Nitartha Digital Library
Tibetan
གླེགས་བམ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅུད་ལེན་སྒྲུབ་ཐབས་མཉྫུ་ཤྲཱི་ར་ས་ཡཱ་ན་སཱ་དྷ་ནི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅུད་ལེན་སྒྲུབ་ཐབས་མཉྫུ་ཤྲཱི་ར་ས་ཡཱ་ན་སཱ་དྷ་ནི།next

བཅུད་ལེན་སྒྲུབ་ཐབས་མཉྫུ་ཤྲཱི་ར་ས་ཡཱ་ན་སཱ་དྷ་ནི།


MR05_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མཉྫུ་ཤྲཱི་ར་ས་ཡཱ་ན་སཱ་དྷ་ནི། བདག་བསྐྱེད་སྔོན་དུ་བཏང་། གཙང་མའི་སྟེགས་བུར་དྲི་བཟང་གིས་བྱུགས་པའི་མཎྜལ་གྱི་དབུས་སུ་རིན་པོ་ཆེ་ལ་སོགས་པའི་སྣོད་དུ་རིལ་བུ་བཞག །དར་གྱི་གུར་ཕུབ་མཆོད་པས་མཐའ་བསྐོར། སྦྱངས་ཁྲུས་སོང་ན་ལེགས། རང་ཉིད་འཇམ་དཔལ་གསལ་བ་ཡི། །མདུན་དུ་སྨན་གྱི་ཕོ་བྲང་ནི། །ཡེ་ཤེས་བདུད་རྩིའི་རྒྱ་མཚོའི་དབུས། །འཇམ་དཔལ་རིགས་ལྔ་ཡབ་ཡུམ་རྣམས། །མཉམ་སྦྱོར་བདེ་བའི་གཟི་བྱིན་འབར། །སྟེང་མཁར་བདུད་རྩིའི་སྤྲིན་ཆེན་ལ། །འཇམ་དཔལ་འཆི་མེད་ཡེ་ཤེས་སྐུ། །བདུད་རྩི་བདེ་བ་ཆེན་པོ་ནི། །དམར་སེར་ཉི་མ་འཆར་ཁའི་མདོག །གཞོན་ནུ་མཚན་དཔེའི་གཟི་བྱིན་འབར། །དང་པོའི་ཕྱག་གཉིས་རལ་གྲི་དང་། །ཨུཏྤ་ལར་གནས་གླེགས་བམ་འཛིན། །འོག་མས་ཐབས་ཤེས་མདའ་གཞུ་བསྣམས། །རང་འོད་ཡུམ་འཁྱུད་བདེ་ཆགས་རྒྱས། །གསེར་མདངས་བདུད་རྩིའི་འོད་ཟེར་འཕྲོ། །བདེ་བ་ཚེ་འཕེལ་མ་ལ་སོགས། །གསང་བའི་ཡུམ་བཞིས་དགྱེས་ཚུལ་བསྐོར། །འཁོར་དུ་རྩ་གསུམ་རབ་འབྱམས་ཚོགས། །ཏིལ་གྱི་གང་བུ་བཞིན་དུ་བཞུགས། །སྣང་སྲིད་བདེ་སྟོང་ཕྱག་རྒྱར་སད། །སྤྲོ་ན་སྤྱན་དྲངས་ལ་སོགས་བྱ། བདག་དང་མདུན་གྱི་ལྷ་ཡབ་ཡུམ། །བདེ་སྟོང་སྦྱོར་བའི་འོད་ཟེར་གྱིས། །འཁོར་འདས་ལམ་གྱི་དངས་བཅུད་ཀུན། །


MR05_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་བདུད་རྩིའི་རྣམ་པར་བཀུག །རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས། །ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས། །ཆར་གྱི་རྒྱུན་བཟང་བཞིན་དུ་བབ། །སྲིད་གསུམ་སྨན་སྐྱོང་སྲུང་མ་ཡིས། །ཕྱོགས་བཅུའི་སྨན་གྱི་བཅུད་རྣམས་བསྡུས། །ཀུན་ཀྱང་མཚོ་ལ་སྦྲང་ཆར་བཞིན། །དམ་ཚིག་རྫས་ལ་ཐིམ་པ་ཡིས། །སྲིད་ཞིའི་དངས་མ་འོད་འབར་བ། །འཆི་མེད་བདུད་རྩི་བཅུད་ཀྱིས་ལེན། །དངོས་གྲུབ་ཀུན་གྱི་དབྱིག་ཏུ་གྱུར། །རྩ་སྔགས་ཨ་ར་པ་ཙ་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུནྜ་ལི་ཧཱུྃ་ཧྲཱིཿ ཋཿ ཡང་སྙིང་ཡི་གེ་འབྲུ་བཅུ་དྲུག །རྒྱལ་བ་སྲས་བཅས་ཐམས་ཅད་དང་། །ཁྱད་པར་དཔལ་ཆེན་ཧེ་རུ་ཀ ། ཉེ་སྲས་བརྒྱད་སོགས་ཀུན་འདུས་སྔགས། །འདི་ཉིད་དངོས་གཞིའི་བཟླས་པར་བཟུང་། །བརྒྱ་སྟོང་ཁྲི་འབུམ་རྟགས་སྦྱར་བཟླས། །ཐུན་འཇོག་ཁར། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ར་ས་ཡཱ་ན་ཏ་ན་ཛ་ཡ་གུ་ཧྱ་སིདྡྷི་ཧཱུྃ་ཧྲཱིཿཋཿཞེས་བདུད་རྩི་བཅུད་ལེན་སྤྱི་སྔགས་བརྒྱ་ཙམ་དང་། ཨོཾ་ཨཱཿཧཱུྃ་སརྦ་པྲ་ཛྙཱ་ཛྙཱ་ན་ཨཱ་ཡུཿཥེ་ར་ས་ཡཱ་ན་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿ ཋ་ཨཱཿཞེས་འཇམ་དཔལ་འོད་ལྡན་གྱི་ཚེ་དང་བཅུད་ལེན་སྒྲུབ་པའི་སྔགས་བརྒྱ་ཙམ་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མཉྫུ་ཤྲཱི་ཤྱ་བ་ལོ་ཀི་ཏེ་ཧཱུྃ་ཧྲཱིཿཋཿ ཞེས་པ་བདུད་རྩིའི་རྒྱུད་ལུང་ཀུན་གྱི་བདག་པོ་འཇམ་དཔལ་རྡོ་རྗེ་རྣོན་པོའི་བདུད་རྩི་སྒྲུབ་པའི་གསང་སྔགས་བརྒྱ་རྩ་བརྒྱད་བཟླས། དབྱངས་གསལ་རྟེན་སྙིང་གིས་ཁ་བསྐང་ཞིང་བྱིན་རླབས་བརྟན་པར་བྱ། །


MR05_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་བྱིན་འབེབ་དང་སྨན་སྲུང་བསྐུལ་པ་སོགས་བྱས་ལ། མདུན་གྱི་ལྷ་ལ་མཆོད་ཅིང་བསྟོད་ལ་ནོངས་པ་བཤགས། མདུན་གྱི་ལྷ་རྣམས་ཐམས་ཅད་ཀུན། །དགྱེས་ཤིང་བདེ་སྟོང་ཆེན་པོར་ཞུ། །དམ་ཚིག་རྫས་དང་དབྱེར་མེད་དུ། །འཆི་མེད་ཡེ་ཤེས་བདུད་རྩིར་གྱུར། །ཅེས་བརྗོད་ཅིང་དེ་དོན་དམིགས་ལ། སུ་པྲ་ཏཱིཥྛ་ལན་གསུམ་དང་། ཡེ་དྷརྨ་ཇི་མང་བཟླས་པས་མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད་པར་བྱའོ། །དེ་ལྟར་བསྒྲུབ་པའི་དམ་ཚིག་གི་རྫས་རྣམས་ཀྱི་རང་བཞིན་གྱི་ནུས་པ་དང་། ཐབས་ཀྱི་ཆོ་ག་ཟབ་མོའི་མཐུ་དང་། སྨན་གྱི་ལྷ་རྣམས་ཀྱི་དམ་ཚིག་གི་སྟོབས་ཆེན་པོས་བདུད་རྩི་གྲུབ་པའི་རྟགས་སུ་སྒྲ་དང་འོད་དང་དྲི་བཟང་དང་མང་དུ་འཕེལ་བ་སོགས་དང་། དངོས་ཉམས་རྨི་ལམ་དུ་བདུད་རྩིའི་ལྷ་མོ་རྣམས་བྱོན་ནས་མཆོག་སྦྱིན་པ་སོགས་བྱུང་ན་དངོས་གྲུབ་བླངས་ཤིང་། དུས་སུ་ཚུལ་བཞིན་སྤྱད་པས་གཞོམ་མེད་རྡོ་རྗེའི་ཚེ་དང་ལང་ཚོ་ཡིད་བཞིན་དུ་གྲུབ་པར་གདོན་མི་ཟའོ། །ཞེས་པའང་ཉེ་བར་མཁོ་བའི་སླད་དུ་ལུགས་གཉིས་ཀྱི་འདུན་པ་ཆེན་པོ་དཔལ་ལྷུན་གྲུབ་སྟེང་གི་ཕོ་བྲང་ཡང་རྩེ་ནས་འཇམ་དཔལ་དགྱེས་པས་ཤིང་རྟ་ཟླ་བ་བཅུ་གཅིག་གི་ཚེས་བཅུ་བཞི་ལ་དགེ་བར་བྲིས་པ་མངྒ་ལཾ། །


previousབཅུད་ལེན་སྒྲུབ་ཐབས་མཉྫུ་ཤྲཱི་ར་ས་ཡཱ་ན་སཱ་དྷ་ནི།next