Nitartha Digital Library
Tibetan
གླེགས་བམ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་གྱི་འཕོ་བའི་གདམས་པ།
   
   
   
   
   
   
   
   


 
previousའཇམ་དཔལ་གྱི་འཕོ་བའི་གདམས་པ།next

འཇམ་དཔལ་གྱི་འཕོ་བའི་གདམས་པ།


MR05_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཆར་འཕོ་བའི་གདམས་པ་བཞུགས་སོ། །ཨཱཿགཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །དམར་གསལ་གྲི་ཐོད་འཛིན་པ་ཡི། །སྐུ་དབུས་དབུ་མ་མཚན་ཉིད་ལྡན། །མར་སྣ་ལྟེ་འོག་ཕུག་སྡུག་ལ། །ཡར་སྣ་སྤྱི་བོར་ཧ་རེར་ཟུག །ལྟེ་བར་རླུང་གི་ཐིག་ལེ་ནི། །ལྗང་སྐྱ་འཕར་ཞིང་གཡོ་བའི་དབུས། །རྣམ་ཤེས་ཨ་ཐུང་དཀར་པོ་ནི། །ཅུང་ཟད་དམར་མདངས་ཆགས་པར་དམིགས། །སྤྱི་བོར་ཡེ་ཤེས་འོད་ལྔའི་ཀློང་། །སྐྱབས་གནས་ཀུན་འདུས་འཇམ་པའི་དབྱངས། །ཐུགས་རྗེའི་གཟི་བྱིན་ལྡན་པར་དམིགས། །གདུང་ཤུགས་དྲག་པོས་གསོལ་བཏབ་པས། །དགོངས་པ་རྩེ་གཅིག་གཏད་པ་ཡིས། །དམིགས་བྱ་གནས་སུ་འདྲེན་པར་བསམ། །ཨེ་མ་ཧོཿ དག་པ་རབ་འབྱམས་དབུ་མའི་གྲོང་ཁྱེར་ན། །སྐྱབས་གསུམ་ཀུན་འདུས་རང་བྱུང་ཡེ་ཤེས་སྐུ། །གདོད་མའི་མགོན་པོ་འཇམ་དཔལ་དཔའ་བོ་ལ། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ཚོགས། །གནས་གསུམ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་བཅས། །མ་ལུས་ལུས་པ་མེད་པས་ཡོངས་བསྐོར་བ། །ཏིལ་གྱི་གོང་བུ་ཕྱེ་བ་ལྟ་བུའི་ལྷ། །མཁྱེན་པས་དགོངས་ཤིང་བརྩེ་བས་གཟིགས་ནས་སུ། །ཐུགས་དམ་ནུས་པས་བདེ་ཆེན་དབྱིངས་སུ་འདྲེན། །གསོལ་བ་འདེབས་སོ་མགོན་པོ་འཇམ་པའི་དབྱངས། །


MR05_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་དགོངས་ཤིག་རྩ་གསུམ་ལྷ་ཡི་ཚོགས། །ཟབ་ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབས། །མྱུར་ལམ་འཕོ་བས་མཁའ་སྤྱོད་བགྲོད་པར་བྱིན་གྱིས་རློབས། །དམིགས་ཡུལ་འདི་ནི་ད་ལྟ་སྐད་ཅིག་གིས། །བདེ་ཆེན་བཙན་ས་ཟིན་པར་བྱིན་གྱིས་རློབས། །ཞེས་པས་གསོལ་བ་དྲག་བཏབ་ལ། །ཧིཀ྄་ཅེས་དྲག་ཏུ་བརྗོད་པ་ཡིས། །རླུང་གི་ཐིག་ལེ་ཨ་ཐུང་བཅས། །དབུ་མའི་ལམ་ནས་གྱེན་དུ་ནི། །ཤུགས་དྲག་སྐར་མདའ་འཕང་བ་བཞིན། །སྤྱི་བོའི་འཇམ་དཔལ་ཐུགས་ཀར་ཐིམ། །དབྱེར་མེད་ངང་བཞག་ཆོས་ཉིད་ནི། །མཉམ་པ་ཆེན་པོའི་རང་ངོ་བསྐྱང་། །དེ་ཡིས་འཕོ་བར་ཐེ་ཚོམ་མེད། །གལ་ཏེ་དུས་ལ་མ་བབ་ན། །སྤྱི་བོའི་ལྷ་ཚོགས་འཆི་མེད་ཀྱི། །བདུད་རྩིའི་རྣམ་པར་འོད་དུ་ཞུ། །དམིགས་བྱའི་ཚངས་བུག་ནས་མར་ཞུགས། །སྙིང་གར་ཚེ་དཔག་མེད་པར་གྱུར། །སྤྱི་བོར་རྡོ་རྗེ་རྒྱ་གྲམ་ནི། །འོད་ཀྱིས་ཞུན་མས་གཏམས་པ་ཡིས། །ཚངས་བུག་ཐིམ་བུ་བཞིན་དུ་བཀག །སྨོན་ལམ་ཚེ་འགུགས་བཀྲ་ཤིས་བྱ། །རབ་ཚེས་ཤིང་སྤྲེལ་ཟླ་ ༡༡ ཚེས་ ༡༧ ཀྱི། །སྲོད་ལ་སྒྲོན་མེའི་འོད་ཉིད་དུ། །འཇམ་དཔལ་དགྱེས་པའི་རྡོ་རྗེས་སྤེལ། །བཀྲ་ཤིས་དོན་ཀུན་གྲུབ་གྱུར་ཅིག །


previousའཇམ་དཔལ་གྱི་འཕོ་བའི་གདམས་པ།next