Nitartha Digital Library
Tibetan
གླེགས་བམ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ར་ས་ཡཱ་ནའི་ལག་ལེན་གསལ་བར་བརྗོད་པ་བདུད་རྩི་གྲུབ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousར་ས་ཡཱ་ནའི་ལག་ལེན་གསལ་བར་བརྗོད་པ་བདུད་རྩི་གྲུབ་པ།next

ར་ས་ཡཱ་ནའི་ལག་ལེན་གསལ་བར་བརྗོད་པ་བདུད་རྩི་གྲུབ་པ།


MR05_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ར་ས་ཡཱ་ནའི་ལག་ལེན་གསལ་བར་བརྗོད་པ་བདུད་རྩི་གྲུབ་པ་བཞུགས་སོ། །


MR05_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་ཤྲཱི་ཨ་མྲྀ་ཏ་མ་ཧཱ་སུ་ཁཱ་ཡ། འདིར་བདུད་རྩི་འོད་ལྡན་གྱི་བཅུད་ལེན་ཚད་ལྡན་བྱ་བར་འདོད་པས། འཕགས་པ་འཇམ་དཔལ་གྱི་བྱིན་རླབས་དང་། སྔོན་རིགས་ལྔ་ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས་ཀྱི་སྤྲིན་འཁྲིགས་པའི་ཆར་ཆེན་པོ་བབ་པ་ལས་བདུད་རྩི་འོད་ལྡན་འཁྲུངས་ནས་དེ་མྱོང་བའི་མཐུས་རིགས་གསུམ་མགོན་པོའི་མཁྱེན་བརྩེ་ནུས་པའི་དབང་ཐོབ་པ་སོགས་སྲིད་ཞིའི་དཔལ་དང་དངས་བཅུད་གྲུབ་པའི་སྨན་ར་ས་ཡཱ་ནའི་གཙོ་བོ་འདི་དབྱར་སྟོད་མེ་ཏོག་རྒྱས་ཤིང་དར་བའི་སྒང་ལ་སྐར་མ་རྒྱལ་གྱི་དུས་སུ་ཁྱེའུ་བུ་མོ་བྱ་སྤྲེལ་ལོ་པ་རབ། མ་རྙེད་ན་གང་ཡང་རུང་བ་ལོ་བརྒྱད་དམ་བཅུ་དྲུག་ཚུན་ཆད་པ་ཁྲུས་བྱས། གོས་དཀར་པོ་བགོས་པ་རྒྱན་གྱིས་མཛེས་པར་བྱས་པའམ། ཡང་ན་དགེ་སློང་ཁྲིམས་གཙང་དང་སྔགས་པ་དམ་ལྡན་གྱིས་བདུད་རྩི་ལ་ཕྱག་འཚལ་བ་འོག་ནས་འབྱུང་བ་ལྟར་དང་། ཨོཾ་སི་ལི་སི་ལི་པདྨ་སི་ལི་སྭཱ་ཧཱ། ཞེས་པའི་སྔགས་བཟླ་བཞིན་རྩ་ལོ་མེ་འབྲས་བཅས་བཏུས་ནས་གྲིབ་བསྐམ་བྱས་པའི་ཕྱེ་མ་ཆང་བཟང་པོས་འདམ་ཐག་བྱས་པའམ། ཁནྜ་ལེགས་པར་བྱས་པ་འདི་སྦྱོར་སྡེའི་གཙོ་བོ་ཡིན་ཏེ། ཇི་སྐད་དུ། བདུད་རྩི་འོད་ལྡན་གྱི་རྒྱུད་ལས། དུས་གསུམ་སངས་རྒྱས་ཏིང་འཛིན་བཅུད། །བདེ་བ་མཆོག་ལས་འཁྲུངས་པ་ཡིན། །འདི་དང་སུ་འཕྲད་


MR05_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་དང་ལྡན། །ཞེས་དང་། འདི་རྒྱུ་ཀུན་བཟང་བྱང་ཆུབ་སེམས། །རྒྱུ་རྐྱེན་ཡབ་ཡུམ་བདེ་སྟོང་རྩལ། །དྲོད་གཤེར་བྱིན་རླབས་འདུས་ལས་སྐྱེས། །འདི་ཡི་ཡོན་ཏན་ཐོས་པས་མྱོང་། །ཞེས་དང་། འདིས་ཡེ་ཤེས་ལྔ་དང་ལས་བཞི་གྲུབ། ལྷ་ཞལ་མཐོང་། མཁྱེན་བརྩེ་འཕེལ། དཔའ་བོ་མཁའ་འགྲོ་འདུ། ལྷ་སོགས་བྲན་དུ་འདུ་ཞིང་ལས་བྱེད། རྐང་མགྱོགས་སོགས་ཐུན་མོང་གི་གྲུབ་པ་འགྲུབ། ལུས་ཡང་ལ་ཡིད་འཕྲོག་པའི་ལང་ཚོ་དང་གྱད་ཀྱི་སྟོབས་དང་ལྡན། ལོ་སྟོང་ཐུབ། བདེ་བ་རྒྱས། ཟས་ནོར་འདུ་ཞིང་ཞེན་ཆགས་བྲལ། ཆོས་ཀྱི་དབྱིངས་སུ་རྟོགས་པ་འཕར་ཏེ་མྱུར་དུ་སངས་རྒྱས། སེམས་ཅན་ཕལ་བ་དང་དུད་འགྲོས་ཟོས་ཀྱང་བཅུད་འཕེལ་ལུས་རྒྱས་ཚེ་རིང་སྲིད་འཕེལ་མདངས་དང་ལྡན་ཤ་རྒྱས་སྤུ་ལེགས་འོ་མ་མང་རིག་པ་དངས་བདེ་བ་མཆོག་ཏུ་སྐྱེད་ན་ཆོ་ག་བཞིན་དུ་སྦྱར་བ་ལྟ་ཅི་སྨྲོས། འདི་ནི་མཆོག་ཐུན་སྒྲུབ་པའི་རྫས་ཀྱི་གཙོ་བོ་མཆོག་ཡིན་ཞིང་། འཛམ་བུའི་གླིང་གི་སྔོ་ཐམས་ཅད་ཟོས་པ་ལས་རྟག་ངུ་གཅིག་པུ་ཟོས་པས་ནུས་པ་ཆེ་ཞེས་རྡོ་རྗེའི་གསུང་གིས་བསྔགས་པ་རྒྱ་ཆེར་མཛད་པ་དང་། བོད་འདིར་ཡང་རྒྱ་བན་རྡོ་རྗེ་དབང་ཕྱུག་གིས་ལོ་བདུན་ཅུའི་དུས་སུ་རྟག་ངུའི་བཅུད་ལེན་མཛད་པས། སླར་སོ་སྐྱེས་སྐྲ་གནག་


MR05_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གཞོན་ནུ་བཅུ་དྲུག་པའི་ན་ཚོད་དུ་གྱུར་པས་ལོ་སུམ་བརྒྱར་མི་ཡུལ་དུ་བཞུགས་པ་སོགས་དེང་སང་གི་བར་དུ་མྱོང་གྲུབ་ཀྱི་བརྒྱུད་པ་ཅན་ཡིན་པས་འདི་ནི་སྦྱོར་སྡེའི་གཙོ་བོར་བྱ་སྟེ་འདིའི་ཕྱེ་མའམ་ཁནྜ་སྲང་ཉེར་གཅིག་ནས་བཅོ་ལྔའི་བར་གང་རུང་དག་ཏུ་བྱའོ། །རྩ་བ་དེའི་ཡན་ལག་ཏུ་གྱུར་པའི་སྨན་ནི། བདུད་རྩི་མཆོག་གི་ལུང་ལ་སོགས་པ་ནས་གསུངས་པ་ལྟར། སྔོན་བརྒྱ་བྱིན་གྱིས་བདུད་རྩི་འཐུང་བའི་ཐིག་པ་བདུན་ས་ལ་འཐོར་བ་ལས་སྐྱེས་པའི་ལྷ་རྫས་དགེ་བ་ཨ་རུ་ར་ཞེས་བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་དུས་མིན་འཆི་བ་འཇོམས་པ་དང་བདུད་བཞི་འཇོམས་པ་འདི་བདུད་རྩིའི་གཙོ་བོ་ཡིན་པས། གསེར་མདོག་བཟང་པོ་རུས་པ་དང་བྲལ་བའི་ཤ་སྲང་གསུམ་བཅོ་ལྔའི་ཟླ་བ་ཉ་རྒྱས་ཀྱི་འོད་ལ་ཆུ་གཙང་གིས་འདམ་ཐག་བྱས་པ་དང་། དེ་བཞིན་དུ་བ་རུ་བཟང་པོ་སྲང་གང་། སྐྱུ་རུ་ལེགས་པ་རུས་ཕྲལ་སྲང་གང་ངམ་ཞོ་ལྔ། དོན་སྣོད་ཀྱི་ཁ་འཛིན་བཟང་པོ་དྲུག །སོ་སོ་ནས་སྲང་རེའམ་ཞོ་ལྔ་རེའམ་ནད་ཁམས་ཚ་གྲང་དང་བསྟུན་པའི་སྤར་འཕྲི་གང་འོས་བྱ། ཡང་སྔོན་དུས་བདུད་རྩི་ལས་འཁྲུངས་ཤིང་སྲིད་པ་ཕོ་ཡི་བཅུད་དུ་གྲགས་པ་བདུད་རྩི་ར་ས་ཡཱ་ནའི་གཙོ་བོ་ཅོང་ཞི་ཞེས་པ་རིགས་གང་རུང་ངམ། གཙོ་བོར་མ་ནིང་ཅོང་ཞི་ཚིལ་བུ་འདྲ་བ་དེ་ཆུ་ཁོལ་མར་གདུ་ནས་ཁུ་བ་འཕོ། སླར་ཆུ་གྲང་


MR05_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཤལ་བས་ས་དྲེག་སོགས་དུག་ཐོན་ནས། བ་སེར་སྐྱའམ་མཛོ་ཡི་འོ་མར་གདུ་ནས་ཁུ་བ་རང་ཐིམ་བྱས་པ་སྲང་དོ་བྱ། དེ་བས་ཆེའང་རུང་། འདིའི་ཡོན་ཏན་ཀྱང་རུས་པ་མཁྲེགས། ཚེ་དང་མདངས་འཕེལ། རྒན་པོ་གཞོན་ནུར་འགྱུར་བ་སོགས་ཕན་ཡོན་ཚད་མེད་དོ། །དེ་བཞིན་དུ་ཡུམ་བཞིའི་རཀྟའི་བདུད་རྩི་འཛག་པའི་ཁུ་བ་ར་ས་ཡཱ་ནའི་གཙོ་བོ་བྲག་ཞུན་ཏེ་སྲིད་པ་མོ་ཡི་བཅུད་དུ་གྲགས་པ་སླད་མེད་སྲང་གང་། དེ་བཞིན་དུ་ལུས་ཀྱི་སྟོབས་དང་ལང་ཚོ་འཕེལ་བའི་སྨན་བཅུད་ཀྱི་ལེན་དུ་གྱུར་པ། རུ་རྟ་དང་། སླེ་ཏྲེས་དང་། ཤུ་དག་དཀར་པོ་དང་། ཀུ་ཤ་བཞི་པོ་རྣམས་ཀྱང་རེ་རེ་ནས་སྲང་རེ་རེའམ་ཀུ་ཤ་ཞོ་ལྔ་ཙམ་བྱས་ཀྱང་རུང་། སངས་རྒྱས་ཀྱི་གདུང་ལས་བྱུང་བ་ཐལ་ཀ་རྡོ་རྗེ་ཞེས་བྱ་བ་གང་གིས་ཟོས་པས་རུས་པ་རྡོ་རྗེ་ལྟར་མཁྲེགས་ཤིང་ཕྱག་ན་རྡོ་རྗེའི་མཐུ་ཐོབ་པ་བདུད་རྩི་ར་ས་ཡཱ་ནའི་གཙོ་བོ་དེ་ཡང་སྲང་གང་། དགུན་དུས་མི་སྐམ་ཞིང་ཚེ་འཕེལ་བའི་རྫས་སུ་གྱུར་པ་བཅུད་ཀྱིས་ལེན་གྱི་སྨན་བདུད་རྩི་བཞིར་གྲགས་པ། བ་ལུ། ཤུག་འབྲུམ། མཚེ། མཁན་པ་བཞི་པོ་ཁནྜ་ལེགས་པར་བྱས་པ་ཆ་མཉམ་པ་སྲང་གང་ངམ་མཐོ་ནའང་དོ་ཙམ་བྱ། སྔོན་ལྷ་ཆེན་ཁྲོས་ནས་བཏང་བའི་ནད་བཞི་བརྒྱ་རྩ་བཞི་སེལ་སླད་འཇམ་


MR05_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་བྱིན་གྱིས་བརླབས་ནས་སྐྱེས་པའི་མེ་ཏོག་ལུག་མིག་ཞེས་བྱ་བ་མེ་ཏོག་དར་ལ་རྒྱས་པ་སད་སོགས་སྐྱོན་མེད་པའི་དུས་སུ་བཏུས་པའི་ཁནྜ་སྲང་ཕྱེད་དོ་བྱ་སྟེ། ར་ས་ཡཱ་ནའི་རྒྱལ་པོ་འདི་བའོ་དང་བསྐོལ་ནས་རྔུབ་གཅིག་འཐུང་ན་བ་སྤུ་ལང་། གཉིས་ཀྱིས་རིམས་ནད་ཀུན་བྱང་། གསུམ་བཏུང་ན་མིག་རྩ་དམར་ཞིང་གཞོན་ནུའི་ལུས་སུ་འགྱུར་བར་གསུངས་སོ། །རྩི་ཡི་ལྷ་མོ་གྲུབ་པའི་བློ་གྲོས་མའམ་བུ་མོ་མུ་ལ་ཞེས་པའི་ས་བོན་ལྷུང་བ་ལས་འཁྲུངས་པ་ར་ས་ཡཱ་ནའི་གཙོ་བོ་རྩ་བ་རཀྟ་མུ་ལ་ཁ་ཞེས་པ་དང་ཁྲག་གི་ཉུང་མར་གྲགས་པ་རམ་བུ་སྟེ། སྟོན་ཟླ་ར་བའི་ཉ་ལ་བཏུས་ནས་རློན་པ་བཙིར་བའི་ཁུ་བ་པདྨ་རཀྟ་དང་སྦྱར་བ་དབང་གི་རྫས་མཆོག་ཡིན་ལ། འདིར་རྩ་ལོ་མེ་འབྲས་བཅས་བཏུས་པ་རློན་བཙོས་ཁནྜ་སྲང་ཕྱེད་དོ། །ཡང་བརྒྱ་བྱིན་བུ་ཡི་ལག་པ་བཅད་པ་ལས་སྐྱེས་པ་དབང་པོ་ལག་པ་ཞེས་གྲགས་པ་སོར་མོ་ལྔ་དང་ལྡན་པ་དེ་དབྱར་ཐ་ཆུང་གི་ཉ་ལ་རྩ་བ་བརྐོ་བར་བྱ་སྟེ། སྒྲུབ་པ་པོའི་ལག་མཐིལ་གཡོན་དུ་བཞག་ནས་བཅིང་བ་འདི་ནི་ར་ས་ཡཱ་ན་ཐམས་ཅད་ཀྱི་དངོས་གྲུབ་བླང་བའི་ཕྱག་རྒྱ་སྟེ་མེད་དུ་མི་རུང་བའི་རྫས་དང་མང་དུ་འཕེལ་བའི་རྫས་དང་ཟས་ནོར་འབྲུ་ལོངས་སྤྱོད་འགུག་པར་བྱེད་པ་ཡིན་ལ། ལུས་ཀྱི་བཅུད་འཕེལ་ཞིང་ཚེ་དང་ལང་


MR05_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཚོ་འགྲུབ་པར་བྱེད་པའོ། །འདི་སྲང་གང་བྱའོ། །དེ་བཞིན་དུ་བདུད་རྩི་ར་ས་ཡཱ་ནའི་གཙོ་བོ་ཨ་ཤོ་གནྡྷ་སྟེ་རྟ་དྲིལ་གྲགས་པ་བ་སྤྲུ་སྲང་གང་། ཡང་དྲང་སྲོང་གཞོན་ནུ་ཁྱབ་འཇུག་གིས་བདུད་རྩི་བརྐུས་པའི་ཐིག་པ་ཁ་ནས་སར་ལྷུང་བ་ལས་འཁྲུངས་པ་ཉེ་ཤིང་དང་ར་མཉེ་ཞེས་བྱ་བ་ལྷ་ཀུན་གྱིས་ཀྱང་ཕྱག་འཚལ་བར་བྱས་པ་དེ་སྟོན་ཐ་ཆུང་ངམ་དཔྱིད་འབྲིང་ཉ་ཡི་ཚེ་བྱིས་པ་ལོ་དྲུག་གམ་བདུན་པ་ལ་ཁྲུས་བྱས་དར་གྱི་གོས་བཀོན་ལ་ཤར་དུ་ཁ་བལྟས་ཏེ་འོག་གི་ཕྱག་འཚལ་གྱི་ཚིག་བརྗོད་ལ་ཕྱག་གསུམ་འཚལ་ནས་རྩ་བ་དབྱུང་། ཤུན་པགས་རུས་པ་བསལ། ཐོར་ཏོ་སླར་སྦ། རྩ་བ་བརྡུང་བའི་ཁུ་བ་རས་གསར་བ་ལ་བཙིར་ནས་བ་འོ་བཅས་བཏུང་བས་བཅུད་ལེན་འགྲུབ་ལ། ཡང་ན་སྐམ་ནས་ཕྱེ་མའམ། རློན་བཙོས་ཁུ་བ་ཁནྜ་བྱ་སྟེ། སྐབས་འདིར་འདི་གཉིས་རེ་རེ་ནས་སྲང་རེ་སྲང་རེ་བྱ། འདིས་ལོ་ལྔ་བརྒྱར་འཚོ་བཅུ་དྲུག་གཞོན་ནུའི་ལུས་སུ་འགྱུར། མངོན་ཤེས་ལྔ་ཐོབ། མཁའ་ལ་འགྲོ་ཞིང་རིམ་པས་བསྐྱེད་དེ་ཟོས་པས་རིག་འཛིན་གྱི་ལུས་སུ་འགྱུར་བར་གསུངས། ཡང་ན་དབང་ལག་བ་སྤྲུ་ཉེའུ་ཤིང་ར་མཉེ་སྟེ་རྩ་བ་བཞི་པོ་འདི་སོ་སོ་ནས་ཁནྜའམ། ཆ་མཉམ་ལྷན་ཅིག་བསྐོལ་བའི་ཁནྜ་སྲང་བཞིའམ་བརྒྱད་བྱའོ། །


MR05_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྔོན་གྱི་ཚེ་བདུད་རྩིའི་བཅུད་ལས་འཁྲུངས་པ་ཉི་མ་གཟི་བརྗིད་ལྡན་པའི་ཆུ་ཞེས་པ་རྒུན་འབྲུམ་དང་ཟླ་བ་གཟི་བརྗིད་ལྡན་པའི་ཆུ་ཞེས་སྟར་བུ་སྟེ། འདི་གཉིས་ཀྱིས་དུག་འཇོམས་པ་དང་ནད་སྣ་ཚོགས་སེལ་ཞིང་ར་ས་ཡཱ་ནའི་གཙོ་བོ་ཡིན་ལ། ཉི་ཟླའི་དངོས་གྲུབ་ཐོབ་ཅིང་། ཚངས་པའི་ཚེ་ཐོབ་པར་བྱེད་དོ་ཞེས་གསུངས་པས་རྒུན་འབྲུམ་དཀར་པོ་རུས་པ་མེད་པའམ། ཤིན་ཏུ་ལེགས་པའི་རྒུན་འབྲུམ་སྲང་གང་ངམ་ཕྱེད་དོ། །སྟོན་དུས་ལེགས་པར་སྨིན་པའི་སྟར་ཐོག་བཏོལ་བའི་ཆུ་ལ་ཁནྜ་བྱས་པའི་སྟར་ཁན་སྣ་མ་ཚིག་པ་ལེགས་པོའང་རྒུན་འབྲུམ་དང་ཆ་འདྲ་བའམ་ཅུང་དམའ་བར་བྱའོ། །དེ་ལྟར་འདིར་བསྟན་གཙོ་བོ་བདུད་རྩི་འོད་ལྡན་དང་། གྲོགས་ཉེར་བརྒྱད་བཅས་པ་འདི་བདུད་རྩིའི་རྒྱུད་ལུང་ནས་གསུང་ཞིང་ཡོངས་སུ་གྲགས་པའི་བཅུད་ལེན་གྱི་རྒྱལ་པོ་སྨན་རེ་རེས་ཀྱང་ཚུལ་བཞིན་བསྒྲུབ་ན་རྡོ་རྗེའི་ཚེ་དང་ལང་ཚོ་འགྲུབ་པར་བྱེད་པ་ཡིན་ལ། འདིར་ནི་རྒྱུད་ལུང་གི་ཉིང་ཁུ་མན་ངག་གིས་གསལ་བར་ཕྱེ་བ་ཡིན་ནོ། །འདི་ལ་ལ་ནས་བྱུང་བའི་སྨན་རྣམས་ཧ་ཅང་ཡུན་མ་ལོན་པ་དང་རུལ་སུང་མ་སྨིན་པ་སོགས་སྐྱོན་མེད་པ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་དངོས་ཀྱི་ཕྱེ་མ་དང་། འོད་ལྡན་དང་རྩ་བ་བཞི་སོགས་སྔོ་སྨན་རང་ཡུལ་ན་བཏུར་ཡོད་པ་རྣམས་ལ། མེ་ཏོག་དང་རྩ་བའི་ཁྱད་པར་གྱིས་


MR05_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་སྟོན་སོགས་ཀྱི་རང་དུས་ལ། གཙང་མའི་བྱིས་པ་ཁྲུས་བྱས་རྒྱན་གྱིས་བརྒྱན་པའི་གྲོགས་དང་བཅས་པས་ཡར་ངོའི་བརྒྱད་དང་ཉ་སོགས་ཚེས་དགེ་ཞིང་རྒྱལ་ཕུར་འཛོམས་པ་སོགས་གཟའ་སྐར་དུས་སྦྱོར་ལེགས་པའི་ཚེ། ཤར་ཕྱོགས་སུ་ཁ་བལྟས་ལ་སེམས་ཅན་ཀུན་ལ་ཚད་མེད་པའི་སྙིང་རྗེའི་སེམས་ཀྱིས། སྣང་སྲིད་ཀུན་ཏུ་བཟང་པོ་བདུད་རྩི་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་དམིགས་ཏེ་འདི་སྐད་དུ། ཕྱག་འཚལ་བདུད་རྩི་མཆོག་ཁྱོད་ལ། །ཕྱག་འཚལ་བདུད་རྩི་ལས་བྱུང་བ། །སྟོབས་དང་གཟི་བརྗིད་འཕེལ་མཛད་མ། །རང་བྱུང་སྟོན་པའི་བཀའ་བཞིན་དུ། །ལྷ་མོ་ཁྱོད་ནི་དབང་གྱུར་ཅིག །ཁུ་བ་ར་ས་ཡཱ་ནའི་མཆོག །དངོས་གྲུབ་མཆོག་ཏུ་ཉེ་བ་ཁྱོད། །ཚེ་དང་སྟོབས་མཆོག་བདག་རྩོལ་ཅིག །ཡེ་ཤེས་ཐམས་ཅད་གསལ་བར་མཛོད། །ཅེས་བྱས་ལ་ཕྱག་གསུམ་བཙལ། མཆོད་ཅིང་བསྐོར་བ་བྱས་ལ་སྨོན་ལམ་རྒྱ་ཆེར་གདབ། དེ་ནས་སྨན་འཛབ་དང་རྟེན་སྙིང་བཟླ་བཞིན་བཏུ་བ་དང་བརྐོ་བ་བྱའོ། །གནས་གཙང་མར་བསྐམས་པའམ་ཁཎྚ་སོགས་གང་འོས་བྱས་ཏེ་སྦྱར་ཚད་ལག་ལེན་གོང་བཤད་ལྟར་རམ། རང་གི་ནད་གཞི་ཚ་གྲང་དང་སྦྱར་ཏེ། ཚ་གྲང་གི་སྨན་དེ་མཚུངས་སྤར་འཕྲི་དང་། ཚ་བ་ཆེ་ན་གི་ཝཾ་དང་ཙན་དན་དཀར་པོ་ག་བུར།


MR05_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གྲང་བར་རྩི་ཡི་ཚ་བ་གསུམ་དང་སེ་འབྲུ་གླ་རྩི་དག་ཀྱང་བསྣན། རྒྱུན་སྨན་དཀྱུས་མར་གཞུང་གི་སྨན་ཁོ་ནས་འཐུས་ཤིང་རྫས་ཀྱི་གྲུབ་པ་ཉིད་དུ་བྱེད་པའི་རྟེན་འབྲེལ་གྱིས་གི་ཝཾ་ཞད་ཙམ་བསྣན་ཏེ། གྲངས་སུམ་ཅུ་པ་ཉིད་དུ་བྱའོ། །འདི་སྟེང་བྷྲིང་གི་རཱ་ཛ་དང་། བཙོ་བཀྲུ་ཚུལ་བཞིན་བྱས་པའི་དངུལ་ཆུ་དང་། རིན་པོ་ཆེའི་རིགས་བསྣན་ཀྱང་རུང་། གང་ལྟར་ཀྱང་རྒྱལ་ཕུར་འཛོམས་པའམ་སྐར་མ་རྒྱལ་སོགས་དུས་བཟང་པོར་སྦྱོར་སྡེའི་ལག་ལེན་ཚུལ་བཞིན་བྱས་པའི་རིལ་བུ་སྦྲང་དང་བུ་རམ་གྱིས་དྲིལ་བའམ། སྨན་མར་སྡེ་གུ་སོགས་གང་འོས་བྱས་ལ། གཙང་མའི་གནས་སུ་སྟེགས་བུ་ཁྲུ་གང་གཙང་མ་དྲི་བཟང་གིས་བྱུགས་པའི་མཎྜལ་གྱི་དབུས་སུ་རིན་པོ་ཆེ་ལ་སོགས་པའི་སྣོད་དུ་བཞག །དར་གྱི་གུར་ཕུབ། མཆོད་པས་མཐའ་བསྐོར་ཏེ། བདག་མདུན་ལྷའི་རྣལ་འབྱོར་གང་ཡང་རུང་བའི་བདུད་རྩིའི་དཀྱིལ་འཁོར་དམིགས་ལ་ཡི་དམ་གྱི་སྔགས་དང་སྨན་འཛབ་ཀྱིས་རྟགས་ཐོན་པར་བསྒྲུབ་པར་བྱ། ཁྱད་པར་བདུད་རྩིའི་རྒྱུད་ཀུན་གྱི་བཀའ་གཏད་པའི་ཆོས་ཀྱི་བདག་པོ་འཇམ་དཔལ་རྡོ་རྗེ་རྣོན་པོ་ཡིན་པ་དང་། གྲུབ་པའི་རྫས་འདི་ཡང་འཇམ་དཔལ་དང་འབྲེལ་བར་སྒྲུབ་པ་འོས་སུ་ཆེ་བས། རང་འཇམ་དཔལ་གྱི་བདག་བསྐྱེད་དང་། མདུན་དུ་བདུད་རྩི་ར་ས་


MR05_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཡཱ་ནའི་དཀྱིལ་འཁོར་འཇམ་དཔལ་རིགས་ལྔ་ཡབ་ཡུམ་དུ་གསལ་བའི་སྟེང་གི་ནམ་མཁར་འཇམ་དཔལ་ཡབ་ཡུམ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གྱི་གང་བུ་ལྟ་བུས་བསྐོར་བའི་དཀྱིལ་འཁོར་གྱི་ལྷ་རྣམས་ཡབ་ཡུམ་བདེ་སྟོང་སྦྱོར་བའི་འོད་ཟེར་གྱིས་འཁོར་འདས་ཀྱི་དངས་བཅུད་བདུད་རྩིའི་རྣམ་པར་བཀུག་པ་དང་། ཡབ་ཡུམ་གྱི་བྱང་ཆུབ་སེམས་བདུད་རྩི་བདེ་བ་ཆེན་པོའི་རྒྱུན་དང་། སྨན་སྐྱོང་རིག་འཛིན་སྲུང་མ་རྣམས་ཀྱིས་ཀྱང་བདུད་རྩིའི་བཅུད་བསྡུས་པ་རྣམས་མཚོ་ལ་སྦྲང་ཆར་བབ་པ་བཞིན་དུ་འོག་གི་བདུད་རྩིའི་དཀྱིལ་འཁོར་ལ་ཕབ་པར་བསམས་ལ། རྩ་སྔགས་ཨ་ར་པ་ཙ་དང་། སྨན་འཛབ་ཀུན་གྱི་སྙིང་པོ་དམ་པ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུཎྚ་ལི་ཧཱུྃ་ཧྲཱིཿ ཋཿ ཞེས་འབྲུ་བཅུ་དྲུག་པ་རྒྱལ་བ་སྲས་བཅས་དང་དཔལ་ཆེན་པོ་ཉེ་བའི་སྲས་བརྒྱད་སོགས་ཀྱི་སྙིང་པོ་ཀུན་འདུས་པ་འདི་ཁོ་ན་བརྒྱ་སྟོང་ཁྲི་འབུམ་གང་ལྕོགས་བཟླ། སྐབས་སུ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ར་ས་ཡཱ་ན་ཏ་ན་ཛ་ཡ་གུ་ཧྱ་སིདྡྷི་ཧཱུྃ་ཧྲཱིཿཋཿ ཞེས་དང་། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མཉྫུ་ཤྲཱི་བྱཱ་བ་ལོ་ཀི་ཏི་ཧཱུྃ་ཧྲཱིཿཐཿ ཞེས་འཇམ་དཔལ་བདུད་རྩིའི་སྔགས་དང་། ཨོཾ་ཨཱཿཧཱུྃ་སརྦ་པྲ་ཛྙཱ་ཛྙཱ་ན་ཨཱ་ཡུ་ཥེ་ར་ས་ཡཱ་ན་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿ ཋཱ་ཨཱཿཞེས་པ་གསུམ་ཡང་བརྒྱ་ཙམ་རེ་བཟླས། ཐུན་


MR05_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བྱིན་འབེབས་དང་སྨན་སྲུང་བསྐུལ་བ་སོགས་བྱས་ལ་ལྷ་རྣམས་འོད་དུ་ཞུ་ནས་སྨན་གྱི་ཕོ་བྲང་བདུད་རྩིའི་རྒྱ་མཚོར་བསམས་ལ་དབྱངས་གསལ་རྟེན་སྙིང་ཅི་ནུས་བཟླའོ། །དེ་ལྟར་རང་བཞིན་གྱིས་གྲུབ་པའི་རྫས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་སྟེ། འདི་ལྟ་བུའི་བཅུད་ལེན་སྦྱར་ནས་ཟོས་ན། ཞག་གཅིག་ཟོས་ན་ཡོན་ཏན་བཅུ། །ཞག་བཅུར་ཟོས་ན་ཡོན་ཏན་བརྒྱ། །ཟླ་བ་གཅིག་ཏུ་ཟོས་གྱུར་ན། །དེ་བཞིན་ཟླ་བ་ཉ་བ་འདྲ། །སོགས་དང་། ཟླ་བ་ལྔ་རུ་ཟོས་པ་ན། །ཟག་ཟད་རིག་འཛིན་ཐོབ་པར་འགྱུར། །ཞེས་སོགས་ཚེ་དང་ལང་ཚོ་དང་མངོན་ཤེས་དང་དཔལ་འབྱོར་སོགས་ཡོན་ཏན་ཐམས་ཅད་འགྲུབ་པའི་ཚུལ་གྱིས་བསྔགས་པ་རྒྱ་ཆེར་རྒྱུད་རྣམས་སུ་འབྱུང་བ་བཞིན་ཡིན་ལ། དེའི་སྟེང་དུ་སྔགས་ཀྱིས་བསྒྲུབ་པ་ནི་སྨོས་ཅི་དགོས་ཏེ། རྒྱུད་ལས། རང་བཞིན་རང་མཐུ་དེ་འདྲ་ན། །མན་ངག་ཅན་གྱི་སྒྲུབ་པ་པོས། །གཉིས་མེད་བདུད་རྩིར་རབ་སྦྱར་ན། །དེ་ཡི་ཡོན་ཏན་སྨོས་ཅི་དགོས། །གྲུབ་པའི་རིག་འཛིན་ཐོབ་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེས་ན་སྔོན་གྱི་དུས་སུ་ཨ་རུ་ར་ཚངས་པ་ཀུན་སྒྲོལ་ཆེན་པོས་བསྒྲུབ། ཡུམ་བཞིའི་རཀྟ་ཟག་པ་བྲག་ཞུན་ནབས་སོ་ལྗང་སྔོན་གྱིས་བསྒྲུབ། ཉི་ཟླའི་ཆུ་སྟར་བུ་རྒུན་འབྲུམ་དྲང་སྲོང་ཙ་ར་ཀ་ཡིས་བསྒྲུབ། ལུག་མིག་ཐ་སྐར་བུས་


MR05_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་སོགས་ར་ས་ཡཱ་ནའི་རྫས་འདི་དག་དྲང་སྲོང་ཆེན་པོ་རེ་རེས་བསྒྲུབ་པས་ལ་ལས་ཡུད་ཙམ་ལ་གྲུབ་པ་ནས་ལ་ལས་ཞག་བདུན་གྱི་བར་གྱིས་གྲུབ་སྟེ་ཚེ་ཉི་ཟླ་དང་མཉམ་པ་སོགས་ཡོན་ཏན་ཚད་མེད་པའི་རིག་འཛིན་གྱི་ལུས་སུ་གྱུར་པར་གསུངས་པ་བཞིན། དེང་ཡང་དམ་ཚིག་ལ་གནས་ཤིང་མན་ངག་ལྡན་པའི་སྒྲུབ་པ་པོས་ཚུལ་བཞིན་སྒྲུབ་ན། སྒྲ་དང་དྲི་དང་འོད་དང་མང་དུ་འཕེལ་བ་སོགས་རྟགས་ཁྱད་པར་ཅན་དང་། བདུད་རྩིའི་ལྷ་མོ་རྣམས་མངོན་སུམ་མཐོང་ནས་མཆོག་སྦྱིན་པ་སོགས་བཅུད་ཀྱིས་ལེན་པའི་དངོས་གྲུབ་གྲུབ་པར་འགྱུར་རོ། །དེ་ལྟར་ལེགས་པར་བསྒྲུབ་པའི་རྫས་དེ་ཉིད་རགས་ཟས་སྤངས་ཏེ་རིམ་པས་ཆ་བསྐྱེད་ནས་ཟོས་ན་ཟླ་བ་དྲུག་གིས་རགས་ལུས་ཀྱི་ཟག་པ་ཟད་ནས་ཚེ་ལ་དབང་བའི་རིག་འཛིན་ཐོབ་པ་དང་། ཟས་མ་བཅད་པར་ཚད་ལྡན་རྒྱུན་དུ་བསྟེན་ན་ལོ་དྲུག་གིས་འགྲུབ་པར་གསུངས། བཅུད་ལེན་བསྟེན་པའི་སྐབས་ཀུན་ཏུ་རླུང་སྦྱོར་དང་དམིགས་པར་སྦྲགས་ན་འགྲུབ་སླ་ཞིང་། འདི་ཡི་དུས་སུ་ལུས་བཅུད་ཐིག་ལེ་མ་ཉམས་པ་གལ་ཆེ་བས་ཅི་ནུས་བསྲུང་། སྐབས་སུ་ཉམས་ན་དྲོད་མ་ཡལ་བར་བཏུང་ན་དེ་ཉིད་བཅུད་ལེན་དུ་འགྱུར། རུལ་སྐྱུར་སྔོ་ངད་སོགས་སྨན་ལ་གནོད་པའི་ཟས་དང་། དྲག་ཤུལ་གཏར་སྲེག་སོགས་སྤྱོད་ལམ་ངན་པ་དང་


MR05_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་ཁ་འཛེམ། ཅིས་ཀྱང་ཁྲག་གི་སྲིན་རྟག་ཏུ་འཁྲུགས་ན་གང་ཉེ་གང་རྒྱས་རྩ་ལ་གཏར་རུང་གཞན་ཡང་ནད་གདོན་གང་ལའང་དེའི་གཉེན་པོ་སྨན་སྔགས་ཀྱིས་ཞི་བར་བྱ་ཞིང་། བསོད་ནམས་ཀྱི་རྒྱབ་དཔུང་ཇི་རིགས་སུ་བསྐྱེད་རྒྱུན་མ་ཆད་པའི་བརྩོན་པས་སྲོད་དང་ཐོ་རངས་གཙོར་གྱུར་སྨན་ལེགས་པར་འཇུ་བའི་དུས་དང་། བཟའ་ཚོད་ཟིན་པའི་སྒོ་ནས་ཆ་བསྐྱེད་དེ་ཇི་འོས་ཇི་ནུས་སུ་བརྟེན་ནས་ཉམས་སུ་བླངས་ན། ཇི་ལྟར་རྒས་ཤིང་འཁོགས་པའང་བཅུ་དྲུག་གཞོན་ནུའི་ལང་ཚོ་གསར་དུ་འཆར་ཞིང་། ཟླ་བ་པདྨ་ལྟ་བུའི་བཞིན་དང་། ལྷའི་ཁ་དོག་དང་། གླང་པོའི་སྟོབས་དང་། སེང་གེའི་རྩལ་དང་། མཁའ་ལྡིང་གི་ཡང་ཟོར་དང་། མཚུངས་པ་མེད་པའི་བློ་དང་སྤོབས་པ་དང་། ལྷ་མི་དབང་དུ་འདུ་ཞིང་དཔལ་འབྱོར་འཕེལ་བ་དང་། ཉི་ཟླའི་ཡུན་དང་མཉམ་པའི་ཚེ་ལ་སོགས་པ་བཅུད་ཀྱིས་ལེན་གྱི་ཡོན་ཏན་ཡོངས་སུ་རྫོགས་པར་འགྲུབ་ནས་རགས་ལུས་དངས་མ་རྡོ་རྗེའི་ལུས་སུ་འགྱུར་རོ། །དེ་ལྟར་ཆེད་དུ་རྩོམ་པ་མ་གྲུབ་ཀྱང་གནས་སྐབས་སུ་ཅི་རིགས་པར་བསྟེན་ན་ཡང་དེ་དང་མཚམས་པའི་ཡོན་ཏན་འབྱུང་བར་འགྱུར་རོ། །གཞན་ཡང་མངོན་ཤེས་ལྔ་སྒྲུབ་པ་ལ་སོགས་པའི་ཁ་ཚར་གྱི་སྨན་ནི་རྒྱུད་དང་མན་ངག་གིས་ཤེས་པར་བྱའོ། །ཨེ་མ་སྔ་འགྱུར་ཆོས་ཀྱི་ཆུ་གཏེར་ལས། །ལེགས་འཁྲུངས་


MR05_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ལེན་བདུད་རྩི་བུམ་བཟང་འདི། །སྔོན་འབྲེལ་སྐལ་བ་བཟང་པོས་མི་ཕམ་པ། །འཇམ་དཔལ་དགྱེས་པའི་རྡོ་རྗེའི་ལག་ཏུ་བབ། །གྲུབ་པའི་རིག་འཛིན་དགྱེས་པའི་ཕ་ཕོགས་འདི། །སྣོད་མིན་རྣམས་ཀྱིས་མཐོང་ཡང་ལག་མི་ལོན། །དད་ལྡན་སྐལ་བཟང་རྣམས་ཀྱིས་བརྩོན་པ་ཡིས། །ཚུལ་བཞིན་འབད་ན་དངོས་གྲུབ་གཏེར་ལ་སྤྱོད། །ཅེས་དགའ་བ་ཆུ་འབྲུག་གི་ཟླ་བ་ལྔ་པའི་ཚེས་ལྔ་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེས་སྤེལ་བའི་གསེར་ཆོས་ཡང་དག་པ་ཟབ་ཅིང་གསང་བའི་རྒྱ་ཅན་ཡིན་ནོ་མངྒ་ལཾཿ །བཅུད་ལེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བམ་ཡོན་ཏན་གྲུབ་ཚེ། ཁུ་བ་བཏང་མི་རུང་བར་གསུང་འདུག་དགེ། །།


previousར་ས་ཡཱ་ནའི་ལག་ལེན་གསལ་བར་བརྗོད་པ་བདུད་རྩི་གྲུབ་པ།next