Nitartha Digital Library
Tibetan
གླེགས་བམ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྦྱིན་སྲེག་གི་ལས་རིམ་དོན་གསལ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྦྱིན་སྲེག་གི་ལས་རིམ་དོན་གསལ།next

སྦྱིན་སྲེག་གི་ལས་རིམ་དོན་གསལ།


MR05_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་སྲེག་གི་ལས་རིམ་དོན་གསལ་བཞུགས་སོ།། །།


MR05_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་ཤྲཱི་བཛྲ་དྷཱ་རཱ་ཡ། འདིར་སྦྱིན་སྲེག་བྱ་བའི་ལས་རིམ་སྤྱི་གནད་ལ། གནས་ ༡ དང་། དུས་དང་ ༢ ། ཐབ་ ༣ དང་། རྫས་ ༤ དང་། མེ་དང་ ༥ ། ཁ་ལྟ་ ༦ ཕྱོགས་དང་། ཆས་གོས་ ༧ དང་། གདན་༨ དང་། འདུག་སྟངས་ ༩ དང་། ལག་སྟབས་ ༡༠ དང་། ལྟ་སྟངས་ ༡༡ དང་། སྟངས་སེམས་ ༡༢ དང་། དམིགས་ ༡༣ པ་དང་། སྔགས་ཀྱི་ཁ་བསྒྱུར་ ༡༤ དང་། རྗེས་ཀྱི་བྱ་བ་ ༡༥ དང་བཅོ་ལྔ་ལས། དང་པོ་གང་དུ་བྱ་བའི་གནས་ནི། ཞི་སོགས་ལ་རང་རང་གི་ལས་མཐུན་གྱི་གནས་ཡིད་དུ་འོང་བ། དབེན་ཞིང་གཙང་ལ་བཀྲ་ཤིས་པའོ། །དེ་ལྟར་མིན་ཡང་དགེ་འདུན་གྱི་གནས་དང་སྐྱེ་བོའི་ཁྱིམ་སོགས་གང་བབ་དུའང་རུང་ངོ་། །དྲག་པོ་ལ་ནི་དུར་ཁྲོད་དང་། གནམ་ས་


MR05_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་གསུམ་དྲག་པོའི་གནས་ཀྱི་མཚན་ཉིད་ལྡན་པའམ། གང་དུའང་རུང་ངོ་། །གཉིས་པ་དུས་ནི་སྤྱིར་ཞི་སོགས་གསུམ་ལ་རང་རང་གི་ལས་ལ་བསྔགས་པའི་ཚེས་དང་གཟའ་སྐར་དུས་སྦྱོར་སོགས་གཞུང་སྣ་ཚོགས་ལས་གསུངས་པའི་དུས་བཟང་བ་དང་འགྲིགས་ན་རབ། བྱེ་བྲག་ཏུ་ལེགས་གྲུབ་ལས། ཞི་བ་སྟོན་ནོ། །རྒྱས་པ་དགུན་ནོ། །དཔྱིད་སྨད་དྲག་པོ་བྱ་གསུང་། སྒྲུབ་པའི་དུས་ནི། དགུན་ཐ་ཆུང་། སྟོན་འབྲིང་། དཔྱིད་ར་འབྲིང་། དབྱར་ར་བའི་ཉ་ལ་སྒྲུབ་པ་བརྩམ་སྟེ། ཟླ་བ་ལྔ་པོ་དེ་དག་ལ་བཟང་གསུངས། དབྱར་ར་བར་རྟག་ཏུ་འབབ། དཔྱིད་འབྲིང་རླུང་ཆེན་འཁོར། དཔྱིད་ར་བར་སྣ་ཚོགས་བགེགས་འབྱུང་།


MR05_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་འབྲིང་གློག་འགྱུ་སྒྲ་ཆེན་འབྱུང་། དགུན་ར་བར་བགེགས་མེད། ཆོ་འཕྲུལ་ཟླ་ཕྱེད་མཆོག་ཏུ་བཟང་། ཉི་ཟླ་གཟས་ཟིན་དུས་ལས་གང་ཡང་སྒྲུབ་པ་མཆོག །ཁྱད་པར་དྲག་པོར་བསྔགས། ཞེས་གསུངས། གསང་བ་སྤྱི་རྒྱུད་ལས། དེ་ལྟ་བས་ན་ཡུད་ཙམ་དང་། །ཚེས་གྲངས་རྒྱུ་སྐར་བྱེད་པ་དང་། །རྨི་ལམ་བཟང་པོ་བརྟགས་པར་བྱ། །བཟང་པོ་དག་ལ་ལས་བརྩམ་སྟེ། །བཟང་པོ་མིན་ལ་བརྩམ་མི་བྱ། །ཞེས་གསུངས། རྒྱུད་གཞན་ལས་ཞི་རྒྱས་ཡར་ངོ་དཀར་ཕྱོགས། དབང་དྲག་མར་ངོ་དམར་ཕྱོགས་ལ་བརྩམ་པར་ཡང་གསུངས། ཚེས་གྲངས་ནི། གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། ཚེས་གཅིག་ཞི་བ། ཉ་ལ་རྒྱས་པ། བཅུ་བཞི་མར་ངོའི་ལ་དྲག་པོ། ཡར་ངོའི་ཚེས་བརྒྱད་ལ་དབང་གི་ལས་བྱའོ། །ཞེས་གསུངས། ལེགས་གྲུབ་ལས། ཚེས་གཅིག་དང་གསུམ་དང་ལྔ་དང་བདུན་བཅུ་གསུམ་བཟང་ལས་ཐམས་ཅད་ལ་ཤིས་ཞེས་གསུང་། འཇམ་དཔལ་རྩ་རྒྱུད་ལས་ཀྱང་ཚེས་དེ་རྣམས་བཟང་བར་གསུངས། བཅོ་ལྔ་མཆོག་ཏུ་བཟང་། བཅུ་ཡང་བཟང་ཞིང་འགྲོ་བར་ལེགས་གསུང་། རྣམ་སྣང་མངོན་བྱང་གི་རྒྱུད་ལས། ཡར་ངོའི་ཚེས་བཞི་ལྔ་བཅུ་བཅོ་ལྔ་རྣམས་ལ་ཞི་བའི་ལས། ཡར་ངོའི་གསུམ་བདུན་བཅོ་ལྔར་རྒྱས་པའི་ལས། མར་ངོའི་ཚེས་དགུ་དབང་།


MR05_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

མར་ངོའི་ཚེས་བརྒྱད་བཅུ་བཞི་དྲག་པོའི་ལས་ལ་བསྔགས། ཉེར་དགུ་ནི་དྲག་པོའི་དུས་ཏེ་དྲག་ལས་ལ་རྒྱུད་གཞན་དུ་མར་བསྔགས། གཟའ་སྐར་ནི་རྣམ་སྣང་མངོན་བྱང་གི་རྒྱུད་ལས། གཟའ་ཟླ་བ། པ་སངས། སྐར་མ་ཁྲུམས་སྨད། གྲེ་སྐག །རྟ་ཆེན་འདི་རྣམས་ཞི་བའི་ལས་ལ་བཟང་། གཟའ་ལྷག་པ་དང་ཕུར་བུ། སྐར་མ་གྲོ་བཞིན་མོན་གྲུ་སྣྲོན་འདི་རྣམས་རྒྱས་པར་བཟང་། གཟའ་པ་སངས་སམ་ཉི་མ་དང་མིག་དམར། སྐར་མ་སྨིན་དྲུག །རྒྱལ་རྟ་ཆེན་ས་ག་རྣམས་དབང་གི་ལས་ལ་ཤིས། གཟའ་མིག་དམར་དང་སྤེན་པ། རྒྱུ་སྐར་ཐ་སྐར་དང་ནབས་སོ་དབོ་དང་མེ་བཞི་ནག་པ། ས་རི་རྣམས་དྲག་པོ་ལ་བསྔགས་སོ། །སྤྱིར་ཞི་བའི་ལས་ལ་གཟའ་ཟླ་བ་མཆོག །དེ་བཞིན་རྒྱས་པར་ལྷག་པ། དབང་ལ་པ་སངས། དྲག་པོར་མིག་དམར་མཆོག །སྐར་མ་རྒྱལ་ནི་ལས་ཐམས་ཅད་ལ་མཆོག་ཏུ་ལེགས་པར་རྒྱུད་དུ་མར་གསུངས། འཇམ་དཔལ་རྩ་རྒྱུད་ལས། ཐ་སྐར་སྣར་མ་རྒྱལ་དང་། ལྷ་མཚམས། ཁྲུམས་སྟོད་སྨད་ནམ་གྲུ་རྣམས་ལ། དཀྱིལ་འཁོར་བྲི་བ་དང་བཟླས་པ་དང་སྒྲུབ་པ་བཟང་གསུངས། གང་ཚེ་ཉི་མའི་མཐར་གཟའ་ཕུར་བུ་སེར་པོ་དང་། པ་སངས་དཀར་པོ་ཉིད་ནམ་མཁའ་ལ་མཐོང་བའི་ཚེ་ལས་ཀུན་དགེ། ཞི་གཟའ་


MR05_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྣམས་མདུན་དུ་མཐོང་ན་ལས་ཀུན་ལ་དགེ་བར་གསུངས། སྐར་རྩིས་ཀྱི་མན་ངག་ལས་མིག་དམར་རང་གི་ཞིང་ལུག་དང་སྡིག་པའི་ཁྱིམ་དུ་ཞུགས་པ་དེའི་ཚེ་དགུག་པ་དང་དྲག་ལས་འགྲུབ། དེ་བཞིན་ཉི་མ་སེང་གེ་དང་ཟླ་བ་ཀརྐ་ཊའི་ཁྱིམ་དུ་ཞུགས་དུས་ཞི་བ། ལྷག་པ་འཁྲིག་པ་དང་བུ་མོའི་ཁྱིམ་ཞུགས་རྒྱས་པ། གཞུ་དང་ཉ་ལ་ཕུར་བུ་ཞུགས་ཚེ་བསྐྲད་པ། གླང་དང་སྲང་ལ་པ་སངས་ཞུགས་དུས་དབང་། ཆུ་སྲིན་བུམ་པར་སྤེན་པ་ཞུགས་ཚེ་བསད་པ། མཇུག་རིང་ཀརྐ་ཊའི་ཁྱིམ་དུ་ཞུགས་ཚེ་རེངས་རྨོངས་ཀྱི་ལས་འགྲུབ་པར་གསུངས། རང་རང་སྐྱེས་ཁྱིམ་ལ་ཡང་དེ་དང་འདྲའོ། །འདི་ཙམ་ཞིག་སྐབས་འདིར་གཙོ་བོར་བཟུང་དགོས་ཀྱི། གཞན་རྒྱུད་དང་མན་ངག་ལས་གསུངས་པའི་གཟའ་སྐར་དུས་སྦྱོར་གྱི་སྤང་བླང་ཆེས་མང་བ་དེ་དག་ལས་ཤེས་པར་བྱའོ། །ཉིན་ཞག་གཅིག་གི་དུས་ཀྱི་དབང་དུ་བྱས་ན། རྒྱུད་རྡོ་རྗེ་རྩེ་མོ་ལས། སྦྱིན་སྲེག་གི་དབྱེ་བ་ཉི་ཤུ་དང་། བསྡུས་ན་སྔར་གསུངས་པའི། སྲོད་ཀྱི་དུས་སུ་ཞི་བ། དགུང་མོའང་། སྔ་དྲོ་རྒྱས་པ། ཉིན་ཕྱེད་མངོན་སྤྱོད། མཚན་མོ་དབང་། དགུག་པ་ནི་དུས་ཐམས་ཅད་དུ་ཡང་བྱ་གསུངས། ཡང་དྲག་པོ་ནི་ཉིན་ཕྱེད་དང་མཚན་ཕྱེད་ལ་བརྩམ། ཁྱད་པར་རང་ནམ་ཁྲོ་བའི་དུས་སུ་དྲག་པོའི་ལྷ་རྣམས་ཀྱི་བྱིན་གྱིས་རློབ་པས་དེའི་དུས་སུ་བྱ་བར་རྒྱུད་དུ་མར་གསུངས།


MR05_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་འཁོར་ལོའི་རྒྱུད་ལས་ཐབ་ཁུང་གི་དབྱིངས་བརྒྱད་དང་། ཕྱོགས་བརྒྱད་དང་དུས་ཀྱི་ཐུན་མཚམས་བརྒྱད་ལ་ལས་བརྒྱད་སྦྱར་བ་སོགས་རྒྱུད་དེའི་ལུགས་ཡིན་གྱི། གཞན་ལས་བཞི་སྤྱི་ལ་དུས་དང་ཁ་ལྟ་ཕྱོགས་སོགས་འདིར་བཤད་ལྟར་རྒྱུད་ཕལ་མོ་ཆེ་མཐུན་ནོ། །གསུམ་པ་ཐབ་ཁུང་ནི། གང་དུ་སྦྱིན་སྲེག་བྱ་བའི་ས་དེར་ས་བསླང་བར་བྱ་ཞིང་། ལག་གཡས་ས་ལ་བཞག་སྟེ། ཨོཾ་ཨཱཿཧཱུྃ། ཞེས་པ་ཅི་རིགས་དང་། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊཿ ཅེས་ཅི་རིགས་དང་། ལྷ་གང་ཡིན་གྱི་རྩ་སྔགས་བརྒྱ་རྩ་བརྒྱད་བཟླས་པས། ས་སྦྱང་བར་བྱ་ཞིང་དེ་རྗེས་སྟོང་པ་ཉིད་དུའང་སྦྱང་ངོ་། །དེར་བརྐོས་ཐབ་བྱ་ན་ཐོག་མར་ལྟོ་འཕྱེ་བརྟགས་ནས་ས་བརྐོས་ལ། ཞི་བའི་ཐབ་ཟབས་སུ་སོར་བཅུ་གཉིས་དང་། རྒྱར་ཁྲུ་གང་བ་ཁ་དོག་དཀར་པོ་དེའི་དབུས་སུ་སོར་བཅུ་དྲུག་པའི་ཚད་ཀྱི་པད་མའི་ལྟེ་བར། འཁོར་ལོའམ་རྡོ་རྗེ་རྩེ་ལྔ་དཀྱུས་སོར་བརྒྱད་པ། དཔངས་སོར་གཅིག་པ། མགོ་བོ་ཤར་དུ་བསྟན་པ་ལེབ་ཆགས་སུ་བཀོད། ཐབ་ཀྱི་སྟེང་དུ་མཆུའམ་མུ་རན་ཞེས་པའི་ས་ཁྱོན་སོར་བཞི་དོར་བའི་རྒྱབ་ཏུ་རྒྱ་དང་དཔངས་སུ་སོར་བཞི་བའི་ཁ་ཁྱེར་ཐབ་ཀྱི་དབྱིབས་འདི་ལ་འདོད་སྣམ་ཡང་ཟེར་ཅན། ཁ་བགས་ཀྱིས་ནང་དུ་གཞོལ་བའི་སྟེང་གི་ཕྱི་ཟུར་གྲ་བཞི་རྣམས་སུ་འཁོར་ལོའམ་རྡོ་རྗེས་མཚན་པ་བྱ། ཐབ་ཁུང་དང་དེའི་ཕྱི་རོལ་


MR05_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུ་ཕྱེད་ཚུན་ས་དཀར་པོ་དང་བ་ལྕིས་བྱུགས། བདུད་རྩི་དང་བཅས་པའི་དྲི་བཟང་གིས་ཀྱང་བྱུགས་ཏེ་མེ་ཏོག་དཀར་པོ་སིལ་མར་དགྲམ་པར་བྱའོ། །རྒྱས་པའི་ཐབ་ནི་ས་གཞི་སེར་པོ་ལ་ཐབ་ཁུང་རྒྱར་ཁྲུ་དོ། །ཟབས་སུ་ཁྲུ་གང་། གྲུ་བཞིའམ་རིན་ཆེན་ཟུར་བརྒྱད་ལྟ་བུ། དེ་དབུས་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་སོར་དྲུག་པའི་རིན་པོ་ཆེའི་རྡོ་རྗེས་མཚན་པ། ཐབ་སྟེང་དུ་མཆུ་སོར་བརྒྱད་དོར་བར། སོར་བརྒྱད་པའི་རྒྱ་དཔངས་ཅན་གྱི་ཁ་ཁྱེར་ཐབ་ཀྱི་དབྱིབས་ཅན་གྱི་ཕྱི་ཟུར་རིན་པོ་ཆེས་མཚན་པ། ས་སེར་བ་བྱུང་དྲི་བཟང་བཅས་ཀྱིས་ཐམས་ཅད་ཁ་དོག་སེར་པོར་བྱུགས། མེ་ཏོག་སེར་པོའི་སིལ་མ་དགྲམ་པའོ། །དབང་གི་ཐབ་ཁུང་ས་དམར་པོའི་གཞི་ལ། བྷ་གའི་རྣམ་པ་རྩེ་མོ་ཤར་དུ་བསྟན་པའམ། ཡང་ན་ཟླ་ཕྱེད་ཀྱི་རྣམ་པའི་དབུས་སུ་པདྨ་དམར་པོ་རྡོ་རྗེས་མཚན་པ། དབང་གི་དགུག་པ་ལ་ཡང་ཐབ་འདིའམ། རྡོ་རྗེ་རྩེ་གཅིག་པའི་རྣམ་པའི་དབུས་སུ་པདྨ་དམར་པོ་རྡོ་རྗེ་ལྕགས་ཀྱུས་མཚན་པ། ཐབ་དེ་གསུམ་གང་བྱེད་ཀྱང་གཙོ་བོའི་ཕྱག་མཚན་གྱིས་མཚན་པའི་ལྕགས་ཀྱུས་མཚན་པར་བྱས་པའི་ཁ་ཁྱེར་ཐབ་ཀྱི་རྣམ་པ་ཅན་གྱིས་འཁོར་བ་ས་དམར་པོ་དང་བ་བྱུང་དྲི་བཟང་གིས་བྱུགས་པའི་མདོག་དམར་པོ་བྱ། མེ་ཏོག་དམར་པོ་བཀྲམ། དབང་ཐབ་གསུམ་པོའི་རྒྱ་དང་ཟབས་དང་ཁ་ཁྱེར་གྱི་ཚད་ནི་ཞི་བ་དང་འདྲ་བར་བྱའོ། །མངོན་སྤྱོད་


MR05_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐབ་ནི། །གས་པ་ཚྭ་སྒོ་ཅན་རྩུབ་ཅིང་གནག་པའི་ས་ལ་གྲུ་གསུམ་པ། བྱང་དུ་ཕྱོགས་པའི་ལོགས་རྣམས་ལ་རེ་རེར་སོར་མོ་ཉི་ཤུ་པ་ཟབས་སུ་སོར་བཅུ་ཡོད་པ། དབུས་སུ་པདྨ་ནག་པོ་ལ་ཁྲོ་བོའི་རྡོ་རྗེ་རྭ་གདེངས་པས་བརྒྱན་པའམ། ཡང་ན་རྩེ་གསུམ་ལ་གནས་པའི་ཁྲོ་བོའི་རྡོ་རྗེས་བརྒྱན་པ། ཐབ་སྟེང་ནས་ཕྱིར་སོར་གསུམ་དོར་བར། རྒྱ་དཔངས་སོར་གསུམ་པ་ཁ་ཕྱིར་གཞོལ་བའི་ཁ་ཁྱེར་ཁྲོ་བོའི་རྡོ་རྗེས་མཚན་པས་བསྐོར་བ། ཁ་ཁྱེར་གྱི་མཚན་མ་རྣམས་འབུར་དོད་དམ་རི་མོར་བྲི་བ་བྱ་མཆན། ཐབ་དེར་བདུད་རྩི་དང་བཅས་པའི་ནག་པོའི་ཚོན་དང་། རོ་སྲེག་ཐལ་བ་བོང་བུ་རྔ་མོང་སོགས་ཀྱི་སྡང་གང་རྙེད་ཀྱིས་བྱུགས། དྲིང་བའམ་དྲི་མེད་པའི་མེ་ཏོག་སྔོན་པོའམ་དམར་པོ་དང་འབྲས་བུའི་ཕུབ་མ་ལ་སོགས་པས་གཏོར། མེ་ཚང་གི་ནང་དུ་འབར་འཁྲུགས་འཇིགས་སུ་རུང་བའི་མི་ཞུན་སོགས་ཀྱི་མར་མེ་དང་ལྡན་པར་བྱའོ། །ཐབ་དེར་ལས་གང་ཡང་བགྱིར་རུང་བའི་ལས་ཐམས་ཅད་པའི་ཐབ་ཁུང་ལས་དང་རྗེས་སུ་མཐུན་པའི་གཞི་ལ། ཞི་ཐབ་དང་མཚུངས་པ་ལས། འོན་ཀྱང་མཆུར་གེ་སར་དང་བཅས་པའི་ཟེའུ་འབྲུ་ཁ་ཁྱེར་པད་འདབ་རྣམས་སུ་བྱ་བའམ། དེ་བས་རབ་ཏུ་རྒྱས་པའི་པདྨའི་རྣམ་པ་ཕྱི་རོལ་དུ་རྡོ་རྗེས་མཚན་པ། སྣ་ཚོགས་རྡོ་རྗེའམ་རལ་གྲིས་མཚན་པའི་ཁ་ཁྱེར་གྱིས་བསྐོར་བ། དབུས་


MR05_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྡོ་རྗེའི་ཕྲེང་བས་བསྐོར་བའི་འདབ་མ་ལ་མཚན་མ་བྱའོ། །ཐབ་དེ་ཐམས་ཅད་ཀྱི་ལྟེ་བར་ལྷ་གཙོ་བོ་གང་ཡིན་གྱི་ཕྱག་མཚན་སྲིད་དང་དཔངས་སུ་སོར་བརྒྱད་པ། མཚན་མ་གཞན་སོར་དྲུག་ཏུ་བྱའོ། །དེ་ལྟར་ས་གཞི་ལ་ཐུར་དུ་བརྐོས་པའི་ཐབ་མ་གྲུབ་ན། སའམ་སྟེགས་བུའི་སྟེང་དུ་རྐོས་ཐབ་ཇི་ལྟ་བར་ས་སོགས་ལས་བརྩིགས་པའམ། ཡང་ན་ས་སྟེགས་ལ་རྐོས་ཐབ་ཀྱི་ཚད་དང་རྣམ་པ་མཚུངས་པའི་ལས་མཐུན་ཚོན་གྱིས་བྲིས་ཐབ་བྱས་ཏེ་དེར་སྦྱིན་སྲེག་བྱེད་པའང་ཡོད་དོ། །བཞི་པ་རྫས་ལ། མཆོད་རྫས་དང་། བསྲེག་རྫས། ཉེར་མཁོའི་ཡོ་བྱད་གསུམ་ལས། དང་པོ་ཞི་སོགས་ལས་དང་མཚུངས་པའི་མཆོད་ཡོན། ཞབས་བསིལ་སོགས་ཉེར་སྤྱོད་བདུན་དང་། འདས་མ་འདས་ཀྱི་མེལྷའི་གཏོར་མ་ལས་མཐུན་གྱི་དབྱིབས་དང་ཁ་དོག་ཅན། གོ་ཡུ་སོགས་སོ་རྩི་མར་དང་སྦྱར་བའི་སོ་རྩི། འདོད་གསོལ་དང་བཀྲ་ཤིས་དུས་སུ་འཐོར་རྒྱུའི་མེ་ཏོག་སོགས་མཆོད་པའི་རིགས་ཇི་འོས་འདུ་བྱའོ། །སྐབས་འདིར་ཞི་བའི་མཆོད་ཡོན་ནི་དངུལ་སྣོད་དུ། འོ་མ་དང་མེ་ཏོག་དཀར་པོ། ཏིལ་དཀར། ཀུ་ཤ་འབྲས་ཡོས་དང་ལྡན་པའི་དྲི་བཟང་དཀར་པོ་བདུད་རྩི་དང་བཅས་པའོ། །རྒྱས་པར་གསེར་སོགས་སེར་པོའི་སྣོད་དུ། ཏིལ་དང་ཞོ་མེ་ཏོག་སེར་པོ་དྲི་སེར་པོ་དང་བཅས་པའི་ཆུའོ། །དབང་ལ་ཟངས་


MR05_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྣོད་དུ་དྲི་བཟང་དམར་པོ་དང་མེ་ཏོག་དམར་པོ་དྲི་བཟང་ཆང་དང་བཅས་པའི་ཆུའོ། །དྲག་པོར་རྫ་ཕོར་ལྕགས་སྣོད་ཐོད་ངན་སོགས་སུ། ཀོ་ཊ་པ་དང་བ་ལྕི་དྲི་ང་བའི་མེ་ཏོག་སྔོན་པོ་ཁྲག་དང་བཅས་པའི་ཆུའོ། །ལས་ཐམས་ཅད་པ་ལ་ལས་དང་རྗེས་སུ་མཐུན་པའི་མཆོད་ཡོན་བྱའོ། །དུང་ཕོར་སོགས་སུ་ཆུ་གཙང་བཤམས། དེ་བདུད་རྩི་འཁྱིལ་བ་སོགས་ཀྱི་སྔགས་ཀྱིས་བརླབས་ཏེ་ཀུ་ཤའི་ཆུན་པོས་འཐོར་ཏེ་རྫས་རྣམས་བསང་། དེ་ཡང་ཞི་སོགས་གསུམ་ལ་ལག་གཡས་དང་། དྲག་པོར་གཡོན་པས་འཐོར་བར་བྱ། ཞབས་བསིལ་ནི་ཞི་སོགས་ལ་དྲི་བཟང་གི་ཆུ། དྲག་པོར་དུག་ཆུའོ། །མཆོད་པའི་མེ་ཏོག་ནི་ལས་མཐུན་གྱི་མདོག་དང་དྲི་ཅན་ནོ། །བདུག་སྤོས་ཞི་སོགས་ལས་མཐུན་དྲི་བཟང་། དྲག་པོར་གུ་གུལ་སོགས་དྲག་སྤོས་སོ། །མར་མེ་ཞི་སོགས་ལ་བ་དམར་སེར་གྱི་མར་སོགས་འབྲི་མར་རྩི་མར་དང་། དྲག་པོར་ཏིལ་མར་གྱི་མར་མེའོ། །དྲི་ཆབ་ནི་ཞི་སོགས་ལ་དྲི་བཟང་ལས་མཐུན་གྱི་ཆུ། དྲག་པོར་མཁྲིས་པའི་ཆུའོ། །གཏོར་མ་ནི་ཞི་བར་ཤ་ཁྲག་དང་མ་འདྲེས་པའི་གཏོར་ཟླུམ་དཀར་པོ། འབྲས་ཆན་དང་འོ་མ་སོགས་ཀྱིས་བརྒྱན་པ། རྒྱས་པར་འབྲང་རྒྱས་ནོར་བུའི་དབྱིབས་ཅན་སེར་པོ་ལ་མངར་རིགས་དང་། རིན་ཆེན་དང་འབྲུ་སྣས་བརྒྱན་པ། དབང་


MR05_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཟླ་གམ་དམར་པོ་སྦྲང་རྩི་དང་། ལན་ཚྭ་ཆང་དང་ཤིང་ཐོག་དམར་པོ་མངར་སྐྱུར་རིགས་ཀྱིས་བརྒྱན་པ། དྲག་པོར་གཏོར་མ་ཟུར་གསུམ་དམར་ནག་ཤ་ཁྲག་སྒོག་བཙོང་སོགས་ཀྱིས་བརྒྱན་པའོ། །སོ་རྩི་ནི་ཞི་སོགས་ལ་གོ་ཡུ་སོགས་སོ་རྩི་མར་དང་སྦྱར་བ་རྡོ་ཐལ་མ་འདྲེས་པའོ། །དྲག་པོ་ལ་གོ་ཡུ་སོགས་རྡོ་ཐལ་རྡོ་ཞོ་དང་བཅས་པའི་སོ་རྩི་མར་དང་སྦྱར་བའོ། །ན་བཟའ་ནི་དར་སོགས་ལས་སོ་སོའི་མདོག་དང་མཐུན་པའོ། །གཉིས་པ་ལ་མེ་སྲོག་འཛིན་པའི་རྫས་བུད་ཤིང་དང་ལས་སྒྲུབ་པའི་སྲེག་རྫས་སྣ་ཚོགས་བཤད་པ་གཉིས་ལས། དང་པོ་བུད་ཤིང་ནི་ཡམ་ཤིང་དང་རྒྱུ་མཚུངས་པའི་ཤིང་དང་། ཞི་བ་ལ་སྲོག་ཆགས་མེད་པའི་ཤིང་བུ་ཐབ་ལས་ཅུང་ཐུང་བའམ། མངར་བའི་རིགས་ཀྱི་ཤིང་ངམ། འབྲོག་དགོན་པའི་བ་ལང་གི་ལྕི་བ་གཙང་མ་སྐམ་པོས་བྱ། རྒྱས་པར་འབྲས་ལྡན་གྱི་ཤིང་། དབང་ལ་སྐྱུར་བ་མེ་ཏོག་དང་བཅས་པའི་ཤིང་། དགུག་པར་ཚེར་མ་དང་བཅས་པའི་ཤིང་། མངོན་སྤྱོད་ལ་རོ་ཚ་བ་དང་། ཁ་བ་དྲི་ངན་པ་དུར་ཁྲོད་ཀྱི་ཤིང་ངམ། རྔ་མོང་བོང་བུ་ལ་སོགས་པའི་སྤང་དང་ཤིང་ཤུན་སྐམ་པོའོ། །ལས་ཐམས་ཅད་པ་ནི་ལས་དང་རྗེས་སུ་མཐུན་པའི་བུད་ཤིང་གིས་བྱའོ། །བུད་ཤིང་ཟླུམ་པོ་སོགས་ཐབ་ཀྱི་དབྱིབས་སུ་བརྩིགས་ལ། ནང་དུ་ཞི་སོགས་ལ་བ་དམར་


MR05_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སེར་གྱི་མར་གྱི་ཏིང་ལོ་མེ་ཚང་དང་བཅས་པར་བྱའོ། །གཉིས་པ་སྲེག་རྫས་ལ་མེ་སྲོག་འཛིན་པ་དང་གཟི་བྱིན་བསྐྱེད་པའི་རྫས་ཡམ་ཤིང་ནི། ཞི་བ་ལ། ཨུ་དུམ་བ་ར་དང་པ་ལ་ཤ་སོགས་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་རྩེར་ལོ་མ་གཉིས་དང་ལྡན་པ་ན་དང་བཅས་པ། རྩ་རྩེ་མཉམ་པར་བཅད་པ། སོར་བཅུ་གཉིས་པའི་ཚད་ཅན་མཐེའུ་ཆུང་གི་སྦོམ་ཕྲ་ཙམ་པ། རྩེ་མོ་གཉིས་སྦྲང་རྩི་དང་འོ་མ་དང་མར་གྱིས་བྱུགས་པ། བདུད་རྩི་དང་དེའི་ཆུས་བྲན་པ་ཉིད། མཐེབ་སྲིན་སྦྱར་བས་བཟུང་སྟེ་རྩེ་མོ་གཅིག་ཕར་བསྟན་ཏེ་སྦྱིན་སྲེག་བྱའོ། །དེའང་བུད་ཤིང་རྙིང་པ་འཁྱོག་པ། ཚད་ལས་སྦོམ་པ་དང་ཕྲ་བའམ། རིང་བ་དང་ཐུང་བར་གྱུར་པ་དང་། རུལ་བ། སྲོག་ཆགས་སོགས་ཀྱིས་ཟོས་པ། ཤུན་པ་བྲལ་བ། སྐམ་པ། ཆག་པ། བུ་ག་ཅན། རྩེ་མོ་གཉིས་པ་ཅན། ལོ་མ་མེད་པ་རྣམས་ཀྱིས་རིམ་བཞིན་འཆི་བ་དང་སྐལ་བ་ངན་པ། ན་ཚ་སོགས་སྐྱོན་རེ་རེ་བྱེད་པས་ཞི་སོགས་དགེ་བའི་ལས་ལ་འདི་རྣམས་སྤང་། དྲག་པོའི་ལས་ལ་དེ་རྣམས་ཡོད་པ་བསྔགས་སོ། །རྒྱས་པའི་ཡམ་ཤིང་ནི་ཤིང་སྔ་མ་དེ་དག་གི་དབུས་ནས་བཅད་པ། སྤོམ་ཕྲ་ཆང་བའི་ཚད་ཅན། རིང་ཐུང་བཅག་ཁྲུ་གང་བ། བདུད་རྩི་དང་དྲི་སེར་པོ་མངར་གསུམ་མར་ཁུ་སོགས་ཀྱིས་


MR05_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

བྱུགས་པའོ། །དབང་གི་ཡམ་ཤིང་ལྕགས་ཀྱུ་ལྟ་བུའི་ཚེར་མ་ཅན་མེ་འབྲས་སྐྱུར་ལ་མདོག་དམར་པོའི་རིགས། དབང་དང་དབང་གིས་དགུག་པ་ལའོ། །བོད་དུ་ནི་ཤིང་རྒྱུད་ལས་གསུངས་པ་དེ་རྣམས་མ་འབྱོར་ཀྱང་། ཞི་བར་ཤིང་མདོག་དཀར་དྲི་བཟང་ཅན་མེ་ཏོག་ལྡན་པ། རྒྱས་པར་མདོག་སེར་དྲི་ལྡན་འབྲས་ལྡན་དབང་ལ་དམར་པོ་དག་གིས་བྱའོ། །དྲག་པོའི་ཡམ་ཤིང་ནིམ་པ་སེང་ལྡེང་སོགས་ཚེར་མ་ཅན་གྱི་ཤིང་། རོ་ཁ་བ་ཚ་བའི་རིགས་རྣམས་དང་། རོ་བསྲེག་པའི་མགལ་དུམ་སོགས་ཀྱི་རྩ་བའི་ཆ་ལས་བྱུང་བ། ཁ་བཀས་པ། རིང་ཐུང་སོར་བཅུ་པའི་རྩེ་གཉིས་རྣོ་བ་དུག་ཁྲག་ཡུངས་ཀར་གྱིས་བསྐུས་པའོ། །ལས་ཐམས་ཅད་པའི་ཡམ་ཤིང་ནི། ཨུ་དུམ་བ་ར། པ་ལཱ་ཤ། ཨ་སྨྲ། སེང་ལྡེང་སོགས་མངོན་པར་གསར་བ། མཛུབ་གང་བ་དྲང་པོ་བདུད་རྩི་དང་དྲི་བཟང་གིས་བྱུགས་པ། ལས་དང་མཐུན་པའི་སྣུམ་གྱིས་སྣེ་གཉིས་བྱུགས་པའོ། །སྲེག་རྫས་ཀྱི་གཙོ་བོ་མར་ཁུ་ནི། ཞི་སོགས་གསུམ་ལ་བ་དམར་སེར་སོགས་ཀྱི་མར་ཁུ་གསར་པ་མངར་གསུམ་གྱིས་སྦགས་པ། དྲག་པོར་མར་ཁ་ཚ་བ་དང་ཏིལ་དང་ཡུངས་ཀར་གྱི་མར་ཁུའོ། །གཞན་ཡང་སྲེག་རྫས་ཀྱི་གཙོ་བོ་སྡིག་པ་ཞི་ཕྱིར་ཏིལ། བགེགས་གཞོམ་པར་ཡུངས་ཀར། བདེ་བ་རྒྱས་ཕྱིར་ཟས་མཆོག་སྟེ་མར་ཁུར་ཕྱེ་བཏབ་པའི་འོལ་སྐོམ་མངར་


MR05_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྦྱར་བའམ། དེ་འོ་ཞོ་དང་སྦྱར་བའི་ཞོ་ཟན། བསོད་ནམས་རྒྱས་ཕྱིར་འབྲས། འདི་ལ་སྦུན་བཅས་འབྲས་སོ་བ་བྱུང་ནའང་ལེགས། ནོར་རྒྱས་ཕྱིར་སོ་བ། ཤུགས་འཕེལ་བྱེད་ནས། སྟོབས་འཕེལ་སྲན་མ། ནད་འཇོམས་གྲོ། ཚེ་རྒྱས་བྱེད་དཱུར་བ། རྫས་ཐམས་ཅད་དག་བྱེད་དམ་སྲུང་བྱེད་ཀུ་ཤ་རྣམས་གཙོ་བོ་ཡིན་ལ། དེར་མ་ཟད་བཀྲ་ཤིས་པའི་རྫས་འབྲུ་དང་སྨན་དང་རིན་པོ་ཆེ་དང་འབྲས་བུ་དང་མེ་ཏོག་སོགས་ཅི་འབྱོར་བ་བཤམས་པ་སྲེག་རྫས་སུ་འབུལ་རུང་ངོ་། །གཞན་ཡང་ལས་སོ་སོ་ལ་བསྔགས་པ། པདྨ་དཀར་པོའི་སྦྱིན་སྲེག་འབུམ་གྱིས་སངས་རྒྱས་དང་བྱང་སེམས་ཀྱི་ཞལ་མཐོང་བ། བིལ་བའི་སྦྱིན་སྲེག་གིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་སྒྲུབ་པ་སོགས་ཤིན་ཏུ་མང་པོ་རྒྱུད་རྣམས་སུ་གསུངས་པ་ལས་དེ་དང་དེ་དག་བསྒྲུབ་ན་དེ་ལྟར་དགོས་སོ། །འབྲས་བུ་རྣམས་ཕྱར་བཀྲབ་ཆུས་བཀྲུས་ནས་རྡོ་དང་སྦུན་པ་སོགས་རྫས་དེ་དག་ལས་གཞན་གྱི་སླད་མེད་གཙང་མ་བྱ། འདུལ་བའི་ཚེ་ཞི་སོགས་གསུམ་ལ་སྲེག་རྫས་ཀྱི་སྣོད་ལག་གཡོན་དུ་ཐོགས་གཡས་པའི་མཐེབ་སྲིན་སྦྱར་བས་བླངས་ནས་མཆོག་སྦྱིན་གྱི་ཕྱག་རྒྱས་འབུལ་བར་བྱ་སྟེ། རྒྱུད་ཀརྨ་མཱ་ལེ་ལས། མཐེ་བོང་སྲིན་ལག་སྦྱར་བ་ནི། །བཀྲ་ཤིས་པ་ཞེས་བྱ་བ་སྟེ། །དེ་ཡིས་རྫས་རྣམས་ཀུན་བླངས་ཏེ། །ཞེས་གསུངས་པ་བཞིན་


MR05_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །འདིར་གསང་བ་སྤྱི་རྒྱུད་ལས། ནས་དང་སྦྲང་རྩི་འོ་མ་མར་འབྲས་ཡོས་འོ་ཐུག་དཱུར་བ། མྱུ་གུ། ཀུནྡ། ཙུ་ཏའི་ལོ་མ་རྣམས་དང་། ཤིང་ཨུ་དུམ་བ་ར། ཨ་ཤད། བླ་ཤ ཤ་མྱའི་ཤིང་རྣམས་ཞི་བ། འོ་ཐུག ཞོ། ལག་པ་ན། འོ་མ། ནས་དཀར། ཏིལ། སྒྲོན་ཤིང་། བླུ་ཏེ། ཉེ་ཤིང་། ནཱ་ག་པུཥྤ། བིལ་འབྲས། འབྲུ་རིགས་རྣམས་རྒྱས་པའི་སྲེག་རྫས། ཡུངས་ཀར། སྐེ་ཚེ། ཁྲག ཡུངས་མར། དུག་རིགས། རུས་ཕྱེ། དུར་ཁྲོད་ཐལ་བ། སྐྲ་གཏུབ་པ། ཀོ་བི་དར། མགལ་དུམ། སེང་ལྡེང་། ཨ་རིསྟ། ཚེར་མ་ཅན་སོགས་དྲག་པོའི་སྲེག་རྫས་དང་ཡམ་ཤིང་དུ་གསུངས་སོ། །ཡང་གཞན་ལས། དབང་གི་སྲེག་རྫས་མངར་གསུམ་དང་ཤིང་ཐོག་སྣ་ཚོགས། ལྕགས་ཀྱུ་ལྟ་བུའི་མེ་ཏོག་དམར་པོ་སོགས་དབང་གི་སྲེག་རྫས་སུ་གསུངས། ཡང་རྒྱུད་གཞན་ལས། ཞི་བའི་སྲེག་རྫས་ནི། འབྲས་སོགས་འབྲུ་དཀར་པོའི་རིགས། དཀར་གསུམ། སྦྲང་རྩི། བདུད་རྩི་ལྔ་རྣམས་སོ། །རྒྱས་པར་ཏིལ་དཀར། འབྲས་དང་ནས། མར་ཁུ་མངར་གསུམ། ཞོ་ཟན། མེ་ཏོག་བརྒྱ་པ། བིལ་འབྲས། མེ་ཏོག་པདྨ། ནཱ་ག་གེ་སར། མེ་ཏོག་སེར་བོའི་རིགས། འབྲུ་སྣ། དར་ཟབ། རིན་ཆེན་སྣ་ཚོགས་སོགས་སོ། །དབང་ལ།


MR05_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཚྭ། མངར་སྐྱུར་གྱི་ཤིང་ཐོག་སྣ་ཚོགས། ཏིལ་དམར་ནག །པྲི་ཡང་ཀུ། ནཱ་ག་གེ་སར། ཙམ་པ་ཀ །དམིགས་བྱའི་ཟག་རྫས་བསྲེས་པའི་རཱུ་པ་དམར་པོ། འདོད་ཆུ། ཨ་ཤོ་ཀ །བ་ལུ་ཀ །པྲ་ཎ། མེ་ཏོག་བརྒྱ་པ། སྦྲང་རྩི་ཆང་། དར་དམར། རང་ཁྲག །བདུད་རྩི་ལྔ་རྣམས་སོ། །མངོན་སྤྱོད་སྤྱིའི་སྲེག་རྫས། ཏིལ་ནག །མོན་སྲན་གྲེའུ། འབྲས་བུ་ནག་པོ། མར་ཁུ་ཁྲག་བཅས། ཤིང་སོགས་ཚེར་མ་ཅན། ཁ་བ་དང་ཚ་བའི་ཤིང་ཐམས་ཅད། རུས་པ། དྲི་ཆེན། བོང་བུའི་སྦང་དང་སྤུ། ཁྱི་ཡི་རྟུག་པ། ཁྱིའི་སྤུ་དང་སེན་མོ། འབྲུ་མར་རྣམས་སོ། །ཞེས་གསུངས། འདི་དག་འབུལ་བའི་སྔགས་ནི། མར་ཁུ་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ཞེས་དང་། འབྲས་ལ་བཛྲ་པུཥྚ་ཡ་སོགས་སྦྱིན་སྲེག་གི་ཡིག་ཆ་ཡོངས་གྲགས་སུ་གསལ། ཡུངས་ཀར་ལ། ཨོཾ་སརྦ་ཨརྠ་སིདྡྷ་ཡེ་སྭཱ་ཧཱ། ཀུ་ཤ་ལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད། རྫས་ཆེན་བཅུ་གཉིས་སོ་སོའི་སྔགས་ཀྱིས་འབུལ་མཐར། སོ་སོར་འདོད་གསོལ་སྦྱར་ན། ཡམ་ཤིང་ལ་གཟི་བརྗིད་ཕུན་སུམ་ཚོགས་པ་མར་ཁུར་འབྱོར་བ་ཕུན་སུམ་ཚོགས་པ་སོགས་ཡོངས་གྲགས་ལྟར་དང་། ཡུངས་ཀར་ལ། བགེགས་མེད་པ། ཀུ་ཤ་ལ་བསྲུང་བ་ཕུན་


MR05_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་ཞེས་སྦྱར། དེ་ཡང་ཞི་བའི་སྐབས་སུ། ཡུངས་ཀར་ལ་མཚོན་ན། བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སམ། བགེགས་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སོགས་འགྲེ། རྒྱས་པར། བགེགས་མེད་པ་ཕུན་སུམ་ཚོགས་པ་པུཥྚིཾ་ཀུ་རུ་ཡེ་ཨོཾ། དབང་ལ་བགེགས་མེད་པ་ཕུན་སུམ་ཚོགས་པ་དང་སྣང་སྲིད་ཐམས་ཅད་ཝ་ཤང་ཀུ་རུ་ཧོ། དྲག་པོར་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊཿ ཅེས་སམ། བགེགས་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་ཁ་བསྒྱུར་མཐའ་རྟེན་ནི་ཞི་རྒྱས་དབང་གསུམ་ལ་ཤཱནྟིཾ་སོགས་ཀྱི་རྗེས་སུ་སྭཱ་ཧཱ་དང་། དྲག་པོར་མཱ་ར་ཡ་ཕཊ། ཅེས་བརྗོད་པའང་ཡོད། འདི་རྣམས་འོག་ཏུའང་འཆད་དོ། །ཡང་རྡོ་རྗེ་རྩེ་མོ་ལས། ཚེ་རྒྱས་ཕྱིར་དཱུརྦའི་མྱུ་གུ་མར་གྱིས་བྱུགས་པ་རྡོ་རྗེའི་ཕྱག་རྒྱས་བསྲེག་སྟེ། ཨོཾ་བཛྲ་ཨཱ་ཡུཿཥེ་སྭཱ་ཧཱ། ཞེས་བརྗོད་ཚེ་འཕེལ། ཚེར་མ་ལ། ཨོཾ་བཛྲ་ཨཱ་ཀརྵ་ཡ་སྭཱ་ཧཱཿ ཞེས་བསྲེག་དགུག་པ་འགྲུབ། འབྲུ་བདུན་ནམ། ཡང་ན་རིན་ཆེན་རྣམས། ཨོཾ་མ་ཎི་རཏྣ་ཀྲ་མ་ཀཱ་ཡ་སྭཱ་ཧཱ། ཞེས་བསྲེག་ནོར་སོགས་འཕེལ། མེ་ཏོག་དང་འབྲས་བུ་དམར་པོའི་རྫས་ཀྱིས་དབང་དུ་བྱེད་དེ། ཧཱུྃ་བཛྲ་པཱ་ཤ་ཡ་ཛཿ ཞེས་པའི་སྔགས་ཀྱིས་


MR05_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། འདོད་པའི་མེ་ཏོག་དང་འབྲས་བུ་བསྲེག་ལ། ཨོཾ་བཛྲ་ཀ་མ་རཱུ་པ་ཎེ་སྭཱ་ཧཱ། ཞེས་པས། འདོད་པའི་གཟུགས་ཅན་དུ་འགྱུར། དྲག་པོའི་མེར་ནམ་མཁའ་སྟོབས་ཀྱི་མེ་ཏོག་བསྲེག་ལ། ཨོཾ་བཛྲ་ཁེ་ཙ་རེ་ན་སྭཱ་ཧཱ། ཞེས་པས་མཁའ་ལ་སྤྱོད་པ་འགྲུབ། སྨྱུག་མའི་འབྲས་བུ་ལ། ཨོཾ་བཛྲ་ཨ་ཏྲི་ཥ་སྭཱ་ཧཱ། ཞེས་བསྲེག་མི་སྣང་བ་འགྲུབ། ཐབ་རྡོ་རྗེའི་དབྱིབས་སུ་བསྐོས་པར། ཤིང་ཁབ་ཡི་བུད་ཤིང་གི་མེར་ཁྲོས་པས་རྡོ་རྗེའི་ཏིལ་གྱི་མེ་ཏོག་མེ་ཏོག་ལ། ཨོཾ་བཛྲ་ཨཱ་ཛྙཱ་ཀ་རཱ་ཡ་སྭཱ་ཧཱ། ཞེས་བསྲེག་མངག་གཞུག་པ་འགྲུབ་གསུངས། རྫས་སྣ་ཚོགས་བསྡུས་པའི་རྫས་སྤུངས་ལ། ཨོཾ་ཨགྣ་ཡེ་དི་བྱ་སོགས་ཀྱིས་འབུལ། རྫས་བསྡུ་ན་ཡམ་ཤིང་མར་ཁུ་མེ་ཏོག་གསུམ་གྱིས་འཐུས་པར་ཡང་གསུངས། ལས་མཐུན་གྱི་མེ་ཏོག་དང་། ཏིལ་སོགས་ལས་གང་ལ་བསྔགས་པའི་རྫས་དེ་གྲངས་མང་འབུལ་ན། རྫས་དེ་ལྷ་གང་ཡིན་གྱི་རྩ་སྔགས་ཁོ་ནས་འབུལ་ཆོག །གང་འདོད་འདོད་གསོལ་བྱ། དྲག་པོའི་སྲེག་བླུགས་རྫས་བཅུ་གཅིག་གམ་བཅུ་གཉིས་ཅན་སྤྱི་ལྟར་སྲེག་བླུགས་བྱ་བ་གསར་རྙིང་སྤྱི་ལ་སྣང་། ལིང་ག་མིང་རུས་ཅན་ཤ་ཁྲག་ལ་སོགས་དྲག་པོའི་རྫས་བདུན་དམིགས་བསལ་ཏེ་དྲག་པོའི་སྦྱིན་སྲེག་བྱེད་པ་རྙིང་མའི་གནུབས་ལུགས་སོགས་ཀྱི་མན་


MR05_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཏུ་སྣང་། གང་ལྟར་ཡང་ཞི་དྲག་གི་སྦྱིན་སྲེག་གང་རུང་གི་གཞུང་བསྲིང་ལ། ཆེད་དུ་བྱ་བའི་རྫས་དེ་དང་རྩ་སྔགས་ལས་ཤམ་ཅན་གྱིས་གྲངས་གང་དགོས་ཕུལ་ཏེ་ལས་གང་འདོད་བསྒྲུབ་པར་བྱ། དེ་དག་མཚོན་ཙམ་བརྗོད་ན། འཇག་མའི་ཡམ་ཤིང་གི་མེ་ལ་ཏིལ་གྱི་སྲེག་བླུགས་ཀྱིས་སྡིག་པ་གཞོམ། གུ་གུལ་དང་ཡུངས་ཀར་གྱི་སྲེག་བླུགས་ཀྱིས་བགེགས་གཞིལ། འོ་མ་མར་སྦྲང་རྩི་དཱུརྦ་འབྲས་སོ་བའི་སྦྱིན་སྲེག་གིས་ལས་དྲག་པོ་བྱས་པ་ཞི་ཞིང་གསོ་འབྲས་སོ་བ་ནི་བསད་བསྐྲད་སྨྱོ་བའི་ལས་བྱས་པ་ཐམས་ཅད་སླར་གསོ་བ་ཞི་བའི་སྦྱིན་སྲེག་གི་རྫས་སུ་གསུངས་སོ། །དགྲོལ་ཞིང་གསོ་བའི་སྔགས་ཀྱི་མཐའ་བསྒྱུར་ནི། ཨོཾ་མུ། ཞེས་ཀུན་ཏུ་ངེས་པའོ། །ཏིལ་དཀར་པོ། འབྲས་དཀར་མར་བསྲེས་ལན་བརྒྱད་སྟོང་བསྲེག་ན་ནོར་དང་འབྲུ་འཕེལ། ཤ་ཆེན་འོ་མ་དང་བཅས་པའི་སྲེག་བླུགས་ཀྱིས་རྒྱལ་སྲིད་འགྲུབ། མི་དང་བ་ལང་ཅེ་སྤྱང་གི་ཤ་ཆང་དང་འོ་མར་བཅས་པའི་སྲེག་བླུགས་ཕུལ་ན་གླིང་བདུན་གྱི་རྒྱལ་སྲིད་བྱེད་པར་འགྱུར། ཝ་ཡི་ཤའི་སྲེག་བླུགས་བརྒྱས་ཟླ་བ་གསུམ་ནས་དབུལ་བ་མེད་པར་བྱེད། བའོ་སོགས་འོ་མ་དང་སྦྲང་རྩིའམ་མངར་གསུམ་སྦྱར་བའི་སྦྱིན་སྲེག་གིས་ཤེས་རབ་འཕེལ། ཏིལ་མར་དང་པྲི་ཡང་ཀུ་མར་བསྲེས་སྟོང་ཕྲག་བརྒྱད་ཀྱི་སྲེག་བླུགས་ཀྱིས་མཆོག་ཏུ་སྐལ་བ་བཟང་པོར་འགྱུར།


MR05_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལང་གི་ཤ་ཉིད་ཁྲག་གིས་བགོས་པ་སྟོང་གི་སྲེག་བླུགས་ཀྱིས་གང་འདོད་དབང་དུ་བྱེད་དེ་ཇི་སྲིད་འཚོའི་བར་དུའོ། །བ་ལང་གི་ཤ་ཆང་གིས་བྱུགས་པ། ལག་གཡོན་པས་སྲེག་བླུགས་སྟོང་ཕྲག་གཅིག་ཕུལ་ན། སངས་རྒྱས་དང་ལྷ་ཀླུ་སོགས་ཀྱང་དབང་དུ་བྱེད་ན་མི་ལྟ་ཅི་སྨྲོས། ཡང་རང་གི་ལུད་པ་སོ་ཤིང་མིག་རྣག །རྣ་སྦབ་མཆིལ་མ་བཤང་གཅི་བཅས་ལུས་ཀྱི་དྲི་མ་རྣམས་དང་། དྲིལ་ཕྱིས་ཆང་བཏགས་ཀྱི་སྲེག་བླུགས་ཀྱིས་འཇིག་རྟེན་དབང་དུ་བྱེད་དོ། །ཟླ་མཚན་དང་བཟའ་བ་ཟོས་པའི་སྐྱུགས་པ་མི་སྐྲ་བཅས་ཀྱི་སྲེག་བླུགས་ཀྱིས་ད་ལྟར་འགུག་པར་བྱེད་དོ། །ཞེས་འདི་རྣམས་མཁའ་འགྲོ་རྒྱ་མཚོ་སོགས་རྒྱུད་རྣམས་ལས་གསུངས་སོ། །དྲག་པོའི་བསྲེག་རྫས་ལ། དུག་ཁྲག་མར་ནག་མི་རུས་ཚེར་མ་ཅན་གྱི་ཤིང་། ཕུབ་མ་མི་སྐྲ་བཅས་ཕྱེད་གཉིས་སུ་ཁ་ལྷོར་བལྟས་ཏེ་སྲེག་བླུགས་བྱས་ན་དགྲ་བགེགས་བརླག་པར་བྱེད། དྲག་པོའི་ཐབ་རུ་སྦལ་ཤ་བསྲེག་ན་དགྲ་བོ་མཛེས་འཛིན། དེ་བཞིན་བསེ་ཞོས་ལྐུགས། སྲམ་ཤས་སྦོས་གྲིར་གསོད། ཡང་བཟློག་པར་འདོད་ན་མེ་ཐབ་ཏུ། སྒོག་སྐྱ་མུ་ཟི་གུ་གུལ་བསྲེག་ན་དགྲ་བགེགས་རིམས་ཀྱིས་འདེབ། བསེ་ཞོ་བསྲེག་ན་གདོན་ཁྲག་ཏུ་སྐྱུགས། བསྐྲད་པར་འདོད་ན། ཡུངས་མར། ཁྲེ། མོན་སྲན། ཁྲག །ཁོའི་རྐང་རྗེས་ཀྱི་རྡུལ། ཡུངས་ཀར།


MR05_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཁྭ་ཡི་ཚང་ཤིང་། ཁྭ་ཡི་གཤོག་པ། ནིམ་པ། རྔ་མོའི་རྟུག་པ་རྣམས་ཆང་དང་སྦྱར་བ་ཁ་རླུང་དུ་བལྟས་ཏེ་བསྲེག་བླུགས་བྱ། ཡང་ཁྱི་ཤ་སྦལ་ཤ་ཁྱིམ་བྱའི་ཤ །རྔ་མོའི་རྟུག་པ་རྣམས་བྱི་ལའི་ཁྲག་གིས་བྱུགས་ཏེ་བསྲེག་ན་གྲོང་སྐྲོད་པར་བྱེད་དོ། །སྨྱོ་བྱེད་ཤིང་གི་མེ་ལ་ནིམ་པའི་ལོ་མ་སྦྲུལ་ལྤགས་བྱ་རོག་འུག་བའི་ཚང་ཤིང་བཅས་བསྲེག་ན་དབྱེ་བར་བྱེད་དོ། །ཡང་བྱ་རོག་དང་འུག་པའི་ཤའམ་སྒྲོ། རྨ་བྱའི་ཤའམ་སྒྲོ། སྦྲུལ་གྱི་ཤའམ་ཤུན་པ། མི་སྐྲ། འབྲས་ཕུབ། མ་ཧེ་དང་རྟའི་ཤ །ནིམ་པའི་ལོ་མ། བྱ་རོག་འུག་པའི་ཚང་ཤིང་བསྲེག་པས་དབྱེ་བར་བྱེད་དོ། །ཡུང་བ། ལྡོང་རོས། བ་བླ། གི་ཝཾ་རྣམས་ཁ་བྱང་དུ་བསྟན་ཏེ་བསྲེག་ན་རེངས་པར་བྱེད། འདི་དག་རེངས་པའི་རྫས་སུ་བྱུག་རྒྱུ་ལའང་འགྲོའོ། །ཡང་རྫས་དེ་རྣམས་དང་། ཉ་དང་ཤ་སོགས། བག་ཕྱེ། འབྲུ་སྣ། ཁྲག་རིགས་རྣམས་སྦྲང་རྩིས་བསྡུས་པ་དང་། ཁྭ་གཤོག །ཁྲའི་ཚང་ཤིང་རྣམས་ཀྱང་རེངས་པའི་བསྲེག་རྫས་སོ། །སྨྱོ་བར་བྱེད་ན། བྱ་རྒོད་ཤ །ཚྭ། ཤ་ཆེན། དྷ་ཏུ་ར་སོགས་དུག་སྣ། ཕུབ་མའི་མེར་བསྲེག་པས་སོ། །དེ་ལ་སོགས་པ་ལས་སྣ་ཚོགས་བསྒྲུབ་པའི་བསྲེག་བླུགས་འབུལ་བའི་རྫས་སྣ་ཚོགས་རྒྱུད་སྡེ་མང་པོར་གསུངས་པ་དེ་དང་དེར་ཤེས་པར་བྱའོ། །གསུམ་པ་སྦྱིན་སྲེག་ལ་ཉེ་བར་མཁོ་བའི་ཡོ་བྱད་ཀྱི་


MR05_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ལས་དགང་གཟར་ནི་གསེར་རམ་ཟངས་སམ་མཆོད་སྦྱིན་གྱི་ཤིང་ལས་བྱས་པ། ཡུ་བ་སྐྱེས་བུ་ཚད་ལྡན་གྱི་མཐེ་བོང་གི་སོར་ཉེར་བཞི་ཡོད་པ། ལག་གཡོན་རྡོ་རྗེ་ཁུ་ཚུར་གྱིས་བཟུངས་བདེ་བ་ཡུ་བའི་རྩེར། རྒྱར་སོར་བཞིའི་ཚད་ཀྱི་གྲུ་བཞི་པ་ཟབས་སུ་སོར་གཉིས་དམའ་བ་ལ་རྡོ་རྗེ་རྩེ་སོར་གཉིས་པས་མཚན་པ། གྲུ་བཞི་དེའི་སྟེང་གི་རྒྱར་སོར་ཕྱེད་པའི་རྡོ་རྗེའི་ཕྲེང་བའམ། ཡང་ན་གྲུ་བཞིའི་སྟེང་པད་འདབ་དབྱིབས་ཅན། སོར་བཞིའི་ཟབས་སུ་མཐེའུ་ཆུང་གི་ཚད་ལ་སོར་བཞི་རྡོ་རྗེས་མཚན་པ། ཡང་ན་ཡུ་བའི་རྩེར་པད་འདབ་རྣམ་པ་སྲིད་དུ་སོར་བརྒྱད་ཚད་ཅན་ཇི་མཛེས་ལ། རྒྱར་སོར་བཞི་ཟབས་སུ་སོར་གཉིས་དམའ་བའི་དབུས་སུ་རྡོ་རྗེ་སོར་བཞི་རྩེ་གསུམ་མམ་ལྔས་མཚན་པ། སྲིད་དུ་བཅུད་འཛག་པའི་བུ་ག་མཐེ་བོང་ངམ་མཐེའུ་ཆུང་གི་ཚད། དེ་སྟེང་རྡོ་རྗེ་རྩེ་གསུམ་སོར་བཞི་པའོ། །ཡུ་བའི་འོག་ཏུ་རིན་པོ་ཆེ་སོར་ཟུར་བརྒྱད་ཆང་ཟུང་གསུམ། དེ་འོག་རྡོ་རྗེ་སོར་གསུམ་བཅས་པའོ། །བླུགས་གཟར་ནི་རྒྱུ་སྔར་སྨོས་ལས་བྱས་པ། དགང་གཟར་གྱི་ཡུ་བའི་ཕྱེད་ཙམ་དུ་ཕྲ་བ། ཁྲུ་གང་བའི་ཡུ་བའི་རྩེར་པད་འདབ་ལྟ་བུ་རྒྱར་སོར་གཉིས་ཟབས་སུ་སོར་གཅིག་པའི་དབུས་རྡོ་རྗེས་བརྒྱན་པ། དེའི་ཡུ་བའི་རྩ་བར་རིན་པོ་ཆེ་དང་རྡོ་རྗེ་དགངས་གཟར་ཇི་ལྟ་བ་བཞིན་ནོ། །དུས་འཁོར་རྒྱུད་ལས་དགངས་གཟར་ནི་ཡུ་བ་ཁྲུ་གང་བའི་རྩེར་སྙིམ་པ་ལྟ་བུའི་དབྱིབས་དང་། བླུགས་


MR05_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གཟར་རྩེ་མོ་ཁྱོར་བ་ལྟ་བུ་བྱ་ཞེས་གསུངས་མཆན། ཡང་གཤིན་རྗེ་གཤེད་དགྲ་ནག་གི་རྒྱུད་ལས། དགང་གཟར་ཡུ་བ་སོར་བཅུ་དྲུག །དེ་མན་སོར་བཞི། ཟབས་སོར་གཉིས། ཟུར་གསུམ་དབུས་སོར་གཉིས། རྩེ་གསུམ་ཕྲེང་བས་བསྐོར་བ་སོགས་དང་། བླུགས་གཟར་ཡུ་བ་སོར་བཅུ་བཞི། ཟབས་སོར་གཅིག་པ་གྲུ་གསུམ། ཡུ་བའི་མཐར་རྩེ་གསུམ་གདེངས་པ་འདི་དག་དྲག་པོའི་གཟར་བུར་གསུངས་སོ། །དགང་གཟར་བླུགས་གཟར་གཉིས་མེད་ན་བླུགས་གཟར་ཁོ་ནས་ཀྱང་འབུལ། དེ་བཞིན་དགང་གཟར་ཁོ་ནས་གཉིས་ཀ་ཕུལ། དེ་གཉིས་ཀ་མེད་ན་ལག་པའི་སོར་མོ་ལྔ་སྦྱར་བས་དགང་བླུགས་འབུལ་ཞིང་། སོར་མོ་གསུམ་སྦྱར་བས་ཅིག་ཤོས་སྲེག་བླུགས་འབུལ་ཞིང་རྒྱུད་ལས་གསུངས། ཤིང་པི་པ་ལའི་ལོ་མས་ཀྱང་སྲེག་བླུགས་གཉིས་ཕུལ་ལོ་གསུངས། གཞན་རྡོར་དྲིལ་སོགས་དང་། དུང་ཆོས་སུ་དྲི་བཟང་གི་ཆུ། ཀུ་ཤའི་འཐོར་གཡབ། རླུང་གཡབ། ཀུ་ཤའི་ཆུན་པོ་བརྒྱད། སྒྲུབ་པོ་དང་ཐབ་ཀྱི་བར་དུ་དཀར་ཞལ་གྱིས་བྱུགས་པའི་མེ་ཡོལ་བཞག །འདི་མེ་དུག་བསྲུང་བའི་ཕྱིར་ཏེ། གངས་རི་དང་བཾ་ཡིག་བཀོད་པའང་བླ་མ་གོང་མའི་ཕྱག་བཞེས་མཛད། འདི་གངས་ཏི་ཙེར་བསྒོམ་གསུངས། དེ་ཡང་རང་གི་གཡོན་ཐབ་ཀྱི་གཡས་སུ་སྟེགས་བུ་ཁེབ་ལྡན་ལ་གཏོར་མ་གཉིས། ཆུ་གཉིས་ཉེར་སྤྱོད་དང་། བླ་མེད་ཀྱི་ལྷའི་སྦྱིན་སྲེག་ཡིན་ན། ནང་མཆོད་དམ། སྨན་རཀ་


MR05_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་རྩི་ན་བཟའ་སོགས་བཤམས། རང་གི་གཡས་ཐབ་ཀྱི་གཡོན་དུ་སྟེགས་བུ་ཁེབ་ལྡན་ལ། ཡམ་ཤིང་། མར་ཁུ་སོགས་སྲེག་རྫས་གང་འོས་དང་། ཕྱོགས་གང་བདེར་མེ་ཁ་གསོ་བའི་བུད་ཤིང་ང་གཡབ། རང་མདུན་རྡོར་དྲིལ་ནས་བཟེད་སོགས་བཤམ་མོ། །ལྔ་པ་སྦྱིན་སྲེག་གི་མེ་ནི། ཐོག་མར་སྦར་བའི་ཚེ། ཞི་བར་འོ་མ་ཅན་གྱི་ཤིང་སོགས་གཙུབ་ཤིང་གི་མེའམ། དགོན་པའི་མེ། ཡང་ན་བྲམ་ཟེའི་རྒྱུན་བཞག་གི་མེ། དེ་ལྟར་མ་བྱུང་ན་ཁྱིམ་བཀྲ་ཤིས་པ་སྐབས་སུ་མྱ་ངན་མེད་པའི་ས་ནས་མེ་བླངས་ལ་སྦར། རྒྱས་པར་རྒྱལ་པོའམ་རྒྱལ་རིགས། དགེ་འདུན་ཚང་མང་གི་མེ་གང་རུང་ངམ། ནགས་མེས་ཚིག་པའི་མེ། ཡང་ན་ནོར་བུ་ལས་བྱུང་བའི་མེ་སྦར། དབང་ལ་སྨད་འཚོང་མའམ། རྗེ་རིགས་ཀྱི་ཁྱིམ་ནས་བྱུང་བའི་མེ། དབང་གི་དགུག་པར་གར་མཁན་ནམ་མགྲོན་པོས་བུས་པའི་མེ་སྦར། དྲག་པོར་མི་རོ་བསྲེག་པའི་མེའམ་དུར་ཁྲོད་ཀྱི་མེའམ། ལྕགས་རྡོ་གཙུབས་པའམ། སྡིག་ཅན་དང་གདོལ་བའི་ཁྱིམ་གྱི་མེ་བླངས་ལ་སྦར། དྲག་པོའི་དགུག་པ་ལའང་མེ་དེ་དག་གིས་སྦར་རོ། །ལས་ཐམས་ཅད་པ་ནི་ལས་སོ་སོ་དང་མཐུན་ནོ། །དྲུག་པ་སྦྱིན་སྲེག་བྱེད་པའི་དུས་སུ་ཕྱོགས་གང་དུ་ཁ་བལྟ་བ་ནི། ཞི་བ་ཤར་དུ་ཁ་བལྟ། དེ་བཞིན་རྒྱས་པར་བྱང་དབང་ལ་ནུབ་བམ་ཕྱོགས་ཀུན་ཏུ་བལྟས་ནས་ཀྱང་


MR05_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། དྲག་པོར་ཁ་ལྷོ་ཕྱོགས་སུ་བལྟས་ཏེ་འདུག་པར་བྱའོ། །གསང་བ་སྤྱི་རྒྱུད་ལས། ཁ་བྱང་བལྟས་ཞི་བ་ཤར་བལྟས་རྒྱས་བར་ཡང་གསུངས། ཅིས་ཀྱང་ཁ་ལྟ་ཕྱོགས་སྟབས་མ་བདེ་ན་ཕྱོགས་རྣམས་རང་བཞིན་གྱིས་མ་གྲུབ་པས་ཡིད་ཀྱིས་ཕྱོགས་དེར་ཁ་བལྟས་པར་བསམས་པར་བྱ། དཀྱིལ་འཁོར་གྱི་དབང་དུ་བྱས་ན། དཀྱིལ་འཁོར་དེའི་ཤར་ཕྱོགས་སུ་ཞི་བ། ལྷོར་རྒྱས་པ། ནུབ་ཏུ་དབང་དང་དབང་གིས་དགུག་པ། བྱང་དུ་མངོན་སྤྱོད་དང་མངོན་སྤྱོད་ཀྱི་དགུག་པ་བྱ་གསུང་། ཡང་གཞན་དུ་ལྷོར་མངོན་སྤྱོད། བྱང་དུ་རྒྱས་པར་བཤད་པའང་སྣང་། རང་མདུན་ཤར་དུ་ཕྱོགས་པའི་མདུན་དེ་དཀྱིལ་འཁོར་གྱི་མདུན་ནམ་ཤར་ཡིན་པ་སོགས་ཤེས་པར་བྱ། རེངས་སོགས་དྲག་པོར་གཏོགས་པར་བྱས་ཀྱང་རུང་ལ། ཡང་ན་དགུག་པར་སྟེང་དུ་བལྟ་ཞེས་དང་། ཡང་རེངས་བར་དབང་ལྡན་དུ་ཁ་བལྟ། རྒྱན་དང་ཐབ་སོགས་ཞི་བ་འདྲ་གསུངས། ལ་ལར་སེར་པོར་བཤད། བསྐྲད་པར་མེར་བལྟ། རྔ་མོང་རུས་པ་སོགས་རྒྱན་དཀར་ནག་གིས་བརྒྱན། དབྱེ་བ་བདེན་བྲལ་དུ་བལྟ་ཆས་རྒྱན་སེར་པོ་བྱ། དབྱེ་བསྐྲད་ཀྱི་ཐབ་དྲག་པོ་འདྲ་བར་ཡང་གསུངས། བདུན་པ་སྦྱིན་སྲེག་བྱེད་དུས་ཆས་གོས་ནི། ཞི་བ་ལ་གོས་དང་རྒྱན་ཆས་དཀར་པོ་དྲི་བཟང་བགོས་པ་བྱ། དེ་བཞིན་རྒྱས་པར་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་གཤེར་བར་བྱས་པའི་གོས་རྒྱན་སྔོན་པོ་དྲི་ང་ཅན་བྱའོ། །


MR05_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁོར་རྒྱུད་ལས་ཞི་རྒྱས་ལ་ཆས་རྒྱན་དཀར་པོ་དང་། རེངས་པར་སེར་པོ་གསུངས་པ་རྒྱུད་དེ་ཉིད་ཀྱི་ལུགས་ཏེ། འདི་ནི་རྒྱུད་ཕལ་མོ་ཆེའི་ལུགས་ཡོངས་གྲགས་ལྟར་རོ། །བརྒྱད་པ་སྦྱིན་སྲེག་བྱེད་ཚེ་གདན་གྱི་ཁྱད་པར་ནི། ཞི་བར་བདེ་ལ་འཇམ་པའི་གདན། རྒྱས་པར་བདེ་ལ་མཐོ་བའི་ཁྲི། དབང་ལའང་བདེ་ཞིང་མཐོ་བ། དྲག་པོར་གདན་བསྲབས་བར་བྱའོ། །དགུ་པ་འདུག་སྟངས་ནི། ཞི་བར་རྡོ་རྗེའི་སྐྱིལ་མོ་ཀྲུང་། རྒྱས་པར་བཟང་པོའི་འདུག་སྟངས། དབང་ལ་པདྨའི་སྐྱིལ་ཀྲུང་། དྲག་པོར་རུས་སྦལ་གྱི་འདུག་སྟངས་ཏེ། རྐང་པ་གཡས་པས་གཡོན་པའི་པོ་ལ་མནན། པུས་མོ་གྱེན་དུ་བསླང་ནས་འདུག་སྟེ་སོས་སོ་འཆའ་ཞིང་ཁྲོ་ཚུལ་དུ་བྱའོ་གསུངས། བཅུ་པ་ལག་སྟབས་ནི། ཞི་སོགས་གསུམ་ལ་དྲིལ་བུ་དང་དགང་གཟར་དང་། སྲེག་རྫས་ཀྱི་སྣོད་ལག་གཡོན་དང་། རྡོ་རྗེ་དང་དགར་འདུག་འདྲ། བླུགས་གཟར་དང་སྲེག་རྫས་ལག་པ་གཡས་ཀྱིས་འབུལ། དྲག་པོ་ལ་ལག་པ་གཡས་གཡོན་སྔ་མ་ལས་ལྡོག་སྟེ་བྱ་ཞིང་། རྫས་ཀྱང་མཐེབ་མཛུབ་སྦྱར་བས་འབུལ། ལག་གཉིས་ཁུ་ཚུར་བྱ་བ་ཡང་། ཞི་བར་མཛུབ་མོ་བརྐྱང་གུང་སྲིན་མཐེའུ་ཆུང་གསུམ་མཐེ་བོང་གིས་མནན་པ་བྱང་ཆུབ་མཆོག་གི་ཁུ་ཚུར་རམ། རྡོ་རྗེའི་ཁུ་ཚུར། རྒྱས་པར་གུང་མོ་བསྒྲེང་། གཞན་གོང་ལྟར་བསྐུམས་


MR05_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནོར་བུའི་ཁུ་ཚུར། དབང་ལ་སྲིན་ལག་བརྐྱངས་པ་པདྨའི་ཁུ་ཚུར། དྲག་པོ་ལ་མཐེའུ་ཆུང་བརྐྱངས་པ་ཁྲོ་བོའི་ཁུ་ཚུར་གྱིས་སྲེག་རྫས་རྣམས་འབུལ། ལས་ཐམས་ཅད་ལ་རྡོ་རྗེའི་རྒྱའམ་བྱང་ཆུབ་མཆོག་གི་ཕྱག་རྒྱས་བྱའོ། །ཞི་སོགས་ལ་ཁུ་ཚུར་ཁ་གྱེན་བསྟན། དྲག་པོ་ལ་ཁ་སྦུབས་ཏེ་བྱའོ། །ཞི་སོགས་གསུམ་ལ་ལག་གཉིས་པུས་མོའི་ནང་ལས་ཕྱིར་མི་འདའ་བའི་ཚུལ་གྱིས་ཕུལ། དྲག་པོ་ལ་བུས་མོའི་ཕྱི་རོལ་དུ་འདས་ནས་ཕུལ་ལོ། །བྱོན་སྐྱེམས་ཀྱི་དགང་བླུགས་འབུལ་ཚེ་ཞི་སོགས་གསུམ་ལ་དགང་བླུགས་ཀྱི་གཟར་པུ་གཉིས་པོ་ཁ་སྦྱར་ནས་གཡས་སུ་ལན་གསུམ་བསྐོར་ཚུལ་བྱས་ལ་ཕུལ། དྲག་པོར་གཡོན་དུ་བསྐོར་ནས་ཕུལ་ལོ། །བཅུ་གཅིག་པ་མིག་གི་ལྟ་སྟངས་ནི། ཞི་བའི་དུས་སུ་ལྟ་སྟངས་འཇམ་ལ་ཞི་བ། རྒྱས་པར་བརྗིད་པ། དབང་ལ་ཟུར་མིག་དང་སྒེག་པ། དྲག་པོར་སྡང་མིག་སོགས་རྔམས་ཞིང་རྩུབ་པའོ། །དེས་མཚོན་ལུས་ཀྱི་སྤྱོད་ལམ་དང་ངག་གི་རྣམ་པའང་དེ་དང་ཆ་འདྲ་བ་ཤེས་པར་བྱའོ། །བཅུ་གཉིས་པ་སྦྱིན་སྲེག་བྱེད་དུས་སྟངས་སམ་སྐབས་དེ་དག་གི་སེམས་ནི་སྤྱི་སེམས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་མཉམ་པ་ལས་མ་གཡོས་ཀྱང་། ཞི་བའི་སྐབས་སུ་ཞི་ཞིང་དངས་ལ་མི་འཁྲུགས་པའི་སེམས་སུ་བྱ། དེ་བཞིན་རྒྱས་པར་དགའ་ཞིང་ཚིམ་པ། དབང་ལ་དགྱེས་ཤིང་ཆགས་པ། དྲག་པོ་ལ་


MR05_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བྱར་ཁྲོ་གཏུམ་གྱི་སེམས་སུ་བྱའོ། །བཅུ་གསུམ་པ་ཏིང་ངེ་འཛིན་གྱི་དམིགས་པ་ནི། སྦྱིན་སྲེག་གི་ཆོ་ག་ལ་ཚད་ལྡན་གྱི་གཞུང་ལས་ཇི་སྐད་བཤད་པ་ལྟར་སྦྱོར་དངོས་རྗེས་ཀྱི་དམིགས་པ་རྣམས་གསལ་ལ་མ་ཡེངས་པར་བྱ་བ་དང་། ཁྱད་པར་ལྷ་རྣམས་ཀྱི་ཞལ་དུ་གྱུར་པའི་འཇིག་རྟེན་པའི་མེ་ལྷ་ལས་སོ་སོ་དང་མཐུན་པའི་ཆ་ལུགས་ཅན་དུ་གསལ། སྤྱན་དྲངས་ནས་བསྟིམ་པ་ལ་མཆོད་པ་ཕུལ། བསྟོད་པ་བྱ་འདོད་དོན་གསོལ། དེ་ནས་མེ་ལྷ་འབར་བའི་རྣམ་པར་གྱུར་པའི་མེ་ཡི་ནང་དུ། འཇིག་རྟེན་འདས་པའི་ལྷ་གང་བྱེད་དེ་བསྒོམ་བསྟིམ་མཆོད་པ་འབུལ་བའམ། ཡང་ན་མེ་ལྷའི་ལྟོ་བར་ལྷ་རྣམས་བསྐྱེད་པ་དང་། ཡང་ན་མེ་འབར་བའི་ནང་གི་ཤར་ལྷོར་མེ་ལྷ་ལས་གཉེར་ལྟ་བུར་བཞག་ནས་མེ་ནང་ལྷ་བསྐྱེད་པ་གསུམ་ཆོ་ག་སོ་སོའི་གཞུང་ལྟར་བྱ། གང་ལྟར་ཀྱང་གཞལ་ཡས་ཁང་གདན་དང་བཅས་པར་གང་འདོད་ལྷ་རྣམས་རང་རང་གི་མངོན་རྟོགས་ཀྱི་ཆོ་ག་བཞིན་དུ་བསྐྱེད། དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་པ་སོགས་བྱ། སྒྲུབ་མཆོད་ལྟ་བུའི་ཚེ་མདུན་བསྐྱེད་དཀྱིལ་འཁོར་ཉིད་སྦྱིན་སྲེག་གི་མེ་ནང་དུ་སྤྱན་དྲངས་པའི་མཚོན་བྱེད་དུ། སྔར་བཟླས་པའི་སྐབས་སུ་མཎྜལ་ལ་སློབ་དཔོན་གྱིས་དྲི་ཡི་ཐིག་ལེ་བྱས་ཏེ་རྩ་སྔགས་བརྗོད་པ་དེར། ཚོམ་བུའམ། འབྲས་ཀྱི་འབྲུ་སྦྱར་བའི་མར་གྱི་


MR05_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བཤོས་བུ་བཀོད། དེ་དར་གྱིས་གཡོགས་ནས་ལས་རྡོར་པས་སྤྱན་འདྲེན་གྱི་དུས་སུ་སྤོས་བཅས་སྤྱན་དྲངས། བརྟན་བཞུགས་ཀྱི་དུས་སུ་སློབ་དཔོན་གྱི་ཚོམ་བུའི་རྩེ་ནས་ཅུང་ཟད་བླང་བ་མེ་ནང་དུ་འཐོར་ཏེ། རྩ་སྔགས་བརྗོད་པས་མདུན་བསྐྱེད་སྒྲུབ་དཀྱིལ་རྣམས་མེ་ནང་བྱོན་པར་བསམ། མཐར་གཤེགས་གསོལ་དུས་ཡེ་ཤེས་པ་ཚོམ་བུའི་དཀྱིལ་འཁོར་ལ་གཤེགས་པར་གྱུར་ཅེས་བརྗོད་དེ་དཀྱིལ་འཁོར་དུ་སྤྱན་དྲངས་དེ་ལྟར་ཞག་གྲངས་དུ་བྱེད་ལ་ཤེས་པར་བྱའོ། །དེ་ཡང་ཞི་བའི་སྐབས་སུ་ལྷ་རྣམས་སྐུ་མདོག་དཀར་པོ་ཞི་ཞིང་དངས་ལ་འཛུམ་པའི་ཉམས་ཅན་འོད་ཟེར་དཀར་པོ་ཟླ་ཞུན་ལྟ་བུ་མཁའ་ཁྱབ་ཏུ་འཕྲོ་བས་ཞི་བའི་ལས་མཛད་པར་བསམ། རྒྱས་པར་ལྷ་རྣམས་སྐུ་མདོག་གསེར་མདངས་དགྱེས་ཤིང་བརྗིད་པའི་ཉམས་ཅན་འོད་ཟེར་སེར་པོ་སྣུམ་བཀྲག་དང་ལྡན་པ་ཉི་མ་འཆར་ཁའི་མདངས་ལྟར་གསལ་བས་ཕྱོགས་ཀུན་ཏུ་ཁྱབ་ཅིང་རྒྱས་པའི་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་མོས། དབང་ལ་ལྷ་རྣམས་སྐུ་མདོག་དམར་པོ་དགའ་ཞིང་ཆགས་པའི་ཉམས་ཅན་འོད་ཟེར་དམར་པོ་བདེ་དྲོད་ཆགས་པའི་རང་བཞིན་ལྕགས་ཀྱུ་ལྟ་བུར་ཕྱོགས་བཅུར་འཕྲོས་པས་རབ་འབྱམས་དབང་གི་ཕྲིན་ལས་མཐའ་དག་ཡིད་བཞིན་དུ་བྱེད་པར་བསམ། དྲག་པོ་ལ་ལྷ་རྣམས་མཐིང་ནག་ཁྲོས་འཁྲུགས་རྔམས་པའི་ཉམས་ཅན། འོད་ཟེར་མཐིང་ནག་ཚ་ཞིང་


MR05_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རྩུབ་པ་ཕྱོགས་བཅུར་འཕྲོས་པས་དགྲ་བགེགས་རླག་བྱེད་དྲག་པོའི་ཕྲིན་ལས་མཛད་པར་བསམ། ལྷ་དེ་རྣམས་ལ་མཆོད་ཡོན་སོགས་ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་དང་། ཁྱད་པར་ངོ་བོ་ཡེ་ཤེས་ལ་རྣམ་པ་སྲེག་རྫས་སོ་སོར་སྣང་བ་ཡམ་ཤིང་ནི་གཟི་བརྗིད་བསྐྱེད་ཕྱིར་འོད་ཀྱི་རང་བཞིན་དུ་སྐུ་ལ་འབུལ། མར་ཁུ་བདུད་རྩིའི་རང་བཞིན་ཞལ་དུ་འབུལ། གཞན་རྫས་རྣམས་བདུད་རྩིའམ། ཡང་ན་དངོས་གྲུབ་སྣ་ཚོགས་ཐོགས་མེད་འགྲུབ་པའི་རིན་པོ་ཆེ་རྣམ་པ་ཐམས་ཅད་པར་འཆར་བ་ཕྱག་ཏུ་འབུལ། མེ་ཏོག་ནི་དབུ། སོ་རྩི་ཚེམས། ན་བཟའ་སྐུ་སོགས་གནས་གང་འོས་སུ་འབུལ། དྲག་པོ་ལ་མཆོད་བ་ཕལ་ཆེར་དགྲ་བགེགས་ཀྱི་ཤ་ཁྲག་སོགས་སུ་དམིགས་ལ་ཕུལ་བས་དམ་ཚིག་གི་རྫས་རྣམས་ལས་སྒྲུབ་པའི་ནུས་པ་སྣ་ཚོགས་དང་ལྡན་པ། ངོ་བོ་གཙང་དམེ་དང་རྣམ་རྟོག་མེད་པ་མཉམ་ཉིད་བདེ་ཆེན་རོལ་པའི་མཆོད་སྤྲིན་དུ་གྱུར་ནས་ཕུལ་བས་ཐུགས་དགྱེས་པ་ཆེན་པོར་གྱུར། དེ་ནས་ཞི་བ་ལ་བསྒྲུབ་བྱ་རྣམས་ཟླ་བ་དཀར་པོའི་གདན་ལ་གནས་པའི་སྟེང་དུ་ལྷ་རྣམས་ཀྱི་ཐུགས་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བས་ཁྲུས་བྱས་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསམ། སྔགས་བླ་མེད་ཀྱི་ལྷ་ཡིན་ན་ལྷ་རྣམས་ཡབ་ཡུམ་མཉམ་པར་སྦྱོར་བའི་བདུད་རྩི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས་ཞི་


MR05_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་ཀུན་འགྲུབ་པར་བསམ། དེ་བཞིན་རྒྱས་པར་བསྒྲུབ་བྱ་གོས་རྒྱན་སེར་པོ་ཟླ་བ་སེར་པོར་གནས་པ་ལ་ལྷ་རྣམས་ཀྱིས་གསེར་བུམ་གྱི་བདུད་རྩི་སེར་པོ་དང་། ནོར་བུའི་ཆར་གྱིས་ལུས་རྒྱས་བང་མཛོད་གང་ནས་རྒྱས་པའི་ལས་ཀུན་ལྷུན་གྱིས་གྲུབ་པར་བསམ། བྱང་སེམས་ཀྱི་དབང་བསྐུར་གོང་བཞིན་བྱ། དབང་ལ་ཟླ་བ་དམར་པོའི་དབུས་སུ་གནས་པའི་བསྒྲུབ་བྱ་སྐྲ་བཀྲོལ་ནས་ཁེངས་པ་དང་བྲལ་བས་འདུད་པའི་ཚུལ་ཅན་དུ་ལྷ་རྣམས་ཀྱི་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་གྱིས་རང་དབང་མེད་པར་བཀུག་ནས། འོད་དེས་རེག་པའི་ལུས་དམར་ལམ་ལམ་དུ་སོང་། བདག་ལ་ཆགས་ཤིང་འདུན་པས་རང་གི་རྐང་པའི་དྲུང་དུ་འདུད་ཅིང་དབང་དུ་གྱུར་པ་དང་། ཨུཏྤལ་ཁ་ཕྱེ་མ་ཐག་པའི་མདེའུ་ཅན་གྱི་མདས་སྙིང་ཕུག་ནས་ཁེངས་པའི་བརྟན་པ་ཕྲོགས་ཏེ་རང་དབང་འབའ་ཞིག་ཏུ་གྱུར་པར་བསམ། དེ་ལ་བདེ་ཆེན་ཆགས་པའི་བྱང་སེམས་ཀྱིས་བརླན་པས་དབང་གི་ལས་བརྟན་པར་ཡང་བྱའོ། །དབང་གིས་དགུག་པ་ལ་བསྒྲུབ་བྱ་གང་ཡིན་ཟླ་བ་དམར་པོའི་སྟེང་དུ་བཞག་པ་རླུང་གིས་བཏེགས། ལྕགས་ཀྱུས་སྙིང་ངམ་གསང་གནས་ནས་བཟུང་། ཞགས་པས་མགུལ་ནས་བཅིངས་ཏེ་རང་དབང་མེད་པར་བདག་གི་མདུན་དུ་འགྱེལ་བར་བསམ། མངོན་སྤྱོད་ལ་བསྒྲུབ་བྱའི་སྙིང་གི་པདྨའི་ནང་ན་ཚེ་བསོད་སྲུང་བའི་ངོ་བོ་ཧཱུཾ་ཡིག་གནས་པ་རང་ལ་བསྟིམ། ལྷ་རྣམས་ཀྱི་འོད་ཟེར་མཚོན་


MR05_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཆའི་ཆར་གྱིས་དུམ་བུར་གཏུབས། སྤྲུལ་པ་དང་ཕོ་ཉའི་ཚོགས་ཀྱིས་ཤ་ཁྲག་རུས་པ་རྣམས་ལྷག་མེད་དུ་ཟོས་པར་བསམ། ཡང་ན་ཧཱུྃ་རང་ལ་བསྟིམ་པའི་རྗེས་སུ། རང་གི་ཤེས་རབ་མའི་པདྨར་བཀུག་ནས་གསང་བའི་རྡོ་རྗེ་ཕུར་བུས་བཏབ་པས་ནུས་པ་ཉམས་ཏེ། ཁོའི་ལྷ་རྣམས་ཀྱིས་སྤང་བས་བྱེའུ་ཕྲུག་ཐང་ལ་ལུས་པ་ལྟར་གྱུར་པ། དུར་ཁྲོད་ཀྱི་སྤྲུལ་བ་ཤ་ཟ་འཕར་སྤྱང་སོགས་ཀྱིས། རྒྱུ་མ་བརླུག །མིག་འབྱིན། ཤ་ཟོས། ཁྲག་འཐུང་། རུས་པ་འཆོས་པར་བསམ། གཞན་བསྐྲད་དབྱེ་མནན་སོགས་ལ་དྲག་པོའི་སྲེག་བླུགས་ཀྱི་མན་ངག་བཞིན་བྱའོ། །མདོར་ན་ལས་གང་ལ་དམིགས་པའི་འདོན་བསྒོམ་སོ་སོར་འཕྲུལ་ཏེ་དམིགས་པ་གསལ་བརྟན་དུ་བྱའོ། །བཅུ་བཞི་པ་ལས་སོ་སོ་བསྒྲུབ་པའི་སྔགས་ཀྱི་ཁ་བསྒྱུར་དང་མཐའ་རྟེན་གདགས་ཚུལ་ནི། ལྷ་གང་ཡིན་གྱི་རྩ་སྔགས་ལ། ཞི་བར་ནད་སོགས་གང་ཞི་འདོད་པ་དེའི་མིང་སྨྲོས་ལ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་དང་། རྒྱས་པར་ཚེ་བསོད་སོགས་གང་རྒྱས་འདོད་པ་དེའི་མིང་མཐར། པུཥྚིཾ་ཀུ་རུ་ཨོཾ། ཞེས་དང་། དབང་ལ་དམིགས་བྱ་ཆེ་གེ་མོ་བ་ཤཾ་ཀུ་རུ་ཧོཿཞེས་དང་། དགུག་པར་ཆེ་གེ་མོ་ཨཱ་ཀརྵ་ཡ་ཛཿ ཞེས་སམ། ཨཱ་ཀརྵ་ཡ་ཧྲིངཿ ཞེས་ཏེ་དཔེ་ལ་ལར་ཕོ་འགུགས་པར་ཛ་ཡི་མཐའ་རྟེན་དང་། མོ་དགུག་པར་ཧྲིང་སྦྱར་གསུངས། ཐམས་ཅད་ལའང་ཛ་སྦྱར་ཀྱང་རུང་ངོ་། །དྲག་པོར་


MR05_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཅེས་སམ། མཱ་ར་ཡ་ཕཊཿ གང་རུང་། བསད་པ་ལའང་དེའོ། །དྲག་པོས་དགུག་པར་ཆེ་གེ་མོ་ཨཱ་ཀརྵ་ཡ་ཧཱུཾ་ཛཿ བསྐྲད་པར་ཆེ་གེ་མོ་ཨུཙྪ་ཊ་ཡ་ཡཾ་ཕཊཿ མནན་པར་ཆེ་གེ་མོ་སྟྭམྦྷ་ཡ་ལཾ་ནནཿ ཞེས་དང་འབྱུང་བའི་ས་བོན་ཡཾ་ལཾ་མེད་ཀྱང་ཆོག །གཞན་དབྱེ་རྨོངས་རེངས་སོགས་ཁ་བསྒྱུར་དྲག་པོའི་སྦྱིན་སྲེག་གི་ཡིག་ཆ་གཞན་ལྟར་ཤེས་པར་བྱ། འདི་ནི་རྒྱུད་སྡེ་སྤྱི་ཁྱབ་ཡོངས་གྲགས་ཀྱི་བཞེད་པའོ། །དུས་འཁོར་རྒྱུད་ལས། ཞི་བར་ཆྒཻ་མོ་ཤཱནྟིཾ་ཀུ་རུ་ནམཿ རྒྱས་བར་ཆེ་གེ་མོ་རཱ་ཛ་སྭཱ་ཧཱ། དབང་ལ་ཆེ་གེ་མོ་རཀྟ་ཝ་ཥ་ཊ། བསད་པ་ལ་མོ་མཱ་ར་ཡ་ཕཊཿ དགུག་པར་མོ་ཡ་བ་ཏོ་བོ་ཥ་ཊ། བསྐྲད་པར་ཆེ་གེ་མོ་ཨུཙྪ་ཏྱ་ཕཊ། དབྱེ་བར་ཆེ་གེ་མོ་བྷ་རི་ཤ་ཡ་ཧཱུཾ། རྨོངས་པར་ཆེ་གེ་མོ་མླེ་ཙྪ་ན་ཧཱུྃ། ཞེས་པ་ལ་སོགས་པ་སྔགས་ཀྱི་ཁ་བསྒྱུར་མཐའ་རྟེན་སྦྱར་ཚུལ་འདི་རྒྱུད་དེ་ལས་གསུངས་པའི་ལས་སྒྲུབ་པའི་སྔགས་དང་འཁྲུལ་འཁོར་དང་སྦྱིན་སྲེག་བྱེད་ན་དེ་ལྟར་སྦྱར་དགོས་ཀྱི་སྤྱི་ཁྱབ་ཏུ་གོང་ལྟར་སྦྱར་བ་ཉིད་ཡིན་ནོ། །བཅོ་ལྔ་པ་རྗེས་ཀྱི་བྱ་བ་སྦྱིན་སྲེག་དངོས་གཞི་གྲུབ་ནས་འདས་གཏོར་སོགས་ཕུལ། མཆོད་བསྟོད་ནོངས་བཤགས་གཤེགས་གསོལ་བྱས་ནས། སླར་ཡང་འཇིག་རྟེན་པའི་མེ་ལྷ་ལ་གཤེགས་སྐྱེམས་སོགས་ཕུལ་ནས་མཆོད་བསྟོད་གཏོར་མ་སོ་རྩི་སོགས་ཕུལ། བསྟོད་པ་བྱ་ཞིང་གཤེགས་གསོལ་བྱ། ཞི་སོགས་


MR05_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོའི་མེ་དེ་ཉིད་ལོང་ཡོད་ན་རང་འབར་རང་ཞིར་མནལ་བ་བྱ། རང་གི་བདག་བསྐྱེད་བསྡུ་བ་སོགས་ཆོ་གའི་ལས་རྗེས་བྱ། ལོང་ཁོམ་མེད་ན་ཞི་བར་འོ་མའི་ཆུ། རྒྱས་པར་གུར་གུམ་གྱི་ཆུ། དབང་ལ་ཆང་གིས་གཞིལ་ལ་ཞི་བའི་ཐལ་བ་གྲོང་ཁྱེར་སོགས་རང་གི་ཕྱོགས་སུ་གཏོར་བས་ནད་སོགས་ཞི། རྒྱས་པའི་ཐལ་བ་མཛོད་སོགས་སུ་སྦས་པས་དཔལ་འབྱོར་འཕེལ། དབང་ཐལ་སྐྱེ་བོའི་འདུ་གནས་དང་། འཐུང་ཆུ་ལ་བཏབ་པའམ། དམིགས་བྱའི་ལུས་སམ་དེ་ཕྱོགས་སུ་རླུང་ལ་བསྐུར་བས་དབང་དུ་འདུའོ། །དྲག་པོའི་སྦྱིན་སྲེག་གི་མེ་ནི་ལོང་ཡོད་ཀྱང་མེ་མ་ཤི་གོང་དུ་དུག་ཁྲག་གི་ཆུས་བཙན་ཐབས་སུ་གཞིལ་ནས་ཐལ་བ་དགྲ་ཕྱོགས་སུ་གཏོར་བས་དགྲ་བརླག་པར་འགྱུར་རོ། །ཞི་སོགས་ལས་གསུམ་པོ་ཐམས་ཅད་ཀྱི་མཆོད་པ་ལྷག་མ་དང་། ཐབ་སོལ་སོགས་བུམ་པར་བསྡུས་ཏེ་ཆུ་ཀླུང་དུ་བསྐུར་ལ་ལས་རྗེས་མི་མངོན་པར་བྱའོ། །ཚུལ་དེ་ལྟར་གནས་སོགས་ཆོ་གའི་ཡན་ལག་བཅོ་ལྔ་པོ་ཇི་སྐད་གསུངས་པ་ལྟར་མ་ཉམས་པར་བྱས་ན་སྦྱིན་སྲེག་གི་ཆོ་ག་ཚད་ལྡན་དུ་གྲུབ་པ་ཡིན་ལ། དེས་ལྷ་རྣམས་མཆོག་ཏུ་མཉེས་པ་དང་། སྔགས་ཀྱི་གཟི་བྱིན་ཆེར་བསྐྱེད་པ་དང་། ལས་ཀྱི་འབྲས་བུ་མྱུར་དུ་འབྱིན་པའི་སྒོ་ནས་སྒྲུབ་པ་པོའི་བསམ་པ་ཡིད་བཞིན་འགྲུབ་པར་འགྱུར་རོ། །དེ་ཡང་ཇི་སྐད་དུ། སྔགས་རྣམས་མ་བཟླས་མི་


MR05_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ཅིང་། །སྦྱིན་སྲེག་མེད་པར་ལས་མི་བྱེད། །ཅེས་རྒྱུད་ལས་གསུངས་པ་ལྟར་སྦྱིན་སྲེག་བྱེད་པ་གལ་ཆེ་བ་ཡིན་ནོ། །སྤྱིར་ལས་རྣམས་གང་བྱེད་ཀྱང་སླར་གསོར་མི་རུང་བའི་མཐའ་སྡུད་ནི་བྲོ་ཡི་ལས་ཡིན་ཞེས་སྔ་འགྱུར་བའི་རྒྱུད་སྡེ་སོགས་ལས་ཆེ་ཐང་དུ་བསྔགས་པས་ན་སྦྱིན་སྲེག་གི་འདས་ལྷ་མཆོད་པ་རྫོགས་པའི་མཐར་བྲོ་ཡི་ལས་བྱས་ན་ལེགས་ཏེ། ཞི་བའི་ལས་ཀྱི་རྗེས་སུ་ཞི་བའི་བྲོ་བརྡུང་ན། ཞི་བའི་ལས་བྱས་པ་དེ་ཉིད་སླར་གཞན་གྱིས་མི་ཞི་བར་བྱེད་པའི་སྒོ་ནས་གསོར་མི་རུང་བར་ཞི་བ་ཉིད་དུ་ངེས་པར་འགྱུར་བ་བཞིན་ལས་གཞན་ལའང་དེས་རིགས་འགྲེ་སྟེ་ཤེས་པར་བྱ་བ་ཡིན་པས་བྲོ་བརྡུང་འདོད་ན་དེ་ལྟར་བྱ། མ་བྱས་ཀྱང་ཆད་སྐྱོན་མེད་མོད་བྱས་ན་ལས་མཐའ་རྒྱས་སུ་འགྱུར་བས་གལ་ཏེ་བྱེད་པར་འདོད་ན། དེ་དག་གི་ཡིག་ཆ་ཟུར་དུ་ཡོད་པ་ལས་ཤེས་པར་བྱའོ། །ཞེས་པ་འདི་ནི་མི་ཕམ་འཇམ་དཔལ་དགྱེས་པས་ཁྲ་མགུ་རི་ཁྲོད་བདེ་མཆོག་ཕོ་བྲང་དུ་རབ་ཚེས་ས་སྤྲེལ་དབོ་ཟླའི་ཚེས་བཅུ་དྲུག་གི་ཉིན་མོར་གྲུབ་པར་བྱས་པ་དགེ་ལེགས་འཕེལ། །མངྒ་ལཾ།། །།


MR05_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔ་ཡི་ངོ་བོ་དང་། ཨ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་ཐུགས་ཀར་གསོར། ཨོཾ་བཛྲ་གྷནྜེ་ཨཱཿཞེས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧཾ། ཞེས་ཐུགས་ཀར་འཁྱུད་རྒྱ་བྱ། དགང་བླུགས་བསང་སྦྱངས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག །དགང་བླུགས་ལ་ཐིམ་པས་དངོས་གྲུབ་ཐམས་ཅད་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར། མེ་སྦར་རོ། །མངྒ་ལཾ།། །།


previousསྦྱིན་སྲེག་གི་ལས་རིམ་དོན་གསལ།next