Nitartha Digital Library
Tibetan
གླེགས་བམ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ་གྱི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་འཆི་བདག་བདུད་འཇོམས་བདུད་རྩི་བཅུད་འཁྱིལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ་གྱི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་འཆི་བདག་བདུད་འཇོམས་བདུད་རྩི་བཅུད་འཁྱིལ།next

འཕགས་པ་འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ་གྱི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་འཆི་བདག་བདུད་འཇོམས་བདུད་རྩི་བཅུད་འཁྱིལ།


MR05_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ་གྱི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་འཆི་བདག་བདུད་འཇོམས་བདུད་རྩི་བཅུད་འཁྱིལ་བཞུགས་སོ། །


MR05_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ནཨནཐགཏྭཿ །ན་མོ་མ་ཧཱ་གུ་རུ་ཨཱརྱ་མཉྫུ་ཤྲཱི་ཨཱཿཡུརྫྙཱ་ན་སིདྡྷི་ཧཱུྃ་ཧྲཱིཿ འཆི་བདག་བདུད་འཇོམས་འཇིགས་བྲལ་ཚེ་ཡི་ལྷཿ འཇམ་མགོན་ཚེ་བདག་དམར་པོའི་སྐུ་ལ་འདུདཿ ཚེ་བསོད་དཔལ་འབྱོར་འཕེལ་བའི་ཐབས་ཀྱི་མཆོགཿ འཇམ་དཔལ་དམར་པོའི་ཚེ་སྒྲུབ་ཨེ་མ་ཧོཿ འདིར་སངས་རྒྱས་གླིང་པ་དང་བདུད་འདུལ་རྡོ་རྗེའི་གཏེར་བྱོན་འཇམ་དཔལ་དམར་པོའི་ཚེ་སྒྲུབ་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་དུ་སྒྲུབ་པར་འདོད་པས། ཟླ་བ་ཡར་ངོ་ལ་བབས་པའི་ཚེ། དབེན་ཞིང་ཉམས་དགའ་ལ་ཡིད་དང་མཐུན་པའི་གནས་སུ་སྒྲུབ་ཁང་བྱི་དོར་བྱས་ལ་རྒྱན་དགྲམ། རྒྱས་པའི་ཕྱོགས་ནས་བཀྲ་ཤིས་ཤིང་སྣུམ་ལ་འབོལ་པའི་ས་སྲོག་ཆགས་མེད་པ་བླངས་ལ། སྟེགས་བུ་མདའ་གང་གྲུ་བཞི་པ་དཔངས་སུ་མཁྱིད་གང་བ་བྱ་ཞིང་། དྲི་བཟང་དང་འཕེལ་བར་བྱེད་


MR05_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྫས་སྦྲང་ཆང་དང་མཚེ་ཡི་ཁནྜས་ཆག་ཆག་གདབ། དེ་ལ་དལ་འཁོར་ལོ་སེར་པོ་རྩིབས་བརྒྱད་པ་མུ་ཁྱུད་དང་བཅས་པ་རྡོ་རྗེའི་ར་བ་དང་མེ་རིས་ཡོངས་སུ་བསྐོར་བའི་དབུས་སུ་མཉྫིའི་ཁར། འབྲུ་བཅུད་ཆང་རྩི་ཐོག་གི་བཅུད་མར། མེ་ཏོག་གི་བཅུད་སྦྲང་རྩི་ཤིང་བཅུད་བུ་རམ། དྭངས་མའི་བཅུད་སྤྲི་དང་ལྔས་ཚེ་ཟན་ལས་གདན་རི་རབ་བང་རིམ་བཞི་པའི་སྟེང་དུ་དཔལ་གཏོར་རིན་ཆེན་འབར་བའི་དབྱིབས་ཅན་གས་པ་དང་སྤུ་རིས་མེད་པ། རྩ་བར་པདྨ་སྤུངས་པས་མཛེས་པ། ལྕགས་ཀྱུ་དམར་པོ་ཧཱུྃ་གིས་མཚན་པ་ཅན་རྒྱན་སྤྲོས་དང་བཅས་པར་བྱས་ལ། དེ་རིན་པོ་ཆེའི་སྣོད་གས་ཆག་དང་གཡའ་མེད་པའི་ནང་དུ་བཞག །བཀྲ་ཤིས་ཤིང་རོ་བཅུད་ཕུན་སུམ་ཚོགས་པའི་ཟས་སྣས་བསྐོར་ལ། སྟེང་དུ་དར་སྣ་ལྔའམ་དར་དམར་པོའི་ལྡིང་


MR05_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གུར་དབུབ་པར་བྱ། དེའི་ཕྱོགས་བཞིར་ཤར་དུ་ཚེའི་རྟེན་རྡོ་རྗེ་གས་ཆག་མེད་པ། ལྷོར་སྲོག་གི་རྟེན་མདའ་རྒོད་སྒྲོ་མ་གས་ཆག་མེད་པ་ལ་ཚེ་དར་དམར་པོ་བཀྲག་དང་ཁ་མ་ཉམས་པས་བརྒྱན་པ། ནུབ་ཏུ་སྲོག་ལུས་ཀླུང་རྟ་དང་ཁྱད་པར་དབང་ཐང་གི་རྟེན་བུམ་པ་གས་ཆག་མེད་པའི་ནང་དུ་རྒྱུན་ཆད་མེད་པའི་ཆུ་ནས་བླང་བའི་ཆུས་སུམ་ཆ་གཉིས་ཙམ་བཀང་བ་ལ། གོང་གི་བཅུད་ལྔ་དང་། གཡུ་ཤུག་མཚེ་ཡི་ཁནྜ་སོགས་དང་སྨན་བཟང་དྲུག་ཚེ་རྫས་སོགས་བཏབ། དར་དམར་པོའི་མགུལ་ཆིང་དང་། སྟེང་དུ་གསེར་གྱི་གཡུང་དྲུང་བཞག །ལྗོན་ཤིང་ལོ་རྒྱས། རྩ་རྩེ་མ་ཉམས་པ་འབྲས་བུ་དང་ལྡན་པའི་ཤིང་གིས་ཁ་རྒྱན་དང་གཟུངས་ཐག་རྡོ་རྗེ་དང་བཅས་པ་བཀོད། བྱང་དུ་འཆི་མེད་ཚེ་ཡི་དངོས་གྲུབ་ཀྱི་རྟེན། བཀྲ་ཤིས་མཚན་ལྡན་དུ་གྱུར་བའི་ཐོད་པ་རོ་བཅུད་ལྡན་པའི་ཆང་གིས་བཀང་བ་བཞག །དེ་ཡི་ཕྱི་རོལ་དུ། རྩ་གསུམ་བསྟན་སྲུང་ནོར་ལྷ་དང་བཅས་པའི་གཏོར་མ་གང་འོས་དང་། བར་མཚམས་སུ་ཚེ་ཟན་འབྲང་རྒྱས་དངོས་གྲུབ་ཀྱི་རྫས་བཟའ་བ་སྣ་ཚོགས་བཅུད་ལེན་དང་ཚེ་ཡི་རིལ་བུ་སོགས་གང་བདེར་བཤམས། ཉེར་སྤྱོད་དང་སྨན་རག་གཏོར་གསུམ་སོགས་ཕྱི་ནང་གསང་མཆོད་སྣ་ཚོགས་ཅི་འབྱོར་དང་ཚོགས་ཀྱི་མཆོད་པ་དང་སྤྱན་གཟིགས་སོགས། བཀྲ་ཤིས་ཤིང་བག་དྲོ་ལ་བརྗིད་ལྡན་ཡིད་དུ་འོང་བའི་བཀོད་པ་ཁྱད་པར་དུ་འཕགས་པས་བརྒྱན་པར་བྱའོ། །དེ་ནས་སྒྲུབ་པ་ལ་འཇུག་པ་ནི། སྐྱབས་འགྲོ་དང་སེམས་བསྐྱེད་ཇི་འགྲུབ་ནན་ཏན་བྱས་ལ་རང་ཡི་


MR05_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དམ་གང་བྱེད་ཀྱི་ལས་གཞུང་བསྲང་། མཚམས་དམ་པར་བཅད་ཅིང་། ཁྲོ་བོ་བཅུའི་སྲུང་བའི་འཁོར་ལོ་སོགས་ནན་ཏན་དུ་བསྒོམ་བཟླས་པ་དང་སྤྲོ་ན་ཚོགས་མཆོད་བར་གྲུབ་པར་བྱས་ལ། དངོས་གཞི་ལྷ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ནཱ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾཿ གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་རི་རབ་དང་མཉམ་པའི་ལྟེ་བར་བྷྲཱུྃཿལས་གཞལ་མེད་ཀྱི་ཁང་ཆེན་པོའི་དབུས་སུ་འཇིགས་མེད་སྣ་ཚོགས་རྡོ་རྗེས་བཏེགས་པའི་འཇིགས་མེད་དབང་ཆེན་སེང་གེའི་ཁྲི༔ པདྨ་ཉི་མའི་གདན་གྱི་སྟེང་དུ༔ རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ༔ ཧཱུྃ་དམར་གསལ་རྒྱ་མཚལ་གྱི་ཐིགས་པ་ལྟ་བུ་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས༔ སྣང་སྲིད་འཁོར་འདས་གཉིས་སྣང་གིས་བསྡུས་པའི་ལྷ་འདྲེ་མི་གསུམ་གྱི་ཚེ་སྲོག་གི་དྭངས་མ་ཐམས་ཅད་བསྡུས་ཧཱུྃ་ལ་ཐིམ༔ ཧཱུྃ་ཡོངས་སུ་གྱུར་པ་ལས་ཚེ་ཡི་བདག་པོ་འཕགས་པ་འཇམ་དཔལ་སྐུ་མདོག་དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་ཞི་མ་ཁྲོ་ཞལ་འཛུམ་བག་དང་ལྡན་པ༔ དབུ་སྐྲ་དམར་སེར་ཟུར་ཕུད་གྱེན་དུ་བསྒྲེང་ཞིང་ཟར་བུ་མཐུར་དུ་འཕྱང་བ༔


MR05_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ༔ རལ་པའི་གཙུག་ཏུ་མགོན་པོ་ཚེ་དཔག་ཏུ་མེད་པ་བཅུ་དྲུག་ལོན་པའི་ན་ཚོད་ཅན༔ གཟི་བྱིན་འོད་ཕུང་དང་ལྡན་པ༔ ཕྱག་མཉམ་བཞག་གི་སྟེང་དུ་འཆི་བ་མེད་པའི་ཚེ་བཅུད་ཀྱིས་བཀང་བའི་གསེར་གྱི་བུམ་པ་བསྣམས་པ༔ ཕྱག་གཡས་པས་ཚེ་འགུགས་ཤིང་བརྟན་པའི་བརྡར་ལྕགས་ཀྱུ་དང་རྡོ་རྗེ་བསྣམས་པ༔ གཡོན་པ་མཉམ་གཞག་གི་སྟེང་ན་འཆི་བ་མེད་པའི་ཚེ་བཅུད་ཡེ་ཤེས་ཀྱིས་གང་བའི་བུམ་པ་བསྣམས་པ༔ དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ༔ ཡུམ་བསྐྱེད་ན་སྐབས་འདིར། རྩལ་སྣང་གཉིས་ལྡན་སོགས་སྦྱར་ལ། ཡབ་ཡུམ་དེ་དག་འཇའ་ཐིག་སོགས་དཀྱུས་ལྟར་རོ་མཆན། འཇའ་ཐིག་དང་འོད་ཕུང་འབར་བའི་ཀློང་དུ་གཟི་བྱིན་འོད་ཕུང་འབར་བའི་སྐུར་གྱུར༔ རང་ཡི་དམ་དུ་གསལ་བའི་ཁྲི་འོག་ཏུ༔ འཆི་བདག་གི་བདུད་བཞི་ལ་སོགས་པ་ཚེ་དང་སྲོག་ལ་བར་དུ་གཅོད་པར་བྱེད་པའི་འགོང་པོ་རྒྱལ་བསེན་ཐམས་ཅད་མནན་པ༔ རང་ཡི་དམ་དུ་གསལ་བའི་མདུན་དུ་དཀྱིལ་འཁོར་གྱི་དབུས་སུ༔ དཔལ་གྱི་གཏོར་མ་དེ་ཉིད་རིན་པོ་ཆེ་ཤེལ་ལས་གྲུབ་པའི་སྐུ་གདུང་འོད་རབ་ཏུ་འབར་ཞིང་༔ རི་རབ་ལས་ཀྱང་དཔག་མཐའ་ཡས་པ་བུམ་པའི་དབུས་སུ་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པའི་དབུས་སུ༔


MR05_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་རྡོ་རྗེའི་ཁྲིར་སྔར་སྨོས་བཞིན། འཕགས་པ་འཇམ་དཔལ་ཚེ་དཔག་མེད༔ སྐུ་མདོག་དམར་གསལ་སོགས་ནས། གཟི་བྱིན་འོད་ཕུང་འབར་བའི་སྐུ་ཅན་དུ་གསལ་བའི། ཤར་དུ་སངས་རྒྱས་སྤྱན་མ༔ ལྷོར་མཱ་མ་ཀི༔ ནུབ་ཏུ་གོས་དཀར་མོ༔ བྱང་དུ་དམ་ཚིག་སྒྲོལ་མ༔ ཤར་ལྷོར་རྒྱས་བྱེད་མ༔ ལྷོ་ནུབ་ཏུ་བརྟན་བྱེད་མ༔ ནུབ་བྱང་དུ་འཕེལ་བྱེད་མ༔ བྱང་ཤར་དུ་ལོ་འདབ་མ༔ དེ་དག་ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ༔ སྐུ་མདོག་སྣ་ཚོགས་པ་ལས་ལ་བཞེངས་ནས་ཕྱག་གཡས་པས་ཚེ་འགུགས་པར་བྱེད་པའི་ལྕགས་ཀྱུ་དམར་པོས་ལྷ་འདྲེ་མི་གསུམ་གྱི་ཚེ་སྲོག་གི་དྭངས་མ་ཐམས་ཅད་བཀུག་ནས༔ ཕྱག་གཡོན་པས་ཚེ་ཡི་བུམ་པ་འཛིན་པའི་ནང་དུ་བླུགས་པས༔ བུམ་པ་རྣམས་ཀྱང་ཚེའི་བདུད་རྩིས་མེར་གྱིས་ཁེངས་ཤིང་༔ བུམ་པའི་མཆུ་ནས་ངང་ལྷུད་ལྷུད་བྱུང་བར་རང་ལ་ཐིམ་མཆན། བསམ༔ དེ་ཡི་ཕྱི་རིམ་ལ༔ ཤར་དུ་རྡོ་རྗེ་གཏུམ་པོ་སྔོན་པོ༔ གཡས་རྒྱ་གྲམ་གཡོན་ལྕགས་ཀྱུ་བསྣམས་པ༔ ལྷོར་གཤིན་རྗེ་གཤེད་སེར་ནག་གཡས་ཐོད་དབྱུག་གཡོན་ཞགས་པ་བསྣམས་པ༔ ནུབ་ཏུ་པདྨ་མཐར་བྱེད་དམར་གསལ་གཡས་རལ་གྲི་གཡོན་ལྕགས་སྒྲོག་བསྣམས་པ༔ སྤྱི་གཙུག་རལ་


MR05_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

གསེབ་ནས་རྟ་མགོ་ལྗང་ཞུར་རྔམས་སྒྲ་སྒྲོགས་པ༔ བྱང་དུ་སྨེ་བ་བརྩེགས་པ་ལྗང་ནག་གཡས་རྒྱ་གྲམ་དང་གཡོན་བུམ་པ་བསྣམས་པ༔ ཐམས་ཅད་ཀྱང་ཁྲོ་བོའི་དཔལ་ཆས་ཐམས་ཅད་ཡོངས་སུ་རྫོགས་པ་ཞབས་རྣམས་འདོར་ཐབས་སུ་བགྲད་པས་ཚེ་སྲོག་ལ་བར་དུ་གཅོད་པར་བྱེད་པའི་དགྲ་གདོན་བགེགས་ཚོགས་ཆུང་སྲི་ཕོ་མོ་ཐམས་ཅད་མནན་པ༔ ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་དུ་བརྗིད་པའོ༔ ཤར་གྱི་ཚེ་ཡི་རྟེན་རྡོ་རྗེ་དེ་ཉིད་གསེར་གྱི་རྡོ་རྗེ་བྲག་རི་ལྟར་སྲ་ལ་བརྟན་པ༔ ལྷོ་ཡི་མདའ་སྲོག་གི་རྟེན་དཔག་བསམ་ལྗོན་ཤིང་ཡལ་ག་ལོ་འདབ་རྒྱས་ཤིང་མེ་ཏོག་དང་འབྲས་བུས་བརྒྱན་པ༔ ནུབ་ཀྱི་བུམ་པ་དེ་ཉིད་ཅི་འདོད་ཐམས་ཅད་འབྱུང་བ་འཆི་བ་མེད་པའི་ཚེ་སྲོག་གི་རྟེན་ཚེ་བཅུད་གཏེར་གྱི་བུམ་པ༔ གསེར་གྱི་གཡུང་དྲུང་དགའ་བ་འཁྱིལ་པ་དེ་ཉིད་ཚེ་སྲོག་འགྱུར་བ་མེད་པ་བླ་སྲོག་གི་རྟེན་ཅིས་ཀྱང་མི་ཆོད་པ་མི་ཤིགས་པ་བརྟན་པ༔ རབ་ཏུ་སྲ་བ་རྡོ་རྗེ་ཕ་ལམ་ལྟ་བུར་གྱུར༔ བྱང་གི་བྷནྡྷ་ཆང་གིས་གང་བ་དེ་ཉིད་ཚེ་སྲོག་འཇིག་བྲལ་བྲི་གང་དང་བྲལ་བ༔ འཆི་བ་མེད་པའི་བཅུད་མཆོག་དངོས་གྲུབ་ཐམས་ཅད་འབྱུང་བའི་བདུད་རྩིའི་རྒྱ་མཚོ༔ ནད་གདོན་བགེགས་ཐམས་ཅད་གཞོམ་པའི་པཉྩ་ར་ས་ཡ་ན་གྷུ་ཡ་དམ་པར་གྱུར༔ དེ་དག་གི་མཁའ་ལ་རིག་འཛིན་པདྨ་འབྱུང་


MR05_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལ་སོགས་རིག་འཛིན་དྲང་སྲོང་རྒྱལ་བ་རྒྱ་མཚོ་རྒྱལ་སྲས་སེམས་དཔའ་ལ་སོགས་ཉི་རྡུལ་འཁྲིགས་པ་ལྟ་བུར་བཞུགས་པས་འཆི་མེད་ཚེ་ཡི་དབང་མཆོག་བསྐུར་ཞིང་༔ ཚེ་རྟེན་རྡོ་རྗེའི་སྐུར་བྱིན་གྱིས་བརླབས་པར་བསམ༔ དེ་ཡི་ཕྱི་རིམ་དུ་ཁྲོ་བོ་དང་ཁྲོ་མོའི་ཚོགས་དཔག་ཏུ་མེད་པ་མཚོན་ཆ་སྣ་ཚོགས་བསྣམས་པ་རྣམས་ཀྱིས་ཞལ་ཕྱིར་གྱུ་ནས༔ ཚེ་དང་སྲོག་ལ་བར་དུ་གཅོད་པར་བྱེད་པའི་རྒྱལ་བསེན་དམ་སྲི་སྲིད་རྐུན་ཕོ་མོ་རྣམས་ཀྱི་གཟུགས་ཕུང་ཕྲལ་ཞིང་གསོད་གཅོད་ཀྱི་ལས་ལ་བརྩོན་པར་གྱུར༔ དེའི་ཕྱི་རོལ་དུ་རྡོ་རྗེ་བྲག་རིའི་ར་བ༔ སྲ་ལ་བརྟན་པ་དུས་དང་རྣམ་པ་ཀུན་ལྡན་དུ་འགྱར་འགྱུར་མེད་པ་རྡོ་རྗེ་ཕ་ལམ་ལྟ་བུར་གྱུར༔ དེའི་ཕྱི་རིམ་དུ་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་རབ་ཏུ་འབར་བའི་གུར་ཁང་ཆེན་པོར་གྱུར༔ དེ་ལྟར་གསལ་བའི་ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་ཨཱཿལས་པདྨ་དམར་པོ་ཨཱཿཡིས་མཚན་པ༔ ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ༔ གཙོ་བོའི་ཐུགས་ཀར་ཡ་ལས་བེ་ཅོན་དམར་པོ་ཧཱུྃ་གིས་མཚན་པ༔ དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་པ་ལ་ཕྱི་ནང་གསང་བའི་མཆོད་པས་ཐམས་ཅད་དགྱེས༔


MR05_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར༔ པདྨ་ཀ་མ་ལཱ་ཡ་སྟྭཾ༔ ན་མོ་པུ་རུ་ཤ་ཡ་ཧོཿ བདག་བསྐྱེད་ཀྱི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ༔ ཧཱུྃ་དམར་པོའི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བར་དམིགས་ལ༔ ཨོཾ་ཨ་མེད་པ་ཡོད། ཨཱཿཧཱུྃ་ཧྲཱིཿམ་ཧཱ་གུ་རུ་ཨཱརྱ་མཉྫུ་ཤྲཱི་པུཎྱཻ་ཡ་མཱནྟ་ཀ༔ མ་མྨ་ཨ་࿚ཨཾ་ཀུན་འདུས། ཡས་བསྐོར་དུ་ཤེས་པ་གཏད༔ ངག་བརྗོད་དག་པར་བཟླ༔ སྔགས་ཀྱི་འོད་ཟེར་ཀྱི་ལི་ལི་འཁོར་བར་དམིགས༔ སྔ་དྲོ་ཐུན་གྱི་དང་པོའོ༔ གུང་ཐུན་གྱི་ཚེ༔ པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱཻ་སྭཱ་ཧཱ༔ རང་གི་སྙིང་གའི་ཧཱུྃ་ཁོག་ཏུ་རང་དང་བདག་དོན་དུ་བྱེད་ན་བསྒྲུབ་བྱ་ཞེས་པ་དོར་ལ་རང་གི་ཞེས་དང་གཞན་དོན་དུ་བྱེད་ན་རང་དང་བསྒྲུབ་བྱ་ཞེས་བརྗོད་པར་བྱའོ་མཆན། བསྒྲུབ་བྱའི་ཚེ་སྲོག་ཧྲཱིཿདམར་པོ་གསལ་འཚེར་འོད་ཕུང་དང་ལྡན་པར་བསྒོམ༔ དལ་དབུས་ཀྱི་ཚེ་གཏོར་ནང་གི་ཤེལ་གྱི་མཆོད་རྟེན་གྱི་ནང་དུ་འཇམ་དཔལ་ཚེ་དཔག་མེད་གཙོ་འཁོར་རྣམས་ལ་རང་བདག་བསྐྱེད་ཀྱི་ཧཱུྃ་ཡིག་ལས་འོད་ཟེར་ལྔ་ལྡན་འཕྲོས་པས༔ མདུན་བསྐྱེད་ཀྱི་གཙོ་བོའི་ཐུགས་ཀར་ཧཱུྃ་དམར་པོ་སྔགས་ཕྲེང་དང་བཅས་པ་དང་འཁོར་རྣམས་ལ་ཕོག་པས་མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ༔ རྩ་གསུམ་རིག་འཛིན་གྲུབ་པའི་


MR05_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ༔ དེ་དག་རྣམས་ཀྱི་ཐུགས་རྗེ་ཡེ་ཤེས་ཀྱི་གཟི་བྱིན་རང་དང་བསྒྲུབ་བྱ་རྣམས་ལ་ཐིམ་པར་བསམ༔ རྩ་གཟུངས་ཐག་བཟུང་ལ་མཆན། སྔགས་ཀྱི་ཤམ་དུ༔རཱུ་པ་ཙིཏྟ་དྷེ་ཝཱི་མ་མ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་པུཎྱེ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་བཟླས་པ་ཙམ་གྱིས་སྔགས་ཀྱི་འོད་ཟེར་རང་གི་གནས་གསུམ་བརྒྱུད་ཅིང་འཕྲོ་འདུའི་བྱིན་རླབས་ཀྱི་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོག་གསུམ་རྩ་གསུམ་ལྷ་དང་མི་དང་༔ ལྷ་མ་ཡིན་ལ་སོགས་པ་ཚེ་ཡི་ལྷ་དང་ལྷ་མོར་གྱུར་པ་རྣམས་ཀྱིས་ཀྱང་༔ བདག་གཞན་གང་གིས་ཚེ་སྒྲུབ་པའི་སྡོང་གྲོགས་དང་ཚེ་འཕེལ་བའི་སླད་དུ་འདོན་པར་བསམས་ལ་བཟླས་པ་ལ་འབད་པར་བྱའོ༔ སྲོད་ནས་བཟུང་སྟེ་ཕྱི་ཐུན་གྱི་ཆ་ལ་བབ་པའི་ཚེ༔ བདག་བསྐྱེད་ལྷ་ཡི་ཐུགས་ཀར་དམིགས་བྱའི་རྣམ་པར་ཤེས་པ་ནྲྀ་དམར་ལ་འཚེར་བ་གསལ་བར་བསྐྱེད་པ་དེ་ཉིད་ཀྱང་གཟི་མདངས་དང་བཀྲག་མདངས་ཕུན་སུམ་ཚོགས་པར་གྱུར༔ སྔགས་ཀྱི་ཡིག་འབྲུ་རྣམས་ལས་ཀྱང་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་ཤིང་༔ ནྲྀ་ལ་ཐིམ་པས་བསྒྲུབ་བྱ་གང་ཡིན་པའི་ཚེ་དང་བསོད་ནམས་འཕེལ་བར་བསམ༔ ཚེ་ཡི་ལྷ་མོ་རྣམས་ཀྱི་ཐུགས་ཀ་ནས་རང་འདྲ་བའི་ལྷ་མོ་མང་པོ་


MR05_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པས༔ འཇིག་རྟེན་འདས་པ་དང་མ་འདས་པའི་ཚེ་བསོད་དཔལ་འབྱོར་གཟི་བརྗིད་ཐམས་ཅད་བཀུག་ཅིང་༔ བྱིན་བས་ནུས་མཐུ་དངོས་གྲུབ་རྣམ་གཉིས་ལ་སོགས་པ་ཐམས་ཅད་བསྡུས་ནས་ནྲྀ་ལ་ཐིམ་པས་གཟི་བརྗིད་དང་ལྡན་པར་གྱུར༔ ཚེ་རྫས་རྣམས་ལ་ཐིམ་པས༔ དེ་དག་ཐམས་ཅད་བྱིན་རླབས་དང་ལྡན་པར་བསམ་ཞིང་ཚེ་འཛབ་ལ་འབད༔ ཚེ་འགུགས་པའི་ཆོ་ག་འདི་ཉིད་ནན་ཏན་གཅེས༔ ཧཱུྃ་ཧྲཱིཿ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ དུས་གསུམ་རྒྱལ་བ་རྒྱ་མཚོ་ཚེ་ཡི་ལྷ༔ མཚོ་སྐྱེས་རྡོ་རྗེ་རིག་འཛིན་ཚེ་དཔག་མེད༔ བདག་ཅག་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ སྐུ་ཡི་རྡོ་རྗེ་འཇམ་མགོན་ཚེ་དཔག་མེད༔ རང་བཞིན་དབྱིངས་ན་བཞུགས་པའི་ཚེ་བདག་ཚོགས༔ རིག་འཛིན་ཚེ་ཡི་ལྷ་དང་མཁའ་འགྲོ་རྣམས༔ འཆི་མེད་ཚེ་ཡི་བཅུད་ཀྱིས་རབ་བཀང་ནས༔ ཕྱག་ན་ལྕགས་ཀྱུ་ཚེ་དར་བུམ་པ་བསྣམས༔ ཚེ་དང་ཡེ་ཤེས་སྒྲུབ་པའི་ལས་མཛད་རྣམས༔ བདག་ཅག་ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད༔ ཧཱུྃ་ཧྲཱིཿ བཅོམ་ལྡན་ཚེ་བདག་འཕགས་པ་འཇམ་དཔལ་དབྱངས༔ དཔལ་དང་གཟི་བརྗིད་འོད་ཕུང་ཏ་ལ་ལ༔ དམར་གསལ་ཁྲོ་འཛུམ་ཞལ་གཅིག་ཕྱག་གཉིས་པ༔ ལོངས་སྤྱོད་རྒྱན་རྫོགས་ལྕགས་ཀྱུ་


MR05_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བུམ་བསྣམས༔ རལ་པའི་ཟུར་ཕུད་འོད་དཔག་མེད་པས་བརྒྱན༔ འཇིགས་བྲལ་ཁྲི་ལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ བདེ་ཆེན་གསང་བའི་ཡུམ་དང་གཉིས་སུ་མེད། །ཅེས་ཡུམ་བསྐྱེད་ན་ཁ་སྐོང་དུ་སྦྱར་རིགས་དགེ ། ཁྱོད་ནི་རྒྱལ་བ་རིག་འཛིན་ཚེ་ཡི་ལྷ༔ འཇིགས་བྲལ་ཚེ་དབང་གཟི་བྱིན་དངོས་གྲུབ་ཞུ༔ ཧཱུྃ་ཧྲཱིཿ སྟེང་འོག་ཕྱོགས་མཚམས་མ་ལུས་ཐམས་ཅད་ནས༔ ཚེ་སྲིད་ཕྱྭ་གཡང་དཔལ་འབྱོར་དབང་སྡུས་ལ༔ འགྱུར་མེད་ཚེ་ཡི་གཡུང་དྲུང་རབ་རྒྱས་ནས༔ ཚེ་བསོད་རྟག་བརྟན་རྒྱས་པའི་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱི༔ ཁྱོད་ཀྱི་སྤྲུལ་པ་ཚེ་སྲོག་འགུགས་མཛད་མ༔ སྤྱན་མ་མཱ་ཀི་གོས་དཀར་དམ་ཚིག་སྒྲོལ༔ རྒྱས་བྱེད་མ་དང་བརྟན་བྱེད་འཕེལ་བྱེད་མ༔ བདུད་རྩི་ལོ་འདབ་མ་སོགས་ཚེ་འགུགས་མ༔ གར་སྟབས་རྣམ་འགྱུར་ལོངས་སྤྱོད་རྒྱན་རྫོགས་མ༔ ཚེ་སྲོག་འགུགས་བྱེད་ལྕགས་ཀྱུ་བུམ་པ་འཛིན༔ ཕྱོགས་བཅུའི་གནས་ནས་ཚེ་གཡང་དཔལ་ཁུག་ཅིག༔ ཧཱུྃ་ཧྲཱི༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཚེ་ཡི་ལྷ༔ སྤྲུལ་དང་ཡང་སྤྲུལ་ཕོ་ཉ་གློག་ལྟར་འཁྱུག༔ ལོངས་སྤྱོད་རྒྱན་རྫོགས་ལྕགས་ཀྱུ་ཚེ་བུམ་འཛིན༔ བླ་ཚེ་སྲོག་དབུགས་ཆད་མཐུད་ཉམས་པ་གསོས༔ ཚེ་རྫས་རྣམས་ལ་བཅུད་ཆེན་ཕབ་ཏུ་གསོལ༔ ཚེ་རྟེན་རྣམས་ལ་གཟི་བྱིན་


MR05_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་དུ་གསོལ༔ ཚེ་གཡང་རིགས་བརྒྱུད་དཔལ་བསྐྱེད་དངོས་གྲུབ་སྩོལ༔ གཞན་ཡང་དཀྱིལ་འཁོར་སྒོ་བཞིའི་ཕྱོགས་གནས་པའི་༔ བདུད་འདུལ་སྟོབས་ཆེན་ཁྲོ་མཆོག་རྣམ་པ་བཞི༔ འཇམ་དཔལ་ཚེ་ཡི་ལྷ་ཚོགས་ཐམས་ཅད་ཀུན༔ བདག་དང་འགྲོ་ལ་ཐུགས་རྗེས་བརྩེར་དགོངས་ཕྱིར༔ རང་རང་རྒྱན་རྫོགས་ལྕགས་ཀྱུ་བུམ་པ་འཛིན༔ སྒྲུབ་མཆོག་རྣལ་འབྱོར་མཆེད་ལྕམ་འཁོར་བཅས་ཀྱི༔ ཚེ་སྲོག་ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་ཐམས་ཅད་གསོས༔ འོད་ཟེར་དཀར་ལ་འཚེར་ཞིང་སྣུམ་ལ་འདྲིལ༔ སྤྱི་བོའི་གཙུག་ནས་ལུས་ལ་སིབ་སིབ་ཐིམ༔ སྐྱེ་འཆི་འཇིགས་བྲལ་ཚེ་ཡི་དབང་ཐོབ་ཤོག༔ ཨོཾ་ཤྲཱི་མཉྫུ་པུཎྱེ་ཡ་མཱནྟ་ཀཿ མ་མ་ཨ་པ་རི་མི་ཏ་ཨཱ་ཡུཿཔུཎྱེ་སྭཱ་ཧཱ༔ རཱུ་པ་ཙིཏྟ་དྷེ་ཝཱི་མ་མ་ཨ་པ་རི་མི་ཏ་ཨཱཿཡུརྫྙཱ་ན་པུཎྱེ་སིདྡྷི་ཕ་ལ་པུཥྚི་ཀུ་རུ་ཨོཾ༔ ཛཿཧཱུྃ་བྃ་ཧོཿ ཞེས་ནྲྀ་དང་ཚེ་རྟེན་རྣམས་ལ་རིམ་པར་བསྟིམ༔ ཐུན་བར་རྣམས་སུ་སྨན་རག་གཏོར་མ་སོགས་ཕྱི་ནང་གསང་བས་མཆོད༔ འཇམ་དཔལ་ཚེ་ཡི་ལྷ་ཚོགས་རྣམས་ལ་བསྟོད་པ་ནི༔ ཧཱུྃ་ཧྲཱིཿ ཀ་དག་བརྡལ་ཁྱབ་ཀློང་ཡངས་ཕོ་བྲང་ནས༔ རྒྱལ་ཀུན་དབང་ཕྱུག་མི་ཟད་དཔལ་འབར་བ༔ བླ་མ་ཀུན་བཟང་འཇམ་དཔལ་པདྨ་འབྱུང་༔ བླ་མ་ཚེ་དཔག་མེད་མགོན་སྐུ་ལ་བསྟོད༔ ཧཱུྃ་ཧྲཱིཿ འགྲོ་ཀུན་ཚེ་བདག་འཇམ་དཔལ་དམར་


MR05_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྐུ༔ དམར་གསལ་མདངས་ལྡན་ཞི་ཁྲོ་སྤེལ་མའི་ཞལ༔ འཆི་བདག་བདུད་བཅོམ་དཔའ་བོ་ཧེ་རུ་ཀཿ འཇམ་དཔལ་ཚེ་བདག་དམར་པོའི་སྐུ་ལ་བསྟོད༔ རྫོགས་སྐུ་དྲི་བྲལ་གསང་བ་ཚེ་བུམ་འཛིན༔ འགྱུར་མེད་རྟག་བརྟན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དར་ཟབ་རཏྣ་རུས་པའི་རྒྱན་དྲུག་མཛེས༔ བླ་མ་འཇམ་མགོན་ཚེ་ཡི་ལྷ་ལ་བསྟོད༔ ཕྱོགས་བཞིར་བཞུགས་མཛད་ཚེ་ཡི་ལྷ་མོ་བཞི༔ སངས་རྒྱས་སྤྱན་དང་མཱ་མ་ཀི་དང་ནི༔ གོས་དཀར་དམ་ཚིག་སྒྲོལ་མ་བཞི་པོ་ཡང་༔ ཚེ་དབང་གྲུབ་པར་མཛད་ལ་ཕྱག་འཚལ་བསྟོད༔ མཚམས་བཞིར་བཞུགས་མཛད་སྤྲུལ་པའི་ལྷ་མོ་བཞི༔ རྒྱས་བྱེད་བརྟན་བྱེད་འཕེལ་བྱེད་ལོ་འདབ་མ༔ རྡོ་རྗེ་ཚེ་དབང་སྒྲུབ་མཛད་ལྷ་མོ་སྟེ༔ ཡེ་ཤེས་དཔལ་འབར་མ་ལ་ཕྱག་འཚལ་བསྟོད༔ འཆི་བདག་བདུད་བཅོམ་ཁྲོ་ཆེན་སྒོ་བ་བཞི༔ གཞན་ཡང་ཡེ་ཤེས་སྤྱན་མངའ་ཚེ་ཡི་ལྷ༔ ཐུགས་རྗེའི་ཀློང་ནས་བདུད་རྩིའི་ཚེ་ཆར་འབེབས༔ ཞི་རྒྱས་དབང་སོགས་ལས་ཀྱི་ཕྲིན་ལས་མཛད༔ རྒྱལ་བ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བདག་དང་རྒྱུ་འབྱོར་འཁོར་དང་བཅས་རྣམས་ཀྱི༔ ཚེ་དབང་ལོངས་སྤྱོད་དཔལ་འབྱོར་བསྐྱེད་དུ་གསོལ༔ འདོད་པའི་དོན་ཀུན་མྱུར་དུ་འགྲུབ་པ་དང་༔ བདག་གི་ལས་ཀྱི་


MR05_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་མཆིས་པར་མཛོད༔ དེ་ལྟར་ཚུལ་བཞིན་བསྒྲུབས་པ་ཡིས༔ ཚེ་འཕེལ་དངོས་གྲུབ་རྟགས་མཚན་འདི་ལྟར་འབྱུང་༔ རབ་ནི་ཚེ་ཡི་ལྷ་ཚོགས་ཞལ་མཇལ་ཞིང་༔ འོད་དང་དྲི་བཟང་རོལ་མོའི་སྒྲ་རྣམས་འབྱུང་༔ འབྲིང་ནི་ཉམས་དགའ་ཐག་དྲོ་རིག་པ་དྭངས༔ བྱིན་ཆགས་དབང་པོ་གསལ་བ་ལ་སོགས་འབྱུང་༔ ཐ་མ་ཉི་ཟླ་ཤར་ཞིང་དངོས་གྲུབ་ཀྱི་ཐས་སྟེར་བ་ལ་སོགས་པའི་རྨི་ལྟས་དཔག་ཏུ་མེད་པ་འབྱུང་བ་རྣམས་རང་བློས་དཔྱད་པར་བྱའོ༔ དེ་ལྟར་རྟགས་ཀྱི་རིམ་པ་བྱུང་བའི་ཚེ༔ ལྷ་ཚོགས་རྣམས་ལ་ཕྲིན་ལས་བསྐུལ་བ་ནི༔ ག་ཎའི་ལོངས་སྤྱོད་འབྱོར་ཚད་ལེགས་པར་བཤམ༔ དྲི་བསུང་བསྲེག་ཅིང་རོལ་མོ་སྣ་ཚོགས་སྦིར༔ རྣལ་འབྱོར་ཕོ་མོ་ཆས་ལྡན་ལངས་ལ༔ ཚེ་ཡི་བསྐུལ་བ་ནི༔ ཧཱུྃ་ཧྲཱིཿ རང་བཞིན་གནས་ནས་ཚེ་བདག་འཁོར་དང་བཅས༔ བཅོམ་ལྡན་ཚེ་ཡི་བདག་པོ་གནས་ནས་བསྐུལ༔ རྡོ་རྗེ་ཚེ་དབང་གྲུབ་པའི་ཕྲིན་ལས་མཛོད༔ ཕྱོགས་མཚམས་ཀུན་ནས་ཚེ་ཡི་ལྷ་མོ་རྣམས༔ སོ་སོའི་གནས་ནས་ཐུགས་དམ་རྒྱུད་བསྐུལ་ན༔ རྡོ་རྗེ་ཚེ་དབང་གྲུབ་པའི་ཕྲིན་ལས་མཛོད༔ ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་ཁུག་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཚེ་ཁུག་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་ཕྱོགས་ཆུ་ལྷའི་ལག་ནས་ཚེ་ཁུག་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་


MR05_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་མཛོད༔ བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་ཁུག་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ཤར་ལྷོ་དྲང་སྲོང་ལག་ནས་ཚེ་ཁུག་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ལྷོ་ནུབ་སྲིན་པོའི་ལག་ནས་ཚེ༴ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས༴ ནུབ་བྱང་རླུང་ལྷའི་ལག་ནས་ཚེ༴ ཚེ་བསོད་དཔལ་འབྱོར་རྒྱས་པའི༴ བྱང་ཤར་དབང་ལྡན་ལག་ནས་ཚེ་ཁུག་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པའི༴ སྟེང་ཕྱོགས་ཚངས་པའི་ལག་ནས་ཚེ་ཁུག་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པའི༴ འོག་ཕྱོགས་ས་བདག་ལག་ནས་ཚེ་ཁུག་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པའི༴ བདུད་དང་གཤིན་རྗེའི་ལག་ནས་ཚེ་ཁུག་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པའི༴ ལྷ་དང་དྲང་སྲོང་ལག་ནས་ཚེ་ཁུག་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ཅེས་སོགས་ལྷ་ཚོགས་རྣམས་བསྐུལ་ཞིང་ཚེ་འགུག །རྟགས་མཐོང་ནས་སྒྲུབ་པ་ཐེམ་པའི་ཚེ། ཚེ་ཡི་དངོས་གྲུབ་བླང་བ་ནི། མཆོད་ཡོན་མཆེད་ལྕམ་ཐམས་ཅད་ཀྱིས་དངོས་གྲུབ་ཀྱི་རྫས་ལག་ཏུ་ཐོགས་ལ། བསྙེན་སྒྲུབ་ཀྱི་ཛབ་སྔགས་དབྱངས་སུ་བཟླ་ཞིང་གར་སྟབས་བཅས། ཧཱུྃ་ཧྲཱིཿ ཡེ་ནས་རང་བྱུང་ལྷུན་གྱིས་གྲུབ་པའི་དཔལ༔ རྡོ་རྗེ་ཚེ་བདག་འབར་རྔམས་ཕོ་བྲང་དུ༔ སྟོན་པ་རྡོ་རྗེ་


MR05_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་རྒྱལ་ཐེབས་དང་༔ རྒྱལ་སྲས་ལྕམ་མོ་དགྱེས་བྱེད་མཆེད་ལྕམ་རྣམས༔ རྟག་ཏུ་མི་འབྲལ་འགྲོགས་པའི་ཏིང་འཛིན་གྱིས༔ དད་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ན༔ འགྱུར་མེད་ཚེ་གཡང་རིགས་བརྒྱུད་དངོས་གྲུབ་སྩོལ༔ མི་ཤིགས་རྟག་བརྟན་འཁོར་སློབ་དངོས་གྲུབ་སྩོལ༔ སྐྱེ་འཆི་འཇིགས་བྲལ་རྡོ་རྗེའི་ཚེ་དབང་དངོས་གྲུབ་སྩོལ༔ ཅེས་བྱས་ལ། བསྙེན་སྒྲུབ་ཀྱི་སྔགས་ལ་ཀཱ་ཡ་ཝཱཀྩིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧོཿ ཞེས་བཟླས་ནས། དངོས་གྲུབ་རྫས་རྣམས་ལ་རོལ་ཞིང་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་བྱ་ཞིང་བཀྲ་ཤིས་བརྗོད། མཆོད་བསྟོད་ནོངས་བཤགས་བསྡུ་ལྡང་སོགས་ལས་རྗེས་སྤྱི་ལྟར་བྱའོ། །འདིའི་སྐབས་སུ་འཇམ་དཔལ་ཚེ་བདག་དམར་པོའི་རང་སྣང་གི་ཡུམ་བསྐྱེད་ན། ལྷ་བསྐྱེད་ཀྱི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་ཞེས་པའི་མཇུག་ཏུ། རྩལ་སྣང་གཉིས་ལྡན་འཁྲིལ་སྦྱོར་གསང་བའི་ཡུམ༔ དབྱངས་ཅན་ལུ་གུ་རྒྱུད་མ་དམར་གསལ་འཛུམ་པའི་ཞལ༔ གཡས་པས་ཚེ་མདའ་ལྕགས་ཀྱུ་མཁའ་ལ་གདེངས་ཤིང་འཁྱུད༔ གཡོན་པས་ཚེ་བསོད་དཔལ་རྒྱས་གསེར་གྱི་བུམ་པ་བསྣམས༔ རཏྣ་དར་ཟབ་ལྷབ་ལྷུབ་རྣམ་མང་རྒྱན་གྱིས་སྤྲས༔ ཐབས་ཤེས་དབྱེར་མེད་ཡབ་ཀྱི་སྐུ་ལ་བདེ་སྦྱོར་འཁྲིལ༔ ཞེས་སྦྱར་ཞིང་བསྟོད་པའི་ཚེ། ཡབ་ཀྱི་བསྟོད་པའི་མཇུག་ཏུ། ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་


MR05_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཡུམ་གྱུར་དབྱངས་ཅན་ལུ་གུ་རྒྱུད༔ ཆགས་མེད་ཆགས་པའི་ཉམས་ལྡན་དམར་གསལ་བདེ་སྦྱོར་འཁྱུད༔ འཇིགས་མེད་འཇིགས་བྲལ་བྲི་གང་ཀུན་དང་བྲལ་བ་ཡི༔ གཞོམ་བྲལ་འཇིགས་པའི་དཔུང་ཚོགས་འཇོམས་མཛད་མ་ལ་བསྟོད༔ ཅེས་སྦྱར་བས་ཆོག་གོ །དེ་ལྟར་སྒྲུབ་པའི་ཕན་ཡོན་ཡང་། །འཇམ་དཔལ་ཚེ་བདག་འོད་འབར་ཐོད་ཕྲེང་ངས༔ མ་འོངས་སྐལ་ལྡན་བུ་ཡི་དོན་ཕྱིར་དུཿ འཆི་མེད་བཅུད་དྲིལ་སྙིང་གི་ཐིག་ལེ་འདིཿ ད་ལྟ་མཚོ་རྒྱལ་འབྲོག་བན་གཉིས་ལ་གདམས༔ སྤེལ་བའི་གནས་མེད་རིན་ཆེན་བྲག་ཏུ་སྦོས༔ མ་འོངས་སྙིང་གི་བུ་དང་འཕྲད་པར་ཤོག༔ ཅེས་དང་། འཇམ་དཔལ་དམར་པོའི་ཚེ་སྒྲུབ་འདི༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་འགྲོ་བའི་དོན་ཆེད་དུ༔ ཡེ་ཤེས་མཚོ་རྒྱལ་བདག་ལ་གནང་༔ ཟབ་ཕྱིར་རིན་ཆེན་གཏེར་དུ་སྦས༔ ལན་གཅིག་དུས་ཀྱི་སྙིགས་མ་ལ༔ ཆོས་བྱེད་སྐུ་ཚེ་ཐུང་བའི་དུས༔ བར་ཆད་གློ་བུར་ཐོག་ལྟར་འབབ༔ སངས་རྒྱས་བསྟན་པ་ཉམས་པའི་ཚེ༔ གདམས་པ་འདི་དང་ལྡན་པར་གྱིས༔ འདི་ལ་སྤྱོད་དང་སུས་བསྒྲུབས་པ༔ ཚེ་ཡི་བར་ཆད་བསལ་ནས་ནི༔ ཚེ་ཡི་རིག་འཛིན་ཐོབ་པར་འགྱུར༔ དེ་ཕྱིར་འདི་ལ་འབད་པར་བྱ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་དང་། ཚེ་སྒྲུབ་གཞན་རྣམས་སྐར་ཚོགས་དང་འདྲ་ཞིང་༔ འདི་ནི་སྙིང་པོའི་ནང་ནས་ཉི་མ་འདྲ༔ དཔེར་ན་ལྕགས་འདུལ་གཉེན་པོ་


MR05_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་བཞིན་དུ༔ འཆི་བདག་གཤིན་རྗེའི་གདོན་ཚོགས་འཇོམས་པའི་ཕྱིར༔ བླ་མ་འཇམ་མགོན་ཚེ་བདག་དམར་པོ་ཡི༔ གསང་སྒྲུབ་ཟབ་མོ་བདུད་བཞིའི་དཔུང་འཇོམས་འདིཿ གྲོགས་ཀྱི་དམ་པ་མཚོ་རྒྱལ་འབྲོག་བན་གཉིས་ལ་གདམས༔ ཉམས་སུ་ལོངས་ལ་ཡི་གེའི་རིས་སུ་ཐོབ༔ ད་ལྟ་སྤེལ་བའི་གནས་མེད་པས༔ འགྱུར་མེད་རིན་ཆེན་བྲག་ལ་གཏེར་དུ་སྦོས༔ མ་འོངས་རྩོད་ལྡན་དུས་ཀྱི་ཐ་མའི་དུས༔ ང་སྤྲུལ་སྙིང་གི་བུ་དང་འཕྲད་བར་ཤོག༔ ཅེས་གསུངས་པ་ལྟར་སྐྱེ་འགྲོ་ཐམས་ཅད་ཀྱི་ཚེ་སྲོག་གི་བདག་པོ་འཆི་བདག་གཤིན་རྗེ་ཉིད་འདུལ་བྱེད་ཀྱི་གཉེན་པོ་ཁྱད་པར་ཅན་འཇམ་དཔལ་ཚེ་བདག་དམར་པོའི་སྒྲུབ་པ་འདི་ལན་གཅིག་བསྒྲུབ་པ་ཙམ་གྱིས་གཞོམ་གཞིག་བྲལ་བ་ཚེ་ཡི་རིག་འཛིན་འགྲུབ་པར་འགྱུར་ཞིང་། ཞར་ལ་བསོད་ནམས་དང་དབང་ཐང་དང་རྡོ་རྗེ་ལུས་ཀྱི་བཅུད་ལེན་དང་གང་བརྩམ་ཐོགས་པ་མེད་པའི་ཀླུང་རྟའི་སྟོབས་རྒྱས་པ་དང་། སྣང་སྲིད་དབང་དུ་འདུ་ཞིང་ཟས་ནོར་འབྱོར་པ་དབྱར་གྱི་ཆུ་ལྟར་འཕེལ་བ་སོགས་ཐུན་མོངས་གི་དངོས་གྲུབ་ཇི་སྙེད་པ་ཡང་འགྲུབ་ཅིང་། ས་ལམ་མིག་འཕྲུལ་ལྟར་བགྲོད་དེ་མཐར་ཐུག་བདུད་བཞིའི་གཡུལ་ལས་རྒྱལ་བ་འཇམ་དཔལ་ཚེ་ཡི་བདག་པོའི་གོ་འཕང་རྟག་པ་དམ་པའི་དཔལ་ཡོན་འགྲུབ་པར་འགྱུར་བ་ནི་ངེས་པའོ། །ཞེས་པ་འདི་ཡང་གཏེར་སྟོན་ཡོངས་ཀྱི་རྒྱལ་པོ་སངས་རྒྱས་གླིང་པས་ཀོང་པོ་རྒྱ་ལའི་རྦ་དོང་བར་པ་འཇམ་དཔལ་ཚེ་བདག་ནག་པོའི་ཐུགས་ཀ་ནས་སྤྱན་དྲངས་པའི་འཇམ་དཔལ་ཞི་དྲག་ཕྱེད་མ་ཟབ་རྒྱ་ཅན་གྱི་སྐོར་གསུམ་


MR05_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཟབ་རྒྱ་བར་པ་འཇམ་དཔལ་དམར་པོ་ཞི་དྲག་ཕྱེད་མ། ལོངས་སྤྱོད་ཚེ་འཕེལ་གྱི་སྒྲུབ་ཐབས་དང་། སླར་ཡང་སྤྲུལ་པའི་གཏེར་ཆེན་བདུད་འདུལ་རྡོ་རྗེས་ཁྲོ་རི་ཟིལ་ཁྲོམ་དཀར་ཡག་ནས་སྤྱན་དྲངས་པའི་འཕགས་པ་འཇམ་དཔལ་གྱི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་འཆི་བདག་བདུད་འཇོམས་གཉིས་གཞུང་གི་ཁོག་ཕལ་ཆེར་དོན་གྱིས་ཞུས་དག་ཕེར་བ་ལྟར་བཞུགས་ཤིང་། སྒོ་བཞིའི་ཁྲོ་བོ་སོགས་ཁྱད་པར་འགའ་ཞིག་བདུད་འདུལ་ལུགས་ལ་བཞུགས་པ་བཞིན། འདིར་ཨོ་རྒྱན་པདྨ་ཉིད་དང་ཡི་དམ་འཇམ་དཔལ་དབྱངས་དབྱེར་མེད་དུ་སྒྲུབ་པ་བདུད་འདུལ་ལུགས་ཉིད་གཙོ་བོར་བཟུང་། གཏེར་ཁ་གོང་མའི་དགོངས་པ་ཡང་ཆུ་བོ་གཅིག་འདྲེས་སུ་ཆོག་ཁྲིགས་བྱས་པ་འདི་ནི། རབ་ཚེས་ཤིང་མོ་ལུག་གི་ལོའི་ཧོར་ཟླ་གསུམ་པའི་ཡར་ཚེས་ལ་ལྷུན་གྲུབ་སྟེང་དུ་འཇམ་དཔལ་དགྱེས་པའི་རྡོ་རྗེས་བཀོད་པ་སྟེ། འདིས་ཀྱང་ལམ་འདིར་འབྲེལ་ཚད་འཆི་མེད་རྡོ་རྗེའི་ཚེ་ལ་དབང་ཐོབ་པར་གྱུར་ཅིག་མངྒ་ལཾཿ བཛྲ་ས་མ་ཡཱ་རྒྱ་རྒྱ་རྒྱ༔ དགེ་ལེགས་འཕེལ། །ཚེ་སྒྲུབ་འདི་རང་གང་མོས་པའི་ཡི་དམ་ལ་སྦྱར་ཆོག་པར་གསུངས་ཀྱང་། ཚེ་བདག་ལས་བྱང་གནམ་ལྕགས་འཁོར་ལོ་དང་སྦྱར་ན་ལེགས་ཤིང་། ཚོགས་ནི་རྗེས་སུ་བདག་མདུན་སྟབས་གཅིག་ཕུལ་ཀྱང་ཆེས་ལེགས་སོ།། །།


previousའཕགས་པ་འཇམ་དཔལ་དམར་པོ་ལོངས་སྤྱོད་ཚེ་འཕེལ་གྱི་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ་འཆི་བདག་བདུད་འཇོམས་བདུད་རྩི་བཅུད་འཁྱིལ།next