Nitartha Digital Library
Tibetan
གླེགས་བམ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་ཁྲོ་ཆུ་དུག་གདོང་ནག་པོའི་རྒྱུན་ཁྱེར་མངོན་རྟོགས་ཁྲོ་ཆུ་ཁོལ་མ།
   


 
previousའཇམ་དཔལ་ཁྲོ་ཆུ་དུག་གདོང་ནག་པོའི་རྒྱུན་ཁྱེར་མངོན་རྟོགས་ཁྲོ་ཆུ་ཁོལ་མ།next

འཇམ་དཔལ་ཁྲོ་ཆུ་དུག་གདོང་ནག་པོའི་རྒྱུན་ཁྱེར་མངོན་རྟོགས་ཁྲོ་ཆུ་ཁོལ་མ།


MR05_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཁྲོ་ཆུ་དུག་གདོང་ནག་པོའི་རྒྱུན་ཁྱེར་མངོན་རྟོགས་ཁྲོ་ཆུ་ཁོལ་མ་བཞུགས་སོ། །


MR05_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་ཤྲཱི་ཡེ། འདིར་འཇམ་དཔལ་ཁྲོ་ཆུ་དུག་གདོང་ནག་པོའི་རྣལ་འབྱོར་ལ་འཇུག་པར་འདོད་པས། ཐོག་མར་སྐྱབས་སུ་འགྲོ་བ་ནི། ཧཱུྃ༔ དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར༔ བླ་མ་མཆོག་དང་དཀོན་མཆོག་གསུམ་པོ་དང་༔ གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་ལྷ་ཚོགས་ལ༔ ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། སྣང་གྲགས་ཆོས་རྣམས་རང་བཞིན་མེད་པ་ལ༔ དེ་ལྟར་མ་རྟོགས་སེམས་ཅན་སྙིང་རེ་རྗེ༔ དེ་ཕྱིར་བདག་ནི་གཤིན་རྗེ་གཤེད་གྱུར་ནས༔ དེ་རྣམས་སངས་རྒྱས་ས་ལ་འགོད་པར་བྱ༔ བགེགས་བསྐྲད་པ་ནི། ཧཱུྃ༔ ང་ནི་དཔལ་ལྡན་གཤིན་རྗེ་གཤེད༔


MR05_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་པའི་ཐུགས་ཀྱི་འཕྲོ་འདུ་ལས༔ ལས་ཀྱི་གཤིན་རྗེ་ནམ་མཁའ་གང་༔ སྤྲུལ་པའི་ཁྲོ་བོས་བར་སྣང་གང་༔ སྲས་ཀྱི་ཁྲོ་ཆུང་ས་གཞི་གཏམས༔ དགྲ་བགེགས་འབྱུང་པོ་ཚར་གཅོད་ཅིག༔ ཨོཾ་ཡ་མནྟ་ཀ་ཡ་མ་ར་ཙ་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧུར་ཐུམ་རྦད་ཡ༔ སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ སྟེང་འོག་ཕྱོགས་མཚམས་རྡོ་རྗེ་རལ་གྲི་དང་༔ ཐོད་པ་དུག་དང་ཁྲོ་ཆུ་མེ་དཔུང་སོགས༔ མི་ཤིག་སྲུང་བའི་རྡོ་རྗེ་རབ་འབར་བས༔ དགྲ་བགེགས་འབྱུང་པོ་ཐམས་ཅད་མཚམས་ཆོད་ཅིག༔ རྩ་སྔགས་དང་། བཛྲ་རཀྴ་རཀྴ་ཧཱུྃ་བྷྲཱུྃ༔ ཞེས་བརྗོད། རྒྱས་པར་སྲུང་འཁོར་ཆེན་པོ་ལྟར་ཡིད་ཀྱིས་གསལ་


MR05_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ༔ དངོས་གཞི་ལྷ་བསྐྱེད་པ་ནི༔ ཧཱུྃཿ ཆོས་ཀུན་མི་དམིགས་སྟོང་པའི་ངང་ཉིད་ལས༔ ཞིང་འདི་གཤིན་རྗེ་རོལ་པའི་དུར་ཁྲོད་ཆེ༔ བསྐལ་པའི་མེ་འབར་རཀྟའི་རྦ་ཀློང་འཁྱིལ༔ ཚ་གྲང་རབ་འཁྲུགས་འཇིགས་རུང་སྒྲ་ཆེན་སྒྲོགས༔ སྟེང་ཕྱོགས་རལ་གྲིའི་གུར་ཁང་ལྡེམས་སེ་ལྡེམ། འོག་ཕྱོགས་སྤུ་གྲིའི་ས་གཞི་རྣོ་ཞིང་གཟིང་༔ བར་སྣང་མཚོན་ཆ་སྣ་ཚོགས་བུ་ཡུག་འཚུབ༔ ཕྱོགས་ཀུན་ལྕགས་སྲེག་ཁྲོ་ཆུ་མེ་འབར་བའི་༔ རླབ་འཁྲིགས་དུག་རླང་མི་བཟད་སྔོ་དམར་འཕྱུར༔ དུར་ཁྲོད་ཆེན་པོ་བརྒྱད་ཀྱི་བསྐོར་བའི་དབུས༔ དུག་རྫས་ལས་གྲུབ་གནམ་ལྕགས་རྡོ་རྗེའི་མཁར༔ ཟླུམ་པོ་སྟེང་འོག་ཕྱོགས་མཚམས་བར་མེད་པ༔ ཕྱི་རོལ་དུ་ནི་མེ་དཔུང་དུག་རླང་གིས༔ དགྲ་བགེགས་བསྲེགས་ཤིང་མྱོས་པའི་གུར་ཁང་དབུས༔ ཨེཿལས་ཆོས་འབྱུང་དམར་ནག་བསྣོལ་བའི་དཀྱིལ༔ སྣ་ཚོགས་མཚོན་ཆ་དྲེགས་པ་རུ་ཏྲ་དང་༔ བྱད་མ་ལྷ་སྲུང་བཅས་པ་སྤུང་པའི་སྟེང་༔ མ་ཧེ་བརྒྱད་ཀྱིས་བཏེགས་པའི་རིན་ཆེན་ཁྲི༔ པདྨ་ཟླ་བ་ཉི་མའི་གདན་སྟེང་ན༔ སྐད་ཅིག་རྫུས་སྐྱེས་རང་རིག་གསལ་སྟོང་དངོས༔ འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་ནི༔ དམར་ནག་རབ་ཁྲོས་རྡོ་རྗེ་སྲིན་པོའི་གཟུགས༔ ཞལ་གསུམ་ཕྱག་དྲུག་བརྔམ་ཞིང་འཇིགས་པའི་


MR05_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ༔ གཡས་གསུམ་རྡོ་རྗེའི་དགྲ་སྟྭ་བསྣམས་པ་ཡིས༔ དམ་ཉམས་མ་ལུས་སྐྱེ་རྒྱུད་གཅོད་པར་བྱེད༔ གཡོན་གསུམ་དགྲ་བགེགས་གློ་སྙིང་ཞལ་དུ་གསོལ༔ གཡས་ཞལ་ལྗང་ནག་རབ་ཏུ་ཁྲོས་པ་ཡིས༔ སྲིད་པ་ཕོ་རྒྱུད་ཐམས་ཅད་ཟིལ་གྱིས་གནོན༔ གཡོན་ཞལ་དམར་ནག་རབ་ཏུ་བརྗིད་པ་ཡིས༔ སྲིད་པ་མོ་རྒྱུད་ཐམས་ཅད་དབང་དུ་སྡུད༔ དབུས་ཞལ་མཐིང་ནག་རབ་ཏུ་རྔམས་པ་ཡིས༔ སྲིད་པ་གསུམ་ཡང་རྡུལ་དུ་རློག་པར་བྱེད༔ གནོད་བྱེད་དགྲ་བགེགས་བྱད་མ་ཞལ་དུ་གསོལ༔ ཞལ་གསུམ་ཞག་དང་ཁྲག་གི་རྒྱུན་འཛག་ཅིང་༔ ལྗགས་གསུམ་འདྲིལ་ཞིང་བསྐལ་པའི་གློག་ལྟར་འཁྱུག༔ མཆེ་བ་བཅུ་གཉིས་གངས་རི་ལྟ་བུར་གཙིགས༔ སྤྱན་དགུ་དམར་ཟླུམ་ཁྲག་མཚོ་ལྟ་བུར་འཁྱིལ༔ ཤངས་ནས་བསྐལ་པའི་རླུང་ཆེན་ནག་པོ་འཚུབ༔ སྙན་ནས་བསྐལ་པའི་འབྲུག་སྟོང་ལྡིར་ཞིང་སྒྲོགས༔ ཞལ་ནས་དུག་གི་སེར་ཆེན་ཐོག་འབེབ་པ༔ སྨིན་མ་ཨག་ཚོམ་མེ་ལྟར་འབར་བ་ཡི༔ ཁྲོ་གཉེར་སྤྲིན་ཚོགས་དཔྲལ་བའི་མཛོད་སྤུར་བསྡུས༔ ཁམས་ནག་རལ་པ་ཟུར་གསུམ་གྱེན་དུ་གཟིངས༔ ཐོད་སྐམ་སྦྲུལ་གྱི་ཕྲེང་བས་རྣམ་པར་བརྒྱན༔ རལ་པའི་གསེབ་ན་དུག་ལྕགས་ཁྲོ་ཆུ་ཡི༔


MR05_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་གསུམ་ནང་དབུས་སུ་གཤིན་རྗེ་གཤེད༔ གཡས་སུ་རྟ་མགྲིན་གཡོན་དུ་ཕྱག་རྡོར་ལ། ཡང་ན་བྱ་ཁྱུང་མཆན། དུས་གསུམ་རྒྱལ་བ་སྲས་བཅས་བསྐོར་བས་བརྒྱན༔ གཤོག་པ་སྤུ་གྲི་འབར་བ་རབ་གདེངས་ཤིང་༔ གཤོག་གཡོན་རལ་གྲི་འབར་བ་བརྐྱང་མཛད་པ༔ གླང་ཆེན་ཞིང་ལྤགས་མགོ་ཕྲེང་སྦྲུལ་རྒྱན་དང་༔ ཐལ་ཆེན་ཚོམ་བུ་རཀྟའི་ཐིག་ལེས་སྤྲས༔ རྐེད་མཚམས་ཆུ་སྲིན་རྔམས་ཞལ་འཇིགས་པ་ལ༔ ཞེ་སྡང་གདུག་པའི་སྦྲུལ་ཆུན་རྣམ་པར་བརྒྱན༔ སྐུ་སྨད་ཁྲོ་ཆུ་འབར་བའི་ཕུར་པ་ཡིས༔ དམ་ཚིག་ཉམས་པའི་སྙིང་ལ་གཟིར་བར་བྱེད༔ རང་འདྲའི་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོ༔ སྐུ་ལ་དུག་གི་མེ་རི་དམར་ནག་འབར༔ དབུ་ནི་མི་མངོན་ནམ་མཁའི་དབྱིངས་སུ་སླེབས༔ ཞབས་གཉིས་དམྱལ་ཁམས་རྡོ་རྗེ་གདན་ལ་གནས༔ ཉི་ཟླ་གཟའ་སྐར་ལྟེ་བའི་ཐད་འཆར་ཞིང་༔ སྲིད་གསུམ་མ་ལུས་ལྟོ་བར་གསལ་བའོ༔ ཡུམ་བསྐྱེད་ནི། ཡུམ་ཆེན་དུནྟིང་ནག་མོ་འཇིགས་པའི་གཟུགསཿ ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མཆེ་གཙིགས་མ༔ གཡས་གཉིས་རལ་གྲི་དང་ནི་ལྕགས་ཀྱུ་འཛིན༔ གཡོན་གཉིས་ཐོད་ཁྲག་སྟོབས་ཤིང་ལྕགས་སྒྲོག་བསྣམས༔ རང་འོད་ལས་སྐྱེས་གཉིས་མེད་སྦས་པའི་ཚུལ༔ ཞབས་


MR05_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཡབ་ཀྱི་རྐེད་པར་འཁྲིལ་བར་མཛད༔ མདུན་དུ་སྐུ་ཡི་སྤྲུལ་པ་འཆི་བདག་ནག༔ གཡས་སུ་གསུང་གི་སྤྲུལ་པ་ཚེ་བདག་དམར༔ གཡོན་དུ་ཐུགས་ཀྱི་སྤྲུལ་པ་སྲོག་བདག་མཐིང་༔ ཡོན་ཏན་བཻ་ཝ་ས་ཏྭ་ཁམས་ནག་གཡས༔ གཡོན་ཟུར་ཕྲིན་ལས་ཟ་བ་ལྗང་དམར་ཏེ༔ ལྔ་ག་ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས༔ ཕྱག་ན་དགྲ་སྟྭ་དང་ནི་ཙིཏྟ་བསྣམས༔ རྒྱབ་ཏུ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ དབྱེར་མེད་སྤྲུལ་པ་ཡ་མ་ར་ཙ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་རབ་འཇིགས་སྐུཿ རྩ་ཞལ་ཆུ་སྲིན་རབ་ཏུ་རྔམ་པ་ཡིཿ ཡ་འགལ་གནམ་དང་མ་མགལ་ས་ལ་བགྲད༔ གཡས་པ་སེང་ཞལ་རྔམས་ཤིང་ཁྲོ་ལ་འགྱིང་༔ གཡོན་པ་ཕག་ཞལ་གཏུམ་རྔམ་མཐུར་དུ་བགྲད༔ གཡས་ཀྱི་ཕྱག་གསུམ་རལ་གྲི་འབར་པ་གདེངས༔ གཡོན་གསུམ་ཞགས་པས་དམ་ཉམས་འཆིང་བར་མཛད༔ སྤྲུལ་པ་དྲུག་པོའི་སྐུ་སྐེད་ཆུ་སྲིན་གྱིས༔ རྔམ་ཞལ་སྦྲུལ་ཆུན་གྱིས་བརྒྱན་ལས་འཐོན་པའི་ཿ སྐུ་སྨད་ཁྲོ་ཆུའི་ཕུར་པ་རྣོ་ངར་ལྡན༔ དམ་ཉམས་སྡིག་ཅན་རྣམས་ཀྱི་སྙིང་ལ་གཟིར༔ རང་འདྲའི་སྤྲུལ་པ་དཔག་ཏུ་མེད་འཕྲོ་ཞིང་༔ གླང་ཆེན་


MR05_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ཀོ་རློན་མི་ལྤགས་གཡང་གཞི་གསོལ༔ སྐུ་ལས་དུག་གི་མེ་རི་དམར་ནག་འབར༔ རབ་འབར་ཁྲོ་བོའི་རྒྱན་གྱིས་སྐུ་ལ་བརྒྱན༔ དུག་རླུང་མེ་རི་འཁྱིལ་པའི་ཀློང་ན་བཞུགས༔ གཙོ་བོའི་ཕྱི་རོལ་ཉི་དང་འོད་ཟེར་བཞིན༔ མ་བསྐྱེད་པར་ཡང་ལྷུན་གྱིས་གྲུབ་པའི་འཁོར༔ གཤེད་ཆེན་སྡེ་བཞི་དགྲ་སྟྭ་ཙིཏྟ་བསྣམས༔ མོན་པ་སྡེ་བཞི་མི་སྙིང་རལ་གྲི་འཛིན༔ བདུད་པོ་སྡེ་བཞི་ཞགས་པ་མདའ་གཞུ་འཛིན༔ འཆི་བདག་བཅུ་གཉིས་ཁྲམ་ཤིང་ཙིཏྟ་བསྣམས༔ ཕོ་གཤེད་སུམ་བརྒྱ་དྲུག་ཅུ་བདུད་མདའ་གཟེར༔ མོ་གཤེད་སུམ་བརྒྱ་དྲུག་ཅུའི་གཞུ་འཛིན་ཅིང་༔ སྒོ་བ་དྲེགས་པ་སྡེ་བཞི་གྲི་ཐོད་འཛིན༔ སྲོག་གཅོད་རུ་ཏྲ་སྡེ་བཞི་བདུད་མདའ་གཟེར༔ བྱ་ནག་བདུན་གྱིས་དགྲ་བོའི་ཤ་ལ་ཟ༔ ཁྱི་ནག་བདུན་གྱིས་དགྲ་བོའི་ཁྲག་ལ་འཐུང་༔ སྦྲུལ་ནག་བདུན་གྱིས་དགྲ་བོའི་ཁོང་སྙིང་འདོན༔ སྡིག་པ་བདུན་གྱིས་བྱད་མའི་ཤ་ཁྲག་རོལ༔ རུས་སྦལ་བདུན་གྱིས་འབྱུང་ལྔའི་བཀྲག་མདངས་འཕྲོག༔ ཕག་རྒོད་བདུན་གྱིས་གནོད་བྱེད་ཀླུ་གཉན་ཟ༔ མོན་པ་སྡེ་དྲུག་མོན་མོ་སྡེ་དྲུག་སོགས༔ དགྲ་ལ་ཆོ་འཕྲུལ་ལྟས་ངན་སྣ་ཚོགས་གཏོད༔ སྣང་སྲིད་དྲེགས་པ་གཤིན་རྗེའི་འཁོར་ཚོགས་ནི༔ བསམ་གྱིས་མི་


MR05_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ཉི་ཟེར་རྡུལ་ལྟར་འཁྲིགས༔ ཀུན་ཀྱང་ཤ་ལ་དགའ་ཞིང་ཁྲག་ལ་འཐུང་༔ སྙིང་རྗེ་མེད་པ་ཁྲོ་ལ་གཏུམ་པའི་ཚུལ༔ མདོག་ནག་གཟུགས་འཇིགས་བཞིན་བསྡུས་མི་སྡུག་པ༔ སྨ་ར་འབར་ཞིང་སྐྲ་གཟེང་མིག་དམར་བགྲད༔ ཁ་གདང་མཆེ་གཙིགས་གདུག་པའི་མཚོན་ཆ་ཐོགས༔ གཤིན་རྗེ་སྲིན་པོ་བདུད་བཙན་མ་མོའི་ཚུལ༔ སྐུ་ལ་འཇིགས་པའི་རྒྱན་ཆ་སྣ་ཚོགས་གསོལ༔ འོད་ཟེར་མེ་སྟག་རླུང་ནག་འཚུབ་ཅིང་འཁྱིལ༔ ས་གཅིག་མི་གནས་སྲིད་གསུམ་ཀུན་ཏུ་ཉུལ༔ འཇིགས་པའི་གཟུགས་དང་དྲག་པོའི་ང་རོ་ཡིས༔ སྐྱེ་འགྲོ་དབང་སྡུད་དགྲ་བགེགས་བར་ཆད་སྲུང་༔ སྤྱན་གྱིས་གཙོ་ལ་བལྟ་ཞིང་ཅི་བཅོལ་བསྒྲུབ༔ གང་དུ་མངག་པ་ཙམ་གྱིས་གློག་བཞིན་གཡོ༔ སྒྲུབ་པ་པོ་ལ་དགོས་འདོད་ཀུན་སྟེར་བའི་༔ དམ་ཅན་རྒྱ་མཚོ་སྤྲིན་ཕུང་བཞིན་དུ་གཏིབས༔ གཞན་ཡང་སྟེང་ན་བཀའ་བརྒྱུད་བླ་མ་དང་༔ བར་གྱི་ཆ་ལ་ཡི་དམ་ཞི་ཁྲོའི་ཚོགས༔ འོག་གི་ཆ་ལ་མཁའ་འགྲོ་ཆོས་སྐྱོང་བཅས༔ སྒྲུབ་པོའི་མཐུ་སྐྱེད་བྱིན་རླབས་འོད་དུ་འབར༔ ཀུན་གྱི་གནས་གསུམ་འབྲུ་གསུམ་མཚན་པ་དང་༔ ཐུགས་སྲོག་ཧཱུྃ་དང་ཡཿཡིག་འོད་ཟེར་གྱིས༔ ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ཏུ༔


MR05_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་གྲང་འཁྲུགས་པ་གཤིན་རྗེའི་ཞིང་ཁམས་ནས༔ གཤིན་རྗེ་ནག་པོ་བཀའ་སྡོད་སྤྲུལ་པ་བཅས༔ དུས་ཀྱི་སྤྲིན་ལྟར་གནམ་ས་བར་སྣང་ཀུན༔ འགེངས་པ་སྐད་ཅིག་ཉིད་ལ་སྤྱན་དྲངས་ཏེ། དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར༔ ཞེས་བྱས་ལ་རྒྱས་པར་ལས་བྱང་གཞུང་གི །ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ན༔ སྤྱན་འདྲེན་ནས་བསྟོད་པའི་བར་བྱ། ཡང་ན་ཚེ་བདག་གི་རྒྱུན་ཁྱེར་གྱི་གཞུང་ལྟར་བྱ། བསྡུ་ན་མཆོད་བསྟོད་བསྡུས་པའམ། མིན་ཀྱང་རུང་སྟེ་དེ་ལྟ་བུའི་ལྷ་ཡི་གསལ་སྣང་ལ་སེམས་བཟུང་ཞིང་ང་རྒྱལ་དང་དག་དྲན་བཅས། བཟླས་པའི་རྣལ་འབྱོར་ལ་འཇུག་པ་ནི། གཙོ་བོའི་ཐུགས་ཀར་པདྨ་ཟླ་ཉིའི་དབུས༔ གནམ་ལྕགས་རྡོ་རྗེ་རྩེ་དགུ་གྱེན་འབྲེང་པའི་༔ ལྟེ་བ་མཐིང་ནག་འབར་ཀློང་ཐུགས་སྲོག་ཧཱུྃ༔ ཁོང་སེང་ཡཿཡིག་དམར་ནག་བཅས་པའི་མཐར༔ རྩ་བའི་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ འཕགས་པ་མཆོད་ཅིང་འགྲོ་བའི་སྒྲིབ་གཉིས་སྦྱངས༔ དགྲ་བགེགས་ཚར་བཅད་སྣང་སྲིད་མ་ལུས་པ༔ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་སུ༔ སད་པས་གཞོམ་མེད་རྡོ་རྗེའི་སྔགས་སྒྲ་འུར༔ བྱིན་རླབས་དངས་བཅུད་རང་ལ་འདུས་པ་ཡིས༔ སྒོ་གསུམ་མི་ཤིག་རྡོ་རྗེའི་རང་བཞིན་གྱུར༔ ཅེས་དམིགས་ལ། དུ་ཏྲི་ཡ་མ་ར་ཙཱ༔ ས་མ་རཀྴ༔ ཀྲོ་ཏ་པ་


MR05_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་ལ༔ ཀཱ་ལ་རཱུ་པ༔ ཨ་ཀྲོ་རཱ་ཙ༔ ཡ་མ་ར་ཛཿས་མ་ཡ་ཛ་ཛ༔ ཅེས་གསང་སྔགས་སོ་གསུམ་པ་ཅི་ནུས་བཟླ། རྒྱས་པར་བསྙེན་དམིགས་རྣམས་དང་བསྲུང་བའི་དམིགས་པའི་རིམ་པ་ཡིད་ལ་ངེས་པར་བྱས་ཏེ་གསལ་འདེབས་ཤིང་སྔགས་བཟླས་ཏེ། ཐུན་མཐར་ཐུན་གཏོར་བཏང་བ་སོགས་ཆོ་གའི་ཡན་ལག་དང་། སྨད་ལས་གདབ་པ་སོགས་རྒྱས་བསྡུས་ཇི་ལྟར་རིགས་པ་སྦྱར་བར་བྱ། མཐར་ཐུན་བསྡུས་ཤིང་ལྷར་ལྡང་བ་དང་དགེ་བསྔོ་ཤེས་བརྗོད་བྱའོ། །ཆོག་བསྒྲིགས་ཕལ་ཆེར་དོན་གྱི་དམིགས་པ་ཙམ། །གཅིག་ཀྱང་ཚིག་རྣམས་རང་རྩོམ་ཁོ་ནར་སྣང་། །འདི་ནི་གཏེར་གཞུང་ལས་བྱང་སྙིང་པོའི་གཞུང་། །ལྷུག་པ་ཕལ་ཆེར་ཚིག་བཅད་བྱས་པ་སྟེ། །རིག་འཛིན་རྣམས་ཀྱི་ལུང་དང་རྡོ་རྗེའི་ཚིག །མན་ངག་གནད་ལྡན་བྱིན་རླབས་མཚུངས་མེད་ཕྱིར། །ཚུལ་བཞིན་བསྒྲུབས་ལ་དངོས་གྲུབ་གཉིས་ཀྱིས་རྒྱུན། །ནམ་མཁའི་མཐར་ཐུག་འཛད་པ་མེད་པར་འབེབས། །ཞེས་པའང་མི་ཕམ་རྣམ་པར་རྒྱལ་བའམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་རབ་ཚེས་ཐམས་ཅད་འདུལ་ཅེས་པའི་སྨིན་དྲུག་ཟླ་བའི་ཡར་ཚེས་ལྔ་ལ་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་དུ་ཤར་མར་བྲིས་པ་འདིས་རྣལ་འབྱོར་སྒྲུབ་པ་པོ་རྣམས་བདུད་ཀྱི་གཡུལ་ལས་རྒྱལ་ཞིང་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousའཇམ་དཔལ་ཁྲོ་ཆུ་དུག་གདོང་ནག་པོའི་རྒྱུན་ཁྱེར་མངོན་རྟོགས་ཁྲོ་ཆུ་ཁོལ་མ།next