Nitartha Digital Library
Tibetan
གླེགས་བམ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅུད་ལེན་གྱི་ཆ་ལག་རིན་ཆེན་ཟ་མ་ཏོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅུད་ལེན་གྱི་ཆ་ལག་རིན་ཆེན་ཟ་མ་ཏོགnext

བཅུད་ལེན་གྱི་ཆ་ལག་རིན་ཆེན་ཟ་མ་ཏོག


MR05_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ལེན་གྱི་ཆ་ལག་རིན་ཆེན་ཟ་མ་ཏོག་བཞུགས་སོ། །


MR05_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་བཛྲ་ཏིཀྵྞ་ཡ། འདིར་བཅུད་ལེན་ལག་ཏུ་བསྟར་བའི་ཚུལ་ནི། དང་པོ་ཐོ་རངས་མལ་ནས་ལངས་ཏེ་ལུས་བསྲངས་ལ་ང་རོ་བསལ། རང་འཇམ་དཔལ་གསལ་ལ་བདུད་རྩིའི་བཅུད་བསྡུ་ཞིང་སྙིང་གི་དཔྱིད་སྤེལ་བའི་དམིགས་པ་བཅས་རིལ་བུ་བཟའ། རླུང་ཁུགས་ཅི་རིགས་བཟུང་། སླར་འོད་གསལ་དུ་བསྡུས་པའི་ངང་ནས་རང་མཱ་མ་ཀིར་དཀྲོང་བསྐྱེད་དམིགས་པ་བཅས་མཱ་ཀིའི་སྔགས་ཅི་རིགས་བཟླ། མཐར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་བདག་གི་ལུས་རྡོ་རྗེར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་ལ་གནས་གསུམ་འབྲུ་གསུམ་དཀར་དམར་མཐིང་གསུམ་གྱི་རྒྱས་བཏབ་སྟེ་མཱ་ཀིའི་ཕྱག་རྒྱ་གནས་གསུམ་བཞག །ན་མཿཙནྜ་དང་ཧཱུྃ་བཛྲ་བིད་སྭཱ་ཧཱ། ཞེས་བརྗོད་པས་སྒོ་གསུམ་རྡོ་རྗེར་གྱུར་པར་བསམ། སྐད་ཅིག་གིས་འོད་གསལ་དུ་བསྡུ། སླར་སྐད་ཅིག་གིས་སངས་རྒྱས་སྤྱན་མའི་སྐུར་བསྐྱེད་ཐུགས་ཀའི་སྔགས་ཀྱི་འོད་ཟེར་འཕྲོ་འདུ་དང་། སྤྱི་བོར་ཨོཾ་ལས་བདུད་རྩི་བསྡུ་འབེབས་དམིགས་པ་བཅས་སྤྱན་མའི་སྔགས་བཟླ་ཞིང་མཐར་ཟླ་བ་ཨོཾ་བཅས་བདུད་རྩིར་ཞུ་བས་ཚངས་བུག་ནས་རང་ལུས་གང་། ལྕགས་ལ་གསེར་འགྱུར་རྩིས་ཐེབས་པ་ལྟར་ལུས་དངས་མར་གྱུར་པར་བསམས་ལ་སྔགས་ཅུང་ཟད་བཟླ། དེ་ནས་ནམ་མཁའ་ཟས་སུ་ཟ་བའི་


MR05_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པས་རླུང་ཁུག་ཇི་མང་བཟུང་། དེ་ནས་སྤྲོ་ན་དམ་རྫས་གནས་གང་ཡིན་བྱུགས་ལ་དབྱངས་གསལ་རྟེན་སྙིང་བཟླ། ལྷ་བསྡུ་ཞིང་སྨོན་ལམ་བཀྲ་ཤིས་བྱ་བ་ནི་ཐུན་དང་པོའི་བྱ་བའོ། །དེ་ནས་སྤྱོད་ལམ་ཐམས་ཅད་དུ་བདེ་བ་ལམ་ཁྱེར་དང་། བཟའ་བཏུང་ཅི་ཟ་བདུད་རྩིར་སྔགས་དམིགས་ཀྱིས་བརླབས། སྔགས་ནི་བདུད་རྩིའི་སྙིང་པོ་བཅུ་དྲུག་པའོ། །གཉུག་མའི་རིག་ངོ་བསྐྱང་བ་དང་སྒྱུ་མ་ལྟ་བུའི་རྩལ་སྦྱོང་ཀུན་ཏུ་བྱ་སྟེ་ཉིན་རིང་ཐུན་བར་མའི་ཆ་ལའོ། །འདི་སྐབས་སུའང་ནམ་བདེར་རིལ་བུ་བཟའ་ཞིང་སྙིང་གའི་དཔྱིད་སྤེལ་བ་དང་བཅུད་བསྡུ་ནམ་མཁའི་བཅུད་ལེན་སོགས་གང་མོས་གང་འཐད་བྱ། སྲོད་ལ་རང་གོས་དཀར་མོར་གསལ་ལ་དམིགས་པ་བཅས་དེའི་སྔགས་ཅི་རིགས་བཟླ། ཐུན་མཐར་འབར་འཛག་བསྒོམ་པ་ནི། ལུས་ཀྱི་སྟོང་ར་དང་རྩ་གསུམ་འཁོར་ལོ་བཞི་གསལ། རླུང་རོ་བསལ། རླུང་རྔུབ་པ་དང་མཉམ་དུ་འཁོར་འདས་ཀྱི་དངས་བཅུད་དང་ཁྱད་པར་བཀྲག་དང་བདེ་བ་ཐམས་ཅད་འོད་དམར་སེར་བདེ་བ་ཆེན་པོའི་རྣམ་པར་རང་གི་སྣ་བུག་ནས་ཞུགས། ལྟེ་འོག་སོར་བཞིར་གནས་པའི་ཨ་ཤད་ལ་ཐིམ་པས་རླུང་གིས་མེ་སྦར་བ་ལྟར་རིམ་གྱིས་འབར་ཏེ་མེ་ལྕེ་གློག་གི་ཟེར་མ་ལྟ་བུ་ཡར་དབུ་མའི་ལམ་དུ་བྱུང་། སྙིང་གར་བླ་མའི་ངོ་བོ་ཨཱོཾཿདམར་པོ་ལ་ཕོག་པས་


MR05_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་དྲོད་ཆེར་གཡོས། མེ་ལྕེ་གྱེན་དུ་འབར་བས་སྤྱི་བོར་ཟླ་དཀྱིལ་ལ་གནས་པའི་ཧཾ་མགོ་ཐུར་བསྟན་ལ་རེག་པས་བདེ་བ་འབར་ཞིང་། དེ་ལས་བདུད་རྩི་དཀར་པོའི་རྒྱུན་མར་བབས། གཏུམ་མོའི་མེ་ཡི་གཞི་ཨ་ཤད་ལ་རེག་པ་ཙམ་ནས་མེ་ལ་མར་ཁུ་བྲན་པ་ལྟར་མེ་ཇེ་ཆེར་འབར། དེས་བདུད་རྩི་ཡང་ཆེར་ཞུ་སྟེ་བདེ་དྲོད་ཇེ་ཆེར་འབར། འོད་ཟེར་དཀར་དམར་འདྲེས་པས་རྩ་གནས་ཐམས་ཅད་དུ་བ་སྤུའི་མཐར་ཐུག་པར་ཁྱབ་པས། ལུས་ཀྱི་སྙིགས་མའི་ཆ་སྦྱངས། དངས་མའི་བདུད་རྩིས་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟར། ལུས་ཐམས་ཅད་དངས་མར་བསྒྱུར་བའི་རྩ་གནས་ཐམས་ཅད་བདེ་བ་ཆེན་པོ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གཏམས་པའི་རང་བཞིན་འོད་དང་བཀྲག་མདངས་འབར་ཏེ་རྡོ་རྗེའི་ཚེ་དང་ལང་ཚོ་གྲུབ་པར་བསམས་ལ་སྦྱོར་བ་བཞི་ལྡན་གྱི་རླུང་ཅི་རིགས་བཟུང་ན། འདི་ཁོ་ནས་ཀྱང་རགས་ལུས་དངས་མར་འགྱུར་བའི་སྒྲོལ་མ་རླུང་གི་བཅུད་ལེན་འགྲུབ་པར་འགྱུར་རོ། །ཐུན་མཐར་ལུས་ཀྱང་ཇེ་དངས་ཇེ་དངས་འོད་ཀྱི་རང་བཞིན་ནམ་མཁའ་དང་འདྲེས་པར་བསམས་ལ་མཉམ་པ་ཉིད་ཀྱི་ངང་དུ་ཅི་གནས་སུ་བཞག་པས་རྒྱས་གདབ། དེ་ནས་མཚན་མོའི་དུས་སུ་འོད་གསལ་གྱི་གདམས་པ་སྤྱི་ལྟར་ཉམས་ལེན་བྱུང་ན་ལེགས། བརྒྱུད་པའི་རིག་འཛིན་ལ་གསོལ་འདེབས། ལྷ་


MR05_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཁའ་འགྲོར་ཚོགས་བསྐང་དང་བཤགས་པ། སྨན་སྲུང་ལ་གཏོར་འབུལ་རྣམས་སྐབས་སུ་བྱ། བསོད་ནམས་ཀྱི་ཚོགས་ཅི་རིགས་བསགས། ཉིན་རེའི་བྱ་བ་འདི་ཁོ་ན་ལྟར་ཉིན་རེ་བཞིན་དུ་མ་ཆགས་པར་བརྩོན་པས་ཉམས་སུ་བླངས་ན་འགྲུབ་བོ་ས་མ་ཡཿ བཅུད་ལེན་གྱི་རྒྱབ་སྐྱོར་དུ་ཚེ་སྒྲུབ་པ་དང་ཚོགས་བསགས་པ་གལ་ཆེ་བས། དེ་ནི་གཞན་དུ་བརྩོན་པས་བསྒྲུབ་དགོས་ལ། རྒྱུན་དང་དུས་སུ་ཚེ་སྒྲུབ་ཁྱད་པར་བ་བྱེད་ན། ཐོ་རངས་ལག་རིས་མི་མཐོང་ཙམ་ན་མལ་ནས་ལངས་ཏེ། རང་ན་བཟའ་དཀར་མོར་གསལ་ལ་དེའི་སྔགས་བརྒྱ་རྩ་བརྒྱད་བཟླས། སྤྱི་བོར་པད་ཟླའི་གདན་ལ་ཚེ་དཔག་མེད་དམར་པོ་མཉམ་བཞག་གིས་བུམ་པ་བསྣམས་པ་ལོངས་སྐུའི་ཆས་ཅན་གསལ། དེའི་གཡས་སུ་ཉི་མ་དང་། གཡོན་དུ་ཟླ་གདན་ལ་ཉི་མ་དང་ཟླ་བའི་ལྷ་མོ་མདའ་དར་བུམ་པ་འཛིན་པ་གཉིས་ཀྱིས་འཁོར་འདས་ཀྱི་ཚེ་བཅུད་བཀྲག་མདངས་བསྡུས་ཏེ་ཚེ་དཔག་མེད་ཀྱི་ཕྱག་གི་བུམ་པར་བླུགས་པས་གང་ནས་བདག་གི་སྤྱི་བོར་བབ་པས་ལུས་གང་། ཚེའི་བར་ཆད་ཐམས་ཅད་ཞི། འཆི་མེད་རིག་འཛིན་གྲུབ་པར་བསམས་ལ། ཨ་མཱ་ར་ཎི་བརྒྱ་རྩ་བརྒྱད་བཟླས། མཐར་སྤྱི་བོའི་ལྷ་གཙོ་འཁོར་བདེ་བ་ཆེན་པོ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་རང་ལ་ཐིམ་པས་


MR05_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གཞོམ་གཞིག་བྲལ་བ་ནམ་མཁའ་ལྟ་བུའི་ཚེ་ཐོབ་པར་བསམས་ལ་ཚེ་གཟུངས་ཅི་འགྲུབ་བཟླ། དེས་ཚེའི་རིག་འཛིན་དང་རྡོ་རྗེའི་ལང་ཚོ་གྲུབ་པར་འགྱུར་རོ། །དམིགས་བཟླས་ཀྱི་ཆ་ལག་ཟབ་མོ་ཨྠྀིཿབཅུད་ཀྱིས་ལེན་པའི་སྨན་གྱི་རྒྱལ་པོ་དམ་པ་གཞུང་དུ་བསྟན་པ་སུམ་ཅུའི་གྲངས་ལྡན་དེ་ཡིན་ལ་བྷྲིང་གི་རཱ་ཛ་སོགས་བསྣན་ཀྱང་ཆོག །དེར་ནི་སྦྱར་ཚད་གཞུང་བཞིན་ལ། རང་གི་ནད་ཁམས་ཚ་གྲང་དང་བསྟུན་ཏེ་གང་འཕྲོད་པའི་ཆ་ཡིས་སྤར་འཕྲི་བློ་གྲོས་དང་ལྡན་པས་ཤེས་པར་བྱ། གཞན་ཡང་རྡོ་བཅུད། ཆུ་བཅུད་མེ་ཏོག་གི་བཅུད་སོགས་བཅུད་ལེན་སྣ་ཚོགས་ཐོར་བུ་བ་གང་འདོད་ལ་བརྟེན་ཀྱང་རུང་། བཅུད་ལེན་སྨན་མར་དུ་བྱས་ན་ལུས་ཟུངས་ངན་པ་རླུང་ཁམས་ཅན་སོགས་ལ་འཕྲོད། སྨན་མར་དུ་བྱས་ནས་ཟ་ཚེ་ཆང་ལེགས་པ་ཅུང་ཟད་རེ་བཏུང་ན་སྨན་ནུས་རྩར་འཁྲིད་པས་བཟང་གསུངས། བཅུད་ཀྱིས་ལེན་པའི་སྨན་བརྟེན་པ་ལ། སྣོད་དུ་བཅུད་བླུགས་པའི་སྔ་རོལ་བཀྲུ་བཤལ་བྱེད་པ་དང་། གོས་ལ་ཚོན་གཏོང་བའི་སྔོན་དུ་དྲི་མ་བཀྲུ་བ་ལྟར། ནད་ཡོད་ན་སྦྱོང་འཇམ་པོ་ཨ་རུ་མཆུ་སྙུང་དང་བ་རུ་སྐྱུ་རུ་རྒྱམ་ཚྭ་པི་པི་ལིང་། བཅའ་སྒ་ཤུ་དག་ཡུང་བ་བྱི་ཏང་ཀཿ །བུ་རམ་རྣམས་བ་ཡི་ཆུ་དང་སྦྱར་བས་སྦྱོང་བཏང་། རྒྱུན་པར་ཡང་སྟོན་དུས་སོགས་སྐབས་སྐབས་སུ་འཇམ་སྦྱོང་དེ་ལ་སོགས་པས་ནད་


MR05_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་པ་གལ་ཆེ། བཅུད་ལེན་གྱིས་བོགས་འདོན་རླུང་སྦྱོར་ཡིན་པས་དེ་ལ་ནམ་ནམ་སྐབས་སྐབས་ནན་ཏན་བྱ་ཁྱད་པར་ནམ་མཁའི་བཅུད་ལེན་ལན་མཁོམས་སུ་འབད། རགས་ཟས་སྤང་ན་ཆུ་བཟང་པོ་སྣ་ཚོགས་བསྡུས་ཏེ་སུམ་གཉིས་གདུས་ནས་ཞག་ཏུ་མ་ལོན་པ་ལ་མཱ་མ་ཀིའི་སྔགས་དམིགས་ཀྱིས་ཆུ་བཅུད་བསྡུས་ཏེ་ཆུའི་བཅུད་ལེན་བྱ་བ་དང་འབྲེལ་ན་ཞག་བདུན་ཕྲག་རེ་ཟུང་ནས་ལུས་ཀྱི་སྲིན་བུ་ཀུན་དག་ཅིང་བཅུད་འགྲུབ་བོ། །ཚེ་སྒྲུབ་པ་ནི་ཤིན་ཏུ་གལ་ཆེ་ལ་དེ་ནི་དམིགས་བསལ་ཏེ་སྒྲུབ་རྒྱུ་བྱུང་ན་ལེགས། དེ་མིན་ཡང་འདིའི་སྐབས་ཀྱི་རིགས་ཀྱི་འཁོར་ལོས་བསྒྱུར་མ་མཱ་ཀི་སོགས་ཀྱི་སྔགས་བཟླས་པས་ཀྱང་ཚེ་སྒྲུབ་མཆོག་ཏུ་འགྱུར། དུས་བཟང་སོགས་སྐབས་སུ་རྩ་གསུམ་ལ་ཚོགས་གཏོར་རྒྱ་ཆེན་པོས་བསྐང་བཤགས་བྱ་ཞིང་བཅུད་ལེན་གྲུབ་པའི་གསོལ་བ་ནན་ཏན་བཏབ། བཅུད་ལེན་གྱི་བཀའ་སྲུང་གཏོར་མས་བསྐང་ཞིང་ཕྲིན་ལས་བཅོལ། སྦྱིན་སྲེག་སོགས་ཐབས་ཟབ་མོ་སྣ་ཚོགས་ལ་འབད་པ་དང་། མཎྜལ་འབུལ་བ་དང་། སྲོག་བསླུ་དང་། རྣམ་རྒྱལ་དང་ཚེ་གཟུངས་སོགས་གཟུངས་ཁྱད་པར་ཅན་བཟླ་བ་དང་། ཕྱག་སྐོར་དང་སཱཙྪ་གདབ་པ། འབྱུང་པོ་ལ་གཏོར་མ་བསྔོ་བ། སྦྱིན་གཏོང་སོགས་མདོར་ན་བསོད་ནམས་ཀྱི་དཔུང་རྒྱ་ཆེན་པོ་


MR05_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པར་བྱ་སྟེ། སྙིགས་དུས་བསོད་ནམས་དམན་པས་སྔགས་ཀྱི་དངོས་གྲུབ་ཐོབ་དཀའ་བ་རྣམས་ཀྱིས་ཀྱང་བསོད་ནམས་རླབས་པོ་ཆེ་བསྒྲུབ་པར་བྱས་ན་ཚེགས་མེད་པར་འགྲུབ་བོ། །སྨན་རྣམས་སྔགས་དམིགས་ཀྱིས་རྟགས་ཐོན་དུ་སྒྲུབ་པ་གལ་ཆེ། དེ་ནས་རྒྱུན་དུ་བརྩོན་པ་ཆུ་བོའི་རྒྱུན་བཞིན་འབད་དགོས་ཀྱི་ཡ་མ་ཡེང་གིས་ཇི་བཞིན་པ་འགྲུབ་དཀའ། བཅུད་ལེན་གྲུབ་མི་གྲུབ་ལུས་ཁམས་དང་ཉམས་དང་རྨི་ལྟས་སོགས་ལ་དཔགས་ནས་མི་འགྲུབ་པའི་གེགས་བསལ་ཕྱིར་སྒྲིབ་སྦྱོང་ཚོགས་བསགས་བྱ་ཞིང་། བརྩོན་པ་རྒྱ་ཆེར་བརྟེན་ན་སྐལ་བ་དང་མཐུན་པའི་དངོས་གྲུབ་མི་འགྲུབ་པ་ནི་མི་སྲིད་དོ། །ཁམས་འཆིང་ནུས་པ་དང་རྟེན་སྔགས་པ་ཡིན་ན། ཕྱག་རྒྱ་མ་རིགས་བཟང་གཞོན་ནུ་བརྟེན་པ་ལམ་གྱི་གྲོགས་སུ་བཟང་། ཁྱད་པར་ལོ་བཅུ་གཅིག་མ་བཅུད་ལེན་གྱི་རིགས་མ་ཡིན་པས། དེའི་པདྨར་ཁམས་ཕབ་པ་རླུང་སྟོབས་སམ། རང་གིས་ལྕེས་བླངས་ལ་བཟའ་བ་དང་། དེའི་ལུས་ལ་རེག་པ་སོགས་ཀྱིས་བདེ་བ་སྤེལ་བའི་གྲོགས་སུ་བསྟེན། ཚངས་སྤྱོད་ཡིན་ན་བཅུད་ལེན་ཚུལ་བཞིན་བསྒྲུབ་པ་ཕྱག་རྒྱ་ལ་ངེས་པར་བརྟེན་དགོས་པ་མིན་གྱི་རྫས་སྔགས་སོགས་ཀྱི་ནུས་པ་ཁོ་ནས་ཀྱང་འགྲུབ་བོ། །ལར་བཅུད་ལེན་གྱི་སྨན་རང་ཉིད་ལམ་དུ་སློང་ན་དེ་གཅིག་པུས་ནད་


MR05_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཞི་ཞིང་སླར་མི་སྐྱེ་བར་བྱེད་པ་སོགས་ཡོན་ཏན་ཀུན་འདི་གཅིག་པུས་སྒྲུབ་ནུས་ལམ་དུ་ལང་ནས་གེགས་ཆུང་། དང་པོར་ཤིན་ཏུ་གསང་སྟེ་གཞན་ལ་མི་བཤད་པར་བསྒྲུབ་པར་བྱ། སྙིགས་དུས་ཀྱི་སྐྱེ་བོ་ཟ་འདོད་འགུལ་འཚེར་ལྟ་བུས་སྨན་རྣམས་བསགས་བསྡུ་དང་རྒྱུན་བརྟེན་ཙམ་ཡང་མི་གྲུབ་པས་བཅུད་ལེན་ཚུལ་བཞིན་སྒྲུབ་མཁན་ཉུང་བ་མ་གཏོགས། སྨན་དང་སྔགས་སོགས་ཇི་སྐད་བཤད་པ་ལྟར་བརྩོན་འགྲུས་རྒྱུན་ཆད་མེད་པས་ཐབས་ཀྱི་བྱ་བ་མཐར་དབྱུང་ན་འབྲས་བུ་ངེས་པར་འབྱུང་ངོ་། །སྤྱོད་ལམ་གྱི་སྤང་བླང་གཞུང་ལྟར་དང་། ཟས་སོགས་ནད་ཁམས་དང་བསྟུན་ཏེ་གཟབ་པར་བྱ། འདིའི་ཡན་ལག་ཏུ་མིག་གསལ་བ་གསལ་བྱེད་སོ་གསུམ་མ་ཚད་ལྡན་དང་། སོ་ཡི་བཅུད་ལེན་སྦྱོར་སྡེ་ཟུར་དུ་ཡོད་པ་དང་། སྐྲ་གནག་པའི་རྫས་སོགས་ཀྱང་བརྟེན་པར་བྱས་ན་རུང་། བཅུད་ལེན་ཉིད་ཀྱི་ནུས་པས་དབང་པོ་གསལ་བ་དང་། སོ་སླར་སྐྱེ་བ་དང་། སྐྲ་དཀར་པོའང་ནག་པོར་འགྱུར་མོད་ཀྱི་བཅུད་མ་གྲུབ་པའི་གོང་དུ་ཡན་ལག་གི་ཕན་སྤྱད་རྣམས་ཀྱང་ཤེས་པར་བྱའོ། །ཕོ་ཅོང་བཟང་པོ་སོལ་མེར་བསྲེགས་བཅུ་གང་གི་ཆུར་སྦྱང་བའི་ཆུ་དེས་བསྐུ་བྱུག་བྱས་ན། སོ་དམ། ལུས་རྡོ་རྗེར་འགྱུར། ཚེ་ཉི་ཟླ་དང་མཉམ། མདངས་རྨ་བྱ་འདྲ། ལུས་སྟོབས་ཆེ།


MR05_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གིས་ཚངས་གནས་ཀྱང་མཐོང་། སྐྲ་དཀར་གཉེར་མ་མི་འབྱུང་། རོ་ཙ་བ་སོགས་གཞན་ཡང་ཡོན་ཏན་བསམ་གྱིས་མི་ཁྱབ་ཅེས་དུས་འཁོར་གྱི་མན་ངག་སྟེ་རྡོ་རྗེ་ཆུའི་གདམས་པ་ཞེས་བྱ་བའོ། །བདུད་རྩི་རིན་པོ་ཆེ་འཁྲུངས་པའི་རྒྱུད་ལས། རུ་དྲའི་རྡུལ་ལས་འཁྲུངས་པའི་དངུལ་རྡོ་དཀར་སྔོ་མདངས་ལྡན་དེ་ཨ་རུ་ར་དང་སྦྱར་བ་ཁོང་དུ་ཟ་ཞིང་། ཕྱི་ནས་ལུས་ཆུས་བཀྲུས་ཏེ་བྱུགས་ན། ལུས་མི་འཇིགས་པའི་བདུད་རྩི་ཡིན་ཏེ་ལུས་རྡོ་རྗེར་འགྱུར། ཤི་བའི་རོ་ལའང་འདི་བྱུགས་ན་སེམས་མེད་ཀྱང་གཟི་བྱིན་མི་འཆོར་བར་བསྐལ་པར་བརྟན་པར་འགྱུར་རོ། །ཞེས་དང་། ཡང་འབྲུག་རུས་ཞིབ་བཏགས་སྣུམ་སྦྱར་ཏེ་ན་ཚ་ཡོད་སར་བྱུགས་ན་ལུས་ཟུངས་མི་འཆོར། ཁོང་དུ་བཏང་ན་རུས་པ་སྲ་བའི་སྨན་ཡིན་གསུངས། ཡང་ཐལ་ཀ་རྡོ་རྗེ་ཟོས་ན་རུས་པ་རྡོ་རྗེ་ལྟར་མཁྲེགས་པར་འགྱུར་ཞེས་གསུངས་པས་གོང་གི་རྡོ་རྗེ་ཆུ་དང་དངུལ་རྡོ་ཨ་རུ་ཐལ་རྡོར་འབྲུག་རུས་བཅས་སྦྱར་བ་ཁོང་དུའང་ཅུང་ཟད་བཏང་། སྣུམ་དང་སྦྱར་ཏེ་ལུས་ལ་བྱུགས་ན་ལུས་སྲ་ཞིང་མདངས་མི་འཆོར་བའི་བཅུད་ལེན་དུ་འགྱུར་རོ། །དེས་ན་འདི་ལུས་གནད་སོ་སོར་ཚེས་ཀྱི་དབང་གིས་འཕོ་བའི་ཡི་གེ་དང་ཡང་སྦྱར་ལ་ཕྱི་ནས་བྱུགས། ཁོང་དུའང་ཟའོ། །གེགས་བསལ་བ་ནི། བཀའ་བརྒྱད་ཀྱི་གཞུང་སོགས་ལས། སྲོག་


MR05_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

རྩའི་སྲིན་མགོ་ལྗང་དང་མགོ་ཁྲ་གཉིས་ཀྱིས་སྲིན་བུའི་རིགས་ཐམས་ཅད་བསྐྱེད། ལུས་ཟུངས་ཐམས་ཅད་བརླག་པར་བྱེད་པས། སྲིན་དེ་གཉིས་མ་ཐུལ་ན་བཅུད་ལེན་གྱི་ནུས་པ་ཇི་བཞིན་འབྱིན་དཀའ་བས། ཐབས་ལ་ཐེ་ཚོམ་ཟ་བར་འགྱུར་ཕྱིར་དེ་འདོན་པའི་ཐབས་ལ། སྟོན་འབྲིང་པོའི་ཚེས་བརྒྱད་དམ་བཅུར། སྲིན་བུ་ཀེ་ཀེ་རུ། སྡིག་སྲིན། རྩི་བོ་ཆེ། ཤིང་ཀུན། གླད་པ། གནའ་བ་སོགས། སྦྲང་། སྒོག་སྐྱ་རྣམས་ཤ་བའི་རྒྱུ་མ་བཙོས་ཁུར་སྦྱར་ལ། ལྟོ་སྟོངས་དུས་བཏང་བས་སྲིན་དེ་གཉིས་ཆུ་ལམ་དུ་རྩ་དར་སྐུད་ཙམ་དུ་ཆུ་དང་སྦྲགས་ནས་ཐོན་འོང་། དེས་མ་ཐོན་ན་ཞག་ལྔ་ཙམ་ནས་རྩ་གང་ན་སར་གཏར་བས་ཁྲག་འོ་མ་ལྟ་བུར་བྱུང་ན་ཐོན་པ་ཡིན། དེས་ཀྱང་ཐོན་དཀའ་ན། སྡོམ། སྡིག་པའི་འབུ་ཤུན། མི་ར་ཕག་གསུམ་གྱི་ཚིལ། བཟང་དྲུག །ཚྭ་སྣ་ཚོགས་ཚད་རྣམས་རིལ་བུར་བྱས། ལྟོ་སྟོངས་ལ་བཏང་བས་འབྱིན་ནོ། །ཁྲག་གཏར་ལ་བལྟའོ། །ཞེས་དང་། སྤྱིར་བདུད་རྩིའི་དཀའ་ཐུབ་ལོ་དགུར་བྱས་ན་སྲིན་དེ་རང་ཐོན་དུ་འགྲོ། དེ་ཡང་ཟླ་བ་དྲུག་ལ་བྱས་པས་རྗེས་སུ་འཐོན་ནོ། །ཞེས་གསུངས། སྲིན་ལྡངས་ཆེ་ན་རྩ་བ་འོད་ལྡན་གྱི་བཅུད་ལེན་དེ་ལ། ཨོཾ་ཨཱཿཧཱུྃ། རྩ་གཏི་རྩོག་ཏི་སྙིང་ལ་རུ་དེ་སོད་སྭཱ་ཧཱ།


MR05_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཅི་མང་བཟླས་ལ་བརྟེན་པས་སེལ། སྨན་ལ་བཏབ་པ་མིན་ཡང་སྔགས་བུངས་བསྐྱེད་དེ་བཟླས་པའི་སྔགས་ཆུས་ཀྱང་སེལ་ལོ། །གཞན་ཡང་ཕྲལ་གྱི་ནད་གང་ལངས་བ་སོ་སོའི་གཉེན་པོའི་སྨན་གྱིས་ཞི་བར་བྱ། གདོན་དང་བསྡོང་བའི་ནད་རྣམས་སྔགས་ཀྱིས་གཞིལ། མདོར་ན་བཅུད་ལེན་གྱི་བར་ཆད་དུ་གྱུར་པའི་ནད་སོགས་ནི་ཐབས་གང་ལ་གང་བསྔགས་པས་ཞི་བར་བྱའོ། །གང་ཞིག་བཅུད་ལེན་གྲུབ་པར་འདོད་ན་བརྩོན་འགྲུས་མི་འདོར་བ་ཁོ་ན་ཞལ་གདམས་སོ། །བདུད་རྩི་བདེ་བ་ཆེན་པོ་ལ། །རྩེ་གཅིག་གུས་པས་ཕྱག་འཚལ་ནས། །བཅུད་ལེན་སྒྲུབ་པའི་སྐལ་བཟང་ལ། །གནད་ཀྱི་ངེས་པ་བརྗོད་ཀྱིས་ཉོན། །བདེ་ཆེན་ཐིག་ལེ་རང་ལ་གནས། །རྟག་ཏུ་བྲི་གང་བྲལ་བར་བཞུགས། །ཐབས་ཀྱིས་ལེགས་པར་གསོས་བཏབ་ན། །ཡེ་ཤེས་དངས་མ་སྟོབས་གྱུར་ཚེ། །ལྕགས་ལ་གསེར་འགྱུར་རྩི་བཞིན་དུ། །རགས་ལུས་མི་ཤིགས་རྡོ་རྗེར་འགྱུར། །འགྱུར་བ་ཅན་གྱི་ཕུང་པོ་རྣམས། །མི་འགྱུར་དངས་མ་དེ་ལ་བརྟེན། །རགས་ལུས་འཕོ་ཞིང་འཇིགས་པ་ནའང་། །དངས་མའི་ཐིག་ལེར་འགྱུར་བ་མེད། །དེ་བས་ཇི་ལྟར་རྒས་འཁོགས་ཀྱང་། །ཐབས་དང་ལྡན་པས་ལེགས་བརྩོན་ན། །གཞོམ་མེད་བདུད་རྩི་བཅུད་ཀྱིས་ལེན། །མི་འགྲུབ་པ་ནི་གཅིག་མི་སྲིད། །ནད་ཀྱང་


MR05_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡི་ཟིལ་གྱིས་གནོན། །ཚེ་ཡང་འདི་ཡིས་བསྲིང་ཞིང་འཕེལ། །ཉམས་དང་རྟོགས་པ་འདི་ཡིས་འཆར། །དཔལ་དང་བསོད་ནམས་འདི་ཡིས་བསྐྱེད། །སྣང་སེམས་འདོད་དགུ་འདིས་དབང་བྱེད། །བདེ་ཆེན་ཌཱ་ཀི་འདི་ཡིས་འགུགས། །མདོར་ན་ཡོན་ཏན་ཀུན་འགྲུབ་སྟེ། །འདི་ཉིད་གཅིག་པུ་ཀུན་གྱི་མཆོག །རྫས་ཀྱིས་རགས་པའི་དངས་མ་འཕེལ། །དེ་ཡིས་ཕྲ་བའང་སྟོབས་ལྡན་བྱེད། །སྔགས་ཀྱིས་ཕྲ་རགས་གཉིས་ཀ་གསོ། །རླུང་དང་དམིགས་པས་ཕྲ་བ་སད། །དེ་ཡིས་རགས་པའི་དངས་མའང་འཕེལ། །གསུམ་ཀ་ཚོགས་པར་གྱུར་པ་ན། །གཅིག་གྲོགས་གཅིག་གིས་བྱས་ནས་སུ། །མྱུར་དུ་འགྲུབ་པར་གདོན་མི་ཟ། །དངས་མའི་དངས་མ་མཐར་ཐུག་པ། །མི་ཤིགས་གཉུག་མའི་ཐིག་ལེ་ཡིན། །ཕྲ་རབ་རྡུལ་གྱི་ཆོས་ལས་འདས། །ཕྲ་མོའི་ས་བོན་ཟག་མེད་འདིར། །འཕོ་འགྱུར་མེད་ཀྱང་འགྱུར་བཅས་ཀྱི། །སྣང་ངོར་མངོན་དང་མི་མངོན་ལས། །འདུས་མ་བྱས་དབྱིངས་དེ་ལ་ཡང་། །འགྲིབ་དང་སྟོབས་གྱུར་འཕེལ་ཞེས་བརྗོད། །དེ་ཕྱིར་ཐབས་ཀྱིས་དེ་ལ་འཇུག །ཅུང་ཟད་ཉམས་སུ་བླངས་བྱས་ཀྱང་། །དེ་དང་འཚམས་པའི་ཡོན་ཏན་འབྱུང་། །རིམ་པས་འབད་ན་རགས་པའི་ལུས། །དངས་མ་ཉིད་དུ་གནས་གྱུར་ཏེ། །རྟག་བརྟན་བསྒྲེས་


MR05_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

རྒུད་བྲལ་བ་ཡི། །རྡོ་རྗེའི་ཚེ་དང་ལང་ཚོ་འགྲུབ། །ས་མ་ཡཱ། འདི་ནི་མཁའ་འགྲོའི་གསང་བའི་གདམས་པའོ། །འདིར་སྨྲས་པ། ཨེ་མ། རྒྱུད་ལུང་མན་ངག་རྣམས་ཀྱི་ཟབ་མོའི་བཅུད། །རིག་པའི་གསང་ནས་འགོག་པ་མེད་པར་ཤར། །མེ་ཏོག་ཚོགས་ཀྱི་སྦྲང་རྩིས་ཇི་བཞིན་དུ། །སྐལ་བཟང་ཤེས་རབ་བུང་བ་བདག་དགའ་འོ། །བདུད་རྩི་བུམ་བཟང་བདུད་རྩི་གྲུབ་པ་དང་། །རིན་ཆེན་ཟ་མ་ཏོག་བཅས་རྩེ་མོའི་གྲངས། །ར་ས་ཡཱ་ནའི་མན་ངག་རླབས་པོ་ཆེ། །ཡན་ལག་ཐོར་བུའི་འཁོར་དང་བཅས་པའོ། །འདིར་བསྟན་སྔགས་དམིགས་སྨན་གྱི་གདམས་པ་ཡི། །ཕྱོགས་རེ་ཉམས་སུ་བླངས་ཀྱང་བརྩོན་ལྡན་ན། །རྡོ་རྗེའི་བཅུད་ལེན་འགྲུབ་པར་རྒྱལ་བས་གདམས། །བཅུད་ལེན་མན་ངག་ཀུན་གྱི་བཅུད་བསྡུས་པ། །མ་བྱུང་མི་འབྱུང་འབྱུང་བར་དཀའ་བ་འདི། །ཐབས་ཀྱི་མན་ངག་རྒྱལ་པོ་ཡིན་ངེས་ཀྱི། །ཐབས་མཆོག་ནོར་བུའི་གཏེར་ཁ་མཐོང་བའི་ཚེ། །བརྩོན་པ་ཅི་བྱེད་སྐྱེས་བུ་ཁྱོད་ལ་རག །རིག་པའི་རྩལ་ལས་མ་བྲིས་ཐབས་མེད་བྱུང་། །རང་བཟོ་མ་ཡིན་རྒྱལ་གསུང་དཔང་དུ་བཞག །འདྲ་རྩོམ་མ་ཡིན་ལྷ་ཡི་བྱིན་རླབས་ཡིན། །དོན་མེད་མ་ཡིན་དོན་ཆེན་གཏེར་དང་ལྡན། །གཞན་ཕན་བློ་དང་བླ་མ་ལྷ་ཡི་མཐུ། །རྟེན་ཅིང་འབྲེལ་བའི་སྟོབས་ལས་འདི་བྱུང་ཕྱིར། །སྐལ་


MR05_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བརྩོན་ལྡན་ལུས་སྲོག་བླ་མའི་ཕྱིར། །གཏོང་བར་ནུས་པ་དེ་དག་རྣམས་ཀྱིས་འགྲུབ། །རབ་ཚེས་མེ་སྤྲེལ་ཁྲུམས་ཟླའི་ཆུ་གཏེར་ཚེས་ལ་འཆི་མེད་མཆོག་གྲུབ་གླིང་དུ་རྣལ་འབྱོར་པ་འཇམ་དཔལ་དགྱེས་པ་དབང་གི་རྡོ་རྗེས་སྤེལ་བ་དགེ་ལེགས་འཕེལ་ལོ།། །།


previousབཅུད་ལེན་གྱི་ཆ་ལག་རིན་ཆེན་ཟ་མ་ཏོགnext