Nitartha Digital Library
Tibetan
གླེགས་བམ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་དང་འབྲེལ་བའི་སྨོན་ལམ་བྱིན་རླབས་སྤྲིན་ཆེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་དང་འབྲེལ་བའི་སྨོན་ལམ་བྱིན་རླབས་སྤྲིན་ཆེན།next

འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་དང་འབྲེལ་བའི་སྨོན་ལམ་བྱིན་རླབས་སྤྲིན་ཆེན།


MR05_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་དང་འབྲེལ་བའི་སྨོན་ལམ་བྱིན་རླབས་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ། །འདི་བསྒྲུབ་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེ་ཡིས་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །སྒྱུ་མ་ཆུ་ཟླ་འཇའ་ཡི་ཚུལ་བཞིན་དུ། །ཕྱོགས་དུས་རྒྱལ་བའི་མཁྱེན་རབ་འཇམ་པའི་དབྱངས། །སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ཏིང་འཛིན་ལ། །རྩེ་གཅིག་བསྒོམ་དང་བཟླས་པའི་བསོད་ནམས་གང་། །ཟླ་འོད་ཀུན་ད་ལྟ་བུར་རབ་དཀར་བ། །མཆོག་ཏུ་དག་པ་གང་ཞིག་ཐོབ་པ་དེས། །བདག་དང་འགྲོ་ཀུན་ཐེག་མཆོག་ལམ་བཟང་ནས། །རྒྱལ་བ་སྐུ་བཞིའི་གོ་འཕང་འགྲུབ་གྱུར་ཅིག །མཚན་ཉིད་ཀུན་ལྡན་རྡོ་རྗེའི་བླ་མ་ལས། །སྨིན་བྱེད་དབང་གིས་བདག་རྒྱུད་ཡོངས་སྨིན་ཞིང་། །རྣམ་དག་དམ་ཚིག་སྡོམ་པར་ལེགས་གནས་ནས། །རིམ་གཉིས་ཟབ་མོའི་ལམ་ལ་འཇུག་པར་ཤོག །མཚན་དཔེའི་སྣང་བ་བརྒྱ་པས་མཐའ་ཡས་ཞིང་། །རབ་གསལ་དམར་སེར་འོད་ཀྱི་དྲྭ་བ་ཅན། །དྲན་པས་མཆོག་གི་བདེ་སྟེར་ཡིད་འོང་སྐུའི། །གསལ་སྣང་ཏིང་འཛིན་ཚད་དུ་ཕྱིན་པར་ཤོག །རིག་པའི་རྒྱལ་པོ་གསང་སྔགས་ཡི་གེ་བརྒྱད། །རྒྱུ་སྐར་ཕྲེང་བས་བསྐོར་བའི་ཟླ་རྒྱས་བཞིན། །སྙིང་གི་ཆུ་སྐྱེས་དབུས་སུ་རྣམ་བསམ་པས། །སྡོམས་པའི་གཏེར་


MR05_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བརྒྱད་པོ་གྲོལ་གྱུར་ཅིག །སྲིད་ཞིའི་གཟུངས་དང་སྤོབས་པ་བློ་གྲོས་སྟོབས། །རབ་གསལ་ཨཱ་ལི་ཀཱ་ལིའི་རྡུལ་ཕྲན་གྱི། །རྣམ་པ་འོད་ལྔ་འབར་བའི་འཕྲོ་འདུ་ཡིས། །བརྟན་གཡོའི་དྭངས་བཅུད་རང་དབང་བྱེད་གྱུར་ཅིག །སྙིང་ག་རིན་ཆེན་དཔལ་གྱི་བེའུའི་ཁྱོན། །སྔགས་མཆོག་མར་མེ་འབར་བའི་སྣང་བ་ཡིས། །ཐོགས་མེད་ལེགས་བཤད་རྩོམ་པའི་བློ་གྲོས་མཐུ། །སྲིད་པ་གསུམ་ན་མཚུངས་པ་མེད་གྱུར་ཅིག །རོ་འཛིན་མཐེ་བོང་འབར་བའི་རལ་གྲི་ལ། །རྣམ་བཀོད་རིག་སྔགས་རྒྱལ་པོའི་འཁྲུལ་འཁོར་གྱིས། །ཕས་རྒོལ་སྨྲ་བ་ངན་པའི་དྲྭ་བ་ཀུན། །གཅོད་པ་སྨྲ་བའི་སེང་གེར་གྲུབ་གྱུར་ཅིག །མགྲིན་པ་བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང་། །རྒྱལ་ཀུན་གསུང་གི་རྡོ་རྗེ་དབྱངས་གསལ་གཟུགས། །འོད་འབར་རང་སྒྲ་སྒྲོགས་པས་ཡོངས་གང་བས། །ལེགས་བཤད་ཆོས་ཆར་འབེབས་པའི་མཐུ་གྲུབ་ཤོག །ལུས་གནས་ཤེས་རབ་ཡི་གེའི་རང་གཟུགས་ནི། །རབ་དམར་བདེ་སྟོང་ཆགས་པ་རྡོ་རྗེའི་མདས། །སྲིད་ཞིའི་དྭངས་བཅུད་དབང་མེད་འཕྲོག་པ་སོགས། །རབ་འབྱམས་ཕྲིན་ལས་ཐོགས་མེད་གྲུབ་པར་ཤོག །གང་སྣང་སྣང་སྟོང་སྐུ་ཡི་དཀྱིལ་འཁོར་དུ། །ངེས་ཤེས་ལྟ་བའི་དོན་བཞིན་བསྒོམ་པའི་སྟོབས། །མཐར་ཕྱིན་སྣང་སྲིད་ལྷ་སྐུའི་རྣལ་འབྱོར་གྱིས། །ཐ་མལ་སྣང་ཞེན་དྲི་མ་དག་པར་


MR05_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཡེ་ཤེས་སྐུ་ཡི་བདག་ཉིད་རིག་པའི་ལྷ། །གྲུབ་པ་བཞི་ལྡན་སྔགས་ཀྱི་ཚུལ་ཤར་བས། །རྩ་གནས་ཡི་གེའི་འཁོར་ལོ་བྱིན་བརླབས་ནས། །རླུང་སྔགས་དབྱེར་མེད་རྡོ་རྗེའི་གསུང་གྲུབ་ཤོག །སྲོག་གི་རྩོལ་བ་བདེ་སྟོང་དྷཱུ་ཏི་རུ། །མི་ཤིགས་སྔགས་ཀྱི་ཐིག་ལེར་ཡོངས་བསྡམ་པས། །གཞིར་གནས་བདེ་བའི་ཐིག་ལེ་གསོས་འདེབས་ཤིང་། །ཟབ་དོན་སྔགས་ཀྱི་མཐུ་བྱིན་འཇུག་པར་ཤོག །དབྱིངས་ཀྱི་རང་གཟུགས་རབ་འབར་ཙཎྚ་ལིས། །བདེ་བའི་ཧཾ་ཡིག་རི་བོང་འཛིན་པའི་རྒྱུན། །རབ་བསྐུལ་སྔགས་ཀྱི་མར་མེ་སྙིང་དབུས་སུ། །བདེ་ཆེན་འོད་བརྒྱའི་ཉམས་སུ་འབར་བར་ཤོག །སྣ་ཚོགས་་ཀུན་རྟོག་བསྐྱེད་པ་གཡོ་བའི་རླུང་། །ཇི་སྙེད་རྩ་ལ་གནས་པ་འཕོ་བའི་ཆ། །བདེ་ཆེན་དྭངས་མའི་སྔགས་སུ་གནས་འགྱུར་ཏེ། །གཞོམ་མེད་སྔགས་ཀྱི་རྒྱལ་པོ་གྲུབ་པར་ཤོག །ཇི་སྙེད་བརྗོད་པ་ཀུན་ཀྱང་མི་ཤིགས་པའི། །རྡོ་རྗེ་སྔགས་ཀྱི་གདངས་དང་རོ་མཉམ་པས། །གྲགས་སྟོང་སྐྱེ་བ་མེད་པ་རིག་པའི་སྒྲ། །རྒྱལ་ཀུན་གསུང་གི་དེ་ཉིད་འགྲུབ་པར་ཤོག །བདེ་ཆེན་དགའ་བ་མཆོག་གི་ཡེ་ཤེས་ནི། །མཐོང་བས་འདྲེན་བྱེད་རྡོ་རྗེ་དབྱངས་ཅན་མ། །ཞིང་སྔགས་ལྷན་སྐྱེས་ཕོ་ཉའི་རྣམ་པ་ཡིས། །འོད་གསལ་བདེ་བའི་དེ་ཉིད་སྦྱིན་གྱུར་ཅིག །བཅུ་དྲུག་དགའ་


MR05_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆ་རྫོགས་རི་བོང་འཛིན། །ཆུ་སྐྱེས་མཆོག་གི་དབུས་ན་ལེགས་གནས་པ། །བདེ་སྟོང་མཉམ་པར་སྦྱོར་བ་སྔགས་ཀྱི་རྒྱས། །མ་ལུས་ཆོས་ཀུན་དབྱིངས་སུ་སྡོམ་གྱུར་ཅིག །ཀུན་ཏུ་རྟོག་པའི་སེམས་དང་བཞོན་པའི་རླུང་། །ཕྲ་ཞིང་ཕྲ་བའི་འཕོ་བ་འཕོ་མེད་དུ། །ཡོངས་ཐིམ་གཉུག་མ་དོན་གྱི་འོད་གསལ་ངང་། །སྒྲིབ་བྲལ་ལྷན་ཅིག་སྐྱེས་པ་མངོན་གྱུར་ཅིག །སྣང་སྲིད་གདོད་ནས་བདེ་བ་ཆེན་པོ་ལ། །རྗེས་མཐུན་བདེ་བ་སྔགས་ཀྱི་ལྟ་སྤྱོད་ཀྱིས། །གང་སྣང་བདེ་བར་ཤར་བའི་རྣལ་འབྱོར་མཐུས། །མིག་འཕྲུལ་ལྟ་བུར་བདེ་མྱུར་གྲོལ་གྱུར་ཅིག །ཀུན་ཁྱབ་བདེ་བའི་གནས་ནི་རྣམ་སྤངས་ནས། །ཀུན་རྨོངས་འཁོར་བར་འཕྱན་པའི་འགྲོ་ཚོགས་ལ། །ཀུན་ཕན་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་སྤྲིན། །ཀུན་ནས་འགོགས་མེད་ངང་གིས་གསལ་གྱུར་ཅིག །བཞིན་ལེགས་ཡེ་ཤེས་སྐུ་ཡི་མཚན་དཔེ་ནི། །སྣང་སྟོང་འཇའ་ཚོན་ཆུ་ཟླའི་ངང་ཚུལ་ཅན། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་ཁྱབ་བདག་ཏུ། །ལྷུན་གྱིས་གྲུབ་པའི་དཔལ་ལ་རོལ་གྱུར་ཅིག །མ་ལུས་ཆོས་ཀུན་དེ་ཡི་རང་སྣང་ལས། །རང་གི་དངོས་པོ་རྣམ་སྤང་བདེ་བ་ཆེ། །བདེ་བའི་བདག་ཉིད་སྟོང་པར་དབྱེར་མེད་དཔྱིད། །བདེ་སྟོང་འཇམ་པའི་རྡོ་རྗེར་མངོན་གྱུར་ཅིག །རང་སེམས་གདོད་ནས་སྟོང་པའི་སྤྲོས་བྲལ་དང་། །དབྱེར་མེད་རིག་གདངས་ལྷུན་གྱིས་གྲུབ་པའི་ངང་། །


MR05_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་ཆོས་ཀུན་མཉམ་པ་ཉིད་གྱུར་པ། །གནས་ལུགས་གཞི་ཡི་འཇམ་དཔལ་རྟོགས་པར་ཤོག །སྟོང་དང་སྙིང་རྗེ་དབྱིངས་དང་རིག་པའི་ཆ། །མཉམ་སྦྱོར་ལམ་གྱི་ཡེ་ཤེས་རྨད་བྱུང་གང་། །མཐའ་གཉིས་མུན་པ་འགོགས་པའི་ངང་ཚུལ་ཅན། །བགྲོད་པ་ལམ་གྱི་འཇམ་དཔལ་བསྟེན་པར་ཤོག །ཁྱད་པར་བདེན་གཉིས་དབྱེར་མེད་རིག་དབྱིངས་སུ། །རྨད་བྱུང་སྐུ་གསུམ་རང་སྣང་འོད་གསལ་སྤྲིན། །ཤེས་རབ་རང་བྱུང་སྒྲོན་མེའི་སྣང་བ་ཡིས། །གཟུང་འཛིན་སྒྲིབ་པའི་མུན་པ་འཇོམས་གྱུར་ཅིག །སྒྲིབ་གཉིས་ས་བོན་དྲུང་ནས་ཕྱུངས་པ་ཡི། །ཆོས་ཀུན་མཉམ་པ་ཉིད་ཀྱི་ཡེ་ཤེས་སྐུ། །བླ་ན་མེད་པའི་ཡོན་ཏན་ཀུན་གྱི་གཏེར། །མཐར་ཐུག་འབྲས་བུའི་འཇམ་དཔལ་ཐོབ་པར་ཤོག །དེ་ལྟར་ལེགས་པར་སྨོན་ལ་འཇམ་པའི་དབྱངས། །རྩ་གསུམ་རྒྱ་མཚོའི་འཁོར་གྱིས་བསྐོར་བ་དང་། །རྒྱུད་གསུམ་སྲུང་མ་དྲེགས་པའི་ཚོགས་བཅས་ཀྱིས། །འགྲུབ་པའི་དགེ་མཚན་ཤིས་པའི་དཔལ་སྩོལ་ཅིག །བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ། །བཀྲ་ཤིས་སྟོན་འཁོར་ཕུན་ཚོགས་འདུས་པའི་དུས། །བཀྲ་ཤིས་གསང་ཆེན་ཆོས་རྔ་བརྡུང་བའི་ཚེ། །བཀྲ་ཤིས་མཚན་ཅན་དམ་པས་བསྐུལ་བ་ལས། །འཇམ་པའི་དབྱངས་ཀྱི་སྨོན་ལམ་ལམ་རིམ་དང་། །མཐུན་པར་སྦྱར་བ་བྱིན་རླབས་སྤྲིན་ཆེན་འདི། །འཇམ་དབྱངས་རྣམ་པར་རྒྱལ་བའི་རིག་ཁམས་ལས། །རྣམ་པར་སྤྲོས་གང་དགེ་ཞིང་ཤིས་གྱུར་ཅིག །


previousའཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་དང་འབྲེལ་བའི་སྨོན་ལམ་བྱིན་རླབས་སྤྲིན་ཆེན།next