྟོག་ཡོད། །ཅེས་པ་ནས། དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་པའི་བར་གྱིས་བསྟན་ཏེ། མ་དག་འཁོར་བ་ལྟར་སྣང་བའི་སྐབས་འདི་ན། འདི་ཐམས་ཅད་ཀྱི་སྣང་གཞིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཙམ་རྗེས་སུ་ཡོད་ཅེས་བྱ་སྟེ། འདི་ལྟར་འཁོར་བའི་སྣང་བ་བསྙོན་མེད་དུ་ཤར་བ་འདི་ཙམ་མི་སྣང་བར་སུས་ཀྱང་དགག་མི་ནུས་ལ། སྣང་བ་དེ་ཡང་རང་གི་ཀུན་ཏུ་རྟོག་པའི་དབང་གིས་བྱུང་བ་ལས་གཞན་དུ་གྱུར་པ་ཅུང་ཟད་ཀྱང་མེད་པར་གྲུབ་པའི་ཕྱིར་ན་ཐ་སྙད་ལ་སྐུར་བ་མི་གདབ་པའི་ཕྱིར་འཁོར་བ་ཉིད་ཀུན་ཏུ་རྟོག་པའི་དབང་གིས་ཡོད་པ་ཡིན་པར་འཇོག་ཅིང་དེ་ལ་མ་དག་པ་གཞན་དབང་ཅེས་ཀྱང་བྱའོ། །གཞན་དབང་གི་རྣམ་ཤེས་སམ་ཀུན་ཏུ་རྟོག་པ་དེ་ལ་ཇི་ལྟར་སྣང་བ་ལྟར་གྱི་གཟུང་འཛིན་གཉིས་པོ་ནི་དེ་ལྟར་གྲུབ་པ་ཡོད་པ་མ་ཡིན་ཏེ་རི་མོ་ལ་མཐོ་དམན་དུ་སྣང་བ་དང་། ཐོ་ཡོར་ལ་མིར་སྣང་བ་ལ་སོགས་པ་བཞིན་དུ་ཀུན་ཏུ་བཏགས་པ་ཙམ་ལས་རང་གི་ངོ་བོ་ཉིད་དུ་མེད་པའོ། །དེའི་ཕྱིར་ན་གཟུང་འཛིན་གཉིས་ཀྱིས་སྟོང་པའི་སྟོང་པ་ཉིད་དེ་ནི་གཞན་དབང་གི་རྣམ་ཤེས་སམ། ཀུན་ཏུ་རྟོག་པ་འདི་ལ་ཆོས་ཉིད་ཀྱི་ཚུལ་དུ་ཡོད་པའམ་ཡོངས་སུ་གྲུབ་པ་ཡིན་ནོ། །སྟོང་ཉིད་དེ་ལ་ཡང་ནི་ཀུན་རྟོག་དེ་ཆོས་ཅན་གྱི་ཚུལ་དུ་ཡོད་དོ། །དེ་གཉིས་རང་བཞིན་དང་རང་བཞིན་ཅན་གྱི་ཆོས་སུ་ངེས་པས་ན་མ་རྟོགས་པའི་དུས་ན་ཡང་མེ་དང་མེའི་ཚ་བ་བཞིན་འབྲལ་མི་


MR04_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལ། རྟོགས་པའི་ཚེ་ཆོས་ཉིད་ཀྱི་རང་བཞིན་ཁོ་ནར་གཟིགས་པའི་ཡེ་ཤེས་ཉིད་དུ་འབྱུང་བའོ། །དེ་བས་ན་ཀུན་རྟོག་རྫས་སུ་ཡོད་པའམ་ཐ་སྙད་དུ་མི་བསླུ་བར་ཡོད་པས་སྟོང་པ་ཁོ་ན་མ་ཡིན་ལ། ཡོད་ཀྱང་སྣང་བ་ལྟར་གྱི་གཟུང་འཛིན་གཉིས་མེད་པས་ན་མི་སྟོང་པའང་མིན་ཏེ། དེ་ལྟ་བས་ན་ཚུལ་དེ་ཉིད་ལ་དགོངས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་མདོ་སྡེ་དག་ལས་སྟོང་པའང་མ་ཡིན། མི་སྟོང་པའང་མ་ཡིན་ནོ། །ཞེས་མཐའ་དག་བཀག་པ་ཡི་སོར་བཞག་ཚིག་ཐམས་ཅད་ཀྱིས་བཤད་པ་ཡིན་གྱི་ཕྱོགས་རེ་རེ་ནས་མ་ཡིན་ནོ། །དེ་ཡང་ཇི་སྐད་དུ་དེ་ལྟར་གང་ན་གང་མེད་པ་དེ་ནི་དེས་སྟོང་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐོང་ངོ་། །འདི་ལ་ལྷག་མ་ཡོད་པ་གང་ཡིན་པ་དེ་ནི་འདིར་ཡོད་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ལྟར་སྟོང་པ་ཉིད་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པ་ཡིན་ནོ། །ཞེས་དབྱིག་གཉེན་གྱི་འགྲེལ་བ་ལས་གསུངས་པ་ལྟར་ཤན་འབྱེད་པའི་ཤེས་རབ་ཀྱིས་ཡོད་པ་དང་མེད་པ་ལེགས་པར་འབྱེད་པའི་སྐབས་སུ་ཐག་པ་ལ་སྤྲུལ་དུ་འཁྲུལ་བཞིན་པའི་ཚེ་ནའང་། སྦྲུལ་དངོས་ཀྱིས་ཐག་པ་དེ་སྟོང་པ་བཞིན་དུ་ཡང་དག་པའི་དོན་དུ་མེད་བཞིན་དུ་གཟུང་འཛིན་གཉིས་སུ་སྣང་བ་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་ཉིད་ཡོད་པ་འདིའི་ཚེ་ན་ཡང་། གང་མེད་པ་ནི་གཟུང་འཛིན་གཉིས་པོ་དེ་ཡིན་ཏེ། སྣང་ཡང་དེ་


MR04_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གྲུབ་མ་མྱོང་པས་ན་ཀུན་རྟོག་དེ་ནི་གཟུང་འཛིན་གཉིས་པོ་དེས་སྟོང་པར་ཤེས་སོ། །སྦྲུལ་མེད་ཀྱང་ཐག་པ་རང་ཉིད་ཐ་སྙད་དུ་ཡོད་པ་དང་སྦྲུལ་མེད་པ་ཉིད་ཐག་པ་དེ་ལ་ཡོད་པ་ལྟར་འདི་ལ་ལྷག་མ་ཡོད་པ་ནི་ཐ་སྙད་དུ་ཀུན་རྟོག་ཡོད་པ་དང་། དེ་ལ་སྟོང་པ་ཉིད་ཆོས་ཉིད་ཀྱི་ཚུལ་དུ་ཡོངས་སུ་གྲུབ་པའམ་ཡོད་པ་གཉིས་པོ་དེ་ནི་ཡོད་པར་ཁས་ལེན་པའམ་ཡོད་པར་འདོད་དགོས་ཏེ། ཀུན་རྟོག་མེད་པར་ཁས་བླངས་ན་འཁོར་བ་གཏན་མེད་དུ་འགྱུར་བས་ཐ་སྙད་ལ་སྐུར་བ་འདེབས་པ་དང་། སྟོང་པ་ཉིད་ནི་ཆོས་ཅན་དེའི་སྟེང་དུ་སྒྲུབ་པའི་ཚུལ་གྱིས་ཡོད་པར་མ་བཟུང་བར་དགག་ན་གཟུང་འཛིན་གཉིས་ཡོད་པར་འགྱུར་བས་དོན་དམ་པར་སྒྲོ་བཏགས་པའི་སྐྱོན་དུ་འགྱུར་ཏེ། ཐ་སྙད་དུ་དགག་པ་དང་སྒྲུབ་པ་གང་ཡིན་པ་མཐའ་གཅིག་ཏུ་ཁས་ལེན་ཚུལ་ཤེས་དགོས་ཀྱིས་དེ་ལས་འདས་ན་བཟློག་ཕྱོགས་ཀྱིས་དོན་གཞན་དུ་འགྱུར་བའི་ཕྱིར་རོ། །དེས་ན་འཁོར་བའི་དུས་ན་ཡང་དག་མིན་པའི་ཀུན་རྟོག་གམ་གཉིས་སུ་སྣང་བ་ཅན་གྱི་རྣམ་རིག་ཙམ་འབྱུང་ཞིང་མངོན་སུམ་སྣང་བ་འདི་ནི་སྣང་ངོར་མི་བསླུ་བར་ཡོད་པས་དང་། གཟུང་འཛིན་གཉིས་པོ་ཐ་དད་དུ་སྣང་བ་ལྟར་དོན་དུ་གྲུབ་པ་མེད་པས་དང་། གཟུང་འཛིན་གཉིས་ཀྱིས་སྟོང་པའི་སྟོང་ཉིད་དེ་ཆོས་ཅན་ཀུན་རྟོག་འདི་ལ་ཆོས་ཉིད་ཀྱི་ཚུལ་དུ་ཡོད་པས་ན། སྣང་ཡང་ངོ་བོས་མ་གྲུབ་པའམ་སྣང་སྟོང་ཟུང་


MR04_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཇུག་པའི་རང་བཞིན་དུ་ངེས་པས་ན། ཚུལ་དེ་ལྟ་བུར་རྟོགས་པ་ནི་ཡོད་མེད་སྒྲོ་སྐུར་གྱི་མཐའ་དང་བྲལ་བ་དབུ་མའི་ལམ་ཡིན་ཏེ། དངོས་པོའི་ཆོས་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་པའི་ཕྱིར་རོ། །གཉིས་པ་དོན་དང་སེམས་ཅན་སོགས་ཀྱིས་བསྟན་ཏེ། དེ་ལ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཞེས་བྱ་བ་དེ་ཅི་ལྟ་བུ་ཞིག་ཡིན་སྙམ་ན། འདི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་གཅིག་པུ་ཉིད་སྣ་ཚོགས་པའི་ཆོས་སུ་སྣང་སྟེ། གཟུགས་སོགས་ཕྱི་རོལ་གྱི་དོན་དུ་སྣང་བ་དང་། མིག་སོགས་དབང་པོ་དང་ལྡན་པའི་སེམས་ཅན་དུ་སྣང་བ་དང་། བདག་ཏུ་སྣང་བ་ཉོན་མོངས་པའི་ཡིད་དང་། རྣམ་པར་རིག་པའི་ཚོགས་དྲུག་ཏུ་སྣང་བའི་རྣམ་པར་ཤེས་པ་ནི་རྣམ་པར་རྟོག་པ་གོམས་པའི་བག་ཆགས་ཀྱི་དབང་གིས་རབ་ཏུ་སྐྱེ་སྟེ། རྨི་ལམ་གྱི་སྣང་བ་བཞིན་དུ་གཟུང་འཛིན་སྣ་ཚོགས་པའི་རྣམ་པར་སྣང་བའོ། །དེ་ལྟར་སྣང་ཡང་ལེགས་པར་དཔྱད་ན་ཚོགས་དྲུག་གི་འཛིན་པ་དེའི་ཡུལ་དུ་གྱུར་པའི་དོན་ནི་གྲུབ་པ་མེད་དེ། ཆུ་གཅིག་ལ་ཡི་དྭགས་དང་མི་ལ་སོགས་པས་རྣག་དང་ཆུ་སོགས་སུ་མཐོང་པ་བཞིན་རང་གི་སེམས་ཉིད་ཡུལ་དུ་སྣང་གི་འཛིན་པ་ལས་ཐ་དད་པའི་དོན་ཅུང་ཟད་ཀྱང་མ་གྲུབ་པས་ཕྱི་དོན་མ་གྲུབ་ཅེས་བྱའོ། །དེ་ལྟར་གཟུང་བ་དེ་མེད་པས་ན་དེ་ལ་ལྟོས་ནས་འཛིན་པར་བཞག་པ་དེའང་མེད་དེ། དེ་གཉིས་ལྟོས་འཇོག་གིས་གྲུབ་ཀྱི་ཡན་གར་དུ་གྲུབ་པ་


MR04_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཕྱིར་རོ། །དེ་ལྟར་གཟུང་འཛིན་གཉིས་སུ་སྣང་བ་ཡོད་ཀྱང་གཉིས་སུ་གྲུབ་པ་མེད་པ་དེའི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ་ནི་རྫས་སུ་གྲུབ་པའམ་ཡོད་ཅེས་པའི་དོན་དེ་ལྟར་ཡིན་ཏེ། གཉིས་སྣང་ཅན་གྱི་རྣམ་ཤེས་འདི་ཡེ་ནས་ཡོད་མ་མྱོང་བ་རི་བོང་གི་རྭ་དང་འདྲ་ན་དེ་གཏན་མེད་དུ་གྱུར་པས་སུས་ཀྱང་ཡོད་ཅེས་འདོད་མི་ནུས་ལ། སྣང་བ་ལྟར་གཉིས་སུ་གྲུབ་པ་ཞིག་ན་ཡང་དག་མིན་རྟོག་ཏུ་ཡང་བཞག་ཏུ་མེད་པའི་ཕྱིར་རོ། །དེ་ལྟར་ན་ཡང་གཟུང་འཛིན་གཉིས་སུ་ཇི་ལྟར་སྣང་བ་དེ་བཞིན་དུ་ཡོད་པ་མ་ཡིན་པས་ཡང་དག་མིན་རྟོག་ཅེས་བྱ་ལ། གཉིས་སུ་མེད་ཀྱང་གཉིས་སུ་སྣང་བ་ཡོད་པའི་ཕྱིར་ཡེ་ནས་མེད་པ་མོ་གཤམ་གྱི་བུ་ལྟ་བུ་སུ་ལ་སྣང་མ་མྱོང་བ་མིན་པའི་ཕྱིར། ཡང་དག་པ་མ་ཡིན་པའི་ཀུན་རྟོག་ནི་འཁོར་བ་ཉིད་དུ་གདགས་པའི་གཞིའམ་རྫས་སུ་རྣམ་པར་བཞག་པ་ནི་སྐྱོན་མེད་པའི་གྲུབ་མཐའ་ཡིན་ཏེ་སུས་ཀྱང་དེ་མ་ཡིན་ཞེས་བརྒལ་དུ་མེད་དོ། །དེ་ལྟ་བུའི་ཡང་དག་མིན་པའི་ཀུན་རྟོག་གམ་འཁྲུལ་བ་དེ་ཟད་པར་གྱུར་ནས་གཟུང་འཛིན་མེད་པའི་རབ་ཏུ་ཕྱེ་བས་ཆོས་ཉིད་ཐོབ་པ་ནི་གྲོལ་བ་ཞེས་བྱ་བར་འདོད་དེ་འཁྲུལ་བའི་རྣམ་རྟོག་དེ་མ་ཡིན་པར་གཞན་པའི་འཁོར་བ་ཞེས་བྱ་བ་རྡུལ་ཙམ་མེད་པའི་ཕྱིར་རོ། །དེ་ལྟར་ན་ཡང་དག་མིན་པའི་ཀུན་རྟོག་དེ་ཉིད་ཐ་སྙད་དུ་དེ་ལྟར་ཡོད་པའི་ཕྱིར་ཀུན་བྱང་དང་འཆིང་གྲོལ་ཐམས་


MR04_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འཐད་ཀྱི། དེ་མེད་ན་ཐམས་ཅད་མི་འཐད་པར་འགྱུར་རོ། །གསུམ་པ་ལ། མཚན་ཉིད་གསུམ་གྱི་དོན་དུ་བསྟན་པ་དང་། དེ་ལ་འཇུག་ཚུལ་ལོ། །དང་པོ། བརྟག་པ་དང་ནི་ཞེས་སོགས་གསུངས་ཏེ། ཀུན་ཏུ་རྟོག་པ་དེ་ལ་མཚན་ཉིད་གསུམ་གྱིས་རྣམ་པར་དབྱེ་བ་བཞག་ཏུ་ཡོད་དེ། གང་ཞེ་ན་ཀུན་ཏུ་བརྟག་པ་དང་ནི། གཞན་གྱི་དབང་དག་དང་། ཡོངས་སུ་གྲུབ་པ་ཉིད་ཀྱང་ངོ་། །ཇི་ལྟར་ན་ཕྱི་དོན་དུ་སྣང་ཞིང་གཉིས་སྣང་ཡོད་པའི་ཕྱིར་ན་དོན་མེད་ཀྱང་དོན་དུ་སྣང་བ་དེ་ཡི་ཆ་ནས་འཁྲུལ་བའམ་ཀུན་བཏགས་སུ་བཞག་པ་དང་། དེ་ལྟར་སྣང་བ་དེ་ནི་ཡང་དག་པ་མིན་པའི་ཀུན་རྟོག་ཙམ་ལས་གཞན་དུ་མེད་པའི་ཕྱིར་ན་དེའི་སྣང་གཞི་དེའི་ཆ་ནས་དེ་རང་གི་ངོ་བོ་ལ་གཞན་དབང་གི་རྣམ་ཤེས་སུ་བཞག་པ་དང་། གཟུང་འཛིན་གཉིས་པོ་ཡེ་ནས་དོན་ལ་གྲུབ་པ་མེད་པའི་ཕྱིར། དེའི་རང་བཞིན་ལ་གཉིས་མེད་ཀྱི་ངོ་བོ་ཉིད་ཡོངས་སུ་གྲུབ་པ་ཡིན་པར་བཤད་དོ། །གཉིས་པ་དམིགས་པ་ལ་ནི་སོགས་ཀྱིས་བསྟན་ཏེ། མཚན་ཉིད་གསུམ་གྱིས་བསྡུས་པའི་ཀུན་རྟོག་དེའི་རང་བཞིན་ལ་འཇུག་པའི་ཚུལ་ནི། དོན་དུ་སྣང་བ་ཉིད་ནང་གི་བག་ཆགས་སྨིན་པའི་བདག་ཉིད་དུ་དམིགས་པའམ་ཤེས་ཤིང་གོམས་པ་ལ་ནི་བརྟེན་ནས་སུ། ཕྱི་དོན་རྫས་སུ་མི་དམིགས་པའི་རྟོག་པ་ནི་རབ་ཏུ་སྐྱེ་ལ། དེ་ལྟར་ཕྱི་དོན་མི་དམིགས་པ་ལ་བརྟེན་ནས་སུ། འཛིན་པ་ཉིད་ཀྱང་མི་དམིགས་


MR04_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་རབ་ཏུ་སྐྱེ་ཞིང་། དེ་ཡི་ཕྱིར་ན་ཕྱི་དོན་ཉིད་མ་གྲུབ་པར་རྨི་ལམ་གྱི་ཡུལ་ལྟར་ནང་བློ་ཡི་བདག་ཉིད་དུ་དམིགས་པ་དེ་ནི་ཕྱི་དོན་མི་དམིགས་པའམ་མ་གྲུབ་པར་ཤེས་པའི་ངོ་བོ་ཉིད་དུ་གྲུབ་པ་ཡིན་ལ། དེ་ལྟ་བས་ན་སྣང་བ་ཐམས་ཅད་ཀུན་ཏུ་རྟོག་པ་ཙམ་གྱི་རང་བཞིན་དུ་དམིགས་པའམ། རྣམ་པར་རིག་པ་ཙམ་གྱི་བདག་ཉིད་དུ་དམིགས་པ་དང་། ཕྱི་དོན་དུ་མི་དམིགས་པ་གཉིས་ནི་མཉམ་པའམ་དོན་འདྲ་བར་ཤེས་པར་བྱ་སྟེ་སྒྲུབ་ཕྱོགས་དང་དགག་ཕྱོགས་ནས་བསྟན་པ་དེ་གཉིས་གང་ལྟར་ཀྱང་དོན་དུ་གནད་གཅིག་པའི་ཕྱིར་རོ། །གཉིས་པ་ཚུལ་ཇི་ལྟར་ཉོན་མོངས་པ་བཤད་པ་ལ། གང་གིས་ཉོན་མོངས་པར་བྱེད་པ་དང་། དེས་ཇི་ལྟ་བུར་ཉོན་མོངས་པར་བསྟན་པའོ། །དང་པོ། ཡང་དག་མ་ཡིན་སོགས་ཚིགས་བཅད་གཉིས་ཀྱིས་བསྟན་ཏེ། དེ་ལ་ཁམས་གསུམ་འཁོར་བ་འདིར་གང་གིས་ཉོན་མོངས་པར་བྱེད་པའི་བྱེད་པ་པོ་གཞན་ཅུང་ཟད་ཀྱང་མེད་དེ། རང་གི་ཀུན་ཏུ་རྟོག་པས་སོ། །དེ་ལ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཅེས་བྱ་བ་གང་ཡིན་ན། དེ་ནི་གཟུང་འཛིན་གཉིས་སུ་སྣང་བ་ཅན། ཁམས་གསུམ་གྱིས་བསྡུས་པ་ཡི་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་དོ། །དེས་ཟག་མེད་ཀྱི་སེམས་ནི་འདིར་མི་གཏོགས་པར་བསྟན་ཏོ། །དེ་ལ་གཙོ་བོའི་སེམས་དང་འཁོར་སེམས་བྱུང་གི་ཁྱད་པར་ཅི་ཞེ་ན། དོན་གྱི་ངོ་བོ་ཙམ་མཐོང་བའི་


MR04_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ནས་གཙོ་སེམས་སམ་རྣམ་པར་ཤེས་པ་ཞེས་བྱ་ལ། དོན་དེའི་ཁྱད་པར་གྱི་ཆོས་མཐོང་བའི་འཛིན་སྟངས་བྱེ་བྲག་པའི་ཆ་ནས་སེམས་ལས་བྱུང་བ་ཞེས་བྱའོ། །དེ་ལ་གཙོ་སེམས་རྣམ་པར་ཤེས་པ་དེ་ལ་དབྱེ་ན་ཚོགས་བརྒྱད་དུ་ཡོད་པ་ལས་ཀུན་གཞིའི་རྣམ་ཤེས་གཅིག་པུ་ནི་རྐྱེན་ནམ་རྒྱུའི་རྣམ་པར་ཤེས་པ་ཞེས་བྱ་སྟེ། ཚོགས་བདུན་པོའི་གཞིར་གྱུར་པས་སོ། །ཕྱོགས་གཉིས་པ་ཀུན་གཞི་དེ་ལས་བྱུང་བའི་ཚོགས་བདུན་ནི་རང་གི་ཡུལ་སོ་སོ་ལ་ཉེ་བར་ལོངས་སྤྱོད་པ་ཅན་ཡིན་ནོ། །སེམས་བྱུང་གི་དབྱེ་བ་ལའང་། ཚོར་བ་ནི་ཡུལ་བདེ་སྡུག་བཏང་སྙོམས་ལ་ཉེ་བར་ལོངས་སྤྱོད་པ་དང་། འདུ་ཤེས་ནི་ཡུལ་གྱི་མཚན་མ་ཡོངས་སུ་གཅོད་པའི་ཚུལ་གྱིས་འཛིན་པ་དང་། དེ་ལས་གཞན་བའི་སེམས་བྱུང་སེམས་པ་དང་མོས་པ་སོགས་ལྡན་པའི་འདུ་བྱེད་ཐམས་ཅད་ནི་རྣམ་ཤེས་དེའི་ངོ་བོ་ཡུལ་ལ་འཇུག་པར་བྱེད་པའི་ལས་ཅན་ཏེ། དཔེར་ན་སེམས་ཡུལ་ལ་གཡོ་ཞིང་འཇུག་པའི་ཆ་ནས་སེམས་བྱུང་སེམས་པ་དང་། གནས་པའི་ཆ་ནས་ཏིང་ངེ་འཛིན་སོགས་སུ་བཞག་པ་སྟེ། དེ་ལྟར་ཚོར་འདུ་འདུ་བྱེད་གསུམ་གྱིས་བསྡུས་པ་རྣམས་ནི་སེམས་ལས་བྱུང་བ་ཡིན་ནོ། །གཉིས་པ། བསྒྲིབ་པའི་ཕྱིར་དང་སོགས་ཀྱིས་བསྟན་ཏེ། ཀུན་ཏུ་རྟོག་པའི་དབང་གིས་སྲིད་པ་བརྒྱུད་མར་འཇུག་ཅིང་ཉོན་མོངས་པར་འགྱུར་བའི་ཚུལ་ནི་ཇི་ལྟར་ན། རྟེན་འབྲེལ་


MR04_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བཅུ་གཉིས་པོ་བར་མ་ཆད་དུ་འབྲེལ་བའི་དབང་གིས་ལུ་གུ་རྒྱུད་དུ་འཁོར་བར་འགྱུར་ཏེ། གང་ཞེ་ན། མ་རིག་པས་འགྲོ་བ་རྣམས་ཉོན་མོངས་པར་བྱེད་དེ། ཡང་དག་པའི་དོན་མཐོང་བ་ལ་བསྒྲིབ་པའི་ཕྱིར་རོ། །དེའང་ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་པའི་མ་རིག་པ་ང་དང་ང་ཡིར་འཛིན་པའི་དབང་གིས་ལས་འདུ་བྱེད་པ་སོགས་ཡན་ལག་ཕྱི་མ་ཀུན་འབྱུང་བར་བྱེད་པའོ། །དེ་བཞིན་དུ་འདུ་བྱེད་ཀྱིས་འགྲོ་བ་རྣམས་ཉོན་མོངས་པར་བྱེད་དེ་རྣམ་ཤེས་ལ་ཡང་སྲིད་ཀྱི་ས་བོན་འདེབས་པའི་ཕྱིར། དེ་བཞིན་དུ་ཉོན་མོངས་པར་བྱེད་ཅེས་རྣམ་ཤེས་ལ་སོགས་པ་ཀུན་ལ་སྦྱར་ཏེ། བག་ཆགས་ཀྱིས་བགོས་པའི་རྣམ་ཤེས་ཀྱིས་འགྲོ་བ་རྣམས་སྐྱེ་གནས་སུ་ཁྲིད་པའི་ཕྱིར་དང་། མིང་གཟུགས་ཀྱིས་སྲེད་པའི་ལུས་ཀུན་ཏུ་འཛིན་པའི་ཕྱིར་དང་། སྐྱེ་མཆེད་དྲུག་གིས་མིང་གཟུགས་ཀྱི་གནས་སྐབས་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་དང་། རེག་པས་ཡུལ་དབང་ཤེས་གསུམ་འདུས་པ་ལ་བརྟེན་ནས་ཡུལ་གྱི་འགྱུར་བ་ཡོངས་སུ་གཅོད་པའི་ཕྱིར་དང་། ཚོར་བས་རྣམ་སྨིན་བདེ་སྡུག་གི་ཆ་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་དང་། སྲེད་པས་ཡང་སྲིད་ཕྱི་མ་ཉེ་བར་སྡུད་པའི་ཕྱིར་དང་། ལེན་པས་ཡང་སྲིད་ལ་མངོན་དུ་སྦྱོར་བའི་ཕྱིར་དང་། སྲིད་པས་སྐྱེ་བ་ཕྱི་མ་མངོན་དུ་འགྲུབ་པར་བྱེད་པའི་ཕྱིར་དང་། སྐྱེ་བས་ནི་རྒ་བ་སོགས་སྡུག་


MR04_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་གྱི་རྟེན་བྱེད་ལ། རྒ་ཤི་ནི་སྡུག་བསྔལ་གྱི་ངོ་བོ་ཡིན་པས་དེ་གཉིས་ཀྱིས་འགྲོ་བ་རྣམས་ཉོན་མོངས་པར་བྱེད་དེ། སྡུག་བསྔལ་བར་བྱེད་པའི་ཕྱིར་ན་དེ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རིམ་གྱིས་རྒྱུན་མི་འཆད་པར་འབྱུང་བའི་ཚུལ་གྱིས་འགྲོ་བ་རྣམས་ཉོན་མོངས་པར་བྱེད་དེ། ཟག་བཅས་ལས་ཉོན་གྱི་རྒྱུ་ལས་བྱུང་བའི་སྐྱེ་བ་གང་ཡིན་ཀྱང་གནས་སྐབས་འགྱུར་བའི་རྒ་བ་དང་། རྒྱུན་འགག་པའི་ཤི་བ་དེས་མཚོན་པའི་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པའི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་ཏེ། ཟག་བཅས་ཀྱི་ཕུང་པོའི་ཆ་སྐད་ཅིག་མ་རེ་རེ་ཡང་ངོ་བོ་ཉིད་ཀྱིས་སྡུག་བསྔལ་བའམ། བདེ་བ་ལྟར་སྣང་ཡང་འགྱུར་བ་དང་བཅས་པ་དང་། བདེའམ་སྡུག་ཀྱང་སླར་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཆ་ནས་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་པོ་ཅི་རིགས་དང་འབྲེལ་བའི་ཕྱིར་ན་ཟག་བཅས་ཀྱི་ཕུང་པོ་ནི་སྡུག་བསྔལ་གྱི་རྟེན་དུ་གྱུར་པ་ཡིན་ནོ། །དེ་ལྟར་རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་འདི་དག་ཀྱང་སྡེ་ཚན་གསུམ་དུ་བསྡུ་ན། མ་རིག་པ་དང་སྲེད་པ་དང་ལེན་པ་རྣམ་པ་གསུམ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་ཞིང་། དེར་མ་ཟད་འདུ་བྱེད་དང་སྲིད་པ་རྣམ་པ་གཉིས་ཀྱང་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །དེ་ལྔའི་ལྷག་མ་རྣམ་པར་ཤེས་པ་


MR04_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་སྡུག་བསྔལ་གྱི་གཞི་རྣམ་པ་བདུན་ལ་ནི་སྐྱེ་བའམ་ཚེའི་ཀུན་ནས་ཉོན་མོངས་པ་ཞེས་བྱ་སྟེ། དེ་ཐམས་ཅད་ཀྱང་རྩ་བ་ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པ་ལས་བྱུང་བ་ཡིན་པས། འདི་དག་གིས་སེམས་ཅན་རྣམས་འཁོར་བར་ཡང་ནས་ཡང་དུ་སྦྱོར་ཞིང་ཉོན་མོངས་པར་བྱེད་པས་མིང་དེ་སྐད་དུ་གསུངས་སོ། །གཉིས་པ་རྣམ་བྱང་གི་མཚན་ཉིད་ལ་མདོར་བསྟན་དང་རྒྱས་བཤད་གཉིས། དང་པོ་སྟོང་པ་ཉིད་སོགས་ཀྱིས་བསྟན་ཏེ། དེ་ཡང་རྒྱུ་ལས་དང་ཉོན་མོངས་པ་དང་། འབྲས་བུ་སྡུག་བསྔལ་གྱིས་བསྡུས་པའི་འཁོར་བ་ཉིད་དང་བྲལ་བའི་རྣམ་བྱང་གི་གནས་སུ་གྱུར་པ་སྟོང་པ་ཉིད་ཀྱི་དོན་ནི་མདོར་བསྡུ་ན། སྟོང་པ་ཉིད་ཀྱི་རང་གི་མཚན་ཉིད་དང་ནི། གཞན་ཡང་དེའི་མིང་གི་རྣམ་གྲངས་དང་། རྣམ་གྲངས་དེའི་དོན་དང་། སྟོང་པ་ཉིད་ཀྱི་དབྱེ་བ་དང་། དེ་ལ་དྲི་བཅས་དྲི་མེད་དུ་འཇོག་པའི་འཐད་པ་བསྒྲུབ་པ་དག་སྟེ་དེ་ལྟར་དོན་གྱི་རྣམ་གྲངས་རྣམ་པ་ལྔའི་སྒོ་ནས་དེ་ཡི་ཚུལ་གཏན་ལ་དབབ་པ་ཤེས་པར་བྱའོ། །གཉིས་པ་རྒྱས་བཤད། གོང་གི་མདོར་བསྟན་གྱི་རིམ་པ་དང་མཚུངས་པར་ས་བཅད་ལྔ་ཡོད་པ་ལས། དང་པོ་མཚན་ཉིད་ནི། གཉིས་དངོས་མེད་དང་སོགས་ཀྱིས་བསྟན་ཏེ། གཟུང་འཛིན་གཉིས་ཀྱི་དངོས་པོར་མེད་པ་དང་། དེ་གཉིས་ཀྱི་དངོས་པོ་མེད་པའི་དངོས་པོ་ཉིད་ཡོད་པ་ནི་སྟོང་པའི་མཚན་ཉིད་དེ། གཟུང་འཛིན་གཉིས་རྣམ་བཅད་ལ་


MR04_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཁེགས་པས་དེ་གཉིས་མེད་པའི་སྟོང་ཉིད་ཡོངས་གཅོད་དུ་གྲུབ་པ་དེ་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་གཟུང་འཛིན་གྱི་ངོ་བོར་ཡོད་པ་མ་ཡིན་ལ། གཉིས་སྟོང་གི་ངོ་བོར་མེད་པའང་མིན་ཞིང་། ཆོས་ཅན་ཡང་དག་མིན་རྟོག་དང་ཆོས་ཉིད་གཉིས་སྟོང་གི་རང་བཞིན་དེ་གཉིས་ཐ་དད་པ་དང་གཅིག་པའི་མཚན་ཉིད་མ་ཡིན་ཏེ། རིམ་པ་ལྟར་གཉིས་པོ་ཁེགས་པས་གཉིས་སྟོང་གྲུབ་ལ། གལ་ཏེ་གཉིས་སྟོང་མེད་ན་གཟུང་འཛིན་གཉིས་པོ་ཡོད་པར་འགྱུར་ཏེ་དགག་པ་བཀག་པ་སྒྲུབ་པ་ཡིན་པའི་ཕྱིར་དང་། གཉིས་སྟོང་དང་ཀུན་རྟོག་དེ་གཉིས་ངོ་བོ་གཅིག་མིན་ཏེ། ཚུ་རོལ་མཐོང་བས་ཀུན་རྟོག་མྱོང་བས་གྲུབ་ཀྱང་ཁྱོད་མ་གྲུབ་པའི་ཕྱིར། ཐ་དད་ཀྱང་མིན་ཏེ་ཆོས་ཉིད་ཀྱི་ཚུལ་དུ་གནས་པའི་ཕྱིར་རོ། །གཉིས་པ། སྟོང་པ་ཉིད་ནི་སོགས་ཀྱིས་བསྟན་ཏེ། སྟོང་པ་ཉིད་ཀྱི་མིང་ནི་མདོར་བསྡུ་ན། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། མཚན་མ་མེད་པ་དང་། དོན་དམ་པ་དང་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། དེ་དག་ནི་སྟོང་པ་ཉིད་ཀྱི་མིང་གི་རྣམ་གྲངས་སོ། །གསུམ་པ། གཞན་མིན་སོགས་ཀྱིས་བསྟན་ཏེ། བཤད་མ་ཐག་པའི་མིང་གི་རྣམ་གྲངས་ལྔ་པོ་དེ་དག་གི་དོན་ནི། གཞན་དུ་འགྱུར་བ་མིན་པའི་ཕྱིར་ན་ཇི་ལྟར་སྔར་བཞིན་ཕྱིས་ཀྱང་དེ་བཞིན་ཡིན་པས་དེ་བཞིན་ཉིད་ཅེས་བྱ་ལ། དེ་བཞིན་དུ་དངོས་པོའི་གནས་ཚུལ་ཕྱིན་ཅི་ལོག་མ་ཡིན་པའི་ཡང་དག་པ་ཡིན་


MR04_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ཡང་དག་པའི་མཐའ་དང་། སྟོང་ཉིད་དེ་ནི་སྤྲོས་པའི་མཚན་མ་མཐའ་དག་འགོག་པའི་རང་བཞིན་ཡིན་པའི་ཕྱིར་མཚན་མ་མེད་པ་དང་། གནས་ལུགས་དེ་ནི་ཡུལ་ཅན་འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་དོན་དམ་པའི་བདེན་པ་དང་། དེ་ལ་དམིགས་ནས་ལམ་གྱི་ཡོན་ཏན་ཀུན་སྐྱེད་པར་བྱེད་པས་འཕགས་པའི་ཆོས་རྣམས་ཀྱི་རྒྱུའམ་དབྱིངས་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། འདི་དག་གོང་གི་མིང་གི་རྣམ་གྲངས་སོ་སོའི་དོན་ཡིན་ཏེ་དེ་ལྟར་གོ་རིམ་བཞིན་དུ་སྦྱར་བར་བྱའོ། །བཞི་པ་དབྱེ་བ་ལ་གཉིས་སུ་དབྱེ་བ་དང་། བཅུ་དྲུག་ཏུ་དབྱེ་བའོ། །དང་པོ། ཀུན་ནས་ཉོན་མོངས་སོགས་ཀྱིས་བསྟན་ཏེ། སྟོང་པ་ཉིད་དེ་ལ་དབྱེ་ན་གཉིས་སུ་ཡོད་དེ། ཀུན་ནས་ཉོན་མོངས་པ་དང་བཅས་པ་དྲི་བཅས་ཀྱི་དེ་བཞིན་ཉིད་དང་། སྒྲིབ་གཉིས་རྣམ་པར་དག་པ་དེ་ནི་དྲི་མ་མེད་པའི་དེ་བཞིན་ཉིད་ཅེས་བྱའོ། །དྲི་མ་དང་བཅས་པ་ཡིན་ན་རང་བཞིན་དག་པ་མི་འཐད་སྙམ་ན། མི་འཐད་པ་མེད་དེ། ཇི་ལྟར་ཆུ་ཡི་ཁམས་དང་གསེར་དང་ནམ་མཁའ་རྣམས་ཀྱི་རང་གི་ངོ་བོ་རྣམ་པར་དག་པ་དེ་བཞིན་དུ་དེ་བཞིན་ཉིད་དེ་ཡང་རང་གི་ངོ་བོ་ཡེ་ནས་རྣམ་པར་དག་པར་འདོད་དེ་མ་དག་པ་གནས་ཚུལ་ལ་མེད་དོ། །གཉིས་པ་ཟ་བ་བཟའ་དང་སོགས་ཀྱིས་བསྟན་ཏེ། གང་སྟོང་པ་ཉིད་རང་གི་ངོ་བོ་ལ་དབྱེ་བ་མེད་ཀྱང་། སྟོང་གཞི་ཆོས་ཅན་སོགས་


MR04_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབྱེ་བ་ལས་སྟོང་ཉིད་བཅུ་དྲུག་ཏུ་གསུངས་ཏེ་གང་ཞེ་ན། ཕྱི་རོལ་གྱི་ཡུལ་ལ་ལོངས་སྤྱོད་པ་པོའམ། ཟ་བ་པོ་མིག་སོགས་ནང་གི་སྐྱེ་མཆེད་དྲུག་གི་ངོ་བོ་ཉིད་མ་གྲུབ་པའི་ཆ་ནས་ནང་སྟོང་པ་ཉིད་ཅེས་བྱ་ཞིང་། དེ་བཞིན་དུ་བཟའ་བའམ་ལོངས་སྤྱད་བྱ་ཕྱིའི་སྐྱེ་མཆེད་དྲུག་རང་བཞིན་མེད་པར་གྱུར་པའི་ཆ་ནས་ཕྱི་སྟོང་པ་ཉིད་དང་། ཕྱི་ནང་གི་ཆོས་དེ་ཡི་རྟེན་ནམ་ལུས་ཏེ་གཞི་མཐའ་དག་གིས་སྟོང་པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །གནས་ཀྱི་གཞི་སྣོད་ཀྱི་འཇིག་རྟེན་ཕྱོགས་བཅུས་བསྡུས་པ་ཡི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ལ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་སྟེ་ཆོས་ཅན་གྱི་དབྱེ་བ་ལས་དེ་དང་དེའི་སྟོང་པ་ཉིད་དུ་བརྗོད་པའོ། །དེ་ལྟར་ཕྱི་དང་ནང་གིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གནས་པ་དེ་ཡང་ཡུལ་ཅན་བློ་གང་གིས་ཇི་ལྟར་མཐོང་བ་དེ་ལ་ཡུལ་གྱི་མིང་བཏགས་ནས་སྟོང་པ་ཉིད་ཅེས་བྱ་ལ། དེ་ལ་ཡང་རང་གི་ངོ་བོ་ཉིད་དུ་མ་གྲུབ་པའི་ཆ་ནས་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །བློ་དེས་སྟོང་པ་ཉིད་དེ་ནི་དངོས་པོའི་གནས་ཚུལ་ཡང་དག་པ་ཉིད་དུ་ཇི་ལྟར་མཐོང་བ་དེ་ལ་མི་བསླུ་བའི་ཕྱིར་དོན་དམ་པ་ཞེས་བྱ་ལ། དོན་དམ་པ་དེ་ཡང་དེའི་ངོ་བོ་ཉིད་དུ་གྲུབ་པ་མེད་པ་ནི་དོན་དམ་པ་སྟོང་པ་ཉིད་དོ། །སྟོང་པ་ཉིད་བསྒོམ་པ་གང་གི་ཕྱིར་ཡིན་ན་འདུས་བྱས་ལམ་དང་འདུས་མ་བྱས་འབྲས་བུ་མྱང་འདས་ཀྱི་ཡོན་ཏན་ཐོབ་པའི་ཕྱིར་བསྒོམ་པ་ཡིན་ལ་དེ་ཡང་རང་གི་ངོ་བོས་སྟོང་པ་ཉིད་དུ་གྱུར་


MR04_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཞེས་མདོར་བསྟན་ནས། དེ་ལ་ལམ་དང་འབྲས་བུའི་ཡོན་ཏན་གང་གི་ཕྱིར་སྟོང་པ་ཉིད་བསྒོམ་ཞེ་ན། དགེ་གཉིས་ཐོབ་ནས་སྒྲུབ་པར་བྱེད་ཀྱི་བར་ཚིགས་བཅད་གཉིས་ཀྱིས་རྒྱས་པར་བཤད་དེ། འདུས་བྱས་སྟོང་པ་ཉིད་དང་འདུས་མ་བྱས་སྟོང་པ་ཉིད་གཉིས་ནི། འདུས་བྱས་ལམ་དང་། འདུས་མ་བྱས་མྱང་འདས་སམ། སྲིད་པ་དང་ཞི་བའི་ཡོན་ཏན་བསྐྱེད་པའི་དགེ་བ་གཉིས་པོ་ཡོངས་སུ་དག་པ་འཐོབ་པར་བྱ་བའི་ཕྱིར་བསྒོམས་ཏེ། དགེ་བ་དེ་དག་ལ་མཚན་མར་འཛིན་ཅིང་ཞེན་ན་ཡོངས་སུ་དག་པར་མི་འགྱུར་ལ། དེ་དག་སྟོང་པ་ཉིད་དུ་ཤེས་ནས་རློམ་པ་མེད་པའི་ཚུལ་གྱིས་བསྒྲུབས་ན་དགེ་བའི་རྩ་བ་དེ་དག་ཡོངས་སུ་དག་པ་འཐོབ་པའི་ཕྱིར་རོ། །སྲིད་པ་དང་ཞི་བའི་མཐའ་ལས་འདས་པ་གང་དེ་རང་གི་ངོ་བོས་སྟོང་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱ་ལ། དེ་ནི་དུས་རྟག་ཏུ་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་བསྒོམ་པ་ཡིན་ཏེ། སྲིད་ཞིའི་མཐའ་ལ་མི་གནས་པའི་མྱང་འདས་མངོན་དུ་མཛད་ན་ནམ་མཁའ་ཇི་སྲིད་དུ་སེམས་ཅན་ལ་ཕན་པ་མཛད་པ་ཡིན་ཞིང་། དེ་ཡང་དེར་རློམ་པས་ཞེན་པ་དང་བཅས་ན་ཡོངས་སུ་དག་པ་མངོན་དུ་མི་འགྱུར་ལ། མ་ཞེན་པའི་ཐབས་མཁས་ཀྱིས་བསྒྲུབས་ན་ཡོངས་སུ་གྲུབ་པའི་ཕྱིར་རོ། །ཐོག་མ་དང་ཐ་མ་མེད་པ་ནི་འཁོར་བ་ཡིན་ལ། དེ་དག་ལ་རང་བཞིན་མེད་པ་གང་ཡིན་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །དེ་ལྟར་


MR04_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ་སྟོང་པར་ཤེས་པ་དེ་ནི་འཁོར་བ་ཡོངས་སུ་གཏོང་བར་མི་བྱ་བའི་ཕྱིར་བསྒོམ་པ་སྟེ། འཁོར་བ་རང་བཞིན་མེད་པར་མ་ཤེས་ན་དེ་ལ་སྐྱོན་དུ་མཐོང་ནས་འདོར་བར་འགྱུར་བའི་ཕྱིར་རོ། །ཕུང་པོ་ལྷག་མེད་ཀྱི་དབྱིངས་སུ་དགེ་བའི་རྩ་བ་མི་ཟད་པ་ནི་དོར་བ་མེད་པ་ཞེས་བྱ་ལ། དེ་ཡང་དེ་ཡི་ངོ་བོས་སྟོང་པ་ནི་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །ཕུང་པོ་ལྷག་མེད་ཀྱི་དུས་སུ་ཡང་དགེ་བའི་རྩ་བ་མི་ཟད་པ་དེ་ལྟ་བུ་ཐོབ་པར་བྱ་བའི་ཕྱིར་དོར་བ་མེད་པ་སྟོང་པ་ཉིད་འདི་བསྒོམ་པ་ཡིན་ཏེ། དེའི་མཐུས་མི་ཟད་པའི་དགེ་རྩ་ལ་ཡང་གཟུང་འཛིན་གྱི་དྲི་མ་དག་ཅིང་ཆོས་སྐུ་འཐོབ་ནས་དེའི་དགེ་རྩ་ནམ་མཁའ་ཇི་སྲིད་དུ་རྒྱུན་མི་འཆད་པར་བྱེད་དེ། རང་བཞིན་གནས་རིགས་ལ་རང་བཞིན་ཞེས་བྱ་ཞིང་། དེའི་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད་དོ། །དེ་ནི་རིགས་ཉིད་ཀྱང་རྣམ་པར་དག་པར་བྱ་བའི་ཕྱིར་བསྒོམ་སྟེ། རིགས་ལ་དེར་ཞེན་གྱི་དྲི་མ་དག་ནས་རིགས་མངོན་དུ་འགྱུར་བའི་ཕྱིར་རོ། །སངས་རྒྱས་ཀྱི་མཚན་དང་དཔེ་བྱད་ལ་རང་གི་མཚན་ཉིད་ཅེས་སྐབས་འདིར་བཤད་ལ། དེ་ཉིད་དེའི་ངོ་བོས་སྟོང་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་དོ། །དེ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུ་དག་པ་འཐོབ་པར་བྱ་བའི་ཕྱིར་བསྒོམས་ཏེ། མཚན་དཔེ་ལ་བདེན་ཞེན་དག་ནས་ཡོངས་སུ་རྫོགས་པ་འགྲུབ་བོ། །སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་སོགས་སངས་རྒྱས་ཀྱི་ཆོས་ལ་


MR04_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་ཆོས་ཐམས་ཅད་ཅེས་གསུངས་ཏེ། དེ་ཉིད་དེས་སྟོང་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དོ། །དེ་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་བདེན་འཛིན་གྱི་དྲི་མ་དག་ནས་ཡོངས་སུ་རྫོགས་པ་ཐོབ་པར་བྱ་བའི་ཕྱིར་ན་བསྒོམ་སྟེ། དེ་ལྟར་སྟོང་པ་ཉིད་དེ་དག་ལ་དམིགས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་དེ་ལྟ་བུ་སྒྲུབ་པར་བྱེད་དོ། །དེ་ལྟར་སྟོང་ཉིད་བཅུ་བཞིར་གསུངས་པ་དེ་དག་ཀྱང་གཉིས་སུ་འདུ་སྟེ། གང་ཟག་གི་བདག་དང་ནི་དེ་ལས་གཞན་པའི་ཆོས་རྣམས་ཀྱི་བདག་གི་དངོས་པོ་མེད་པ་གང་ཡིན་པ་དེ་ནི་སྐབས་འདིར་དངོས་པོ་མེད་པའི་སྟོང་པ་ཉིད་ཅེས་བྱ་སྟེ། དགག་བྱ་བདག་གཉིས་རྣམ་བཅད་དུ་ཁེགས་པའོ། །བདག་གཉིས་པོ་དེའི་དངོས་པོ་མེད་པའི་དངོས་པོའམ་སྟོང་པ་ཉིད་ཡོངས་གཅོད་དུ་གྲུབ་ཅིང་ཡོད་པ་གང་ཡིན་པ་དེ་ལ་ནི། གོང་དུ་བཤད་པ་དེ་ལས་སྟོང་པ་ཉིད་གཞན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་གསུངས་ཏེ། སྔ་མ་བདག་གཉིས་སུ་སྒྲོ་འདོགས་པ་སེལ་བའི་ཕྱིར་དང་། ཐ་མ་སྟོང་ཉིད་ལ་མེད་པར་སྐུར་བ་འདེབས་པ་བསལ་བའི་ཕྱིར་དུ་དེ་སྐད་གསུངས་སོ། །ལྔ་བ་སྒྲུབ་པ་ནི། གལ་ཏེ་ཉོན་མོངས་སོགས་ཀྱིས་བསྟན་ཏེ། སྟོང་པ་ཉིད་རང་གི་ངོས་ནས་སམ་གནས་ཚུལ་ལ་དག་མ་དག་གི་ཁྱད་པར་མེད་ཀྱང་། སེམས་ཅན་རྣམས་ལ་སྣང་ཚུལ་ལ་དྲི་བཅས་དང་དྲི་མེད་ཀྱི་གནས་སྐབས་སུ་བཞག་པ་འཐད་དེ། གལ་ཏེ་གློ་བུར་གྱི་ཉོན་མོངས་


MR04_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅས་པའི་གནས་སྐབས་སུ་སྟོང་ཉིད་དེ་མ་གྱུར་པ་ཞིག་ན། དང་པོ་ནས་ཉོན་མོངས་པ་མེད་པའི་ཕྱིར་ལུས་ཅན་ཐམས་ཅད་འབད་མེད་དུ་གྲོལ་བར་འགྱུར་རོ། །གལ་ཏེ་གཉེན་པོ་བསྒོམས་པས་ཕྱིས་རྣམ་པར་དག་པའི་བདག་ཉིད་དུ་སྟོང་ཉིད་དེ་མ་གྱུར་པའམ། དག་པར་སྣང་བ་མེད་ན་ལམ་ལ་འབད་པ་འབྲས་བུ་མེད་པར་འགྱུར་བས་སུ་ཡང་ལམ་ལ་འབད་མི་རིགས་སོ། །དེས་ན་དེ་བཞིན་ཉིད་ཀྱི་ངོ་བོ་རང་བཞིན་གྱི་འོད་གསལ་བས་ན་གནས་ཚུལ་ལ་ཉོན་མོངས་པ་མ་ཡིན་ལ། གློ་བུར་གྱི་དྲི་མ་དང་བཅས་པར་སྣང་བའི་སྣང་ཚུལ་གྱི་ངོས་ནས་ཉོན་མི་མོངས་པའང་མིན་ཏེ། དེའི་ཕྱིར་ན་དབྱིངས་དེ་ནི་མཐའ་གཅིག་ཏུ་དག་པ་དང་མ་དག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ། །ཞེས་སོ། །ལེའུའི་མཚན་ནི། བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀུན་བྱང་གི་མཚན་ཉིད་ཀྱི་ཚིག་ལེའུར་བཅད་པ་ཞེས་བྱ་བ་སྟེ་དང་པོའི་འགྲེལ་བའོ།། །།གཉིས་པ་སྤང་བྱ་སྒྲིབ་པ་ལ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པ། དོན་བསྡུ་བ་གསུམ། དང་པོ། ཁྱབ་དང་ཉི་ཚེ་སོགས་ཀྱིས་བསྟན་ཏེ། རང་བཞིན་གྱིས་དག་པའི་ཆོས་ཉིད་ལ་སྒྲིབ་བྱེད་གློ་བུར་བའི་དྲི་མ་རྣམས་རིགས་བསྡུས་ན་འདི་ལྟར། གང་ཟག་གི་རྒྱུད་ཀྱི་དབང་དུ་བྱས་ན། ཐེག་པ་ཆེན་པོའི་རིགས་ཅན་གྱི་རྒྱུད་ལ་ཡོད་པའི་སྒྲིབ་པ་ལ་ཁྱབ་པའི་སྒྲིབ་པ་ཞེས་བཤད་དེ། སྒྲིབ་པ་དེས་ཐེག་


MR04_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་བ་དེ་དག་གི་རང་གཞན་དོན་གཉིས་སྒྲུབ་པའི་ཚུལ་ལ་བསྒྲིབས་པས་ན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་བསྒྲུབ་པ་ལ་གེགས་བྱེད་པའི་ཆ་ནས་ཆེན་པོའམ་ཁྱབ་པ་ཞེས་བརྗོད་དོ། །ཐེག་པ་དམན་པ་ཉན་རང་གི་རིགས་ཅན་གྱི་རྒྱུད་ཀྱི་སྒྲིབ་པ་ལ་ཉི་ཚེ་བའི་སྒྲིབ་པ་ཞེས་བྱ་སྟེ། དེ་མ་སྤང་བར་དུ་རང་དོན་ཉི་ཚེ་བའི་འབྲས་བུ་དེ་མི་ཐོབ་པར་བྱེད་པའི་ཕྱིར་རོ། །ཡང་ཉོན་མོངས་པ་རང་ཉིད་སྐྱེ་ཚུལ་གྱི་དབང་དུ་བྱས་ན། གང་ཟག་སུ་ཡང་རུང་སྟེ། ཡུལ་ཅུང་ཟད་ཙམ་ལའང་ཆགས་སོགས་ཆེན་པོ་སྐྱེ་བ་ལ་ལྷག་པའི་སྒྲིབ་པ་ཞེས་བྱ་ཞིང་། ཡུལ་དང་འཚམ་པར་འབྱུང་བ་ལ་མཉམ་པའི་སྒྲིབ་པ་ཞེས་བྱ་ལ། ཡང་ན་ལྷག་དང་ཞེས་ཆགས་སོགས་གང་རུང་ལྷག་པར་ཆེ་བ་དང་། དུག་གསུམ་ཆ་མཉམ་པ་ལའང་དེ་ལྟར་བརྗོད་དེ། དེ་གང་ལྟར་ཀྱང་ཉོན་མོངས་པ་སྐྱེ་ཚུལ་གྱི་དབང་གིས་དབྱེ་བ་གཉིས་སོ། །ཡང་རྨོངས་པའི་དབང་གིས་འཁོར་བའི་རྒྱུ་ཉེ་བར་ལེན་པ་དང་། བསམ་པས་འཁོར་བ་སྤང་བ་གཉིས་ནི། ལམ་གྱི་སྙིང་པོ་ཤེས་རབ་དང་ཐབས་གཉིས་ཀྱི་སྒྲིབ་པར་བསྟན་པའི་ཆ་ནས་བཞག་པ་ཡིན་ནོ། །དེ་ལྟར་སྒྲིབ་པའི་རྣམ་གྲངས་དྲུག་ཏུ་བསྟན་པ་དེ་དག་གི་དང་པོ་དང་ཐ་མ་གཉིས་ཏེ་གསུམ་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་མི་མཐུན་ཕྱོགས་ཡིན་ལ། གཉིས་པ་ཉན་རང་གི་ལམ་གྱི་མི་མཐུན་ཕྱོགས་དང་། དེ་དག་གི་ལྷག་མ་གཉིས་ནི་


MR04_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེ་ཆུང་ཐུན་མོང་གི་ལམ་གྱི་སྒྲིབ་པའོ། །གཉིས་པ་ལ། ཐར་བ་ལ་སྒྲིབ་པ། དགེ་སོགས་བཅུ་ལ་སྒྲིབ་པ། གཉེན་པོ་གསུམ་ལ་སྒྲིབ་པ་དང་གསུམ། དང་པོ་ལ། སྒྲིབ་པ་དངོས་དང་། དེས་ཇི་ལྟར་སྒྲིབ་ཚུལ་གཉིས། དང་པོ་ཉོན་མོངས་མཚན་ཉིད་སོགས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཐར་བའི་གོ་འཕང་ཐོབ་པ་ལ་གེགས་སུ་གྱུར་པ་ནི་མ་རིག་པ་ལ་སོགས་པའི་ཉོན་མོངས་པའི་མཚན་ཉིད་འཛིན་པ་རྣམ་པ་དགུ་པོ་འདིའོ། །དེ་ལྟ་བུའི་ཉོན་མོངས་པའི་མཚན་ཉིད་ཅན་མ་རིག་པ་ལ་སོགས་པ་དེ་ལ་ཀུན་ཏུ་སྦྱོར་བ་ཞེས་བྱ་སྟེ། སྲིད་པར་ཀུན་ཏུ་སྦྱོར་བར་བྱེད་པའི་ཕྱིར་ནའོ། །དེ་ལྟ་བུའི་ཀུན་ཏུ་སྦྱོར་བ་དེ་རྣམས་ནི་སྒྲིབ་པ་ཡིན་ནོ། །ཞེས་གསུངས་ཏེ། དེ་ལ་ཀུན་སྦྱོར་དགུ་ནི། མ་རིག་པ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། ཐེ་ཚོམ་སྟེ་ལྟ་མིན་ལྔ་དང་། འཇིག་ལྟ་ལོག་ལྟ་མཐར་ལྟ་གསུམ་གཅིག་ཏུ་བརྩིས་ནས་ལྟ་བ་ཞེས་བྱ་བ་དང་། ལྟ་བ་མཆོག་འཛིན་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གཉིས་གཅིག་ཏུ་བརྩིས་ཏེ་མཆོག་འཛིན་ཅེས་བྱ་བ་དང་། ཕྲག་དོག་དང་། སེར་སྣ་སྟེ་དེ་ལྟར་དགུའོ། །གཉིས་པ། དེས་ཇི་ལྟར་སྒྲིབ་ཅེ་ན། སྐྱོ་བ་དང་ནི་སོགས་ཀྱིས་བསྟན་ཏེ། འདོད་ཆགས་ཀྱི་ཀུན་སྦྱོར་དེས་འཁོར་བར་ཡོངས་སུ་སྐྱོ་བ་ལ་སྒྲིབ་པར་བྱེད་དེ། ཟག་བཅས་ལ་ཡོན་ཏན་དུ་བལྟས་ནས་ཆགས་པའི་


MR04_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

བློ་དེས་འཁོར་བའི་སྐྱོན་མི་མཐོང་བར་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཁོང་ཁྲོས་ནི་སེམས་བཏང་སྙོམས་སུ་རྣལ་དུ་གནས་པ་ལ་སྒྲིབ་པ་དང་། དེ་དག་གི་ལྷག་མ་བདུན་གྱིས་ཐུན་མོང་དུ་ནི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པ་དང་། བྱེ་བྲག་ཏུ་ང་རྒྱལ་གྱིས་ནི་འཇིག་ཚོགས་ལ་ལྟ་བའི་ཉེས་དམིགས་ཤེས་པ་ལ་བསྒྲིབས་ཏེ་ངའོ་སྙམ་དུ་ལྟ་བའི་དོན་དེ་དམ་དུ་འཛིན་པའི་ཕྱིར་རོ། །མ་རིག་པས་ནི་འཇིག་ལྟ་དེའི་གཞི་ཉེར་ལེན་གྱིས་ཕུང་པོ་ལྔའི་གནས་ཚུལ་ཤེས་པ་ལ་སྒྲིབ་ཅིང་དེའི་རང་བཞིན་ཇི་ལྟ་བ་མི་རྟོགས་པར་བྱེད་དོ། །ལྟ་བས་ནི་འགོག་བདེན་མངོན་དུ་བྱེད་པ་ལ་སྒྲིབ་སྟེ། ཇི་ལྟར་ན་བདག་ཏུ་ལྟ་བ་འཇིག་ལྟའི་དབང་གིས་འགོག་པའི་སྐབས་ན་བདག་ཆད་དུ་དོགས་པ་སོགས་ཀྱིས་སྐྲག་ནས་ཐར་བ་ལ་མི་འཇུག་པ་དང་། རྟག་ཆད་དུ་ལྟ་བས་འགོག་པ་ཐོབ་ཏུ་མེད་པ་དང་། ལོག་ལྟས་འགོག་པ་ཉིད་མེད་པར་སྐུར་བ་འདེབས་པ་སོགས་ཀྱིས་དེ་ཐོབ་པ་ལ་གེགས་བྱེད་པའི་ཕྱིར་རོ། །མཆོག་འཛིན་གྱིས་ལམ་བདེན་རྒྱུད་ལ་སྐྱེད་པར་བྱེད་པ་ལ་སྒྲིབ་སྟེ། ལྟ་བ་ངན་པ་དང་ཐར་བའི་རྒྱུ་མིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཕྱིན་ཅི་ལོག་ལ་མཆོག་ཏུ་འཛིན་པ་དེས་བསླུས་ནས་ལམ་རྣམ་དག་ལ་མི་འཇུག་པའི་ཕྱིར་རོ། །ཐེ་ཚོམ་གྱིས་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ་ལ་བློ་རྩེ་གཉིས་སུ་གྱུར་པའི་ཚུལ་གྱིས་སྒྲིབ་པར་བྱེད་དེ་ངེས་པ་མི་སྐྱེ་བའི་ཕྱིར་རོ། །ཕྲག་དོག་གིས་ནི་


MR04_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པ་དང་བཀུར་སྟིའི་ཉེས་དམིགས་ཡོངས་སུ་ཤེས་པ་ལ་སྒྲིབ་སྟེ། རང་རྙེད་བཀུར་ལ་ཆགས་ཤིང་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པའི་ཕྲག་དོག་ཡོད་པ་དེ་སྲིད་རྙེད་བཀུར་གྱི་ཉེས་དམིགས་ཚུལ་བཞིན་བསམ་པར་མི་ནུས་སོ། །སེར་སྣས་ནི་ཡོ་བྱད་བསྙུངས་པ་ཡོངས་སུ་ཤེས་པ་ལ་སྒྲིབ་པར་བྱེད་དེ། དེས་ཡོ་བྱད་ཅི་ཙམ་ཚོགས་ཀྱང་ཆོག་མི་ཤེས་པར་དམ་དུ་འཛིན་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ཀུན་སྦྱོར་དགུ་མ་སྤང་པར་དུ་སྲིད་པར་འཆིང་ཞིང་ཐར་བ་ཐོབ་པར་མི་འགྱུར་རོ། །གཉིས་པ་ལ་བསྟན་བཤད་གཉིས། དང་པོ། དགེ་ལ་སོགས་པ་བཅུ་ལ་གཞན། །ཞེས་པས་བསྟན་ཏེ། བསྒྲིབ་བྱ་དགེ་བ་ལ་སོགས་པ་བཅུ་ལ་སྒྲིབ་པར་བྱེད་པའི་སྒྲིབ་པ་གང་ཞིག་གོང་དུ་བཤད་མ་ཐག་པ་ལས་གཞན་པ་ཡང་ཡོད་དོ། །ཞེས་སོ། །གཉིས་པ་ལ། སྒྲིབ་བྱེད་སུམ་ཅུ། བསྒྲིབ་བྱ་བཅུ། དེ་དག་སྦྱར་ཏེ་བཤད་པ་གསུམ་གྱི། དང་པོ། སྦྱོར་བ་མེད་དང་སོགས་ཀྱིས་བསྟན་ཏེ། དགེ་སོགས་བཅུ་ལ་སྒྲིབ་པའི་སྒྲིབ་པ་དེ་གང་ཞེ་ན། བག་མེད་པ་དང་། ལེ་ལོས་དགེ་བ་ལ་འཇུག་པའི་སྦྱོར་བ་མེད་པ་དང་། གལ་ཏེ་དགེ་བ་ལ་འཇུག་པར་བརྩམས་ཀྱང་དགེ་རྩ་དེ་སྐྱེ་ཞིང་གོང་ནས་གོང་དུ་མཆེད་པར་བྱེད་པའི་སྒོ་ཡང་དག་པའི་གསུང་རབ་སོགས་ཡིན་པ་ལ། དེ་ལྟ་བུ་དང་མི་ལྡན་པ་ནི་དགེ་རྩ་སྐྱེ་ཞིང་མཆེད་པ་མིན་པ་སྟེ། བྱང་ཆུབ་ཐོབ་པའི་ཐབས་མིན་པའི་བསྟན་བཅོས་ངན་པ་ལ་ཞེན་པ་ལ་


MR04_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ནི་ཚུལ་དེས་དགེ་རྩ་རྣམས་གོང་ནས་གོང་དུ་སྐྱེ་ཞིང་འཕེལ་བར་མི་བྱེད་པའོ། །ཡང་དག་པའི་གསུང་རབ་སོགས་ལ་ཐོས་བསམ་བྱས་སུ་ཟིན་ཡང་དེའི་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྣལ་འབྱོར་དང་མི་ལྡན་པའམ། ཚུལ་བཞིན་ཡིད་བྱེད་ཀྱིས་ཉོན་མོངས་སྤོང་བའི་ཐབས་མིན་པ་ནི་རྣལ་འབྱོར་མིན་པ་ཞེས་བྱ་ལ། དེ་ལྟ་བུའི་ཡང་དག་པ་མིན་པའི་སྒོམ་པ་རྣལ་འབྱོར་མིན་པས་གང་བསྐྱེད་པ་སྟེ། དེ་གསུམ་གྱིས་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་དགེ་བ་ལ་སྒྲིབ་སྟེ། དགེ་རྩ་ལ་གཏན་ནས་མི་འཇུག་པའམ། ཞུགས་ཀྱང་གོང་འཕེལ་གྱི་རྒྱུ་ཐོས་བསམ་ཡང་དག་པ་དང་མི་ལྡན་པ་དང་། ཐོས་བསམ་བྱས་ཀྱང་སྒོམ་པའི་གནད་མ་ལོག་པ་དང་མི་ལྡན་པ་དེས་བྱང་ཆུབ་ཐོབ་པའི་དགེ་བ་ཉིད་ཡང་དག་པར་འགྲུབ་པར་མི་འགྱུར་རོ། །དེ་བཞིན་དུ་དད་བརྩོན་དང་མི་ལྡན་པས་བྱང་ཆུབ་ཀྱི་རྒྱུར་གྱུར་པའི་དགེ་རྩ་སྐྱེ་བ་མེད་པ་དང་། ལེ་ལོའི་དབང་གིས་བྱང་ཆུབ་དང་དེའི་ལམ་ཡང་ནས་ཡང་དུ་ཡིད་ལ་མི་བྱེད་པས་དགེ་རྩ་ཁྱད་པར་དུ་མི་འཕེལ་བ་དང་། བྱང་ཆུབ་ཀྱི་རྒྱུ་ཚོགས་གཉིས་ནི་རབ་ཏུ་མ་ཚང་བའམ་མ་རྫོགས་པ་སྟེ་ཟུང་དུ་མ་འབྲེལ་པ་དང་གསུམ་ནི་འབྲས་བུ་བྱང་ཆུབ་དེ་ཉིད་ཁོང་དུ་ཆུད་པའམ་བསམ་པའི་སྒོ་ནས་མི་གཏོང་བར་བྱེད་པའི་སྒྲིབ་པ་ཡིན་ཏེ། བྱང་ཆུབ་ཐོབ་པའི་དགེ་རྩ་མ་བསགས་ཤིང་། ཡིད་ལ་མ་བྱས་པ་དང་ཚོགས་མ་རྫོགས་བདག་གིས་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་འཛིན་པར་མི་ནུས་པའི་ཕྱིར་རོ། །ཡང་ཐེག་ཆེན་གྱི་རིགས་དང་མི་


MR04_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་དང་། རིགས་ཡོད་ཀྱང་ཐེག་ཆེན་སྟོན་པའི་བཤེས་གཉེན་དང་མི་ལྡན་པ་དང་། བཤེས་གཉེན་དང་ལྡན་དུ་ཟིན་ཡང་རང་ཉིད་ཐེག་པ་ཆེན་པོའི་དཀའ་སྤྱད་ལ་སེམས་ནི་ཡོངས་སུ་སྐྱོ་བ་དང་གསུམ་ནི་སྦྱོར་བའི་སྒོ་ནས་བྱང་ཆུབ་ཡང་དག་པར་འཛིན་པ་ལ་བསྒྲིབས་ཏེ་ཚུལ་དེས་ཐེག་པ་ཆེན་པོ་ཉམས་སུ་ལེན་པར་མི་བྱེད་པའི་ཕྱིར་རོ། །ཕར་ཕྱིན་དྲུག་པོ་རྣམས་སྒྲུབ་པ་དང་ཡང་མི་ལྡན་པ་དང་། གང་དང་འགྲོགས་ན་བྱང་ཆུབ་ཀྱི་སེམས་འགྲིབ་པར་འགྱུར་བའི་སྐྱེ་བོ་ངན་པ་དང་འགྲོགས་པ་དང་། ཐེག་ཆེན་གྱི་ཆོས་དང་གང་ཟག་ལ་ཡིད་སྡང་ཞིང་སྐྱོན་གདགས་པའི་སྐྱེ་བོ་རྣམས་དང་འགྲོགས་པ་སྟེ་དེ་གསུམ་གྱིས་བློ་ལྡན་བྱང་ཆུབ་སེམས་དཔར་འགྱུར་བ་ལ་བསྒྲིབས་ཏེ་འདི་ནི་མོས་སྤྱོད་ཀྱི་གནས་སྐབས་ཀྱི་སེམས་དཔའོ། །རང་གི་སྒོ་གསུམ་གྱི་གནས་ངན་ལེན་ཤས་ཆེར་སྤྱོད་པ་དང་། ཉོན་མོངས་ལས་དང་རྣམ་སྨིན་གྱི་སྒྲིབ་པ་གསུམ་ལས་ལྷག་མ་སྟེ་གང་རུང་ཡོད་པ་དང་། ཐོས་བསམ་གྱི་ཤེས་རབ་ཡོངས་སུ་མ་སྨིན་པ་དང་གསུམ་གྱིས་བདེན་དོན་མངོན་སུམ་མཐོང་བས་འཁྲུལ་བ་མེད་པས་མཐོང་ལམ་ཐོབ་པ་ལ་སྒྲིབ་པར་བྱེད་དོ། །རང་བཞིན་གྱིས་ནི་གནས་ངན་ལེན་ཞེས་པ་ལྷན་སྐྱེས་ཀྱི་གནས་ངན་ལེན་དང་། དགེ་བ་ལ་མི་སྤྲོ་བའི་ལེ་ལོ་དང་ཡང་དེར་མ་ཟད་ཟག་བཅས་ལས་སེམས་མི་བསྲུང་བའི་བག་མེད་པ་དང་དེ་གསུམ་གྱིས་ནི་སྒྲིབ་པ་མེད་པར་བྱེད་པ་སྒོམ་ལམ་ལ་བསྒྲིབས་ཏེ་ཉེས་པ་འདི་དག་གི་སྒོམ་པའི་ཡོན་ཏན་གོང་འཕེལ་དུ་


MR04_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བའི་ཕྱིར་རོ། །སྲིད་པ་ཕུང་པོ་ལྔ་ལ་ཞེན་པ་དང་། གཟུགས་སོགས་ཡུལ་གྱི་ལོངས་སྤྱོད་ལ་ཆགས་པ་དང་། དགེ་བའི་སྤྱོད་པ་རླབས་པོ་ཆེ་ལ་འཇུག་མི་ནུས་པར་སེམས་ནི་ཞུམ་པར་གྱུར་པ་དང་གསུམ་གྱིས་ཐབས་ལ་མཁས་པས་ཡོངས་སུ་བསྔོ་བ་ལ་བསྒྲིབ་སྟེ་འདུན་པ་རྒྱ་ཆུང་ཞིང་སྲིད་པར་ཆགས་པའི་ཕྱིར་རོ། །ཐེག་པ་ཆེན་པོ་འཛིན་པའི་གང་ཟག་གམ་ཐེག་ཆེན་གྱི་ལམ་འབྲས་ལ་མ་དད་པ་དང་། ཐེག་པ་ཆེན་པོའི་ལུང་གི་ཆོས་ལ་མ་མོས་པ་དང་། གསུང་རབ་ཀྱི་དགོངས་དོན་མི་ཤེས་པར་སྒྲ་ཇི་བཞིན་དུ་བཟུང་བས་ནོར་བ་སྟེ་དེ་གསུམ་གྱིས་ནི། ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བའི་གསུང་རབ་ལ་མི་སྐྲག་པའམ་མོས་པ་ལ་སྒྲིབ་པར་བྱེད་དོ། །ཆོས་ལ་གཅེས་སྤྲས་མེད་པས་དམ་པའི་ཆོས་གཙོ་བོར་རམ་ཆེད་ཆེས་ཆེར་ཏེ་ནན་ཏན་དུ་མི་འཛིན་པ་དང་། ཟང་ཟིང་གི་རྙེད་པ་ལ་གདུ་བ་སྟེན་ན་ཆགས་བྱེད་པ་དང་། གཞན་ལ་ཕན་འདོད་ཀྱིས་ཆོས་སྟོན་པའི་ཀུན་སློང་མེད་པའམ་སྙིང་རྗེ་མེད་པ་སྟེ། དེ་གསུམ་གྱིས་རྙེད་བཀུར་ལ་མི་ལྟ་བར་སེར་སྣ་མེད་པའི་ཆོས་སྟོན་པ་ལ་སྒྲིབ་བོ། །ཆོས་སྤང་གི་ལས་བསགས་པས་དམ་ཆོས་ཉན་པ་དང་བྲལ་ཏེ་ཐོས་པས་ཕོངས་པས་རྣལ་འབྱོར་ཇི་ལྟར་བྱེད་པའི་དམིགས་རྣམ་མི་ཤེས་པ་དང་། ཅུང་ཟད་ཐོས་ཀྱང་གཞུང་རྒྱ་ཆེན་པོ་འཛིན་པའི་ནུས་པ་མེད་པས་བླང་དོར་གྱི་མཐའ་རྒྱ་མ་ཆོད་པས་ཐོས་པ་ཉུང་བ་དང་། ཐོས་སུ་ཟིན་ཡང་ཉམས་


MR04_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མ་བླང་བར་འདུན་བརྩོན་སོགས་ཀྱི་རྐང་པས་ཏིང་ངེ་འཛིན་སྦྱང་བ་མ་བྱས་པ་དང་གསུམ་ནི་དབང་བཅུ་ཐོབ་པ་ལ་སྒྲིབ་པའོ། །གཉིས་པ། དགེ་དང་བྱང་ཆུབ་སོགས་ཀྱིས་བསྟན་ཏེ། ཉེས་པ་སུམ་ཅུ་པོ་དེས་གང་ལ་བསྒྲིབ་ན། བྱང་ཆུབ་ཀྱི་རྒྱུར་གྱུར་པའི་དགེ་བ་དང་པོར་སྐྱེ་བ་དང་། བྱང་ཆུབ་ལ་དམིགས་པའི་སེམས་བསྐྱེད་པ་དང་། སྦྱོར་བས་བྱང་ཆུབ་ལ་འཇུག་པའམ་ཡང་དག་པར་འཛིན་པ་དང་། ཚུལ་དེས་བློ་ལྡན་བྱང་ཆུབ་སེམས་དཔར་འགྱུར་བ་དང་། དེས་འཁྲུལ་བ་མེད་པ་མཐོང་ལམ་ཐོབ་པ་དང་། དེས་སྒྲིབ་པ་མེད་པ་སྒོམ་ལམ་ཐོབ་པ་དང་། ལམ་ཁྱད་པར་དུ་བྱེད་པའི་རྒྱུ་ཐབས་ལ་མཁས་པའི་བསྔོ་བ་དང་། ཐེག་པ་ཆེན་པོའི་ལམ་འབྲས་ལ་མི་སྐྲག་པར་མོས་པ་དང་། གདུལ་བྱ་ལ་སེར་སྣ་མེད་པར་ཆོས་སྟོན་པ་གསུམ་དང་། དབང་བཅུ་པོ་ཐོབ་སྟེ་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཉིད་འགྲུབ་པ་དང་བཅུ་ནི་དགེ་ལ་སོགས་པ་བཅུའོ། །འདི་དག་ན་ལམ་གྱི་ཐོག་མ་ནས་ཐ་མའི་བར་གྱི་གནས་སྐབས་བཅུ་ཡིན་ལ། དེ་དག་གི་སྒྲིབ་པ་དེ་རྣམས་ངོ་ཤེས་ནས་གཉེན་པོས་ཚུལ་བཞིན་སྤངས་ན་ལམ་དང་འབྲས་བུའི་ཡོན་ཏན་ཀུན་འགྲུབ་པར་འགྱུར་རོ། །གསུམ་པ། དེ་དག་གི་ནི་སོགས་ཀྱིས་བསྟན་ཏེ། དགེ་ལ་སོགས་པ་བཅུ་བོ་དེ་དག་གི་ནི་མི་མཐུན་ཕྱོགས་སྒྲིབ་པ་སུམ་ཅུ་པོ་རྣམས་ནི་བསྒྲིབ་བྱ་བཅུ་པོ་རེ་རེ་ལ་གསུམ་གསུམ་དག་ཏུ་སྦྱར་བ་ཤེས་པར་བྱ་


MR04_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ་གོང་དུ་བཤད་ཟིན་ཏོ། །དེའི་རྗེས་སུ་བྱེད་རྒྱུ་བཅུ་ནི་ཞེས་སོགས་ཚིགས་བཅད་གཉིས་པོ་འདི་གཞུང་རྩ་བའི་ཚིག་དངོས་མིན་ཡང་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་གཞུང་འདིའི་འགྲེལ་བར་བཀོད་པ་འདིས་དགེ་སོགས་བཅུའི་དོན་གསལ་བར་བྱེད་པ་ཡིན་པས་ན། འདིའི་དོན་ནི་འདི་ལྟ་སྟེ། བྱེད་རྒྱུ་བཅུ་ནི་སྐྱེ་བ་དང་ཞེས་སོགས་ཚིགས་བཅད་དང་པོའི་རྒྱུ་བཅུ་དང་འོག་མས་དེའི་དཔེ་བསྟན་པ་སྦྱར་ཏེ་བཤད་ན། བྱེད་པའི་རྒྱུ་བཅུ་ཡོད་པ་ནི་གང་ཞེ་ན། སྐྱེ་བའི་བྱེད་རྒྱུ་ཞེས་པ་མིག་དབང་ལས་མིག་ཤེས་སྐྱེ་བ་ལྟ་བུ་དང་། གནས་པའི་བྱེད་རྒྱུ་ཟས་བཞིས་ལུས་གནས་པར་བྱེད་པ་ལྟ་བུ་དང་། རྟེན་པའི་བྱེད་རྒྱུ་བཅུད་རྣམས་སྣོད་ས་གཞི་ལ་བརྟེན་པ་ལྟ་བུ་དང་། བརྟེན་པར་བྱ་བའམ་གསལ་བའི་བྱེད་རྒྱུ་མར་མེས་མུན་ཁུང་གི་གཟུགས་གསལ་བ་ལྟ་བུ་དང་། འགྱུར་བའི་བྱེད་རྒྱུ་བཙོ་སྲེག་བྱེད་པའི་མེ་ལྟ་བུ་དང་། འབྲལ་བའི་བྱེད་རྒྱུ་རྩྭ་བརྔ་བ་ལ་ཟོར་བ་ལྟ་བུ་དང་། གཞན་དུ་བསྒྱུར་བའི་བྱེད་རྒྱུ་བཟོ་ཤེས་པའམ་མགར་བ་མཁས་པས་གསེར་གྱི་སྦྲམ་བུ་གདུ་བུ་སོགས་སུ་བསྒྱུར་བ་ལྟ་བུ་དང་། ཡིད་ཆེས་པའི་བྱེད་རྒྱུ་དུ་བའི་རྟགས་ལས་མེ་ངེས་པ་ལྟ་བུ་དང་། གོ་བར་བྱེད་པའི་རྒྱུ་ནི་རྒྱུ་དང་ཞེས་གཏན་ཚིགས་ལས་དོན་ལ་ངེས་པ་སྐྱེ་བ་ལྟ་བུ་དང་། འཐོབ་པའི་བྱེད་རྒྱུ་ལམ་ལས་མྱང་འདས་ཐོབ་པ་ལྟ་བུ་སྟེ། དེ་ལྟར་སྐྱེ་བའི་བྱེད་རྒྱུ་སོགས་


MR04_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པོ་རྣམས་ལ་མིག་ལ་སོགས་པ་བཅུ་ནི་དེ་ཡི་དཔེར་སྦྱར་ཏེ་ཤེས་པར་བྱ་ལ། དེ་ལྟར་ཤེས་ནས་སྐབས་ཀྱི་དོན་དགེ་སོགས་བཅུ་དང་སྦྱར་ན་དགེ་བ་ནི་བསྐྱེད་པའི་བྱེད་རྒྱུ་སྟེ་འདིས་བྱང་ཆུབ་བསྐྱེད་པས་སོ། །དེ་བཞིན་དུ་བྱང་ཆུབ་གནས་པའི་བྱེད་རྒྱུ་སྟེ་དགེ་བའི་རྒྱུན་གནས་པར་བྱེད་པ་དང་། ཡང་དག་འཛིན་བརྟེན་པར་བྱེད་རྒྱུ་སྟེ་གནས་པ་ཉིད་མི་ཉམས་པར་བརྟེན་པ་དང་། བློ་ལྡན་ནི་གསལ་བའི་བྱེད་རྒྱུ་སྟེ་བྱང་ཆུབ་ཀྱི་རྒྱུ་དང་འབྲས་བུའི་མཚན་ཉིད་ཁོང་དུ་ཆུད་པའོ། །མཐོང་ལམ་འཇིག་རྟེན་ལས་འདས་པར་བྱེད་པ་སྟེ་འགྱུར་བའི་བྱེད་རྒྱུ། སྒོམ་ལམ་ནི་སྒྲིབ་པ་དང་བྲལ་བའི་བྱེད་རྒྱུ། བསྔོ་བ་ནི་གཞན་དུ་བསྒྱུར་བའི་བྱེད་རྒྱུ་མི་སྐྲག་པ་ཐེག་ཆེན་ལ་ཡིད་ཆེས་པའི་བྱེད་རྒྱུ། ཆོས་སྟོན་པ་གོ་བར་བྱེད་པའི་བྱེད་རྒྱུ། དབང་བཅུ་ནི་ཡོན་ཏན་ཐམས་ཅད་ཐོབ་པར་བྱེད་པའི་བྱེད་རྒྱུ་སྟེ་དེ་ལྟར་ཤེས་ནས་སྒྲིབ་པ་རྣམས་ཀྱིས་དེ་དག་སྐྱེ་བར་བྱེད་པ་དང་། གནས་པར་བྱེད་པ་སོགས་ལ་སྒྲིབ་པ་ཡིན་པར་ཤེས་ནས་དེ་དག་གི་སྤོང་གཉེན་ཁོང་དུ་ཆུད་པར་བྱ་སྟེ། སྒྲིབ་པ་དེ་དང་དེ་ལས་བཟློག་ནས་དགེ་རྩ་ལ་སྦྱོར་བ་དང་། སྐྱེ་མཆེད་ཡིན་པ་དང་། ཡང་དག་པའི་རྣལ་འབྱོར་ཡིན་པས་བསྐྱེད་པ་གསུམ་ནི་དགེ་རྩ་སྐྱེད་པར་བྱེད་པ་ཡིན་པ་དང་། དེ་བཞིན་དུ་དགེ་རྩ་བསྐྱེད་པ་སོགས་གསུམ་བྱང་ཆུབ་གནས་པའི་བྱེད་རྒྱུ་ཡིན་པ་སོགས་ལྷག་མ་ཐམས་ཅད་འགྲེས་ཤེས་པར་


MR04_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གསུམ་པ་གཉེན་པོ་གསུམ་གྱི་སྒྲིབ་པ་བཤད་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ། ཕྱོགས་དང་ཕ་རོལ་སོགས་ཀྱིས་བསྟན་ཏེ། བྱང་ཕྱོགས་སོ་བདུན་དང་། ཕ་རོལ་ཕྱིན་པ་བཅུ་དང་། ས་བཅུ་ལ་སྒྲིབ་པ་དག་ནི་གོང་དུ་བཤད་པ་ལས་སྡེ་ཚན་གཞན་དུ་གྱུར་པའི་སྒྲིབ་པ་དག་ཡིན་ནོ། །གཉིས་པ་ལ། བྱང་ཕྱོགས་དང་། ཕར་ཕྱིན་དང་། སའི་སྒྲིབ་པ་གསུམ། དང་པོ། གཞི་ལ་མི་མཁས་སོགས་ཀྱིས་བསྟན་ཏེ། བརྟགས་ཤིང་གཏན་ལ་དབབ་པའི་གཞི་ལུས་ཚོར་སེམས་ཆོས་བཞི་ལ་རིམ་པ་ལྟར་གཙང་བ་དང་། བདེ་བ་དང་། བདག་དང་བདག་གིར་འཛིན་ཅིང་དེ་ཡི་རང་བཞིན་མི་གཙང་བ་སོགས་ལ་མི་མཁས་པས་ནི་དྲན་པ་ཉེ་བར་བཞག་པ་བཞི་ལ་སྒྲིབ་བོ། །ལེ་ལོ་དག་གིས་ཡང་དག་སྤོང་བ་བཞི་ལ་སྒྲིབ་པ་དང་། འགལ་རྐྱེན་བྱིང་རྒོད་ཡོད་པ་དང་། མཐུན་རྐྱེན་འདུན་བརྩོན་སོགས་མ་ཚང་བ་གཉིས་ཀྱིས་ཏིང་ངེ་འཛིན་ཐོབ་པ་ལས་ཉམས་པ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྒྲིབ་པ་དང་། དད་སོགས་རང་རྒྱུད་ལ་མི་བསྐྱེད་པ་དེ་ཡིས་དབང་པོ་ལྔ་ལ་སྒྲིབ་པ་དང་། བསྐྱེད་ཀྱང་དད་སོགས་ཀྱི་ནུས་པ་ཉམ་ཆུང་བས་རང་རང་གི་མི་མཐུན་ཕྱོགས་ཀྱིས་བརྫི་ནུས་པ་སྟོབས་ལྔའི་སྒྲིབ་པ་དང་། འཇིག་ལྟ་སོགས་མཐོང་སྤངས་རྣམས་དང་ལྡན་པ་བྱང་ཆུབ་ཡན་ལག་བདུན་གྱི་སྒྲིབ་པ་དང་། སྒོ་གསུམ་ལས་བྱུང་པའི་ལྷན་སྐྱེས་ཀྱི་གནས་ངན་ལེན་གྱི་


MR04_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་ཆགས་པ་འཕགས་ལམ་ཡན་ལག་བརྒྱད་ཀྱི་སྒྲིབ་པ་ཡིན་ནོ། །གཉིས་པ། ཕྱུག་པོ་དང་ནི་སོགས་ཀྱིས་བསྟན་ཏེ། སེར་སྣས་སྦྱིན་པ་ལ་སྒྲིབ་ཅིང་དེ་ཡི་དབང་གིས་སྦྱིན་པར་འབྲས་བུ་ལོངས་སྤྱོད་ཆེན་པོ་དང་ལྡན་པའི་ཕྱུག་པོ་ལ་སྒྲིབ་པ་དང་། དེ་བཞིན་དུ་སྦྱར་ཏེ་ཚུལ་འཆལ་གྱིས་རྒྱུ་ཚུལ་ཁྲིམས་དང་དེའི་འབྲས་བུ་བདེ་འགྲོ་ཐོབ་པ་ལ་སྒྲིབ་པ་དང་། ཁོང་ཁྲོས་བཟོད་པ་དང་སེམས་ཅན་ཡོངས་སུ་མི་གཏོང་བ་ལ་སྒྲིབ་པ་དང་། ལེ་ལོས་བརྩོན་འགྲུས་ཀྱི་སྒོ་ནས་ཉེས་པ་འབྲི་བ་དང་ཡོན་ཏན་འཕེལ་བ་ལ་སྒྲིབ་པ་དང་། རྣམ་གཡེང་གིས་བསམ་གཏན་ཐོབ་པ་དང་དེ་ལ་བརྟེན་ནས་རྫུ་འཕྲུལ་མངོན་པར་འདུ་བྱ་བས་གདུལ་བྱ་མ་དད་པ་རྣམས་བསྟན་པ་འདི་ལ་འཛུད་པ་ལ་སྒྲིབ་པ་དང་། ཤེས་འཆལ་གྱིས་ཤེས་རབ་ཀྱི་སྒོ་ནས་ཆོས་བསྟན་པས་གདུལ་བྱ་རྒྱུད་གྲོལ་བར་བྱེད་པ་ལ་སྒྲིབ་པ་དང་། ཐབས་དང་བྲལ་བས་ཐབས་ལ་མཁས་པའི་སྒོ་ནས་དགེ་བའི་རྩ་བ་མི་ཟད་པར་བྱེད་པ་ལ་སྒྲིབ་པ་དང་། སྨོན་ལམ་ལ་མི་འཇུག་པས་ནི་སྨོན་ལམ་གྱི་སྒོ་ནས་དགེ་བ་ཐམས་ཅད་རྒྱུན་མི་འཆད་པར་སྒྲུབ་པ་ལ་སྒྲིབ་པ་དང་། ཕར་ཕྱིན་གྱི་མི་མཐུན་ཕྱོགས་ཟིལ་གྱིས་གནོན་པ་ལ་ནུས་པ་ཆུང་བས་ནི་སྟོབས་དང་དེའི་བྱེད་ལས་དགེ་བའི་འབྲས་བུ་རྣམས་ཆུད་མི་ཟ་བར་མཐའ་གཅིག་ཏུ་ངེས་པར་བྱེད་པ་ལ་སྒྲིབ་པ་དང་། གསུང་རབ་ཀྱི་དགོངས་དོན་ཟབ་མོ་མི་ཤེས་པར་སྒྲ་ཇི་བཞིན་དུ་འཛིན་པ་སོགས་ཀྱིས་ཡེ་


MR04_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང་དེའི་འབྲས་བུ་ཐེག་པ་ཆེན་པོའི་ཆོས་རྣམས་ལ་རང་ཉིད་ལོངས་པར་སྤྱོད་པ་སྟེ་རྫོགས་པར་ལོངས་སྤྱོད་པ་དང་། གཞན་ལ་མ་ནོར་བར་བསྟན་པའི་སྒོ་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་སྒྲིབ་པར་བྱེད་པ་ཡིན་ནོ། །གསུམ་པ། ཀུན་ཏུ་འགྲོ་དོན་སོགས་ཀྱིས་བསྟན་ཏེ། རྟོགས་བྱ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ལ་རིགས་མི་འདྲ་བ་མེད་ཅིང་། དེ་རྟོགས་པའི་ཡུལ་ཅན་ས་བཅུའི་གནས་སྐབས་ཀྱི་མཉམ་བཞག་རྣམས་ལ་གོང་ནས་གོང་དུ་མཐོང་བ་རྣམ་པར་དག་པའི་ཁྱད་ཡོད་ཀྱང་། སྤྲོས་པ་དང་བྲལ་བའི་དབྱིངས་སུ་གཉིས་སྣང་ནུབ་པའི་ཚུལ་གྱིས་མཉམ་པར་བཞག་པ་ལ་ཁྱད་མེད་པས། ཇི་ལྟར་བར་སྣང་གི་བྱ་ཡི་རྗེས་སོ་སོར་དབྱེ་མ་ནུས་པ་ལྟར་མཉམ་བཞག་གི་ངོས་ནས་སོ་སོར་འབྱེད་མི་ནུས་པས། མཉམ་བཞག་གི་ཡེ་ཤེས་ཁྱད་པར་ཅན་གྱིས་ས་ནས་སར་འཕར་བའི་ཚེ་དེ་དང་དེའི་སྤང་བྱ་སྤོང་ལ། དེའི་ནུས་པས་རྗེས་ཐོབ་ཏུ་ཆོས་ཀྱི་དབྱིངས་ལ་ངེས་པ་ཁྱད་པར་ཅན་སྐྱེས་པའི་རྣམ་པ་དེའི་ཆ་ནས་སྤང་བྱ་སྤོང་ཚུལ་བཤད་དེ། ཇི་ལྟར་ན་ས་དང་པོར་ཆོས་དབྱིངས་མངོན་སུམ་དུ་མཐོང་བའི་ཚེ་དེའི་རྗེས་ཐོབ་ཏུ་ཆོས་ཀྱི་དབྱིངས་ཐམས་ཅད་ལ་ཁྱབ་ཅིང་ཀུན་ཏུ་འགྲོ་བའི་རང་བཞིན་དུ་རྟོགས་པར་འབྱུང་སྟེ། དེ་ལྟར་ན་མཉམ་བཞག་དེ་ནི་རྗེས་ཀྱི་ངེས་པ་དེ་ལྟ་བུ་འདྲེན་པའི་དོན་དུ་སོང་བ་ཡིན་ཏེ། དེ་ལ་བརྟེན་ནས་དེ་ཐོབ་པའི་ཕྱིར་རོ། །ཡང་ན་ཆོས་ཀྱི་དབྱིངས་དེ་ཀུན་ཏུ་འགྲོ་བའི་དོན་ཅན་དུ་རྟོགས་པ་སོགས་ཀྱི་དོན་དུ་བྱས་ཀྱང་རུང་ངོ་། །དེས་ན་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་དེ་ལྟ་བུ་མི་རྟོགས་པའི་གེགས་


MR04_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ས་དེའི་སྒྲིབ་པ་སྟེ། ས་དང་པོའི་ཡེ་ཤེས་སྐྱེས་པས་དེ་སྤང་བའི་ཕྱིར་རྗེས་ཐོབ་ན་དེ་ལྟ་བུའི་ངེས་པ་རང་ཤུགས་ཀྱིས་སྐྱེ་བ་ཉིད་དོ། །དེའང་ཆོས་ཀྱི་དབྱིངས་མངོན་སུམ་མཐོང་བའི་དུས་ན་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གྱུར་པས་བདག་གཞན་མཉམ་པ་ཉིད་ཀྱི་ཆོས་ཉིད་ཐོབ་པས་སོ། །དེ་བཞིན་དུ་འོག་མ་ཀུན་ལའང་ཤེས་པར་བྱ་སྟེ། ས་གཉིས་པའི་མཉམ་བཞག་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་རྟོགས་པའི་རྟོགས་པ་གོང་ནས་གོང་དུ་འཕགས་པའམ་མཆོག་ཏུ་འཕེལ་བ་དག་གི་དོན་དུ་གྱུར་པ་སྟེ། ཇི་ལྟར་ན་ས་གཉིས་པའི་ཡེ་ཤེས་ཐོབ་པ་དེས་སྔར་ལས་ཆེས་ལྷག་པའི་བརྩོན་པ་ཆེན་པོས་ཡོངས་སུ་སྦྱོང་བ་ཉེ་བར་སྒྲུབ་པའོ། །ས་གསུམ་པར་ཆོས་དབྱིངས་དེའི་རྒྱུ་མཐུན་གསུང་རབ་ཐོས་པ་ཉིད་དོན་དུ་གཉེར་བྱའི་མཆོག་ཉིད་དུ་རྟོགས་ནས་ཚིགས་སུ་བཅད་པ་གཅིག་གི་ཕྱིར་དུ་སྟོང་གསུམ་མེས་གང་བའི་འོབས་ལས་བརྒལ་བར་བྱེད་དོ། །དེའང་རྟོགས་བྱ་ཐམས་ཅད་ཀྱི་ནང་ན་དོན་ཆེ་ཞིང་མི་བསླུ་བ་མཆོག་ཏུ་གྱུར་པ་ནི་ཆོས་དབྱིངས་ཡིན་ལ། དེ་རྟོགས་པར་བྱེད་པ་ལ་གསུང་རབ་ཐོས་པ་ལས་ལྷག་པའི་རྒྱུ་མེད་པར་མཐོང་བའི་ཕྱིར་རོ། །ས་བཞི་བར་ཆོས་གང་ལའང་བདག་གིར་འཛིན་པ་སོགས་མདོར་ན་ཡོངས་སུ་འཛིན་པ་མེད་པའི་དོན་དུ་རྟོགས་ཏེ། ཆོས་ལའང་སྲེད་པ་ལྡོག་ན་ཆོས་མིན་ལ་ལྟ་ཅི་སྨོས་པའི་ཕྱིར་རོ། །ས་ལྔ་བར་བདག་དང་གཞན་གྱི་རྒྱུད་


MR04_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཏོགས་པའི་ཆོས་རྣམས་ཐ་དད་མེད་པའི་དོན་དུ་རྟོགས་ཏེ། དུས་གསུམ་གྱི་སངས་རྒྱས་བྱང་སེམས་རྣམས་དང་བདག་ཐ་མི་དད་ཅིང་མཚུངས་པར་མཐོང་ངོ་། །དེ་ཡང་སེམས་དང་བསམ་པ་རྣམ་པར་དག་པ་མཉམ་པ་ཉིད་བཅུའི་ཚུལ་གྱིས་ཏེ། འདས་པའི་སངས་རྒྱས་ཀྱིས་ཆོས་རྣམ་པར་དག་པ་ལ་བསམ་པ་མཉམ་པ་ཉིད་དང་། དེ་བཞིན་དུ་མ་འོངས་པ་དང་། ད་ལྟར་གྱི་དང་། ཚུལ་ཁྲིམས་རྣམ་དག་དང་། སེམས་ཅན་རྣམ་དག་དང་། ལྟ་བ་ཐེ་ཚོམ་འགྱོད་པ་སེལ་བ་རྣམ་དག་དང་། ལམ་དང་ལམ་མིན་ཤེས་པ་རྣམ་དག་དང་། ལམ་ཤེས་པ་རྣམ་དག་དང་། བྱང་ཕྱོགས་ཀྱི་ཆོས་རྣམས་གོང་ནས་གོང་དུ་རྣམ་པར་འཇོག་པ་རྣམ་དག་དང་། སེམས་ཅན་སྨིན་བྱེད་རྣམ་དག་ལ་བསམ་པ་མཉམ་པ་ཉིད་དང་བཅུར་མདོ་ལས་གསུངས་སོ། །དེ་དག་གི་སྒོ་ནས་སངས་རྒྱས་རྣམས་ཆོས་ཀྱི་སྐུར་རྒྱུད་ཐ་མི་དད་པར་རྟོགས་སོ། །ས་དྲུག་པར་རྟེན་འབྲེལ་ཟབ་མོའི་དོན་མཐོང་བས་སྔར་ཀུན་ནས་ཉོན་མོངས་པ་དང་། ཕྱིས་རྣམ་པར་དག་པར་འགྱུར་བའི་ཆོས་གང་ཡང་ཡོད་པ་མིན་པར་རྟོགས་པའི་དོན་དང་། ས་བདུན་པར་མཚན་མ་མེད་པར་རྟོགས་པས་ཆོས་ཐམས་ཅད་ལ་ཐ་དད་པ་མེད་པའི་རོ་གཅིག་པའི་དོན་ཉིད་དུ་རྟོགས་པ་དང་། ས་བརྒྱད་པར་མི་སྐྱེ་བའི་བཟོད་པ་ཐོབ་པས་ཆོས་ཐམས་ཅད་མཉམ་པ་ཉིད་


MR04_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་པ་དེ་ལས་བྲི་བ་མེད་ཅིང་འཕེལ་བ་མེད་པའི་དོན་རྟོགས་པ་དང་། དག་པ་ས་གསུམ་གྱི་ཡེ་ཤེས་ཀྱིས་ནི་ཆོས་ཀྱི་དབྱིངས་དེ་དབང་རྣམ་པ་བཞི་ཡི་གནས་སུ་རྟོགས་པ་འབྱུང་སྟེ། དབང་བཞི་ནི་རྣམ་པར་མི་རྟོག་པའི་ཆོས་དབྱིངས་ལ་དབང་བ། ཞིང་ཡོངས་སུ་དག་པ་ལ་དབང་བ། ཡེ་ཤེས་ལ་དབང་བ། ལས་ལ་དབང་བའོ། །དེ་ཡང་ས་བརྒྱད་པར་ཆོས་ཀྱི་དབྱིངས་ལ་རོ་གཅིག་ཏུ་སྙོམས་པར་ཞུགས་པའི་ཚུལ་གྱིས་སྤྲོས་མཚན་མེད་པས་ན་རྣམ་པར་མི་རྟོག་པ་ལ་དབང་བ་དང་། སངས་རྒྱས་ཀྱི་ཞིང་དང་འཁོར་གྱི་དཀྱིལ་འཁོར་གྱི་སྣང་བ་མུ་མེད་པར་སྣང་ཞིང་རབ་ཏུ་སྟོན་པའི་ཕྱིར་ན་ཞིང་དག་པ་ལ་དབང་བ་གཉིས་ཐོབ་བོ། །ས་དགུ་བར་མཉམ་བཞག་ཏུ་ཆོས་དབྱིངས་བསྒོམ་པའི་རྗེས་ཐོབ་ལ་སོ་སོ་ཡང་དག་པ་རིག་པ་བཞིས་ཆོས་སྟོན་པའི་ཡེ་ཤེས་ལ་དབང་བ་འཐོབ་བོ། །ས་བཅུ་བར་མཉམ་བཞག་ཏུ་ཆོས་དབྱིངས་བསྒོམས་པས་རྗེས་ཐོབ་ཀྱི་སྐབས་ན་ཇི་ལྟར་བཞེད་པ་བཞིན་ཕྲིན་ལས་འབྱུང་བའི་ཕྲིན་ལས་ལ་དབང་བ་ཐོབ་སྟེ། དེ་ལྟར་ས་དེ་དག་གི་མཉམ་བཞག་ཡེ་ཤེས་དེ་ནི་དབང་དེ་དག་གི་རྒྱུའམ་གནས་ཡིན་ལ། དེ་ཡང་དེས་ཆོས་དབྱིངས་ལ་དམིགས་པའི་སྟོབས་ཀྱིས་ཡིན་པས་ན་ཆོས་ཀྱི་དབྱིངས་ནི་ཡོན་ཏན་དེ་དག་འབྱུང་བའི་གནས་སུ་རིག་པར་བྱ་བ་ཡིན་ཏེ། བྱང་སེམས་དེ་དག་གིས་དེ་ལྟར་མངོན་


MR04_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་དུ་མཐོང་བས་གཏན་ལ་འབེབས་ནུས་ཤིང་། གཞན་ཕལ་པ་དག་གིས་དེ་ལྟར་རྗེས་སུ་དཔགས་ནས་ཤེས་པར་བྱ་བའོ། །དེ་ལ་དབྱིངས་ཀུན་ཏུ་འགྲོ་བ་དང་བྲི་གང་མེད་པ་སོགས་ཀྱི་དོན་ཅན་ཡིན་པ་ལ་ངེས་པ་འདྲོད་པ་ཙམ་མོས་སྤྱོད་ནའང་ཡོད་མོད་ཀྱི། ས་དང་ས་ཡི་ཡེ་ཤེས་དེ་དག་གིས་ཆོས་ཀྱི་དབྱིངས་དག་པ་དེ་ལྟ་བུ་མངོན་དུ་མཇལ་བའི་རྗེས་ཐོབ་ན་མྱོང་བའི་སྟོབས་ཀྱིས་སྒྲོ་འདོགས་གཅོད་པའི་ངེས་པ་འབད་མེད་དུ་ཐོབ་ནས་དབྱིངས་ཀྱི་རང་བཞིན་ཇེ་དག་ཏུ་མཐོང་བའི་མཐོང་བ་ཁྱད་པར་ཅན་ས་ནས་སར་འཕར་བའི་གནས་སྐབས་ཀྱིས་བསྡུས་པ་ལ་དེ་ལྟར་གོ་བར་བྱའོ། །དེ་ལྟར་ན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཇི་ལྟ་བར་མཐོང་བ་ལ་སྒྲིབ་པའི་མ་རིག་པ་སྟེ། ཤིན་ཏུ་རྨོངས་པའམ་ཤེས་སྒྲིབ་ཀྱི་མིང་ཅན། རང་གི་ངོ་བོ་སྒྲིབ་གཉིས་ཀྱིས་ཟླས་ཕྱེ་བའི་ཉོན་མོངས་ཅན་མིན་པ་ཡི་སྒྲིབ་པ་བཅུ་པོ་གང་ཞིགས་བཅུའི་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པ་འདི་རྣམས་ཀྱི་གཉེན་པོ་དག་ནི་ས་དེ་དང་དེ་དག་ཡིན་ཏེ། ས་དེ་དང་དེ་ཐོབ་པས་འདི་དག་གཏན་དུ་སྤོང་བར་བྱེད་པའི་ཕྱིར་རོ། །གསུམ་པ་དོན་བསྡུ་ཉོན་མོངས་པ་ཡི་སོགས་ཀྱིས་བསྟན་ཏེ། གོང་དུ་ཇི་སྐད་བཤད་པ་དེས་མཚོན་ནས་སྒྲིབ་པ་ཚད་མེད་པ་ཉིད་བཤད་ཀྱང་དོན་མདོར་བསྡུ་ན། ཐར་བ་ལ་གེགས་བྱེད་ཅིང་འཁོར་བ་འགྲུབ་པའི་རྒྱུ་ཉོན་མོངས་པ་ཡི་


MR04_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་དང་། ཤེས་བྱ་མཐའ་དག་མངོན་དུ་གཟིགས་པའི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་ཅིང་སྤྲོས་པའི་སྤྱོད་ཡུལ་དུ་ལྟུང་བར་བྱེད་པ་ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན་པ་ཡིན་ལ། སྒྲིབ་པ་གཉིས་པོ་དེར་ནི་སྒྲིབ་པ་ཡིན་ནོ་ཅོག་ཐམས་ཅད་འདུ་བར་ཟད་དེ། འཐད་པ་ནི་དོན་དུ་གཉེར་བྱ་ཐར་བ་རྣམ་མཁྱེན་གཉིས་ལས་གཞན་པའི་འབྲས་བུ་ཕུང་སུམ་པ་མེད་ལ། དེ་གཉིས་ལ་གཙོ་བོར་སྒྲིབ་པའི་ཆ་ནས་ཉོན་ཤེས་ཀྱི་སྒྲིབ་པ་གཉིས་སུ་བཞག་པ་དང་། དེ་གཉིས་འབྱུང་བའི་རྒྱུ་ནི་གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པ་ཡིན་ལ། བདག་འཛིན་གཉིས་པོ་སྤོང་བྱེད་བདག་མེད་རྟོགས་པ་གཉིས་ཡིན་ཅིང་། དེ་གཉིས་ཀྱིས་རྟོགས་བྱ་ལས་ལྷག་པའི་དོན་དམ་པ་གཞན་རྟོགས་སུ་མེད་པའི་ཕྱིར་ན་ཡང་སྒྲིབ་པ་གཉིས་སུ་དྲང་ངེས་ཀྱི་མང་ཉུང་གི་མཐའ་ཁེགས་པ་ཡིན་ནོ། །དེ་ཕྱིར་སྒྲིབ་པ་གཉིས་པོ་དེ་ཟད་ནས་ནི་དེ་ལས་གཞན་པའི་སྒྲིབ་པ་གང་ཡང་མེད་པའི་ཕྱིར་སྒྲིབ་པ་ཐམས་ཅད་ལས་གྲོལ་བར་འདོད་དེ། གཞན་དུ་དེ་ལྟར་མིན་ན་སྒྲིབ་པ་མཐའ་དག་སྤང་བའི་རྣམ་གྲོལ་མཐར་ཐུག་པ་དང་སྒྲིབ་པ་སྤོང་བྱེད་ཀྱི་གཉེན་པོ་སོགས་ཚུལ་བཞིན་ཁོང་དུ་ཆུད་པར་མི་ནུས་པའི་ཕྱིར་ལམ་གྱི་རྣམ་གཞག་གཏིང་ཚུགས་པ་འཆད་དུ་མེད་པར་འགྱུར་རོ། །བསྟན་བཅོས་དབུས་མཐའ་རྣམ་འབྱེད་ལས་སྒྲིབ་པའི་ལེའུར་བཅད་པའི་འགྲེལ་བའོ།། །།


MR04_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་རྟོགས་བྱ་དེ་ཁོ་ན་ཉིད་བཤད་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། རྩ་བ་མཚན་ཉིད་སོགས་ཀྱིས་བསྟན་ཏེ། ཤེས་པར་བྱ་བ་ནི་ཤེས་བྱ་མཐའ་དག་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་གྱིས་བསྡུས་ཤིང་དེ་དག་གི་ཚུལ་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་པས་དེ་ཁོ་ན་ཉིད་མཚོན་པ་ཡིན་ལ། ཇི་ལྟར་ན་ཆོས་ཐམས་ཅད་གང་དུ་འདུ་བ་རྩ་བའི་དེ་ཁོ་ན་ཉིད་ངོ་བོ་ཉིད་གསུམ་དུ་བསྟན་པ་དང་དེ་གསུམ་མཚོན་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དང་། དེ་གསུམ་ལ་མི་རྟག་སོགས་ཕྱིན་ཅི་མ་ལོག་པ་བདེན་པའི་དོན་ནམ་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་བཞག་པ་དང་། དེ་གསུམ་ལ་ཀུན་བྱང་གི་འབྲས་བུ་དང་རྒྱུ་ཡི་དེ་ཁོ་ན་ཉིད་རྣམ་པར་བཞག་པ་དང་། དེ་གསུམ་ལ་རགས་པ་དང་ཕྲ་བའི་དེ་ཁོ་ན་ཉིད་རྣམ་པར་བཞག་པ་དང་། དེ་གསུམ་ལ་གྲགས་པའི་དེ་ཁོ་ན་ཉིད་རྣམ་པར་བཞག་པ་དང་། དེ་གསུམ་ལ་རྣམ་པར་དག་པའི་ཡུལ་ཡིན་མིན་གྱི་དེ་ཁོ་ན་ཉིད་རྣམ་པར་བཞག་པ་དང་། དེ་གསུམ་གྱི་ནང་དུ་ཆོས་ལྔ་བསྡུས་པའི་དེ་ཁོ་ན་ཉིད་རྣམ་པར་བཞག་པ་དང་། དེ་གསུམ་ལས་འཇུག་སོགས་བདུན་དབྱེ་བའི་དེ་ཁོ་ན་ཉིད་རྣམ་པར་བཞག་པ་དང་། དེ་གསུམ་ལ་མཁས་པའི་དེ་ཁོ་ན་ཉིད་རྣམ་པར་བཞག་པ་སྟེ་དེ་ཁོ་ན་ཉིད་བཅུའི་ཚུལ་གྱིས་ངོ་བོ་ཉིད་གསུམ་ལས་བརྩམས་སྟེ་ཆོས་ཐམས་ཅད་ཤེས་པར་བྱའོ། །མཁས་པའི་དེ་ཁོ་ན་ཉིད་འདི་ལ་ནང་གི་བྱེ་བྲག་རྣམ་


MR04_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅུ་ཡོད་ལ། དེ་ནི་སྤང་བྱ་བདག་ཏུ་ལྟ་བའི་ཚུལ་མི་འདྲ་བ་བཅུའི་གཉེན་པོ་ཉིད་དུ་གྱུར་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། མཚོན་བྱ་རྩ་བ་ངོ་བོ་ཉིད་གསུམ་གྱི་དེ་ཁོ་ན་ཉིད་དང་། །དེ་གསུམ་གྱི་མཚན་ཉིད་བཤད་པ་དང་། དེ་དག་གི་རྣམ་གཞག་རྣམ་པ་བརྒྱད་བསྟན་པ་གསུམ། །དང་པོ། ངོ་བོ་ཉིད་གསུམ་སོགས་ཀྱིས་བསྟན་ཏེ་ཤེས་པར་བྱ་བའི་ཆོས་ཐམས་ཅད་འདི་གསུམ་གྱིས་བསྡུས་པའི་ཕྱིར་རྩ་བའི་དེ་ཁོ་ན་ཉིད་ཅེས་བྱ་ལ། དེ་ཁོ་ན་ཉིད་ལྷག་མ་རྣམས་ཀྱིས་གཏན་ལ་དབབ་པར་བྱ་བ་ཡང་དེ་ཡིན་ནོ། །དེ་ཡང་གང་ཞེ་ན། ངོ་བོ་ཉིད་གསུམ་སྟེ། ཀུན་བཏགས་དང་གཞན་དབང་དང་ཡོངས་སུ་གྲུབ་པ་ཞེས་བྱ་བའི་མིང་ཅན་གསུམ་སྟེ། བྱིས་པ་འཁྲུལ་བའི་བློས་བདག་གཉིས་སུ་བཟུང་ཡང་རང་གི་ངོ་བོས་རྟག་ཏུ་མེད་པ་སྟེ་ཡོད་མ་མྱོང་བ་ལ་ནི་ཀུན་ཏུ་བཏགས་པ་ཞེས་བྱ་བའོ། །ཀུན་ཏུ་རྟོག་པའི་ངོར་གཟུང་འཛིན་གཉིས་སུ་སྣང་བ་ཡོད་ཀྱང་། ཇི་ལྟར་སྣང་བ་དེ་ཁོ་ན་ལྟར་གཉིས་སུ་གྲུབ་པ་མ་ཡིན་པའི་རྣམ་པར་རིག་པ་ལ་གཞན་དབང་ཞེས་བྱ་སྟེ་ཀུན་བཏགས་འཁྲུལ་བ་སྐྱེ་བའི་གཞི་ཡིན་པའི་ཕྱིར་རོ། །གཉིས་སྟོང་གི་ངོ་བོར་ཡོད་པ་དང་། གཟུང་འཛིན་གཉིས་མེད་པའི་དེ་ཁོ་ན་ཉིད་ནི་ཡོངས་སུ་གྲུབ་པའམ་གནས་ལུགས་ཡིན་ཏེ། དེ་ལྟར་ཀུན་བཏགས་ཀྱི་ངོ་བོ་ཉིད་ལ་སོགས་པ་གསུམ་དུ་འདོད་དོ། །གཉིས་པ་འདི་ལ་ཆོས་དང་སོགས་ཀྱིས་བསྟན་ཏེ། ངོ་


MR04_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཉིད་གསུམ་པོ་འདི་ལ་སོ་སོའི་མཚན་ཉིད་ཅི་ལྟ་བུ་ཡིན་པ་ནི་ཡུལ་ཅན་བློའི་འཛིན་སྟངས་དོན་མཐུན་གྱི་སྒོ་ནས་ཤེས་པར་བྱ་སྟེ། ཡུལ་གྱི་རང་བཞིན་ལ་སྒྲོ་འདོགས་དང་སྐུར་འདེབས་མེད་པར་ཇི་ལྟ་བ་བཞིན་དུ་ཞུགས་པའི་བློ་དེས་ཇི་ལྟར་བཟུང་བ་དེ་ལྟར་ཡུལ་གྱི་མཚན་ཉིད་ཀྱང་དེ་ལྟར་གནས་པ་ཡིན་དགོས་པའི་ཕྱིར་ན། ཡུལ་ཅན་གྱི་འཛིན་སྟངས་ཀྱིས་ཡུལ་གྱི་མཚན་ཉིད་མཚོན་པར་བྱས་ནས་བསྟན་པ་ཡིན་ནོ། །དེ་གང་ཞེ་ན། ཀུན་བཏགས་གང་གི་རང་བཞིན་ཤེས་ན་ཆོས་དང་གང་ཟག་རྫས་སུ་ཡོད་པར་སྒྲོ་འདོགས་པ་དང་། ཐ་སྙད་དུ་མེད་ཅེས་སྐུར་བ་འདེབས་པའི་ལྟ་བ་དག་མི་འབྱུང་བ་དེ་ལྟ་བུ་ནི་ཀུན་བཏགས་ཀྱི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཅེས་བྱ་བར་བརྗོད་དོ། །འདི་མཚན་ཉིད་དེའི་ཡུལ་ཅན་ཡིན་ཀྱང་ཡུལ་མཚན་ཉིད་དངོས་ཀྱི་མིང་བཏགས་པ་ནི་ཡུལ་ཅན་འདི་ལ་བརྟེན་ནས་མཚོན་བྱ་འདི་ཡི་མཚན་ཉིད་འདི་ལྟ་བུ་ཞེས་རྣམ་པར་བཞག་ཅིང་ཤེས་པར་བྱེད་ཀྱི་དེ་ལ་མ་ལྟོས་པར་མཚན་ཉིད་ཡན་གར་བ་ཉིད་དུ་ནམ་ཡང་གྲུབ་མི་སྲིད་པ་དང་། ཕྱི་རོལ་དངོས་པོའི་ཆོས་སུ་གྲུབ་པའི་མཚན་ཉིད་ཅེས་བྱ་བ་ལོགས་སུ་མེད་ཀྱི། ནང་གི་རྣམ་པར་རྟོག་པས་ཕར་བཞག་པ་ཙམ་དུ་ཤེས་པའི་དོན་ཟབ་མོ་མཚོན་པའི་སླད་དུ་དེ་སྐད་བཤད་དེ། བདག་གཉིས་སུ་མ་གྲུབ་བཞིན་ཀུན་ཏུ་བཏགས་པ་ཙམ་གྱི་ངོར་ཡོད་པ་དེ་ནི་དེའི་མཚན་ཉིད་དང་། དེ་ལྟར་ཤེས་པ་མཚན་ཉིད་དེ་ལ་ཕྱིན་ཅི་མ་


MR04_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པར་འཇུག་པའི་བློ་ཡིན་ནོ། །དེ་བཞིན་དུ་གཞན་དབང་གང་གི་རང་བཞིན་ཤེས་ན་གཟུང་འཛིན་གཉིས་རྫས་སུ་ཐ་དད་དུ་ཡོད་པར་སྒྲོ་འདོགས་པ་དང་། ཐ་སྙད་དུ་མེད་ཅེས་སྐུར་བ་འདེབས་པའི་ལྟ་བ་དག་མི་འབྱུང་བ་དེ་ནི་དེའི་མཚན་ཉིད་དོ། །གོ་བ་ནི་བཤད་མ་ཐག་པ་ལྟར་ཤེས་པར་བྱའོ། །ཡོངས་གྲུབ་གང་གི་རང་བཞིན་ཤེས་ན་གཟུང་འཛིན་གཉིས་ཡོད་པར་སྒྲོ་འདོགས་པ་དང་། སྟོང་ཉིད་མེད་པར་སྐུར་བ་འདེབས་པར་བྱེད་པའི་ལྟ་བ་དག་མི་འབྱུང་བ་དེ་ནི་དེའི་མཚན་ཉིད་དོ། །དེ་ལྟར་ངོ་བོ་ཉིད་གསུམ་པོ་འདི་ལ་གང་ཤེས་ན་ཞེས་པ་དེའི་མཚན་ཉིད་ཇི་ལྟ་བ་བཞིན་དུ་གཏན་ལ་དབབ་ན་དེའི་རང་བཞིན་ལ་སྒྲོ་སྐུར་གྱི་བློ་ངན་མི་འབྱུང་ལ། སྒྲོ་སྐུར་བྲལ་བའི་བློས་ཇི་ལྟར་བཅད་པའི་དོན་དེ་ཡུལ་དེ་དག་གི་རང་མཚན་ཡིན་པར་ཤེས་པར་བྱའོ། །གསུམ་པ་ལ། བདེན་དོན་དུ་བཞག་པ། རྒྱུ་འབྲས་སུ་བཞག་པ། ཕྲ་རགས་སུ་བཞག་པ། གྲགས་པའི་དོན་བཞག་པ། ངག་ཡུལ་ཡིན་མིན་དུ་བཞག་པ། བསྡུ་བ་བཤད་པ། དབྱེ་བ་བཤད་པ། མཁས་བྱའི་གནས་བཅུར་བཞག་པ་དང་བརྒྱད་ལས། དང་པོ། མི་རྟག་དོན་ནི་སོགས་ཀྱིས་བསྟན་ཏེ། ཟག་བཅས་འཁོར་བའི་ཆོས་རྣམས་ལ་རང་གི་ངོ་བོས་རྟག་པ་སོགས་མེད་པའི་ཕྱིར་ན། དེ་ལ་རྟག་པ་དང་བདེ་བ་དང་བདག་དང་བདག་གིར་བཟུང་བ་ནི་ཕྱིན་ཅི་ལོག་གི་བློ་དང་། དེའི་བཟུང་བའི་ཡུལ་


MR04_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་དངོས་པོ་ལ་མེད་པས་ཕྱིན་ཅི་ལོག་ཅེས་བྱའོ། །དེ་ལས་བཟློག་སྟེ་མི་རྟག་སྡུག་བསྔལ་སྟོང་བ་བདག་མེད་བཞི་ནི་ཕྱིན་ཅི་མ་ལོག་པ་བདེན་པའི་དོན་ཅན་ནོ། །དེ་ཡང་མཚན་ཉིད་གསུམ་ལ་མི་རྟག་པ་སོགས་ཀྱི་དོན་འཇོག་ཚུལ་གང་ཞེ་ན། མི་རྟག་པའི་དོན་ནི་འདི་ལྟར་འཇོག་སྟེ། ཀུན་བཏགས་རྫས་སུ་མེད་པའི་དོན་ཅན་ཡིན་པའི་ཕྱིར། རྟག་པ་ནི་ཐམས་ཅད་དུ་ཡོད་དགོས་པ་ལ་མེད་པ་དེ་ནི་ཐམས་ཅད་དུ་ཡོད་པ་ལས་ལྡོག་པ་ཙམ་གྱི་ཆ་ནས་ཀུན་བཏགས་ལ་ཡང་མི་རྟག་པའི་ཐ་སྙད་ཀྱི་དོན་ཐོབ་སྟེ་རྟག་མི་རྟག་དངོས་འགལ་གྱི་བར་ན་ཕུང་གསུམ་མེད་ལ། ཀུན་བཏགས་དེ་ནི་རྟག་པ་མ་ཡིན་པའི་ཆ་ནས་དེ་ལྟར་བཏགས་པའོ། །གཞན་དབང་རྣམ་པར་རིག་པ་ནི་སྐད་ཅིག་གིས་སྐྱེ་ཞིང་འཇིག་པའི་མཚན་ཉིད་ཅན་གྱི་ཕྱིར་མི་རྟག་པའི་ངོ་བོ་ཡིན་པ་དང་། ཡོངས་གྲུབ་ནི་སྔར་དྲི་བཅས་དང་། ཕྱིས་དྲི་མ་མེད་པའི་གནས་སྐབས་ཀྱི་དོན་ཅན་ཏེ། སྣང་ཚུལ་གྱི་དབང་དུ་བྱས་ནས་གཞན་དང་འབྲེལ་བའི་དབང་གིས་མི་རྟག་པའི་གནས་སྐབས་དང་ལྡན་པ་ཙམ་ལས་མི་རྟག་པའི་ཐ་སྙད་སྦྱར་བར་རུང་སྟེ། དེས་ན་མི་རྟག་པའི་ཐ་སྙད་སྦྱར་བའི་རྒྱུ་མཚན་གསུམ་འདི་རྩ་བའི་དེ་ཁོ་ན་ཉིད་གསུམ་པོར་གོ་རིམ་བཞིན་སྦྱར་ཏེ་ཤེས་པར་བྱའོ། །དེ་བཞིན་དུ་སྡུག་བསྔལ་གྱི་མཚན་ཉིད་ཀྱང་། ཀུན་བཏགས་ལ་དངོས་པོར་བཟུང་ནས་སྡུག་བསྔལ་སྣ་ཚོགས་ལེན་པའི་


MR04_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང་། གཞན་དབང་ནི་སྡུག་བསྔལ་གསུམ་གྱི་མཚན་ཉིད་དང་ཅི་རིགས་པར་ལྡན་པ་དང་། ཡོངས་གྲུབ་ནི་སྡུག་བསྔལ་དང་ཆོས་ཅན་དང་ཆོས་ཉིད་ཀྱི་ཚུལ་དུ་འབྲེལ་བའི་ཆ་ནས་དེ་ལྟར་འཇོག་ལ། འདི་ན་སྔ་མ་གཉིས་ལས་གཞན་ཡོངས་གྲུབ་ལ་སྡུག་བསྔལ་གྱི་དོན་འཇོག་ཚུལ་དུ་འདོད་པ་ཡིན་ནོ། །དེ་བཞིན་དུ་ཀུན་བཏགས་ནི་རང་གི་དངོས་པོ་ཉིད་དུ་མེད་པའི་ཕྱིར་སྟོང་པ་དང་། གཞན་དབང་ནི་ཡོད་ཀྱང་ཇི་ལྟར་སྣང་བ་དེ་ཡི་དངོས་པོ་མ་ཡིན་པའམ། ཇི་ལྟར་ཀུན་ཏུ་བཏགས་པ་དེ་ཡི་དངོས་པོ་མ་ཡིན་པས་ན་སྟོང་པ་དང་། ཡོངས་གྲུབ་ནི་རང་བཞིན་གྱིས་ནི་སྟོང་པར་འདོད་དེ། སྟོང་པ་དེའི་ངོ་བོ་ཉིད་དེ་ལ་ཡོངས་གྲུབ་ཅེས་བཏགས་པའི་ཕྱིར་རོ། །དེ་བཞིན་དུ་ཀུན་བཏགས་ནི་རང་གི་མཚན་ཉིད་མེད་པས་བདག་མེད་པ་དང་། གཞན་དབང་ནི་ཇི་ལྟར་སྣང་བའམ། ཀུན་ཏུ་བཏགས་པ་ཇི་འདྲ་བ་དེ་དང་མི་མཐུན་པའི་མཚན་ཉིད་ཀྱིས་བདག་གི་ངོ་བོར་མེད་པ་དང་། ཡོངས་གྲུབ་ནི་རང་གི་མཚན་ཉིད་ཀྱིས་བདག་མེད་པར་བསྟན་ཏེ། སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །གཉིས་པ། དེ་ཕྱིར་སྡུག་བསྔལ་སོགས་ཀྱིས་བསྟན་ཏེ། ཀུན་ཉོན་དང་རྣམ་བྱང་གི་རྒྱུ་འབྲས་ཕྲུག་གཉིས་བཞིས་བསྡུས་པ་བདེན་པ་བཞིའི་དོན་ཐམས་ཅད་ངོ་བོ་ཉིད་གསུམ་ལ་ཚང་སྟེ། གོང་དུ་ཇི་སྐད་བཤད་པ་མི་རྟག་པ་ལ་སོགས་པའི་དོན་དེ་ལྟར་ཡིན་པ་དེའི་ཕྱིར་སྡུག་བསྔལ་གྱི་བདེན་པར་རང་རྣམ་པར་བཞག་


MR04_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཡིན་པར་འདོད་ལ། དེ་བཞིན་དུ་ཀུན་བཏགས་ལ་ཞེན་པས་འཁོར་བའི་བག་ཆགས་གསོག་པར་བྱེད་པས་བག་ཆགས་ཀྱི་ཀུན་འབྱུང་ཞེས་བྱ་བ་དང་། གཞན་དབང་གིས་འཁོར་བ་ཀུན་ནས་འབྱུང་བར་བྱེད་པ་ཀུན་ནས་འབྱུང་བའི་ཀུན་འབྱུང་དང་། ཡོངས་གྲུབ་ནི་ཀུན་འབྱུང་བ་དེ་དང་མ་བྲལ་བ་སྟེ་ཆོས་ཉིད་དུ་གྱུར་པས་ན་མ་བྲལ་བའི་ཀུན་འབྱུང་ཞེས་བྱ་སྟེ། དེ་ལྟར་ངོ་བོ་ཉིད་གསུམ་ལ་ཀུན་འབྱུང་བའི་བདེན་པ་ཡང་དེ་བཞིན་དུ་འཇོག་པ་ཡིན་ནོ། །ཀུན་བཏགས་ངོ་བོ་ཉིད་ཀྱིས་མི་སྐྱེ་བའི་ཕྱིར་དང་། གཞན་དབང་ལ་གཟུང་འཛིན་གཉིས་མ་གྲུབ་པའམ་མི་སྐྱེ་བའི་ཕྱིར་དང་། ཡོངས་གྲུབ་ནི་གདོད་ནས་དྲི་མ་ཞི་བའི་ཕྱིར་ན་དེ་གསུམ་ལ་དེ་ལྟར་འགོག་བདེན་གྱི་དོན་འཇོག་ཅིང་། ཕྱི་མ་ཡོངས་གྲུབ་འདི་ལ་དགག་གཞི་དེ་བཞིན་ཉིད་དང་དྲི་མ་ཡོངས་སུ་བྲལ་བ་སོ་སོར་བཏགས་འགོག་གི་ཆ་ནས་གཉིས་སུ་འདོད་ལ། དེའི་ནང་གི་ཕྱི་མ་བྲལ་ཆ་འདི་ནི་འགོག་པ་དངོས་ཡིན་ནོ། །ངོ་བོ་ཉིད་འདི་གསུམ་ལ་ལམ་གྱི་བདེན་པ་ཡིན་པར་ཡང་དག་པར་བཤད་དེ། ཇི་ལྟར་ན་ཀུན་བཏགས་ལམ་གྱིས་ཡོངས་སུ་ཤེས་པར་བྱ་བ་སྟེ་དངོས་པོ་མེད་པར་ཤེས་བྱ་ཡིན་པས་ཡུལ་ཅན་ལམ་གྱི་མིང་ཡུལ་དེ་ལའང་བཏགས་ཏེ་བསྟན་པ་དང་། གཞན་དབང་ནི་ལམ་གྱིས་སྤང་བར་བྱ་བ་སྟེ་ཡང་དག་མིན་པའི་ཀུན་རྟོག་གཉིས་སུ་སྣང་བ་ཅན་ཟད་པའི་སྟོབས་ཀྱིས་བྱང་


MR04_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཐོབ་པས་ན་གོང་དུ་ཀུན་ཉོན་གྱི་མཚན་ཉིད་བསྟན་པའི་སྐབས་སུ། དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་གསུངས་པ་ལྟར་ཏེ། དེས་ན་དེ་ལ་ལམ་གྱི་མིང་བཏགས་པ་ནི་གཉེན་པོའི་མིང་སྤང་བྱ་ལ་བཏགས་པའོ། །ཡོངས་གྲུབ་ནི་ཐོབ་པར་མངོན་སུམ་དུ་བྱ་བའི་རྒྱུ་མཚན་གྱིས་ནི་ལམ་དུ་བཤད་དེ་འབྲས་བུའི་མིང་རྒྱུ་ལ་བཏགས་པའོ། །གསུམ་པ་ལ་རགས་པ་ཀུན་རྫོབ་དང་། ཕྲ་བ་དོན་དམ་བཤད་པ་གཉིས། དང་པོ། བཏགས་པ་དང་ནི་སོགས་ཀྱིས་བསྟན་ཏེ། ངོ་བོ་ཉིད་གསུམ་པོ་དེ་ལ་ཀུན་རྫོབ་དང་དོན་དམ་གྱི་རྣམ་པར་དབྱེ་བ་བཤད་ན། ཀུན་རྫོབ་ལ་གསུམ་ཡོད་པ་ལས། བཏགས་པའི་ཀུན་རྫོབ་ཀུན་བཏགས་དང་ནི། ཤེས་པའི་ཀུན་རྫོབ་གཞན་དབང་དང་། དེ་བཞིན་དུ་བརྗོད་པའི་ཀུན་རྫོབ་ཡོངས་གྲུབ་སྟེ་ཆོས་ཉིད་དེ་དོན་སྤྱིའི་ཚུལ་གྱིས་བརྗོད་པ་ཙམ་ལས་སོ། །དེ་ལྟར་ཀུན་རྫོབ་ཀྱིས་བསྡུས་པ་དེ་དག་རགས་པ་ཡིན་ཏེ་མཉམ་པར་མ་བཞག་པ་དང་གཉིས་སྣང་གི་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །གཉིས་པ་ལ་དངོས་དང་། དེའི་དབྱེ་བ་གཉིས། དང་པོ། དམ་པའི་དོན་ནི་གཅིག་པུའོ། །ཞེས་པས་བསྟན་ཏེ། དོན་དམ་པའམ་དམ་པའི་དོན་ནི་ངོ་བོ་ཉིད་གསུམ་གྱི་ནང་ནས་ཡོངས་གྲུབ་གཅིག་པུ་ཡིན་གྱི་གཞན་གཉིས་མ་ཡིན་ཏེ། གཉིས་སྣང་མེད་པའི་རང་བཞིན་ཅན་ཐ་མལ་བའི་ཤེས་བརྗོད་ལས་འདས་པའམ། གནས་སྣང་མཐུན་པ་ནི་འདི་


MR04_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཡིན་པའི་ཕྱིར་རོ། །གཉིས་པ། དོན་དང་ཐོབ་དང་སོགས་ཀྱིས་བསྟན་ཏེ། དོན་དམ་པ་དེའི་གྲངས་སུ་གཏོགས་པའི་དབྱེ་བ་ནི། དོན་དམ་པ་ཞེས་པ་དེ་བཞིན་ཉིད་དེ་དེ་ཉིད་ཡེ་ཤེས་དམ་པའི་ཡུལ་ཡིན་པའི་ཕྱིར་རོ། །ཐོབ་པ་དོན་དམ་པ་ནི་མྱ་ངན་ལས་འདས་པ་སྟེ་དོན་དུ་གཉེར་བྱ་ཐམས་ཅད་ཀྱི་ནང་ན་ཕུལ་དུ་གྱུར་པའི་ཕྱིར་རོ། །སྒྲུབ་པ་དོན་དམ་པ་ནི་ལམ་སྟེ་འབྲས་བུའི་མཆོག་མྱང་འདས་སྒྲུབ་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ན་དོན་དམ་རྣམ་པ་གསུམ་དུ་འདོད་དོ། །དེ་ལྟར་གཞི་འབྲས་ལམ་གསུམ་ལ་དོན་དམ་དུ་བཞག་པའི་དབྱེ་བ་གསུམ་མམ། ཡང་ན་འགྱུར་མེད་ཡོངས་གྲུབ་དེ་བཞིན་ཉིད་འདུས་མ་བྱས་པ་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དེ་བཞིན་ཉིད་དེའི་ཡུལ་ཅན་གྱི་ཡེ་ཤེས་ཏེ། ཡོངས་གྲུབ་རྣམ་པ་གཉིས་སུ་དོན་དམ་ཐམས་ཅད་འདུས་སོ། །དེ་ཡང་དང་པོ་ལ་གཞི་འབྲས་ཀྱི་ལྡོག་ཆས་གཉིས་སུ་ཕྱེ་ཞིང་། ཕྱི་མ་ལམ་བདེན་འདུས་བྱས་སྒྲུབ་པ་དོན་དམ་དུ་བྱས་པས་སྔ་མ་གསུམ་དང་གནད་གཅིག་པར་འགྱུར་ཏེ། ཚུལ་དེ་ལྟ་བུའི་དབང་དུ་ན་གནས་སྣང་མཐུན་པའི་ཡུལ་དང་ཡུལ་ཅན་ཐམས་ཅད་ལ་དོན་དམ་པའི་བརྡ་སྦྱར་བའི་ཕྱིར་ལམ་བདེན་ཀྱང་ཡོངས་གྲུབ་ཀྱི་ཁོངས་སུ་གཏོགས་པར་བསྡུ་བའི་བཤད་ཚུལ་ཡིན་ཏེ། དེ་ལ་དག་པ་གཞན་དབང་གི་བརྡ་སྦྱར་ན་ཡང་དགོངས་བཞེད་ཀྱི་དབང་གིས་མི་འགལ་བར་ཤེས་པར་


MR04_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །བཞི་པ། གཅིག་གིས་འཇིག་རྟེན་སོགས་ཀྱིས་བསྟན་ཏེ། གང་ཆོས་སུ་བཏགས་པ་ཇི་སྙེད་པ་འདི་དག་འཇིག་རྟེན་ན་གྲགས་པའམ། རིགས་པས་གྲགས་པ་གཉིས་པོ་གང་རུང་གི་སྒོ་ནས་རྣམ་གཞག་བྱེད་པ་ཡིན་ལ། དེ་ཡང་གྲགས་པ་གཉིས་པོའི་ཁྱད་པར་བསྟན་པ་ནི་ཀ་བ་དང་བུམ་པ་ལ་སོགས་པ་བརྡའི་རྗེས་སུ་འཇུག་པའི་ཐ་སྙད་གདགས་པ་གཅིག་པུའི་སྒོ་ནས་གྲགས་པ་ནི་འཇིག་རྟེན་ཐ་སྙད་ཀྱིས་གྲགས་པ་ཞེས་བྱ་ལ། གང་ཟག་རིགས་པའི་དོན་ལ་མཁས་པ་རྣམས་ཀྱིས་མངོན་སུམ་རྗེས་དཔག་ལུང་གི་ཚད་མ་གསུམ་མམ། ཡང་ན་བྱ་བ་བྱེད་པ་བལྟོས་པ་ཆོས་ཉིད་ཀྱི་རིགས་པ་གསུམ་གྱི་སྒོ་ནས་དོན་གང་ཞིག་རྣམ་པར་བཞག་ཅིང་དེ་ལྟར་གྲགས་པ་ནི་རིགས་པའི་གྲགས་པ་སྟེ། དཔེར་ན་གདུང་འདེགས་ཀྱི་དོན་བྱེད་པའི་དངོས་པོ་ལ་ཀ་བ་ཞེས་སུ་མིང་ཐོགས་པ་དེ་འཇིག་རྟེན་ཐ་སྙད་ཀྱིས་གྲགས་པ་དང་། ཀ་བ་སྟོང་པ་ཉིད་ཡིན་པར་རིགས་པས་གྲགས་པ་ལྟ་བུ་ཡིན་ནོ། །སྐབས་ཀྱི་བརྗོད་བྱ་ངོ་བོ་ཉིད་གསུམ་པོ་འདི་གྲགས་པ་དེ་གཉིས་གང་གི་སྒོ་ནས་གྲགས་ཤིང་གྲུབ་པ་ཡིན་ཞེ་ན། ཀུན་བཏགས་གཅིག་པུའི་ཆ་ལས་འཇིག་རྟེན་གྱི་གྲགས་པ་རྣམ་པར་བཞག་སྟེ། ཇི་ལྟར་སྣང་བ་ལ་དེ་དང་དེར་ཞེན་པའི་མིང་སྣ་ཚོགས་སུ་འཇིག་རྟེན་ན་འདོགས་པར་བྱེད་དོ། །གཞན་དབང་དང་ཡོངས་གྲུབ་ནི་ཚད་མ་གསུམ་གྱི་སྒོ་ནས་རིགས་པས་གྲགས་པ་ཡིན་


MR04_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཡང་ན་འཇིག་རྟེན་གྱི་གྲགས་པ་ཀུན་བཏགས་ཁོ་ན་ལས་འཇོག་པ་དང་། བསྟན་བཅོས་ལ་གྲགས་པ་ནི་ངོ་བོ་ཉིད་གསུམ་ཀ་ལའང་ཅི་རིགས་པར་བཞག་ཏུ་རུང་སྟེ། མངོན་སུམ་སོགས་ཀྱི་སྒོ་ནས་དེ་དག་གི་རྣམ་གཞག་སྣ་ཚོགས་པ་བསྟན་བཅོས་ལས་གྲགས་པ་རྣམས་སོ། །ལྔ་པ། རྣམ་དག་སྤྱོད་ཡུལ་སོགས་ཀྱིས་བསྟན་ཏེ། རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་བཤད་པ་ལ་དབྱེ་བ་གཉིས་ཡོད་དེ། ཉོན་སྒྲིབ་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། ཤེས་སྒྲིབ་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལ། དེ་ལྟ་བུའི་དག་པའི་ཡེ་ཤེས་ཀྱི་ཡུལ་ཉིད་ཀུན་བཏགས་དང་གཞན་དབང་གཉིས་མ་ཡིན་ལ། ཡོངས་གྲུབ་གཅིག་པུ་ཁོ་ན་ཡིན་པར་བརྗོད་དེ། དེ་སྤྱོད་ཡུལ་དུ་བྱས་ཚེ་གནས་སྣང་མཐུན་པའི་ཕྱིར་རོ། །དྲུག་པ། རྒྱུ་དང་རྣམ་པར་སོགས་ཀྱིས་བསྟན་ཏེ། ཐེག་པ་ཆེན་པོ་མཐའ་དག་ཡི་དོན་བསྡུས་པའི་སྡོམ་ནི་དངོས་པོ་ལྔའམ་ཆོས་ལྔར་གསུངས་ཏེ། གང་ཞེ་ན། མིང་དང་། རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དང་ལྔའོ། །དེ་ལ་མིང་ནི་ཀ་བ་དང་བུམ་པ་སོགས་བརྡའི་སྒོ་ནས་བཏགས་པ་ཙམ་མོ། །རྒྱུ་མཚན་ནི་མིང་གི་གདགས་གཞི་གདུང་འདེགས་སོགས་ཀྱི་དོན་བྱེད་པ་དང་། ལྟོ་ལྡིར་བ་ལ་སོགས་པར་སྣང་བ་ལྟ་བུའོ། །རྣམ་པར་རྟོག་པ་ནི་རྣམ་ཤེས་


MR04_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བརྒྱད་དོ། །ཡང་དག་པའི་ཡེ་ཤེས་ནི་དེ་བཞིན་ཉིད་ཀྱི་ཡུལ་ཅན་ལས་དང་། དེ་བཞིན་ཉིད་ནི་ལམ་གྱིས་དམིགས་ཡུལ་ཆོས་ཀྱི་དབྱིངས་སོ། །དེ་ལྟ་བུའི་ཆོས་ལྔ་བོ་དེ་ཡང་ངོ་བོ་ཉིད་གསུམ་གྱི་ནང་དུ་འདུ་སྟེ། གང་ཞེ་ན། རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་། མིང་དང་གསུམ་པོ་དེ་ནི་གཞན་དབང་དང་། ཀུན་བཏགས་རྣམ་པ་གཉིས་སུ་བསྡུ་བར་བྱ་སྟེ། ཚོགས་བརྒྱད་ཀྱི་རང་བཞིན་ཅན་གྱི་རྣམ་ཤེས་དང་། གཉིས་སྣང་དང་བཅས་པའི་སྣང་བ་ལ་ཆོས་མི་འདྲ་བ་སྣ་ཚོགས་སུ་སྣང་བ་མིང་གདགས་པའི་གཞིའམ་རྒྱུ་མཚན་དུ་གྱུར་པ་དེ་གཉིས་ནི་གཞན་དབང་གི་ཁོངས་སུ་འདུའོ། །མིང་ནི་ཀུན་བཏགས་ཀྱིས་བསྡུས་པའོ། །ཡང་དག་པའི་ཡེ་ཤེས་དང་། ཆོས་ཐམས་ཅད་ཀྱི་ནང་ན་རབ་ཏུ་གྱུར་པ་དང་དེ་ཁོ་ན་ཉིད་དུ་གྱུར་པ་དེ་བཞིན་ཉིད་གཉིས་ནི། ཡོངས་གྲུབ་གཅིག་པུ་ཁོ་ནས་བསྡུས་པ་ཡིན་ཏེ། གོང་དུ་ཡུལ་ཡུལ་ཅན་གྱི་ཡོངས་གྲུབ་གཉིས་བཤད་པ་བཞིན་ནོ། །བདུན་པ། འཇུག་དེ་ཁོ་ན་སོགས་ཀྱིས་བསྟན་ཏེ། དེ་ཡང་མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་ནི་རྣམ་བདུན་ལ། །བརྟེན་ནས་བདེན་པ་རྣམ་པར་བཞག །ཅེས་གསུངས་པ་ལྟར། འཇུག་པའི་དེ་བཞིན་ཉིད་རྟེན་༡འབྲེལ་ལུགས་འབྱུང་ལྡོག་མ་དག་པ་དང་དག་པའི་གཞན་དབང་གིས་བསྡུས་པ་དང་། རྣམ་པ་མཚན་ཉིད་ཀྱི་དེ་བཞིན་ཉིད་༢ངོ་བོ་ཉིད་མེད་པ་གསུམ་སྟེ།


MR04_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ། ཡོངས་གྲུབ་དོན་དམ་ངོ་བོ་ཉིད་མེད་པའོ། །མཚོན་པ་རྣམ་པར་རིག་པའི་དེ་བཞིན་ཉིད་༣རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། གནས་པའི་དེ་བཞིན་ཉིད་༤སྡུག་བསྔལ་བདེན་པ་གང་ཞིག་ཁྱད་ཆོས་མི་རྟག་སོགས་བཞི་དང་ལྡན་པའི་གནས་སྐབས་དང་། ལོག་པར་སྒྲུབ་པའི་དེ་བཞིན་ཉིད་༥རྒྱུ་ཀུན་འབྱུང་གི་བདེན་པ་རབ་ཏུ་སྐྱེ་བ་ལ་སོགས་པའི་རྣམ་པ་བཞི་དང་ལྡན་པ་དང་། རྣམ་པར་དག་པའི་དེ་བཞིན་ཉིད་༦འགོག་ཞི་སོགས་ཆོས་བཞི་དང་བདེན་པའི་འགོག་བདེན་དང་། ཡང་དག་པར་སྒྲུབ་པའི་དེ་བཞིན་ཉིད་༧


MR04_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རིགས་པ་སྒྲུབ་པ་ངེས་འབྱིན་བཞི་དང་ལྡན་པའི་ལམ་བདེན་དང་བདུན་པོ་འདི་ལ་དེ་བཞིན་ཉིད་རྣམ་པ་བདུན་ཞེས་བྱའོ། །ཡང་མདོ་དང་དབུས་མཐའ་ལྟར་ན། འཇུག་པ་འཁོར་བ་ཐོག་མཐའ་མེད་པར་རྒྱུན་གྱིས་འཇུག་པ། མཚན་ཉིད་བདག་མེད་གཉིས། རྣམ་རིག་འདུ་བྱེད་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་ཁོང་དུ་ཆུད་པ། ལྷག་མ་བཞི་བདེན་བཞི་དང་སྦྱར་བ་བཤད་མ་ཐག་པ་ལྟར་རོ། །དེ་ལ་ངོ་བོ་ཉིད་གསུམ་ལས་དེ་ཉིད་བདུན་པོ་དབྱེ་བའི་ཚུལ་ནི། འཇུག་པའི་དེ་ཁོ་ན་ཉིད་ནི་ཀུན་བཏགས་དང་གཞན་དབང་རྣམ་པ་གཉིས་ལས་དབྱེ་སྟེ། ཀུན་བཏགས་ལ་བདེན་པར་ཞེན་ཞིང་མ་དག་གཞན་དབང་གི་ངོ་བོས་


MR04_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་འཇུག་པ་ཡིན་པའི་ཕྱིར་རོ། །གནས་པ་དང་ལོག་པར་སྒྲུབ་པའམ་ངན་པར་ཞུགས་པ་གཉིས་ཀྱང་དེ་བཞིན་དུ་ཀུན་བཏགས་དང་གཞན་དབང་གཉིས་ལས་དབྱེ་སྟེ། འཁོར་བའི་རྒྱུ་འབྲས་འདི་དག་ཀྱང་ཀུན་བཏགས་ལ་དངོས་པོར་ཞེན་ནས་གཞན་དབང་གིས་འཇུག་པ་གོང་དུ་བཤད་པ་བཞིན་ནོ། །མཚན་ཉིད་དང་རྣམ་པར་རིག་པ་དང་རྣམ་པར་དག་པ་དང་ཡང་དག་པར་སྒྲུབ་པ་བཞི་ནི་ཡོངས་གྲུབ་གཅིག་པུར་འདུ་བས་ན་དེ་ལས་བཞིར་དབྱེ་བ་ཉིད་དུ་རིག་པར་བྱ་སྟེ། མཚན་ཉིད་བདག་མེད་པའི་དོན་དང་། རྣམ་དག་འགོག་པ་གཉིས་འགྱུར་མེད་ཡོངས་གྲུབ་དང་། ཆོས་ཐམས་ཅད་རྣམ་རིག་ཙམ་དུ་རྟོགས་པ་དང་། ཡང་དག་སྒྲུབ་པ་ལམ་གཉིས་ནི། དངོས་པོའི་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ཕྱིར་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཀྱི་དབྱེ་བ་ཡིན་ནོ། །བརྒྱད་པ། མཁས་པའི་དེ་ཁོ་ན་ཉིད་བཤད་པ་ལ། སྤང་བྱ་བདག་ལྟ་བཅུ་བཤད་པ་དང་། སྤོང་བྱེད་མཁས་བྱའི་གནས་བཅུ་བཤད་པ་གཉིས། དང་པོ། གཅིག་དང་རྒྱུ་དང་སོགས་ཀྱིས་བསྟན་ཏེ། མཁས་པར་བྱ་བའི་གནས་བཅུ་པོ་འདི་གཏན་ལ་ཕབ་ན་དེར་ཤེས་བྱ་ཐམས་ཅད་འདུ་བ་ཡིན་ལ། གནས་བཅུ་པོ་དེའི་རང་བཞིན་ལ་མཁས་པར་གྱུར་པའི་སྟོབས་ཀྱིས་བདག་ཏུ་ལྟ་བའི་རྣམ་པ་མི་འདྲ་བ་བཅུ་སྤོང་བའང་ཤུགས་ཀྱིས་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ལ་


MR04_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པར་བྱ་བའི་གནས་བཅུ་གང་ཞེ་ན། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་འབྲེལ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་དང་། དབང་པོ་ལ་མཁས་པ་དང་། དུས་ལ་མཁས་པ་དང་། བདེན་པ་ལ་མཁས་པ་དང་། ཐེག་པ་ལ་མཁས་པ་དང་། འདུས་བྱས་འདུས་མ་བྱས་ལ་མཁས་པའོ། །དེ་ལ་བདག་ལྟ་བཅུ་ནི་བདག་གཅིག་པུར་ལྟ་བ་དང་། བདག་རྒྱུར་ལྟ་བ་སོགས་བཅུ་སྟེ། དེ་ཡང་ཕུང་པོ་ལ་མཁས་པས་བདག་གཅིག་པུར་ལྟ་བ་སྤོང་སྟེ། དེའི་རྒྱུ་མཚན་བདག་གི་གདགས་གཞི་ནི་ཕུང་པོ་ལྔ་པོ་འདི་ཙམ་དུ་ཟད་ལ། འདི་ལ་གཅིག་པུ་ཆ་མེད་དུ་གྲུབ་པ་གང་ཡང་མེད་དེ་ཕུང་པོ་ལྔར་དབྱེར་ཡོད་ཅིང་། དེ་རེ་རེ་ལའང་ནང་གི་བྱེ་བྲག་དུ་མ་ཡོད་པས་ཆོས་དུ་མ་བསྡུས་ནས་སྤུངས་པ་ལ་ཕུང་པོའི་རྣམ་གཞག་ཏུ་བྱས་པའི་ཚུལ་ཁོང་དུ་ཆུད་པ་ལས་བདག་ཅེས་བྱ་བ་གཅིག་པུ་བ་ཞིག་མེད་པར་ཤེས་ནུས་སོ། །དེ་བཞིན་དུ་སྣོད་བཅུད་ཀྱི་རྒྱུ་བདག་ཡིན་ནོ་སྙམ་པ་ནི་ཁམས་ལ་མཁས་པས་སྤོང་སྟེ། ཕྱི་དང་ནང་གི་ཆོས་ཐམས་ཅད་ཁམས་བཅོ་བརྒྱད་དུ་འདུ་ལ། དེ་དག་ནི་སོ་སོ་རང་རང་གི་བྱ་བ་བྱེད་པའི་ནུས་པའམ་ས་བོན་སོ་སོར་འཛིན་པའི་ལས་ཅན་ཡིན་པས་ན། དེ་དག་སོ་སོའི་རྒྱུ་ལས་སྣོད་བཅུད་འདི་འབྱུང་གི་བདག་ནི་ཅུང་ཟད་ཀྱང་རྒྱུ་མིན་པར་ཤེས་སོ། །བདག་ཡུལ་ལ་


MR04_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་པ་པོའམ་ཟ་བ་པོར་འཛིན་པ་ནི་སྐྱེ་མཆེད་ལ་མཁས་པས་སྤོང་སྟེ། ཆོས་ཐམས་ཅད་སྐྱེ་མཆེད་བཅུ་གཉིས་པོ་འདིར་འདུས་ཀྱི་དེ་ལས་གཞན་པ་མེད་ལ། ལོངས་སྤྱད་བྱ་ཕྱིའི་སྐྱེ་མཆེད་དྲུག་ལ་ནང་གི་སྐྱེ་མཆེད་དྲུག་གིས་ལོངས་སྤྱོད་པར་བྱེད་པ་འདི་ཙམ་ལས་གཞན་པའི་ཟ་བ་པོ་གང་ཡང་མེད་པར་རྟོགས་པས་སོ། །བདག་ཐམས་ཅད་ཀྱི་བྱེད་པ་པོར་འཛིན་པ་རྟེན་འབྲེལ་ལ་མཁས་པས་སྤོང་སྟེ། ཆོས་ཐམས་ཅད་རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ན་མི་སྐྱེ་བའི་དབང་མེད་ཅིང་མ་ཚོགས་ན་ནམ་ཡང་མི་སྐྱེ་བར་མཐོང་ནས་བདག་གིས་བྱེད་པ་ཅི་ཡང་མེད་པར་ཤེས་སོ། །བདག་ནི་ཐམས་ཅད་ལ་དབང་བསྒྱུར་བ་རང་དབང་ཅན་གྱི་རྣམ་པར་འཛིན་པ་གནས་དང་གནས་མིན་ལ་མཁས་པས་སྤོང་སྟེ། ཆོས་འདི་དག་ཐམས་ཅད་ནི་སོ་སོའི་གནས་དང་གནས་མ་ཡིན་པའི་དབང་གིས་ཡོད་མེད་ཡིན་མིན་སྣ་ཚོགས་སུ་སྣང་གི་བདག་གིས་ནི་རང་དབང་བསྒྱུར་ཏེ་ཅི་ཡང་བྱ་མི་ནུས་པར་རྟོགས་སོ། །བདག་ནི་བདག་པོའམ་གཙོ་བོ་སྟེ་ཐམས་ཅད་ཀྱི་ནང་ནས་དབང་པོར་གྱུར་པའི་དོན་ཅན་དུ་འཛིན་པ་ནི་དབང་པོ་ལ་མཁས་པས་སྤང་སྟེ། ཀུན་ཉོན་དང་རྣམ་བྱང་གི་ཕྱོགས་ཀྱི་ཆོས་ལ་དབང་བྱེད་པ་ན་དབང་པོ་ཉེར་གཉིས་པོ་འདི་ཙམ་ཡིན་ལ། དེ་ལས་གཞན་པའི་དབང་པོར་གྱུར་པ་གཞན་ཅི་ཡང་མི་དགོས་ལ་མ་དམིགས་པའི་ཕྱིར་རོ། །བདག་སྔ་ཕྱིར་མི་འགྱུར་མི་འཕོ་བའི་རྟག་པར་འཛིན་པ་ནི་དུས་ལ་མཁས་


MR04_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྤོང་སྟེ། དངོས་པོའི་སྐྱེ་འཇིག་ལ་བརྟེན་ནས་དུས་གསུམ་དུ་བཞག་ཅིང་དེ་གསུམ་གནས་སྐབས་ཐ་དད་པས་གཅིག་ཏུ་མི་རུང་ལ། དངོས་པོར་ཡོད་པ་ལ་སྐྱེ་འགག་དང་དུས་གསུམ་གྱི་འགྱུར་བ་མེད་པར་མི་སྲིད་པར་གྲུབ་པས་སོ། །བདག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་དག་པའི་གནས་སམ་གཞི་ཉིད་དུ་ལྟ་བ་ནི་བདེན་པ་ལ་མཁས་པས་སྤོང་སྟེ། ཀུན་ཉོན་དང་རྣམ་བྱང་གི་བདེན་གཞི་རྒྱུ་འབྲས་ཕྲུགས་གཉིས་ཀྱི་ཚུལ་དུ་རྟོགས་པས་དེ་ལས་གཞན་པའི་ཀུན་བྱང་གི་གཞིའམ་དེ་ལ་ལོངས་སྤྱོད་པ་པོ་གང་ཡང་མ་གྲུབ་པར་རྟོགས་པས་སོ། །བདག་རྣལ་འབྱོར་ཅན་དུ་འཛིན་པ་ནི་ཐེག་པ་ལ་མཁས་པས་སྤོང་སྟེ། ཐེག་པ་གསུམ་གྱི་ལམ་ཉམས་སུ་བླངས་པ་ལས་དེ་དང་དེའི་ཡོན་ཏན་སྣང་གི་གཞན་དུ་རྣལ་འབྱོར་ཅན་ནམ་སྒོམ་པ་དང་ལྡན་པའི་དངོས་པོ་གང་ཡང་མི་དམིགས་པས་སོ། །བདག་དེ་ཉིད་སྔར་མ་གྲོལ་ལ་ཕྱིས་གྲོལ་བའི་ཁྱད་པར་ཅན་དུ་ལྟ་བ་ནི་འདུས་བྱས་དང་འདུས་མ་བྱས་ལ་མཁས་པས་སྤོང་སྟེ། འདུས་བྱས་ཟག་པ་རྣམས་ཟད་པ་སོ་སོར་བརྟག་འགོག་འདུས་མ་བྱས་ལ་མྱང་འདས་ཞེས་བརྗོད་ཀྱི། དེ་ལས་གཞན་པའི་མ་དག་པ་དང་དག་པར་གྱུར་པའི་བདག་ཚད་མས་མ་དམིགས་ལ། དེ་ལྟ་བུ་ཡོད་ན་ཐར་བ་མེད་པར་འགྱུར་བའི་རིགས་པས་གནོད་པ་ཡོད་པའི་ཕྱིར་རོ། །དེ་ལྟར་ན་ཕུང་པོ་ལ་སོགས་པ་བཅུ་བོ་འདི་དག་ལ་ནི་དམིགས་ནས་མི་མཁས་པ་


MR04_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་རྟག་གཅིག་རང་དབང་བ་སོགས་ཀྱི་རྣམ་པར་ཀུན་ཏུ་བཏགས་ནས་བདག་ཏུ་ལྟ་བ་ཡིན་ལ། ལྟ་བའི་གནས་ཤེས་བྱ་དེ་དག་གི་རང་བཞིན་ཇི་ལྟ་བ་བཞིན་དུ་ཆོས་རབ་རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་གཏན་ལ་དབབ་ན་ལྟ་བ་ངན་པ་ཐམས་ཅད་ལས་རང་གྲོལ་བར་འགྱུར་རོ། །གཉིས་པ་ལ། གནས་བཅུ་བོ་རང་བཞིན་གསུམ་དུ་འདུ་ཚུལ་དང་། གནས་སོ་སོར་མཁས་པར་བྱ་བའོ། །དང་པོ། ཀུན་ཏུ་རྟོག་དང་སོགས་ཀྱིས་བསྟན་ཏེ། མཁས་པར་བྱ་བའི་གནས་རྣམ་པ་བཅུ་བོ་འདི་དག་ཀྱང་ངོ་བོ་ཉིད་གསུམ་དུ་འདུ་ཚུལ་བཤད་ན། འདི་དག་ལ་གཉིས་སུ་སྣང་ཞིང་ཞེན་པས་ཀུན་ཏུ་རྟོག་པས་དེ་དང་དེར་བརྟགས་པའི་ཆ་རྣམས་ནི་ཀུན་བཏགས་དང་། དེ་དག་ཐམས་ཅད་རྣམ་པར་རྟོག་པ་ཙམ་གྱི་ངོ་བོར་གྱུར་པའི་དོན་གྱི་ཆ་ནས་གཞན་དབང་དང་། དེ་ཐམས་ཅད་གཉིས་སྟོང་གི་ཆོས་ཉིད་ཅན་དུ་གྲུབ་པའི་དོན་གྱིས་དེའི་ཡོངས་གྲུབ་ཀྱང་ཡོད་དེ། དེ་ལྟར་ཕུང་པོ་ལ་སོགས་པ་དེ་དག་ངོ་བོ་ཉིད་གསུམ་པོ་དེར་འདུ་བ་ཡིན་ནོ། །དེ་དཔེར་ན་གཟུགས་ལ་ཕྱི་དོན་དུ་ཞེན་ཅིང་བརྗོད་པ་ནི་གཟུགས་ཀྱི་ཀུན་བཏགས་སོ། །རྣམ་པར་རིག་པ་ཉིད་རྣམ་པར་བརྟག་པའི་གཟུགས་སུ་སྣང་བ་ནི་གཟུགས་ཀྱི་གཞན་དབང་ངོ་། །གཟུགས་དེའི་ཆོས་ཉིད་གཉིས་སྟོང་གང་ཡིན་པ་གཟུགས་ཀྱི་ཡོངས་གྲུབ་བོ། །དེས་ན་ཀུན་བཏགས་པ་ལ་སོགས་པ་དེའི་ཁྱད་པར་དུ་བྱས་པའི་གཟུགས་སུ་རྣམ་པར་དབྱེ་བ་བྱར་རུང་


MR04_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེ་བཞིན་དུ་ཚོར་འདུ་སོགས་དང་། ཁམས་སྐྱེ་མཆེད་སོགས་ལྷག་མ་ཀུན་ལ་སྦྱར་ཏེ་ཤེས་པར་བྱའོ། །གཉིས་པ་རྒྱས་བཤད་ལ། གོང་དུ་བཤད་པ་བཞིན་བཅུ་ལས། དང་པོ། ཕུང་པོ་ལ་མཁས་པ་ནི། ཐོག་མར་དུ་མ་སོགས་ཀྱིས་བསྟན་ཏེ། མཁས་པར་བྱ་བའི་གནས་བཅུའི་ཐོག་མ་ཕུང་པོ་ཞེས་པ་ཇི་ལྟར་ན། འདུས་བྱས་ཀྱིས་བསྡུས་པའི་ཆོས་ཀྱི་བྱེ་བྲག་རང་མཚན་ཐ་དད་པ་དུ་མ་ཉིད་དུ་དབྱེ་བ་ཡོད་པ་དང་ནི། དུ་མའི་ཆོས་དེ་དག་རིགས་མཐུན་པའི་སྒོ་ནས་ལྷན་ཅིག་བསྡུས་པ་དང་གཉིས་ཀྱི་སྒོ་ནས་དུ་མ་ལྷན་ཅིག་སྤུངས་པ་ལ་ཕུང་པོ་ཞེས་བྱ་ཞིང་། དེ་ལའང་ནང་གི་དབྱེ་བ་ལྔར་ཡོངས་སུ་བྱེ་བའི་དོན་ནམ་ཚུལ་དེ་ཉིད་ཀྱི་སྒོ་ནས་ཕུང་པོ་ལྔར་རྣམ་པར་བཞག་པ་ཤེས་པར་བྱའོ། །གང་ཞེ་ན། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་ཕུང་པོའོ། །དེ་ལ་དབང་པོ་ལྔ་དང་། དོན་ལྔ་སྟེ་བཅུ་བོ་འདི་དག་རྡུལ་དུ་གྲུབ་པའི་བདག་ཉིད་ཡིན་པས་གཟུགས་སུ་རུང་བར་རིགས་འདྲ་བའི་ཕྱིར་ཆོས་ཐ་དད་པ་ཕྱོགས་དང་དུས་ཀྱིས་བསྡུས་པ་དེ་ཀུན་ཕྱོགས་གཅིག་ཏུ་བསྡོམས་ནས་གཟུགས་ཀྱི་ཕུང་པོ་ཞེས་པའི་གྲངས་སུ་བཞག་པའོ། །དེ་བཞིན་དུ་རང་ངམ་གཞན་གྱི་རྒྱུད་དུ་གཏོགས་པའི་བདེ་སྡུག་བཏང་སྙོམས་མྱོང་བའི་སེམས་བྱུང་ཡིན་ནོ་ཅོག་ལ་ཚོར་བའི་ཕུང་པོ་དང་། དེ་བཞིན་དུ་མཚན་མར་འཛིན་པའི་འདུ་


MR04_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས། ཤེས་པ་ཡུལ་ལ་འཇུག་པར་འདུ་བྱེད་པའི་སེམས་བྱུང་རྣམས་ཀྱིས་མཚོན་ནས་ཕུང་པོ་བཞི་ལས་གཞན་པའི་འདུ་བྱེད་ཐམས་ཅད་དང་། རྣམ་པར་ཤེས་པ་ནི་ཚོགས་བརྒྱད་དམ་དྲུག་གི་རང་བཞིན་ཅན་ནོ། །གཉིས་པ་ཁམས་ལ་མཁས་པ། འཛིན་དང་གཟུང་དང་སོགས་ཀྱིས་བསྟན་ཏེ། ཁམས་ཞེས་པ་རྒྱུའམ་གཞིའམ་ས་བོན་གྱི་དོན་ཡིན་ལ། དེ་ལ་ནང་གི་དབྱེ་བ་བཅྭོ་བརྒྱད་དུ་ཡོད་དོ། །དེ་ཡང་མིག་དབང་ནས་ཡིད་དབང་གི་བར་གྱི་མིག་གི་ཁམས་ལ་སོགས་པ་དྲུག་པོ་ནི་འཛིན་པར་བྱེད་པའི་ས་བོན་གྱི་དོན་ཅན་ཏེ། དབང་པོ་དྲུག་པོ་དེ་ལ་རང་ཡུལ་འཛིན་པར་བྱེད་པའི་ནུས་པའམ་ཡོན་ཏན་ཡོད་དེ། དེ་དག་ལ་མ་བརྟེན་པར་མཐོང་སོགས་མི་ནུས་པའི་ཕྱིར་རོ། །དེས་ན་ཐ་སྙད་དུ་དེ་དག་རང་གི་ངོ་བོ་ཉིད་ཀྱིས་དེ་ལྟར་ཡིན་པ་ལ་ནི་མེའི་ཚ་བ་བཞིན་དུ་དེ་དག་གི་ཁམས་ཞེས་བཏགས་ཏེ། མྱུ་གུ་བསྐྱེད་པའི་བྱེད་པ་གང་ལ་ཡོད་པ་ལ་ས་བོན་གྱི་ཁམས་ཞེས་བརྗོད་པ་བཞིན་ནོ། །དེས་ན་དབང་པོ་རྟེན་བཅས་སུ་མ་ཟད་དེ་མཚུངས་ཀྱི་སྐབས་ན་ཡང་ཡུལ་འཛིན་པའི་ནུས་པ་དང་བྲལ་བ་ནི་མ་ཡིན་ཏེ། སྒྲོམ་ནང་གི་ས་བོན་བཞིན་དུ་དེ་ལ་དེའི་ཆོས་དེ་དག་འབྲལ་མེད་དུ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་ནས་ཆོས་ཁམས་ཀྱི་བར་དྲུག་པོ་འདི་ནི་ཡུལ་ཅན་དབང་པོ་དང་བློའི་གཟུང་བའི་གཞིའམ་ས་བོན་གྱི་དོན་ཡིན་ལ། ཡུལ་དབང་ཤེས་གསུམ་ཚོགས་པར་བསྐྱེད་


MR04_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

པ། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་ཁམས་ཀྱི་བར་དྲུག་ནི། ཡུལ་གཟུགས་སོགས་དེ་ཤེས་ཤིང་འཛིན་པའི་ས་བོན་གྱི་དོན་ཅན་ཡིན་ཏེ། གསལ་ཞིང་རིག་པའི་ངོ་བོས་ཡུལ་གྱི་རང་བཞིན་ཇི་ལྟ་བུ་ཡིན་པ་དེ་དང་དེ་གཅོད་པར་བྱེད་པའོ། །གཞན་དུ་འདོད་ཅེས་པ་ནི། བཤད་མ་ཐག་པ་མཁས་བྱའི་གནས་དང་པོ་ལས་གཞན་པ་ཁམས་ལ་མཁས་པའི་གནས་ཉིད་དུ་འདོད་ཅེས་པ་ཙམ་སྟེ། འོག་གི་སྐབས་རྣམས་སུའང་དེ་ལྟར་ཤེས་པར་བྱའོ། །གསུམ་པ། ཚོར་དང་དོན་རྣམས་སོགས་ཀྱིས་བསྟན་ཏེ། སྐྱེ་མཆེད་བཅུ་གཉིས་ལས། མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་ནང་གི་དེ་དྲུག་པོ་ནི། ཚོར་བ་ཉེ་བར་སྤྱོད་པའི་འབྱུང་སྒོའམ་སྐྱེ་སྒོ་ཡིན་ཏེ། མིག་སོགས་ནང་གི་སྐྱེ་མཆེད་དྲུག་པོ་འདིས་ཡུལ་དྲུག་གི་རང་བཞིན་ལ་ཉེ་བར་ལོངས་སྤྱོད་ནས་བདེ་སྡུག་སོགས་མྱོང་བ་ཡིན་པའི་ཕྱིར་རོ། །གཟུགས་ཀྱི་སྐྱེ་མཆེད་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་གྱི་ཕྱི་ཡི་སྐྱེ་མཆེད་དྲུག་པོ་དེ་ནི་དོན་རྣམས་སོ་སོའི་རང་གི་ངོ་བོ་ཡོངས་སུ་གཅོད་པའི་ཚུལ་ལ་ཉེ་བར་སྤྱོད་པའི་འབྱུང་སྒོ་ཡིན་ཏེ། གཟུགས་ལ་སོགས་པ་དེ་དག་ཡུལ་དུ་ཡོད་པ་ཉིད་ཀྱིས་དེ་དང་དེར་ཤེས་པས་ཡོངས་སུ་གཅོད་པའི་ཉེ་བར་སྤྱོད་པ་འབྱུང་བའི་ཕྱིར་རོ། །དེ་ཡང་སྐྱེ་མཆེད་ཅེས་པ་ཤེས་པ་ཉེ་བར་སྐྱེ་བའི་སྒོ་ཡིན་པ་ལ་བཤད་དེ། སྒོ་འདི་དག་གིས་ཤེས་པ་ཡུལ་ལ་སྐྱེ་ཞིང་


MR04_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་པར་བྱེད་པ་ལ་མིང་དེ་སྐད་དུ་བཏགས་པའོ། །དེས་ན་གཟུགས་སོགས་ནི་ཡོངས་སུ་གཅོད་པར་བྱ་བ་དང་། མིག་སོགས་ནི་ཡུལ་སོགས་དེ་ལས་བྱུང་བའི་ཚོར་བ་ལ་ཉེ་བར་ལོངས་སྤྱོད་པ་པོ་ཡིན་པས་ན། ཡུལ་དང་ཡུལ་ཅན་ཚོགས་ནས་ཤེས་པ་སྐྱེ་ཞིང་དེ་དང་དེ་ལ་ཉེ་བར་ལོངས་སྤྱོད་པས་ན་ཉེར་སྤྱོད་ཅེས་བྱ་ཞིང་། དེ་འབྱུང་བའི་སྒོ་ནི་ཕྱི་དང་ནང་གིས་བསྡུས་པའི་ཆོས་བཅུ་གཉིས་པོ་འདི་ཡིན་པའི་ཕྱིར་རོ། །དེ་ལའང་ཆོས་སུ་གདགས་པ་ཇི་སྙེད་པ་ཐམས་ཅད་ཤེས་པ་ལ་སྣང་ཞིང་དེས་དེ་ལྟར་ཐ་སྙད་བྱེད་ལ། དེ་ལས་བྱུང་བའི་བདེ་སྡུག་གི་ཆ་ཐམས་ཅད་ཀྱང་ཤེས་པས་མྱོང་བ་ལས་གཞན་དུ་མེད་པས་ན་ཤེས་པ་ཉིད་འདོགས་བྱེད་ཡིན་ཞིང་། ཆོས་སུ་བཏགས་པ་ཀུན་ཀྱི་ནང་ན་འདི་གཙོ་ཆེ་བའི་ཕྱིར་ཚུལ་དེ་ལྟར་དེ་ཉིད་སྐྱེ་ཞིང་མཆེད་པའི་སྒོ་ཡི་ཚུལ་གྱིས་བསྟན་པ་ཡིན་ནོ། །བཞི་བ། རྒྱུ་དང་འབྲས་བུ་སོགས་ཀྱིས་བསྟན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་གང་ཞེ་ན། ཕྱི་ནང་གི་ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ལས་སྐྱེ་བ་སྟེ། དེ་ཡང་ནང་སེམས་ཅན་གྱི་ཁམས་ཐམས་ཅད་ནི་མ་རིག་པ་ནས་རྒ་ཤིའི་བར་གྱི་ཡན་ལག་བཅུ་གཉིས་ཀྱི་ཚུལ་དུ་འབྱུང་བ་དང་། ཕྱིའི་ཆོས་ཐམས་ཅད་ས་བོན་ལས་མྱུ་གུ་སྐྱེ་བ་ལ་སོགས་པ་བཞིན་དུ་རྒྱུ་རྐྱེན་ཚོགས་པ་ལས་སྐྱེ་ཡི། རྒྱུ་མེད་པ་དང་རྒྱུ་མིན་པ་དུས་དང་དབང་ཕྱུག་སོགས་ལས་མི་སྐྱེ་བ་གང་ཡིན་པའོ། །དེ་ལྟར་


MR04_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནས་ཆོས་ཐམས་ཅད་ཀྱི་སྐྱེད་བྱེད་ཀྱི་རྒྱུ་དང་རང་རང་གི་འབྲས་བུ་དང་། རྒྱུས་རང་འབྲས་བསྐྱེད་པའི་རྩོལ་པའམ་བྱེད་ལས་ཀྱི་ཚུལ་ལ་སྒྲོ་འདོགས་པ་མེད་ཅིང་སྐུར་འདེབས་མེད་པར་ཇི་བཞིན་གཏན་ལ་ཕབས་པ་ནི་རྟེན་འབྲེལ་གྱི་དོན་ལ་མཁས་པ་ཡིན་ནོ། །དེ་ལ་རྒྱུ་མིན་རྒྱུར་སྒྲོ་འདོགས་པ་ནི་དུས་དང་དབང་ཕྱུག་སོགས་སེམས་ཅན་གྱི་བྱེད་པ་པོར་འདོད་པ་ལྟ་བུའོ། །རྒྱུ་ཡིན་པ་ལ་རྒྱུ་མིན་དུ་སྐུར་བ་འདེབས་པ་ནི། ད་ལྟའི་ཕུང་པོ་འདི་སྐྱེ་བ་སྔ་མའི་ཕུང་པོ་ལས་མ་བྱུང་བར་འདོད་པ་ལྟ་བུའམ། ཡང་ན་ལས་དང་ཉོན་མོངས་པ་སེམས་ཅན་སྐྱེ་བའི་རྒྱུ་མ་ཡིན་པར་འདོད་པ་ལྟ་བུའོ། །འབྲས་བུ་ལ་སྒྲོ་འདོགས་པ་ནི། འཇིག་རྟེན་འདི་དག་དབང་ཕྱུག་སོགས་ཀྱིས་བྱས་པའི་འབྲས་བུར་འདོད་པའམ། རང་གི་ངོ་བོས་བྱུང་བ་ལྟ་བུར་འདོད་པ་དང་། འབྲས་བུ་ལ་སྐུར་བ་འདེབས་པ་ལས་ཀྱི་རྣམ་པར་སྨིན་པ་མེད་ཅེས་སམ། ཚེ་ཕྱི་མ་མེད་པའམ། འགོག་པ་མེད་པ་ལྟ་བུ་སོགས་ཡོད་པའི་འབྲས་བུ་ལ་སྐུར་བ་འདེབས་པ་ཐམས་ཅད་དོ། །རྒྱུའི་འབྲས་བུ་བསྐྱེད་ཚུལ་གྱི་རྩོལ་བའམ་བྱེད་པ་ལ་སྒྲོ་འདོགས་པ་ནི། ས་བོན་ལས་མྱུ་གུ་དང་མ་རིག་པ་ལས་འདུ་བྱེད་འབྱུང་བ་ལྟ་བུ་ལས་དེས་འབྲས་བུ་དེ་བྱའོ་ཞེས་བསམ་པ་སྔོན་དུ་བཏང་ནས་བྱེད་པ་ལྟ་བུའི་ཚུལ་གྱིས་བྱེད་པ་པོར་འདོད་པའམ། ཡང་ན་དབང་ཕྱུག་སོགས་ཀྱིས་དེ་ལ་དེ་བྱེད་དུ་གཞུག་པ་ལྟ་བུའི་བྱེད་པ་རང་


MR04_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བ་ཞིག་འཛིན་པའོ། །བྱེད་པ་ལ་སྐུར་བ་འདེབས་པ་ནི་རྒྱུ་དེས་དེ་བྱེད་མི་ནུས་ཏེ་འབྲས་དུས་ན་རྒྱུ་འགག་པ་སོགས་ཀྱི་ཕྱིར་རྒྱུ་ལ་བྱེད་པའི་ནུས་པ་མེད་པར་འཛིན་པ་ལྟ་བུ་སྟེ། མདོར་ན་རྒྱུ་འབྲས་ཐམས་ཅད་ནི་སྐད་ཅིག་མ་ཡིན་ལ། སྐད་ཅིག་སྔ་མ་དེ་ཉིད་ཕྱི་མའི་དུས་ན་མེད། རང་དུས་སྐད་ཅིག་གཅིག་པོ་དེར་འབྲས་བུ་བྱེད་པའི་རྩོལ་བའམ་བྱེད་པ་ཞེས་བྱ་བ་གཞན་ཅི་ཡང་མེད་ཀྱང་། རྒྱུ་ཚོགས་ན་འབྲས་བུ་མི་སྐྱེ་བའི་དབང་མེད་པ་ཙམ་གྱི་ཕྱིར་རྒྱུ་འབྲས་སུ་བཞག་གི །རྒྱུའི་སྐད་ཅིག་ལ་འབྲས་བུ་བྱེད་འདོད་ཀྱི་རྩོལ་བ་མེད་ཀྱང་བསྐྱེད་པའི་ནུས་པ་མེད་པ་ནི་མ་ཡིན་ཏེ། ཆོས་ཐམས་ཅད་བྱེད་པོས་དབེན་བཞིན་དུ་རྟེན་འབྲེལ་གྱི་དབང་གིས་བྱུང་བ་ཡིན་ཏེ། ས་བོན་དང་མ་རིག་པ་ལྟ་བུས་བདག་གིས་མྱུ་གུ་འདུ་བྱེད་ལྟ་བུ་འདི་བསྐྱེད་དོ་སྙམ་དུ་མི་རྟོག་མྱུ་གུ་དང་འདུ་བྱེད་དེ་དག་གིས་བདག་འདིས་བསྐྱེད་དོ་སྙམ་དུ་མི་རྟོག་བཞིན་དུ་རྟེན་འབྲེལ་བསླུ་མེད་ཀྱི་ཚུལ་དུ་འབྱུང་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། འདུས་བྱས་ཐམས་ཅད་ཀྱང་སྐད་ཅིག་མ་ཡིན་པ་དང་། རྒྱུ་འབྲས་སྐྱེ་འགག་ཏུ་བྱེད་ཚུལ་ལ་ཁྱད་མེད་པའི་ཕྱིར་རོ། །དེས་ན་གང་ཟག་གི་བསམ་པ་སྔོན་དུ་བཏང་ནས་ཟས་གོས་གནས་མལ་སོགས་བྱས་ནས་རང་ཉིད་དེ་ལ་ལོངས་སྤྱོད་པ་ལྟ་བུ་ལའང་། རྒྱུན་གྱི་དབང་གིས་བྱེད་པོ་སོགས་སུ་བཏགས་ཀྱི། དོན་ལ་བྱེད་པ་པོར་གྲུབ་པ་མེད་དེ། སྟོན་དུས་བཟའ་བར་བྱའོ་


MR04_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པའི་ཡིད་ཀྱིས་སྐྱེས་བུའི་དཔྱིད་དུས་ས་བོན་འདེབས་འདོད་ཀྱི་བསམ་པ་དེ་ལོ་ཏོག་གི་རྒྱུའི་ཚོགས་པ་སྡུད་པ་ལ་ཉེ་བར་ཕན་པའི་བརྒྱུད་རྒྱུ་ཡིན་ནའང་དེ་རང་ཉིད་ཀྱང་སྔོན་སོང་གི་རྒྱུ་གཞན་གྱིས་བསྐྱེད་ལ། སེམས་པ་དེ་ཁོ་ནས་ལོ་ཏོག་རང་དབང་བསྐྱེད་པ་མ་ཡིན་གྱི། དེའི་ཕྱི་ལོགས་སུ་བྱུང་བའི་རྒྱུ་ཇི་སྙེད་ཅིག་ཚོགས་པའི་ཐ་མར་ལོ་ཏོག་བསྐྱེད་ལ། འབྲས་བུ་ལོ་ཏོག་སྐྱེས་པའི་དུས་ན་རྒྱུ་ཐམས་ཅད་འགགས་པའི་ཕྱིར་ལོ་ཏོག་སྐྱེད་པའི་བྱེད་པོ་རྫས་སུ་གྲུབ་པ་གང་ཡང་མེད་དེ། ཆོས་སྣ་ཚོགས་པའི་རྒྱུས་བསྒྲུབ་ཅིང་རྒྱུ་དེ་དག་ཀྱང་སྐད་ཅིག་མ་ཡིན་པའི་ཕྱིར་བྱེད་པ་པོ་མི་དམིགས་སོ། །འོན་ཀྱང་ཤིང་འདི་ནི་མི་འདིས་བཙུགས་སོ་ཞེས་བྱེད་པོར་འཛིན་པ་ལྟ་བུའི་ཐོག་མར་རྒྱུའི་ཚོགས་བསྡུད་པའི་སྐྱེས་བུ་དེའི་ཕུང་པོའི་རྒྱུན་ལ་བྱེད་པ་པོ་བཏགས་པ་ཙམ་སྟེ་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་དེ་ལྟར་གནས་པ་ཤེས་པར་བྱའོ། །ལྔ་བ། མི་འདོད་འདོད་དང་སོགས་ཀྱིས་བསྟན་ཏེ། སྤྱིར་གནས་དང་གནས་མ་ཡིན་པ་ཤེས་པ་ཞེས་བྱ་བ་དེ་ཤིན་ཏུ་ཁྱབ་ཆེ་སྟེ། རྒྱུ་གང་ལས་འབྲས་བུ་གང་འབྱུང་བ་དང་མི་འབྱུང་བ། འབྲས་བུ་གང་ཞིག་རྒྱུ་གང་ལ་བལྟོས་པ་དང་མི་བལྟོས་པ་ལྟ་བུའི་ཚུལ་གྱི་སྲིད་པ་དང་མི་སྲིད་པའམ། གནས་ཡོད་པ་དང་གནས་མེད་པའི་ཚུལ་ཤེས་པའི་སྒོ་ནས་འཁོར་འདས་བླང་དོར་གྱི་བྱ་བ་ཕྲ་རགས་ཐམས་ཅད་ལ་འཇུག་ལྡོག་བྱེད་པ་


MR04_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་རོ། །སྐབས་འདིར་གཞན་དབང་རྣམ་པ་བདུན་དུ་བསྟན་པ་འདིས་མཚོན་ནས་གནས་དང་གནས་མ་ཡིན་པའི་ཚུལ་མཐའ་དག་ལ་མཁས་པར་བྱ་བར་བསྟན་ཏེ། གང་ཞེ་ན། མི་འདོད་པ་གཞན་དབང་ཉེས་པར་སྤྱོད་པའི་ལས་ཀྱིས་མི་འདོད་བཞིན་ངན་སོང་དུ་འགྲོ་བ་ལྟ་བུ་དང་། འདོད་པ་གཞན་དབང་ལེགས་པར་སྤྱད་པའི་ལས་ཀྱིས་འདོད་པའི་ཡུལ་བདེ་འགྲོ་ཐོབ་པ་ལྟ་བུ་དང་། རྣམ་པར་དག་པ་གཞན་གྱི་དབང་ལམ་སྒོམ་ཞིང་སྒྲིབ་པ་མ་སྤང་པར་རྣམ་པར་དག་པ་མི་ཐོབ་པ་ལྟ་བུ་དང་། མཉམ་དུ་བྱུང་བ་གཞན་དབང་ནི་འགྲན་ཟླ་མེད་པའི་ལས་བསགས་པས་ན་འཇིག་རྟེན་གྱི་ཁམས་གཅིག་ཏུ་སངས་རྒྱས་གཉིས་དང་འཁོར་ལོས་བསྒྱུར་བ་གཉིས་ལྷན་ཅིག་མི་འབྱུང་བ་ལྟ་བུ་དང་། དབང་བྱེད་པ་གཞན་དབང་བུད་མེད་ཀྱི་རྟེན་ལ་འཁོར་ལོ་རིན་པོ་ཆེ་སོགས་བདུན་ལ་དབང་བྱེད་མི་ནུས་པ་ལྟ་བུ་དང་། འཐོབ་པ་གཞན་དབང་བུད་མེད་ཀྱི་རྟེན་ལ་རང་སངས་རྒྱས་དང་སངས་རྒྱས་ཉིད་མི་ཐོབ་པ་ལྟ་བུའོ། །ཀུན་ཏུ་སྤྱོད་པ་གཞན་དབང་ནི་འཕགས་པས་སྲོག་གཅོད་པ་སོགས་ཀུན་ཏུ་མི་སྤྱོད་པ་ལྟ་བུའོ། །དེ་ལྟར་ལས་དང་ཉོན་མོངས་དང་ཚེའི་གཞན་དབང་གསུམ་གྱིས་བསྡུས་པའི་བདུན་པོ་འདི་གཞན་དབང་ཉིད་ཀྱི་དོན་ཏེ། དཔེར་ན་མི་དགེའི་ལས་ཀྱིས་ངན་འགྲོར་འགྲོ་བ་གནས་ཡོད་པ་ཡིན་ཞིང་། དེས་བདེ་འགྲོར་འགྲོ་བ་གནས་མེད་ཅིང་སྐབས་མེད་པའོ། །


MR04_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་མི་འདོད་གཞན་དབང་ཞེས་བྱ་སྟེ། ངན་འགྲོར་འགྲོ་བ་སུས་ཀྱང་མི་འདོད་མོད་ཀྱི་རྒྱུ་མི་དགེའི་ལས་སྔོན་སོང་གི་གཞན་དབང་ཅན་ཡིན་ཏེ་རང་གི་འདོད་པས་བཟློག་ཏུ་མེད་དོ། །དེ་བཞིན་དུ་དགེ་བའི་ལས་ཀྱིས་བདེ་འགྲོར་འགྲོ་བ་གནས་ཡོད་ལ། ངན་འགྲོར་འགྲོ་བ་གནས་མེད་པས་འདོད་པའི་བདེ་འགྲོ་ཐོབ་པ་དེ་ཡང་དགེ་བའི་ལས་སྔོན་སོང་ལ་རགས་ལས་པའི་གཞན་དབང་ཅན་ཡིན་ཏེ། རང་གི་འདོད་པས་འཇུག་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སྒྲིབ་པ་སྤངས་པ་ལས་རྣམ་དག་ཐོབ་པ་དང་། མ་སྤངས་ན་མི་ཐོབ་པ་སོགས་ལྷག་མ་རྣམས་ལའང་སོ་སོའི་གནས་ཡོད་སྐབས་ཡོད་དང་། གནས་མེད་སྐབས་མེད་ཀྱི་ཚུལ་ཤེས་པར་བྱས་ནས་དེས་མཚོན་ཏེ་ཆོས་ཐམས་ཅད་ཀྱི་དངོས་པོའི་ཆོས་ཉིད་རང་གི་ཚུལ་ཇི་ལྟ་བུ་ཡིན་པ་ལ་སྐྱེས་བུའི་རང་འདོད་ཀྱིས་བཅོས་སུ་མེད་པར་ཤེས་ནས་ཆོས་གང་ལ་གང་ཞིག་གནས་ཡོད་པ་ཡིན་པ་དང་། གང་ལ་གང་གནས་མིན་ཞིང་སྐབས་མིན་པའི་དགག་སྒྲུབ་ཀྱི་ཚུལ་ལ་མཁས་པར་བྱའོ། །དྲུག་པ། འཛིན་དང་གནས་དང་སོགས་ཀྱིས་བསྟན་ཏེ། དེ་ཡང་བྲམ་ཟེ་རང་བཞིན་ཉན་གྱིས་ཞུས་པའི་དབང་དུ་མཛད་ནས་དབང་པོ་ཉེར་གཉིས་སུ་གསུངས་ཏེ། མིག་དབང་སོགས་དབང་པོ་གཟུགས་ཅན་པ་ལྔ་དང་། ཡིད་དབང་དང་། སྲོག་གི་དབང་པོ་དང་། ཕོ་དབང་དང་། མོ་དབང་དང་། ཚོར་བ་བདེ་བ་


MR04_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡིད་བདེ་བ་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། བཏང་སྙོམས་ཀྱི་དབང་པོ་ལྔ་དང་། དད་པའི་དབང་པོ་སོགས་དབང་པོ་ལྔ་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཀུན་ཤེས་པའི་དབང་པོ། ཀུན་ཤེས་ལྡན་པའི་དབང་པོ་གསུམ་སྟེ་དེ་ལྟར་ཉེར་གཉིས་སོ། །དེ་ལ་ཀུན་ཤེས་བྱེད་པའི་དབང་པོ་ནི། མཐོང་ལམ་པའི་རྒྱུད་ཀྱི་ཡིད་དང་དད་སོགས་ལྔ་དང་། ཚོར་བདེ་ཡིད་བདེ་བཏང་སྙོམས་ཀྱི་དབང་པོ་དགུ་པོ་དེ་ལ་མིང་དེ་ལྟར་བརྗོད་ཅིང་། དེ་བཞིན་དུ་སྒོམ་ལམ་པའི་རྒྱུད་ཀྱི་དེ་དགུ་ལ་ཀུན་ཤེས་པའི་དབང་པོ་དང་། མི་སློབ་པའི་ལམ་གྱི་རྒྱུད་ཀྱི་དེ་དགུ་ལ་ཀུན་ཤེས་ལྡན་པའི་དབང་པོ་ཞེས་བརྗོད་པ་ཡིན་ནོ། །དེ་དག་གིས་གང་ལ་དབང་བྱེད་ཟེར་ན། མིག་དབང་ནས་ཡིད་དབང་གི་བར་གྱི་དྲུག་པོ་དེས་གཟུགས་ལ་སོགས་པ་རང་ཡུལ་དེ་དག་འཛིན་པ་ལ་དབང་བྱེད་དོ། །སྲོག་གི་དབང་པོས་རིས་མཐུན་པར་གནས་པ་ལ་དབང་བྱེད། ཕོ་མོའི་དབང་པོས་མངལ་ནས་སྐྱེ་བ་རྒྱུན་མི་འཆད་པ་ལ་དབང་བྱེད། ཚོར་བ་བདེ་སོགས་ལྔ་པོས་དགེ་སྡིག་གི་འབྲས་བུ་ལ་ལོངས་སྤྱོད་པ་ལ་དབང་བྱེད་པ་དང་། དད་སོགས་ལྔ་དང་ཀུན་ཤེས་བྱེད་སོགས་གསུམ་གྱིས་དག་པ་རྣམ་པ་གཉིས་ལ་དབང་བྱེད་པ་ཉིད་དེ། ཇི་ལྟར་ན་དད་སོགས་དབང་པོ་ལྔས་འཇིག་རྟེན་པའི་རྣམ་པར་དག་པ་ལ་དབང་བྱེད་པ་དང་། ཀུན་ཤེས་བྱེད་པ་སོགས་


MR04_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་གསུམ་གྱིས་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ལ་དབང་བྱེད་དོ། །དེ་ལྟར་དབང་བྱེད་པའི་ཕྱིར་ན་ཉེར་གཉིས་པོ་འདི་ལ་དབང་པོ་ཞེས་གསུངས་སོ། །བདུན་པ། འབྲས་བུ་རྒྱུ་རྣམས་སོགས་ཀྱིས་བསྟན་ཏེ། དུས་ཞེས་པ་ནི་དངོས་པོ་གང་ཞིག་སྐྱེ་འགག་བྱེད་པའི་ཆ་ལས་བཏགས་པ་སྟེ། ཇི་ལྟར་ན་དངོས་པོ་རྣམས་རྒྱུ་དང་ལྡན་པ་ཉིད་ཀྱི་ཕྱིར་ན་ཆོས་གང་ཞིག་འབྲས་བུ་སྤྱད་ཟིན་པ་དེ་ནི་འདས་པ་སྟེ་ལོངས་སྤྱད་པའམ་རང་ཉིད་གྲུབ་ཟིན་ནས་ད་ལྟ་འགག་པ་ཡིན་ཏེ། འབྲས་བུ་སྤྱད་ཟིན་ན་དེའི་རྒྱུ་སྔོན་དུ་འགགས་པ་དོན་གྱིས་ཤེས་སོ། །དེས་ན་རང་གི་རྒྱུ་ལས་དངོས་པོ་དེ་སྔར་གྲུབ་པ་ཡིན་ཀྱང་ད་ལྟ་མེད་པ་ལ་འདས་པ་ཞེས་བྱའོ། །རྒྱུ་རྣམས་སྤྱད་ཟིན་ལ་འབྲས་བུ་མ་སྤྱད་པ་དེ་ནི་ད་ལྟ་བ་ཞེས་བྱ་སྟེ། གང་གིས་ན་རྒྱུའི་ཚོགས་པ་ཚང་ནས་འགགས་པར་གྱུར་པའི་དབང་གིས་འབྲས་བུ་དེ་ད་ལྟ་ཡོད་པ་ཡིན་ཞིང་འབྲས་བུའི་དུས་ན་རྒྱུ་ཡོད་པར་མི་རིགས་ལ། འབྲས་བུ་ཉིད་འགག་པར་མ་གྱུར་པའི་ཆ་ནས་ད་ལྟ་བ་ཞེས་བྱའོ། །དེ་བཞིན་དུ་རྒྱུ་འབྲས་གཉིས་ཀ་མ་སྤྱད་པ་སྟེ་མངོན་དུ་མ་གྱུར་པ་ནི་མ་འོངས་པ་ཞེས་བྱ་སྟེ། མ་འོངས་པ་ན་འབྲས་བུའི་ཆོས་དེ་མངོན་དུ་གྲུབ་པའི་རྒྱུ་ཡོད་ཀྱང་ད་ལྟ་ཚོགས་པ་མ་ཚང་ཞིང་དངོས་རྒྱུ་ནུས་པ་ཐོགས་མེད་དུ་མ་གྱུར་པས་ན་རྒྱུ་སྤྱད་མ་ཟིན་པ་ཞེས་བྱ་སྟེ་རྒྱུ་སྤྱད་ཟིན་ན་འབྲས་བུ་དེ་མ་ཐག་ཏུ་ཡོད་དགོས་ལ། རྒྱུ་ཡང་མ་སྤྱད་ན་


MR04_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ལྟ་ཅི་སྨོས་པའི་ཕྱིར་རོ། །དེས་ན་ཚུལ་འདིས་ཕྲ་བ་སྐད་ཅིག་གི་དུས་གསུམ་དང་རགས་པ་རྒྱུན་གྱི་སྟེང་གི་དུས་གསུམ་པོའི་ཐ་སྙད་གང་ལྟར་བྱས་ཀྱང་དེ་ལྟར་དུ་ཤེས་པར་བྱའོ། །དེ་ལྟར་རྣམ་པ་གསུམ་གྱིས་བསྡུས་པའི་དུས་ཞེས་བྱ་བ་དེ་ལ་དུས་མཐའི་སྐད་ཅིག་ནས་བརྩམས་ཏེ་བསྐལ་བ་ཆེན་པོ་ལ་སོགས་པའི་བར་དུ་བཏགས་པས་ན། དུས་ཀྱི་ཆ་ནི་སྐད་ཅིག་གི་ཕྲེང་བ་ཡིན་ནའང་། དུས་ཀྱི་ཆ་དུ་མ་ལ་ད་ལྟའི་བསྐལ་བ་ཞེས་གཅིག་ཏུ་འཇོག་པ་སོགས་ཐ་སྙད་ཀྱི་དབང་གིས་རྣམ་གཞག་སྣ་ཚོགས་སུ་བྱེད་པ་ཤེས་པར་བྱའོ། །བརྒྱད་པ། ཚོར་བ་རྒྱུ་དང་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། དངོས་པོའི་ཆོས་ཉིད་ཇི་ལྟ་བ་འཕགས་པ་རྣམས་ཀྱིས་གཟིགས་པའི་ངོར་བདེན་ཞིང་མི་བསླུ་བའི་དོན་ལ་བདེན་པ་ཞེས་བྱ་བ། དེ་ལ་དབྱེ་ན་ཀུན་བྱང་གི་རྒྱུ་འབྲས་ལས་ཕྱེ་བའི་བདེན་པ་རྣམ་པ་བཞིའོ། །དེ་གང་ཞེ་ན། ཟག་བཅས་ཀྱི་ཚོར་བ་གང་ཞིག་སྡུག་བསྔལ་གསུམ་དང་ཅི་རིགས་པར་ལྡན་པ་དང་དེའི་རྒྱུའམ་གཞི་ཉིད་དུ་གྱུར་པ་ཕུང་པོ་ལྔས་བསྡུས་པའི་དོན་ཅན་གྱི་ཆོས་རྣམས་ནི་སྡུག་བསྔལ་གྱི་བདེན་པའོ། །སྡུག་བསྔལ་དེ་ཡི་རྒྱུ་ནི་འཁོར་བའི་ཡང་སྲིད་ཀུན་ནས་འབྱུང་བའམ་སྒྲུབ་པར་བྱེད་པ་དེ་ཡིན་ཏེ། གང་ཞེ་ན། ལས་དང་ཉོན་མོངས་པ་ཡིན་ལ། དེ་ལ་ཀུན་འབྱུང་བའི་བདེན་པ་ཞེས་བྱའོ། །སྡུག་བསྔལ་དང་ཀུན་འབྱུང་དེ་གཉིས་གཏན་དུ་ཞི་བ་ནི་འགོག་པའི་བདེན་པ་


MR04_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཟག་པ་དང་བཅས་པའི་ཆོས་དེ་དག་ཟད་པར་བྱེད་པའི་གཉེན་པོའི་དོན་དང་ལྡན་པའི་ཕྱིར་ན་ལམ་གྱི་བདེན་པ་ཞེས་བྱ་སྟེ། བདག་མེད་རྟོགས་པའི་ཤེས་རབ་འཁོར་དང་བཅས་པའོ། །དགུ་བ། ཡོན་ཏན་སྐྱོན་དང་སོགས་ཀྱིས་བསྟན་ཏེ། དེ་ལ་ཐེག་པ་ཞེས་བྱ་བ་ནི། ཡཱ་ནའི་སྒྲ་ལས་དྲངས་ན་བཞོན་པ་སོགས་ཀྱི་དོན་ལ་འཇུག་སྟེ་ལམ་གང་ཡིན་པ་དེ་ལ་གང་ཟག་གང་ཞིག་ཞུགས་པའམ་ཞོན་ན། དེ་ཉིད་ཀྱིས་གང་འདོད་པ་འབྲས་བུའི་ཕྱོགས་སུ་འདེགས་ཤིང་ཕྱིན་པར་བྱེད་པས་ན་ཐེག་པ་ཞེས་བྱའོ། །དེ་ལ་ལམ་གང་ཡིན་པ་དེ་ཉིད་ལ་འདིས་འདེགས་པ་རྒྱུའི་ཐེག་པ་དང་། དེས་ཐོབ་བྱའི་འབྲས་བུ་ལ་འདིར་འདེགས་པ་འབྲས་བུའི་ཐེག་པ་ཞེས་བྱ་བའི་ཐ་སྙད་མཛད་དོ། །དེ་ལྟ་བུའི་ཐེག་པ་དེ་ལ་འཇིག་རྟེན་པའི་ཐེག་པ་དང་། འཇིག་རྟེན་ལས་འདས་པའི་ཐེག་པའི་དབྱེ་སྒོས་རྣམ་གྲངས་དུ་མར་ཡོད་ཀྱང་སྐབས་འདིར་རྣམ་པར་གྲོལ་བ་ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་དང་། དེ་ཡང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་ལ། དེ་དག་གི་ཁྱད་པར་བཤད་ན། མྱ་ངན་ལས་འདས་པའི་ཡོན་ཏན་དང་། འཁོར་བའི་སྐྱོན་དང་འདི་གཉིས་སློབ་དཔོན་གཞན་ལས་ཐོས་ཤིང་དེ་ཡི་རང་བཞིན་ཤེས་པའི་སྒོ་ནས་རང་འབྲས་འཁོར་བའི་སྡུག་བསྔལ་ཞི་བའི་ས་ལ་ངེས་པར་འབྱུང་བའི་ཕྱིར་ན་ཉན་ཐོས་ཀྱི་ཐེག་པ་ཞེས་བྱའོ། །འཁོར་འདས་ཀྱི་སྐྱོན་ཡོན་དེ་དག་སློབ་དཔོན་


MR04_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མ་བལྟོས་པར་བདག་གིས་ནི་མངོན་དུ་ཤེས་པས་ཞི་བའི་ས་ལ་ངེས་པར་འབྱུང་བ་རང་སངས་རྒྱས་ཀྱི་ཐེག་པ་ཞེས་བྱའོ། །འཁོར་འདས་ལ་སྐྱོན་དང་ཡོན་ཏན་ཐ་དད་པ་རྣམ་པར་མི་རྟོག་པར་མཉམ་པ་ཉིད་དུ་ཤེས་ནས། སྲིད་ཞིར་མི་གནས་པའི་མྱང་འདས་ཆེན་པོར་ངེས་པར་འབྱུང་བ་ཐེག་པ་ཆེན་པོ་ཞེས་བྱ་སྟེ། དེ་ཡང་ཕྱིའི་ཡོངས་འཛིན་དགེ་བའི་བཤེས་གཉེན་གཞན་དང་། ནང་གི་ཡོངས་འཛིན་བདག་གི་རྒྱུད་ཀྱི་ཐབས་ཤེས་ཟབ་མོ་ཟུང་དུ་འབྲེལ་བ་སྟེ་གཉིས་པོ་དེ་ཡི་མཐུ་ལས་དེ་ལྟ་བུར་གྱུར་པ་ཡིན་པར་རིག་པར་བྱའོ་ཞེས་སོ། །བཅུ་བ། བཏགས་པ་རྒྱུར་བཅས་སོགས་ཀྱིས་བསྟན་ཏེ། མིང་ཚིག་ཡི་གེའི་སྒོ་ནས་བཏགས་པ་དང་བཅས་པའི་ཀུན་རྫོབ་ཀྱི་ཆོས་གང་ཞིག་རྒྱུར་བཅས་ཞེས། རྒྱུ་ནི་ཀུན་གཞིའི་རྣམ་ཤེས་ཉིད་དེ་དེ་ལ་བག་ཆགས་སྣ་ཚོགས་བསགས་པ་ཉིད་ཀྱི་ཁམས་ལས་སྣང་བ་ཐམས་ཅད་བྱུང་བའོ། །རྒྱུ་མཚན་དང་བཅས་པ་ཞེས་མིང་གདགས་པའི་གཞིའམ་རྒྱུ་མཚན་ཕྱི་ནང་གི་སྣང་བ་རྣམས་ཏེ། གང་ཞེ་ན། ཕྱི་ཡུལ་གྱི་ཆར་བསྡུས་པ་གནས་སྣོད་ཀྱི་འཇིག་རྟེན་རི་གླིང་སོགས་སུ་སྣང་བ་དང་། ལུས་སུ་སྣང་བ་སེམས་ཅན་སོ་སོའི་ལུས་དང་ལོངས་སྤྱོད་དུ་སྣང་བ་གཟུགས་ལ་སོགས་པ་དང་། ནང་འཛིན་པའི་ཆར་བསྡུས་པ། ཉོན་མོངས་པའི་ཡིད་དང་། རྣམ་ཤེས་ཚོགས་ལྔ་དང་རྣམ་པར་རྟོག་པ་ཞེས་ཡིད་ཀྱི་རྣམ་ཤེས་དང་བཅས་པའི་ཚོགས་བདུན་པོ་དག་སྟེ། དེ་ལྟར་ཕྱི་ནང་


MR04_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྣང་བ་འདི་ཐམས་ཅད་ཀུན་གཞི་རྣམ་སྨིན་གྱི་ཆའོ། །འདི་ཐམས་ཅད་ནི་ལས་ཉོན་གྱི་རྒྱུ་ལས་འདུས་བྱས་ཤིང་མི་རྟག་པའི་ཕྱིར་ན་འདུས་བྱས་ཞེས་བྱའོ། །རབ་ཏུ་ཞི་བ་འགོག་པ་དང་། དོན་ནི་ལམ་གྱིས་དམིགས་ཡུལ་དེ་བཞིན་ཉིད་དང་བཅས་པ་འདི་དག་འདུས་མ་བྱས་པའོ། །དེ་བཞིན་ཉིད་ཀྱི་ཡུལ་ཅན་ལམ་དེ་ཡང་ཞི་བར་བྱེད་པས་ན་ཞི་བར་གཏོགས་ཤིང་ལས་ཉོན་གྱིས་འདུས་མ་བྱས་པའི་ཆ་ནས་འདུས་མ་བྱས་པའི་ཐ་སྙད་བཏགས་པ་ལ་འགལ་བ་མེད་ཀྱང་། ལམ་རང་གི་ངོ་བོ་སྐྱེ་འགག་དང་བཅས་པས་ན་འདུས་མ་བྱས་མཚན་ཉིད་པར་མི་བཞག་གོ །འདུས་བྱས་འདུས་མ་བྱས་ལ་མཁས་པ་འདི་ནི་མཁས་བྱའི་གནས་བཅུའི་ནང་གི་ཐ་མ་ཉིད་དུ་བཤད་པ་ཡིན་ནོ། །བཤད་ཚུལ་དེ་ལྟར་ན། དོན་བཅས་ཞེས་པ་དེ་བཞིན་ཉིད་དང་། རབ་ཞི་འགོག་པ་འབྲས་བུ་མི་སློབ་ལམ་གྱི་ཆར་བསྡུ་ན། ཆོས་ལྔ་ལ་ཤེས་བྱ་ཐམས་ཅད་བསྡུས་ནས་དེའི་སྟེང་ནས་འདུས་བྱས་འདུས་མ་བྱས་ཀྱི་ཁྱད་པར་ཕྱེ་སྟེ་འཇོག་ཚུལ་ལྟ་བུ་ཞིག་ཏུ་འགྲོ་བ་ནི་སྤྱི་དང་ཁྱད་པར་སེམས་ཙམ་གྱི་ལུགས་ལ་མཛེས་ཤིང་ཐུན་མོང་སྤྱིར་ནི། བཏགས་པ་དང་བཅས་ཤིང་རྒྱུར་བཅས་པའི་རྒྱུ་མཚན་གྱིས་རབ་ཏུ་ཕྱེ་བ་སྟེ། ཀུན་ཏུ་བཏགས་པའི་གཞིར་གྱུར་པ་དང་བཅས་ཤིང་། གཞན་དབང་གི་རྒྱུ་ལས་སྐྱེ་བ་དང་བཅས་པའམ། རྒྱུ་ལས་སྐྱེས་པ་སྐྱེ་འགག་དང་བཅས་པ་ཐམས་ཅད་འདུས་བྱས་དང་།


MR04_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་བཅས་དང་རྒྱུ་རྐྱེན་ལས་སྐྱེ་བ་དང་འགག་པ་དེ་དག་རབ་ཏུ་ཞི་བ་གང་ཞིག་དོན་དང་བཅས་པ་སྟེ་གཏན་མེད་རི་བོང་གི་རྭ་ལ་སོགས་པ་ལྟ་བུ་མ་ཡིན་པ་ཡོངས་གྲུབ་དེ་བཞིན་ཉིད་ལྟ་བུ་ནི་འདུས་མ་བྱས་པའོ། །ཞེས་བཤད་ཀྱང་དོན་གྱི་འགལ་བ་མ་མཐོང་ངོ་། །དབུས་མཐའ་རྣམ་འབྱེད་ཀྱི་དེ་ཁོ་ན་ཉིད་ཀྱི་ལེའུའི་འགྲེལ་པའི་སྐབས་སོ། །གཉིས་པ་ཉམས་སུ་ལེན་པ་ལ། ལམ་གྱི་ཆོས་དང་། ལམ་གྱི་གནས་སྐབས་དང་། ལམ་གྱི་འབྲས་བུའོ། །དང་པོ་ལ། ལམ་ལྔ་ལ་བྱང་ཕྱོགས་ཀྱི་ཆོས་སོ་བདུན་རྣམ་པར་བཞག་པ་དང་། དེ་དག་གནས་སྐབས་གསུམ་དུ་དབྱེ་བ་དང་། བྱང་ཆུབ་སེམས་དཔའི་ལམ་གྱི་ཁྱད་པར་བཤད་པའོ། །དང་པོ་ལ་ཚོགས་ལམ་ཆུང་ངུར་དྲན་པ་ཉེ་བར་བཞག་པ་བཞི་བཤད་པ། འབྲིང་བོར་ཡང་དག་སྤོང་པ་བཞི། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི། སྦྱོར་ལམ་དྲོད་རྩེ་གཉིས་སུ་དབང་པོ་ལྔ། བཟོད་པ་ཆོས་མཆོག་གཉིས་སུ་སྟོབས་ལྔ། མཐོང་ལམ་དུ་བྱང་ཆུབ་ཡན་ལག་བདུན། སྒོམ་ལམ་དུ་འཕགས་ལམ་བརྒྱད་བཤད་པའོ། །དང་པོ། གནས་ངན་ལེན་ཕྱིར་སོགས་ཀྱིས་བསྟན་ཏེ། ལུས་ནི་གནས་ངན་ལེན་གྱི་གཞི་སྟེ། ཇི་ལྟར་ན་ཟག་པ་དང་བཅས་པའི་འདུ་བྱེད་པ་ནི་གནས་ངན་ལེན་ཞེས་བྱ་ལ། རྣམ་སྨིན་སྡུག་བསྔལ་གྱི་རང་བཞིན་ཅན་གྱི་ལུས་དེའི་དོན་ལ་དྲན་པ་ཉེ་བར་བཞག་པས་ནི་སྡུག་བསྔལ་གྱི་བདེན་


MR04_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འཇུག་གོ །ཚོར་བ་ནི་ཀུན་འབྱུང་གི་གཙོ་བོ་སྲེད་པའི་རྒྱུ་ཡིན་པའི་ཕྱིར་དེ་ལ་ཡོངས་སུ་བཏགས་པས་ཀུན་འབྱུང་གི་བདེན་པ་ལ་འཇུག་གོ །སེམས་ནི་བདག་ཏུ་ལྟ་བའི་གཞི་མཐར་ཐུག་པ་ཡིན་པས་དེ་ལ་བརྟགས་པས་འགོག་བདེན་ལ་འཇུག་སྟེ་བདག་མེད་པ་རྣམ་རིག་ཙམ་གྱི་དོན་ཁོང་དུ་ཆུད་པའི་སྒོ་ནས་བདག་ཆད་ཀྱིས་དོགས་པའི་སྐྲག་པ་མེད་པར་འགོག་པ་ལ་འཇུག་གོ །ཆོས་ཐམས་ཅད་ལ་རྣམ་པར་བརྟག་པའི་ཀུན་ཉོན་དང་རྣམ་བྱང་གི་ཆོས་ལ་རྨོངས་པ་མེད་པའི་ཕྱིར་ལམ་བདེན་ལ་འཇུག་སྟེ། དེ་ལྟར་ན་བདེན་པ་བཞི་ལ་འཇུག་པར་བྱ་བའི་ཕྱིར་ཐོག་མར་དྲན་པ་ཉེ་བར་བཞག་པ་བཞི་སྒོམ་པ་རྣམ་པར་བཞག་གོ །གཉིས་པ། མི་མཐུན་ཕྱོགས་དང་སོགས་ཀྱིས་བསྟན་ཏེ། དེ་ལྟར་དྲན་པ་ཉེ་བར་བཞག་པ་བསྒོམས་པས་སྤང་བྱ་མི་མཐུན་ཕྱོགས་དང་སྤོང་བྱེད་གཉེན་པོ་རྣམས་རྣམ་པ་ཐམས་ཅད་དུ་ཡོངས་སུ་ཤེས་ན། མི་མཐུན་པའི་ཕྱོགས་དེ་དག་སྤོང་བའི་ཕྱིར་དུ་གཉེན་པོ་བསྐྱེད་པའི་བརྩོན་འགྲུས་ནི་རྣམ་པ་བཞི་དག་རབ་ཏུ་འབྱུང་སྟེ། མི་དགེ་བའི་ཆོས་སྐྱེས་པ་སྤོང་བའི་ཕྱིར་བརྩོན་པ་དང་། མ་སྐྱེས་པ་མི་སྐྱེ་བའི་བརྩོན་པ་དང་། དགེ་བའི་ཆོས་མ་སྐྱེས་པ་སྐྱེ་བའི་ཕྱིར་བརྩོན་པ་དང་། སྐྱེས་པ་མི་ཉམས་པའི་ཕྱིར་བརྩོན་པ་དང་བཞིའོ། །གསུམ་པ་ལ། དགོས་པ་དང་བཅས་ཏེ་རྫུ་འཕྲུལ་རྐང་པ་བསྐྱེད་ཚུལ་མདོར་བསྟན། དེ་དག་གི་དོན་རྒྱས་པར་བཤད་པའོ། །


MR04_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ། དེར་གནས་ལས་སུ་རུང་སོགས་ཀྱིས་བསྟན་ཏེ། དེ་ལྟར་བརྩོན་འགྲུས་བརྩམས་པའི་སྒོ་ནས་ཡུལ་དེར་རྩེ་གཅིག་ཏུ་གནས་ནས་སེམས་ལས་སུ་རུང་བ་ཉིད་དུ་གྱུར་པས་ནི། མངོན་ཤེས་སོགས་ཀྱི་དོན་ཐམས་ཅད་འབྱོར་བར་འགྱུར་རོ། །དེ་ལྟ་བུར་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་དེ་ཡང་ཉེས་པ་ལྔ་སྤོང་བར་བྱེད་པའི་འདུ་བྱེད་བརྒྱད་བརྟེན་པའི་རྒྱུ་ལས་བྱུང་བའོ། །གཉིས་པ་ལ། སྤང་བྱ་ཉེས་པ་ལྔ། གཉེན་པོ་འདུ་བྱེད་བརྒྱད་བརྟེན་པའོ། །དང་པོ། ལེ་ལོ་དང་ནི་སོགས་ཀྱིས་བསྟན་ཏེ། ཏིང་འཛིན་གྲུབ་པ་ལ་གེགས་བྱེད་པའི་ཉེས་པ་ལྔ་པོ་དེ་གང་ཞེ་ན། ལེ་ལོའི་དབང་གིས་བརྩོན་པ་ལ་མི་འཇུག་པ་དང་། ཏིང་ངེ་འཛིན་གྱི་གདམས་ངག་རྣམས་བརྗེད་པ་དང་གཉིས་ནི་ཏིང་ངེ་འཛིན་གྱི་སྦྱོར་བ་ལ་སྒྲིབ་བོ། །ཏིང་ངེ་འཛིན་གྱི་དངོས་གཞི་ལ་སྒྲིབ་པ་ནི་ནང་དུ་རྨུགས་ཏེ་བྱིང་བ་དང་། ཕྱི་རོལ་ཏུ་རྟོག་པ་སྣ་ཚོགས་འཕྲོ་བའི་རྒོད་པ་དེ་གཉིས་གཅིག་ཏུ་བརྩིས་པའོ། །ཏིང་ངེ་འཛིན་ལ་འཇུག་པའི་ཚེ་བྱིང་རྒོད་སོགས་བྱུང་བ་ན་སོ་སོའི་གཉེན་པོ་ཚུལ་བཞིན་འདུ་བྱེད་དགོས་པ་ཡིན་ལ། དེ་ལྟར་འདུ་མི་བྱེད་པ་ནི་སྒྲིབ་པའོ། །གཉེན་པོ་དེས་བྱིང་རྒོད་ཞི་བ་ན་ད་དུང་ཡང་འདུ་བྱེད་ཆེས་ན་དེ་ཉིད་ཆོས་གཡོ་བའི་ཕྱིར། དེ་ལྟར་ན་ཕྱི་མ་འདི་གཉིས་ནི་ཏིང་ངེ་འཛིན་གོང་ནས་གོང་དུ་ཁྱད་པར་དུ་བྱེད་པ་ལ་སྒྲིབ་པ་ཡིན་ནོ། །དེ་ལྟར་ན་ལེ་ལོ་ལ་སོགས་པ་འདི་དག་


MR04_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཉེས་པ་ལྔར་འདོད་དོ། །གཉིས་པ། གནས་དང་དེ་ལ་སོགས་ཀྱིས་བསྟན་ཏེ། ལེ་ལོ་སྤང་པའི་གཉེན་པོ་བཞི་ནི། དད་པ་འདུན་པ་རྩོལ་བ་ཤིན་སྦྱང་བཞི་ཡིན་ཏེ། ཤིན་སྦྱང་གྲུབ་ན་ལེ་ལོ་མི་འབྱུང་ལ། ཤིན་སྦྱང་དེ་ནི་རྩོལ་བས་འགྲུབ་ཅིང་། རྩོལ་བ་ནི་ཏིང་ངེ་འཛིན་ལ་འདུན་པའི་སྒོ་ནས་འགྲུབ་ལ། འདུན་པ་སྐྱེ་བ་ནི་ཐོག་མར་དེ་ལ་ཡིད་ཆེས་ཤིང་དད་པས་སོ། །དེས་ན་རྩོལ་བའི་གནས་ནི་ཏིང་འཛིན་དེ་མངོན་པར་འདོད་པའི་འདུན་པ་དང་། འདུན་པ་དེ་ལ་གནས་པ་རྩོལ་བ་དང་། འདུན་པའི་རྒྱུ་དད་པ་དང་། རྩོལ་བའི་འབྲས་བུ་ཤིན་ཏུ་སྦྱང་བ་ཉིད་དུ་གྱུར་པའོ། །དེས་ན་དེ་བཞིས་ལེ་ལོ་སྤོང་ངོ་། །དེ་བཞིན་དུ་ཉེས་པ་གཞན་བཞིའི་གཉེན་པོ་ནི་གོ་རིམ་བཞིན་དུ་དྲན་པ་ཤེས་བཞིན་སེམས་པ་བཏང་སྙོམས་བཞི་སྟེ། དྲན་པས་གདམས་ངག་གི་དམིགས་པ་བརྗེད་པར་མ་གྱུར་པ་དང་། ཤེས་བཞིན་གྱིས་བྱིང་པ་དང་རྒོད་པ་བྱུང་བ་ཤེས་ཤིང་རྟོགས་པ་དང་། སེམས་པས་བྱིང་རྒོད་ཀྱི་ཉེས་པ་དེ་སྤོང་བའི་གཉེན་པོ་མངོན་པར་འདུ་བྱེད་པ་དང་། བཏང་སྙོམས་ཀྱིས་བྱིང་རྒོད་ཞི་ཚེ་རང་བབ་ཀྱིས་རྣལ་དུ་འཇུག་པའོ། །བཞི་བ་ཐར་བའི་ཆ་དང་སོགས་ཀྱིས་བསྟན་ཏེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སེམས་ལས་སུ་རུང་བ་དང་། ཐར་བའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པར་བྱས་ནས་དད་པས་བདེན་བཞི་བླང་དོར་ལ་འདུན་པ་ལ་


MR04_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བྱེད་པ་དང་། བརྩོན་པས་སྦྱོར་བ་ཉམས་ལེན་ལ་དབང་བྱེད་པ་དང་། འདིར་དབང་བྱེད་ཅེས་པ་འདི་ཚིགས་བཅད་ཀྱི་དབུས་སུ་བྱུང་བ་ནི་བར་གྱི་གསལ་བྱེད་ཅེས་བྱ་སྟེ། ཐོག་མཐའ་ཀུན་ལའང་དབང་བྱེད་ཅེས་སྦྱར་བར་བྱ་དགོས་པ་ཤེས་པར་བྱའོ། །དྲན་པས་དམིགས་པ་བརྗེད་པར་མ་གྱུར་བ་དང་། ཏིང་ངེ་འཛིན་གྱིས་སེམས་གཞན་དུ་མི་འཕྲོ་བ་དང་། ཤེས་རབ་ཀྱིས་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་དབང་བྱེད་པ་སྟེ། དེ་ལྟར་དབང་པོ་ལྔས་རྣམ་བྱང་གི་ཆོས་འདྲེན་པར་བྱེད་དོ། །ལྔ་བ་ལ། དངོས་དང་སྦྱོར་ལམ་དང་དབང་སྟོབས་སྦྱར་ཚུལ་གྱིས་མཇུག་བསྡུ་བ་གཉིས། དང་པོ། མི་མཐུན་ཕྱོགས་ནི་སྲ་བ་སོགས་ཀྱིས་བསྟན་ཏེ། དད་པ་སོགས་ལྔ་བོ་དེའི་རང་རང་གི་མི་མཐུན་ཕྱོགས་མ་དད་པ་དང་ལེ་ལོ་དང་བརྗེད་ངེས་དང་རྣམ་གཡེང་དང་རྨོངས་པའམ་ཤེས་འཆལ་རྣམས་ནི་སྲབ་པ་སྟེ་ཉམས་པར་གྱུར་པའི་ཕྱིར་ན། དད་སོགས་ལྔ་བོ་སྟོབས་དང་ལྡན་ཏེ་མི་མཐུན་ཕྱོགས་ཀྱིས་བརྫི་མི་ནུས་པས་ན་དད་པའི་སྟོབས་སོགས་སུ་བརྗོད་དེ། དེ་ལྟར་དབང་སྟོབས་དེ་དག་ཀྱང་སྔ་མ་སྔ་མའི་འབྲས་བུ་ཕྱི་མ་ཕྱི་མ་ཡིན་ཏེ། དད་པའི་དབང་གིས་བརྩོན་པ་དང་། དེའི་དབང་གིས་དྲན་པ་དང་། དེ་ལས་ཏིང་ངེ་འཛིན་དང་སེམས་མཉམ་པར་བཞག་པས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་བར་དུའོ། །གཉིས་པ། དབང་པོ་རྣམས་དང་


MR04_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་བསྟན་ཏེ། དབང་པོ་ལྔ་བོ་རྣམས་དང་། སྟོབས་ལྔ་བོ་རྣམས་ཀྱི་གནས་སྐབས་ལ་ངེས་འབྱེད་ཆ་མཐུན་ཏེ་སྦྱོར་ལམ་བཞི་བོ་གཉིས་གཉིས་སུ་འཇོག་པར་བྱ་སྟེ། ཇི་ལྟར་ན་དྲོད་དང་རྩེ་མོ་གཉིས་ཀྱི་དུས་ན་དབང་པོ་ལྔ་དང་། བཟོད་པ་ཆོས་མཆོག་གཉིས་ཀྱི་ཚེ་ན་སྟོབས་ལྔ་ཡོད་པ་ཤེས་པར་བྱའོ། །དྲུག་པ། རང་བཞིན་ཡན་ལག་སོགས་ཀྱིས་བསྟན་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་ནི། དྲན་པ་དང་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་དང་བདུན་ནོ། །དེ་ལ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ནི་རང་བཞིན་གྱི་ཡན་ལག་ཅེས་བྱ་སྟེ། ཆོས་ཉིད་ཀྱི་བདེན་པ་མཐོང་བའི་ཤེས་རབ་ནི་མཐོང་ལམ་གྱི་ངོ་བོ་ཡིན་ལ། དེའི་ཕྱིར་བྱང་ཆུབ་ཀྱི་ངོ་བོའམ་རང་བཞིན་ཞེས་བྱའོ། །དྲན་པ་ནི་བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་སྟེ་ཡོན་ཏན་གྱི་གནས་སུ་གྱུར་པའོ། །གསུམ་པ། བརྩོན་འགྲུས་ནི་མི་མཐུན་ཕྱོགས་ལས་འདའ་བར་བྱེད་པའི་ཕྱིར་ངེས་འབྱུང་གི་ཡན་ལག་དང་། བཞི་བ། དགའ་བ་ཕན་ཡོན་གྱི་ཡན་ལག་ཡིན་ཏེ་ལམ་དེ་དག་ལས་ཐོབ་པའི་ཡོན་ཏན་ནོ། །ཤིན་སྦྱངས། ཏིང་འཛིན། བཏང་སྙོམས་རྣམ་པ་གསུམ་ནི་ཉོན་མོངས་མེད་པའི་ཡན་ལག་སྟེ། དེ་ཡང་འདི་གསུམ་ལ་ཤིན་སྦྱངས་ཉོན་མོངས་མེད་


MR04_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞི་དང་། ཏིང་ངེ་འཛིན་ཉོན་མོངས་མེད་པའི་གནས་དང་། བཏང་སྙོམས་ཉོན་མོངས་མེད་པའི་ངོ་བོ་ཉིད་དུ་བསྟན་པ་ཡིན་ནོ། །བདུན་པ། ཡོངས་སུ་གཅོད་དང་སོགས་ཀྱིས་བསྟན་ཏེ། འདི་ལྟར་ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་ཏེ་འཕགས་པའི་ལམ་ཡན་ལག་བརྒྱད་དུ་གསུངས་པ་དེ་དག་ལས་ཡང་དག་པའི་ལྟ་བ་ནི་དོན་ཇི་ལྟ་བ་བཞིན་དུ་ཡོངས་སུ་གཅོད་པར་བྱེད་པའི་བདག་ཉིད་དེ་མཐོང་བའི་ལམ་གྱིས་ཆོས་ཉིད་མངོན་སུམ་མཐོང་བའི་རྗེས་ལས་ཐོབ་པའི་ཤེས་རབ་དྲི་མ་མེད་པ་ཡིན་པའི་ཕྱིར་ངེས་པར་ཤེས་པའི་ཚུལ་གྱིས་རྟོགས་པའི་དོན་དེ་ཁོ་ན་ཉིད་འཛིན་པའམ་ཡོངས་སུ་གཅོད་པའོ། །ཡང་དག་པའི་རྟོག་པ་དང་ངག་གཉིས་ནི་གཞན་ལ་གོ་བར་བྱེད་པ་སྟེ། རང་ཉིད་ཀྱིས་ཇི་ལྟར་ཁོང་དུ་ཆུད་པའི་དོན་རྣམས་སྟོན་པའི་ཀུན་སློང་ལ་རྟོག་པ་དང་། དེས་ཀུན་ནས་བསླངས་ཏེ་ངག་ཏུ་བརྗོད་པ་ནི་ངག་ཡིན་ལ། དེ་ཡང་དྲི་མ་མེད་པའི་ཡང་དག་པ་ཅན་ནོ། །ངག་ལས་མཐའ་འཚོ་བ་རྣམ་པ་གསུམ་ནི། གཞན་ཡིད་ཆེས་པར་བྱེད་པ་སྟེ་ཇི་ལྟར་ན་ཡང་དག་པའི་ངག་གིས་ལྟ་བ་རྣམ་པར་དག་པ་གཞན་ལ་རིག་པར་བྱེད་ཅིང་གཞན་ཡིད་ཆེས་པར་བྱེད་པ་དང་། ཡང་དག་པའི་ལས་ཀྱི་མཐའ་ནི། སྡིག་ཏོ་མི་དགེ་བའི་ཆོས་ཀུན་ཏུ་མི་སྤྱོད་པ་ཆོས་


MR04_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་ཐོབ་པའི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཡིན་པས་དེས་ཚུལ་ཁྲིམས་རྣམ་པར་དག་པ་གཞན་ལ་རེག་པར་བྱེད་ཅིང་ཡིད་ཆེས་པར་བྱེད། ཡང་དག་པའི་འཚོ་བ་ནི་འཕགས་པ་རྣམས་ལོག་པའི་འཚོ་བ་ཁ་གསགས་སོགས་དང་རྣམ་པ་ཐམས་ཅད་དུ་བྲལ་བ་ཡིན་པས། དེས་ཡོ་བྱད་བསྙུང་བ་དང་ལྡན་པ་གཞན་ལ་རིག་པར་བྱེད་ཅིང་ཡིད་ཆེས་པར་བྱེད་པ་ཉིད་དུ་འདོད་དོ། །རྩོལ་བ་དང་ཏིང་ངེ་འཛིན་དང་དྲན་པ་གསུམ་ནི་ལམ་གྱི་མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི་གྱུར་པ་སྟེ། ཇི་ལྟར་ན་རྩོལ་བས་སྒོམ་སྤང་གི་ཉོན་མོངས་པ་རྣམས་སྤོང་བ་དང་། དྲན་པས་ཉེ་བའི་ཉོན་མོངས་པ་བྱིང་རྒོད་སྤོང་སྟེ། ཞི་གནས་སོགས་ཀྱི་རྒྱུ་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་འཇོག་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི་ཡོན་ཏན་ཁྱད་པར་ཅན་ལ་དབང་འབྱོར་བའི་མི་མཐུན་ཕྱོགས་ཀྱི་གཉེན་པོར་གྱུར་པ་ཡིན་ཏེ། བསམ་གཏན་ལ་གནས་ནས་མངོན་ཤེས་སོགས་ཀྱི་ཡོན་ཏན་བསྒྲུབ་པའི་ཕྱིར་རོ། །དེས་ན་འཕགས་པའི་ལམ་གྱི་ཡན་ལག་ནི་ལྟ་བ་སོགས་དེ་རྣམ་པ་བརྒྱད་དོ། །གཉིས་པ་གནས་སྐབས་གསུམ་དུ་དབྱེ་བ་ནི། རྗེས་སུ་མཐུན་པ་སོགས་ཀྱིས་བསྟན་ཏེ། ལམ་ཐམས་ཅད་གནས་སྐབས་རྣམ་པ་གསུམ་གྱིས་བསྡུས་ཏེ། ཚོགས་སྦྱོར་བས་དྲན་ཉེ་སོགས་ཀྱི་སྒོ་ནས་ལམ་བསྒོམ་པ་ནི། ཐོས་བསམ་གྱིས་དེ་ཁོ་ན་ཉིད་དང་རྗེས་སུ་མཐུན་པར་


MR04_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་བས་ཕྱིན་ཅི་མ་ལོག་ལ། བདག་མེད་པའི་དོན་སྤྱི་ལ་བདག་མེད་ཀྱི་རང་མཚན་དུ་ཞེན་པས་ཕྱིན་ཅི་ལོག་དང་ལྡན་པའི་གནས་སྐབས་སོ། །མཐོང་སྒོམ་གྱི་སྐབས་སུ་ཕྱིན་ཅི་ལོག་གི་སྒྲིབ་པ་རྗེས་སུ་འབྲེལ་བ་དང་བཅས་པ་ཡིན་ནའང་བདག་མེད་ཀྱི་དོན་མངོན་སུམ་མཐོང་བས་ཕྱིན་ཅི་ལོག་ལས་བཟློག་པའང་ཡིན་ནོ། །སྒོམ་པ་མཐར་ཕྱིན་པ་མི་སློབ་ལམ་ནི་ཆོས་ཉིད་ཀྱི་ངོ་བོ་ཕྱིན་ཅི་མ་ལོག་པར་གཟིགས་པ་དང་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པས་ན། ཕྱིན་ཅི་ལོག་རྗེས་སུ་འབྲེལ་བ་མེད་པར་བསྒོམ་པའོ། །གསུམ་པ། བྱང་ཆུབ་སེམས་དཔའ་སོགས་ཀྱིས་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་དྲན་ཉེ་སོགས་སྒོམ་པ་ནི། ཁྱད་པར་གསུམ་གྱིས་འཕགས་ཏེ་གང་ཞེ་ན། དམིགས་པ་རང་གཞན་གཉིས་ཀའི་རྒྱུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་ཁྱབ་པར་དམིགས་ནས་བདག་མེད་གཉིས་ཀྱི་རང་བཞིན་དུ་ལྟ་བས་རྒྱ་ཆེ་བ་དང་། ཉན་རང་གི་ནི་རང་གི་རྒྱུད་ཀྱི་ཆོས་གཙོ་བོར་བྱས་ནས་གང་ཟག་གི་བདག་མེད་པ་ཙམ་ལ་དམིགས་པས་རྒྱ་ཆུང་བའོ། །ཡིད་ལ་བྱེད་པ་ནི་ཉན་རང་གིས་མི་རྟག་སོགས་ཀྱི་མཚན་མར་ཡིད་ལ་བྱེད་ཅིང་། བྱང་ཆུབ་སེམས་དཔས་རྟག་མི་རྟག་སོགས་སྒྲོ་སྐུར་ཐམས་ཅད་དང་བྲལ་ཏེ་མི་དམིགས་པའི་ཚུལ་ཀྱིས་ཡིད་ལ་བྱེད་དོ། །འབྲས་བུ་ཐོབ་ཚུལ་ཡང་ཉན་རང་རྣམས་ལུས་མི་གཙང་སོགས་དང་འབྲལ་ཞིང་དམན་པའི་མྱང་འདས་ཐོབ་ལ། བྱང་སེམས་རྣམས་


MR04_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སོགས་དང་འབྲལ་མི་འབྲལ་གཉིས་ཀྱི་ཕྱིར་མ་ཡིན་པར་མི་གནས་པའི་མྱང་འདས་ཐོབ་བོའི་ཕྱིར་བསྒོམས་པས་ན་བྱང་སེམས་ཀྱི་སྒོམ་པ་དེ་ནི་དེ་ལྟར་ཁྱད་པར་དུ་འཕགས་སོ། །གཉིས་པ་ལམ་གྱི་གནས་སྐབས་ལ། གནས་སྐབས་དགུར་བཞག་པ་དང་། གསུམ་དུ་བཞག་པ་གཉིས། དང་པོ་ལ་དངོས་དང་། དེའི་རྣམ་གཞག་བསྟན་པ་གཉིས། དང་པོ། རྒྱུ་ཡི་གནས་དང་སོགས་ཀྱིས་བསྟན་ཏེ། ལམ་གྱི་གནས་སྐབས་ལ་རྣམ་པ་དགུས་བཤད་དེ། རྒྱུའི་གནས་ནི་རིགས་ལ་གནས་པའི་གང་ཟག་དང་། ཞུགས་པ་ཐེག་པ་གསུམ་དུ་སེམས་བསྐྱེད་པའི་གནས་སྐབས་དང་། སྦྱོར་བ་ཞེས་པ་སེམས་བསྐྱེད་ནས་ས་དང་པོ་མ་ཐོབ་བར་དུ་དང་། འབྲས་བུ་ཉིད་བརྗོད་པ་ས་དང་པོ་ཐོབ་པ་དང་། ལམ་ལ་འབད་རྩོལ་གྱི་བྱ་བ་དང་བཅས་པ་ས་གཉིས་པ་ནས་ས་བདུན་པའི་བར་དང་། འབད་རྩོལ་གྱི་བྱ་བ་མེད་པའམ་མི་སློབ་པ་ས་བརྒྱད་པ་དང་། སོ་སོ་ཡང་དག་རིག་པ་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པ་ས་དགུ་བ་དང་། དེ་བཞིན་དུ་ནི་སློབ་པའི་ས་ཀུན་ལས་བླ་མ་ཉིད་དུ་གྱུར་པ་ས་བཅུ་པ་དང་། བླ་ན་མེད་པ་མི་སློབ་ལམ་སངས་རྒྱས་ཉིད་ཀྱི་ས་ཏེ་དེ་ལྟར་རྣམ་པ་དགུའོ། །གཉིས་པ། མོས་པ་དང་ནི་སོགས་ཀྱིས་བསྟན་ཏེ། དེ་ལ་གོང་དུ་བཤད་པ་དེ་ལས་གཞན་པའི་རྣམ་གྲངས་ཀྱང་རིགས་དང་ཞུགས་པ་དང་སྦྱོར་བས་བསྡུས་པ་ཚོགས་སྤྱོད་ཀྱི་


MR04_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་གནས་པ་ནི། མོས་པས་སྤྱོད་པའི་གནས་སྐབས་ཞེས་བྱ་བ་དང་། འདས་པའི་ལམ་ལ་དངོས་སུ་འཇུག་པ་ས་དང་པོ་དང་། གཉིས་པ་ནས་བདུན་པའི་བར་དུ་འབད་པའི་སྒོ་ནས་སྤོང་བྱ་ལས་ངེས་པར་འབྱུང་བ་དང་། ས་བརྒྱད་པར་ལུང་བསྟན་ཐོབ་པ་དང་། དགུ་བར་ཡང་དག་རིག་པ་བཞིས་གདུལ་བྱ་ལ་ཆོས་བརྗོད་པ་དང་། ས་བཅུ་བར་འོད་ཟེར་ཆེན་པོས་དབང་བསྐུར་བ་དང་། སངས་རྒྱས་ཀྱི་ས་ལ་ཕྱིན་པ་ཆོས་ཀྱི་སྐུ་དང་། ཕན་ཡོན་ཆེན་པོ་དང་ལྡན་པ་ལོངས་སྐུ་དང་། གདུལ་བྱའི་དོན་གྱི་བྱ་བ་བསྒྲུབ་པ་སྤྲུལ་བའི་སྐུ་དང་གསུམ་གྱི་དབྱེ་བ་བྱས་ནས་དེ་ལྟར་གནས་སྐབས་ཀྱི་རྣམ་གྲངས་དགུར་ཡང་བསྟན་པའོ། །གཉིས་པ། ཆོས་ཀྱི་དབྱིངས་ལ་སོགས་ཀྱིས་བསྟན་ཏེ། ཆོས་ཀྱི་དབྱིངས་ལ་གནས་པའི་གང་ཟག་གི་གནས་སྐབས་རྣམ་པ་གསུམ་སྟེ། དྲི་མས་མ་དག་པ་སེམས་ཅན་གྱི་གནས་སྐབས་དང་། སྒྲིབ་པ་མཐའ་དག་མ་དག་ལ་ཅི་རིགས་དག་པ་བྱང་ཆུབ་སེམས་དཔའི་གནས་སྐབས་དང་། ཤིན་ཏུ་རྣམ་པར་དག་པ་སངས་རྒྱས་ཀྱི་གནས་སྐབས་ཏེ་རྣམ་པ་གསུམ་པོ་འདི་ནི་སྣང་ཚུལ་གྱི་ངོས་ནས་ཐ་སྙད་ཇི་ལྟར་རིགས་པར་སྦྱར་བ་སྟེ། ཇི་ལྟར་ན་གོང་དུ་བཤད་པའི་གནས་སྐབས་དགུ་ཚན་གཉིས་པོ་འདི་ལས་ཇི་ལྟར་འོས་འོས་སུ་གང་ཟག་གསུམ་པོའམ། གནས་སྐབས་གསུམ་པོ་རྣམ་པར་བཞག་པར་འདོད་དེ། རྒྱུ་དང་ཞུགས་པ་སྦྱོར་བ་མོས་པའི་གནས་སྐབས་


MR04_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པ་ནི་མ་དག་པ་སེམས་ཅན་གྱི་གནས་སྐབས་སོ། །འབྲས་བུ་ནས་བླ་མའི་བར་ལྔ་དང་། འཇུག་པ་ནས་དབང་བསྐུར་བའི་བར་གྱི་ལྔ་སྟེ་བཅུ་བོ་དེ་ལ་གནས་པ་ནི་དག་མ་དག་གཉིས་ལྡན་གྱི་གནས་སྐབས་སུ་གྱུར་པ་བྱང་ཆུབ་སེམས་དཔའི་སས་བསྡུས་པའོ། །དེའི་ལྷག་མ་བླ་མེད་དང་ཕྱིན་པ་ལ་སོགས་པ་གསུམ་སྟེ་བཞི་ནི་མི་སློབ་པ་སངས་རྒྱས་ཀྱི་སས་བསྡུས་པ་ཤིན་ཏུ་རྣམ་དག་གི་གནས་སྐབས་སོ། །དེ་ལ་བྱ་མེད་ཅེས་པ་འདི་ལ་མི་སློབ་པ་ཞེས་དང་། བླ་མ་ཞེས་པ་འདི་ལ་ཉན་ཐོས་ལ་སོགས་པའི་སར་ཞུགས་པའི་བྱང་ཆུབ་སེམས་དཔའོ་ཞེས་དབྱིག་གཉེན་གྱིས་གསུངས་པའི་དོན། བློ་བརྟན་གྱིས་མི་སློབ་པ་སངས་རྒྱས་ཀྱི་ས་དང་། ཉན་ཐོས་སོགས་ལས་བདག་མེད་གཉིས་ཀ་རྫོགས་པར་རྟོགས་པས་ཐེག་ཆེན་འཕགས་པའི་སར་ཞུགས་པ་ཞེས་འགྲེལ་བར་མཛད་པ་ལྟར་ན། བླ་མེད་སངས་རྒྱས་ཀྱི་སར་ཡར་སྦྱར་བ་དང་། བླ་མ་ས་བཅུ་བ་ལ་མི་སྦྱར་བར་སྤྱིར་སྦྱར་བར་མཛད་དོ། །དེ་ལྟར་ན་ས་བཅུ་བ་དང་བརྒྱད་པའི་གནས་སྐབས་དམིགས་བསལ་ཏེ་མ་བསྟན་པ་དང་། མི་སློབ་པ་དང་བླ་ན་མེད་པ་ཟློས་པ་དང་། དགུ་ཚན་སྔ་ཕྱིའི་ཁྱད་པར་གོ་རིམ་བཞིན་དུ་མི་འབྱོར་བ་དང་། སར་ཞུགས་པའི་གནས་སྐབས་ཀྱང་གོང་མ་རྣམས་དང་དོན་གྱིས་ཟློས་པ་སོགས་བཤད་ཚུལ་ཅུང་མི་བདེ་འདྲ་བས།


MR04_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིག་འགྲེལ་དུ་གསུངས་པའི་མི་སློབ་པ་ནི་ལམ་ལ་སློབ་པའི་འབད་རྩོལ་མེད་པའི་དོན་ཡིན་གྱི་སངས་རྒྱས་ཀྱི་ས་མ་ཡིན་ལ། ཉན་རང་ལས་འཕགས་པའི་སར་ཞུགས་པ་ཞེས་པ་ཉན་རང་སོགས་དང་། སློབ་པའི་བྱང་སེམས་ས་དགུ་པ་མན་ཆད་ཀྱི་བླ་མར་གྱུར་པའི་ས་བཅུ་བ་ལ་ཞུགས་པ་ཞེས་པའི་དོན་ཡིན་ནའང་འགལ་བ་མེད་པར་མ་ཟད། དགུ་ཚན་སྔ་ཕྱིའི་གོ་རིམ་འབྱོར་བ་དང་། གོང་འོག་གི་དོན་ཐམས་ཅད་མ་འཁྲུགས་པར་གོ་བའི་གནད་ལེགས་པོ་ཡོད་པའི་ཕྱིར་འདི་ལྟར་བཤད་པ་ནི་རང་ཁོ་ནས་སྨྲས་པ་ལས་གཞན་ལས་དེ་ལྟར་མ་མཐོང་བས་སླར་ཡང་བློ་ལྡན་རྣམས་ཀྱིས་དཔྱད་པར་འཚལ་ལོ། །གསུམ་པ་ལམ་གྱི་འབྲས་བུ་ལ། འབྲས་བུ་ལྔ་སྤྱིར་བསྟན། ལམ་གྱི་ངོས་ནས་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ། སྣོད་གྱུར་རྣམ་པར་སོགས་ཀྱིས་བསྟན་ཏེ། ལམ་གྱི་འབྲས་བུ་ཐམས་ཅད་སྤྱིར་བསྡོམས་ན་རྣམ་པ་ལྔར་འདུ་སྟེ། དགེ་བ་སྤྱད་པའི་འབྲས་བུ་སྐྱེ་ཞིང་སྐྱེ་བ་རྣམས་སུ་དགེ་བའི་སྣོད་དུ་གྱུར་པའི་རྟེན་ཐོབ་པ་ནི་རྣམ་པར་སྨིན་པའི་འབྲས་བུར་བརྗོད་པ་ཡིན་ཏེ། གང་དགེ་བའི་སྣོད་དུ་གྱུར་པ་མི་ཁོམ་པ་བརྒྱད་དང་བྲལ་བའི་ལུས་རྟེན་བཟང་པོ་རྙེད་པ་དང་། ཡིད་དགེ་བ་ལ་འཇུག་པ་ནི། དགེ་བའི་ཆོས་རྣམས་སྐྱེ་བའི་སྒོ་འམ་སྣོད་ལྟ་བུ་ཡིན་ལ། དེ་དགེ་བ་སྔ་མའི་རྣམ་པར་སྨིན་པའི་འབྲས་


MR04_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཡིན་ནོ། །སྣོད་དུ་གྱུར་པ་དེའི་དབང་གིས་དག་པ་སྒྲུབ་པ་ལ་སྟོབས་དང་ལྡན་པ་བདག་པོའི་འབྲས་བུ་དང་ནི། དགེ་བ་ཡང་ནས་ཡང་དུ་བྱེད་པར་འདོད་པ་རྒྱུ་མཐུན་གྱི་འབྲས་བུ་དང་། ཚེ་འདིར་དགེ་བ་སྔ་མ་གོམས་པའི་མཐུ་ལས་སྔར་མེད་པ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་སྐྱེས་བུ་བྱེད་པའི་འབྲས་བུ་དང་། མི་མཐུན་ཕྱོགས་རྣམ་པར་དག་པ་བྲལ་བའི་འབྲས་བུ་སྟེ། དེ་ལྟར་བཤད་མ་ཐག་པ་དེ་དག་ནི་ལམ་གྱི་འབྲས་བུ་ཡིན་ལ། དེ་ཡང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་འགྱུར་བའི་ཚུལ་གྱིས་གོ་རིམ་བཞིན་ཡིན་ནོ། །གཉིས་པ་ནི། ཕྱི་མ་ཕྱི་མ་སོགས་ཀྱིས་བསྟན་ཏེ། རིགས་ལ་བརྟེན་ནས་སེམས་བསྐྱེད་པ་སོགས་འབྱུང་བས་སྔ་མ་སྔ་མ་རྒྱུ་དང་ཕྱི་མ་ཕྱི་མ་འབྲས་བུ་ཡིན་པ་དང་། ཐོག་མ་ནི་མཐོང་ལམ་སྟེ་འཇིག་རྟེན་ལས་འདས་པའི་ལམ་དང་པོར་གྱུར་པ་གང་ཡིན་པ་དེ་དང་། མཐོང་ཟིན་དེ་གོམས་པར་བྱེད་པ་སྒོམ་ལམ་དང་། གོམས་པ་ཡོངས་སུ་རྫོགས་པ་མཐར་ཕྱིན་ལམ་སྟེ། དེ་ལྟར་ན་མོས་སྤྱོད་ཀྱི་ལམ་དང་། འཇིག་རྟེན་ལས་འདས་པའི་ལམ་གསུམ་སྟེ་དེ་བཞིར་ལམ་གྱི་འབྲས་བུ་ཐམས་ཅད་འདུའོ། །དེ་ཡང་ཕྱི་མ་ཕྱི་མ་ནི་རྗེས་སུ་མཐུན་པའི་འབྲས་བུ་ཞེས་བྱ་སྟེ། སྔ་མ་སྔ་མ་དང་ཆོས་མཐུན་པའམ་དེ་བཞིན་ཉིད་ལ་མཐུན་པར་འཇུག་པའི་ཕྱིར་རོ། །


MR04_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལམ་ལ་ནི་མི་མཐུན་ཕྱོགས་སུ་གྱུར་པའི་འབྲས་བུ་ཞེས་བྱ་སྟེ། མཐོང་བས་སྤང་བར་བྱ་བའི་ཉོན་མོངས་རྣམས་ཀྱི་མི་མཐུན་ཕྱོགས་ཡིན་པའི་ཕྱིར་རོ། །གོམས་པར་བྱས་པ་དང་རྫོགས་པ་གཉིས་ལ་བྲལ་བའི་འབྲས་བུ་ཞེས་བྱ་སྟེ་རང་སའི་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །ཡང་མངོན་ཤེས་སོགས་ཡོན་ཏན་ཁྱད་པར་ཅན་ཐོབ་པ་ལ་ཁྱད་པར་གྱི་འབྲས་བུ་ཞེས་དང་། བྱང་ཆུབ་སེམས་དཔའི་ས་ལ་བླ་མ་ཉིད་དུ་གྱུར་པའི་འབྲས་བུ་ཞེས་བྱ་སྟེ་ཉན་རང་ལས་བླ་མར་གྱུར་པའི་ཕྱིར་རོ། །སངས་རྒྱས་ཀྱི་ས་ལ་བླ་ན་མེད་པའི་འབྲས་བུ་ཞེས་བྱ་སྟེ། དེ་ལྟར་ན་འབྲས་བུའི་རྣམ་གྲངས་བསྟན་པ་འདི་ནི་གོང་དུ་བཤད་པ་སྣོད་དུ་གྱུར་པ་སོགས་ཀྱི་རྣམ་གྲངས་ལས་གཞན་ཏེ། གོང་འོག་ཏུ་བཤད་པའི་འབྲས་བུའི་རྣམ་གྲངས་འདི་དག་གིས་ལམ་མཐའ་དག་གི་འབྲས་བུ་མདོར་བསྡུས་ཏེ་སྤྱི་རིགས་ནས་བསྟན་པ་ཡིན་ལ། རྒྱས་པར་ཐེག་པ་གསུམ་སོ་སོའི་འབྲས་བུའི་དབྱེ་བ་བྱས་ན་ཚད་མེད་པ་ཡོད་དོ། །དབུས་མཐའ་རྣམ་འབྱེད་ཀྱི་གཉེན་པོ་བསྒོམ་པའི་ལེའུའི་འགྲེལ་བའོ།། །།གཉིས་པ་ཐུན་མིན་ཐེག་པ་ཆེན་པོའི་ལམ་བཤད་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། བླ་མེད་ཉིད་ནི་སོགས་ཀྱིས་བསྟན་ཏེ། ཐེག་པ་བླ་ན་མེད་པ་ཉིད་ནི་འདི་ལྟར་སྒྲུབ་པ་བླ་ན་མེད་པ་དང་།


MR04_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་བླ་ན་མེད་པ་དང་ནི། ཡང་དག་པར་འགྲུབ་པ་བླ་ན་མེད་པ་དང་གསུམ་གྱི་སྒོ་ནས་དོན་མདོར་བསྟན་པ་ཡིན་པར་འདོད་པའོ། །གཉིས་པ་ལ། སྒྲུབ་པ་བླ་མེད། དམིགས་པ་བླ་མེད། ཡང་དག་འགྲུབ་པ་བླ་མེད་གསུམ་གྱི་དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། སྒྲུབ་པ་དག་ནི་སོགས་ཀྱིས་བསྟན་ཏེ། སྒྲུབ་པ་བླ་ན་མེད་པ་དག་ནི་རྣམ་པ་དྲུག་སྟེ། དེ་ཡང་བསྒྲུབ་བྱ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་པོ་དེ་དག་ལའོ། །སྒྲུབ་པ་དྲུག་གང་ཞེ་ན། དམ་པའི་སྒྲུབ་པ་དང་། ཡིད་བྱེད་ཀྱི་སྒྲུབ་པ་དང་། རྗེས་སུ་མཐུན་པའི་ཆོས་ཀྱི་སྒྲུབ་པ་དང་། མཐའ་གཉིས་སྤང་བའི་སྒྲུབ་པ་དང་། ཁྱད་པར་ཅན་དང་ཁྱད་པར་མེད་པའི་སྒྲུབ་པའོ། །གཉིས་པ་ལ། གོང་གི་རིམ་པ་དང་མཚུངས་པར་ལྔ་ལས། དང་པོ། དམ་པའི་སྒྲུབ་པ་ལ། སྒྲུབ་ཚུལ་དམ་པ་བཅུ་གཉིས། བསྒྲུབ་བྱ་ཕར་ཕྱིན་བཅུའོ། །དང་པོ། དམ་པ་བཅུ་གཉིས་སོགས་ཀྱིས་བསྟན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ལམ་ཕར་ཕྱིན་ལ་འཇུག་ཅིང་སྒྲུབ་པ་ནི་ཉན་རང་གི་ལམ་ལས་ཁྱད་པར་དུ་འཕགས་ཏེ་དམ་པའི་སྒྲུབ་པ་སོགས་ཀྱི་སྒོ་ནས་སོ། །དེ་ལ་དམ་པ་ཞེས་པ་ཅི་ལྟ་བུ་ཞེ་ན་རྣམ་པ་བཅུ་གཉིས་ཀྱི་བདག་ཉིད་དོ། །གང་ཞེ་ན་རྒྱ་ཆེ་བ་དམ་པ་འཇིག་རྟེན་གྱི་ཕུན་ཚོགས་


MR04_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདོད་པར་འཇིག་རྟེན་ལས་འདས་པའི་ཡོན་ཏན་རྒྱ་ཆེ་བ་ལ་འཇུག་པ་དང་། ཡུན་རིང་བ་དམ་པ་བསྐལ་བ་གྲངས་མེད་གསུམ་དུ་བརྩོན་འགྲུས་རྩོམ་པ་དང་། ཆེད་དུ་བྱ་བ་དམ་པ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསྒྲུབ་པ་དང་། མི་ཟད་པ་དམ་པ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོས་པས་ཕུང་པོ་ལྷག་མེད་དུ་ཡང་མི་ཟད་པར་བྱེད་པ་དང་། རྒྱུན་མི་འཆད་པ་དམ་པ་བདག་གཞན་མཉམ་པ་ཉིད་དུ་མོས་པས་དགེ་བ་རྒྱུན་མི་འཆད་པར་རྫོགས་པར་བྱེད་པ་དང་། ཚེགས་མེད་པ་དམ་པ་ནི་རྗེས་སུ་ཡི་རང་སོགས་ཐབས་མཁས་ཀྱིས་སྦྱིན་སོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། དབང་འབྱོར་བ་དམ་པ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པའི་སྒོ་ནས་སྦྱིན་སོགས་ཕར་ཕྱིན་རྣམས་ཇི་ལྟར་འདོད་པར་ཡོངས་སུ་རྫོགས་པར་བྱེད་པ་དང་། ཡོངས་སུ་བཟུང་བ་དམ་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སྦྱིན་སོགས་དེ་དག་ཡོངས་སུ་བཟུང་བ་དང་། དེ་བརྒྱད་ཀྱི་སྒོ་ནས་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གྱིས་ཕར་ཕྱིན་སྒྲུབ་ཚུལ་ཁྱད་པར་འཕགས་པ་ཡིན་ལ། ཚུལ་དེ་ལྟ་བུ་དང་ལྡན་པའི་སྒྲུབ་པ་དེ་དག་ས་མཚམས་ཀྱིས་དབྱེ་ན་རྩོམ་པ་དམ་པ་ཚོགས་སྦྱོར་དུ་སྟོང་ཉིད་ལ་བཟོད་པ་ཆེར་འཕེལ་བར་བྱེད་པ་དང་། འཐོབ་པ་དམ་པ་ས་དང་པོར་འཇིག་རྟེན་ལས་འདས་པའི་ལམ་གསར་དུ་ཐོབ་པ་དང་། རྒྱུ་མཐུན་པ་དམ་པ་ས་གཉིས་པ་ནས་དགུ་བའི་བར་དུ་


MR04_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་དྲུག་གི་རྒྱུ་མཐུན་རིམ་གྱིས་འབྱུང་བ་དང་། འགྲུབ་པ་དམ་པ་ནི་ས་བཅུ་བ་ལ་བྱང་སེམས་མཐར་ཐུག་པ་དང་། བཅུ་གཅིག་པ་དེ་བཞིན་གཤེགས་པའི་ས་ལ་སངས་རྒྱས་འགྲུབ་པར་འདོད་པ་ཡིན་ནོ། །གཉིས་པ་བསྒྲུབ་བྱ་ཕར་ཕྱིན་བཤད་པ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། དེ་ཕྱིར་དམ་པའི་སོགས་ཀྱིས་བསྟན་ཏེ། བཤད་མ་ཐག་པའི་དམ་པ་ཅུ་གཉིས་ཀྱི་ཚུལ་དང་ལྡན་པ་དེ་ཕྱིར་དམ་པའམ་མཆོག་གི་དོན་གྱིས་ནི། ཕ་རོལ་ཏུ་ཕྱིན་པ་བཅུར་འདོད་དེ། ཚུ་རོལ་ཏེ་དམ་པ་མིན་པ་དམན་པའི་ས་ལས་འདས་པས་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བཤད་དོ། །གཉིས་པ་ལ། ངོ་བོ་དང་། བྱེད་ལས་གཉིས། དང་པོ། སྦྱིན་དང་ཚུལ་ཁྲིམས་སོགས་ཀྱིས་བསྟན་ཏེ། ཕ་རོལ་ཏུ་ཕྱིན་པ་བཅུ་བོ་དེ་གང་ཞེ་ན། མ་ཆགས་པར་གཏོང་བའི་སྦྱིན་པ་དང་། བླང་དོར་ལ་ཚུལ་བཞིན་འཇུག་པ་ལས་མི་འདའ་བའི་ཚུལ་ཁྲིམས་དང་། ཁོང་ཁྲོ་སོགས་མི་མཐུན་ཕྱོགས་ཀྱིས་མི་ཚུགས་ཤིང་རྒྱུད་ཡོངས་སུ་འཁྲུགས་པ་མེད་པའི་བཟོད་པ་དང་། དགེ་བའི་གནས་ལ་སྤྲོ་ཞིང་ཡང་ནས་ཡང་དུ་འཇུག་པའི་བརྩོན་འགྲུས་དང་། དམིགས་པའི་དངོས་པོ་ལ་སེམས་རྩེ་གཅིག་ཏུ་གནས་ཤིང་མི་གཡོ་བའི་བསམ་གཏན་དང་། ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང་། རང་གཞན་གྱི་དོན་ཆེན་པོ་བདེ་བླག་


MR04_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འགྲུབ་པར་བྱེད་པའི་ཐབས་མཁས་པ་དང་། དགེ་བའི་ཚོགས་རླབས་པོ་ཆེ་རྒྱུན་མི་འཆད་པར་སྡུད་པའི་སྨོན་ལམ་དང་། དགེ་རྩ་ཆུད་མི་ཟ་ཞིང་མི་མཐུན་ཕྱོགས་ཟིལ་གྱིས་གནོན་པའི་སྟོབས་དང་། ཐེག་པ་ཆེན་པོའི་དགོངས་དོན་རྣམ་པར་བཞག་པ་བཞིན་མཐར་ཐུག་གི་དོན་ཁོང་དུ་ཆུད་པའི་ཡེ་ཤེས་ཏེ། འདི་དག་ནི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །གཉིས་པ། ལས་ནི་རྗེས་སུ་སོགས་ཀྱིས་བསྟན་ཏེ། ཕར་ཕྱིན་བཅུ་བོ་དེའི་ལས་ནི་སྦྱིན་པས་སེམས་ཅན་ཚིམ་པར་བྱས་ཏེ་རྗེས་སུ་འཛིན་པར་བྱེད་པ་དང་། ཚུལ་ཁྲིམས་ཀྱིས་གཞན་ལ་གནོད་པ་མི་བྱེད་པ་སྟེ་གཞན་གནོད་གཞིར་བཅས་སྤོང་བ་དང་། བཟོད་པས་གནོད་པའི་ཡུལ་དེ་ལ་བཟོད་པ་དང་། བརྩོན་འགྲུས་ཀྱིས་ཡོན་ཏན་གོང་དུ་འཕེལ་བ་དང་། བསམ་གཏན་གྱི་མངོན་ཤེས་དང་རྫུ་འཕྲུལ་བསྟན་པ་སོགས་ཀྱིས་གཞན་བསྟན་པ་ལ་འཛུད་འཇུག་ནུས་པ་དང་། ཤེས་རབ་ཀྱི་ཆོས་བསྟན་པས་གཞན་རྣམ་པར་གྲོལ་བར་བྱེད་པ་དང་། བསྔོ་བ་སོགས་ཐབས་མཁས་ཀྱིས་དགེ་རྩ་མི་ཟད་པ་ཉིད་དུ་བྱེད་པ་དང་། སྨོན་ལམ་གྱིས་སྐྱེ་བ་ཡང་དག་པར་འཛིན་པ་དང་རྟེན་དེས་སྦྱིན་སོགས་ལ་རྟག་ཏུ་འཇུག་པར་བྱེད་པ་དང་། སྟོབས་ཀྱིས་མི་མཐུན་ཕྱོགས་ཟིལ་གྱིས་མནན་ནས་དགེ་རྩ་བྱང་ཆུབ་ཏུ་ངེས་པར་བྱེད་པ་དང་། ཡེ་ཤེས་ཀྱིས་སྦྱིན་སོགས་ཐེག་པ་ཆེན་པོའི་ལམ་ལ་རང་ཉིད་མ་ནོར་བར་


MR04_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་ཅིང་སེམས་ཅན་གཞན་ཚུལ་དེས་སྨིན་པར་བྱེད་པའོ། །གཉིས་པ་ཡིད་བྱེད་ལ་མདོར་བསྡུས་པ་ཤེས་རབ་གསུམ་གྱིས་ཡིད་ལ་བྱེད་ཚུལ་དང་། རྒྱས་པར་ཆོས་སྤྱོད་བཅུའི་ཚུལ་གྱིས་ཡིད་ལ་བྱེད་ཚུལ་གཉིས། དང་པོ་ལ། དངོས་དང་དེའི་བྱེད་ལས་གཉིས། དང་པོ། ཐེག་པ་ཆེན་པོར་སོགས་ཀྱིས་བསྟན་ཏེ། བྱང་ཆུབ་སེམས་དཔས་གང་ཞིག་ཡིད་ལ་བྱ་ན། ཐེག་པ་ཆེན་པོར་ཆོས་རྣམས་ཇི་ལྟ་བུར་བཏགས་པར་མཛད་པ་དེ་དག་གོ །དེ་ཡང་མདོ་སྡེ་དང་དབྱངས་ཀྱིས་བསྙད་པ་སོགས་ཐེག་པ་ཆེན་པོའི་གཞུང་ན། ཆོས་རྣམས་རྣམ་པར་བཞག་པའམ་བཏགས་པ་ནི། རྣམ་ཐར་སྒོ་གསུམ་དང་། ཕར་ཕྱིན་བཅུ་དང་། ས་བཅུ་ལམ་ལྔ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་པ་མང་པོ་བསྟན་པ་དེ་དག་ཇི་ལྟ་བུར་བསྟན་པ་དེ་བཞིན་དུ་མ་ནོར་བར་ཡིད་ལ་བྱེད་པའོ། །ཚུལ་ཇི་ལྟར་ན་དམིགས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་དོན་དེ་དག་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་དུས་རྟག་པར་ཡང་ཐོས་པ་དང་བསམ་པ་དང་སྒོམ་པའི་ཤེས་རབ་རྣམ་པ་གསུམ་གྱིས་ཡིད་ལ་བྱེད་པ་ཡིན་པར་ཤེས་པར་བྱའོ། །གཉིས་པ། ཁམས་བརྟས་བྱེད་དང་སོགས་ཀྱིས་བསྟན་ཏེ། དེ་ལྟར་ཐེག་པ་ཆེན་པོའི་དོན་དེ་ཉིད་ཐོས་པའི་ཤེས་རབ་ཀྱིས་ཡིད་ལ་བྱས་པས་རིགས་སམ་ཁམས་ཀྱི་ཡོན་ཏན་


MR04_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

བརྟས་པ་སྟེ་རྒྱས་པར་བྱེད་པ་དང་། བསམ་པའི་ཤེས་རབ་ཀྱིས་དེའི་དོན་ལ་བསམ་པ་ཐག་པས་འཇུག་པར་བྱེད་པ་དང་། བསྒོམ་པས་ཡིད་ལ་བྱེད་པ་དེ་ནི་རང་ལམ་གྱིས་དོན་དུ་གཉེར་བྱའི་དོན་རྣམས་ཡོངས་སུ་འགྲུབ་པར་འགྱུར་ཏེ། ས་ལ་ཞུགས་ནས་རིམ་གྱིས་མཐར་ཐུག་གི་འབྲས་བུ་འགྲུབ་པར་འགྱུར་རོ། །གཉིས་པ་ལ། མདོར་བསྟན་རྒྱས་བཤད་གཉིས། དང་པོ། དེ་ནི་ཆོས་སྤྱོད་སོགས་ཀྱིས་བསྟན་ཏེ། ཐེག་པ་ཆེན་པོའི་ཆོས་ཡིད་ལ་བྱེད་པ་དེ་ནི་རྒྱས་པར་ཕྱེ་ན་ཆོས་སྤྱོད་རྣམ་པ་བཅུ་དང་ཡང་དག་པ་ལྡན་པར་ཤེས་པར་བྱ་སྟེ། ཞེས་སོ། །གཉིས་པ་ལ། ཆོས་སྤྱོད་བཅུའི་ངོ་བོ་ཕན་ཡོན་བཅས་པ་བསྟན་པ་དང་། ཐེག་པ་ཆེན་པོའི་ཆོས་སྤྱོད་ཀྱི་ཕན་ཡོན་ཁྱད་པར་དུ་བཤད་པ་གཉིས། དང་པོ། ཡི་གེ་འབྲི་མཆོད་སོགས་ཀྱིས་བསྟན་ཏེ། དམ་པའི་ཆོས་ཉམས་སུ་ལེན་པའམ་སྤྱོད་པའི་ཚུལ་མཐའ་དག་བསྡུས་ནས་རྣམ་པ་བཅུར་གོང་དུ་བསྟན་པ་དེ་གང་ཞེ་ན། ཐེག་པ་ཆེ་ཆུང་གིས་བསྡུས་པའི་དམ་པའི་ཆོས་ཀྱི་རྟེན་ཡི་གེ་འབྲི་བ་དང་། ཆོས་དང་ཆོས་སྨྲ་བ་ལ་མཆོད་པ་དང་། ཆོས་སྨྲ་བ་དང་ཆོས་ཀྱི་ཆེད་དུ་སྦྱིན་པ་གཏོང་བ་དང་། ཆོས་ཀྱི་ཚིག་ལ་རྣ་བའི་དབང་པོས་ཉན་པ་དང་། ཆོས་ཀྱི་གླེགས་བམ་ཀློག་པ་དང་། རྗོད་བྱེད་ཀྱི་ཚིག་བློ་ལ་ལེན་པ་དང་། ཚིག་གི་དོན་གཞན་ལ་འཆད་པ་དང་། བློ་ལ་བླངས་


MR04_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་པ་ཁ་ཏོན་དུ་བྱེད་པ་དང་། ཆོས་ཀྱི་དོན་དེ་ཡིད་ལ་སེམས་པ་དང་། ཚུལ་བཞིན་དུ་རྩེ་གཅིག་པའི་ཡིད་ཀྱིས་སྒོམ་པར་བྱེད་པ་དང་བཅུ་པོ་འདིར་དམ་པའི་ཆོས་དང་འབྲེལ་བའི་བྱ་བ་མཐའ་དག་འདུ་བས་ན་ཆོས་སྤྱོད་བཅུ་ཞེས་གསུངས་ཤིང་། སྤྱོད་པ་དེ་བཅུའི་བདག་ཉིད་ནི་རེ་རེ་ལའང་བསོད་ནམས་ཕུང་པོ་དཔག་ཏུ་མེད་པ་ཡོད་དེ། དམ་པའི་ཆོས་ནི་ཕན་བདེ་མཐའ་དག་གི་འབྱུང་གནས་ཡིན་ཞིང་འཇིག་རྟེན་ལས་འདས་པའི་ལམ་ཡིན་པའི་ཕྱིར་ན་འདི་དང་འབྲེལ་བའི་བྱ་བ་ཐམས་ཅད་ཤིན་ཏུ་དོན་ཆེ་བའི་ཕྱིར། ཚིགས་སུ་བཅད་པ་གཅིག་འབྲི་བ་དང་ཐོས་པའི་ཕན་ཡོན་ཀྱང་འཇིག་རྟེན་པའི་དགེ་རྩ་ཀུན་ལས་འཕགས་པར་རྒྱ་ཆེར་བསྔགས་པ་ནི་མདོ་རྣམས་ལས་འབྱུང་བ་ལྟར་རོ། །གཉིས་པ་ཁྱད་པར་ཕྱིར་དང་སོགས་ཀྱིས་བསྟན་ཏེ། དེ་བཞིན་གཤེགས་པའི་མདོ་རྣམས་ལས་ཐེག་པ་ཆེན་པོའི་ཆོས་སྤྱོད་ཁོ་ན་ཁྱད་པར་དུ་བསྔགས་པ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོའི་ཆོས་ཡི་གེར་འབྲི་བ་སོགས་ཐེག་ཆེན་གྱི་ཆོས་སྤྱོད་བཅུ་ནི་ཐེག་དམན་གྱི་དེ་ལས་ཁྱད་པར་འཕགས་ཏེ། གང་གི་ཕྱིར་ན་ཐེག་པ་ཆེན་པོའི་ལམ་ནི་ཉན་ཐོས་ཀྱི་ལམ་ལས་ཁྱད་པར་འཕགས་པའི་ཕྱིར་དང་། སྐུ་དང་ཡེ་ཤེས་སོགས་ཕུང་པོ་ལྷག་མེད་ཀྱི་དབྱིངས་སུ་ཡང་མི་ཟད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་འབྲས་བུ་དང་ལྡན་པའི་ཕྱིར་ན་ལམ་དང་


MR04_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་དེ་ལྟ་བུ་སྟོན་པའི་ཆོས་ནི་ཁྱད་པར་དུ་འཕགས་པའི་ཕྱིར། དེ་འབྲི་བ་སོགས་ཀྱི་ཕན་ཡོན་ཀྱང་དེ་ལྟར་འཕགས་སོ། །བཤད་མ་ཐག་པ་དེ་ལྟར་ཡང་ཡིན་ཏེ། ཉན་ཐོས་ཀྱི་ལམ་ནི་རང་དོན་ཙམ་སྒྲུབ་པར་བྱེད་པ་ཡིན་ལ། ཐེག་པ་ཆེན་པོའི་ལམ་ནི་གཞན་ལ་ཕན་འདོགས་པ་གཙོ་བོར་སྒྲུབ་ཅིང་། དེའི་འབྲས་བུ་ཕྲིན་ལས་ཀྱི་འཇུག་པ་སེམས་ཅན་གྱི་ཁམས་ཇི་སྲིད་པ་དེ་སྲིད་དུ་མ་ཞི་བར་རྒྱུན་མི་འཆད་པའི་ཕྱིར་རོ། །གསུམ་པ་རྗེས་སུ་མཐུན་པའི་སྒྲུབ་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། མི་གཡེང་ཕྱིན་ཅི་སོགས་ཀྱིས་བསྟན་ཏེ། ཆོས་ལ་ཆོས་ཀྱི་རྗེས་སུ་མཐུན་པར་བསྒྲུབ་པ་ཅི་ལྟ་བུ་ཞེ་ན། ཞི་གནས་ཀྱིས་དམིགས་པའི་དོན་ལས་མི་གཡེང་བ་དང་། ལྷག་མཐོང་གིས་དངོས་པོའི་རང་བཞིན་ཕྱིན་ཅི་མ་ལོག་པར་མཐོང་བར་གྱུར་པ་ནི་རྗེས་སུ་མཐུན་པའི་ཆོས་ཀྱི་སྒྲུབ་པ་ཞེས་བྱ་སྟེ། ཐེག་པ་ཆེན་པོའི་ཆོས་ལས་བསྟན་པ་ཇི་ལྟ་བུར་གཏན་ལ་ཕབ་པའི་དོན་དེ་ཉིད་དང་རྗེས་སུ་མཐུན་པར་སྒྲུབ་པ་ཡིན་པའི་ཕྱིར་རོ། །དེ་ཡང་སེམས་གཞན་དུ་མི་འཕྲོ་བའི་ཏིང་ངེ་འཛིན་ལ་བརྟེན་པའི་ཤེས་རབ་དྲི་མ་མེད་པས་ནི་དངོས་པོའི་རང་བཞིན་མ་ནོར་བར་རྟོགས་ནུས་པས་ན་ཞི་ལྷག་གཉིས་ཀྱིས་ཆོས་ཀྱི་དོན་ཉམས་སུ་ལེན་པའོ། །གཉིས་པ་ལ། མི་གཡེང་བ་ཞི་གནས་དང་། ཕྱིན་ཅི་མ་ལོག་པ་ལྷག་མཐོང་རྒྱས་པར་བཤད་པ་


MR04_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དང་པོ། ལྡང་དང་ཡུལ་ལ་སོགས་ཀྱིས་བསྟན་ཏེ། མི་གཡེང་བའི་ཞི་གནས་ཇི་ལྟ་བུ་ཞེ་ན། གཡེང་བ་རྣམ་པ་དྲུག་དང་བྲལ་བའི་ཏིང་ངེ་འཛིན་གང་ཡིན་པའོ། །གཡེང་བ་རྣམ་པ་དྲུག་པོ་གང་ཞེ་ན། ངོ་བོ་ཉིད་ཀྱི་གཡེང་བ་མིག་ཤེས་སོགས་སོགས་ལྔ་སྟེ། དེ་དག་རང་བཞིན་གྱིས་ཁ་ཕྱིར་བལྟས་པས་ཏིང་ངེ་འཛིན་ལས་ལྡང་བ་ཡིན་པ་དང་། ཕྱི་རོལ་དུ་གཡེང་བ་ཡིད་ཤེས་ཡུལ་ལ་འཕྲོ་བའམ་འཇུག་པ་དང་། དེ་བཞིན་དུ་ནང་གི་གཡེང་བ་ནི་ཏིང་ངེ་འཛིན་གྱི་རོ་མྱང་བ་དང་། བྱིང་རྒོད་དང་། མཚན་མའི་གཡེང་བ་ནི་ཏིང་ངེ་འཛིན་དེ་ཉིད་ལ་ཡིད་ཆེས་པ་ཡི་བསམ་པས་མཚན་མར་བཟུང་ཞིང་ཞེན་པ་དང་། གནས་ངན་ལེན་གྱི་གཡེང་བ་ངར་འཛིན་དང་བཅས་པའི་སྒོ་ནས་ཡིད་ལ་བྱེད་པ་སྟེ། ང་རྒྱལ་གྱིས་གཞན་ལས་ཁྱད་པར་དུ་འཕགས་པར་ཡིད་ལ་བྱེད་པའམ། ངར་འཛིན་དང་བཅས་པ་ཞེས་བྱའོ། །ཡིད་ལ་བྱེད་པའི་གཡེང་བ་ནི་ཐེག་པ་ཆུང་ངུའི་སེམས་དང་མ་བྲལ་བ་ཐེག་དམན་ཡིད་ལ་བྱེད་པ་དང་ནི་དེ་ལྟར་གཡེང་བ་དྲུག་སྟེ། དེ་དྲུག་པོ་རྣམ་བཅད་ལ་ཁེགས་པའི་ཡོངས་གཅོད་མི་གཡེངས་པའི་ཞི་གནས་ནི་ཐེག་པ་ཆེན་པོའི་ཞི་གནས་ཁྱད་པར་ཅན་ཏ། ནང་དུ་རྩེ་གཅིག་པར་གནས་པའི་ཞི་གནས་སྐྱོན་མེད་པ་ཡིན་པ་དང་། དེ་ཡང་རང་གི་ནང་གི་ཏིང་ངེ་འཛིན་དེ་ཙམ་ལ་འདག་གྲོལ་དུ་འཛིན་པ་སོགས་


MR04_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མར་འཛིན་པ་དང་། ངར་འཛིན་དང་བཅས་པ་ཕྱི་རོལ་བའི་བསམ་གཏན་ལྟ་བུ་དང་། དེར་མ་ཟད་དམན་ལམ་གྱི་རྟེན་དུ་བསྒོམ་པ་ལྟ་བུའི་ཡིད་བྱེད་དང་ཡང་བྲལ་བས་ན་ཐེག་པ་ཆེན་པོའི་ཞི་གནས་ཁྱད་པར་ཅན་ཡིན་པར་བློ་ལྡན་རྣམས་ཀྱིས་ཤེས་པར་བྱའོ། །གཉིས་པ་ལ། མདོར་བསྟན། རྒྱས་བཤད་གཉིས། དང་པོ། ཡི་གེ་དོན་དང་སོགས་ཀྱིས་བསྟན་ཏེ། ཐེག་པ་ཆེན་པོའི་ལྷག་མཐོང་ནི་ཇི་ལྟ་བ་དང་ཇི་སྙེད་པའི་དོན་མ་ནོར་བར་རྟོགས་པ་ཡིན་ལ། དེ་ཡང་རྣམ་པ་བཅུས་བསྡུས་ཏེ་བསྟན་ན། ཡི་གེ་དང་དོན་དང་ཡིད་བྱེད་དང་མི་འཕྲོ་བ་དང་རང་མཚན་དང་སྤྱི་མཚན་ཏེ་དེ་གཉིས་དང་། དག་མ་དག་དག་དང་། གློ་བུར་བ་དང་། མི་སྤངས་པ་དང་། ཁེངས་པ་མེད་པ་དང་བཅུ་པོ་དེ་ལ་ཕྱིན་ཅི་མ་ལོག་པའོ། །གཉིས་པ་རྒྱས་བཤད་ལ་མདོར་བསྟན་དང་མཚུངས་པར་བཅུ་སྟེ། རྗོད་བྱེད་ཡི་གེ་ལ་ཕྱིན་ཅི་མ་ལོག་པ། བརྗོད་བྱའི་དོན་ཀུན་བཏགས་རང་བཞིན་མེད་པ་ཕྱིན་ཅི་མ་ལོག་པ། གཉིས་སྣང་གི་རྒྱུ་གཞན་དབང་གི་རྣམ་རིག་ཙམ་དུ་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པ་གཉིས་སུ་སྣང་ཡང་མི་བདེན་པ་སྒྱུ་མ་ལྟར་རྟོགས་པས་མཐའ་གཉིས་སུ་མི་འཕྲོ་བ་ལ་ཕྱིན་ཅི་མ་ལོག་པ་ཡོངས་གྲུབ་གཟུང་འཛིན་དང་བྲལ་བའི་རང་མཚན་ལ་ཕྱིན་ཅི་མ་ལོག་པ་གཉིས་སྟོང་གི་དེ་ཉིད་ལས་ཆོས་ཀུན་མི་


MR04_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བར་ཤེས་པ་ཆོས་སྤྱི་ཡི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ། དེ་ཁོ་ན་ཉིད་རྟོགས་མ་རྟོགས་ལས་དག་མ་དག་ཏུ་འགྱུར་བ་ལ་ཕྱིན་ཅི་མ་ལོག་པ། རང་བཞིན་དག་པར་གནས་པའི་ཕྱིར་དག་མ་དག་ཏུ་སྣང་བ་ཡང་གློ་བུར་བར་ཤེས་པ་ལ་ཕྱིན་ཅི་མ་ལོག་པ། གདོད་ནས་དག་པས་ཀུན་ཉོན་འགྲིབ་པར་བྱེད་པ་ལ་མི་སྡང་བ་ཕྱིན་ཅི་མ་ལོག་པ། རྣམ་བྱང་འཕེལ་བ་མེད་པས་ཡོན་ཏན་ལྷག་པས་ང་རྒྱལ་བ་མེད་པ་ལ་ཕྱིན་ཅི་མ་ལོག་པའོ། །དང་པོ། འབྲེལ་བའི་ཕྱིར་དང་སོགས་ཀྱིས་བསྟན་ཏེ། དང་པོ་རྗོད་བྱེད་ཀྱི་ཡི་གེ་འདི་དག་ནི་གོ་རིམ་མ་ནོར་བར་གཅིག་ལ་གཅིག་རྗེས་སུ་འབྲེལ་བའི་ཕྱིར་དང་། ཡི་གེ་ལས་བཞག་པའི་བརྡ་དེ་ལ་དོན་གང་གི་བརྡ་ཡིན་པར་བློ་ལ་འདྲིས་པའི་ཕྱིར་དོན་ཡོད་པ་སྟེ། དཔེར་ན། ཀ་བ་ཞེས་པ་ལྟ་བུ་ལ་ཀ་སྔོན་དང་བ་རྗེས་སུ་བྱས་ཏེ་འབྲེལ་བར་བརྗོད་ཚེ་གདུང་འདེགས་ཀྱི་དོན་བྱེད་པའི་དངོས་པོ་དེ་གོ་བར་བྱེད་ཀྱི། བ་སྔོན་དང་ཀ་རྗེས་སུ་བྱས་པའམ། འབྲེལ་བ་མེད་པར་སོ་སོར་ཕྲལ་ཏེ་བརྗོད་ན་དོན་དེ་གོ་མི་ནུས་ལ། དེར་མ་ཟད་ཡི་གེ་དེ་གཉིས་དེ་ལྟར་བཀོད་པའི་བརྡ་དེ་གདུང་འདེགས་ཀྱི་དོན་བྱེད་པའི་དངོས་པོའི་བརྡ་ཡིན་པར་སྔར་ནས་འདྲིས་པའི་བོད་ཀྱི་མི་རྣམས་ལ་བརྡ་དེས་དེའི་དོན་དེ་གོ་བར་བྱེད་ཅིང་། ཡུལ་གཞན་པའི་མིས་དེ་ལྟར་མི་


MR04_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

གོ་བ་བཞིན་ནོ། །དེས་ན་འདྲིས་འབྲེལ་གཉིས་ལས་བརྡ་དེ་དོན་ཡོད་པ་དང་། དེ་ལས་བཟློག་སྟེ་མ་འབྲེལ་བའི་ཕྱིར་དང་། མ་འདྲིས་པའི་ཕྱིར་ཡི་གེ་དོན་མེད་པའོ། །དེ་ལྟར་ཚུལ་བཞིན་རྟོགས་པ་དེ་ནི་ཡི་གེ་ལ་ཕྱིན་ཅི་མ་ལོག་པ་སྟེ་ཡི་གེ་རྣམས་ཀྱིས་བརྡ་ལས་དོན་གོ་ཚུལ་ནི་དེ་ལྟར་སྐྱེས་བུའི་རྟོགས་པས་འབྲེལ་བ་གསར་དུ་བྱས་ཤིང་བཏགས་པ་ཙམ་ལས་ཡིན་གྱི། མིང་དོན་རང་གི་ངོ་བོས་འབྲེལ་བ་མེད་པ་དེ་ལྟ་བུ་ནི་ཡི་གེ་ལས་དོན་རྟོགས་ཚུལ་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་པ་ཡིན་ལ། འདི་ལས་བྱང་ཆུབ་སེམས་དཔའ་རྣམས་ལ་དམ་པའི་དོན་དུ་སྒྲས་བརྗོད་པར་བྱ་བའི་དོན་དང་བྲལ་བའི་རྟོག་པ་སྐྱེའོ། །གཉིས་པ། གཉིས་སུ་སྣང་བར་སོགས་ཀྱིས་བསྟན་དོན། འདི་ལྟར་གཟུང་འཛིན་གཉིས་སུ་སྣང་བར་གྱུར་པ་ནི། ཇི་ལྟར་སྣང་བ་དེ་ལྟར་ཡོད་པ་མ་ཡིན་ཏེ་སྣང་ཡང་མི་བདེན་པའོ། །དེ་ལྟར་རྟོགས་པ་ནི་དོན་ལ་ཕྱིན་ཅི་མ་ལོག་པ་ཞེས་བྱ་སྟེ། གཉིས་སུ་མ་གྲུབ་པས་ཡོད་པའི་མཐའ་སྤངས་ལ་སྣང་ཙམ་དུ་ཡོད་པས་མེད་པའི་མཐའ་རྣམ་པར་སྤངས་པའི་དོན་ནམ་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལས་གཟུང་འཛིན་དང་བྲལ་བའི་རྟོགས་པ་སྐྱེའོ། །གསུམ་པ། རྟོག་པ་དེ་ཡིས་སོགས་ཀྱིས་བསྟན་ཏེ། གཟུང་འཛིན་གྱི་རྟོག་པ་སྔ་མ་སྔ་མ་དེ་ཡིས་བསྒོམ་པ་ཡི་དབང་གིས་བྱུང་བའི་ཕྱི་མ་ཕྱི་མ་གནས་


MR04_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལུས་སུ་སྣང་བའི་རྟོགས་པ་ཡིད་བྱེད་དེའི་གནས་གང་ཡིན་པ་ཚུལ་བཞིན་ཤེས་པ་ནི་ཡིད་ལ་བྱེད་པ་ལ་ཕྱིན་ཅི་མ་ལོག་པ་ཞེས་བྱ་སྟེ། ཡིད་བྱེད་དམ་རྣམ་པར་རྟོག་པ་ཙམ་གྱི་རང་བཞིན་དེ་ཇི་ལྟར་རྟོགས་པའོ། །དེ་ལ་དེའི་གནས་སམ་གཞི་གང་ཞེ་ན། གཉིས་སུ་སྣང་བའི་རྒྱུ་ཀུན་གཞིའི་རྣམ་ཤེས་ལ་རྒྱུར་ཤེས་པ་སྟེ་ཀུན་གཞི་ལ་རྟོག་པ་སྣ་ཚོགས་ཀྱིས་བསྒོས་པའི་རྒྱུ་ཡི་ཆ་ནས་བག་ཆགས་སྣ་ཚོགས་པའི་ཀུན་གཞི་དང་། དེའི་མཐུས་ཕྱི་ནང་གི་ཆོས་སྣ་ཚོགས་སུ་སྣང་བ་ནི་རྣམ་པར་སྨིན་པའི་ཀུན་གཞི་སྟེ་དེ་ལྟར་ན་ཀུན་གཞི་ནི་ཐམས་ཅད་ཀྱི་རྒྱུར་ཤེས་པའོ། །བཞི་པ། དོན་གྱིས་མེད་དང་སོགས་ཀྱིས་བསྟན་ཏེ། གཟུང་འཛིན་གཉིས་ཀྱིས་བསྡུས་པའི་ཆོས་འདི་དག་ནི། རང་གི་ངོ་བོ་ཉིད་ཀྱིས་སམ་དོན་རང་གི་རང་བཞིན་གྱིས་མེད་པ་དང་། སྣང་ཙམ་དུ་ཡོད་པ་སྟེ་ཇི་ལྟར་ན་སྒྱུ་མ་དང་རྨི་ལམ་ལ་སོགས་པ་བཞིན་དུ་འདོད་ལ། དེ་ལ་ནི་མི་འཕྲོ་བ་ཕྱིན་ཅི་མ་ལོག་པ་ཞེས་བྱ་སྟེ། གང་གིས་ན་མཐའ་གཅིག་ཏུ་ཡོད་པ་དང་མེད་པའི་ཕྱོགས་སུ་མ་ལྷུང་བའམ་མི་འཕྲོ་བར་གྱུར་པའི་ཕྱིར་རོ། །ལྔ་བ། རྟོག་པ་ཐམས་ཅད་སོགས་ཀྱིས་བསྟན་ཏེ། ཡང་དག་པའི་དོན་གྱིས་རང་མཚན་ལ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་མི་འཇུག་སྟེ། སོ་སོ་རང་རིག་པའི་ཡེ་ཤེས་དམ་པའི་ཡུལ་སྤྲོས་པ་ཉེ་


MR04_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཞི་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་དོན་ལ་དབྱེ་བ་སྣ་ཚོགས་མེད་ཅིང་། རྣམ་པ་ཐ་དད་པའི་ཆོས་སུ་སྣང་བ་གང་ཇི་སྙེད་པ་འདི་ཐམས་ཅད་ནི་ཇི་ལྟར་སྣང་བ་བཞིན་དུ་དེ་དང་དེའི་རང་མཚན་སོ་སོར་གྲུབ་པ་མེད་དེ་ཡང་དག་པར་ན་རང་གི་ངོ་བོ་ཉིད་མེད་པ་ལ་མིང་དུ་བཏགས་པ་ཙམ་ཁོ་ན་སྟེ། དེས་ན་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་ནི་སྟོང་པ་ཉིད་དོ། །དེ་ལྟར་ཤེས་ན་རང་གི་མཚན་ཉིད་ལ་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །དེ་ཡང་འཇིག་རྟེན་ཐ་སྙད་དུ་ཀ་བ་དང་བུམ་པ་སོགས་ཀྱི་རང་མཚན་ཞེས་སོ་སོའི་རྣམ་པར་སྣང་བ་ལ་བརྗོད་ཀྱང་འདི་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པའི་རང་གི་མཚན་ཉིད་ལ་རང་མཚན་དུ་བརྗོད་པའོ། །དྲུག་པ། ཆོས་ཀྱི་དབྱིངས་ནི་སོགས་ཀྱིས་བསྟན་ཏེ། གཉིས་སྟོང་གི་རང་བཞིན་ཅན་ཆོས་ཀྱི་དབྱིངས་འབའ་ཞིག་ལས་ནི་མ་གཏོགས་པར་འདི་ལྟར་ཆོས་ཞེས་བྱ་བ་གཞན་ཞིག་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གྱུར་པ་དེ་ཡི་ཕྱིར་ཆོས་དབྱིངས་དེ་ནི་ཆོས་ཐམས་ཅད་ལ་ཁྱབ་པའི་སྤྱི་ཡི་མཚན་ཉིད་ཅེས་བྱ་ལ། དེར་དེ་ལྟར་ཤེས་པ་དེ་ནི་སྤྱི་མཚན་ལ་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །བདུན་པ། ཕྱིན་ཅི་ལོག་གི་སོགས་ཀྱིས་བསྟན་ཏེ། འདི་ལྟར་འཁོར་འདས་དང་དག་མ་དག་ཅེས་བྱ་བ་ཡང་དངོས་པོའི་སྟེང་ན་


MR04_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཞན་དང་གཞན་དུ་གྲུབ་པ་ནི་ཅི་ཡང་མེད་ཀྱི། རང་གི་ཕྱིན་ཅི་ལོག་གི་ཡིད་ལ་བྱེད་པ་བདག་ཏུ་ལྟ་བ་སོགས་མ་སྤངས་པ་དང་སྤངས་པ་ལས་གང་ཟག་དེ་ནི་རིམ་པ་ལྟར་མ་དག་པ་དང་རྣམ་པར་དག་པ་ཞེས་བྱ་སྟེ། དེ་ལྟར་རྟོག་པ་དེའང་དག་པ་དང་མ་དག་པའི་དོན་དེ་ལ་ཕྱིན་ཅི་མ་ལོག་པའོ། །བརྒྱད་པ། ཆོས་ཀྱི་དབྱིངས་ནི་སོགས་ཀྱིས་བསྟན་ཏེ། ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་ནམ་མཁའ་བཞིན་དུ་ནམ་ཡང་འགྱུར་བ་མེད་པ་ནི་གནས་ལུགས་གཉུག་མའི་དོན་ནོ། །སྔར་མ་དག་པ་དང་ཕྱིས་དག་པ་གཉིས་ནི་སྣང་ཚུལ་ཙམ་གྱི་ངོར་གློ་བུར་བྱུང་བ་སྟེ། དེ་ལྟར་ཤེས་པ་དེ་ཡང་གློ་བུར་བ་དེ་ལ་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །རྩ་བའི་ས་བཅད་དགུ་བ་དང་བཅུ་བ་ལྷན་ཅིག་ཏུ། ཆོས་རྣམས་དང་ནི་སོགས་ཀྱིས་བསྟན་ཏེ། ཆོས་རྣམས་དང་ནི་གང་ཟག་གི་རང་བཞིན་ལ་ཀུན་ནས་ཉོན་མོངས་པར་གྱུར་པ་དང་། དེ་རྣམ་པར་དག་པར་གྱུར་པ་ཡང་མེད་དེ། ཆོས་དང་གང་ཟག་གི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གང་ངོ་བོ་ཉིད་མེད་པ་དེ་ལ་ཉོན་མོངས་པས་བཅིངས་པ་དང་དེ་ལས་གྲོལ་བ་ཡང་མེད་དེ་ནམ་མཁའ་བཞིན་ནོ། །དེ་ལྟར་གནས་ལུགས་ཀྱི་དོན་དུ་ཆོས་གང་ཡང་ཀུན་ཉོན་དང་རྣམ་བྱང་དུ་གྱུར་པ་མེད་པ་དེ་བས་ན། འདི་ལྟར་ཆགས་སོགས་ཀུན་ཉོན་ཕྱོགས་འཕེལ་


MR04_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྐྲག་པ་དང་། དད་སོགས་རྣམ་བྱང་ཕྱོགས་འཕེལ་བས་ང་རྒྱལ་དུ་གྱུར་པ་མེད་དེ། སྐྲག་པར་བྱ་བ་དང་ང་རྒྱལ་དུ་བྱེད་པའི་གཞི་མ་དམིགས་པའི་ཕྱིར་རོ། །དེ་ལྟ་བུ་ནི་སྔངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པ་དང་། ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །ཕྱིན་ཅི་མ་ལོག་པ་དེ་བཅུའི་སྡོམ་མམ་ལུས་མདོར་བསྟན་པ་དང་། དེ་དག་ལ་རྡོ་རྗེའི་ཚིག་བཅུར་བཞག་པ་འགྲེལ་བས་ཁ་བསྐང་བ་ནི། གང་ལ་གང་ཞིག་སོགས་ཀྱིས་བསྟན་ཏེ། ཕྱིན་ཅི་མ་ལོག་པ་བཅུའམ་རྡོ་རྗེའི་ཚིག་བཅུ་བོ་འདི་ལ་ལུས་རྣམ་པར་བཞག་པ་མི་འདྲ་བ་གཉིས་ལས། དང་པོ་ལ། དམིགས་པ་དང་། རྣམ་པར་མི་རྟོག་པ་ཉིད་དང་། བརྒལ་བ་དང་། ལན་ཏེ་རྣམ་གྲངས་བཞིས་བསྟན་ཏེ། གང་ལ་དམིགས་པའམ་ཤེས་པར་བྱ་བ་ངོ་བོ་ཉིད་གསུམ་གྱི་དབང་དུ་བྱས་ནས་གནས་དང་པོ་གསུམ་བསྟན་ལ། གང་གི་དམིགས་པའི་ཤེས་པ་གཙོ་བོའི་དབང་དུ་བྱས་ཏེ་རྣམ་པར་མི་རྟོག་པ་བསྟན་ཅིང་། དེ་ལ་གང་གིས་མི་རྟོག་པ་ཡུལ་ཅན་གྱི་ངོས་ནས་རང་མཚན་ལ་མ་ལོག་པ་དང་། གང་ལ་མི་རྟོག་པ་རང་བཞིན་འོད་གསལ་བ་སྤྱི་མཚན་ལ་མ་ལོག་པ་གཉིས་བཤད་དོ། །དེ་ལྔའི་ལྷག་མ་རྣམས་ནི་བརྒལ་བ་དང་ལན་ཅི་རིགས་པ་སྟེ། དེ་ལ་ཀུན་ཉོན་དང་རྣམ་བྱང་བསྟན་པའི་རྡོ་རྗེའི་ཚིག་གམ། མ་དག་པ་དང་དག་པ་


MR04_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱིན་ཅི་མ་ལོག་པ་ནི། ཀུན་ཉོན་མེད་ན་ཅི་ལྟར་དམིགས། ཡོད་ན་རང་བཞིན་གྱིས་དག་པར་མི་རུང་ཞེས་པ་དང་། སངས་རྒྱས་དུ་མས་སེམས་ཅན་དཔག་མེད་ཀྱི་ཉོན་མོངས་བསལ་ན་འཁོར་བ་རྒྱུན་ཆད་ཅིང་མྱང་འདས་འཕེལ་བར་ཅིས་མི་འགྱུར་སྙམ་པའི་དོགས་པ་ཐམས་ཅད་དག་པ་དང་མ་དག་པའི་གནས་ལས་བརྩམ་སྟེ་འབྱུང་བས་འདི་ནི་བརྒལ་བར་བྱ་བའི་གནས་ལྟ་བུའོ། །དེའི་ལན་ནི་བཞི་སྟེ། གཟུང་འཛིན་དོན་ལ་མེད་ཀྱང་སྣང་བའི་ལན་སྒྱུ་མ་ལྟ་བུ་དང་། རང་བཞིན་གྱིས་དག་ན་སྔར་ཉོན་མོངས་དང་བཅས་པར་མི་འཐད་པའི་བརྒལ་ལན་ནམ་མཁའ་ལྟ་བུ་སྟེ། དེ་ཉིད་རང་བཞིན་གྱིས་དག་ཀྱང་གློ་བུར་གྱིས་སྤྲིན་ཡོད་མེད་ལས་སྣང་ཚུལ་དེ་ལྟར་འཐད་པར་བསྟན་པ་དང་། གལ་ཏེ་སྔར་མ་དག་པ་ཕྱིས་དག་ཏུ་ཆུག་ཀྱང་དག་པ་སླར་མི་ལྡོག་ཅིང་འགྲིབ་པ་ཡོད་པས་ན་འཁོར་བ་རྒྱུན་ཆད་ཅིང་མྱང་འདས་འཕེལ་བར་ཅིས་མི་འགྱུར་ཞེས་པའི་བརྒལ་ལན་འགྲིབ་མེད་དང་ཁེངས་མེད་གཉིས་ཏེ། རང་བཞིན་མ་གྲུབ་པའི་གནད་ཀྱིས་ཀུན་བྱང་ལ་ཚད་མ་མཆིས་པས་ན་འདི་ལ་འཕེལ་འགྲིབ་ཏུ་མི་མངོན་ཏེ་དཔག་ཏུ་མེད་པར་བསྟན་པའོ། །དེ་ཡང་དང་པོ་དམིགས་པ་ངོ་བོ་ཉིད་གསུམ་ཡོངས་གྲུབ་ཀུན་བཏགས་གཞན་དབང་ཞེས་ཚིག་དང་པོ་གསུམ་དང་གོ་རིམ་བཞིན་ནོ་ཞེས་གསུངས་པས་


MR04_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཡོད་མེད་དང་ཡོངས་གྲུབ་སྦྱར་ཚུལ་ནི། འདྲིས་འབྲེལ་དག་ལས་ཡི་གེ་དོན་ཡོད་ཀྱི་ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་པར་ཤེས་པས། སྒྲས་བརྗོད་དུ་མེད་པ་ཡོངས་གྲུབ་ཀྱི་དོན་ལ་འཇུག་པའམ། རྒྱ་གར་པ་ཁ་ཅིག་གིས་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ཐེག་པ་ཆེན་པོའི་ཆོས་ནི་ཕྱིན་ཅི་ལོག་གི་གཉེན་པོ་སྟེ་ཚུལ་དེ་ལྟ་བུ་དང་ལྡན་པས་ཤིན་ཏུ་ཟབ་མོ་ཡོངས་སུ་གྲུབ་པའི་ཚུལ་ཕྱིན་ཅི་མ་ལོག་པར་ཤེས་ནུས་པའི་ཕྱིར་དེ་ལྟར་འདོད་པ་དང་། ཡང་ཁ་ཅིག་གིས་སྟོང་པ་ཉིད་ཀྱི་ངོ་བོར་ཡོད་པ་དང་། གཉིས་ཀྱི་ངོ་བོར་མེད་པའི་རང་བཞིན་ཅན་ཡོངས་སུ་གྲུབ་པ་ཉིད་ན་ཡོད་པ་དང་མེད་པར་ཕྱིན་ཅི་མ་ལོག་པ་ཉིད་ཀྱི་ཕྱིར་དེ་ལྟར་ཡོད་མེད་ཅེས་པའི་མིང་གིས་དོན་གྱིས་བསྟན་པར་ཡང་བཤད་དོ། །གང་ལྟར་ཡང་རུང་གནས་དང་པོ་གཉིས་ཀུན་བཏགས་ལ་ཕྱིན་ཅི་མ་ལོག་པར་འཇུག་པས་ན། ཀུན་བཏགས་ཀྱིས་སྟོང་པ་དེས་ཡོངས་གྲུབ་ཀྱི་ཚུལ་ཤེས་པའི་ཕྱིར་གནད་མཐུན་པར་འཆར་བ་ཡིན་ནོ། །ཕྱིན་ཅི་མ་ལོག་པའམ་དོན་ལ་མ་ལོག་པ་ནི་གནས་གཉིས་པ་སྟེ། དེ་ནི་གཉིས་སུ་སྣང་ཡང་དེ་ལྟར་མ་གྲུབ་པས་ཀུན་ཏུ་བཏགས་པ་ཙམ་དུ་བསྟན་པའོ། །གནས་སམ་ཡིད་བྱེད་ལ་ཕྱིན་ཅི་མ་ལོག་པ་ནི་གཞན་དབང་སྟེ་སྣང་བའི་གཞིའམ་རྒྱུ་ཡིན་པས་གནས་ཡིན་ལ། སྣང་ཟིན་ནམ་འབྲས་བུའི་ཆ་ནས་གཞན་གྱི་དབང་ཞེས་བཏགས་པའོ། །


MR04_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ལུས་རྣམ་པར་བཞག་པ་གཅིག་ལྟར་ན། གང་ལ་གང་ཞིག་གང་ལས་འཁྲུལ། །མ་འཁྲུལ་གང་ཞིག་གང་ལ་དང་། །འཁྲུལ་དང་མ་འཁྲུལ་འབྲས་བུ་ཉིད། །དེ་ཉིད་ཀྱི་ནི་ཐ་མའོ། །ཞེས་གསུངས་པས། གང་ལ་འཁྲུལ་ན་བརྗོད་དུ་མེད་པའི་དོན་ལ་མིང་དོན་གྱི་འབྲེལ་བ་ཅན། མཚན་མའི་སྤྱོད་ཡུལ་དུ་སྣང་བ་ལ་འཁྲུལ། གང་ཞིག་འཁྲུལ་བའི་ངོ་བོ་ནི་གཉིས་སུ་མེད་པ་ལ་གཉིས་སུ་སྣང་བའི་ཕྱིན་ཅི་ལོག་པ་ཉིད་དོ། །རྒྱུའམ་གནས་གང་ལས་འཁྲུལ་ན་རྟོག་པས་བསྒོམ་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ལས་སོ། །མ་འཁྲུལ་བའི་ངོ་བོ་གང་ཞིག་ཡིན་པ་ནི། དོན་གྱིས་མེད་ཀྱང་སྣང་བ་སྒྱུ་མ་ལྟ་བུར་ཤེས་པའི་རྗེས་ཐོབ་ཀྱི་ངེས་པ་དང་། མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་ནི་མ་འཁྲུལ་བའི་ངོ་བོའམ་ཡུལ་ཅན་ནོ། །གང་ལ་མ་འཁྲུལ་ན་རང་བཞིན་གྱིས་འོད་གསལ་བའམ། སྤྱི་མཚན་ལ་ཕྱིན་ཅི་མ་ལོག་པ་སྟེ་ཡོངས་སུ་གྲུབ་པའི་དོན་ལའོ། །འཁྲུལ་བའི་འབྲས་བུ་ནི་ཀུན་ཉོན་དང་། མ་འཁྲུལ་བའི་རྒྱུ་མཐུན་པའམ་འབྲས་བུ་ནི་རྣམ་པར་བྱང་བ་ཉིད་དེ། དེ་དག་ནི་ཀུན་བྱང་བསྟན་པ་དང་། ནམ་མཁའ་ལྟ་བུ་ཉིད་ཀྱིས་བསྟན་ཏེ། སྔ་མ་ཐ་སྙད་དང་། ཕྱི་མ་དོན་དམ་གྱི་ཆ་ནས་བསྟན་པ་ལྟ་བུའོ། །དེ་ཉིད་ཀྱི་ཐ་མ་ཞེས་པ་ནི། བཤད་མ་ཐག་པའི་འབྲས་བུ་དེ་ཉིད་ཀྱིས་


MR04_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཕྱིན་པའམ་ཐ་མ་གཉིས་བསྟན་ཏེ། དེ་ལ་འཕགས་ཡུལ་གྱི་མཁས་པ་ཁ་ཅིག་གིས་ཀུན་བྱང་གཉིས་ཀའི་མཐའ་མྱང་འདས་ཏེ། དེ་ཡང་འཕེལ་འགྲིབ་མེད་པས་ན། དོན་གྱིས་མཐར་ཐུག་པ་མེད་པ་དང་ལྡན་པ་ཉིད་ཀྱིས་མཐར་ཕྱིན་པའོ་ཞེས་ཟེར་ཞིང་། ཡང་ཁ་ཅིག་གིས་འཁོར་བ་དཔག་ཏུ་མེད་པའི་ཕྱིར་འགྲིབ་པ་མེད་པ་དང་ལྡན་པ་ཀུན་ཉོན་གྱི་མཐའ་མ་དང་། མྱང་འདས་དཔག་ཏུ་མེད་པས་ལྷག་པ་མེད་པ་ཉིད་རྣམ་བྱང་གི་ཐ་མ་ཞེས་འདོད་པ་ཡིན་ལ། འདིར་འཁོར་འདས་སྤྱིའི་དབང་དུ་བྱས་ཏེ་ཐ་སྙད་དུ་མཐའ་རྫོགས་པའི་ཚད་དང་། དོན་དམ་པའི་དབང་དུ་བྱས་ཏེ་བདེན་གྲུབ་ཀྱི་བསལ་བཞག་མེད་པར་མཐར་ཕྱིན་པར་བློ་ལྡན་རྣམས་ཀྱིས་ཤེས་པར་བྱའོ། །རྡོ་རྗེའི་ཚིག་གི་གནས་འདི་དག་ལ་འཆད་ཚུལ་ཤིན་ཏུ་མང་པོ་ཐོབ་ཀྱང་རེ་ཞིག་སློབ་དཔོན་བློ་བརྟན་གྱི་གཞུང་བཞིན་གསལ་བར་ཕྱེ་སྟེ་བཤད་པ་ཡིན་ནོ། །དེ་ལྟར་དོན་བཅུ་བོ་དེས་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་ཀྱི་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་ཕྱིན་ཅི་མ་ལོག་པར་བསྟན་པས་ཇི་ལྟ་ཇི་སྙེད་ཀྱི་ལྷག་མཐོང་བསྟན་པ་ཡིན་ནོ། །དེ་ལྟ་བུའི་ཕྱིན་ཅི་མ་ལོག་པ་བཅུ་པོ་དེ་ལ་རྡོ་རྗེའི་ཚིག་བཅུ་ཞེས་བྱ་སྟེ། གང་ཞེ་ན། གོང་དང་གོ་རིམ་བཞིན་དུ་ཡོད་མེད་ཉིད་དང་། ཕྱིན་ཅི་མ་ལོག་པ་དང་། གནས་དང་སྒྱུ་མ་ལྟ་བུ་ཉིད་དང་། རྣམ་པར་མི་རྟོག་པ་དང་།


MR04_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱིས་རྟག་པར་འོད་གསལ་བ་ཉིད་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཉིད་དང་། དེ་བཞིན་དུ་ནམ་མཁའ་ལྟ་བུ་ཉིད་དང་། འགྲིབ་པ་མེད་པ་དང་། ལྷག་པ་མེད་པ་སྟེ་དེ་དག་རྟོག་གེའི་རིག་པས་ཤེས་པར་དཀའ་བའི་ཕྱིར་རྡོ་རྗེའི་ཚིག་ནི་རྣམ་པ་བཅུ་ཞེས་བྱ་བ་ཡིན་ནོ། བཞི་བ། མཐའ་གཉིས་སྤངས་པའི་སྒྲུབ་པ་ལ། བདུན་ཚན་དང་པོ་དང་། བདུན་ཚན་གཉིས་པའོ། །དང་པོ། ཐ་དད་པ་དང་སོགས་ཀྱིས་བསྟན་ཏེ། གང་གི་ཕྱིར་ཐེག་པ་ཆེན་པོའི་ལམ་ནི་མཐའ་གཉིས་དང་བྲལ་བའི་དབུ་མའི་ཚུལ་ལ་གནས་པ་ཡིན་ལ། དེ་ཡང་མཐའ་ནི་ཇི་ལྟ་བུ་ཞེ་ན། གཟུགས་སོགས་བདག་དང་ཐ་དད་པ་དང་ངོ་བོ་གཅིག་པར་འཛིན་པ་ནི་མཐའ་ཡིན་ལ། དེ་སྤོང་བྱེད་དབུ་མའི་ལམ་ནི་གང་བདག་མེད་པ་ནས་ཤེད་བུ་མེད་པའི་བར་དུ་གསུངས་པ་ལྟ་བུ་སྟེ་ཕུང་པོ་ལ་བརྟེན་ནས་བདག་ཏུ་གདགས་པ་ལས་བདག་རང་གི་ངོ་བོ་མེད་ལ། དེ་མེད་པས་དེའི་མིང་གི་རྣམ་གྲངས་གང་ཟག་ལ་སོགས་པ་དེ་དག་གི་བཏགས་དོན་ཀྱང་མེད་ཅིང་། དེས་ན་དེ་ཕུང་པོ་དང་གཅིག་ཐ་དད་དུ་ཡང་མེད་དོ། །དེ་བཞིན་དུ་གཟུགས་སོགས་རྟག་པར་འཛིན་པ་མུ་སྟེགས་ཀྱིས་འདོད་པའི་མཐའ་དང་། གཟུགས་སོགས་མི་རྟག་པར་འཛིན་པ་ཉན་ཐོས་ཀྱིས་འདོད་པའི་མཐའ་སྟེ། དེ་གཉིས་ཀ་ཡོངས་སུ་སྤངས་བ་དབུ་མའི་


MR04_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ནི། གང་གཟུགས་ལ་སོགས་པ་ལ་རྟག་པར་ཡང་མི་རྟོག་མི་རྟག་པར་ཡང་མི་རྟོག་པ་སྤྲོས་བྲལ་དུ་བསྒོམ་པ་སྟེ། མདོ་ལས། གཟུགས་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ཞེས་གསུངས་པ་ལྟ་བུའོ། །གང་ཟག་དང་ཆོས་ལ་དེའི་ངོ་བོ་ཉིད་ཡོད་པར་སྒྲོ་འདོགས་པ་དང་། ཐ་སྙད་སྣང་ཙམ་དུ་མེད་པར་སྐུར་པ་འདེབས་པའི་མཐའ་རྣམ་པ་གཉིས་གཉིས་ཏེ་གང་ཟག་ཡོད་པ་དང་སེམས་སོགས་ཆོས་ཡོད་པར་སྒྲོ་འདོགས་པ་གཉིས་དང་། གང་ཟག་མེད་པ་དང་ཆོས་མེད་པར་སྐུར་འདེབས་གཉིས་སོ། །དེ་ལ་གང་ཟག་ལ་སྒྲོ་སྐུར་དེ་སྤོང་བྱེད་དབུ་མའི་ལམ་ནི་གང་བདག་དང་བདག་མེད་པ་གཉིས་ཀྱི་དབུས་ནི་རྣམ་པར་མི་རྟོག་པའོ་ཞེས་གསུངས་པ་ལྟ་བུ་དང་། སེམས་སོགས་ཆོས་ལ་སྒྲོ་སྐུར་སྤོང་བ་དབུ་མའི་ལམ་ནི་གང་ལ་སེམས་མེད་པ་དང་སེམས་པ་མེད་པ་དང་། ཡིད་མེད་པ་དང་། རྣམ་པར་ཤེས་པ་མེད་པའོ། །ཞེས་གསུངས་པ་ལྟ་བུའོ། །མི་དགེ་བ་དང་ཀུན་ཉོན་ལ་མི་མཐུན་ཕྱོགས་དང་། དགེ་བ་དང་རྣམ་བྱང་ལ་གཉེན་པོའི་ངོ་བོ་ཉིད་དུ་ལྟ་བའི་མཐའ་དེ་དག་སྤོང་བྱེད་དབུ་མའི་ལམ་ནི། གང་མཐའ་དེ་གཉིས་ཁས་མི་ལེན་ཞིང་མི་བརྗོད་མི་སྨྲ་བར་གསུངས་པ་ལྟ་བུའོ། །གང་ཆོས་དང་གང་ཟག་ཡོད་ཅིང་དེ་ཐེར་ཟུག་ཏུ་གནས་པར་འདུ་ཤེས་པ་རྟག་པའི་མཐའ་དང་། ཆོས་དང་གང་ཟག་མེད་


MR04_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་རྒྱུན་ཆད་དེ་མཚམས་མི་སྦྱོར་བར་འདུ་ཤེས་པ་ཆད་པའི་མཐའ་སྟེ། དེ་གཉིས་སྤོང་བྱེད་དབུ་མའི་ལམ་ནི། རྟག་པ་དང་ཆད་པ་མེད་པའི་དབུས་སུ་བསྟེན་པ་གང་ཡིན་པའོ། །ཡང་གཟུང་འཛིན་གཉིས་ཀྱི་མཐའ་དང་། ཀུན་ཉོན་དང་རྣམ་བྱང་གཉིས་ཀྱི་མཐའ་སྟེ་མཐའ་གཉིས་སུ་སྤྱིར་བསྟན་པ་དང་། དེ་ཡང་ཅི་ལྟ་བུ་ཞེ་ན། མ་རིག་པ་ནས་རྒ་ཤིའི་བར་ཀུན་ཉོན་ལ་གཟུང་འཛིན་དུ་ཞེན་པ་དང་། མ་རིག་པ་འགགས་པ་ནས་རྒ་ཤིའི་བར་འགགས་པའི་རྣམ་བྱང་ལ་གཟུང་འཛིན་དུ་ཞེན་པའི་མཐའ་གཉིས་པོ་དེ་སྤོང་བྱེད་དབུ་མའི་ལམ་ནི། རིག་དང་མ་རིག་པ་འདི་ནི་གཉིས་སུ་མེད་དོ་ཞེས་སོགས་རྒྱ་ཆེར་འབྱུང་བ་བཞིན་ནོ། །ཀུན་ནས་ཉོན་མོངས་པ་ལ་གསུམ་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན་ནས་ཉོན་མོངས་པའོ། །དེའི་དང་པོ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ལ་ལྟ་བ་དང་དུག་གསུམ་གྱི་རྒྱུ་དང་། ཡང་སྲིད་ལ་སློབ་པ་གསུམ་ཡོད་པ་དེ་དག་གི་གཉེན་པོར་སྟོང་ཉིད་མཚན་མེད་སྨོན་མེད་དུ་ཤེས་པའོ། །གཉིས་པ། ལས་ཀྱི་ཀུན་ཉོན་ནི་དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱེད་པའོ། །དེའི་གཉེན་པོར་མངོན་པར་འདུ་མི་བྱེད་པ་ཤེས་པའོ། །གསུམ་པ་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི། ཡང་སྲིད་


MR04_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྐྱེ་བ་དང་། སྐྱེས་ནས་མ་ཤི་བར་སེམས་སེམས་བྱུང་རྣམས་སྐད་ཅིག་རེ་རེ་ལ་འབྱུང་བ་དང་། ཡང་སྲིད་པའི་རྒྱུན་ཏེ་རིམ་པ་ལྟར་འཆི་སྲིད་དང་སྐྱེ་སྲིད་བར་སྲིད་རྣམ་པ་གསུམ་མོ། །དེ་དག་གི་གཉེན་པོར་སྐྱེ་བ་མེད་པར་ཤེས་པ། འབྱུང་བ་མེད་པར་ཤེས་པ། ངོ་བོ་ཉིད་མེད་པར་ཤེས་པའོ། །དེ་ལྟར་ཀུན་ཉོན་རྣམ་པ་དེ་གསུམ་བྲལ་བ་ནི་རྣམ་བྱང་སྟེ་དེ་ལའང་དེའི་ངོ་བོ་ཉིད་དུ་ཞེན་པ་མེད་པ་དང་། མདོར་བསྡུ་ན་ཆོས་དབྱིངས་ཉོན་མོངས་པར་གྱུར་པའམ། རྣམ་པར་དག་པར་གྱུར་པའོ་སྙམ་དུ་ཞེན་ཅིང་དེ་ཡང་སྟོང་པ་ཉིད་ལ་སོགས་པ་གཉེན་པོ་དེ་དག་གིས་སྤང་བྱ་དེ་དག་བསལ་ལོ་སྙམ་དུ་ཞེན་ནས་མཐའ་གཉིས་སུ་འཛིན་པའི་གཉེན་པོར་གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་ཀྱི་ཆོས་རྣམས་རང་བཞིན་གྱིས་སྟོང་པའོ་ཞེས་གསུངས་པ་ལྟ་བུ་སྟེ། གང་སྤང་བྱ་དང་གཉེན་པོ་དང་སྟོང་པ་དང་མི་སྟོང་པ་ལ་སོགས་པའི་མཐའ་ཡོད་ཀྱི་རིང་ལ་ཀུན་བཏགས་པ་དང་ཀུན་རྫོབ་དང་ཐ་སྙད་ཀྱི་སྤྱོད་ཡུལ་དུ་ལྷུང་བ་ཡིན་ལ། སྟོང་པ་ཉིད་དོན་དམ་པའི་རང་གི་ངོ་བོ་ཉིད་དུ་གདོད་ནས་མཐའ་གང་དུའང་མ་གྲུབ་པ་བརྗོད་དུ་མེད་པ་དེའི་ཕྱིར་དེས་སྟོང་པར་བྱས་པ་མ་ཡིན་གྱི་ཡེ་ནས་མཐའ་ཀུན་དང་བྲལ་བའི་ཚུལ་གྱིས་སྟོང་པ་ཉིད་ཡིན་ནོ། །གཉིས་པ་བདུན་ཚན་ཕྱི་མ་ལ། མདོར་བསྟན། རྒྱས་བཤད་


MR04_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དང་པོ། རྣམ་པར་རྟོག་པ་སོགས་ཀྱིས་བསྟན་ཏེ། གོང་དུ་བསྟན་པ་དེར་མ་ཟད་གཞན་ཡང་རྣམ་པར་རྟོག་པ་གཉིས་ཀྱི་མཐའ་འམ། མཐའ་གཉིས་ཀྱི་རྣམ་རྟོག་དེ་ནི་རྣམ་པ་བདུན་དུ་འདོད་དོ། །གཉིས་པ། དངོས་ཡོད་དངོས་མེད་སོགས་ཀྱིས་བསྟན་ཏེ། རྣམ་རྟོག་གི་མཐའ་གཉིས་ཟུང་དུ་སྦྱར་བ་བདུན་པོ་དེ་གང་ཞེ་ན། དངོས་པོ་ཡོད་པར་རྣམ་པར་རྟོག་པ་ཡང་མཐའ་ཡིན་ལ། དངོས་པོ་མེད་པ་རྣམ་པར་རྟོག་པ་ཡང་མཐའ་ཡིན་པས་མཐའ་དེ་གཉིས་ཀྱི་གཉེན་པོར་དབུ་མའི་ལམ་བསྟན་པ་ནི་འདི་ལྟ་སྟེ། གང་ཟག་རྣམ་པར་གཞིག་པའི་ཕྱིར་སྟོང་པ་ཉིད་མ་ཡིན་གྱི་སྟོང་པ་ཉིད་ཀྱིས་སྟོང་སྟེ། སྔོན་གྱི་མཐའ་སྟོང་པ་དང་། ཕྱི་མའི་མཐའ་སྟོང་པ་ཞེས་སོགས་རྒྱ་ཆེར་གསུངས་པ་ཡིན་ནོ། །ཞི་བར་བྱ་བ་སྤང་བྱ་དང་། ཞི་བར་བྱེད་པ་གཉེན་པོ་ལ་དེ་དང་དེར་རྣམ་པར་རྟོག་པ་ནི་མཐའ་ཡིན་ལ། དེའི་གཉེན་པོ་དབུ་མའི་ལམ་ནི་སྤང་བྱ་རང་བཞིན་གྱིས་མ་གྲུབ་པས་དེའི་གཉེན་པོ་ཡང་དོན་དམ་པར་མ་གྲུབ་པར་བསྟན་པ་ནི། འོད་སྲུང་འདི་ལྟ་སྟེ། མི་ལ་ལ་ནམ་མཁས་འཇིགས་ཤིང་སྐྲག་ནས་ངུས་ཏེ་ནམ་མཁའ་འདི་སོལ་ཞེས་ཟེར་ན། འོད་སྲུང་འདི་ཅི་སྙམ་དུ་སེམས། ནམ་མཁའ་འདི་བསལ་བར་ནུས་སམ་ཞེས་སོགས་གསུངས་པ་ལྟ་བུའོ། །སྡུག་བསྔལ་གྱི་འབྱུང་གནས་ཁམས་གསུམ་འཁོར་བ་


MR04_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྲག་བྱ་ཉིད་དུ་རྟོག་པ་དང་། དེ་ལ་འཇིགས་ཤིང་སྐྲག་པའི་རྟོག་པ་ནི་མཐའ་ཡིན་ལ། མཐའ་དེ་དག་སྤོང་བྱེད་དབུ་མའི་ལམ་ནི། འོད་སྲུང་དཔེར་ན་འདི་ལྟ་སྟེ། རི་མོ་མཁན་ཞིག་བདག་ཉིད་ཀྱིས་གནོད་སྦྱིན་གྱི་གཟུགས་འཇིགས་འཇིགས་ལྟ་ཞིག་བྲིས་ནས། དེས་འཇིགས་སྐྲག་སྟེ་ཁ་སྦུབ་ཏུ་འགྱེལ་ནས་བརྒྱལ་བར་གྱུར་པ་དེ་བཞིན་དུ་ཞེས་སོགས་གསུངས་པ་ལྟ་བུ་སྟེ། རང་གི་རྣམ་པར་རྟོག་པས་སྤྲུལ་བའི་འཁོར་བ་དང་དེ་ལ་སྐྲག་པའང་བཤད་མ་ཐག་པའི་དཔེ་དེ་ལྟར་ཤེས་ནས་མཐའ་དེ་གཉིས་སྤོང་བ་ཡིན་ནོ། །དཔེ་སྔ་མ་ནམ་མཁའི་དཔེ་ནི་ཉན་ཐོས་རྣམས་ལས་བརྩམས་ཏེ་བསྟན་པ་ཡིན་ཏེ། ཉན་ཐོས་པས་ཆོས་རྣམས་རང་བཞིན་གྱིས་སྟོང་པར་ཁོང་དུ་མ་ཆུད་ནས། ཆོས་རྣམས་སྤང་བྱ་དང་སྟོང་ཉིད་སྤོང་བྱེད་ལྟ་བུར་བསམ་ཞིང་། སྟོང་པ་ཉིད་ཀྱི་ཆོས་རྣམས་བཤིག་པར་བྱེད་པའི་དོན་དུ་བཟུང་ནས་སྟོང་པ་ཉིད་ལ་སྐྲག་པ་རྣམས་ལ་སྐྲག་པ་དེ་སྤོང་བའི་དོན་དུ་ནམ་མཁའ་བསལ་བར་མི་ནུས་པ་ལྟར་སྟོང་པ་ཉིད་ཆོས་ཐམས་ཅད་ལ་ཆོས་ཉིད་ཀྱི་ཚུལ་དུ་ཡེ་ནས་རྗེས་སུ་སོང་བར་བསྟན་པའོ། །དཔེ་ཕྱི་མ་རི་མོ་མཁན་གྱི་དཔེས་བསྟན་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་ཡུན་རིང་དུ་བཞུགས་པ་ལ་མི་སྐྱོ་བར་བྱ་བའི་ཕྱིར་བསྟན་པའོ། །འདི་གཉིས་ལ་རྣམ་པ་གཞན་དང་གཞན་གྱིས་འཆད་


MR04_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བློ་བརྟན་འགྲེལ་བ་ན་སྣང་ངོ་། །གཟུགས་སོགས་ལ་གཟུང་བ་དང་། མིག་སོགས་ལ་འཛིན་པར་རྣམ་པར་རྟོག་པ་ཡང་མཐའ་ཡིན་ལ། དེ་གཉིས་སྤོང་བྱེད་དབུ་མའི་ལམ་ནི་འོད་སྲུང་འདི་ལྟ་སྟེ། དཔེར་ན་སྒྱུ་མ་བྱེད་པའི་མི་ཞིག་གིས་སྒྱུ་མ་སྤྲུལ་བ་དེས་སྒྱུ་མ་བྱེད་པ་ཉིད་ཟོས་པ་དེ་བཞིན་དུ་ཞེས་སོགས་གསུངས་ཏེ། གཟུང་འཛིན་གཉིས་སུ་སྣང་ཡང་ཐ་དད་དུ་མེད་དེ་རྣམ་རིག་ཙམ་དུ་གྲུབ་ལ། དེ་གཉིས་གཅིག་མ་གྲུབ་ན་ཅིག་ཤོས་ཀྱང་མི་གྲུབ་པས་དོན་ལ་གཟུང་འཛིན་དུ་མ་གྲུབ་པ་དཔེ་དེས་བསྟན་ཏོ། །ཟག་མེད་ལ་ཡང་དག་པ་ཉིད་དུ་རྟོག་པ་དང་། ཟག་བཅས་ལ་ལོག་པ་ཉིད་དུ་རྟོག་པ་ཡང་མཐའ་ཡིན་ལ། དེ་གཉིས་སྤོང་བྱེད་དབུ་མའི་ལམ་བསྟན་པ་ནི། འོད་སྲུང་འདི་ལྟ་སྟེ་དཔེར་ན་ཤིང་གཉིས་རླུང་གིས་དྲུད་པ་ལས་མེ་འབྱུང་སྟེ། བྱུང་མ་ཐག་ཏུ་ཤིང་དེ་གཉིས་ཚིག་པར་བྱེད་པ་དེ་བཞིན་དུ་ཞེས་སོགས་གསུངས་ཏེ་ཇི་ལྟར་མེའི་རང་བཞིན་མིན་པའི་ཤིང་ལས་མི་བྱུང་ལ། དེས་ཤིང་དེ་ཉིད་བསྲེགས་པ་བཞིན་དུ་ཡང་དག་མིན་པའམ་ཟག་པ་དང་བཅས་པ་སྦྱོར་ལམ་གྱི་གནས་སྐབས་ན་ཡོད་པའི་སོ་སོར་རྟོག་པ་ཤིང་ལྟ་བུ་ལས། ཡང་དག་པ་ཟག་མེད་འཕགས་པའི་ཤེས་རབ་ཀྱི་མེ་འབྱུང་ལ། མེ་དེས་སོ་སོར་རྟོག་པ་ཉིད་འཚིགས་པ་ལྟར་འཇིག་པར་བྱེད་པ་དེ་དག་ནི་བརྟེན་


MR04_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབྱུང་བ་སྒྱུ་མ་ལྟ་བུ་ཡིན་གྱི། ཡང་དག་དང་ལོག་པ་ཞེས་རིས་སུ་མ་ཆད་དེ་རང་གི་ངོ་བོས་མ་གྲུབ་པར་བསྟན་པའོ། །གཉེན་པོ་ཡེ་ཤེས་ཀྱིས་སྤང་བྱ་སྤོང་བའི་བྱ་བ་བྱེད་པ་ལ་བྱེད་པའི་ངོ་བོར་བདེན་པར་འཛིན་པའམ། ཡང་ན་ཡེ་ཤེས་ཀྱིས་སྤང་བྱ་སྤོང་ངོ་སྙམ་དུ་བློ་སྔོན་དུ་བཏང་ནས་བྱེད་པ་ལྟ་བུ་བྱེད་པར་སྒྲོ་འདོགས་པའི་རྟོག་པ་དང་། སྤོང་པའི་བྱ་བ་བྱེད་མི་ནུས་པའམ། བྱེད་པ་མིན་པར་རྟོག་པ་ནི་སྐུར་འདེབས་ཀྱི་མཐའ་ཡིན་ལ། དེ་སེལ་བྱེད་དབུ་མའི་ལམ་ནི་འོད་སྲུང་འདི་ལྟ་སྟེ། དཔེར་ན། མར་མེ་བྱུང་ན་མུན་པ་མུན་ནག་ཐམས་ཅད་མེད་པར་འགྱུར་ཡང་། འོད་སྲུང་མར་མེ་དེ་འདི་ལྟར་བདག་གིས་མུན་པ་མུན་ནག་གང་དག་བསལ་ལོ་སྙམ་དུ་མི་སེམས་མོད་ཀྱང་། མར་མེ་ལ་བརྟེན་ནས་མུན་པ་མུན་ནག་མེད་པར་གྱུར་པ་དེ་བཞིན་དུ་ཞེས་སོགས་ཀྱིས་བསྟན་པར་མཛད་དེ། མར་མེ་ལ་རྟོག་པ་མེད་ཀྱང་མུན་པ་སེལ་བའི་མཐུ་ཡོད་པ་བཞིན་དུ་ཡེ་ཤེས་ཀྱིས་སྒྲིབ་པ་སེལ་བ་ཡང་དེ་དང་འདྲ་བར་བསྟན་པའོ། །སེམས་ཅན་རྣམས་ཀྱི་རྒྱུད་ལ་ཐོག་མ་མེད་པ་ནས་ཞུགས་པའི་སྒྲིབ་པ་འདི་དག་སྤོང་དཀའ་ཞིང་ཚན་ཆེ་བས་ན་གཉེན་པོ་ཡེ་ཤེས་སྐྱེ་བའི་གོ་སྐབས་མེད་དོ་སྙམ་དུ་གཉེན་པོ་རྒྱུད་ལ་སྐྱེ་བ་མེད་པར་འཛིན་པའི་རྟོག་པ་དང་། སྐྱེས་ཀྱང་སྤང་བྱ་དེ་མ་ཐག་ཏུ་འགག་མི་ནུས་པས་སྤོང་གཉེན་གཉིས་དུས་མཉམ་པར་ཡུན་རིང་འགྲོགས་


MR04_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། མཉམ་པའི་དུས་ཅན་དུ་འགྱུར་སྙམ་པའི་རྣམ་རྟོག་ནི་མཐའ་ཡིན་ལ། དེ་དག་སྦྱོང་བྱེད་དབུ་མའི་ལམ་བསྟན་པ་ནི། འོད་སྲུང་འདི་ལྟ་སྟེ། དཔེར་ན། ཁྱིམ་མམ། ཁང་པའམ། ཁང་ཕྲན་ལོ་བརྒྱ་སྟོང་འདས་པར་སུས་ཀྱང་མར་མེ་མ་བུས་པ་དེར་མི་ལ་ལ་ཞིག་གིས་མར་མེ་དེ་བུས་ན། འོད་སྲུང་འདི་ཅི་སྙམ་དུ་སེམས། མུན་པ་མུན་ནག་དེ་འདི་ལྟར་བདག་ནི་ལོ་བརྒྱ་སྟོང་དུ་བསགས་པ་བདག་ནི་འདི་ནས་མི་འགྲོའོ་སྙམ་དུ་སེམས་སམ། ཞེས་སོགས་གསུངས་ཏེ། སྣང་བ་སྐྱེས་ན་མུན་པ་ངེས་པར་འགག་པ་དང་། དེ་གཉིས་དུས་མཉམ་པར་མེ་འགྲོགས་པ་དང་། མུན་པ་ཡུན་ཇི་ལྟར་རིང་ཡང་དེར་མར་མེ་སྤར་བ་མི་སྲིད་པ་མིན་པའི་དཔེ་དེའི་སྒོ་ནས་རྣམ་པར་རྟོག་པའི་མཐའ་དེ་དག་བསལ་བ་ཡིན་ནོ། །དེ་ལྟར་བཤད་མ་ཐག་པའི་རྣམ་རྟོག་ཟུང་རེ་སྦྱར་བ་བདུན་ཚན་གཅིག་པོ་དེ་ནི་དངོས་པོའི་གནས་ཚོད་དང་མི་མཐུན་པར་འཛིན་པའི་རྟོག་པ་གང་ཞིག་སྒྲོ་སྐུར་གང་རུང་གི་ཕྱོགས་སུ་ལྷུང་བས་ན་རྣམ་རྟོག་གཉིས་ཀྱི་མཐའ་ཞེས་བྱ་ལ། མཐའ་དེ་དག་དང་བྲལ་བ་དབུ་མའི་དོན་ལ་ཇི་ལྟ་བ་བཞིན་འཇུག་པ་ནི་བྱང་ཆུབ་སེམས་དཔའི་ལམ་མཐའ་གཉིས་སྤོང་བའི་སྒྲུབ་པ་ཞེས་བྱ་བ་ཤེས་པར་བྱའོ། །གོང་གི་ས་བཅད་ལྔ་པ་དང་དྲུག་པ་ལྷན་ཅིག་ཏུ། ཁྱད་པར་ཅན་དང་སོགས་ཀྱིས་བསྟན་ཏེ།


MR04_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཅན་གྱི་སྒྲུབ་པ་དང་། ཁྱད་པར་མེད་པའི་སྒྲུབ་པ་ནི་ས་བཅུ་བོ་དག་ཏུ་ཤེས་པར་བྱ་སྟེ། གང་ཞེ་ན། ས་དང་པོ་ལ་སྦྱིན་པ་ཤས་ཆེར་སྒྲུབ་པ་དང་། གཉིས་པར་ཚུལ་ཁྲིམས་ལྷག་པར་སྒྲུབ་པ་སོགས་ཀྱི་ཆ་ནས་ཁྱད་པར་ཅན་གྱི་སྒྲུབ་པ་ཞེས་བྱ་ལ། ས་ཐམས་ཅད་དུ་ཡང་ཕར་ཕྱིན་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཆ་ནས་ཁྱད་པར་མེད་པའི་སྒྲུབ་པ་ཞེས་བྱ་སྟེ། དེ་ལྟར་ན་སྒྲུབ་པ་རྣམ་པ་དྲུག་གི་སྒོ་ནས་ལམ་སྒྲུབ་པ་བླ་ན་མེད་པ་བཤད་ཟིན་ཏོ། །ད་ནི་གཉིས་པ་དམིགས་པ་བླ་ན་མེད་པ་ནི། རྣམ་པར་བཞག་དང་སོགས་ཀྱིས་བསྟན་ཏེ། སྒྲུབ་པའི་གཞིར་གྱུར་པ་ཡུལ་གང་ལ་ཇི་ལྟར་དམིགས་ནས་འཇུག་ཅེ་ན། ཉན་ཐོས་ལ་སོགས་པ་ལྟར་དམིགས་པ་ཉི་ཚེ་བ་མ་ཡིན་ཏེ་ཟབ་པ་དང་རྒྱ་ཆེ་བའི་དོན་མཐའ་དག་གཏན་ལ་ཕབ་པའི་ཚུལ་གྱིས་དམིགས་པ་ཡིན་པས་དམིགས་པ་བླ་ན་མེད་པ་ཡིན་ལ། དེ་ཉིད་ནི་ངོ་བོའི་སྒོ་ནས་རྣམ་པ་བཞི་དང་། ས་མཚམས་ཀྱི་སྒོ་ནས་བརྒྱད་དེ་བཅུ་གཉིས་སུ་ཡོད་དོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ས་དང་ལམ་དང་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་སྣ་ཚོགས་པའི་ཆོས་གང་དག་རྣམ་པར་བཞག་པའི་དོན་ཇི་སྙེད་པའི་གནས་ལ་མ་ནོར་བར་དམིགས་པ་དང་། གནས་ལུགས་དེ་བཞིན་ཉིད་བདག་གཉིས་ཀྱིས་སྟོང་པའི་དབྱིངས་ཟབ་མོའི་དོན་ལ་ཇི་ལྟ་བ་བཞིན་དུ་དམིགས་


MR04_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་གཉིས་ནི་བདེན་པ་གཉིས་ཀྱིས་བསྡུས་པ་རྒྱ་ཆེ་བ་དང་ཟབ་པའི་དོན་གཏན་ལ་དབབ་པའི་ཚུལ་གྱིས་དམིགས་པའོ། །བསྒྲུབ་བྱ་ལ་དམིགས་པ་དང་། སྒྲུབ་པའི་དམིགས་པ་གཉིས་ནི་སྔ་མ་གཉིས་ཀྱི་དབང་གིས་ཏེ། ཇི་ལྟར་ན་རྒྱ་ཆེ་བའི་ལམ་གྱི་རྣམ་པ་མཐའ་དག་ཕར་ཕྱིན་བཅུར་འདུ་བས་ན་དེ་ཉིད་ཉམས་སུ་ལེན་པ་ནི་བསྒྲུབ་བྱ་ཕར་ཕྱིན་ལ་དམིགས་པ་དང་། ཟབ་མོ་ཆོས་ཀྱི་དབྱིངས་རྟོགས་པས་ན་ཕར་ཕྱིན་དེ་དག་ཀྱང་འཁོར་གསུམ་དག་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་ནས་ཐབས་མཁས་ཀྱི་སྒྲུབ་པ་ཁྱད་པར་ཅན་དུ་གྱུར་པ་ནི་སྒྲུབ་པའི་དམིགས་པ་ཞེས་བྱ་སྟེ། འཁོར་གསུམ་དག་རྟོགས་ཀྱི་ཤེས་རབ་ཀྱིས་ཟིན་པའི་ཕར་ཕྱིན་རྣམས་ནི་ཟག་པ་མེད་པའི་ལམ་དང་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་དུ་འགྱུར་བའི་ཕྱིར་དེ་ལྟར་བརྗོད་དོ། །ཚུལ་བཞི་པོ་དེ་ལྟ་བུ་དང་ལྡན་པའི་སྒོ་ནས་དམིགས་པ་བླ་ན་མེད་པ་ཡིན་ལ། དེའང་ལམ་གྱི་གནས་སྐབས་རྣམས་སུ་གོང་ནས་གོང་དུ་འཕེལ་བའི་ཚུལ་གྱིས་དམིགས་པར་འགྱུར་ཏེ། དེ་ཡང་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཆོས་ཀྱི་དབྱིངས་དང་སྦྱིན་སོགས་ལ་དམིགས་པ་ནི་འཛིན་པའི་དམིགས་པ་ཞེས་བྱ་བ་དང་། རིགས་པ་བཞི་དང་ལྡན་པའི་བསམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་དེ་གཉིས་ལ་དམིགས་ཤིང་དོན་རྟོགས་པ་ནི་ངེས་


MR04_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཛིན་པའི་དམིགས་པ་དང་། དེ་བཞིན་དུ་སྒོམ་པ་ལས་བྱུང་བའི་སོ་སོ་རང་གི་རིག་པས་དམིགས་པ་ནི་ཡང་དག་པར་རབ་ཏུ་འཛིན་པའི་ཚུལ་གྱིས་དམིགས་པ་དང་། ས་དང་པོར་ཆོས་ཀྱི་དབྱིངས་མངོན་སུམ་རབ་ཏུ་རྟོགས་པའི་དམིགས་པ་དང་། ས་གཉིས་པ་ནས་བདུན་པའི་བར་གྱིས་ས་དྲུག་པོ་རྟོགས་པ་གོང་ནས་གོང་དུ་རབ་ཏུ་རྒྱས་པའི་དམིགས་པ་དང་། ས་བདུན་པ་དེ་ཉིད་ལ་མདོ་སྡེ་ལ་སོགས་པའི་ཆོས་ཀུན་ཁོང་དུ་ཆུད་ཅིང་སྲིད་ཞིའི་ཆོས་ལ་མཚན་མ་མེད་པའི་རྣམ་པར་རྟོག་པའི་དམིགས་པ་དང་། ས་བརྒྱད་པར་འབད་རྩོལ་དང་འདུ་བྱེད་ཐམས་ཅད་དང་བྲལ་ཏེ་རྣལ་དུ་འདུག་པའི་དམིགས་པ་དང་། ས་དགུ་བ་བཅུ་བ་བཅུ་གཅིག་པ་སངས་རྒྱས་ཀྱི་ས་གསུམ་ལ་ཡེ་ཤེས་ཕུལ་དུ་བྱུང་བ་དང་། ཕྲིན་ལས་ཕུལ་བྱུང་དང་། རྣམ་པར་དག་པ་ཕུལ་བྱུང་གསུམ་འབྱུང་བའི་དེ་དག་གི་དམིགས་པ་སྟེ། ས་དགུ་བར་སོ་སོར་ཡང་དག་པ་རིག་པ་བཞིའི་ཡེ་ཤེས་ཕུལ་དུ་བྱུང་བ་ཐོབ་པས་ཡེ་ཤེས་ཕུལ་དུ་བྱུང་བའི་དམིགས་པ་དང་། ས་བཅུ་བར་ཕྲིན་ལས་ལ་དབང་བ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་ཕྲིན་ལས་ཕུལ་དུ་བྱུང་བའི་དམིགས་པ་དང་། བཅུ་གཅིག་པ་སངས་རྒྱས་ཀྱི་སར་ནི་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་རྣམ་པར་དག་པ་ཕུལ་དུ་བྱུང་བ་ཐོབ་པའི་ཕྱིར་རྣམ་པར་དག་པ་ཕུལ་དུ་བྱུང་


MR04_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམིགས་པར་འདོད་དེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་དེས་ཇི་ལྟ་ཇི་སྙེད་ཀྱི་ཆོས་མ་ལུས་པ་གཟིགས་པའམ་དམིགས་པའི་ཕྱིར་རོ། །གསུམ་པ་ཡང་དག་པར་འགྲུབ་པ་བླ་ན་མེད་པ་ནི། མ་ཚང་མེད་དང་སོགས་ཀྱིས་བསྟན་ཏེ། ཐེག་པ་ཆེན་པོའི་ལམ་ལ་ཞུགས་པས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་གང་ཞིག་ཉན་རང་གི་ཐོབ་བྱ་ལས་ཁྱད་པར་དུ་འཕགས་པ་འགྲུབ་པ་ནི་རྣམ་པ་བཅུས་བསྟན་ཏེ། དེ་ཡང་ཐེག་པ་ཆེན་པོ་མཐའ་དག་གི་དོན་བསྡུ་བ་རྣམ་པ་བཅུར་གསུངས་པ་ནི། མདོ་སྡེ་རྒྱན་ལས། རིགས་དང་ཆོས་ལ་མོས་པ་དང་། །དེ་བཞིན་སེམས་ནི་བསྐྱེད་པ་དང་། །སྦྱིན་ལ་སོགས་པ་སྒྲུབ་པ་དང་། །སྐྱོན་མེད་པ་ལ་འཇུག་ཉིད་དང་། །སེམས་ཅན་རྣམས་ཡོངས་སྨིན་བྱེད་དང་། །ཞིང་ནི་རྣམ་པར་སྦྱོང་བ་དང་། །མི་གནས་མྱ་ངན་འདས་པ་དང་། །བྱང་ཆུབ་མཆོག་དང་སྟོན་པའོ། །ཞེས་གསུངས་པ་ལྟར་ཐེག་ཆེན་གྱི་རིགས་སད་པ་དང་། སད་པའི་རྐྱེན་ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་། བསམ་པ་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྦྱོར་བ་ཕར་ཕྱིན་དྲུག་པ་སྒྲུབ་པ་དང་། སྐྱོན་མེད་པ་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་འཇུག་པ་ནས་འཕགས་པའི་སར་ཚུད་པ་དང་། ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་


MR04_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་སྦྱོང་བ་དང་། སྲིད་ཞི་མཉམ་ཉིད་དུ་རྟོགས་པས་མི་གནས་པའི་མྱ་ངན་ལས་འདས་པའི་ཆོས་རྫོགས་པར་བྱེད་པ་སྟེ་འདི་གསུམ་ནི་གཙོ་བོར་དག་སས་བསྡུས་པའི་ཡོན་ཏན་ནོ། །མཐར་འབྲས་བླ་ན་མེད་པའི་བྱང་ཆུབ་མཆོག་སངས་རྒྱས་ཐོབ་པ་དང་། ཐོབ་ནས་སྲིད་པ་ཇི་སྲིད་དུ་བྱང་ཆུབ་ཡང་དག་པར་སྟོན་པའམ་སངས་རྒྱས་ཀྱི་ཚུལ་རྒྱུན་མི་གཅོད་པ་སྟེ། གཟུགས་སྐུ་ཉིད་ཀྱིས་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་མཛད་པའི་ཚུལ་རྒྱུན་མི་གཅོད་པའོ། །ཚུལ་དེ་དང་མཐུན་པར་འདིར་ཡང་ཐེག་ཆེན་སྟོན་པའི་དགེ་བའི་བཤེས་གཉེན་སོགས་འཁོར་ལོ་ཆེན་པོ་བཞི་དང་ལྡན་པ་ཐེག་པ་ཆེན་པོའི་རིགས་སད་པའི་རྐྱེན་མ་ཚང་བ་མེད་པ་ནི་རིགས་ཡང་དག་པར་འགྲུབ་པ་སྟེ་རྒྱུ་ཐམས་ཅད་ཀྱི་དང་པོའོ། །དེ་བཞིན་དུ་ཐེག་པ་མཆོག་གི་ལམ་ཡོངས་སུ་མི་སྤོང་བ་ཐེག་ཆེན་ལ་མོས་པ་ཡང་དག་པར་འགྲུབ་པ་དང་། ཐེག་དམན་ཡིད་བྱེད་ཀྱིས་མི་གཡེང་བ་ཐེག་ཆེན་སེམས་བསྐྱེད་ཡང་དག་པར་འགྲུབ་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་རབ་ཏུ་རྫོགས་པར་བྱེད་པ་སྒྲུབ་པ་ཡང་དག་པར་འགྲུབ་པ་དང་། ས་དང་པོར་འཇིག་རྟེན་ལས་འདས་པ་ཡང་དག་པའི་ཆོས་འཕགས་ལམ་བསྐྱེད་པ་སྐྱོན་མེད་པར་འཇུག་པ་ཡང་དག་པར་འགྲུབ་པ་དང་། དེ་ནས་ས་


MR04_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་པའི་བར་དུ་དགེ་བའི་རྩ་བ་གོང་ནས་གོང་དུ་ཡུན་རིང་པོར་འཕེལ་བས་སེམས་ཅན་ཡོངས་སུ་སྨིན་པ་ཡང་དག་པར་འགྲུབ་པ་དང་། ས་བརྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་སེམས་ལས་སུ་རུང་ཞིང་ཁ་ཕྱིར་བལྟས་སྒོ་ལྔའི་རྣམ་ཤེས་གནས་གྱུར་པས་ཞིང་ཡོངས་སུ་དག་པ་ཡོངས་སུ་འགྲུབ་པ་དང་། སྲིད་ཞི་མཉམ་པ་ཉིད་དུ་རྟོགས་ཏེ་ཁ་ནང་བལྟས་ཉོན་མོངས་པའི་ཡིད་གནས་གྱུར་པས་འཁོར་འདས་གཉིས་ཀྱི་མཐའ་ལ་མི་གནས་པའི་མྱང་འདས་ཀྱི་དོན་མཐོང་བས་སངས་རྒྱས་རྣམས་ཀྱིས་ཕྱིར་མི་ལྡོག་པའི་ས་ལ་ལུང་སྟོན་པ་ཡང་དག་པར་འགྲུབ་པ་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་ཟད་པས་སྒྲིབ་པ་མེད་པས་བྱང་ཆུབ་མཆོག་སངས་རྒྱས་ཀྱིས་ཡང་དག་པར་འགྲུབ་པ་ཉིད་དང་། བླ་ན་མེད་པ་བྱང་ཆུབ་ཆེན་པོ་སྐུ་གསུམ་གྱི་བདག་ཉིད་ཅན་དེ་ཡི་ཚུལ་ནམ་ཡང་རྒྱུན་མི་གཅོད་པ་བྱང་ཆུབ་ཀུན་ཏུ་སྟོན་པ་ཡང་དག་པར་འགྲུབ་པ་ཉིད་དེ། དེ་ལྟར་མཐར་ཐུག་གི་འབྲས་བུའི་བར་དུ་འགྲུབ་ཚུལ་ལེགས་པར་བསྟན་པ་ཡིན་ནོ། །བཞི་བ་མཇུག་གི་དོན་ལ་གཞུང་འདི་རྟོགས་དཀའ་ཞིང་ཡོན་ཏན་ཆེ་བར་བསྟན་པ་དང་། གཞུང་དེའི་མཛད་བྱང་དང་འགྱུར་བྱང་སྨོས་པའོ། །དང་པོ། དབུས་རྣམ་འབྱེད་པའི་སོགས་ཀྱིས་བསྟན་ཏེ། མཐའ་དང་བྲལ་བའི་དབུས་གང་


MR04_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་དབུ་མའི་ལམ་སྟོན་པས་ན། དབུས་རྣམ་པར་འབྱེད་པའི་བསྟན་བཅོས་སམ། དབུས་དང་མཐའ་མ་འདྲེས་པ་རྣམ་པར་འབྱེད་པའི་བསྟན་བཅོས་ཞེས་བྱ་སྟེ། འདི་ནི་ཤིན་ཏུ་ཟབ་པས་རྟོག་གེའི་བློས་རྟོགས་པར་དཀའ་བ་དང་། ཕས་ཀྱི་རྒོལ་བས་མི་ཤིགས་པའི་སྙིང་པོའི་དོན་ནམ། ཐེག་པ་མཐའ་དག་གི་སྙིང་པོའི་དོན་དུ་གྱུར་པ་དང་། རང་དང་གཞན་གྱི་དོན་ཆེན་པོ་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་བླ་ན་མེད་པ་ཐོབ་པ་དང་། ཐེག་པ་གསུམ་གྱི་རིགས་ཅན་མཐའ་དག་པ་ཀུན་ཀྱི་དོན་དུ་གྱུར་པ་དང་། དོན་མེད་པ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་དང་། ཉོན་ཤེས་ཀྱི་སྒྲིབ་པ་ཐམས་ཅད་སེལ་བ་སྟེ་ཡོན་ཏན་གྱི་ཁྱད་པར་ལྔ་དང་ལྡན་པའི་ཕྱིར་མཆོག་གི་བསྟན་བཅོས་སུ་གྱུར་པ་ཉིད་དོ། །བསྟན་བཅོས་དབུས་མཐའ་རྣམ་འབྱེད་ཀྱི་ཐེག་པ་བླ་ན་མེད་པའི་ལེའུའི་འགྲེལ་བའི་སྐབས་སོ། །གཉིས་པ་མཛད་བྱང་ནི། བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ་འཕགས་པ་བྱམས་པས་མཛད་པ་རྫོགས་སོ། །ཞེས་དང་། འགྱུར་བྱང་ནི། རྒྱ་གར་གྱི་མཁན་པོ་ཛཱི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་སོ། །སླར་ཡང་སྨྲས་པ། མཐར་འཛིན་ལྟ་བ་ངན་པའི་


MR04_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་ས་ལས། །བདེ་བར་སྒྲོལ་བྱེད་ཡང་དག་དབུ་མའི་ལམ། །རིགས་ཅན་གསུམ་གྱི་གང་ཟག་འཇུག་པའི་སྒོ། །རྒྱལ་ཚབ་སེམས་དཔའ་མཆོག་དེས་ལེགས་པར་བསྟན། །སྣ་ཚོགས་ཆོས་ཀྱི་ཕུང་པོའི་རིན་ཆེན་གཏེར། །གང་དུ་ཆུད་པ་རྒྱ་ཆེའི་ཆོས་ཀྱི་མཛོད། །གསལ་བར་སྟོན་པ་ལེགས་བཤད་འོད་ཕྲེང་འདིས། །འགྲོ་ཀུན་ཆོས་ཀྱི་འབྱོར་བས་ཚིམ་བྱེད་ཤོག །ཆོས་སྡེ་འདིས་མཚོན་འཛམ་གླིང་ཐ་གྲུ་ཀུན། །ཡང་དག་ཆོས་ཀྱི་སྣང་བས་ཁྱབ་གྱུར་ཏེ། །བཤད་སྒྲུབ་པདྨའི་དགའ་ཚལ་རབ་རྒྱས་ཤིང་། །མི་ཉམས་སྲིད་མཐའི་བར་དུ་གནས་གྱུར་ཅིག །བདག་ཀྱང་རྫོགས་སྨིན་སྦྱངས་པ་མཐར་ཕྱིན་ཅིང་། །མཁའ་ཁྱབ་ཡིད་ཅན་ཐེག་པ་མཆོག་ལ་འགོད། །བསྟན་དང་འགྲོ་བའི་དཔལ་ཡོན་གོང་དུ་འཕེལ། །འགྲོ་ཀུན་བྱང་ཆུབ་མཆོག་གི་གནས་ཐོབ་ཤོག །ཅེས་པ་འདི་ནི་མཁས་བཙུན་བཟང་པོའི་རྣམ་ཐར་མཚུངས་པ་མེད་པའི་སྤོ་ལ་གནས་ཤིང་སྐུ་ཚེ་ཧྲིལ་བོར་སྒྲུབ་པའི་རྒྱལ་མཚན་ཆེན་པོ་ལེགས་པར་བཙུགས་པའི་རྣམ་ཐར་གྱིས་ས་གསུམ་མངོན་པར་དགའ་བའི་དཔལ་སྟེར་བ་ཀཿཐོག་པ་ལྕམ་ལ་སྤྲུལ་བའི་སྐུ་པདྨ་དཀོན་མཆོག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་བཀྲ་ཤིས་པའི་ལྷ་རེག་དང་། རིན་ཆེན་གཉིས་པའི་སྐྱེས་དང་བཅས་བཀའ་ཡིས་བསྐུལ་མ་གནང་བ་སྙིང་ལ་


MR04_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་ནའང་། རེ་ཞིག་དེ་གར་ལུས་པ། སླད་ནས་ཀཿཐོག་པ་སི་ཏུ་སྤྲུལ་བའི་སྐུ་རིན་པོ་ཆེར་བྱམས་ཆོས་སྐོར་ཕུལ་བའི་སྐབས་ཤོག་སྣག་སོགས་མཐུན་པའི་རྐྱེན་སྦྱར་བ་ལས། མདོ་ཁམས་འདི་ན་འགྲན་ཟླ་དང་བྲལ་བའི་གདན་ས་ཆེན་པོ་འཕགས་ཡུལ་མ་ག་དྷ་གཉིས་པར་གྲགས་པ་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ་ཆེན་པོར་མི་ཕམ་རྣམ་པར་རྒྱལ་བས་རབ་ཚེས་རྒྱལ་བ་ཤིང་རྟ་ལོའི་ཁྲུམས་སྟོད་ཟླ་བའི་ཚེས་ཉེར་གསུམ་ལ་དབུ་བརྩམས་ཏེ་བཤད་པ་བྱེད་པའི་ཐུན་གསེང་རྣམས་སུ་ཅུང་ཟད་རེ་བྲིས་ཤིང་། ཟླ་བ་དེའི་ཕྱི་མའི་ཚེས་ལྔ་གཟའ་སྐར་དགེ་བའི་ལྔ་ཆར་གྲུབ་པར་བགྱིས་པ་འདིས། སྐུལ་བ་པོ་སོགས་བདག་གི་བླ་མ་ཞི་བར་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས་པ་དང་། མ་འོངས་པའི་གང་ཟག་རྣམས་ལ་ཆོས་ཀྱི་མིག་ཡོངས་སུ་འབྱེད་པ་དང་། མཁའ་ཁྱབ་ཀྱི་སྐྱེ་དགུ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་དོན་ཡོངས་སུ་གྲུབ་པའི་དགེ་ལེགས་ཀྱི་དཔལ་དམ་པ་སྦྱིན་པར་གྱུར་ཅིག །སརྦ་མངྒ་ལྃ། ༈ །ན་མ་ཨཱརྱ་མཻ་ཏྲི་ཡ། བསྐལ་བཟང་རྣམ་འདྲེན་ལྔ་བ་བྱམས་པའི་མཚན། །གསུང་རབ་སྡེ་ལྔའི་ནང་ཚན་ཐེག་ཆེན་པོ། །ཟབ་རྒྱས་དོན་སྟོན་དབུས་མཐའ་རྣམ་པར་འབྱེད། །མཚན་ཉིད་སྒྲིབ་པ་དེ་མཉམ་བླ་མེད་ལྔ། ༡། རྟེན་འབྱུང་གཞན་དབང་ཀུན་བཏགས་


MR04_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྟོང་པའི། །ཡོངས་གྲུབ་དབུ་མའི་ལམ་མཆོག་སྟོན་པའི་གཞུང་། །མི་ཕམ་མཁས་པའི་དབང་པོས་ལེགས་བཀྲལ་བའི། །འགྲེལ་ཆེན་ཉིན་བྱེད་སྣང་བ་འཆར་འདི་རྨད། ༢། གཞུང་འདི་སྤར་བསྐྲུན་རྣམ་དཀར་དགེ་བའི་མཐུས། །ཐུབ་བསྟན་མདོ་སྔགས་རིགས་ལམ་ཡན་ལག་བཅས། །བཤད་སྒྲུབ་ཕྲིན་ལས་མི་ནུབ་བྱམས་བསྟན་པར། །འཕེལ་བའི་རྒྱུར་བསྔོ་དེ་བཞིན་འགྲུབ་གྱུར་ཅིག༣། ཅེས་པ་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་རབ་རྣམས་བླ་མ་ཞིང་སྐྱོང་གིས་པར་གྱི་འདུ་བྱེད་བགྱི་སྐབས་དགེ་རྒན་བྱམས་པ་འདས་པོའི་དངོས་རྫས་དགེ་ཕྱོགས་སུ་བཏང་དུས་སྤར་གྱི་ཡོན་ཇི་བབས་ཕུལ་ཏེ་དཔལ་ལྡན་ལྷུན་གྲུབ་སྟེང་དུ་རབ་རྒྱལ་ལྕགས་རྟ་ཟླ༨དུས་ཚེས་དགེ་བའི་ཆར་ཡོངས་སུ་གྲུབ་པ་བགྱིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།།

དོན་རྣམ་པར་ངེས་པ་ཤེས་རབ་རལ་གྲིའི་མཆན།


MR04_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

དོན་རྣམ་པར་ངེས་པ་ཤེས་རབ་རལ་གྲིའི་མཆན་བཅས་བཞུགས་སོ། །


MR04_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཐའ་བསྟན་པ་ལུང་ཚད་མ་འཁྲུལ་བ་ལྡན་པ་མིན། །ནོར་བ་ཐམས་ཅད་རྣམ་པར་སྟོན་པ་མངོན་སུམ་ཚད་མ་སྤངས། །དོན་སྒྲུབ་ཚུལ་རྗེས་དཔག་ཚད་མ་གསུམ་ཚུལ་གསུམ་ཚང་བས་ཐེ་ཚོམ་མེད་པའི་བློ། །དེ་དག་གི་ངོ་བོ་ཡིན་པས་འཇམ་དཔལ་མཁྱེན་པའི་གཏེར་ལ་འདུད། །སྟོང་ཉིད་ཟབ་དོན་དམ་ཅིང་ས་དང་ཕར་ཕྱིན་སོགས་རྒྱ་ཀུན་རྫོབ་ཆེ་བས་རྟོགས་དཀའ་བ། །བདེ་བར་གཤེགས་པའི་ཐེག་ཆེན་གྱི་བསྟན་པའི་བདུད་རྩི་ནི། །སྐལ་ལྡན་གང་གིས་མྱང་བར་འདོད་པ་ལ། །བློ་གྲོས་སྐྱེད་པའི་ལེགས་བཤད་ཀྱི་སྣང་བ་རྣམ་པར་སྦྱིན། །པར་བྱའོ། །


MR04_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་ཀྱིས་ཆོས་ཇི་སྙེད་བསྟན་པ། །ཐམས་ཅད་བརྗོད་བྱ་བདེན་པ་གཉིས་ལ་ཡང་དག་བརྟེན། །དེ་གང་ཞེ་ན་འཇིག་རྟེན་པ་ཀུན་རྫོབ་ཀྱི་བདེན་པ་དང་། །འཇིག་རྟེན་ལས་འདས་པ་དམ་པའི་དོན་གྱི་བདེན་པའོ། །དེ་ཡང་བདེན་གཉིས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་ཏུ་རྟོག་པ་ལས་ལྷག་པའི་རྟོགས་པ་གཞན་ཅི་ཡང་མི་སྲིད་པས་ཐེག་པའི་རིམ་པ་བཞིན་བདེན་གཉིས་དངོས་པོའི་གནས་ཚུལ་ཇེ་ཟབ་ཏུ་རྟོགས་པ་ཤེས་པར་བྱའོ། །གཞལ་བྱ་བདེན་པ་གཉིས་ཀྱི་རང་བཞིན་གནས་ལུགས་ལ། །འཇལ་བྱེད་མ་ནོར་བར་ཚུལ་བཞིན་ངེས་པའི་བློས་འཇུག་ན། །སྐྱོན་གྱི་དྲི་མེད་ཐ་སྙད་དང་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་


MR04_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གཉིས་ཀྱི། །མིག་བཟང་མཆོག་ཏུ་བསྒྲུབ་པར་བྱ། །ཇི་ལྟར་འཇིག་རྟེན་ན་སྣང་བ་འདི་དག་ནི། །རྒྱུ་རྐྱེན་ལ་རྟེན་ཅིང་འབྲེལ་འབྱུང་ཚུལ་གྱིས་སྐྱེ། །རྒྱུ་རྐྱེན་ལ་ལྟོས་པ་མེད་གང་ནམ་མཁའ་ཡི། །པདྨོ་བཞིན་ཏུ་སྤྱོད་ཡུལ་དུ་སྣང་མི་འགྱུར། །ས་བོན་ཆུ་ལུད་དྲོད་གཤེར་ལྟ་བུ་རྒྱུ་ཡི་ཚོགས་པ་ཚང་བས་ནི། །མྱུ་གུ་ལྟ་བུ་འབྲས་བུ་སྐྱེད་པའི་བྱ་བ་བྱེད། །ཇི་སྙེད་འབྲས་བུའི་བདག་ཉིད་ཀུན། །རང་རང་རྒྱུ་ལ་ལྟོས་པ་ཉིད། །དེ་མེད་ན་མི་འབྱུང་བའི་ཕྱིར་རོ། །དེས་ན་བྱ་བ་བྱེད་པ་རྒྱུ་དང་ལྟོས་པ་འབྲས་བུ་དག །རྒྱུ་དེས་འབྲས་བུ་དེ་བསྐྱེད་པ་དང་འབྲས་བུ་དེ་རྒྱུ་དེ་ལ་ལྟོས་པ། གནས་དང་དེས་དེ་མི་བསྐྱེད་པ་དང་དེ་དེ་ལ་མི་ལྟོས་པ་གནས་མིན་ཚུལ་ཤེས་པས། །འཇིག་རྟེན་ན་བྱ་བ་ལ་འཇུག་དང་ལྡོག་པར་བྱེད་པས་ན། །འཇིག་རྟེན་གྱི་བཟོ་སོགས་དང་ནི་ཕྱི་ནང་གི་གྲུབ་པའི་མཐའ། །ཀུན་ཀྱང་བྱ་བྱེད་དང་ལྟོས་པ་དེ་ཡི་རྩ་བ་ཅན། །ཡིན་ནོ། །དེ་ཕྱིར་རིགས་པ་གཉིས་སོ། །དེས་ནི་འཇིག་རྟེན་དང་། །འཇིག་རྟེན་འདས་པའི་བསླབ་བྱ་བསྡུས། །རྟེན་འབྱུང་ཚུལ་གྱིས་གང་སྐྱེས་པའི། །ཆོས་ཀུན་རང་རང་ངོ་བོ་ཡིས། །གཞན་དང་རང་མཚན་ཐུན་མིན་གནས་པའི་མཚན་ཉིད་ཅན། །སྲ་གཤེར་དྲོ་སོགས་


MR04_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་ཀྱི། །ཆོས་ཉིད་འདི་ལ་སུས་ཀྱང་དེ་མ་ཡིན་ཞེས་ཐ་སྙད་དུ་བསྙོན་དུ་མེད། །བུམ་པ་ལྟ་བུའི་ཆོས་གཅིག་ལ་ཡང་ཆོས་སྣ་ཚོགས། །ཡིན་དང་ཡོད་སོགས་སྒྲུབ་དང་མིན་དང་མེད་སོགས་སེལ་བའི་ཐ་སྙད་ཀྱི། །རྣམ་གཞག་ཤིན་ཏུ་མཐའ་ཡས་དོན། །རང་རང་ལ་གཞན་གྱིས་མ་བྱས་པར་ངོ་བོ་ཉིད་ཀྱིས་གནས། །བུམ་པ་ལྟ་བུ་མངོན་སུམ་གྱིས་ནི་ཡོངས་གཟུང་དོན། །གང་ལ་བྱ་བ་མི་རྟག་སྐྱེ་ལྡན་ལ་སོགས་པ་ལྡོག་པའི་སྒོ་ནས་ནི། །རྣམ་པར་བཏགས་ཏེ་ཐ་དད་ལྟ་བུའི་ཆོས། །སུ་སྒྲ་དོན་འདྲེས་འཛིན་གྱི་རྟོག་བཅས་ཡིད་ཀྱིས་ཕྱེ་ཞིང་སྦྱོར། །འགལ་འབྲེལ་ཡུལ་ཡུལ་ཅན་དངོས་པོའི་རྫས་ཡོད་དང་རྫས་དེ་ལས་ལྡོག་པས་བཏགས། །ཡོད་རྣམ་པ་གཉིས་ཀྱི་ཚུལ་ལས་ནི། །ཤེས་བྱ་རྣམས་ཀྱང་རྟོགས་བྱ་སྟེ། །དེ་ལས་སྤྲོས་པའི་རྣམ་གཞག་དགག་སྒྲུབ་སྣང་སེལ་མཚན་མཚོན་སོགས་མང་། །དེ་ལྟར་བྱ་བྱེད་རྒྱུ་ལྟོས་པ་འབྲས་ཆོས་ཉིད་ངོ་བོའི་ཆོས། །དེ་རྣམས་ལ་དོན་དམ་དཔྱོད་བྱེད་ཀྱིས། ཡང་དག་ཉིད་དུ་རྣམ་བརྟགས་ན། །བྱ་བ་བྱེད་པ་སྐྱེད་པར་བྱེད་པ་རྒྱུ་ཉིད་ཀྱང་མི་དམིགས་ཤིང་། །ལྟོས་ནས་སྐྱེ་བ་འབྲས་བུ་དག་ཀྱང་མེད། །ཆོས་


MR04_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རང་རང་གི་ངོ་བོར་སྣང་བ་ཡང་། །གཞན་གྱིས་མ་ཡིན་པར་ངོ་བོ་ཉིད་ཀྱིས་སྟོང་པ་ནི། །བྱ་བ་བྱེད་པ་རྒྱུ་མཚན་མ་ལྟོས་པ་འབྲས་བུ་སྨོན་པ་ཆོས་ཉིད་ངོ་བོ་ཉིད་མེད་པའི་རྣམ་ཐར་གསུམ་ལྡན་ཆོས་ཀྱི་དབྱིངས། །དེ་ནི་དོན་དམ་པ་ཡི་ཆོས་ཉིད་ཀྱི་རིགས་པ་ཉིད་དོ། །ཐ་སྙད་དུ་བྱ་བ་བྱེད་དང་ལྟོས་པ་ཡང་། །དངོས་པོའི་རང་རང་གི་ཆོས་ཉིད་ཡིན་པས་ན། །རིགས་པའི་མཐའ་ནི་ཆོས་ཉིད་ལ། །ཐུག་ནས་དེ་ཕྱིན་ཆད་རྒྱུ་མཚན་འཚོལ་དུ་མེད། །དེ་དངོས་པོའི་ཆོས་ཉིད་ཡིན་པས་མེའི་ཚ་བ་བཞིན་ནོ། །གོང་དུ་བཤད་པ་དེ་ལྟར་བདེན་གཉིས་ཆོས་ཉིད་ལ། །རྗེས་སུ་མཐུན་པར་རིགས་པས་གང་གཞལ་བ། །དེ་ནི་དངོས་པོའི་སྟོབས་ཤུགས་ལས་གྲུབ་པས་ན། །འཐད་པ་སྒྲུབ་པའི་རིགས་པ་ཡིན། །ཇི་ལྟར་སྣང་བའི་ཚུལ་ཀུན་རྫོབ་དང་ཇི་ལྟར་གནས། །པའི་གནས་ཚུལ་དོན་དམ་པ་དེའི་རང་གི་ངོ་བོ་མངོན་སུམ་མམ། །རྟགས་མངོན་པར་སྣང་བ་ལ་བརྟེན་ནས། །མི་བསླུ་བར་དོན་གཞན་ལ་རྗེས་སུ་དཔག་སྟེ་ངེས་པར་བྱེད་པའོ། །དབང་ཡིད་མངོན་སུམ་སྐབས་སྤྱིར་དབང་ཡིད་ཀྱི་མངོན་སུམ་གྱི་ངོ་བོ་ངོས་བཟུང་བ་ཡིན་གྱི་མངོན་སུམ་ཚད་མ་ཁོ་ནར་བཤད་པ་མིན་ལ། ཚད་མ་ནི་གོང་


MR04_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་འཁྲུལ་ཞེས་པ་དེ་སྦྱར་བས་ཁྱད་པར་དུ་ཕྱེ་ལ་ཤེས་པར་བྱའོ། །མངོན་སུམ་ཉིད་ནི་རྣམ་པ་བཞི། །མ་འཁྲུལ་བ་གྲུར་ཞུགས་པ་ལྟ་བུས་མ་འཁྲུལ་བ་དབང་པོ་དང་མྱོས་པ་ལྟ་བུས་མ་འཁྲུལ་བ་ཡིད་དང་རང་རིག །རྣལ་འབྱོར་དང་བཅས་པ་དེ་ཡི་ཡུལ། །ནི་དོན་སྤྱི་ཙམ་མིན་པར་དོན་རང་མཚན་སྣང་ཕྱིར་རྟོག་པ་གསུམ་ལས་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མེད་པའོ། །གལ་ཏེ་མངོན་སུམ་དེ་དག་མེད་པ་ན། །དུ་བ་སོགས་མི་སྣང་བས་ན་རྟགས་མེད་པས་དེ་ཕྱིར་རྗེས་དཔག་མེད། །ཅིང་དེ་མེད་ལ་གཞན་ཡང་རྒྱུ་ས་བོན་ལས་མྱུ་གུ་སྐྱེ་དང་མཐར་དེ་འགག་པ་སོགས། །འཇིག་རྟེན་ན་སྣང་ཚོད་འདི་ཀུན་མཐོང་མི་སྲིད་ལ། །མི་སྲིད་པ་དེ་ལྟ་ན་ནི་དེ་དག་མེད་པའི་སྣང་ཚོད་པ་དེ་ཉིད་ཀྱི། །སྟོང་སོགས་རྟགས་གང་ལ་བརྟེན་ནས་ཤེས། །ཏེ་ཐབས། འཇིག་རྟེན་ན་སྣང་བའི་ཐ་སྙད་བདེན་པ་འདི་ལ་ལ་ནི་མ་བརྟེན་པར། །ཐབས་དེ་ལས་བྱུང་བའི་དམ་པའི་དོན་སྟོང་པ་ཉིད་ནི་རྟོགས་པར་མི་འགྱུར། །བའི་ཕྱིར་རོ། །མིག་སོགས་དབང་ལྔ་ལས་སྐྱེས་བློ་རྣམ་ཤེས་གང་གིས། །གཟུགས་སོགས་རང་ཡུལ་གསལ་བར་ཉམས་མྱོང་བ། །དབང་པོའི་


MR04_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་ཡིན་ལ་དེ་མེད་ན། །ལོང་སོགས་བཞིན་ཏུ་ཕྱི་རོལ་གྱི་དོན་མི་མཐོང་། །ཡིད་དབང་ལས་སྐྱེས་ཕྱི་གཟུགས་སོགས་དང་། རྨི་ལམ་ནང་གཉིས་ཀའི་ཡུལ། །གསལ་བར་གཅོད་དེ་ངེས་པ་ཡིད་མངོན་སུམ། །དེ་མེད་ཕྱི་ནང་གི་ཆོས་ཀུན་ཐུན་མོང་དུ། །ཤེས་པའི་རྣམ་རིག་མེད་པར་འགྱུར། །དོན་དམ་པའི་ངོ་བོ་མངོན་སུམ་དུ་འཇལ་བ་འཕགས་པའི་མཉམ་བཞག་ཡེ་ཤེས་ལྟ་བུ། དོན་དམ་པ་རྗེས་དཔག་གིས་འཇལ་བ་རྟེན་འབྱུང་གི་རིགས་པས་བདག་མེད་སྒྲུབ་པ་ལྟ་བུ། ཐ་སྙད་པའི་ངོ་བོ་མངོན་སུམ་འཇལ་བ་ཨུཏྤལ་གྱི་སྔོན་པོ་མིག་ཤེས་ཀྱིས་བཅོད་པ་ལྟ་བུ། ཐ་སྙད་ཀྱི་དོན་ལ་རྗེས་སུ་དཔག་པ་མངོན་སུམ་སྣང་བས་དུ་བ་ལས་མེ་དཔོགས་པ་ལྟ་བུའོ། །རྣལ་འབྱོར་གྱི་བླ་མས་བསྟན་པའི། ལུང་བཞིན་ལེགས་པར་བསྒོམས་པ་ཡི། །མཐར་ཐུག་བདག་མེད་པའི་དོན་དང་སྟོང་གཉིས་གསུམ་དང་གྲངས་མེད་མཐོང་བ་སོགས་རང་ཡུལ་གསལ་བར་མྱོང་བ། །རྣལ་འབྱོར་མངོན་སུམ་དེ་མེད་ན། །གང་ཟག་ཕལ་བའི་ཡུལ་འདས་པ་རྣལ་འབྱོར་པའི་ཡུལ་གྱི་དོན་མི་མཐོང་། །མིག་དབང་གིས་མངོན་སུམ་མྱོང་བས་གཟུགས་ལ་ནི། །དུང་སེར་པོ་སྒྲོ་འདོགས་པ་ལྟ་བུའི། སྒྲོ་འདོགས་གཅོད་པ་


MR04_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བ། །རང་སེམས་ལ་ཡང་ཉམས་སུ་མྱོང་བའི་སྒོ་ནས་གཞན་ལ་མི་ལྟོས་པར་སྒྲོ་འདོགས་གཅོད་པ་དེ་ཡོད་ན། །དེ་རང་རིག་གིས་མ་ཤེས་པར། དེ་ལ་ཤེས་མཁན་གཞན་ཡོད་ན་དེ་ལའང་ཤེས་མཁན་གཞན་ཡོད་དགོས་པ་སོགས་ཐུག་མེད་འགྱུར། །ཏེ་དུས་མཉམ་པ་དང་མི་མཉམ་པའི་ཤེས་པའང་གཞན་གང་ཡོད་ཀྱང་ཐུག་མེད་དུ་འགྱུར་རོ། །དེ་ཕྱིར་ཤེས་པ་ནི་ཤིང་རྟ་དང་རྩིགས་པ་སོགས་ལས་བཟློག་སྟེ། གསལ་རིག་ངོ་བོ་ཉིད་དུ་གྱུར་པ་ཡིས། །ཕྱི་རོལ་གྱི་ཡུལ་ཤེས་པ་བཞིན་ཏུ་རང་ཉིད་ཀྱང་། །རང་གཞན་ལ་ལྟོས་པ་མེད་པར་རང་ལ་རང་གསལ་བ། །འདི་ལ་རང་རིག་ཅེས་སུ་བརྗོད། །མངོན་སུམ་གཞན་གསུམ་གྱིས་ཉམས་མྱོང་གང་། །ལ་མངོན་སུམ་ཡིན་པ་ཉིད་དུ་ངེས་བྱེད་པ། །རང་རིག་ལས་ཡིན་པས་དེ་མེད་ན། །ཚུལ་གཞན་གང་གིས་མངོན་སུམ་དེ་འགྲུབ་མི་འགྱུར། །ཏེ་སྔོན་པོ་མིག་ཤེས་ཀྱིས་གྲུབ་ན་མིག་ཤེས་མངོན་རྗེས་གང་གིས་གྲུབ། མངོན་སུམ་གྱིས་གྲུབ་ན་མངོན་སུམ་དབང་དོན་དུས་མཉམ་མི་མཉམ་གཉིས་ཀ་མི་འཐད་རྗེས་དཔག་གིས་གྲུབ་ན་དེ་མེད་དེ་མངོན་སུམ་མེད་པས་སོ། །རྗེས་དཔག་ནི་མངོན་སུམ་མྱོང་བའི་རྟགས་ལ་བརྟེན་


MR04_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐྱེ་བས་མངོན་སུམ་གྱི་རྩ་བ་ཅན། །ཡིན་ལ། མངོན་སུམ་དེ་ནི་རང་རིག་ཉིད་ཀྱིས་ངེས། །ཏེ་མངོན་སུམ་དུ་བཞག་དགོས་པས་འཁྲུལ་རྒྱུས་མ་འཁྲུལ་བའི་བློ་ཡི་ཉམས་མྱོང་རང་རིག་ལ། །མཐར་ཐུག་ནས་དེ་ནས་སྒྲུབ་བྱེད་གཞན་དུ་འཚོལ་དུ་མེད། །དེ་ཕྱིར་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་བྲལ་ཞིང་དབང་ཡིད་མ་འཁྲུལ་བའི། །དང་རང་རིག་རྣལ་འབྱོར་བཅས་པ། མངོན་སུམ་དག་ལ་བརྟེན་ནས་སུ། །མངོན་དུ་གྱུར་པའི་ཆོས་བུམ་པ་ལྟ་བུ་ལ་སོགས་པ་རྣམས་ལ། །རྟག་པ་ལ་སོགས་པའི་སྒྲོ་འདོགས་རྣམ་པར་སེལ་བར་བྱེད། །ཡུལ་རྣམས་བུམ་པ་ལ་སོགས་པ་དོན་གྱི་སྤྱི་ཙམ་བློས་བཟུང་ནས། །མིང་བུམ་པ་ཞེས་པའི་སྒྲ་དེ་དང་འདྲེས་པ་ལྟར་བསྲེས་ཏེ་རྣམ་པར་རྟོག་བྱེད་པ། །དེ་ནི་རྟོག་བཅས་ཀྱི་ཡིད་ཡིན་ལ་དེ་དག་གིས། །འཇིག་རྟེན་ན་དགག་སྒྲུབ་ཀྱི་ཐ་སྙད་སྣ་ཚོགས་རྒྱས་པར་བྱེད། །བརྡ་མི་ཤེས་པའི་བྱིས་པ་ཆུང་ངུ་དང་དུད་འགྲོ་ལྟ་བུའི་སྐྱེ་བོས་ཀྱང་། །བློ་ལ་དོན་གྱི་སྤྱི་ཙམ་སྣང་བ། །དེ་མིང་མ་ཤེས་ཀྱང་བསྲེས་ན། མིང་དང་འདྲེས་རུང་གི་རྟོག་པ་དེས། །དོན་རྣམས་ལ་འཇུག་པ་དང་ལྡོག་པར་བྱེད་པ་ཡིན། །སྟེ་དེ་དག་མེ་ལ་འགྲོས་


MR04_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཆུ་ལ་སྙེགས་པ་བཞིན་ནོ། །སྒྲ་དོན་འདྲེས་འཛིན་གྱི། རྟོག་བཅས་ཡིད་ནི་མེད་པ་ན། །ཕར་དགག་པ་དང་ཚུར་སྒྲུབ་པའི་ཐ་སྙད་ཀུན་འཇིག་རྟེན་ན་མེད་ཕྱིར། །དེས་དོན་རྗེས་སུ་དཔག་པ་དང་འཇུག་ལྡོག་གི་བསླབ་པའི་གནས། །གང་ཡང་སུ་ལའང་བསྟན་པར་མི་ནུས་སོ། །རྟོག་པས་མ་འོངས་དོན་གཉེར་དང་འདས་པའི་རྟོག་པ་སོགས། །ཀྱིས་ད་ལྟ་མངོན་གྱུར་མིན་པའང་བློས་འཇལ་ཞིང་སྒྲུབ། །པ་ཡིན་ལ་རྟོག་བཅས་ཀྱི་རྗེས་དཔག་མེད་གྱུར་ན། །རྟགས་ལ་བརྟེན་ནས་བཟང་ངན་དང་བླང་དོར་བྱེད་པ་ཐམས་ཅད་མེད་པས་ཐམས་ཅད་བཙས་མ་ཐག་པའི་བྱིས་པ་བཞིན་དོན་གང་ཡང་མི་ཤེས་པ་འབའ་ཞིག་ཏུ་འགྱུར། །རྟགས་དུ་བ་ལྟ་བུ་གང་ལ་བརྟེན་ནས་བསྒྲུབ་བྱ་མེ་ལྟ་བུ་གང་གོ་ནུས། །པ་དེ་ནི་རྟགས་ཡིན་ལ་དེ་ཡང་ཕྱོགས་ཀྱི་ཆོས་སུ་གྲུབ་པ་དང་། །བསྒྲུབ་བྱ་དེ་རྟགས་དེའི་རྗེས་སུ་འགྲོ་བ་དང་བསྒྲུབ་བྱ་དེ་ལྡོག་ན་རྟགས་དེ་ལྡོག་པའི་ཁྱབ་པ་སྟེ། །ཚུལ་གསུམ་ཚད་ན་བསྒྲུབ་བྱ་འགྲུབ་པ་ལ་འཁྲུལ་བ་མེད། །མངོན་རྗེས་ཚད་མས་བཞི་བོ་གང་རུང་བ་གཏན་ལ་ཕབ་པའི། །རྟགས་དེ་ལས་དབང་པོ་ལ་སོགས་པའི།


MR04_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

ལྐོག་ཏུ་གྱུར་པ་འགའ། །ཞིག་རྗེས་སུ་དཔོག་སྟེ་ངེས་པར་བྱེད་པ་ཡིན་ན་དེ་ཡང་། །བདག་གཅིག་དང་དེ་བྱུང་གང་རུང་གི་འབྲེལ་བའི་དབང་གིས་བསྒྲུབ་བྱ་གང་། །ཞིག་འགྲུབ་པ་དེ་བྱུང་གི་འབྲེལ་བས་འབྲས་བུས་རྒྱུ་བསྒྲུབ་པ་འབྲས་བུའི་རྟགས་དང་བདག་གཅིག་འབྲེལ་གྱི་སྒོ་ནས་རང་བཞིན་གྱི་རྟགས། །གཉིས་དང་སྣང་རུང་། མི་དམིགས་པའམ་འགལ་ཟླ་དམིགས་པས། །དགག་བྱ་གང་ཞིག་འགོག་པ་མ་དམིགས་པའི་རྟགས། །དེ་ལྟར་རྟགས་རིགས་ཐམས་ཅད་བསྡུ་ན་གསུམ་པོ་དེ་དག་ཏུ་གནས། །དོན་དམ་དཔྱོད་བྱེད་ཀྱི་མཐར་ཐུག་དབུ་མ་དང་སྔགས་ལས་ཀྱང་གསུངས་པའི་རིགས་པས་ཀྱང་དཔྱད་ན། ཡང་དག་ཏུ་ན་འཁོར་འདས་ལ་སོགས་པ་འདི་ལྟར་སྣང་བ་ཀུན། །ཡེ་ནས་རྣམ་དབྱེར་མེད་པའི་མཉམ་པ་ཉིད་ཡིན་པའི་ཕྱིར་དང་། །ཐ་སྙད་དཔྱོད་བྱེད་ཀྱི་མཐར་ཐུག་པ་རྡོ་རྗེ་ཐེག་པ་ནས་གསུངས་པའི་རིགས་པས་དཔྱད་ན། རྒྱུད་དག་པ་ན་སྣོད་བཅུད་དག་པ་འབའ་ཞིག་ཏུ་མཐོང་བས། །དེ་ཐམས་ཅད་གནས་ཚུལ་ལ་དག་པའི་རང་བཞིན་ཅན་དུ་གནས། །སོ། །དངོས་པོ་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བ་སྟེ། །དངོས་མེད་རྒྱུ་རྐྱེན་ལས་མ་སྐྱེས་པ་ཙམ་ལ་དགག་བྱ་རྣམ་པར་བཅད་པ་ཙམ་ལ་བརྟེན་ནས་བཏགས་པ་


MR04_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །པས་དེ་ཕྱིར་བུམ་པ་ལྟ་བུའི་དངོས་པོ་དང་བུམ་པ་བཀག་པའི་སྟོང་པ་ལྟ་བུ་དངོས་མེད་པ། །གཉིས་ཀ་གནས་ལུགས་ལ་མ་གྲུབ་པས་རང་གི་ངོ་བོ་ཉིད་ཀྱིས་སྟོང་། །མཐར་ཐུག་གི་གནས་ལུགས་དོན་དེ་ཁོ་ན་ཉིད་ཀྱི་ལ་སྟོང་གཞི་བུམ་པ་ལྟ་བུ་དང་། །དེ་བཅད་པའི་སྟོང་པ་གཉིས་རང་མཚན་ཐ་དད་དུ་མེད་པས། །སྣང་བ་བུམ་པ་ལྟ་བུ་དང་དེ་མ་གྲུབ་པའི་སྟོང་པ་གཉིས་པོ་དབྱེར་མེད་པར་སྣང་དུས་ནས་སྟོང་ལ་སྟོང་དུས་ནས་སྣང་བ་ཡིན་ཞིང་དེ་སྒྲ་རྟོག་གི་ཡུལ་མིན་པས་མིང་ཚིག་དང་རྟགས་ལ་སོགས་པ་གང་གིས་ཀྱང་བརྗོད་པ་དང་བྲལ། །འོ་ན་སུས་རྟོགས་ན་རྣལ་འབྱོར་བའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རིག་པར་བྱའོ། །བ་འཇིག་རྟེན་ན་སྒྲུབ་པའི་རྣམ་པ་ཇི་སྙེད་པ། །ཡོད་སྒྲུབ་དང་ཡིན་པར་སྒྲུབ་ལ་འདུ། །དགག་པའི་རྣམ་པ་ཇི་སྙེད་པ། །མེད་དགག་ཤུལ་དུ་ཆོས་གཞན་མི་འཕེན་པ་དང་མ་ཡིན་དགག་ཤུལ་དུ་ཆོས་གཞན་འཕེན་པས་བསྡུས། །མངོན་སུམ་སོགས་མི་བསླུ་བའི་ཚད་མ་ལ་བརྟེན་ནས་མི་འཐད་པ་དགག་པ་དང་འཐད་པ་སྒྲུབ་པར་བྱེད་ཀྱི། །རྣམ་གཞག་ཚུལ་བཞིན་ངེས་པར་བྱས་པར་རང་དོན་རྗེས་དཔག་སྔོན་


MR04_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོང་ནས། །གཞན་ལའང་རིགས་པ་དེ་དང་མཐུན་པར། །རང་ལུགས་འཐད་པ་སྒྲུབ་དང་གཞན་ལུགས་མི་འཐད་པ་སུན་འབྱིན་པའི་གཞན་དོན་རྗེས་དཔག་སྨྲ་བར་བྱེད། །གཞན་ལུགས་སུན་འབྱིན་ལ་ནི་ཚུལ་གསུམ་པའི། །གཏན་ཚིགས་རང་དོན་རྗེས་དཔག་ལྟར་རང་རྒྱུད་དུ་འགོད་པ་དང་། །ཚུལ་གསུམ་མ་ཚང་ཡང་ཕ་རོལ་གྱི་ཁས་བླངས་དེ་རྟགས་སུ་བཀོད་པ་ལ་བརྟེན་ནས། །ཐལ་བའི་ངག་གིས་ཕ་རོལ་དེ་སུན་འབྱིན་པའི་སུན་འབྱིན་ཡང་དག་པའོ། །ཚུར་རོལ་མཐོང་བའི་ཐ་སྙད་ལ་ཡང་གནས་ཚུལ་དང་སྣང་ཚུལ་དག །མི་མཐུན་པར་སྣང་བ་ཡོད་པའི་ཕྱིར། །མ་དག་ཚུར་རོལ་མཐོང་བ་འཇིག་རྟེན་དང་། །དག་པ་འཕགས་པའི་གཟིགས་པ་ལ་བརྟེན་པའི། །ཀུན་ཏུ་ཐ་སྙད་ཚད་མ་གཉིས། །ཡོད་དེ་དེ་གཉིས་དཔེར་ན་རང་ཡུལ་ཙམ་མཐོང་བའི་མི་དང་རང་ཡུལ་དང་སྔ་མ་གཉིས་ཀ་མཐོང་བའི་ལྷ་ཡི་མིག་བཞིན་ནོ། །ཚད་མ་དེ་གཉིས་ཀྱི་ནི་སོ་སོར་མི་འཁྲུལ་བའི་ཁྱད་པར་ཡང་། །ངོ་བོ་དང་རྒྱུ་དང་འབྲས་བུ་དང་ལས་ཀྱིས་ཐ་དད་དུ་དབྱེ། །དང་པོའི་ངོ་བོ་ཡུལ་ཤེས་བྱ་ཉི་ཚེའི་བ་དོན་ལ་མི་བསླུའི་བ་བློ། །འོ། །རྒྱུ་དབང་པོ་


MR04_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་རང་ཡུལ་དེ་མངོན་སུམ་ལ་སོགས་པས་ཚུལ་བཞིན་ཏེ་དངོས་པོའི་གནས་ཚུལ་ལྟར་ཕྱིན་ཅི་མ་ལོག་པར་བཟུང་བ་ལས་རྟོག་མེད་མིག་ཤེས་ཀྱིས་རང་ཡུལ་སྔོན་པོ་ཚུལ་བཞིན་བཟུང་བ་དང་རྟོག་བཅས་ཡིད་ཤེས་ཀྱིས་དུ་བའི་རྟགས་ལས་མེ་ཡོད་དུ་འཛིན་པ་ལྟ་བུའོ། །སྐྱེ། །འོ། །བྱེད་ལས་ཚུར་མཐོང་གི་ཡུལ་ལ་ཐེ་ཚོམ་གྱི་སྒྲོ་འདོགས་སེལ། །བའོ། །འབྲས་བུ་སྐབས་སུ་བབས་པའི་དོན་དེ་མ་ནོར་བར་ཡོངས་སུ་འཛིན་པའོ། །གཉིས་པའི་ངོ་བོ་ཤེས་བྱ་རྒྱ་ཆེ་བ་ཡི་ཡུལ་ལ་མི་བསླུ་བའི་ཡུལ་ཅན་གྱི་ཡེ་ཤེས་ནི། །རྗེས་ཐོབ་ཀྱི་ཡུལ་ཅན་ཡིན་པས་དེའི་རྒྱུ་ནི་ཇི་ལྟའི་ཆོས་ཉིད་ལ་དམིགས་པའི་རྗེས་ལས་སྐྱེ། །བའོ། །བྱེད་ལས་ཚུར་མཐོང་གི་བློས་བསམ་མི་ཁྱབ་པའི་ཡུལ་ལ་ཐེ་ཚོམ་གྱི་སྒྲོ་འདོགས་སེལ། །བའོ། །འབྲས་བུ་ཤེས་བྱ་ཇི་སྙེད་པ་མཁྱེན་པའི་འབྲས་བུ་ཅན་ནོ། །དོན་དམ་ལ་ཡང་སྐྱེ་མེད་འགག་མེད་ལྟ་བུའི་རྣམ་གྲངས་པ་དང་། །སྤྲོས་པ་ཐམས་ཅད་དང་བྲལ་བའི། རྣམ་གྲངས་མིན་པའི་ཚུལ་གཉིས་ཀྱིས། །ཤེས་བྱ་དེ་འཇལ་བ་ལ་དོན་དམ་དཔྱོད་བྱེད་ཀྱི། །ཚད་མ་དེ་ཡང་གཉིས་སུ་འགྱུར། །རོ། །ཚད་མ་བཞི་པོ་དེ་སྔ་མ་ལ་བརྟེན་ཕྱི་མར་འཇུག །མིག་


MR04_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོན་རབ་རིབ་ལ་སོགས་པ་དག་པར་བྱེད་པའི་ཚུལ་བཞིན་དུ། །ཆོས་ཐམས་ཅད་ལ་ལྟ་བའི་ཚད་མའི་མིག་ནི་རྣམ་སྦྱངས་ཏེ། །ཐ་སྙད་དཔྱོད་བྱེད་ཀྱི་མཐར་ཐུག་དག་དང་དོན་དམ་དཔྱོད་བྱེད་ཀྱི་མཐར་ཐུག་མཉམ་པའི་དོན་མཐོང་བྱ། །སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མེད་པའི་དབང་ཡིད་དང་རྟོག་བཅས་ཀྱི་སེམས། །ནི་དཔེར་ན་དབང་ཤེས་རྟོག་མེད་ཟླ་གཉིས་མཐོང་བ་དང་ཡིད་ཤེས་རྟོག་མེད་རྨི་ལམ་དང་རྟོག་བཅས་ཐག་པ་ལ་སྤྲུལ་དུ་འཁྲུལ་བ་བཞིན། །དེ་རྣམས་ལ་འཁྲུལ་བའི་ཆ་དང་ཟླ་གཅིག་ཉིན་སྣང་ཐག་པར་འཛིན་པ་ལྟར་མ་འཁྲུལ་བའི་ཆ་ཡང་ཡོད་ཕྱིར། །མི་བསླུ་བ་དང་བསླུ་བའི་སྒོ་ནས་ཚད་མ་དང་ཚད་མིན་གྱི་རྣམ་གཞག་གྲུབ། །གལ་ཏེ་ཚད་མ་ཚད་མིན་གཏན་ནས་མེད་གྱུར་ན། །འཁྲུལ་པའི་ཕྱིར་རྫུན་པ་དང་མ་འཁྲུལ་བའི་ཕྱིར་བདེན། །པ་སོ་སོར་རྣམ་པར་དབྱེ་བ་གཏན་ནས་མི་སྲིད་པས། །ཕྱི་རོལ་པ་རྫུན་པ་དང་ནང་པ་བདེན་པའང་མི་སྲིད་པས། གྲུབ་པའི་མཐའ་རྣམས་ཀྱང་ནི་ཡོད་མི་སྲིད། །དོན་དམ་པ་དཔྱད་ན་མ་གྲུབ་པས་སོ་སྙམ་ན་དོན་དམ་དཔྱོད་བྱེད་ཀྱིས་ཡང་དག་པ་དེ་ཁོ་ན་ཉིད་དུ་དཔྱད་བྱས་ན། །མངོན་སུམ་དང་རྗེས་དཔག་གི་ཚད་དང་ཚད་མིན་དགག་བྱ་སྒྲུབ་བྱ་ཡུལ་ཡུལ་


MR04_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་སོགས། །ཀྱིས་རྣམ་གཞག་ཇི་ལྟ་ཇི་ལྟ་བར། །སྤྲོས་པ་གང་ཡིན་པ་དེ་དག་དེ་ལྟ་དེ་ལྟར་ཡང་། །རང་རང་གི་ངོ་བོ་ཉིད་ཀྱིས་སྟོང་པར་གྲུབ་པ། །དེ་ཕྱིར་ཡོད་མེད་གཉིས་ཡིན་གཉིས་མིན་གྱི་སྤྲོས་པ་ཀུན་བྲལ་ཉིད། །ནི་དཔེར་ན་མེ་ཡི་ཚ་བ་ཇི་བཞིན་ཏུ། །ཐ་སྙད་ཀྱི་སྤྲོས་པ་ཀུན་ལ་ཁྱབ་བྱེད་དུ་གནས། །དེས་ན་བུམ་པ་ལྟ་བུའི་སྣང་དང་དེ་མེད་པའི་སྟོང་པ་ནི། །ནམ་ཡང་འབྲལ་བ་མེད་པར་ཆོས་ཀུན་ལ་གནས་པས། །སྣང་བ་དེ་ཐབས་དང་སྟོང་པ་དེ་ཐབས་བྱུང་ཉིད་ཡིན་སླད། །ཐ་སྙད་ལྟ་བུ་གཅིག་བཀག་ནས་ཅིག་ཤོས་དོན་དམ་ལྟ་བུ་སྒྲུབ་པ་དང་དོན་དམ་བཀག་ནས་ཐ་སྙད་ཁོ་ན་སྒྲུབ་མི་ནུས། །པས་སྣང་སྟོང་དབྱེར་མེད་ཡིན་ནོ། །མི་དགོས་སོ་སྙམ་ན་ཚད་མ་དང་ཚད་མིན་གྱི་ཡིན་མིན་མ་དཔྱད་པར། །ཐལ་འགྱུར་བའི་ལུགས་ལྟར་འཇིག་རྟེན་ན་མཐོང་བ་ཙམ་ཀུན་རྫོབ་དུ་ཁས་བླངས་པ་ཞིག་གིས། །དོན་དམ་ཉིད་ལ་འཇུག་ཅེ་ན། །དེ་ལྟར་དོན་དམ་ལ་འཇུག་པ་ནི་བཀག་པ་མེད་མོད་ཀྱི། །ས་བོན་འདི་ལས་མྱུ་གུ་འདི་འབྱུང་བར་མཐོང་བ་ལ་སོགས་པ་ནི། །འཇིག་རྟེན་པ་ཡི་མངོན་སུམ་ཡིན་ལ། །དེ་ལ་


MR04_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་དོན་སྐྱེ་མེད་སོགས་དཔོག་པ་དེ་རྗེས་སུ་དཔག་པ་ཡིན་པའི་ཕྱིར། །དེ་ལའང་ཚད་མ་དང་ཚད་མིན་གྱི་མིང་མ་བཏགས་ཀྱང་དོན་ཚད་མ་དང་ཚད་མིན་མི་སྤོང་། །སྟེ་སྤང་མི་ནུས་སོ། །གྲངས་ལ་རྩོད་སྤོང་ཐ་སྙད་ཚད་མ་ལ་དག་མ་དག་གི་ཚད་མ་གཉིས་མེད་ན། །དག་པའི་ཚད་མ་ལོགས་སུ་མེད་པས་མ་དག་པའི་ཚད་མ་ལྟར་དག་པའི་གཟིགས་པ་རྫུན་པར་འགྱུར་ཞིང་། །མ་དག་པ་མཐོང་བའི་དུང་ལ་ཡང་། །དཀར་པོ་དང་སེར་པོ་བདེན་པ་དང་རྫུན་པའི་རྣམ་གཞག་མི་འཐད་དོ། །དོན་དམ་དཔྱོད་བྱེད་ལ་གཉིས་མེད་པར་རྣམ་གྲངས་པའི་དོན་ཙམ་ཡིན་ན། །མེད་པར་དགག་པའི་སྟོང་པ་ལམ་གྱིས་བདེན་གཉིས་ཟུང་འཇུག་དུ་གནས་པ་མི་ཤེས་ཤིང་། །དོན་དམ་མེད་པ་ཙམ་སོགས་ཀྱང་སྤྲོས་པ་ཡིན་པས་སྤྲོས་པའི་མཐར་ལྷུང་ལ། །དེ་སྤྲོས་པ་ཡིན་པའི་ཕྱིར་དེ་ཡང་དངོས་པོ་དཔྱད་པའི་རིགས་པ་རང་གིས་རང་ཉིད་ཀྱང་འཇིག །སྟེ་ཚུགས་མི་ཐུབ་བོ། །དེ་ཁོ་ན་ཉིད་དུ་ནི་གཞལ་བྱ་ཀུན་རྫོབ་མ་གྲུབ་ཅིང་། །འཇལ་བྱེད་ཀྱི་བློ་རྣམ་ཤེས་ཚོགས་བདུན་དང་རང་རིག་ཀྱང་། །དཔྱད་ན་མ་གྲུབ་པས་སྣང་སྟོང་དབྱེར་མེད་ཆུ་ཟླ་འདྲ། །བདེན་གཉིས་མཐར་ཐུག་ན་བདེན་


MR04_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབྱེར་མེད་པའི། །བདེན་གཅིག་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཉིད་མྱང་འདས་དང་ཡང་དག་པའི་མཐའ། །ཡིན་པས། ཆོས་ཀུན་དེ་ལ་དེ་ལས་བོགས་དབྱུང་དུ་མེད་པར་མཐར་ཐུག་པའི་ཕྱིར། །ཤེས་བྱེད་ཀྱི་བློ་དང་ཤེས་བྱ་ཡུལ་དབྱེར་མེད་པའི་སྐུ། །དེ་ནི་ཡེ་ཤེས་ཀྱི་སྐུ་ཡིན་པས་དེ་ཡི་ཡེ་ཤེས་ཀྱི་སྣང་བ་ལ་མཐའ་དབུས་བྲལ། །དེ་ལྟར་ཟབ་ཅིང་རྒྱ་ཆེ་བ་རིགས་པའི་ལམ་ན་ལྟ་བའི། །ཤེས་རབ་ཀྱི་མིག་བཟང་བགྲད་ནས་སུ། །བདེ་བར་གཤེགས་དང་དེ་ཡི་སྲས། །བྱང་སེམས་བློ་གྲོས་ཆེ་རྣམས་ལམ་གང་ནས་ནི། །གཤེགས་པའི་ལམ་བཟང་དེ་ཉིད་ཀྱིས་ངེས་པར་མཐོང་བྱ་སྟེ། །འདི་ན་མདོ་སྔགས་ཐེག་པའི་ཚུལ། །རྙེད་དཀའ་བ་རང་གི་བསོད་ནམས་ཀྱིས་དུས་སུ་རྙེད་པ་ལ། །རང་རྒྱུད་ལ་དེའི་རོ་མྱོང་བ་མེད་པའི་འབྲས་བུ་མེད་པར་མ་བྱེད་ཅིག །འདི་ལྟར་རིགས་པ་རྣམ་བཞི་དང་། །ལྡན་པ་བློ་གྲོས་སྣང་བ་ཅན། །གཞན་གྱི་རྗེས་སུ་སྨྲ་བ་ལ་སོགས་པའི་གཞན་དྲིང་ལ་མི་འཇོག་པ་རང་གི་རྣམ་དཔྱོད་ཀྱི་མཐུ་དེས། །རིགས་པ་རྣམ་བཞི་དེ་ལ་བརྟེན་ནས་རྟོན་པ་


MR04_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ནི་ངེས་པར་སྐྱེད་པར་བྱེད་དོ། །དེ་འདྲའི་རང་སྟོབས་ཀྱིས་དཔྱོད་པའི་བློ་དང་མི་ལྡན་ན། །མིག་མེད་དམིགས་བུར་བརྟེན་པ་བཞིན། །འཇིག་རྟེན་ན་གྲགས་པ་ཙམ་གྱི་ཕྱིར་དང་ཚིག་ཙམ་འཛིན་པའི་ཕྱིར་དང་ཕྱི་མ་གཉིས་རྟོགས་སླའི་རྒྱུ་མཚན་ཙམ་གྱི་ཕྱིར། །གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་སོགས་ཀྱི་རྟོན་པ་བཞི་ལས་གོ་བཟློག་སྟེ་ཆོས་ལ་མི་རྟོན་གང་ཟག་ལ་འགྱུར། །དོན་ལ་མི་རྟོན་ཚིག་ལ་ངེས་དོན་ལ་མི་རྟེན་དྲང་དོན་ལ་དོན་རང་མཚན་མཐོང་བའི་ཡེ་ཤེས་ལ་མི་རྟོན་དོན་སྤྱི་མཐོང་བའི་རྣམ་ཤེས་ལ་རྟོན་པར་དེས་ན་གང་ཟག་དག་ལ་ནི། །མི་རྟོན་ཆོས་ལ་བརྟོན་བྱ་སྟེ། །ཡང་དག་རིགས་པས་གྲུབ་པའི་ལམ། །སྨྲས་པ་དེས་གྲོལ་གྱི་སྨྲ་པོས་མིན། །ཏེ་གང་གིས་རིགས་པས་གྲུབ་པའི་ལམ་ཡང་དག་པ་ལེགས་པར་སྨྲས་པ་ན། །སྨྲ་པོ་ཚུལ་བཟང་ངན་སོགས་ཇི་ཞིག་ལྟར་ཀྱང་རུང་། །སྟེ་བདེ་གཤེགས་ཉིད་ཀྱང་གདུལ་བྱ་འདུལ་བའི་དབང་གིས། །བཤན་པ་སོགས་སུ་སྤྲུལ་བ་བཞིན། །གལ་ཏེ་ཐེག་ཆེན་དོན་སོགས་ལས། །འགལ་བར་བསྟན་ན་སྨྲ་བ་པོ། །ལྟར་སྣང་སྤྱོད་ཚུལ་སོགས་བཟང་ཡང་རང་ལ་མི་ཕན་ཏེ། །བདུད་ཀྱིས་


MR04_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་བའི་སངས་རྒྱས་མཚན་དཔེ་དང་སྤྱོད་ལམ་ཕུན་སུམ་ཚོགས་པས་ཐེག་ཆེན་ལས་བཟློག་པ་སོགས་ཀྱི་ཆོས་སྟོན་པ་བཞིན། །ཆོས་ལ་ཐོས་བསམ་བྱེད་པ་ནའང་། །རྗོད་བྱེད་ཀྱི། ཚིག་ལ་མི་རྟོན་བརྗོད་བྱའི་དོན་ལ་རྟོན། །དོན་རྟོགས་ན་ནི་ཚིག་གི་ལམ། །སྡེབ་སྦྱོར་བཟང་ངན་སོགས་ཇི་ལྟར་བརྗོད་ཀྱང་འགལ་བ་མེད། །དེ་དོན་རྟོགས་པའི་སླད་དུ་སྐྱེས་བུའི་བརྗོད་འདོད་ཀྱིས། །བརྡ་སྦྱར་བ་སྐབས་ཀྱི་དོན་གྱིས་གོ་བྱ་དེར་གོ་ན། །ཕྱིར་ཞིང་ཚིག་གི་སྤྲོས་པ་རྣམས། །ལྷུར་ལེན་གླང་རྙེད་ནས་ད་དུང་གླང་འཚོལ་བའི་ཕྱིར་རྗེས་འཚོལ་བ་དང་མཚུངས། །ཚིག་ལ་འཆེལ་ནས་ཚིག་སྤྲོས་ན། །རྣམ་རྟོག་མ་ཟད་པར་དུ་ཚིག་ཟད་མེད་འཕེལ། །ལ་དེས་གོ་བྱའི་དོན་ལས་ཕྱི་ཕྱིར་གཡེལ་ཞིང་མི་རྟོགས་པར་འགྱུར་བས། །བྱིས་པ་རྣམས་རང་ཉིད་ཚིག་གིས་ངལ་བའི་རྒྱུ། །ཙམ་དུ་ཟད་དོ། །ཤིང་ངོ་ཞེས་པའི་ཚིག་གཅིག་ལའང་། །ཡུལ་སོགས་དུས་རྣམ་པ་ཕྱེ་ན་ཟད་པ་མེད། །མོད་དེ་ཙམ་གྱིས་ཀྱང་གོ་བྱའི་ཤིང་དེ་སྐབས་དོན་གྱིས་གོ་ན། །སྒྲ་བརྗོད་པ་ཡི་དགོས་པ་དེར་ཟད་དོ། །མཛུབ་མོས་ཟླ་བ་བསྟན་པ་ན། །བྱིས་པས་ཟླ་བ་ལ་


MR04_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྟ་བར་མཛུབ་མོ་ཉིད་ལ་ལྟ། །བ་ལྟར་ཚིག་ཙམ་ལ་ཞེན་བླུན་པོ་དག །དོན་ལ་མི་དཔྱོད་པར་ཚིག་གི་དོན་ཤེས་སྙམ་ནས་ཚིག་ཁོ་ན་ལ་དཔྱོད་ན་ཡང་ཤེས་དུས་དཀའ། །དོན་ལ་རྣམ་པར་འཇུག་པ་ན། །རྒྱལ་བས་གསུངས་པའི་དྲང་དོན་ངེས་དོན་གྱི་དབྱེ་བ་ཤེས་བྱས་ནས། །དྲང་བའི་དོན་ལ་ཡིད་མི་རྟོན་པར། །ངེས་པའི་དོན་ལ་རྟོན་བྱ་སྟེ། །ཀུན་མཁྱེན་ཉིད་ཀྱིས་གདུལ་བྱའི་ཡུལ་དང་འདུལ་ཐབས་སོགས་ཀུན་མཁྱེན་ནས། །གདུལ་བྱའི་རིགས་ཁམས་དང་རྣོ་རྟུལ་སོགས་དབང་པོ་དང་མོས་པ་བསམ་པ་དང་རྗེས་སུ་མཐུན་པར་འདིས་རྣམ་མཁྱེན་དུ་རིམ་གྱིས་བགྲོད་པའི་ཕྱིར་ཐེག་པའི་རིམ་པ་ནི། །བྱེ་སྨྲ་ནས་རྡོ་རྗེ་ཐེག་པ་བླ་མེད་ཀྱི་བར་སྐས་ཀྱི་གདང་བུ་བཞིན་ཏུ་བསྟན། །ཕུང་པོ་སོགས་དགོངས་གཞི་གང་ལ་དགོངས་ནས་སུ། །ལྡེམ་དགོངས་པའི་བཞི་དང་དགོངས་པ་བཞི་སྟེ་བརྒྱད་ལྟ་བུ། །སྒྲ་ཇི་བཞིན་བཟུང་བ་ལ་ཚད་མ་ཡིས། །གནོད་བྱར་གང་དེ་གསུང་པ་ལ་དགོས་པ་ཡོད་པའི་ཕྱིར་གསུངས་པ་ཡང་། །ཡོད་ཕྱིར་བྱེ་སྨྲ་ལ་སོགས་པའི་གྲུབ་མཐའ་བཞི་དང་ནི། །མཐར་ཕྱིན་རྡོ་རྗེ་ཐེག་པའི་བར། །འོག་


MR04_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོག་མས་མ་རྟོགས་པའི་ཆ་གང་ཡིན། །པ་གོང་མ་གོང་མས་གསལ་བར་བྱས་པ་ཡི། །ཉེས་པ་ཟད་པའི་རྒྱལ་བའི་ལུང་བཞིན་གོང་ནས་གོང་དུ་རྟོགས་བྱའམ་མྱང་བྱ་ཆེ་བར་རིགས་པས་ཆེས་གྲུབ་པར། །མཐོང་ནས་དྲང་བའི་དོན་མ་ཡིན་པ་ངེས་པའི་དོན་འཛིན་པ། །དཔེར་ན་ཆུ་ལས་འོ་མ་འབྱེད་ངང་པ་བཞིན། །དུ་བློ་གྲོས་མཆོག་ཅན་དེ་རྒྱལ་གསུང་གི་རྒྱ་མཚོར་རོལ། །པར་ནུས་སོ། །ཟབ་མོ་རྡོ་རྗེའི་ཐེག་པ་ཡང་། །སྒྲ་ཇི་བཞིན་ཡིན་མིན་སོགས་མཐའ་དྲུག་ཚིག་དོན་སོགས་ཚུལ་བཞིས་མི་སྣང་བར་རྒྱས་བཏབ་པ། །རྡོ་རྗེ་ཐེག་པ་མན་ངག་གི་ལམ་ཡིན་པས་བླ་མ་བརྒྱུད་པའི་མན་ངག་དང་འགྲོགས་པའི། །སྐྱོན་གྱི་དྲི་མ་མེད་པའི་རྣམ་དཔྱོད་རིགས་པ་བཞི་སོགས་ཀྱི་རིགས་པས་གཏན་ལ་ཕབ། །པ་དང་སྣང་སྲིད་ཀྱི་ཆོས་ཀུན་སྣང་བ་ལྷ་དང་ཡུལ་ཅན་ཡེ་ཤེས་སུ་སྒྲུབ་པའི་སྒོ་ནས་ཡེ་ནས་དག་པ་དང་། །འཁོར་འདས་མཉམ་ཉིད་ཆེན་པོ་དབུ་མའི་གཏན་ཚིགས་ལ་སོགས་པའི་སྒོ་ནས་སྒྲུབ་པ་གཉིས་ཟུང་དུ་འཇུག་པ། །སྟེ་ཡང་དག་ཚད་མ་གཉིས་ཀྱིས་ནི། །གཏན་ལ་དབབ་ནས་སྙེད་པའི་དཔྱད་དོན་གང་ཡིན། །པ་


MR04_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཀུན་རྫོབ་སྒྱུ་ལུས་ལ་མཚོན་ན་དེ་ལས་ཀྱང་སྒྱུ་མ་ལྟ་བུར་གསངས་པ་ཕ་རོལ་ཕྱིན་དང་ལྷ་སྐུ་སྒྱུ་མ་ལྟ་བུ་སོགས་བསྐྱེད་པ་དང་། །རླུང་སེམས་ཀྱི་ལྷ་སྐུ་སྒྱུ་མ་ལྟ་བུ་སོགས་རྫོགས་པ་དང་རྫོགས་པ་ལྷུན་གྲུབ་ཀྱི་རིག་གདངས་ལྟ་བུ་ཆེན་པོ་ཡི། །ཚུལ་དུ་རིམ་པར་ཚིག་དོན་སྤྱི་དོན་སྦས་དོན་མཐར་ཐུག་གི་དོན་གྱི། །དོན་དམ་འོད་གསལ་ལ་མཚོན་ན་འོད་གསལ་ཙམ་ཕར་ཕྱིན་ལས་ཀྱང་བསྟན་པས་ཚིག་དོན་བསྐྱེད་རིམ་འོད་གསལ་དུ་ཞུགས་པ་ལྟ་བུ་སྤྱི་དོན་རྫོགས་རིམ་གྱི་སྟོང་བཞིས་དྲངས་པའི་འོད་གསལ་སྦས་དོན་ནོ། །རིམ་པ་གཉིས་པའི་གཉིས་པ་ཆོས་ཐམས་ཅད་ཡེ་ནས་སྟོང་པའི་གདོད་མའི་གནས་ལུགས་རྟོགས་པ་དབང་བཞི་པའི་ཡེ་ཤེས་ཀ་དག་གི་རྟོགས་པ་མཐར་ཐུག་གི་དོན་ནོ། །གནད་ལ་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་བསྟན་པ་དང་འགལ་མེད་འཇུག་པ་ཡིས། །མདོ་སྔགས་ཀྱི་དོན་ལ་གཞན་དྲིང་མི་འཇོག་པར་ངེས་པའི་གདིང་སུས་ཀྱང་འཕྲོག་ཏུ་མེད་པ་ཐོབ་པ། །བློ་ལྡན་མཆོག་དེ་རྒྱལ་བའི་གདུང་འཚོབ་པའི་སྲས། །ཐེག་གསུམ་གང་ནས་བསྟན་ཀྱང་འཛད་མེད་ཀྱི་ཆོས་གཏེར་ཆེན་པོ་འཆང་བ་ཡི། །ལུང་རྟོགས་རྒྱལ་བའི་བསྟན་པའི་མི་མཐུན་ཕྱོགས་ལས་


MR04_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་རྒྱལ་མཚན་ཉིད་དུ་གྱུར་བ་ཡིན་ནོ། །ངེས་དོན་རང་གི་ཇི་ལྟར་རྟོགས་པ་དེ་ཉམས་སུ་ལེན་པ་ན། །སྒྲ་དང་རྟོག་པའི་རྗེས་སུ་འབྲངས་པ་གཟུང་བ་ཡུལ་དང་འཛིན་པ་སེམས། །ཀྱི་རང་བཞིན་ཅན་གྱི་རྣམ་པར་ཤེས་ལ་མི་རྟོན་པར། །གཟུང་འཛིན་གཉིས་མེད་ཡེ་ཤེས་ཉིད་ལ་རྟོན་པར་བྱའོ། །སྟོང་མི་སྟོང་གཉིས་ཡིན་གཉིས་མིན་སོགས་དམིགས་པ་ཅན་གྱི་བདག་ཉིད་ནི། །ཕྱི་རོལ་དུ་གཟུང་བ་དང་ནང་དུ་འཛིན་པའི་རང་བཞིན་ཅན་གྱི་སེམས། །འཁྲུལ་བ་ཡིན་པས་དེ་དེས་གང་དམིགས་པ་དེ་ནི་ཇི་ལྟར་དམིགས་པ་དེ་ལྟར་རྫུན། །ཏེ་དཔྱོད་མི་བཟོད་པས་སོ། །དཔེ་ཆོས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་དོན་ལ་དངོས་སུ་སྦྱོར་མི་ནུས་པས་མི་རེག །དེའི་རྒྱུ་མཚན་དངོས་པོར་དམིགས་དང་དེ་བཀག་པའི་དངོས་མེད་དམིགས། །དང་དངོས་དངོས་མེད་གཉིས་སུ་དམིགས་དང་གཉིས་མིན་དམིགས། །པ་སོགས་ཇི་ལྟར་དམིགས་ཀྱང་སེམས་ཀྱི་གཡོ་བ་ཡོད་པས་དམིགས་པ་སྟེ། །དམིགས་པས་དངོས་མེད་དང་དངོས་པོ་སོགས་གང་བཟུང་ཡང་བདུད་


MR04_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི། །སྤྱོད་ཡུལ་ཡིན་ཞེས་མོད་འཇམ་དཔལ་རྣམ་པར་རོལ་པ་སོགས་ལས་གསུངས། །དངོས་པོ་དགག་དང་དངོས་མེད་སྒྲུབ་པ་ལྟ་བུ་སོགས་དགག་རྟོག་སྒྲུབ་རྟོག་གང་གིས་ཀྱང་། །དམིགས་པ་ཡིད་འཛིན་སྟངས་འཇིག་པར་བྱེད་མི་ནུས་ལ། །ཆོས་ཉིད་དེ་ལ་ཆོས་གང་ཡང་བསལ་བ་དང་ཆོས་གང་ཡང་སྒྲུབ་པའམ་བཞག་ཏུ་མེད་པར་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ནུབ་པའི་ཚུལ་གྱིས་མཐོང་ན་དམིགས་པའམ་སྤྲོས་པ་ལས་གྲོལ་བ་ཡིན་ནོ། །གནས་སྐབས་དེར་དམིགས་བྱ་གཟུང་བ་དང་དམིགས་བྱེད་འཛིན་པ་ཀུན་དང་བྲལ་བས་ཐམས་ཅད་མེད་པ་ཡིན་ཀྱང་། །སེམས་སྟོང་མ་ཡིན་པར་རང་བྱུང་གི་ཡེ་ཤེས་དེ་རང་ལ་ཤར་པས་ཤེས་པའི་རང་བཞིན་ཅན་གྱི་འོད་གསལ་བ་ཡོད་མེད་སོགས་མཐའ་བཞིའི་སྤྲོས་པ་ཀུན་རང་བཞིན་གྱིས་ཁེགས་པ། །འདི་ནི་ཡེ་ཤེས་མཆོག་ཏུ་རྒྱལ་བས་གསུངས། །ཉི་མའི་གཟུགས་ལ་དམུས་ལོང་བཞིན། །ཚུར་མཐོང་གི་བྱིས་པས་དེ་སྔོན་ཆོས་ཉིད་དེ་མཐོང་མ་མྱོང་། །བས་དོན་ཇི་ཙམ་གྱིས་སྟོང་པ་སོགས་ཇི་ལྟར་བསམས་ཀྱང་ཆོས་ཉིད་དེ་ཡིད་ཆེས་པའི་བློས་མི་ཤེས་པས། །དེའི་སྟོབས་ཀྱིས་བྱིས་


MR04_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ནི་སྤྲོས་པ་ཀུན་བྲལ་གྱི་ཆོས་ཉིད་དེ་ལ་འཇུག་མི་ནུས་པར་སྐྲག་པ་སྐྱེ། །འོན་ཀྱང་རྒྱལ་བས་གསུངས་པའི་ངེས་དོན་ཡང་དག་པའི་ལུང་དང་ནི། །བདག་ཉིད་ཆེན་པོ་རྣམས་ཀྱིས་བསྟན་པའི་ཁས་ལེན་ཀུན་དང་བྲལ་བ་མཐའ་ཀུན་འགོག་པའི་རིགས་པ་དང་། །མན་ངག་བརྒྱུད་པ་ཅན་གྱི་བླ་མའི་མན་ངག་དང་དེ་ལ་མོས་གུས་བཅོས་མིན་སྐྱེས་པའི་སྟོབས་ལས་ནི། །དམུས་ལོང་གི་མིག་ཐོབ་པ་བཞིན་ཏུ་ཡེ་ཤེས་དེ་སོ་སྐྱེའི་སྐབས་སུ་རྗེས་སུ་མཐུན་པའི་བཟོད་པའམ་དཔེའི་ཡེ་ཤེས་ཀྱི་ཚུལ་དུ་དང་བདེན་པ་མཐོང་བའི་སྐབས་མངོན་སུམ་དུ་རང་ལ་སྣང་། །བས་ངེས་ཤེས་ཁྱད་པར་ཅན་སྐྱེ་ལ། དེ་ཚེ་དེ་བཞིན་གཤེགས་པ་ཡི། །ཆོས་ཀྱི་བདུད་རྩིའི་རོ་མྱོང་བའི། །ཡིད་ཆེས་ཀྱི་དད་པས་སྙིང་ལ་ཆོས་ཉིད་མཐོང་བའི་དགའ་བ་རྒྱས་པའི་མིག །ཆུ་བུར་གྱི་མིག་མ་ཡིན་པ་ཡེ་ཤེས་ཀྱི་སྤྱན་དེས་བདེ་གཤེགས་ཀྱི་ཡེ་ཤེས་སྐུར་ཏེ་ཆོས་སྐུ་ལ་གཏོད་ཅིང་ལྟ་བར་བྱེད་དོ། །སྐབས་འདིར་ནི་འཁོར་འདས་བདེ་སྡུག་བཟང་ངན་ལ་སོགས་པའི་ཆོས་རྣམས་མ་ལུས་པ། །ཐ་སྙད་དུ་དབྱེར་མེད་པ་མཉམ་པ་ཉིད་དུ་རྟོགས་པ་མཐར་


MR04_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པས། །མིང་ཚིག་ལ་སོགས་པས་བརྗོད་དུ་མེད་པའི་ངེས་པར་ཤེས་པའི་གདིང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མི་བརྫི་བ་ཐོབ་ཀྱང་། །གང་ལས་བརྩམས་ཏེ་བསྟན་ཀྱང་འཛད་པ་མེད་པའི་ཐེག་པ་གསུམ་གྱི་ཆོས་མཛོད་མ་ལུས་པ་བརྗོད་ལ་མཁས། །བདེན་གཉིས་ཀྱི་གནས་ཚུལ་ལ་ཐོས་བསམ་སྒོམ་པས་མཁས་པར་བྱས་པས། །མཐར་བདེན་གཉིས་ཟུང་དུ་འཇུག་པའི་དོན་རང་གིས་མཐོང་བ་མེད་པའི་ཚུལ་དུ་མཐོང་པའི་ཚེ། །འབྲས་ལ་སོགས་པའི་སྙིང་པོའི་ཐོབ་པ་ཕྱིར་དུ་ཕྱིའི་སྤུན་པ་ཕྲ་མོ་ནས་རིམ་གྱིས་སེལ་བ་ལྟར། །སངས་རྒྱས་ཀྱི་བསྟན་པའི་ཐར་བ་ཐོབ་པའི་ཐབས་ཀུན་མཐར་ཐུག་བདེན་གཉིས་ཟུང་འཇུག་དེ་ལ་གཞོལ་བར་ཤེས་ཏེ་དེ་དག་གིས་རྟོགས་བྱ་ཆོས་དབྱིངས་གཅིག་ཡིན་ལ་དེ་རྟོགས་པ་མཐར་ཐུག་གཅིག་ལས་མེད་པས་སོ། །དེ་ཕྱིར་བདེ་གཤེགས་གདུལ་བྱ་རྣམས་ཁམས་དབང་ལ་སོགས་པ་དང་མཐུན་པར་རིམ་གྱིས་འདུལ་བའི་ཐབས་མཁྱེན་ཞིང་། །དེས་བསྟན་པའི་ཐབས་ཀུན་རྣམ་མཁྱེན་ལ་མཐར་གཞོལ་ཞིང་འབབ་པས་ཡང་དག་པའི་ལམ་མོ་ཞེས། །སྟོན་དང་དེ་ཡི་བསྟན་པ་ལ། །བདུད་བྱེ་བ་ཕྲག་བརྒྱས་ཡིད་འཕྲོག་པའི་ཡིད་ཆེས་ཕྱིར་


MR04_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པ་མེད་པར་སྐྱེ། །ངོ་བོ་ཉིད་ཀྱིས་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པས་ན་སྲིད་ཞིར་མི་གནས་པའི་རང་བྱུང་གི་ཡེ་ཤེས་སམ་ཤེར་ཕྱིན་མཚན་ཉིད་པའི་ཡེ་ཤེས་མཆོག་དེ་ཐོབ་པས། །སྲིད་དང་ཞི་མཐའ་ཆེད་དུ་དགག་མི་དགོས་པར་ངང་གིས་གྲོལ། །ལ་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་འབད་རྩོལ་མེད་པར་སྙིང་རྗེ་ཆེན་པོའི་རྒྱུན། །ཕྱོགས་དང་དུས་ཀྱི་མུ་མཐར་ཁྱབ། །པར་སྐྱེའོ། །དེ་ལྟར་བདེན་གཉིས་ཆོས་ཀྱི་ཚུལ། །མ་ནོར་བར་གཏན་ལ་འབེབས་པའི་རིགས་པ་བཞིས་ལེགས་པར་བསམས་པའི། །བྱེད་ལས་རྟོན་པ་རྣམ་བཞི་དང་། །ལྡན་པའི་རྒྱུ་མཆོག་དྲི་མེད་ལས། །འབྲས་བུ་ཟབ་མོའི་ཡེ་ཤེས་ཀྱི། །སྣང་བ་རྣམ་པར་རྒྱས་པ་ན། །གདོད་མའི་རིག་པའི་དབྱིངས་སུ་ཕལ་བས་མ་རྟོགས་པར་རྒྱས་བཏབ་པའི། །པ་ལྟ་བུར་གྱུར་སྤོབས་པའི་གཏེར་ཆེན་བརྒྱད་གྲོལ་ཏེ། །སྔོན་ཆད་ཐོས་དང་བསམས་པའི་གཞུང་། །ནམ་ཡང་བརྗེད་པ་མེད་པ་དྲན་པའི་གཏེར། ༡། དྲན་པས་བཟུང་བ་དེ་དང་དེའི་རྟོགས་དཀའ་བ་ཟབ་པ་སྟོང་པ་ཉིད་དང་ས་ལམ་སོགས་རྒྱ་


MR04_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་དོན། །ཤེས་རབ་ཀྱིས་རབ་ཏུ་འབྱེད་པའི་བློ་གྲོས་ཀྱི་གཏེར། ༢། མདོ་དང་རྒྱུད་སྡེའི་རྟོགས་བྱའི་དོན་མཐའ་དག །ཁོང་དུ་ཆུད་པ་རྟོགས་པའི་གཏེར། ༣། ཐོས་པའི་རྣམ་པ་མ་ལུས་པ། །གཟུངས་ཀྱི་སྒོ་བཞི་ཐོབ་པས་ནམ་ཡང་མི་བརྗེད་པ་གཟུངས་ཀྱི་གཏེར། ༤། དོན་དང་མཐུན་པའི་ལེགས་པར་བཤད་པས་འགྲོ་བ་ཀུན། །ཡིད་ཚིམ་པར་བྱེད་པ་སྤོབས་པའི་གཏེར། ༥། དམ་པའི་ཆོས་ཀྱི་རིན་ཆེན་མཛོད། །སྐལ་ལྡན་ལ་རྗེས་སུ་འདོམས་པ་དང་། ཕས་རྒོལ་རིགས་པས་ཚར་གཅོད་པའི་སྒོ་ནས་ཡོངས་སུ་སྲུང་བ་ཆོས་ཀྱི་གཏེར། ༦། རང་ཉིད་འཚང་རྒྱ་བ་དང་དེས་ཆོས་སྟོན་པ་དང་དེ་ལས་དགེ་འདུན་འབྱུང་བའི་ངེས་པས་དཀོན་མཆོག་གསུམ་གྱི་གདུང་འཚོབ་པས་རིགས་རྒྱུན་ནི། །མི་གཅོད་པ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་གཏེར། ༧། ཐོས་བསམ་གྱིས་གཏན་ལ་བབ་པའི་ཆོས་དེ་ཉམས་སུ་བླངས་པས། སྐྱེ་མེད་མཉམ་པའི་ཆོས་ཉིད་ལ། །བཟོད་པ་ཐོབ་པ་སྒྲུབ་པའི་གཏེར། ༨། འདིར་དྲན་པ་བློ་གྲོས་རྟོགས་པ་གཟུངས་བཞི་ནི་སྤོབས་པའི་རྒྱུ་ཡིན་ལ་ཆོས་ཀྱི་གཏེར་ལ་སོགས་པ་ནི་སྤོབས་པའི་འབྲས་བུ་སྟེ་དེ་བརྒྱད་ཀའི་སྤྱི་མིང་དུ་སྤོབས་པ་ཞེས་གསུངས་པ་ནི་དྲན་པ་ལ་སོགས་པ་དང་ལྡན་པ་


MR04_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གང་ལའང་མི་འཇིགས་པའི་སྤོབས་པ་སྐྱེ་ལ་སྤོབས་པས་ཆོས་སྲུང་བ་ལ་སོགས་པ་འབྱུང་བས་དེ་དག་གི་གཙོ་བོ་སྤོབས་པ་ཡིན་པའི་ཕྱིར་སྤོབས་པའི་གཏེར་བརྒྱད་ཅེས་བྱའོ། །དེ་ལྟར་ཐོབ་ནས་མི་འབྲལ་ཞིང་རེ་རེར་ཡང་ཕ་མཐའ་ཚད་མེད་པའི་མི་ཟད་པའི། །གཏེར་ཆེན་བརྒྱད་ལ་དབང་འབྱོར་གང་། །སྲས་བཅས་རྒྱལ་བས་དེ་ནི་སྐྱེས་བུ་དམ་པ་རྒྱལ་བའི་སྲས་མཆོག་གོ་ཞེས་བསྔགས་བཞིན་ཏུ། །དང་རིག་པ་འཛིན་པ་མྱུར་དུ་འཇིག་རྟེན་གསུམ་གྱི་མགོན་པོར་འགྱུར། །རོ། །ཚད་མར་གྱུར་པ་འགྲོ་ལ་ཕན་པར་བཞེད་པ་རྒྱལ་བའི་གསུང་། །རྣམ་པ་ཐམས་ཅད་པ་ནི་རིགས་པའི་ལམ་དང་མི་འགལ་བ་ཐ་སྙད་དང་དོན་དམ་དཔྱོད་བྱེད་ཀྱི་ཚད་མ་དག་གིས་ཕྱི་རོལ་གྱི་གྲུབ་མཐའ་སོགས་ལས་ཆེས་ཁྱད་པར་དུ་འཕགས་པར་གྲུབ་པས་ན། །དཔལ་ཆོས་ཀྱི་གྲགས་པ་དང་ཀླུ་སྒྲུབ་ལ་སོགས་པའི་བདེན་གཉིས་དཔྱོད་པའི་གཞུང་ལ་སོགས་པ་ཚད་མའི་ལམ་ནས་སྟོན་པ་དང་དེས་བསྟན་པའི་ལམ་དེ་ལ་མཆོག་ཏུ་དད་པའི་ངེས་ཤེས་བསྐྱེད་པས། ཚད་མའི་གསུང་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཁས་པར་གྲགས་པ་དང་ཉན་རང་བྱང་


MR04_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་སོགས་པས་ཀྱང་ཇི་བཞིན་མ་མཁྱེན་པའི་ཆོས་ཀྱི་བདུད་རྩི་དག་གི་བདེན་པའི་འབྲས་བུ་བླ་ན་མེད་པ་དེ་མཐོང་ངོ་། །རང་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་མཁྱེན་པས་གཟིགས་པ་ཤིན་ཏུ་རྣམ་པར་དག་ཅིང་། །གཞན་སྡུག་བསྔལ་ལས་སྐྱོབ་པའི་ཐུགས་རྗེ་ཆེན་པོའི་མཐར་སོན་པ། །ཤཱཀྱའི་སྐྱེས་མཆོག་བདེ་བར་གཤེགས་པས་གདུལ་བྱ་རྣམས་ལ་ཐེག་པ་གསུམ་གྱི་ལམ་བསྟན་ནས། །བདག་གིས་གང་བརྙེས་བདུད་རྩིའི་རོ། །འདི་དག་རིགས་པ་བཞི་དང་ནི། །རྟོན་བཞིའི་སྒོ་ནས་མྱོངས་ཤིག་ཅེས། །མདོ་རྒྱུད་རྣམས་ནས་ཡང་དང་ཡང་དུ་གསུངས་ནས་ཉིད་ཀྱིས་བརྙེས་པའི་བདུད་རྩིའི་བགོ་བཤའ་འཇིག་རྟེན་འདིར་མཛད་ནས་སྐལ་བཟང་གི་སྐྱེ་བོ་དུ་མ་ཞིག་གིས་ཀྱང་རོ་དེ་མྱོངས་བར་གྱུར་ཀྱང་། །སྙིགས་མ་ལྔ་དང་ཁྱད་པར་ཉོན་མོངས་པ་དང་ལྟ་བའི་སྙིགས་མའི་དབང་གིས་རྩོད་པའི་དུས་དེང་སང་ན། །དེ་ལས་བཟློག་སྟེ་རིགས་པ་བཞིའི་ལམ་ནས་ངེས་སྐྱེས་མི་སྐྱེད་པ་དང་རྟོན་བཞི་ཕྱིན་ཅི་ལོག་པའི་ཚུལ་གྱིས་ནི། །ཐུབ་པའི་བསྟན་པའི་རོ་མཆོག་གྱ་ནོམ་པ་མྱོང་དཀའ་བར། །གཟུ་བོའི་བློ་ཡིས་མཐོང་ནས་གཞན་ལ་ཕན་


MR04_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཀྱི་ལྷག་པའི་བསམ་པ་དང་། །ཤིན་ཏུ་འབྱུང་བར་དཀོན་པའི་བསྟན་པ་རིན་པོ་ཆེ་ལ་ཤེས་ནས་དད་པས་མཆོག་ཏུ་གུས་པའི་བློས། །གོང་དུ་བཤད་པའི་ཉིང་དགོས་ཁྱད་པར་ཅན་དེ་རྣམས་དང་ལྡན་པའི་རྒྱུ་མཚན་ལས་འདི་ལྟར་བསམ་པ་ལས་བྱུང་བའི། །ཤེས་རབ་དྲི་མའི་སྐྱོན་མེད་པ་སྐལ་བཟང་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་སྐྱེད་པའི་ཚུལ། །ལམ་ཐབས་ཅུང་ཟད་དེ་གཞུང་ཉུང་ཡང་བརྗོད་བྱ་རྒྱ་ཆེ་བ་འདི་བརྗོད་ཅིང་བརྩམས་པའི་དགེ་བ་མཐའ་ཡས་པ་དེ་ཡིས། །ནམ་མཁའི་མཐས་གདུགས་ཀྱི་འགྲོ་བ་འདི་ཀུན་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའི་གོ་འཕང་རིང་པོར་མི་ཐོགས་པར་མྱུར་དུ་འགྲུབ་པར་ཉིད་གྱུར་ཅིག །འཇམ་དཔལ་སྨྲ་བའི་ཉི་མར་རྩེ་གཅིག་ཡིད་ལ་བགྱིས་ཏེ་མངོན་པར་ཁ་ཕྱོགས་པའི། །སྙིང་གི་ཆུ་སྐྱེས་དད་པ་གསུམ་གྱིས་དྲངས་པའི་བྱིན་རླབས་ཀྱི་ཉི་ཟེར་རྣོན་པོས་ཕྱེས་པས་ཅི་ཡང་བཞད་པ་ན། བློ་གྲོས་ཀྱི་འདབ་མ་བརྒྱ་ཕྲག་ལས་འཐོན་པའི་ལེགས་བཤད་སྦྲང་རྩིའི་རྡུལ་དམར་ཉིལ་གྱིས་ཕྱུར་བ་འདིས། །ཐུབ་པའི་གསུང་གི་རོ་མཆོག་མྱོང་བར་འདོད་པའི་སྐལ་བཟང་བུང་བའི་ཚོགས་ཀྱིས་གསུང་རབ་དགོངས་འགྲེལ་བཅས་ཀྱི་དགོངས་པ་ཇི་བཞིན་དུ་རྟོགས་


MR04_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགའ་སྟོན་སྲིད་པའི་མཐར་ཐུག་མི་འཛད་པར་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག་ཅེས་པ་འདི་ནི་སྔ་ནས་འབྲི་འདུན་ཡོད་པ་བཞིན། ཉེ་ཆར་མཁས་པ་ལྷག་བསམ་རྒྱལ་མཚན་གྱིས་བསྐུལ་ནས་ས་སྐྱོང་གི་ལོ་ཧོར་ཟླ་གསུམ་པའི་ཉེར་དགུའི་ཉིན་གཅིག་ལ་འཇམ་དཔལ་དགྱེས་པས་བྲིས་པ་མངྒ་ལཾ། །ཤོ་ལོ་ཀ་བརྒྱ་དང་བཞི་ཡོད་དོ། །དགེའོ།། །། ༈ ཁོ་བོས་ལེགས་བཤད་འདི་དག་མཐོང་གྱུར་ན། །ཐེ་ཚོམ་ཆེ་ཕྲ་སྣ་ཚོགས་རང་བཀྲོལ་ནས། །དོན་ལ་རྣམ་ངེས་བློ་གྲོས་རབ་གསལ་སྐྱེ། །མི་ཟད་སྤོབས་པའི་གཏེར་ཆེན་རྙེད་པར་འགྱུར། །མེ་རྟ་ཟླ་༤ཚེས་༤ལའོ།། །།མངྒ་ལཾ། །ཟུར་མང་དྲུང་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད་ནས་ཡོན་སྦྱར་ཏེ་པར་དུ་སྒྲུབ་པ་དགེ་ལེགས་འཕེལ། །བཀྲ་ཤིས། དགེའོ། །

ལྟ་བའི་མགུར་མ།


MR04_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་མགུར་མ་བཞུགས་སོ། །


MR04_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོ། ཟབ་མོ་རྟེན་འབྱུང་གི་དེ་ཉིད་ངོ་མཚར། །ཇི་བཞིན་རྗེན་པ་རུ་སྟོན་པའི་བླ་མ། །བཀའ་དྲིན་འཁོར་མེད་དེ་སྙིང་དབུས་བཞུགས་ཤིག །གང་དྲན་ཐོལ་བྱུང་གི་ཚིག་གསུམ་སྨྲའོ། །ཨ་མ་རྒན་མོ་དེ་ཡུན་རིང་སྟོར་བའི། །བུ་ཆུང་སྨྱོན་པ་ངས་ཇི་ཞིག་ལྟར་ཏེ། །ཨ་མ་དྲིན་ཅན་དེ་ལྷན་ཅིག་འདུག་པ། །ངོ་མ་ཤེས་པ་དེ་ཤེས་ལ་ཁད་སྣང་ངོ་། །ཇོ་ཇོ་རྟེན་འབྱུང་དེས་ལྐོག་ཏུ་བསྙད་པས། །ཡིན་ཡིན་མིན་མིན་ཏེ་ཨེ་ཡིན་སྙམ་མོ། །གཟུང་འཛིན་སྣ་ཚོགས་འདི་ཨ་མའི་འཛུམ་བག །སྐྱེ་འཆི་འཕོ་འགྱུར་འདི་ཨ་མའི་རྫུན་ཚིག །བསླུ་མེད་ཨ་མ་ཡིས་ཁོ་བོ་བསླུས་སོ་པའི། །ཇོ་ཇོ་རྟེན་འབྱུང་དེས་སྐྱོབས་པར་རེའོ། །རྣམ་པ་གཅིག་ཏུ་ན་ཨ་མ་རྒན་མོ། །ཁོ་ནའི་དྲིན་གྱིས་ནི་


MR04_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བར་རེ་སྟེ། །གཟུང་འཛིན་འདི་ཉིད་ཀོ་འདི་ལྟར་ཡིན་ན། །དུས་གསུམ་རྒྱལ་བས་ཀྱང་སྐྱོབས་ཐབས་མི་འདུག །འགྱུར་བ་སྣ་ཚོགས་འདི་འགྱུར་མེད་ཨ་མའི། །རྣམ་འགྱུར་ཡིན་པས་ན་གྲོལ་རྒྱུ་འདུག་གོ །ཅིར་ཡང་མ་གྲུབ་པའི་བརྗོད་མེད་ཨ་མའི། །ཅིར་ཡང་བརྫུ་བ་ནི་ཕར་བརྟེན་ཚུར་བརྟེན། །འདི་དག་ཙམ་ཞིག་ལ་གོ་རྒྱུ་འདུག་གོ །ཕ་རྒན་བཙལ་བས་ནི་མ་རྙེད་པ་དེ། །མ་རྒན་རྙེད་པ་ཁོ་ཡིན་པར་འདུག་གོ །ཨ་མའི་པང་ནས་ནི་ཕ་རྒན་རྙེད་པས། །ཕ་མ་དྲིན་ལྟ་མགུར་རྩ་བ། ང་ཅན་གྱི་བུ་ང་སྐྱོབས་སྐད། །གཅིག་མིན་གཞན་མིན་གྱི་ཨ་མའི་བཞིན་རས། །ཇོ་ཇོ་རྟེན་འབྱུང་གི་མེ་ལོང་ནང་ནས། །ཟིན་པ་མེད་ཚུལ་གྱི་ཡོད་ཡོད་འདྲ་སྟེ། །སྨྱོན་པ་ང་འདྲས་ནི་རྟོག་དཔྱོད་མ་ཞུགས། །ཀླུ་སྒྲུབ་ཟླ་གྲགས་ཀྱི་ཞལ་ཆེམས་རླུང་བསྐུལ། །འཇམ་དཔལ་སྙིང་པོ་ཡི་བྱ་ཞིག་བཏང་བས། །ཐག་རིང་འཚོལ་བ་ཡི་དཀའ་


MR04_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བཤོལ་ནས། །ལྷན་ཅིག་གནས་པ་ཡི་མ་རྒན་མཐོང་སྟེ་རེ། །ད་ལྟ་རང་རེ་ཡི་བློ་གསལ་འགའ་ཞིག །ཚུགས་ཐུབ་བདེན་གྲུབ་སོགས་བརྡ་ལ་ཞེན་ནས། །སྣང་བ་ལིང་ལིང་འདི་རང་སོར་བཞག་ནས། །དགག་རྒྱུ་རྭ་ཅན་ཞིག་འཚོལ་བར་སྣང་སྟེ། །སྒྲིབ་བྲལ་ཨ་མ་ཡི་བཞིན་རས་དེ་ན། །ལང་ལང་ལིང་ལིང་འདི་ཡོད་སྐད་མི་འདུག །གནད་འགག་མ་ཕིག་པའི་བཤད་བཤད་མང་ཡང་། །ཨ་མ་རྒན་མོ་དེ་བྲོས་དོགས་འདུག་གོ །ཡོད་ཞིག་ཡོད་མོད་ཀྱང་ད་ལྟའི་འདི་འདྲའི། །རང་རང་འགལ་འདུ་ཅན་ཡིན་ཚོད་མི་སྣང་། །ཕ་མ་མཛའ་བཅུགས་ཀྱི་འབྲལ་མེད་བག་ཕེབས། །འཇམ་འཇམ་སྐྱིད་སྐྱིད་ཅིག་ཡིན་པར་སྣང་ངོ་། །བྱེ་མདོ་རྣམ་རིག་དང་ཤར་གསུམ་མཁན་པོས། །ཨ་མ་གླང་ཆེན་གྱི་ཐལ་ཀར་གཟུགས་ལ། །བེམ་པོ་འཛུམ་རིས་ཀྱི་རྒྱ་སྟག་ཁྲ་བོ། །འཛིན་པ་ཀླད་མེད་ཀྱི་སྤྲེའུ་སྨྱོན་པ། །གཉིས་མེད་ཚུགས་ཐུབ་ཀྱི་དོམ་བུ་ངར་མའི། །ཐ་སྙད་སྣ་ཚོགས་ཞིག་འདོགས་པར་བྱེད་ཀྱང་། །ཨ་མ་རྒན་མོ་དེ་སྟོར་ནས་འདུག་གོ །ས་རྙིང་ཀར་འབྲུག་གི་མཁས་གྲུབ་མང་པོས། །གསལ་སྟོང་འཛིན་མེད་ཀྱི་རང་གི་རིག་པ། །ཀ་དག་ལྷུན་གྲུབ་ཀྱི་ཀུན་བཟང་རང་ཞལ། །མ་བཅོས་ལྷན་སྐྱེས་ཀྱི་ཕྱག་རྒྱ་ཆེན་པོ། །ཡོད་མིན་མེད་མིན་གྱི་ཁས་བླང་བྲལ་སོགས། །སྣ་ཚོགས་ཐ་སྙད་ཀྱི་ཞལ་ཕོ་


MR04_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོགས་ཀྱང་། །གཤིས་ལུགས་ཐིག་པོ་ཞིག་ཡིན་ན་ལེགས་ཏེ། །མཛུབ་མོ་འཛུགས་ས་དེ་ཅི་ཞིག་ཡིན་ཨང་། །ཕྱི་དོན་མ་བཤིག་པས་བློ་འཚུབ་མི་དགོས། །དོན་སྨྲ་སྡེ་གཉིས་རྣམས་དགྱེས་དགྱེས་མཛོད་ཅིག །རང་རིག་མ་ཡིན་ཀྱང་ཚད་གཞལ་འཐད་པས། །རྣམ་རིག་སྨྲ་བ་ཀུན་དགྱེས་དགྱེས་མཛོད་ཅིག །རང་མཚན་མ་གྲུབ་ཀྱང་རྟེན་རྟེན་འདྲ་བས། །ཤར་གསུམ་མཁན་པོ་ཀུན་དགྱེས་དགྱེས་མཛོད་ཅིག །གསལ་སྟོང་མི་འགལ་བས་བཟུང་ཡང་ཆོག་གི །སློབ་བཤད་བརྒྱུད་འཛིན་རྣམས་དོགས་ཆུང་མི་དགོས། །ཀ་ནས་དག་ན་ཡང་བཟང་ངན་འཐད་པས། །རིག་འཛིན་ཞིག་པོ་རྣམས་བཟང་ཞེན་མི་དགོས། །བཅོས་ནས་བསྒོམ་ན་ཡང་ལྷན་སྐྱེས་འཆར་བས། །རྟོགས་ལྡན་རྒན་པོ་རྣམས་ཨུ་ཚུགས་མི་དགོས། །ཡོད་མིན་སྤྲོས་བྲལ་དེ་ཁས་བླང་ཆོག་པས། །རྟོག་གེ་མགོ་འཁྲེགས་རྣམས་ཚབ་ཚུབ་མ་བྱེད། །འོན་ཀྱང་གཞུང་ལུགས་ལ་སྦྱངས་པ་ཆུང་རྣམས། །ཐ་སྙད་སྦྱོར་ཚུལ་ཞིག་མ་མཁྱེན་ཡིན་སྲིད། །ཁོ་བོ་ཁྱེད་ཅག་ལ་མི་གུས་མ་ལགས། །ཕོག་ཐུག་བྱུང་ན་ནི་བཟོད་པར་མཛོད་ཅིག །ཁོ་བོ་ཀུན་ཤེས་ཀྱི་ཤར་པོ་མིན་ཡང་། །ཕ་མེས་གཞུང་ལུགས་ཀྱི་རྟ་ཕོ་བཟང་པོ། །རྟག་སྦྱོར་གུས་སྦྱོར་གྱི་ཞོན་ཚུལ་མཁས་


MR04_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

པས། །གཅིག་སྡུག་རྡུག་འཕྲང་ལས་ནི་ཐར་བར་རེའོ། །འཚོལ་དགོས་མི་འདུག་སྟེ་འཚོལ་མཁན་རང་ཡིན། །ལྟ་མགུར་རྩ་བ། ང་བདེན་པར་མི་ཞེན་ཏེ་རྫུན་པ་ཉིད་ཡིན། །རྫུན་པ་མི་འགོག་སྟེ་བདེན་པ་རང་ཡིན། །ཚད་མིན་རྟག་མིན་ལ་ངལ་གསོ་ཆོག་གོ །ཨ་མ་མ་མཐོང་ཡང་མིང་ཙམ་ཞིག་གིས། །ཕ་མ་དྲིན་ཅན་ཏེ་ཡུན་རིང་སྟོར་བས། །གམ་ན་འདུག་པ་བཞིན་འཕྲད་པར་སྣང་གི །ཀླུ་སྒྲུབ་ཡབ་སྲས་དེ་བཀའ་དྲིན་ཆེའོ། །བློ་བཟང་གྲགས་པ་དེ་བཀའ་དྲིན་ཆེའོ། །དྲིན་ཅན་བླ་མ་དེ་བཀའ་དྲིན་ཆེའོ། །བཀའ་དྲིན་གཟོ་ཐབས་སུ་ཨ་མ་མཆོད་དོ། །སྐྱེ་མེད་བརྗོད་བྲལ་གྱི་ཨ་མ་རྒན་མོ། །རིག་པའི་བུ་ཆུང་དང་ལྷན་ཅིག་འཛོམས་ནས། །ཀུན་བཟང་སྤྱོད་པ་ཡི་དགའ་སྟོན་ཆེན་པོས། །མ་རྒན་འགྲོ་བ་ཀུན་གཏན་བདེར་འཁྲིད་དོ། །ཨེ་མ་ལ་རོལ་པའི་རྡོ་རྗེ། །ཨ་ཧོ་ལ་སྐྱིད་པའི་རྐང་བྲོ། །འོ་ན་ལ་འདི་རུ་བརྡུངས་ས། །ཨ་ཧོ་ཡ་དཀོན་མཆོག་མཆོད་དོ། །ཞེས་ཨ་མ་ངོ་ཤེས་ཀྱི་རྫུན་ཚིག་བྲག་ཆའི་སྒྲ་དབྱངས་འདི་ཡང་དབུ་མ་ཆེན་མོ་ལ་ལྷག་པར་མོས་པའི་ལྕང་སྐྱ་རོལ་བའི་རྡོ་རྗེས་སྤྲུལ་བའི་གནས་མཆོག་རི་བོ་རྩེ་ལྔར་སྨྲས་པའི་ཡི་གེ་བ་ནི་དགེ་སློང་དགེ་ལེགས་ནམ་མཁའ་འོ། །དགེའོ།། །།༈ ན་མོ་གུ་རུ་ཨརྱ་མཉྫུ་ཤྲཱི་བཛྲ་ཏིཀྵྞཱ་ཡ། ཕྱོགས་དུས་རྒྱལ་བའི་ཡེ་ཤེས་སེམས་དཔའ་ནི། །འཇམ་


MR04_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དབྱངས་སུ་གྲགས་པའི་མགོན་དེ་དང་། །དབྱེར་མེད་མཁྱེན་བརྩེའི་དབང་ཕྱུག་དཔའ་བོའི་ཞབས། །ཚེ་རབས་ཀུན་ཏུ་སྙིང་གི་པདྨོར་མཆོད། །ཨ་དོན་སྐྱེ་མེད་ཡུམ་གྱི་མཁའ་ཀློང་དུ། །རིགས་ཁམས་མངོན་སུམ་སྦྱོར་བའི་དཔལ་གྱི་མགུར། །ཐོལ་བྱུང་རྡོ་རྗེའི་ཀླུ་ཡིས་རབ་བསྐྱོད་པ། །ཐོས་པའི་ངོ་མཚར་སྙིང་གི་ཀུནྡ་འཛུམ། །ཆགས་སྡང་དྲི་མས་རྣམ་པར་མ་གོས་པའི། །ཟབ་མོའི་དེ་ཉིད་མཐོང་བའི་ཡེ་ཤེས་སྤྱན། །གང་གིས་གཟིགས་པ་བརྗོད་པའི་ངག་འདི་ནི། །ཟབ་མོའི་ཆོས་ལ་དཔང་པོར་གྱུར་པ་ལགས། །རྒྱུ་མཚན་འདི་དག་གིས་ཕྱིར་ན་ཟབ་མོའི་ཆོས་ཀྱི་དེ་ཉིད་མངོན་སུམ་དུ་གཟིགས་པའི་འཕགས་པ་ཆེན་པོ་ལྕང་སྐྱ་རོལ་པའི་རྡོ་རྗེ་ཞེས་རྒྱལ་བ་ཙོང་ཁ་པའི་བསྟན་པར་ཞུགས་སོ་ཅོག་གི་ནང་ན་རྒྱལ་མཚན་གྱི་རྩེ་མོའི་ཏོག་ལྟར་མངོན་པར་མཐོ་བ་གང་གི་གསན་བསམ་རྒྱ་མཚོ་ལྟ་བུའི་ལག་རྗེས་ཟབ་མོའི་ལྟ་བ་རང་རྒྱུད་ལ་ཇི་ལྟར་འཁྲུངས་པའི་ཚུལ་ཉམས་མགུར་བཞེས་པ་འདི་ཉིད་ཅུང་ཟད་བརྗོད་ན། དེ་ཡང་ཐོག་མཐའ་བར་དུ་དགེ་བའི་དོན་གསུམ་ལས། དང་པོ་ལ་མཆོད་བརྗོད་དང་དམ་བཅའ་གཉིས་ལས། །ཟབ་མོ་རྟེན་འབྱུང་གི་དེ་ཉིད་ངོ་མཚར། །ཇི་བཞིན་རྗེན་པ་རུ་སྟོན་


MR04_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བླ་མ། །བཀའ་དྲིན་འཁོར་མེད་དེ་སྙིང་དབུས་བཞུགས་ཤིག །ཅེས་བརྟགས་པར་དཀའ་བའི་ཟབ་མོ་བརྟེན་ནས་འབྱུང་བའི་དེ་ཁོ་ན་ཉིད་སྣང་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ནི་སྟོང་བཞིན་དུ་སྣང་ལ་སྣང་བཞིན་དུ་སྟོང་པའི་ངོ་མཚར་བའི་གནས་དེ་མ་ནོར་བར་ཇི་ལྟ་བ་བཞིན་དུ་རྗེན་པ་རུ་སྟོན་པའི་བླ་མ་ནི་བཀའ་དྲིན་འཁོར་ཐབས་མེད་པའི་དྲིན་ཅན་ཡིན་ལ། དེ་ལྟ་བུའི་བླ་མ་དེ་སྙིང་གི་དབུས་སུ་རྟག་ཏུ་འདུ་འབྲལ་མེད་པར་བཞུགས་ཤིག་ཅེས་གུས་པས་མཆོད་པར་བརྗོད་པའོ། །གཉིས་པ་ནི། གང་དྲན་ཐོལ་བྱུང་གི་ཚིག་གསུམ་སྨྲའོ། །ཞེས་སྟོང་རྟེན་འབྱུང་དབྱེར་མེད་པའི་དོན་ཐུགས་ལ་ཇི་ལྟར་ཤར་བའམ་དྲན་པ་དེ་ཉིད་བཅས་བཅོས་མེད་པར་ཐོལ་བྱུང་གི་ཚིག་གསུམ་སྨྲའོ་ཞེས་གསུངས་ཏེ། དེ་ལ་ཚིག་གསུམ་ཞེས་པའི་ཉུང་ངུ་འགའ་ཞིག་བརྗོད་པའི་དོན་ཡིན་གྱི། གྲངས་གསུམ་དུ་ངེས་པ་བགྲང་མི་དགོས་ཏེ། པདྨ་ལ་འདབ་བརྒྱད་ཟེར་བ་བཞིན་ནོ། །གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ། དཔྱད་སྟོབས་ཀྱི་སྟོང་པ་བཙལ་བའི་ཚུལ་དང་། སྟོང་པ་ཉིད་མངོན་སུམ་དུ་མཐོང་བའི་ཚུལ་དང་། དེ་ལམ་གཞན་དང་མཐུན་པ་དང་མི་མཐུན་པའི་ཚུལ་བཤད་པ། དེ་ལྟར་མཐོང་བའི་བློ་བདེ་


MR04_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཚུལ་བརྗོད་པའོ། །དང་པོ་ལ་མདོ་རྒྱས་གཉིས་ལས། དང་པོ་ནི། ཨ་མ་རྒན་མོ་དེ་ཡུན་རིང་སྟོར་བའི། །བུ་ཆུང་སྨྱོན་པ་ངས་ཇི་ཞིག་ལྟར་ཏེ། །ཨ་མ་དྲིན་ཅན་དང་ལྷན་ཅིག་འདུག་པ། །ངོ་མ་ཤེས་པ་དེ་ཤེས་ལ་ཁད་སྣང་ངོ་། །ཞེས་ཨ་མ་རྒན་མོ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཟུང་འཇུག་དབུ་མ་ཆེན་པོ་ལ་ཟེར་ཏེ། ཤེར་ཕྱིན་ནི་རྒྱལ་བ་ཐམས་ཅད་ཀྱི་ཡུམ་ཡིན་པས་དེ་ལ་དེ་སྐད་དུ་བསྟན་པའོ། །དེ་ཡུན་རིང་དུ་སྟོར་བ་ནི། ཐོག་མ་མེད་པ་ནས་ད་ལྟའི་བར་དུ་ངོ་མ་ཤེས་པའི་དོན་ནོ། །བུ་ཆུང་སྨྱོན་པ་ནི་ལྟ་བ་འཚོལ་མཁན་གྱི་སེམས་ལ་ཟེར་ཏེ། གནས་ལུགས་མ་རྟོགས་པའི་འཁྲུལ་བའི་དབང་དུ་གྱུར་པས་ན་སྨྱོན་པ་ཞེས་བྱའོ། །སེམས་དེས་ཅི་ཞིག་ལྟར་ཏེ་ཞེས། སྟབས་ལེགས་ལྟེས་དབང་གིས། ཨ་མ་སྟོང་ཉིད་སྤྲོས་བྲལ་འཁོར་བ་ལས་སྐྱོབས་པའི་དྲིན་ཅན་དེ། གདོད་ནས་རང་དང་ལྷན་ཅིག་འདུ་འབྲལ་མེད་པར་འདུག་པ་སྔར་ངོ་དམ་ཤེས་པ་དེ་ད་ཤེས་ལ་ཁད་དུ་སྣང་ངོ་ཞེས་གསུངས་སོ། །གཉིས་པ་ལ། ལས་དང་པོ་པའི་སྐབས་སུ་དཔྱད་མ་དཔྱད་ཀྱི་ཁྱད་ཙམ་ཡིན་སྙམ་དུ་སྟོང་པ་ཁོ་ན་ལ་ཡིད་གཏོད་ཚུལ། རེས་འགའ་ཆོས་ཐམས་ཅད་སྟོང་པ་ཡིན་ཀྱང་མི་ཕན་པས་རྟེན་འབྱུང་ཁོ་ན་


MR04_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཆེ་སྙམ་དུ་བསམ་ཚུལ། དེ་ལས་ཅུང་གོམས་པ་ན་སྔར་གྱི་རེ་རེ་བརྩིས་སུ་བྱེད་པ་ཆུང་སྟེ་མི་འགལ་བའི་འཕྲིག་ཚུད་པའི་ཚུལ་ལོ། །དང་པོ་ནི། ཇོ་ཇོ་རྟེན་འབྱུང་དེས་ལྐོག་ཏུ་བསྙད་པས། །ཡིན་ཡིན་མིན་མིན་དེ་ཨེ་ཡིན་སྙམ་མོ། །ཞེས་ཐབས་སྣང་ཆ་རྟེན་འབྱུང་གི་ཕྱོགས་ཇོ་ཇོ་ལྟ་བུ་དེས་མངོན་དུ་མ་གྱུར་པའི་སྟོང་པ་ཉིད་ཀྱི་ཚུལ་ལྐོག་ཏུ་བསྙད་པའམ་བསྟན་དོན་དེ། དེས་ཅི་ལྟར་བསྟན་སྙམ་ན། རྟེན་འབྱུང་གི་གཏན་ཚིགས་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་གིས་ལྐོག་གྱུར་རམ་མེད་དགག་གི་དོན་སྤྱི་ལྟ་མགུར་འགྲེལ་བ། ང་འདྲ་ཞིག་བློ་ཡུལ་དུ་ཤར་ཚེ་འདི་སྙམ་དུ། མ་བརྟག་མ་དཔྱད་པའི་ངོར་གང་ལྟར་སྣང་བ་དེ་ལྟར་ཡིན་ཡིན་བདེན་བདེན་འདྲ་ཡང་། བརྟགས་ཤིང་དཔྱད་དེ་བཙལ་ན་བཟུང་དུ་མེད་དེ་ཡང་དག་པའི་ཚད་མས་མི་རྙེད་པས། མིན་མིན་སྟོང་པའི་ཕྱོགས་དེ་ཡང་དག་པའི་ལྟ་བ་ཨེ་ཡིན་སྙམ་དུ་སེམས་སོ་ཞེས། དེ་ལྟ་ན་རྒྱུ་འབྲས་སོགས་དོན་གྱི་ངོས་ནས་མི་འགལ་བར་ཅི་ལྟར་གཞག་སྙམ་དུ་མེད་དགག་ཙམ་ལ་བློ་ཐེ་ཚོམ་དང་བཅས་ཏེ་ཞུགས་པ་ཡིན་ལ་འདི་ལྟ་བུའི་གདམས་པའི་བསྟན་དོན་འདི་རང་རྒྱུད་ལ་སྦྱར་ན་དེང་སང་གི་ཁ་ལྟ་ཆགས་སྡང་མཁན་རྣམས་ཨེ་ཡིན་སྙམ་པ་རེ་འབྱུང་སྲིད་ཀྱང་ཐང་། གཉིས་པ་ནི། གཟུང་འཛིན་སྣ་ཚོགས་འདི་ཨ་མའི་འཛུམ་བག །སྐྱེ་ཤི་འཕོ་


MR04_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་འདི་ཨ་མའི་རྫུན་ཚིག །བསླུ་མེད་ཨ་མ་ཡིས་ཁོ་བོ་བསླུས་པའི། །ཇོ་ཇོ་རྟེན་འབྱུང་དེས་སྐྱོབས་པར་རེའོ། །ཞེས་ཕྱི་གཟུང་བ་དང་ནང་འཛིན་པས་བསྡུས་པའི་ཆོས་སྣ་ཚོགས་འདི་ཐམས་ཅད་ལ་རང་བཞིན་གྱིས་མི་སྟོང་པ་མེད་པས་ཨ་མ་སྟོང་པ་ཉིད་ཀྱི་འཛུམ་བག་སྟེ། རོལ་རྩལ་ཡིན་ཞེས་པར་སྟོན་པའི་ཚིག་ཉམས་ཙམ་མོ། །གང་ཟག་སྐྱེ་འཆི་དང་དུས་ཀྱི་འཕོ་འགྱུར་ཐམས་ཅད་དོན་དུ་མེད་བཞིན་ཏུ་སྣང་བས་ན་ཨ་མ་སྟོང་པ་ཉིད་ཀྱི་རྫུན་ཚིག་ཙམ་སྟེ། སྐྱེ་འཆི་སོགས་སྟོང་པ་ཡིན་ཀྱང་འཇིག་རྟེན་ན་བདེན་པ་ལྟར་སྟོན་པས་ན་རྫུན་ཚིག་ཅེས་བཏགས་སོ། །དེ་ལྟ་ན་ཡང་དག་པའི་ཚད་མར་གྱུར་པའི་ཨ་མ་སྟོང་ཉིད་བསླུ་བ་མེད་པས་ཆོས་ཐམས་ཅད་ལ་ཁྱབ་ན་ཡང་། དེས་མ་ཕན་པར་ཁོ་བོ་ཅག་འགྲོ་བ་དྲུག་གི་སེམས་ཅན་རྣམས་ཁམས་གསུམ་དུ་ཡང་ཡང་འཁོར་ཞིང་བསླུས་པ་ལྟར་གྱུར་པས་ན། ཇོ་ཇོ་རྟེན་འབྱུང་རང་ཉིད་ལ་རྩིས་སུ་བྱས་ཏེ་ལས་དཀར་ནག་སོགས་ཚུལ་བཞིན་དུ་བྱས་པའི་སྤྱོད་པ་དེས་བདག་སྐྱོབ་པར་རེའོ་ཞེས། མེད་དགག་གི་སྟོང་པ་ཙམ་གྱིས་སྲིད་པ་འཁོར་བའི་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་བྱིན་གྱིས་རློབས་མི་ནུས་པས་ལྟ་སྤྱོད་ཐ་དད་དེ། ལྟ་བ་མཐོང་བས་སྤྱོད་པ་ལམ་དུ་ཁྱེར་མི་ནུས་པ་འདི་ལྟ་བུའི་ཉམས་བྱུང་ངོ་ཞེས་ཉིད་ཀྱི་ཉམས་


MR04_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་མངོན་རྟོགས་སྐྱེས་པའི་ཚུལ་གྱིས་གཞན་ཡང་དག་པའི་ལྟ་བ་དང་བྲལ་བའི་གཡང་ས་ལས་བསྒྲལ་བའི་ཕྱག་བརྐྱངས་པ་ཡིན་ནོ། །འདི་ལ་འཇམ་དབྱངས་བཞད་པ་མཆོག་ནས་ཉམས་མཚར་གྱི་གསུངས་ཏེ་དཔྱད་གཞི་ཆེ་བར་སྣང་ཞེས་གསུངས་པའི་དགོངས་པ་ནི་བརྟགས་དགོས་པར་མངོན་ནོ། །གསུམ་པ་ནི། རྣམ་པ་གཅིག་ཏུ་ན་ཨ་མ་རྒན་མོ། །ཁོ་ནའི་དྲིན་གྱི་ནི་གྲོལ་བར་རེ་སྟེ། །གཟུང་འཛིན་འདི་ཉིད་ཀོ་འདི་ལྟར་ཡིན་ན། །དུས་གསུམ་རྒྱལ་བས་ཀྱང་སྐྱོབས་ཐབས་མི་འདུག །འགྱུར་བ་སྣ་ཚོགས་འདི་འགྱུར་མེད་ཨ་མའི། །རྣམ་འགྱུར་ཡིན་པས་ན་གྲོལ་རྒྱུ་འདུག་གོ །ཞེས་ཡང་བློ་ཡིས་གཞལ་ལུགས་རྣམ་པ་གཅིག་ཏུ་ན་ཨ་མ་རྒན་མོ་རང་བཞིན་གྱིས་སྟོང་པ་ཡིན་པ་ཁོ་ནའི་དྲིན་གྱིས་གྲོལ་བ་ཡོད་པར་རེ་སྟེ། སྟོང་པ་མིན་པར་གཟུང་འཛིན་གྱི་ཆོས་འདི་ཉིད་ངེད་ཅག་རྣམས་ལ་སྣང་བ་འདི་ལྟར་གྲུབ་པ་ཡིན་ན། དུས་གསུམ་རྒྱལ་བས་ཀྱང་སྐྱོབས་པའི་ཐབས་མི་རྙེད་དེ། དེ་ཡི་རྒྱུ་མཚན་ཡང་གཟུང་འཛིན་འཁོར་བའི་ཆོས་འདི་འདི་ལྟར་གྲུབ་ན། བདེན་པར་གྲུབ་པ་ལ་འཕེལ་འགྲིབ་སོགས་མི་རུང་བས་འཁོར་བའི་གནས་སྐབས་ཟད་ནས་ཐམས་ཅད་མཁྱེན་པ་ཐོབ་མི་རུང་ལ། དེ་ལྟར་མ་


MR04_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པས་ན། ཆོས་ཉིད་ཅི་ཡི་ངོ་བོར་ཡང་མ་གྲུབ་པས། ཅི་ལྟར་འཆར་བ་ཉིད་ཡིན་ཏེ། གྲུབ་ན་གྲུབ་རྒྱུ་དེ་ག་ལས་གཞན་དུ་མི་རུང་བའི་ཕྱིར་ན། རྩ་ཤེས་ལས་ཀྱང་། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །ཞེས་གསུངས་པ་ལྟར་ཡིན་ལ། དེ་ལྟར་གཟུང་འཛིན་གྱི་འགྱུར་བ་རྣམ་པ་སྣ་ཚོགས་པ་འདི་རང་གི་རང་བཞིན་ལས་ངོ་བོ་གཞན་དུ་མི་འགྱུར་བས་ཨ་མ་སྟོང་པ་ཉིད་ཀྱི་རྣམ་འགྱུར་རམ་རྩལ་ཡིན་པས་རང་ངོས་ནས་མ་གྲུབ་ཅིང་རང་བཞིན་མེད་པ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ལ་བརྟེན་ནས་སྲིད་རྩ་མ་རིག་པ་རྒྱུན་བཅད་དེ་འཁོར་བ་ལས་གྲོལ་བ་འཐད་པས་ན། སྟོང་དང་རྟེན་འབྱུང་གཉིས་པོ་གཅིག་བཀག་པའི་རྗེས་སུ་གཅིག་འཆར་བ་ལྟ་བུ་མིན་པ་འདྲ་སྙམ་དུ་ཅུང་ཟད་ཡིད་ཆེས་པའི་སྒོ་དང་པོ་རྙེད་དེ་སྟོང་པ་མཚན་ཉིད་པའམ་དབུ་མ་ཆེན་པོའམ། ཕྱག་རྫོགས་སོགས་མིང་ཐ་དད་ཀྱང་དོན་དུ་གཅིག་པའི་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ལ་གུས་པའོ། །གཉིས་པ། སྟོང་ཉིད་མངོན་སུམ་མཐོང་བའི་ཚུལ་དེ་ལ་ཡང་དག་པའི་ལྟ་བ་མཐོང་བའི་སྒོ་སྟོང་དང་རྟེན་འབྱུང་ཟུང་འཇུག་གི་གོ་བ་ལ་གཞིག་ཚུལ། གཞིག་


MR04_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཅིག་དང་ཐ་དད་བྲལ་བའི་སྟོང་ཉིད་རྟེན་འབྱུང་ཟུང་འཇུག་ལ་འཕྲིག་བྱུང་ཚུལ། བྱུང་ནས་ཡང་དག་པའི་ལྟ་བ་དེ་སྟོན་པའི་གཞུང་གི་དགོངས་པ་བླང་ཚུལ། ལོན་ནས་ལོག་རྟོག་གི་འཕྲང་ལས་བརྒལ་ཏེ་སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས་མངོན་དུ་བྱས་པའི་ཚུལ་དང་བཞི་ལས། དང་པོ་ནི། ཅིར་ཡང་མ་གྲུབ་པའི་བརྗོད་མེད་ཨ་མ། །ཅིར་ཡང་བརྫུ་བ་ཡི་ཕར་བརྟེན་ཚུར་བརྟེན། །འདི་དག་ཙམ་ཞིག་ལ་གོ་རྒྱུ་འདུག་གོ །ཕ་རྒན་བཙལ་བས་ནི་མ་རྙེད་པ་དེ། །མ་རྒན་རྙེད་པ་ཁོ་ཡིན་པར་འདུག་པས། །ཨ་མའི་པང་ནས་ནི་ཕ་རྒན་རྙེད་པས། །ཕ་མ་དྲིན་ཅན་གྱི་བུ་ང་སྐྱོབ་སྐད། །ཅེས་དངོས་པོ་རྣམས་ཀྱི་གཤིས་སམ་གནས་ལུགས་ནི་འདིའོ་ཞེས་ཁས་ལེན་དང་བྲལ་ཏེ་ཅིའི་ངོ་བོར་ཡང་གྲུབ་པ་མེད་པས་བརྗོད་དུ་མེད་པའི་ཨ་མ་སྟོང་པ་ཉིད་ཀྱི་དབྱིངས་དེ་ཉིད། རྣམ་པ་སྣ་ཚོགས་ཅིར་ཡང་བརྫུ་བའམ་འཆར་བའི་གནད་ཀྱིས་ཕར་བརྟེན་པ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་ཅིང་། གྲུབ་པའི་རྒྱུ་ལས་མ་སྐྱེས་པར་སྟོང་པ་ཙམ་ལས་སྟོང་པའི་དངོས་པོ་རྣམས་བྱུང་བ་ཁོ་ན་ཟད་དེ། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། ཞེས་པ་ལྟར་ཡིན་ལ། ཚུར་བརྟེན་པ་ནི། རྟེན་ནས་འབྱུང་བ་ནི་སྟོང་པ་ཉིད་ཡིན་པའི་གནད་དེ། སྐྱེས་པ་ཉིད་ན་


MR04_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་མེད། ཅེས་གསུངས་པ་ལྟ་བུ་སྟེ། དེ་ལྟར་སྟོང་པ་ཡིན་པའི་གནད་ཀྱིས་རྟེན་འབྱུང་ཡིན་པ་དང་། རྟེན་འབྱུང་ཡིན་པའི་གནད་ཀྱིས་སྟོང་པ་ཡིན་པས་ཕན་ཚུན་མི་འགལ་བ་ཙམ་དུ་མ་ཟད། གཅིག་གྲོགས་སུ་གཅིག་འགྲོ་བའི་ཚུལ་འདི་ཙམ་ཁོ་ན་ལ་གོ་རྒྱུ་ཞིག་འདུག་ཅེས་གོ་བ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་ལྟ་མགུར་འགྲེལ་བ་དགར་བ་སྟེ། རྗེ་བདག་ཉིད་ཆེན་པོས། ཤེས་པའི་ནང་ན་རྟེན་འབྲེལ་ཤེས་པ་ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་ཨ་མ་ཤེས་རབ་སྟོང་པ་ཉིད་དང་ཟུང་དུ་འབྲེལ་ནས་སྲས་རང་བྱུང་གི་ཡེ་ཤེས་ཟག་པ་མེད་པ་བསྐྱེད་ནུས་པའི་ཆ་ནས་སྣང་བ་རྟེན་འབྱུང་གི་ཆ་ལ་ཕ་རྒན་ཞེས་བྱ་སྟེ། ཕ་རྒན་རྟེན་འབྱུང་གི་དངོས་པོ་འདི་དག །རིག་པས་བཙལ་ཚེ་མ་རྙེད་པ་དེ་ཁོ་ན་མ་རྒན་སྟོང་པ་ཉིད་ཀྱི་ཚུལ་མཐོང་བའམ་རྙེད་པ་ཁོ་རང་ཡིན་པར་འདུག་པས། མ་རྙེད་པའི་དབྱིངས་ཨ་མ་སྟོང་པ་ཉིད་དེའི་པང་ངམ་ཀློང་ནས་ཕ་རྒན་རྟེན་འབྱུང་འདི་མཐོང་བའམ་རྙེད་པས་ཕ་མ་དེ་གཉིས་གཅིག་རྙེད་ན་གཅིག་སྟོར་བ་ལྟ་བུ་མི་དགོས་པའི་གནད་རིག་ནས་ད་སྔར་ལྟར་སྟོང་དང་རྟེན་འབྱུང་སོ་སོར་རེ་བ་འཆའ་བའི་སྐབས་བཏང་སྟེ། ཕ་མ་ཐབས་ཤེས་ཟུང་འཇུག་གི་ལྟ་བ་རིན་པོ་ཆེ་འདི་ལ་བརྟེན་ནས་རྟག་ཆད་ཀྱི་འཇིགས་པ་ལས་བུ་སྐལ་བ་བཟང་པོ་བདག་སྐྱོབ་པར་འདུག་ཅེས་གསུངས་སོ། །


MR04_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། གཅིག་མིན་གཞན་མིན་གྱི་ཨ་མའི་བཞིན་རས། །ཇོ་ཇོ་རྟེན་འབྱུང་གི་མེ་ལོང་ནང་ན། །ཟིན་པ་མེད་ཚུལ་གྱི་ཡོད་ཡོད་འདྲ་སྟེ། །སྨྱོན་པ་ང་འདྲས་ནི་རྟོག་དཔྱོད་མ་ཞུགས། །ཞེས་ཆོས་ཅན་ཀུན་རྫོབ་རྣམས་དང་གཅིག་མིན་ལ་ཐ་དད་དམ་གཞན་མིན་པའི་ཨ་མ་སྤྲོས་པ་དང་བྲལ་བའི་གནས་ལུགས་བཞིན་རས་ཀྱི་གཟུགས་སུ་བཀོད་པ་དེ། ཇོ་ཇོ་རྟེན་འབྱུང་གི་ཆོས་ཐམས་ཅད་མེ་ལོང་གི་གཟུགས་སུ་བཀོད་པ་དེ་ཡི་ནང་ན། རང་བཞིན་ལྷན་ཅིག་སྐྱེས་སུ་བློས་བཟུང་བའམ་ཟིན་པ་མེད་པའི་ཚུལ་དུ་ཡོད་ཡོད་ཅིག་འདྲ་སྟེ། སྨྱོན་པ་ང་དང་ང་འདྲས་ནི་ཤེས་བྱའི་ཆོས་འདི་དག་དགག་གཞིར་བྱས་ནས་མེད་དོ་མེད་དོ་སྙམ་པའི་མེད་འཛིན་དམ་སྦྲེང་ངེ་བ་ཞིག་གིས་ཤེས་བྱའི་ཆོས་འདི་དག་ཕར་དགག་པའི་རྗེས་སམ་ཤུལ་ལྟ་བུ་ཞིག་ལ་བློ་གཏད་པས་བསྒྲིབ་སྟེ། འདི་ལྟ་བུའི་ཟབ་མོའི་གནས་ལ་རྟོག་དཔྱོད་ཆེན་པོ་མ་ཞུགས་པར་ལུས་པ་ནི་ནོངས་སོ་ཞེས་འདོམས་པའོ། །དེ་ལ་ངེས་པ་ཅི་ལྟར་སྐྱེས་སྙམ་ན། གོ་བ་ཙམ་གྱི་སྐབས་སུའང་དབང་པོ་རྣོན་པོའི་གང་ཟག་ལ་ད་ལྟའི་སྣང་བ་རང་ག་མ་འདི་རང་བཞིན་གྱིས་སྟོང་པ་ལས་སྣང་བ་འདི་མི་བདེན་ཏེ་དཔྱད་པས་རྙེད་པའི་སྟོང་པ་ནི་བདེན་ནོ་སྙམ་པའི་མེད་དགག་ཙམ་པོ་དེ་ཡང་རིག་པའི་ཡུལ་དུ་ཟུངས་མི་ཐུབ་


MR04_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས་ན། རྟེན་འབྱུང་ཁོ་རང་ལས་ལོགས་སུ་སྟོང་པ་བཙལ་མི་དགོས་པ་འདྲ་ཞིག་གོ་བ་ཙམ་ལ་ཡོད་ཡོད་ཅིག་འདྲ་སྟེ་ཞེས་གསུངས། ཟིན་པ་མེད་ཚུལ་ཞེས་རྟེན་འབྱུང་གི་ངོས་ན་བདེན་པར་ཡོད་ཟེར་བ་ལྟ་བུའི་ཚིག་ཏུ་མི་གོ་བའི་སླད་དུའོ། །འདི་སྐབས་སུ་ཇོ་ཇོ་དང་ཕ་རྒན་ཞེས་ཕོ་ཡིན་པ་བརྡས་སྣང་ཆ་བསྟན་ཀྱང་ཆོག་མོད། བྱེ་བྲག་བུའི་ཉེར་ལེན་དུ་མ་དེ་དང་འབྲེལ་བ་ལ་ཕ་ཟེར་ཞིང་། ཕོ་ཡིན་ལ་ཕ་མིན་པ་ལ་ཇོ་ཇོ་ཟེར་བ་བཞིན། །སྟོང་པའི་དབྱིངས་དང་རོ་མཉམ་པར་མཐོང་བའི་སྣང་བ་ལ་ཕ་དང་། དོན་གྱིས་སྟོང་ཡང་སྟོང་པ་དང་ཟུང་དུ་ཞུགས་པར་མ་མཐོང་བའི་རྟེན་འབྱུང་ཙམ་ལ་ཇོ་ཇོ་ཞེས་གསུངས་ཉམས་འདྲའམ་སྙམ། གསུམ་པ་ནི། ཀླུ་སྒྲུབ་ཟླ་གྲགས་ཀྱི་ཞལ་ཆེམས་རླུང་བསྐུར། །འཇམ་དཔལ་སྙིང་པོ་ཡིས་བྱ་ཞིག་བཏང་བས། །ཐག་རིང་འཚོལ་བ་ཡི་དཀའ་ལས་བཤོལ་ནས། །ལྷན་ཅིག་གནས་པ་ཡི་མ་རྒན་མཐོང་རེ། །དེ་ལྟ་བུའི་སྐབས་སུ་ཀླུ་སྒྲུབ་དང་ཟླ་བ་གྲགས་པའི་རང་གི་དགོངས་པ་ཇི་ལྟ་བ་བཞིན་ཏུ་བསྟན་པའི་ཞལ་ཆེམས་རིགས་ཚོགས་དང་འཇུག་པ་སོགས་ཀྱི་ཚིག་དང་མན་ངག་མ་ནོར་བ་དེ་ཉིད་སྐྱེས་བུ་དམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་མགྲིན་པའི་རླུང་ལ་


MR04_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་བ་ལྟ་བུ་དེ་རང་གི་སྐལ་བར་ཐོབ་པ་ཞེས་སློབ་དཔོན་དེ་རྣམས་དངོས་ལས་ཐོས་ཀྱང་འདྲ། བླ་མ་ལས་ཐོས་ཀྱང་འདྲ་ཞལ་ཆེམས་དེ་ག་རང་ཡིན་པར་རྒྱུའི་དོན་ནོ། །དེ་ལྟ་བུའི་མན་ངག་དང་ཁྱད་པར་འཇམ་དཔལ་དགེ་སློང་གི་རྣམ་པར་རོལ་བ་ཙོང་ཁ་བ་འཇམ་དཔལ་སྙིང་པོའི་གསུང་གི་ལེགས་བཤད་ཀྱིས། རང་བཞིན་ལྷན་སྐྱེས་ཟུང་འཇུག་གི་ཡེ་ཤེས་རང་སར་གནས་པ་གོ་བའི་བྱ་ཞིག་བཏང་བ་ལ་བརྟེན་ནས། དངོས་པོ་འདི་དག་བཤིགས་ཤིང་བསལ་ཏེ། གཟོད་སྟོང་པ་མཐོང་སྙམ་པའི་ཤེས་བྱའི་ཆོས་རང་ག་མ་ལས། ཐག་རིང་དུ་སྟོང་པ་ཉིད་འཚོལ་བའི་དཀའ་ལས་དེ་བཤོལ་བའམ་སྤང་ནས། སྣང་བ་ལས་ལོགས་སུ་མི་གནས་པར་སྣང་བ་དང་ལྷན་ཅིག་ཏུ་གནས་པའི་མ་རྒན་སྟོང་པ་ཉིད་མཐོང་བར་རེའོ་ཞེས། དེང་སང་དུག་ལྔ་ལ་སོགས་པའི་ཉོན་མོངས་པའི་ཆོས་རྣམས་ཀྱང་རང་ས་ནས་རང་བཞིན་ཁོང་ཁྲོལ་གྱི་ཚུལ་དུ་རྣམ་པར་དག་པས་འཆིང་གྲོལ་ལ་རེ་དོགས་མི་དགོས་ཞེས་པའང་གནད་འདི་ལྟ་བུ་ཟེར་བས་ཕྱོགས་ལྷུང་ཅན་རྣམས་ཀྱིས་བཟོད་པར་མཛོད་ཅིག །བཞི་བ་ནི། ད་ལྟ་རང་རེ་ཡི་བློ་གསལ་འགའ་ཞིག །ཚུགས་ཐུབ་བདེན་གྲུབ་སོགས་བརྡ་ལ་ཞེན་པས། །སྣང་བ་ལིང་ལིང་འདི་རང་སར་བཞག་ནས། །དགག་རྒྱུའི་


MR04_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

རྭ་ཅན་ཞིག་འཚོལ་བར་སྣང་སྟེ། །སྒྲིབ་བྲལ་ཨ་མ་ཡི་བཞིན་རས་དེ་ན། །ལང་ལང་ལིང་ལིང་དེ་ཡོད་སྐད་མི་འདུག །གནད་འགག་མ་ཕིག་པའི་བཤད་བཤད་མང་ཡང་། །ཨ་མ་རྒན་མོ་དེ་བྲོས་དོགས་འདུག་གོ །ཡོད་ཞིག་ཡོད་མོད་ཀྱང་ད་ལྟའི་འདི་འདྲའི། །རང་རང་འགལ་འདུ་ཅན་ཡིན་ཚོད་མི་སྣང་། །ཕ་མ་འཛའ་བཅུགས་ཀྱི་འབྲལ་མེད་བག་ཕེབས། །འཇམ་འཇམ་སྐྱིད་སྐྱིད་ཞིག་ཡིན་པར་སྣང་ངོ་། །ཞེས་རང་རེ་དགེ་ལྡན་པར་གྲགས་པའི་བློ་གསལ་འགའ་ཞིག་རྟོག་གེ་ཐ་སྙད་ཀྱི་ཚིག་ཙམ་ལ་ཞེན་འཁྲིས་ཆེ་བས་ཚུགས་ཐུབ་དང་བདེན་གྲུབ་སོགས་བརྡ་འམ་ཐ་སྙད་ཙམ་ལ་ཞེན་པའི། འདི་ལྟར་རང་རེ་རྣམས་ལ་སྣང་བའི་དངོས་པོ་ལྷང་ངེ་བའམ་ལིང་ལིང་པོ་དེ་དགག་མི་དགོས་པར་རང་སར་བཞག་ནས་གཞན་དགག་རྒྱུ་ཟུར་བ་རྟགས་ཅན་ཞིག་བཙལ་བ་ལ་རྭ་ཅན་ཞེས་མ་རངས་པའི་ཚིག་གི་ཟུར་བརྗོད་པ་སྟེ། དེ་ཅི་ལྟར་ན་དེང་སང་ཀ་བ་བདེན་གྲུབ་ཀྱིས་སྟོང་ཀ་བས་མི་སྟོང་སོགས། ཐ་སྙད་ཀྱི་རྟོག་པ་བརྗོད་ཚུལ་ཙམ་ཁོ་ནའི་དབང་དུ་བྱས་ན་འཐད་འཐད་འདྲ་བའི་བརྗོད་ཚུལ་དུ་མ་ཞིག་བཞག་ནས་དེ་ལ་བློ་རྩེ་གཅིག་ཏུ་གཏོད་པ་ནི། ཟབ་མོའི་དོན་ལ་མཉམ་པར་བཞག་པ་ཅུང་ཟད་ཀྱང་མེད་པའི་གོ་ཡུལ་གྱི་མེད་དགག་ཁོ་ན་ལ་ཞེན་པའི་རང་མཚང་ཡིན་ཏེ། དེ་རྣམས་


MR04_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འདི་སྙམ་དུ། ལྟ་མགུར་འགྲེལ་བ། ཀ་བ་སོགས་ཀ་བས་སྟོང་ན། ཐ་སྙད་དུ་དོན་བྱེད་མི་ནུས་ཤིང་གཏན་མེད་ལྟ་བུར་འགྱུར་བས་སྣང་ཙམ་དེ་ཡོད་སྙམ་མོ། །དེས་ན་སྣང་ཙམ་དེས་ཡོད་མཐའ་དང་། དོན་དུ་མེད་པས་རྟག་མཐའ་བསལ་བར་རེ་སྟེ། དེ་ལྟར་ན་སྣང་ཙམ་དེ་མི་སྟོང་པར་རྟག་པར་གྱུར་ཅིང་། སྟོང་པ་ལོགས་སུ་ཡོད་ན་སྣང་སྟོང་ཐིག་གུ་དཀར་ནག་སྒྲིམ་པ་ལྟ་བུའམ། སྣང་ཙམ་པོ་ཀུན་རྫོབ་སྟེ་དོན་དུ་མེད་པ་ཁོ་ནར་ངེས་སྙམ་ན། སྟོང་པ་ཁོ་ན་རྟེན་འབྱུང་དང་རྒྱབ་ཕྲལ་ཏེ་འགྲོ་བས། གང་ལྟར་ཡང་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་བློར་མི་ཤོང་བའི་གནད་འདི་ཁོ་ན་ལ་བརྟེན་ནས་ཆོས་སྤང་གི་ལས་ངན་སོགས་དུ་མ་བྱ་དགོས་དང་ཁས་ལེན་མི་འདྲ་བ་དུ་མ་བྱུང་ངོ་། །དེ་དག་གི་འཁྲུལ་ཚུལ་ནི། འདི་ལྟར་སྣང་བའི་དངོས་པོ་འདི་དག་ལ་དཔྱད་ན་དེ་དག་མ་གྲུབ་པ་སྟོང་ཉིད་ཡིན་པའི་གྲུབ་པ་ནི་དགག་བྱ་སྟེ། དེ་བསལ་ཞིང་མ་བཅད་ཀྱི་བར་དུ་སྟོང་པ་མི་འགྲུབ་སྙམ་དུ། སྟོང་ན་ཡོད་མི་ཤེས་པ་དང་ཡོད་ན་སྟོང་མི་ཤེས་པ་ལྟ་བུའི་འགལ་འདུ་ཅན་དུ་སྣང་བ་ནི་ལས་དང་པོ་བ་སྤྱི་ལ་འབྱུང་སྟེ། དེ་ལྟར་དངོས་པོ་རྣམས་དགག་བྱར་བྱས་ཏེ། དེ་མེད་དོ་སྙམ་པ་ནི་ཐོག་མེད་ནས་གོམས་པའི་ཡོད་འཛིན་གྱི་གེགས་བྱེད་


MR04_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་དང་པོ་བའི་བསམ་བྱ་ཕུལ་དུ་གྱུར་པ་ཞིག་ཡིན་ཀྱང་། མཐར་ཐུག་ཡང་དག་པའི་ལྟ་བ་ལ་དེ་ལས་མེད་སྙམ་ན་ནི་ཤིན་ཏུ་ཐ་ཆད་པ་ཡིན་ནོ། །དེ་ལྟར་ན་སྟོང་པ་ཉིད་ཅེས་པ་ཆོས་རྣམས་ཀྱི་གཤིས་ལུགས་ཐིག་པོ་ཞིག་ཏུ་མ་གོ་ནས་ཆོས་རྣམས་བསལ་ཞིང་དགག་པའི་མེད་པ་ཁོ་ན་ལ་སྦྱར་ཏེ། བསམ་གྱིས་མི་ཁྱབ་པའི་གནས་ལུགས་ལ་རྟོག་གེས་བརྗོད་ཚུལ་མང་པོས་བསྙད་པ་ཁྱད་ཆོས་སུ་ངོམས་འདུག་ཀྱང་། བདག་གི་སྟོང་དང་རྟེན་འབྱུང་འབྲལ་བ་མེད་པའི་གནས་ལུགས་ལ་མྱོང་བ་ཐོན་ནས། སྒྲིབ་བྲལ་རང་གི་གཤིས་མ་ནོར་བ་མཐོང་བས་བཞིན་རས་དེ་ཡི་ངོས་ན། སྣང་བ་ལང་ལང་ལིང་ལིང་དེ་རང་མཚན་པ་ཞིག་ཡོད་པའི་སྐད་ཆ་མི་འདུག་གོ་ཞེས་སྟོན་ཏེ། འདི་ལྟར་སྣང་བ་ཐམས་ཅད་རང་བཞིན་གྱིས་སྟོང་པའམ་གདོད་ནས་སྟོང་པའི་དབྱིངས་གཅིག་པུར་འཆར་བ་ལས། སྟོང་པ་ཉི་ཚེ་བའི་སྤྱོད་ཡུལ་བདེན་པ་སོགས་ཀྱིས་སྟོང་ལ། སྣང་ཙམ་གྱིས་མ་སྟོང་པ་ཞེས་སོགས་ཀྱིས་བརྗོད་པ་དང་མཐུན་པ་ཞིག་མ་གཟིགས་ཞེས་པའི་དོན་ཏེ། འདི་ལྟར་གསུངས་ནའང་མེད་དགག་ལ་བློ་རྩེ་གཏད་དྲགས་པའི་ངོར། སྟོང་པ་ཉིད་ཅེས་པ་སྣང་བ་ཐམས་ཅད་ནུབ་པའི་ཅི་མེད་ཅང་མེད་ཞིག་འཆར་འདྲ་སྲིད་ན་ཡང་།


MR04_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཧ་ཤང་གི་ལྟ་བ་མངོན་སུམ་མ་བསྒྲིབ་པར་ཤར་བ་རེད་པས་སླར་ཡང་སྟོང་དང་རྟེན་འབྱུང་འདུ་འབྲལ་མེད་པའི་གཏན་ཚིགས་ཀྱིས་ཚར་བཅད་འོས་སོ། །འདི་ལྟ་བུ་ལ་རྣོ་ངར་བའི་རིགས་པ་དུ་མ་འཕེན་རྒྱུ་ཡོད་ཀྱང་ཡི་གེས་འཇིགས་པས་རེ་ཞིག་བཞག་གོ །མདོར་ན་སྣང་བ་ཐམས་ཅད་རང་བཞིན་གྱིས་སྟོང་པའི་གཤིས་སུ་གདའ་བ་ལས། འདིས་སྟོང་འདིས་མི་སྟོང་ཞེས་པའི་དམིགས་བསལ་མ་མཐོང་ཞེས་པའི་དོན་ནོ། །དེས་ན་ཟབ་མོའི་གནད་འགག་མ་ཤེས་པའམ་མ་ཕིག་པའི་བཤད་བཤད་རྨོངས་བློར་བདེན་བདེན་འདྲ་བ་མང་པོ་ཡོད་ཀྱང་། གནས་ལུགས་མ་ནོར་བའི་སྟོང་ཆེན་ཨ་མ་རྒན་མོ་མཐོང་བ་ལྟ་ཅི། ཕར་ཕར་བྲོས་པ་ལྟ་བུའི་དོགས་པ་འདུག་གོ་ཞེས་ཤིན་ཏུ་མ་རངས་པའི་ཚིག་གོ །དེ་ལྟར་དགག་གི་བློ་ཅན་རྣམས་འདི་སྙམ་དུ། འོ་ན་དེ་ལྟ་བུའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡུལ་དེ་ལ་སྣང་བ་འདི་ཡོད་དམ་མེད། མེད་ན་སྟོང་པ་ཁོ་ནར་འགྱུར་ལ། ཡོད་ན་ཅི་ལྟར་སྟོང་པ་ཁོ་ནར་གནས་སྙམ་ན། སྣང་བ་རྟེན་འབྱུང་གི་ཆོས་རྣམས་ནི་བློ་དེ་ཡི་ཡུལ་ན་ཡོད་ཞིག་ཡོད་མོད་ཀྱང་། ཡོད་ན་མི་སྟོང་པ་ཡིན་དགོས་རྒྱུའི་ད་ལྟའི་ཤེས་པ་ཐ་མལ་གྱི་ཡུལ་འདི་འདྲ་བའི་ཡོད་མེད་གཉིས་གཅིག་ཡིན་ན་


MR04_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་མིན་རྒྱུའི་འགལ་འདུ་ཅན་ཞིག་ཡིན་པའི་ཚོད་མི་སྣང་སྟེ། དེས་ངེས་ན་སྣང་བའི་ཆ་ཟུར་ཡང་མ་ཉམས་བཞིན་སྟོང་པ་སྟོང་པའི་གཤིས་ཁོ་ན་ལས་མི་འགྱུར་བར་སྣང་བ་ཡིན་ཏེ། གཟུགས་སྟོང་པའོ་སྟོང་པ་ཉིད་གཟུགས་སོ་གསུངས་པ་ལྟར། ཕ་རྟེན་འབྱུང་བསླུ་བ་མེད་པ་དང་། མ་སྤྲོས་བྲལ་སྟོང་པ་ཉིད་གཉིས་མི་འགལ་བ་ཙམ་དུ་མ་ཟད་གཅིག་གྲོགས་སུ་གཅིག་འགྱུར་བའི་མཛའ་གཅུགས་ཀྱིས་གདོད་ནས་སྟོང་པ་བཅད་དེ་སྣང་བ་ཁོ་ནར་འགྲོ་མི་ཤེས། སྣང་བ་སྤངས་ཏེ་སྟོང་པ་ཁོ་ནར་ཡིན་མི་ཤེས་པའི་འབྲལ་མེད་ཀྱི་བག་ཕེབས་པས་སྣང་བཞིན་སྟོང་། སྟོང་བཞིན་སྣང་བས་སྣང་སྟོང་ཟུང་འཇུག་གི་ངང་ནས་འཇམ་འཇམ་སྐྱིད་སྐྱིད་འཕྲོད་འཕྲོད། བདེ་ཕྱམས་ཕྱམས་ཤིག་ཡིན་པར་བདག་རོལ་བའི་རྡོ་རྗེ་ལ་སྣང་ངོ་ཞེས། ད་ལྟའི་བློ་དམན་རྣམས་ཀྱི་ངོར། བདེན་གཉིས་འགལ་འདུ་ཤ་བོའི་རྭ་ཅོ་ལྟ་བུའམ་མེ་ཆུ་ལྟར་ལྷན་ཅིག་མི་གནས་པའི་བློ་ངན་རྣམས་ཆེད་དུ་བསལ་བའོ། །རྒྱུ་མཚན་འདི་རྗེ་ཙོང་ཁ་བ་ཆེན་པོས་ཀྱང་ཀླུ་སྒྲུབ་དང་ཟླ་གྲགས་ཀྱི་དགོངས་པའི་སྙིང་པོ་ཤིན་ཏུ་ཟབ་པ་བླང་སྟེ། སྟོང་ཙམ་གྱི་གོ་བ་སྐམ་པོ་སླ་སྟེ། སྟོང་པ་རྟེན་འབྱུང་དུ་འཆར་བ་དཀའ་བས་


MR04_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

ན། གསུངས་གར་ཡོད་དུ་ནན་གྱིས་བསྒྲུབ་ཅིང་སྟོང་པ་ལས་ཀྱང་རྟེན་འབྱུང་གལ་ཆེ་ནན་གྱིས་གསུངས་པ་ལྟ་བའི་དོན་དུ་མ་གོ་ནས་སྤྱོད་པ་ཙམ་ཞིག་ལ་ཟེར་རྒྱུ་འདྲ་ཞིག་བྱེད་པ་ནི་སྔར་མེད་མེད་དགག་གི་དགེ་ལྡན་པ་ཁ་ཤས་ཀྱི་ལུགས་ཏེ། རྒྱལ་བ་ཙོང་ཁ་པའི་རིང་ལུགས་བླ་ན་མེད་པ་མིན་པ་ནི་རིགས་པས་བསལ་ལོ། །དེ་ལྟ་ཡང་རྗེ་བདག་ཉིད་ཆེན་པོས། སྣང་བ་རྟེན་འབྱུང་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ཅེས་གསུངས་པ་འདིས་ཀྱང་ཤེས་མོད། །ཁྲི་གུང་ཐང་བ་སོགས་རིག་ལམ་ལ་ཤིན་ཏུ་མཁས་པར་གྲགས་པ་འགས་རྟེན་འབྲེལ་བསྟོད་པའི་འགྲེལ་བ་སོགས་སུ་ལུང་འདི་དྲང་བ་བཀྲལ་སྐབས། རྟེན་འབྲེལ་དུ་མཐོང་བའི་རྟགས་ཀྱི་སྟོང་པ་འགྲུབ་པ་དང་། སྟོང་པ་ཡིན་པས་ན་རྟེན་འབྲེལ་ཡིན་རུང་བར་ངེས་ཤེས་འདྲོང་བ་ཙམ་ལ་གསུངས་སྟེ། དོན་དུ་དཔྱད་མཐའི་སྟོང་པ་ཙམ་ལས་ད་དུང་འདའ་བར་མ་ནུས་ཀྱང་། སྔ་མའི་རྗེས་ཐོག་ཏུ། ནམ་ཞིག་རེས་འཇོག་མེད་པར་ཅིག་ཆར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་པ། །དེ་ཚེ་ལྟ་བའི་དཔྱད་


MR04_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྫོགས་པ་ལགས། །ཞེས་གསུངས་པ་འདིས་དང་པོ་སྣང་བ་རྟེན་འབྱུང་ཡིན་པའི་རྟགས་ལ་བརྟེན་ནས། གཟོད་སྟོང་པ་ཁས་ལེན་བྲལ་བ་ལྟ་བུ་རེས་འཇོག་མིན་པར་དོན་དམ་མཐོང་བྱེད་ཀྱིས་བློས་གཅིག་ཆར་དུ་རྟེན་འབྲེལ་ཙམ་མཐོང་བ་ན་དེ་དང་སྟོང་པ་ཐ་དད་དུ་ལྟ་བ་བྲལ་བས་ཡོད་མེད་ཡིན་མིན་ལ་སོགས་པའི་དམིགས་པ་ཡུལ་གྱི་འཛིན་སྟངས་ཐམས་ཅད་ཞིག་པའི་དོན་དམ་པ་ཉིད་མཐོང་བར་གསུངས་ཏེ། འདིར་སྣང་སྟོང་ཟུང་འཇུག་འོད་གསལ་འདུས་མ་བྱས་པའི་དབྱིངས་ཡིན་པའི་གནད་ཀྱིས་དེ་ལྟར་རིགས་ཏེ་གཞན་དུ་དེ་གཉིས་ཐ་དད་དུ་འདོད་ན་སྣང་བའང་མཐོང་སྟོང་པའང་མཐོང་བའི་བློ་གཉིས་ཅིག་ཆར་དུ་སྐྱེ་བ་འགྲུབ་པར་དཀའོ། །དེ་ལ་ལྟ་བའི་དཔྱད་པ་མ་རྫོགས་ཀྱི་བར་དུ་བརྟགས་ཤིང་དཔྱད་དེ་སྒྲོ་འདོགས་ཆོད་པར་བྱས་ནས། ལྟ་བའི་དཔྱད་པ་རྫོགས་པ་ན། དེའི་ངང་དུ་འཛིན་སྟངས་ཞིག་པའི་བློ་བྱར་མེད་དུ་མཉམ་པར་འཇོག་པ་ལས། ད་དུང་མི་རྟོག་པའི་ཡེ་ཤེས་རྟོག་དཔྱོད་ཀྱི་གཟེབ་དུ་བསྒྱུར་ཆེས་ན་སྲིན་བུ་རང་ཉིད་ཀྱི་ཁ་ཆུས་འཆིང་བ་ལྟར་སྒོམ་དེ་འདྲས་ཕྱིར་ཞིང་འཆིང་ཉེན་ཆེ་བས་གཟབ་པར་བྱའོ། །དེས་ན་སྣང་བ་རང་ག་མ་འདི་རང་བཞིན་


MR04_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཆེན་གྱི་དབྱིངས་སུ་སྡོམ་ཐུབ་མ་ཐུབ་ཀྱི་བློ་ཁྱད་ལས། སྣང་སྲིད་འདི་གདོད་ནས་དག་པ་རབ་འབྱམས་ཀྱི་འཁོར་ལོར་འདོད་དང་མི་འདོད་བྱུང་བ་ཡིན་ཏེ། སྣང་བ་འདི་དག་བསལ་ཞིང་སྤངས་ཏེ་ཐག་རིང་བ་ལྟ་བུ་ཞིག་ནས་སྟོང་པ་ཉིད་བཙལ་མི་དགོས་པར། འདི་དག་དང་རང་བྱུང་ལྷན་ཅིག་སྐྱེས་པའི་ཆོས་སྐུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མཐོང་ན། སྣང་སྲིད་འདི་ལྷུན་གྲུབ་གཞིར་བཞེངས་ཀྱི་དཀྱིལ་འཁོར་དུ་ཁས་བླངས་ན་ཤིན་ཏུ་ཅིའི་མི་འཐད་དེ་སོམས་ཤིག་ཚུལ་འདི་ལྟ་བུ་དབུ་མའི་མིང་གིས་བསྟན་ཀྱང་དོན་བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་ལ་གཞོལ་བའི་དབུ་མ་ཆེན་པོ་ཡིན་པས་འདི་ལ་དགོངས་ནས་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་མེད་གསུངས་པ་མ་གོ་ནས། མེད་དགག་གི་སྟོང་པ་ཡོད་འཛིན་གྱི་གཉེན་པོ་བྱེད་ཙམ་ལས་སྔགས་ཀྱི་ལྟ་བ་མ་འཕགས་ཟེར་བ་ནི། གཞི་ལམ་འབྲས་རྒྱུད་ཀྱི་རྣམ་གཞག་སོགས་སྔགས་ལ་སྐུར་བ་གདབ་པའི་ཕུང་ཁྲོལ་ཆེན་པོ་ཡིན་ནོ། །དེ་ལྟར་མཐོང་ན་ངེས་དོན་མཐར་ཐུག་རྫོགས་པ་ཆེན་པོའི་གནད་ཐུན་མིན་ལ་ངེས་ཤེས་སྐྱེ་ཞིང་། ངན་རྟོག་ཐེ་ཚོམ་གྱི་རྩིག་པ་ཐམས་ཅད་ཅིག་ཆར་འཇིག་པར་འགྱུར་


MR04_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

བ་གདོན་མི་ཟའོ། །དེས་ན་དང་པོར་ཆོས་ཐམས་ཅད་བདེན་མེད་དུ་གཏན་ལ་འབེབས་པའི་སྐབས་ན། བདེན་ཞེན་གྱི་སྣང་ཚུལ་ཐམས་ཅད་དགག་བྱར་བྱས་ནས་བསྒྲུབས་པས་སྣང་སྟོང་རེས་འཇོག་གི་ཚུལ་ལས་ཟུང་འཇུག་ཏུ་མི་འཆར་བས། ཟབ་མོའི་དོན་ཚུལ་བཞིན་མི་ཤེས་པ་བྱིས་པའི་བློ་ཡི་གཤིས་ཡིན་པའི་ཡི་ཆད་བྱ་རྒྱུ་མེད་ཀྱང་། བློ་དེ་ཚད་མར་བཟུང་ནས་ཆོས་ལ་གཤེ་བ་ནི། ཤེས་རབ་ཞན་པའི་སྟབས་ཡིན་པར་རིག་ནས་རང་གི་ཡུལ་དུ་མ་གྱུར་པའི་ཟབ་མོའི་ཆོས་གཞན་ལ་དད་པ་མེད་ཀྱང་སྐུར་བ་མེད་པ་རེ་མཛད་ན་ལེགས་སྙམ་མོ། །དེང་སང་ནི་གོ་ཡུལ་སྟོང་རྐྱང་ཙམ་ལ་ལྟ་བའི་དཔྱད་པ་རྫོགས་པར་སེམས་ཏེ་གཞན་གྱི་གྲུབ་མཐའ་ལྟ་མགུར་འགྲེལ་བ། ངལ་རང་སྣང་གི་སྐྱོན་གྱིས་གཡའ་བགོས་པ་དང་། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ཉིད་རྟོག་གེས་དཔྱད་པ་དུ་མའི་ལམ་དུ་ཁྲིད་པ་ནི་བདེ་བར་གཤེགས་པའི་ལམ་ལས་ཉམས་པ་སྟེ། འདི་ལྟར་རྟོག་གེ་རྣམས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མ་ཀུན་ལས་བཏུས་པར། གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་དུ་ཁྲིད་ན། །ཐུབ་པའི་བསྟན་ལས་ཆེར་བསྲིང་ཉམས་པར་བྱས་


MR04_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །ཞེས་རྟོག་གེའི་ལམ་ལས་ཆོས་ཉིད་དུ་ཁྲིད་ན་བདེ་བར་གཤེགས་པའི་ལམ་ལས་ཆེར་བསྲིངས་ཏེ་ཉམས་པ་ཡིན་ཞེས་སོགས་གསུངས་ལ། ཆོས་ཉིད་ཀྱི་ཚུལ་རྟོག་གེའི་ལམ་དུ་འཁྲིད་པར་མ་གསུངས་ཀྱང་། དེང་སང་ཆོས་ཉིད་རྟོག་གེའི་ལམ་དུ་ཁྲིད་དེ། སེམས་ཅན་སངས་རྒྱས་མིན་ཚུལ་དང་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་གང་ཟག་ཡིན་མིན་སོགས་དཔྱད་པ་དུ་མས་མཚོན་ཏེ། བླུན་བརྗོད་མང་ཞིག་བྱུང་བ་ནི་སྙིང་རྗེའི་གནས་ཡིན་ཏེ་རིགས་པས་ཚར་བཅད་པའི་འོས་ཀྱང་མ་ཡིན་ནོ། །དེ་ལ་དཔེར་ན་རྫོགས་པ་ཆེན་པོའི་ཆོས་སྐད་ཕལ་བ་དང་ཅུང་ཟད་མི་འདྲ་བ་ལ་རྒོལ་བ་ན། ཕལ་ཆེར་ད་ལྟའི་འཁྲུལ་སྣང་ལ་ཚད་མར་བཟུང་བའི་དབང་གིས་སྐྱོན་བརྗོད་པ་རྣམས་ནི། གྲུབ་མཐའ་འོག་མ་དང་ཐུན་མོང་གི་རིགས་པ་རྣམས་ཀྱིས་སེལ་ལ། ཀུན་རྫོབ་ཏུ་སྣང་བ་ཙམ་འདི་རང་བཞིན་རྣམ་པར་དག་པའི་སངས་རྒྱས་སུ་ཁས་ལེན་པ་ལ་སྐྱོན་བརྗོད་པ་ལྟ་བུ་ནི། བདེན་གཉིས་དབྱེར་མེད་ཀྱི་གཏན་ཚིགས་དུ་མས་སེལ་བ་སོགས་ཀྱི་གནད་ངེས་ན། སྔ་མའི་སྤྲོས་པ་བཅད་རིགས་ཏེ་གསར་དུ་བོགས་ཐོན་པ་ཡང་མེད་ལ། དེ་ལས་བཟློག་སྟེ་གཞན་བཞག་རྒྱུའང་མེད་ཅིང་། སྔ་མའི་མ་ཆོད་པའི་སྤྲོས་པ་རིམ་ཆོད་དུ་གྱུར་པས་ལྟ་བ་མཐོ་དམན་དུ་


MR04_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འགྱུར་བས། དབུ་མའི་བདེན་གཉིས་རྣམ་གྲངས་ཙམ་གྱིས་བཞག་པ་དེ་ཡང་། དོན་དམ་པར་བདེན་པ་དབྱེར་མེད་པར་བསྒྲུབ་པའི་རིགས་པས་རྫོགས་པ་ཆེན་པོ་འགྲུབ་པ་ཡིན་པས་དཔལ་རོང་ཟོམ་པ་ཆེན་པོའི་ལེགས་བཤད་ཁོ་ན་ལ་བརྟེན་པ་ནི་ཕྱོགས་མཐའ་དག་ལས་རྣམ་པར་རྒྱལ་བ་ཉིད་ཡིན་ནོ། །དེ་ལྟར་ན་ཚུལ་མཐོང་རྟོག་གེ་ཐ་སྙད་པའི་ལམ་ལ་བརྟེན་ཏེ་རིགས་པའི་སྟོབས་ཀྱིས་བློ་ཡི་དྲི་མ་རིམ་ཟད་དུ་གྱུར་ཅིང་། མཐར་དྲི་མ་ཡོངས་སུ་དག་པའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཨ་ཏི་ཡོ་གར་དཔྱིས་ཕྱིན་པར་འགྱུར་ཏེ། དེ་དག་རྟོག་གེའི་ལམ་ཐ་སྙད་ལ་བརྟེན་ཏེ་དམ་པའི་དོན་མངོན་དུ་བྱས་པ་ཡིན་གྱི། ཐ་སྙད་རྟོག་གེ་ལ་མ་བརྟེན། ཐ་སྙད་རྟོག་གེའི་གཞལ་ཚུལ་དང་། དེ་རྣམས་ཀྱི་བློ་སྐྱོན་རྣམས་བསལ་བའི་ཚུལ་ཙམ་མ་ཤེས་པར། རྡོལ་ཐབས་བབ་ཅོལ་དུ་སྨྲ་བ་མིན་ཏེ། རྫོགས་པ་ཆེན་པོ་ཡང་དག་པའི་ཚད་མ་ཤེས་རབ་དྲི་མ་མེད་པས་གྲུབ་པ་ཡིན་པས་སོ། །དེ་ལྟར་འཕྲོས་དོན་ཅུང་ཟད་བཤད་ནས། གསུམ་པ། མི་མཐུན་པའི་ཚུལ་དང་། མཐུན་པའི་ཚུལ། ཞལ་བྱུང་ཁས་ལེན་མི་འགལ་བའི་ཚུལ། འགལ་བ་ལྟར་སྣང་བ་བསལ་བ་བཞི་ལས། དང་པོ་ནི། བྱེ་མདོ་རྣམ་


MR04_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་ཤར་གསུམ་མཁན་པོས། །ཨ་མ་གླང་ཆེན་གྱི་ཐལ་དཀར་གཟུགས་ལ། །བེམ་པོ་འཛུམ་རིས་ཀྱི་རྒྱ་སྟག་ཁྲ་བོ། །འཛིན་པ་གླང་མེད་ཀྱི་སྤྲེའུ་སྨྱོན་པ། །གཉིས་མེད་ཚུགས་ཐུབ་ཀྱི་དོམ་བུ་ངར་མའི། །ཐ་སྙད་སྣ་ཚོགས་ཞིག་འདོགས་པར་བྱེད་ཀྱང་། །ཨ་མ་རྒན་མོ་དེ་སྟོར་ནས་འདུག་གོ །ཞེས་དུས་གསུམ་རྫས་ཡོད་དུ་འདོད་པའི་བྱེ་བྲག་སྨྲ་བ་དང་། ཕྱི་དོན་རང་རིག་གཉིས་ཀ་བདེན་གྲུབ་ཏུ་འདོད་པའི་མདོ་སྡེ་པ། ཆོས་ཐམས་ཅད་ནང་ཤེས་པའི་བདག་ཉིད་དུ་འདོད་པའི་སེམས་ཙམ་པའམ་རྣམ་རིག་སྨྲ་བ། རང་རྒྱུད་ཤར་གསུམ་གྱི་མཁས་པ་ཡེ་ཤེས་སྙིང་པོ་ཞི་འཚོ་ཀ་མ་ལ་ཤི་ལ་གསུམ་སྟེ་དེ་དག་གི་གཞུང་། བདེན་གཉིས། དབུ་མ་རྒྱན། དབུ་མ་སྣང་བ་གསུམ་སྟེ། ཡེ་ཤེས་སྙིང་པོ་མདོ་སྡེ་པ་དང་། གཞན་གཉིས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཡིན་ནོ། །རང་སྡེ་གྲུབ་མཐའ་སྨྲ་བ་དེ་དག་གི་ཨ་མ་རང་བཞིན་གྱི་སྟོང་པ་ཉིད་གླང་ཆེན་ཐལ་ཀར་གྱི་གཟུགས་ལྟ་བུ་ལ་བྱེ་མདོས་ཕྱི་དོན་བེམ་པོའི་དངོས་པོ་བདེན་གྲུབ་འདོད་པས་ཡུལ་གྱི་འཛུམ་རིས་བཀྲ་བའི་རྒྱ་སྟག་ཁྲ་བོ་ལྟ་བུར་མཐོང་། སེམས་ཙམ་པ་འཛིན་པ་སེམས་ཉིད་བདེན་པར་བཟུང་བས་རང་ལ་མི་དཔྱོད་པའི་ཀླད་མེད་ཀུན་ཏུ་འཕྱོ་བའི་སྤྲེའུ་


MR04_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱོན་པ་ལྟ་བུར་མཐོང་། གཟུང་འཛིན་གཉིས་དོན་དམ་པར་མེད་ཀྱང་། རང་གི་མཚན་ཉིད་དམ་ཚུགས་ཐུབ་ཀྱིས་གྲུབ་སྟེ། ཆོས་ཐམས་ཅད་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་འདོད་པས་ནི་མཆེ་སྡེར་དང་ལྡན་པའི་དོམ་བུ་ངར་མ་ལྟ་བུར་མཐོང་སྟེ། དེ་དང་དེ་ལྟ་བུའོ་ཞེས་རང་རང་གི་འདོད་པའི་ཐ་སྙད་སྣ་ཚོགས་ཞིག་འདོགས་པར་བྱེད་ཀྱང་། ཆོས་ཐམས་ཅད་ཀྱི་གནས་ལུགས་དྲི་མ་མེད་པའི་ཨ་མ་རྒན་མོ་གླང་ཆེན་ཐལ་ཀར་ཕུན་སུམ་ཚོགས་པའི་ལུས་ལྟ་བུ་དེ་ནི་མཐོང་མ་མྱོང་བར་སྟོར་ནས་འདུག་གོ་ཞེས་གསུངས་སོ། །གཉིས་པ་ནི། ས་རྙིང་ཀར་འབྲུག་གི་མཁས་གྲུབ་མང་པོས། །གསལ་སྟོང་འཛིན་མེད་ཀྱི་རང་གི་རིག་པ། །ཀ་དག་ལྷུན་གྲུབ་ཀྱི་ཀུན་བཟང་རང་ཞལ། །མ་བཅོས་ལྷན་སྐྱེས་ཀྱི་ཕྱག་རྒྱ་ཆེན་པོ། །ཡོད་མིན་མེད་མིན་གྱི་ཁས་བླང་བྲལ་སོགས། །སྣ་ཚོགས་ཐ་སྙད་ཀྱི་ཞལ་ཕོ་སྒྲོགས་ཀྱང་། །གཤིས་ལུགས་ཐིག་པོ་ཞིག་ཡིན་ན་ལེགས་སྟེ། །མཇུབ་མོ་འཛུག་ས་དེ་ཅི་ཞིག་ཡིན་ཨང་། །ཞེས་ས་སྐྱ་དང་རྙིང་མ་ཀརྨ་བཀའ་བརྒྱུད་འབྲུག་པ་རྣམས་ཀྱི་མཁས་གྲུབ་མང་པོས། གསལ་སྟོང་གཉིས་སུ་མེད་པའི་འཛིན་མེད་ཀྱི་རིག་པ་དང་། །


MR04_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་དག་སྤྲོས་དང་བྲལ་བ་དང་ལྷུན་གྲུབ་རང་རྩལ་འགགས་པ་མེད་པ་གཉིས་གདོད་ནས་འདུ་འབྲལ་མེད་པའི་ཀུན་བཟང་ཆོས་སྐུའི་རང་ཞལ་དང་། མ་བཅོས་གཉུག་མ་ལྷན་སྐྱེས་ཀྱི་ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཞེས་མཚན་དུ་ཐ་དད་པ་རེ་བྱས་པ་དེ་དག་ཐམས་ཅད་ཀྱང་ཡོད་པ་མིན་ཞིང་མེད་པའང་མིན་པའི་རང་བཞིན་གྱི་ཚུལ་དུ་གྱུར་པས་ཁས་ལེན་གྱི་རྣམ་པ་ཀུན་དང་བྲལ་པ་སོགས་དང་། གཞན་ཡང་ཐིག་ལེ་ཉག་གཅིག་རང་བྱུང་ཡེ་ཤེས་འདའ་ཀ་ཐུགས་ཀྱི་ཡེ་ཤེས་དང་པོའི་སངས་རྒྱས་སོགས་ཐ་སྙད་སྣ་ཚོགས་ཀྱི་མཚན་དང་། ངེད་ཀྱི་ལུགས་འདི་ནི་འཁོར་འདས་དབྱེར་མེད་དུ་ལྟ་བ་ཡིན་པས་གཞན་ལས་ཁྱད་པར་དུ་འཕགས་སོ་ལྟ་བུ་ལ་སོགས་པའི་ཐ་སྙད་སྣ་ཚོགས་ལྟ་མགུར་འགྲེལ་བ། ངཔའི་ཞལ་ཕོ་འབྲུག་ལྟར་སྒྲོགས་པ་ནི་མང་མོད་ཀྱི། དེ་དག་གི་ལྟ་བ་དེ་རང་རང་གི་གཞུང་དེ་དང་དེའི་དགོངས་པ་ལྟར་གྱི་བདེན་གཉིས་དབྱེར་མེད་ཀྱི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་གཤིས་ལུགས་ཐིག་པོ་སྟེ་མ་ནོར་བ་ཞིག་ཡིན་ན་ནི་ཤིན་ཏུ་ལེགས་ཏེ་བདག་ཀྱང་ཡི་རང་ངོ་། །ཞེས་གསུངས་པའི་ཤུགས་ན་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ཁས་ལེན་ཀུན་དང་བྲལ་བ་ཞེས་ཁ་ནས་བསྒྲགས་ཤེས་ཀྱང་དོན་དུ་མྱོང་བ་ཐོན་མཁན་དཀའ་ཞེས་གདམས་པ་འདི་སྙིང་བཅུད་


MR04_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཆང་འོས་སོ། །ཏེ་ལྷག་བཅས་ཀྱི་སྒྲ་སྦྱར་ཏེ། དེ་ལྟར་གཤིག་གཤིས་ལུགས་ཐིག་པོ་ཞིག་མ་ཡིན་པར་ཁ་ནས་བརྗོད་པ་ཙམ་ལ་ཅི་ཆ་ཡོད་དེ། རང་རང་གི་གཞུང་དེའི་དགོངས་པ་མ་ནོར་བར་ལོན་པའི་སྐྱེས་བུ་དམ་པ་ཡང་དག་པའི་ལྟ་བ་དང་ལྡན་པ་རྣམས་ཀྱི་ཚིག་ཙམ་མིན་པར་གཞལ་ན་དོན་གྱི་མཛུབ་མོ་འཛུག་ས་དེ་ཅི་འདྲ་ཞིག་ཡིན་པར་འདུག་སྟེ་སོམས་ཤིག་དང་། གསལ་སྟོང་དང་ཀ་དག་ལྷུན་གྲུབ་ལ་སོགས་ཐ་སྙད་ཅི་བཏགས་ཀྱང་། སྟོང་དང་རྟེན་འབྱུང་ངམ། སྣང་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་མཐོང་ལམ་འཕགས་པའི་ཡུལ་དུ་གྱུར་པའི་དབུ་མ་འདི་ག་རང་ལ་འབབ་པར་འདུག་ཅེས་ཉམས་མྱོང་ཅན་གྱི་རྣལ་འབྱོར་པས་དཔྱད་ན་དགོངས་པ་གཅིག་ཏུ་འབབ་ཟེར་བ་ལྟར་ཐ་སྙད་ཅི་བཏགས་ཀྱང་མཛུབ་མོ་འཛུགས་ས་འདི་ག་རང་ཡིན་ཟེར་བའི་དོན་ནོ། །ཁ་ཅིག་གིས་ས་རྙིང་སོགས་ལ་མ་རངས་པས་མཛུབ་མོ་འཛུགས་ས་མེད་ཟེར་རྒྱུ་འདྲ་ཟེར་ཡང་གསལ་སྟོང་ཟུང་འཇུག་གམ། ལྷན་སྐྱེས་ཕྱག་ཆེན་དང་། །ཀ་དག་ལྷུན་གྲུབ། བདེན་གཉིས་དབྱེར་མེད་ཀྱི་ལྟ་བ་ནི། ས་རྙིང་བཀའ་བརྒྱུད་ཁོ་ནའི་ཆོས་སྐད་མིན་ཏེ། སྔགས་སྤྱི་ཡི་ལུགས་ཡིན་ན། དེ་ལ་མཛུབ་མོ་འཛུགས་ས་མེད་མི་གསུངས་


MR04_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། ཚིག་གི་བབ་དང་དབུ་མ་ཆེན་མོ་ལ་བསྟོད་པ་ཡིན་པ་སོགས་ཀྱིས་འདི་ལྟར་ཡིན་པ་ཐེ་མི་ཚོམ་སྟེ་ཧ་ཅང་སྤྲོས་པས་ཆོག་གོ །སྤྱིར་མཁས་པའི་ཚིག་གི་ཟུར་ཕྲ་མོས་གཞན་འགོག་པ་ཡོད་ཀྱང་མཐོང་ལམ་མངོན་སུམ་མཐོང་བའི་སྐྱེས་བུ་དམ་པ་འདི་ལྟ་བུའི་རྒྱུད་ན་ཐེག་པ་མཆོག་ལ་སྡང་བའི་ཞེན་ལྟ་ནི་ཡོད་པར་བདག་གིས་བསྒྲུབ་མི་ཤེས་ཤིང་མི་ཕོད་དོ། །གསུམ་པ་ནི། ཕྱི་དོན་མ་བཤིག་པས་བློ་འཚུབ་མི་དགོས། །དོན་སྨྲ་སྡེ་གཉིས་རྣམས་དགྱེས་དགྱེས་མཛོད་ཅིག །རང་རིག་མ་ཡིན་ཀྱང་ཚད་གཞལ་འཐད་པས། །རྣམ་རིག་སྨྲ་བ་ཀུན་དགྱེས་དགྱེས་མཛོད་ཅིག །རང་མཚན་མ་གྲུབ་ཀྱང་རྟེན་འབྲེལ་བཀྲ་བས། །ཤར་གསུམ་མཁན་པོ་ཀུན་དགྱེས་དགྱེས་མཛོད་ཅིག །གསལ་སྟོང་མི་འགལ་བས་བཟུང་ཡང་ཆོག་གི །སློབ་བཤད་བརྒྱུད་འཛིན་རྣམས་དོགས་ཆུང་མི་དགོས། །ཀ་ནས་དག་ན་ཡང་བཟང་ངན་འཐད་པས། །རིག་འཛིན་ཞིག་པོ་རྣམས་བཟང་ཞེན་མི་དགོས། །བཅོས་ནས་བསྒོམ་ན་ཡང་ལྷན་སྐྱེས་འཆར་བས། །རྟོགས་ལྡན་རྒན་པོ་རྣམས་ཨུ་ཚུགས་མི་དགོས། །ཡོད་མེད་སྤྲོས་བྲལ་དེ་ཁས་བླང་ཆོག་པས། །རྟོག་གེ་མགོ་མཁྲེགས་རྣམས་ཚབ་ཚུབ་མ་བྱེད། །ཅེས་ཕྱི་དོན་


MR04_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

མ་བཤིག་པར་རང་བཞིན་གྱིས་མ་གྲུབ་པ་ཁས་བླང་པ་མི་རིགས་སོ་སྙམ་དུ་ཕྱི་དོན་ལ་ཞེན་པའི་དོན་སྨྲ་སྡེ་གཉིས་པོ་བློ་ཙབ་ཙུབ་མ་བྱེད་དང་། ཕྱི་དོན་མ་བཤིག་པའམ་མ་སྤང་བར་རང་བཞིན་གྱི་སྟོང་པའི་གནས་ལུགས་འདི་ལ་དགྱེས་དགྱེས་མཛོད་ཅིག་དེ་བཞིན་དུ་རང་རིག་ལ་ཞེན་པའི་སེམས་ཙམ་པས་རང་རིག་མེད་ན་ཡུལ་ཚད་མས་གཞལ་བ་མི་འཐད་སྙམ་ཡང་། ཁ་ནང་ཁོ་ནར་ལྟ་བའི་འཛིན་རྣམ་ཡན་གར་བ་མེད་ཀྱང་། ཚད་མས་ཡུལ་གཞལ་བ་འཐད་པས་རྣམ་རིག་སྨྲ་བ་ཀུན་དགྱེས་དགྱེས་མཛོད་ཅིག་དོན་དམ་པར་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཀྱང་། ཐ་སྙད་དུ་མིང་བརྡས་བཞག་ཙམ་གྱིས་རྟེན་འབྲེལ་སྣ་ཚོགས་བཀྲ་བ་ཕན་ཚུན་མ་འདྲེས་པར་སྣང་བས། ཤར་གསུམ་མཁན་པོ་ཀུན་དགྱེས་དགྱེས་མཛོད་ཅིག །སེམས་ངོ་བོས་སྟོང་པ་དང་རང་བཞིན་གསལ་བ་གཉིས་མི་འགལ་བར་ཟུང་འཇུག་ཏུ་བཞག་ཀྱང་ཆོག་གིས་སྐྱའི་ལམ་འབྲས་སློབ་བཤད་རྒྱུད་འཛིན་རྣམས་དོགས་ཆུང་མཛད་མི་དགོས། ཆོས་རྣམས་ཀ་ནས་སམ་གདོད་ནས་དག་པ་ཡིན་ནའང་། ཐ་སྙད་དུ་འཁོར་འདས་བཟང་ངན་ཞེས་པའི་རྣམ་གཞག་ཙམ་བྱས་ཀྱང་འཐད་པས། རྙིང་མའི་རིག་


MR04_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་འཁྲུལ་ཞིག་རྣམས་ངའི་ལྟ་བ་ནི་མཆོག་གོ་སྙམ་དུ་བཟང་ཞེན་བྱེད་མི་དགོས། བཅོས་ནས་བསྒོམ་པར་བྱས་ན་ཡང་ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་འཆར་བས། རྟོགས་ལྡན་རྒན་པོ་རྣམས་དང་པོ་ཉིད་ནས་མ་བཅོས་པའི་ཡེ་ཤེས་ལ་རེ་བའི་ཨུ་ཚུགས་མཛད་མི་དགོས་ཞེས་སོ། །ཡོད་མེད་གཉིས་ཀྱི་སྤྲོས་པ་དང་བྲལ་བ་གང་དུ་མི་གནས་པའི་ཚུལ་ཏེ་དབུ་མ་ཆེན་མོ་རང་གི་ལུགས་འདི་ལྟ་བུ་ལ་ཁས་བླང་ཆོག་གི །ཕྱོགས་རེར་ཞེན་པའི་རྟོག་གེ་མགོ་མཁྲེགས་རྣམས་ཆགས་སྡང་གི་ཙབ་ཙུབ་མ་བྱེད་ཅིག་ཀུན་ལས་ཁྱད་འཕགས་ཀུན་དང་མི་འགལ་བ་ཟེར་བའི་དཔེ་བཞིན་བསྟན་པ་ཐམས་ཅད་འགལ་མེད་ལམ་གྱི་གནད་གཅིག་ཏུ་རྟོགས་པའི་དོན་ནོ། །བཞི་བ་ནི། འོན་ཀྱང་གཞུང་ལུགས་ལ་སྦྱངས་པ་ཆུང་རྣམས། །ཐ་སྙད་སྦྱོར་ཚུལ་ཞིག་མ་མཁྱེན་ཡིན་སྲིད། །ཁོ་བོ་ཁྱེད་ཅག་ལ་མི་གུས་མ་ལགས། །ཕོག་ཐུག་བྱུང་ན་ནི་བཟོད་པར་མཛོད་ཅིག །ཅེས་དེ་ལྟར་དབུ་ཕྱག་རྫོགས་གསུམ་སོགས་དོན་དུ་གཅིག་མོད། འོན་ཀྱང་གཞུང་ལུགས་རྒྱ་ཆེན་པོ་ལ་སྦྱངས་པ་ཆུང་རྣམས། རང་རང་གི་འདོད་གཞུང་ཙམ་པོ་དེ་ལ་ཆགས་ཤིང་ཞེན་ཏེ། ཐ་སྙད་ཀྱི་སྦྱོར་ཚུལ་གཞན་དང་གཞན་ཡོད་པ་ཙམ་ཞིག་མ་མཁྱེན་ནས།


MR04_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བས་བསྟན་པའི་མདོ་སྔགས་གྲུབ་མཐའི་རྣམ་གཞག་ཐམས་ཅད་སྦྱང་ཀུའི་གཟན་དུམ་ལྟར་ཁ་ཁ་སོ་སོ་འགལ་འདུ་ཅན་ཞིག་ཏུ་བཟུང་བ་ཡིན་སྲིད་དེ། ཁོ་བོ་རོལ་བའི་རྡོ་རྗེས་ནི་རྒྱལ་བའི་བཀའ་བཞིན་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བའི་དོན་ཚུལ་བཞིན་སྨྲས་པ་ཡིན་གྱི། ཁྱེད་ཅག་ལ་མི་གུས་པ་ཕྲ་མོ་ཙམ་ཡང་ཡོད་པ་མ་ལགས་མོད། རང་གི་ཞེ་འདོད་ཀྱི་གྲུབ་མཐའ་དང་མ་འགྲིགས་ནས་ཕོག་ཐུག་བྱུང་ན་ནི་བཟོད་པར་མཛོད་ཅིག་ཅེས། རང་གཞན་གྱི་ཕྱོགས་ཐམས་ཅད་ལ་གདམས་པའོ། །བཞི་བ་བློ་བདེ་སྐྱེས་ཚུལ་ལ་ལམ་རྒྱུད་ལ་སྐྱེ་བའི་རྐྱེན་གཞུང་རྣམ་དག་ལ་བསམ་སྟེ་བློ་བདེ་བ། རྟོགས་པ་རང་རང་གི་ངོ་བོ་ལ་བསམ་སྟེ་བློ་བདེ་བ། དྲིན་ཅན་རྩ་བརྒྱུད་བླ་མ་ལ་བསམ་སྟེ་བློ་བདེ་བ། མ་རྒན་འགྲོ་བའི་ཕན་བདེ་ལ་བསམ་སྟེ་བློ་བདེ་བ་བཞི། དང་པོ་ནི། ཁོ་བོ་ཀུན་ཤེས་ཀྱི་ཤར་པོ་མིན་ཡང་། །ཕ་མེས་གཞུང་ལུགས་ཀྱི་རྟ་ཕོ་བཟང་པོ། །རྟག་སྦྱོར་གུས་སྦྱོར་གྱིས་བཞོན་ཚུལ་མཁས་པས། །གཅིག་རྡུག་འཕྲང་ལས་ནི་ཐར་བར་རེའོ། །ཞེས་འདི་རྩོམ་པ་པོ་ཁོ་བོ་ནི་ས་རྙིང་དགེ་ཕྱོགས་ཀྱི་ལྟ་གྲུབ་ཐམས་ཅད་ཀུན་དང་མི་འགལ་བར་འཆད་ཤེས་པའི་ཤར་པོ་མིན་


MR04_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། ཕ་མེས་ཀླུ་སྒྲུབ་ཡབ་སྲས་དང་། རྒྱལ་བ་གཉིས་པའི་གཞུང་ལུགས་དྲི་མ་མེད་པའི་རྟ་བཟང་པོ་ལྟ་བུ་དེ། རང་གི་རྟག་སྦྱོར་གུས་སྦྱོར་གྱི་བརྩོན་པས་བཞོན་ཚུལ་མཁས་པའི་དབང་གིས། ཕྱོགས་རེར་ཞེན་པའི་ངའི་འདི་ཡིན་གྱི་གཞན་མིན་ནོ་སྙམ་པའི་ལམ་མི་ཡངས་པ་གཅིག་ཏུ་རྡུག་པའི་ཐེ་ཚོམ་རྨོངས་པའི་འཕྲང་ལས་ཐར་རེའོ་ཞེས་འཕྲང་དེ་ག་ལས་འདའ་མི་ནུས་པར་ལུས་མི་དགོས་ཞེས་སྟོན་པའོ། །གཉིས་པ་ནི། འཚོལ་དགོས་མི་འདུག་སྟེ་འཚོལ་མཁན་རང་ཡིན། །བདེན་པར་མི་ཞེན་ཏེ་རྫུན་པ་ཉིད་ཡིན། །རྫུན་པ་མི་འགོག་སྟེ་བདེན་པ་རང་ཡིན། །ཆད་མིན་རྟག་མིན་ལ་ངལ་གསོ་ཆོག་གོ །ཞེས་སྟོང་པ་ཉིད་དེ་ཐག་རིང་པོ་ནས་འཚོལ་དགོས་མི་འདུག་སྟེ། འཚོལ་མཁན་དང་ལྷན་ཅིག་འདུ་འབྲལ་མེད་པའི་ཆོས་ཉིད་དུ་རྟོགས་ཤིང་། གང་སྣང་བ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་སྟོང་པ་ཉིད་དུ་མཐོང་བས། སྣང་ཚད་བདེན་པར་མི་ཞེན་ཏེ་གང་སྣང་བ་ཐམས་ཅད་དེ་ལྟར་བཟུང་རྒྱུ་མེད་པའི་རྫུན་པ་ཆུ་ཟླ་ལྟར་མཐོང་ལ། སྣང་བ་རྫུན་པ་འདི་བཀག་ནས་སྟོང་པ་རྐྱང་ཚུགས་སུ་མི་བསྒྲུབ་སྟེ། སྣང་བ་ཉིད་ལས་ལོགས་སུ་སྟོང་པ་མེད་ཅིང་མ་འཁྲུལ་བའི་གནས་ལུགས་


MR04_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ག་རང་ཡིན་པས། ཆད་པ་མིན་ལ་རྟག་པའང་མིན་པའི་ཆོས་ཀྱི་དབྱིངས་དྲི་མ་དང་བྲལ་བར་བློ་བག་ཡངས་ཀྱི་ཚུལ་དུ་ངལ་གསོས་པས་ཆོག་གོ །ཞེས་མཐར་འཛིན་གྱི་མི་འཕྲོག་པའི་དོན་ཏེ། རྗེ་རྒྱལ་བ་གཉིས་པས། གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །ཞེས་གསུང་པ་ལྟར་རོ། །གསུམ་པ་ནི། ཨ་མ་མ་མཐོང་ཡང་མིང་ཙམ་ཞིག་གིས། །ཕ་མ་དྲིན་ཅན་དེ་ཡུན་རིང་སྟོར་བ། །གམ་ན་འདུག་པ་བཞིན་འཕྲད་པར་སྣང་གི །ཀླུ་སྒྲུབ་ཡབ་སྲས་དེ་བཀའ་དྲིན་ཆེའོ། །བློ་བཟང་གྲགས་པ་དེ་བཀའ་དྲིན་ཆེའོ། །དྲིན་ཅན་བླ་མ་དེ་བཀའ་དྲིན་ཆེའོ། །བཀའ་དྲིན་བཟོ་ཐབས་སུ་ཨ་མ་མཆོད་དོ། །ཞེས་སྔར་ཨ་མ་ཆོས་ཐམས་ཅད་ཀྱི་གཤིས་ལུགས་མཐོང་ནི་མ་མྱོང་ཡང་སྟོང་རྟེན་འབྱུང་གི་མིང་ཙམ་ཞིག་གིས་རྗེས་སུ་བསྙེགས་ཏེ་བཙལ་བས་ཕ་མ་དྲིན་ཅན་དེ་གཉིས་མངོན་སུམ་དུ་མ་མཐོང་བར་ཡུན་རིང་དུ་སྟོར་བ་ད་ལྟ་རང་གི་མདུན་ནའམ་གམ་ན་འདུག་པ་ལྟ་བུར་བློས་ཕྲད་པའམ་


MR04_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པར་སྣང་གི །འདི་དང་ཕྲད་པའི་རྐྱེན་ཀླུ་སྒྲུབ་ཡབ་སྲས་དང་། བློ་བཟང་གྲགས་པ་དང་། རྩ་བའི་བླ་མ་རྣམས་ཀྱི་སྐུ་དྲིན་ཡིན་པས་དེ་རྣམས་བདག་ལ་བཀའ་དྲིན་ཆེའོ། །བཀའ་དྲིན་བཟོ་ཐབས་སུ་ཨ་མ་གནས་ལུགས་ཀྱི་དོན་མཆོད་པའམ་བསྒོམ་པར་བྱའོ་ཞེས་རྩ་བརྒྱུད་ཀྱི་བླ་མ་དེ་དག་གི་དགོངས་པ་ཚུལ་བཞིན་ལོན་ན་དེ་དག་དགྱེས་པའི་མཆོག་ཏུ་འགྱུར་བའི་བླ་མ་ཐུགས་དགོངས་རྫོགས་ཚུལ་ལ་བསམ་སྟེ་བློ་བདེ་སྐྱེས་ཤིང་། །མཉེས་པ་གསུམ་གྱི་མཆོག་བསྒྲུབས་པས་མཉེས་མཆོད་འབུལ་བའོ། །བཞི་བ་ནི། སྐྱེ་མེད་བརྗོད་བྲལ་གྱི་ཨ་མ་རྒན་མོ། །རིག་པའི་བུ་ཆུང་དང་ལྷན་ཅིག་འཛོམས་ནས། །ཀུན་བཟང་སྤྱོད་པ་ཡི་དགའ་སྟོན་ཆེན་པོས། །མ་རྒན་འགྲོ་བ་ཀུན་གཏན་བདེར་འཁྲིད་དོ། །ཞེས་སྐྱེ་བ་མེད་ཅིང་བརྗོད་པ་ཐམས་ཅད་དང་བྲལ་བའི་དམིགས་མེད་སྟོང་པ་ཉིད་ཀྱི་ཨ་མ་རྒན་མོ་དེ། ཡུལ་དུ་བྱེད་པའི་རིག་པའི་བུ་ཆུང་དང་ལྷན་ཅིག་ཏུ་འཛོམས་པའི་མཐུ་ལས་ཀུན་ནས་མི་བཟང་བ་མེད་པས། ཀུན་ཏུ་བཟང་པོ་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཚད་མེད་པ་ཡི་དགའ་སྟོན་ཆེན་པོ་ལ་གནས་ནས། མ་རྒན་དྲིན་ཅན་གྱི་འགྲོ་བ་མཐའ་དག་གཏན་དུ་བདེ་བའི་གོ་འཕང་ལ་བདག་གིས་འཁྲིད་དོ་ཞེས། རང་གི་ཆོས་


MR04_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནས་ལུགས་ཅི་ལྟ་བ་བཞིན་དུ་མཐོང་ན་གཞན་དོན་ལ་མཐུ་དང་ལྡན་པར་འགྱུར་བའི་ཚུལ་རིགས་ནས་བློ་བདེ་སྐྱེས་པའོ། །ཁ་ཅིག་དགེ་བསྔོར་བཞག་ཀྱང་དམ་བཅའ་ལྟ་བུ་ལས་སྨོན་ཚིག་སོགས་དངོས་སུ་མི་གསལ་ཡང་། དམ་བཅས་ལྟར་ཡིད་ཀྱིས་སྨོན་ནོ་ཞེས་བསྒྱུར་ཀྱང་རུང་བར་མངོན་ནོ། །གསུམ་པ། ཐ་མར་དགེ་བ་མཇུག་གི་དོན་ལ། ཇི་ལྟར་བརྩམས་པའི་ཚུལ་དང་། སྦྱར་བྱང་གཉིས་ལས། དང་པོ་ནི། ཨེ་མ་ལ་རོལ་པའི་རྡོ་རྗེ། །ཨ་ཧོ་ལ་སྐྱིད་པའི་རྐང་བྲོ། །འོ་ན་ལ་འདི་རུ་བརྡུངས་ནས། །ཨ་ཧོ་ཡ་དཀོན་མཆོག་མཆོད་དོ། །ཞེས་ཨེ་མ་དང་ཨ་ཧོ་ཞེས་ངོ་མཚར་བའི་ཚིག་ཡིན་ལ། གཞན་ཚིག་ཕྲད་རྣམས་ཚིག་ཁ་སྐོང་བ་དང་ཉམས་མཚར་གྱིས་བཞག་གོ །རྩོམ་པ་པོ་རོལ་པའི་རྡོ་རྗེ་བདག་སྟོང་དང་རྟེན་འབྱུང་ཟུང་འབྲེལ་འདུ་འབྲལ་མེད་པའི་ཚུལ་དཔག་པར་དཀའ་བ་མཐོང་བས་ཤིན་ཏུ་ངོ་མཚར་སྐྱེས་ཤིང་ཟབ་མོའི་དོན་མཐོང་བ་ལས་སྐྱེས་པའི་དགའ་བའི་རྣམ་འགྱུར་གྱི་རྐང་བྲོ་གནས་འདིར་བརྡུངས་ནས་ཟབ་མོའི་དོན་ཐུགས་ལ་ཇི་ལྟར་ཤར་བ་བཞིན་བརྗོད་པའི་ཉམས་མགུར་འདིས་དཀོན་མཆོག་མཆོད་ཅེས་སོ། །དེ་ལ་དགེ་ལུགས་པ་རྣམས་ཀྱི་སྐྱེས་བུ་དམ་པ་འདིས་རབ་ཏུ་དགའ་བའི་


MR04_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཐོབ་པའི་ཚེ་གསུངས་པ་ཡིན་ནོ་ཟེར་རོ། །སྦྱར་བྱང་ནི་ཞེས་ཨ་མ་ངོ་ཤེས་ཀྱི་རྫུན་ཚིག་བྲག་ཆའི་སྒྲ་དབྱངས་འདི་ཡང་དབུ་མ་ཆེན་མོ་ལ་ལྷག་པར་མོས་པའི་ལྕང་སྐྱ་རོལ་པའི་རྡོ་རྗེས་སྤྲུལ་པའི་གནས་མཆོག་རི་བོ་རྩེ་ལྔར་སྨྲས་པའི་ཡི་གེ་པ་ནི་དགེ་སློང་དགེ་ལེགས་ནམ་མཁའ་འོ། །ཞེས་སོ། །དེ་ལྟར་ན་དེ་རྣམས་ཀྱིས་གཤིས་ལུགས་ཨ་མ་ལྟ་མགུར་ཅུང་ཟད་བཀྲལ་བ་རེ་ཞིག་རྫོགས་སོ། །དེ་ལ་འདི་ཚིག་ལྷུག་པོ་དོན་ཟབ་མོ་དམར་འབྱིན་དུ་སྟོན་པ་ཞིག་རེད་པས་ཧ་ཅང་རང་འདོད་ཀྱི་དཀྱོག་རྒྱུ་མེད་ནའང་། ཞེན་ལྟའི་དབང་གི་དགེ་ལུགས་རང་ཕྱོགས་བཟུང་ནས་གཞན་ཕྱོགས་ལ་སྡང་བ་ལྟ་བུ་ཞིག་ཏུ་དཀྱོགས་པ་མང་ཡང་། བདག་གིས་ནི། རང་ལམ་ལས་མ་བཀྱོགས་པར་དབུ་མ་ཆེན་མོ་རང་ལྟ་བའི་ཕུ་ཐགས་སུ་བཞག་སྟེ། གཟུར་གནས་ཀྱི་ཚིག་དོན་དཀྱུས་མར་གོ་ཚོད་ལྟར་བཤད་པ་ལས་གཞན་དུ་རྙིང་མ་སོགས་ཀྱི་ལྟ་གྲུབ་དང་མི་འགྲིགས་པར་རྒྱབ་བསྣོལ་ཡིན་ན། ཨེ་འགྲིག་མི་འགྲིག་ལྟ་དགོས་པའི་གནད་མི་འདུག་སྟེ། ཁོང་དུས་ཕྱིས་ཀྱི་མཁས་པར་གྲགས་པ་ཞིག་གི་གསུངས་རེད་ཀྱང་། སངས་རྒྱས་ཀྱི་བཀའ་འམ་བསྟན་པའི་གཏད་རབས་བདུན་ལ་སོགས་པ་དང་། །


MR04_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་མཛད་པའི་རང་གཞན་ཐུན་མོང་གིས་ཁས་ལེན་པའི་གཞུང་ནི་མིན་ལ། གལ་སྲིད་གཞུང་དེ་ན་གཞན་གྱི་ལྟ་བ་སོགས་ལ་མི་མཐུན་པ་ལྟ་བུ་ཡོད་ཀྱང་དགོངས་པ་མཐར་ཐུག་ཡིན་མིན་བརྟག་དཀའ་ཞིང་། རྫོགས་པ་ཆེན་པོ་སོགས་གཞུང་ཚད་ལྡན་རྣམས་ལ་ཚད་མས་གྲུབ་པའི་རིགས་ལམ་རྣམ་དག་གཞན་གྱི་ཀླག་མི་རྙེད་པ་ཡོད་པས་འདི་ལ་རེ་མི་དགོས་མོད་སྐྱེས་བུ་དམ་པ་འདི་ནི་མཐོང་ལམ་མངོན་སུམ་མཐོང་བའི་འཕགས་པར་གྲགས་པ་བཞིན་དོན་དང་ལྡན་པར་ངེས་སོ་སྙམ་དུ་གུས་པས་གསུང་གི་སྣང་བ་ལ་བློ་གྲོས་ཀྱི་བག་ཆགས་བཞག་པ་ཡིན་ནོ། །འོ་ན་སྐྱེས་བུ་དམ་པ་འདིས་སྤྱོད་ཡུལ་དུ་གྱུར་པའི་ལྟ་བ་ནམ་མཁའ་ལྟ་བུ་ལ། ཕྱོགས་ལྷུང་བྱིས་པའི་བློས་གཞལ་ནས་འདིས་དོན་འདི་ལྟར་གནས་ཞེས་བཞད་གད་ཀྱི་གནས་མ་ཡིན་ནམ་ཞེ་ན་བདེན་མོད་ཀྱི་བདག་ལ་འདི་ལྟ་བུ་བཀྲལ་བའི་སྤོབས་པ་ནི་བདེན་གཉིས་དབྱེར་མེད་སྟོན་པའི་ལུང་ཕྱིན་ཅི་མ་ལོག་པ་ཡོད་ཅིང་། ཡོད་པ་དེ་ལྟར་བདག་ཅག་གི་བླ་མ་དམ་པ་རྣམས་ཀྱི་ཕྱིན་ཅི་མ་ལོག་པར་འཆད་པ་ལས་སྐྱེས་ཏེ། ལུང་དང་མན་ངག་ཡོད་ན་དབང་པོ་ཐ་མས་ཀྱང་རྟོགས་ལ། མེད་ན་དབང་པོ་རབ་ཀྱིས་ཀྱང་དཀའ་


MR04_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཟེར་བ་ལྟར་ཟབ་མོའི་གནད་ཀྱི་ཚིག་འདི་དག་གི་གནད་ལ་དཔྱད་པར་འཚལ་ཏེ། གཞུང་འདི་ལས་ཁོ་བོ་ཀུན་ཤེས་ཀྱི་ཤར་པོ་མིན་ཡང་གསུངས་པའི་དཔེ་ལྟར་རོ། །དེ་ལ་ལྟ་བ་གཏན་ལ་འབེབ་པའི་ཚུལ་རྒྱུད་ལ་མངོན་རྟོགས་སྐྱེ་བའི་རིམ་པས་གསུངས་པ་འདི་ཁ་ནང་བལྟས་ཀྱི་རང་རྒྱུད་ལ་སྦྱར་ན་ཐར་འདོད་སྐལ་བཟང་རྣམས་ཀྱི་སྙིང་གི་བདུད་རྩིར་འགྱུར་ཏེ། ཟུང་འཇུག་གི་གནད་འདི་ལྟ་བུ་ལ་ངེས་ཤེས་འདྲེན་ན་ཐེག་པ་མཆོག་གི་གཞུང་གཞན་ལ་ཁ་ནས་མ་བརྗོད་རུང་སྙིང་ནས་གུས་པ་མི་སྐྱེ་བའི་དབང་མེད་ཅིང་སྤྲོས་བྲལ་ཞེས་ཚིག་ཙམ་དུ་མ་ཤོར་བར་དོན་གྱི་ཡིན་ལུགས་ཕུ་ཐག་ཆོད་ནས་རྒྱལ་བའི་གསུངས་རབ་མཐའ་དག་ལ་གཟིགས་པའི་བློ་གྲོས་ཀྱི་མིག་དྲི་མ་མེད་པ་འབྱེད་པར་འགྱུར་རོ། །ཞེན་ལྟའི་མིག་སྐྱོན་གཡོ་བས་རབ་བསྒྲིབས་པས། །མིན་པའི་གནས་ཀྱང་ཡིན་པ་ལྟ་བུར་མཐོང་། །ཡིན་པའི་གཤིས་ཀྱང་མིན་པར་རྣམ་རྟོག་ན། །རྒྱལ་གསུངས་དྲི་མེད་གཟུགས་མཆོག་ཇི་ལྟར་མཐོང་། །དེ་ཚེ་དེ་ལ་ཕན་པར་འདོད་པ་ཡི། །ལེགས་བཤད་བདུད་རྩི་འཐུང་བའི་ལྕེ་བརྐྱང་ཡང་། །གནོད་པའི་རལ་གྲི་གཟས་པ་ཇི་བཞིན་ཏུ། །ཁྲོས་ནས་མི་སྙན་ཚིག་གི་མདའ་མོ་འཕེན། །ལེགས་བཤད་བདུད་རྩི་ལྟ་བུའི་ངག་རྣམས་ཀྱང་། །


MR04_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་ཅན་རྣམས་ལ་ཁྲོ་ཆུའི་རེག་བྱ་བཞིན། །གྱུར་མོད་བསྟན་པ་དཀྲུགས་ལ་མི་དད་པས། །རང་བཞིན་དྲང་པོར་བརྗོད་པའི་གཏམ་འདི་སྨྲས། །མང་ཐོས་བློ་ཡི་འོད་ཟེར་རྒྱ་ཆེ་ཡང་། །ཟབ་དོན་སིནྡུ་ཝ་རའི་གེ་སར་གྱི། །ངོ་མཚར་གཟུགས་བཟང་མཐོང་བར་དཀའ་བས་ན། །ལུང་རིགས་སྒེག་མོའི་ཞལ་ཆང་འདི་ན་འཐོར། །ཀུན་རྟོག་རྣམ་པར་བསྐྱོད་པའི་བློ་ངན་གྱིས། །ཟབ་མོའི་ཆོས་ལ་སྡང་བ་ལྷུར་ལེན་ཡང་། །ལམ་དང་ཡུན་རིང་འགྲོགས་པར་མཛོད་ཅིག་དང་། །ནམ་ཞིག་ཐེག་མཆོག་ཆོས་ལ་གུས་པ་སྐྱེ། །མ་དག་ལྟ་བའི་ཚང་ཚིང་བརྟེན་པ་རྣམས། །གཟུ་བོའི་ལམ་ལ་འཇུག་པ་མི་སྲིད་ཀྱང་། །ཡང་དག་རིགས་པའི་ཞུགས་ལ་སྤར་བྱས་ན། །དབང་མེད་ལྟ་ངན་གབ་སྐུང་རྗེན་ལ་བུད། །དེ་ཕྱིར་ཡང་དག་ལྟ་བའི་གནས་ལུགས་ལ། །བློ་ནི་ཡང་དག་གོམས་པ་སྐྱེད་ཕྱིར་དུ། །ཡང་དག་མཁས་པའི་གཟིགས་དོན་མཐར་ཐུག་གཏམ། །ཡང་དག་སེམས་ཀྱི་རྣམ་པར་བཀྲལ་བའི་དགེས། །སྙིང་དབུས་དྲི་མེད་རིག་པའི་ཆུ་གཏེར་ལས། །འཇམ་དཔལ་ཆོས་ཀྱི་ཉི་མ་གསལ་བའི་མོད། །ལྟ་ངན་མུན་པའི་དྲ་བ་མཐར་བྱས་ནས། །བློ་གསལ་བློ་ཡི་པདྨོ་བཞད་གྱུར་ཅིག །ཅེས་པ་འདི་ནི་ཁྱབ་བདག་རྡོ་རྗེ་འཆང་


MR04_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞབས་པད་སྤྱི་བོར་རེག་པའི་སྐལ་བཟང་ཐོབ་པའི་གཞོན་ནུ་བློ་གྲོས་དྲི་མེད་ཅེས་བྱ་བས་རང་ལོ་ཉེར་བདུན་པ་ཆུ་སྤྲེལ་ལོའི་ཟླ་ཚེས་དགེ་བའི་དུས་སུ་བྲིས་པ་དགེ་ལེགས་འཕེལ། ༈ འགྲེལ་ཆུང་འདིའང་རྒྱལ་ཚབ་རིན་པོ་ཆེས་སྤར་ལ་འགོད་པའི་དགོངས་བཞེད་བཞིན་མི་ཕམ་རིན་པོ་ཆེའི་ཕྱག་བྲིས་དངོས་ལས་ཤཀྱའི་དགེ་སློང་ཚེ་དབང་རིག་འཛིན་གྱིས་ཞེ་ཆེན་རི་ཁྲོད་དུ་དག་པར་ཞལ་བཤུས་པ་འདིས་ཕྱོགས་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག དགེའོ། །དགེའོ། །དགེའོ། ༈ །རྒྱལ་བའི་དགོངས་དོན་མ་ནོར་བའི། །ཟབ་མོའི་དེ་ཉིད་མཐོང་ནས་སླར། །རྟོགས་པའི་ཉམས་མགུར་བརྡོལ་མཁས་པ། །ལྕང་སྐྱ་རོལ་བའི་རྡོ་རྗེའི་ཞབས། ༡། དེའི་གཞུང་ཚིག་དང་དོན་གྱི་ཆར། །དགག་བཞག་སྤྲོས་པ་རིང་བསྐྱུང་ནས། །ཐལ་འགྱུར་དགོངས་པ་མ་ནོར་བར། །མ་བཅོས་རྣལ་མར་བརྗོད་པ་འདི། ༢། དགོངས་པ་གྲུབ་མཐའི་བློ་སྐྱོན་གྱི། །ཕྱོགས་རེའི་ལམ་དུ་མ་བཀྲལ་བར། །མཐར་ཐུག་ངེས་དོན་ཟབ་གནད་ཀུན། །སྟོན་འདི་མི་ཕམ་ཆོས་རྗེའི་དྲིན། ༣། དེ་ཕྱིར་རིས་མེད་ཐུབ་བསྟན་ལ། །ཆོས་སྦྱིན་འདོད་དགུ་འཕེལ་བ་དང་། །ཀུན་མཁྱེན་


MR04_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས་དགོངས་རྫོགས་སུ། །སྤར་འདི་ལྷུན་གྲུབ་སྟེང་དུ་བསྒྲུབས། ༤། བསམ་སྦྱོར་དག་པའི་ཟླ་བ་ནི། །ཡོངས་བསྔོ་ཕན་བདེའི་འོད་ཟེར་ཅན། །ཤར་བས་ཐུབ་བསྟན་ཀུ་མུ་ཏའི། །འདབ་བརྒྱ་གྲོལ་བའི་རྒྱུར་གྱུར་ཅིག༥། ཅེས་པར་བྱང་སྨོན་ཚིག་ཏུ་ཕྲིས་ཞེས་བཀའ་བསྐུལ་བ་ལ་བརྟེན་ནས་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་སིདྡྷི་རསྟུ།། །