Nitartha Digital Library
Tibetan
གླེགས་བམ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
བརྒྱུད་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབརྒྱུད་འདེབས།next

བརྒྱུད་འདེབས།


MR05_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཨོྃ་ཨཱཿཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ན། །ཡེ་ཤེས་སྣང་བ་ལམ་མེ་བ། །མགོན་པོ་འོད་མི་འགྱུར་བ་ལ། །རྩེ་གཅིག་དད་པས་ཕྱག་འཚལ་ལོ། །ཧཱུྃ མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །ཨོཾ་པྲཛྙཱ་ཛྙཱ་ན་མཱུརྟྟ་ཡེ་སྭཱ་ཧཱ། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །ཨོཾ་དུ་ཁཿཙྖེ་ད་སྭཱ་ཧཱ། མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །ཝཱ་གཱི་ཤྭ་ར་སྭཱ་ཧཱ། སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །ཨོཾ་བཛྲ་ཏཱ་ཀྵྞཱ་སྭཱ་ཧཱ། སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །


MR05_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཨོྃ་ཛྙཱ་ན་ཀཱ་ཡ་སྭཱ་ཧཱ། ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །བཅོམ་ལྡན་ཤཀ་ཐུབ་སྐུ་ལ་འདུད། །སངས་རྒྱས་ཕྲིན་ལས་བྱེད་པའི་མགོན། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་འདུད། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །བླ་མ་རིག་འཛིན་རྣམས་ལ་འདུད། །ཞེས་དང་། བརྒྱུད་པའི་གསོལ་འདེབས་ནི། ཆོས་སྐུ་འདུས་པ་ཀུན་ཏུ་བཟང་པོ་དང་། །ལོངས་སྐུ་འདུས་པ་འཇམ་དཔལ་རིགས་ལྔ་དང་། །སྤྲུལ་སྐུ་འདུས་པ་ཤཱཀྱ་ཐུབ་པ་སོགས། །སྐུ་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས། །རྡོ་རྗེ་མཁའ་འགྲོ་རིན་ཆེན་མཁའ་འགྲོ་དང་། །པདྨ་མཁའ་འགྲོ་ལས་ཀྱི་མཁའ་འགྲོ་དང་། །དེ་བཞིན་མཁའ་འགྲོ་ཨོ་རྒྱན་མཁའ་འགྲོ་སོགས། །མ་ལུས་མཁའ་འགྲོའི་ཚོགས་ལ༴ འཇམ་དཔལ་དབྱངས་དང་རྡོ་རྗེ་འཆང་ཆེན་པོ། །འཇམ་དཔལ་བཤེས་གཉེན་ཤྲི་སིདྷ་དང་། །རང་བྱུང་ཆེན་པོ་པདྨ་འབྱུང་གནས་ཞབས། །རིག་འཛིན་བརྒྱུད་པ་རྣམས་ལ་ལྡེ༴ ཁྲི་སྲོད་ལྡེའུ་བཙན་འཇམ་མགོན་སྤྲུལ་པའི་སྐུ། །ཤེལ་བཟའ་སྒྲོན་གཅིག་མཚན་ལྡན་གསང་བའི་ཡུམ། །གཏེར་སྟོན་ཆེན་པོ་སར་བན་ཕྱོགས་མེད་སོགས། །སྤྲུལ་པའི་སྐུ་མཆོག་རྣམས་ལ༴ ལུང་ཟིན་གསར་


MR05_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བན་ཉི་མའི་སྙིང་པོ་དང་། །སྔགས་འཆང་དབང་དར་འགར་སྟོན་རིན་ཆེན་འབུམ། །རི་པ་སངས་རྒྱས་བྱམས་པ་དཔལ་ལ་སོགས། །བརྒྱུད་འཛིན་བླ་མ་རྣམས་ལ༴ རྒྱལ་བན་བླ་མ་རྒ་སྟོན་དཔལ་བ་དང་། །རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན། །རྡོ་རྗེ་མགོན་པོ་ངག་དབང་གྲགས་པ་སོགས། །བཀའ་བབས་བླ་མ་རྣམས་ལ༴ སངས་རྒྱས་དཔལ་བཟང་ཐུགས་སྲས་ནམ་མཁའི་མཚན། །དཔལ་ལྡན་བློ་གྲོས་དྲན་མཆོག་ཆོས་ཀྱི་རྗེ། །ཡོངས་འཛིན་དམ་པས་རྗེས་བཟུང་དབང་པོའི་སྡེ། །རིག་འཛིན་བླ་མ་རྣམས་ལ༴ རྒྱལ་དབང་པདྨའི་གདུང་འཚོབ་ངག་གི་དབང་། །ཀློང་ཆེན་རབ་འབྱམས་གསུམ་པ་ཤ་གཟུགས་པ། །ཟབ་དོན་གཏེར་མཛོད་ཀརྨ་གསང་སྔགས་རྗེ། །མཁས་གྲུབ་བླ་མ་རྣམས་ལ༴ གནུབས་ཆེན་ཡོངས་སྲིད་ཕྲིན་ལས་ལྷུན་གྲུབ་ཞབས། །རིགས་བརྒྱའི་ཁྱབ་བདག་ཆོས་དབྱིངས་རང་གྲོལ་རྗེ། །འཇམ་མགོན་དགྱེས་པའི་ཟ་ཧོར་བཞད་པ་རྩལ། །མཚུངས་མེད་བླ་མ་རྣམས་ལ༴ པདྨ་ཕྲིན་ལས་རིག་འཛིན་དབང་གི་རྒྱལ། །པདྨ་ཐེག་མཆོག་སྐལ་ལྡན་དྲི་མེད་ཞབས། །བསྟན་འཛིན་དཔལ་འབར་


MR05_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་དགའ་ཆེ། །འདྲེན་མཆོག་བླ་མ་རྣམས་ལ༴ འགྱུར་མེད་བསྟན་འཕེལ་པདྨ་གར་གྱི་དབང་། །འཇམ་དཔལ་དབྱངས་དངོས་མཁྱེན་བརྩེའི་དབང་པོའི་ཞབས། །ལམ་འདིའི་བཀའ་དྲིན་དངོས་སུ་འདོམ་མཁས་པའི། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་བརྒྱུད་འདེབས་དང་། གཞན་ཡང་འཇམ་དཔལ་ཞི་ཁྲོའི་སྨིན་གྲོལ་གྱི། །བཀའ་གཏེར་བརྒྱུད་འཛིན་རྒྱ་བོད་མཁས་གྲུབ་དང་། །ཕྱོགས་དུས་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ལྷ། །མ་ལུས་ཀུན་ལ་གུས་པས་གསོལ་བ་འདེབས། །སངས་རྒྱས་ཀུན་འདུས་བླ་མ་ཐོད་ཕྲེང་རྩལ། །ཡི་དམ་འཇམ་དཔལ་རྡོ་རྗེ་དབྱེར་མེད་ལ། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །རིག་རྩལ་ཡེ་ཤེས་དབང་ཆེན་བསྐུར་དུ་གསོལ། །ཧཱུྃ་ཧཱུྃ། བརྒྱུད་པའི་བླ་མ་བྱིན་རླབས་ཅན། །གྲུབ་པའི་རིག་འཛིན་ཆེན་པོ་རྣམས། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། །ཧཱུྃ་ཧཱུྃ། ཡི་དམ་ཞི་ཁྲོ་དངོས་གྲུབ་བདག །ཕྱོགས་བཅུའི་ཞིང་ན་གང་བཞུགས་ཀུན། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །བྱིན་གྱིས་རློབས༴ ཧཱུྃ་ཧཱུྃ། མཁའ་འགྲོ་དམ་ཅན་མཐུ་རྩལ་ཅན། །ཡེ་


MR05_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྤྱན་དང་ལྡན་པ་རྣམས། །སྔོན་གྱི༴ བྱིན་གྱི༴ ཧཱུྃ་ཧཱུྃ། རིག་འཛིན་བླ་མ་སྤྲིན་ལྟར་གཏིབས། །ཡི་དམ་ལྷ་ཚོགས་ཤིགས་སེ་ཤིག །མཁའ་འགྲོ་དམ་ཅན་ཐིབས་སེ་ཐིབ། །བྱིན་རླབས་ན་བུན་ཡ་ལ་ལ། །དངོས་གྲུབ་ཆར་འབེབས་སི་ལི་ལི། །ཉམས་དང་རྟོགས་པ་འུ་རུ་རུ། །སྣང་བ་ཤེས་པ་བན་མ་བུན། །རིག་པ་ཡེ་ཤེས་ཤ་ར་ར། །གནས་ལུགས་རྟོགས་པ་ཝ་ལ་ལ། །ཀ་དག་ཆེན་པོར་བྱིན་གྱིས་རློབས། །བྱང་ཆུབ་ཆེན་པོར་དབང་མཆོག་བསྐུར། །དབྱེར་མེད་ཆེན་པོར་རྟོགས་པ་སྤོར། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །དུས་གསུམ་དུས་མེད་རྟོགས་པ་པོ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གི་རྫོགས་སངས་རྒྱས། །རིག་རྩལ་ཡེ་ཤེས་རྡོ་རྗེའི་དབང་། །དུས་འདི་ཉིད་དུ་ཐོབ་པར་མཛོད། །སྔགས་རིང་ཐུང་དལ་བུས་བཟླ་ཞིང་ཏིང་འཛིན་གྱིས་གཟིར་རོལ་མོ་འཁྲོལ་བར་བྱའོ།། །།


previousབརྒྱུད་འདེབས།next