Nitartha Digital Library
Tibetan
གླེགས་བམ་དྲུག་པ།


   
ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་བླ་མའི་རྣལ་འབྱོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་བླ་མའི་རྣལ་འབྱོར།next

ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་བླ་མའི་རྣལ་འབྱོར།


MR06_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་བླ་མའི་རྣལ་འབྱོར་བཞུགས་སོ། །


MR06_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿ ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ནི། །གདོད་ནས་དག་པའི་གཞལ་ཡས་ཁང་། །སྙིང་གའི་ཆུ་སྐྱེས་ཟེའུ་ལ། །མི་ཤིགས་བདེ་བའི་ཐིག་ལེ་དང་། །དབྱེར་མེད་རྒྱལ་ཀུན་འདུས་པའི་རྗེ། །ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ། །མཚན་དཔེ་འོད་ཀྱི་རང་བཞིན་གསལ། ༈ །དཔལ་ལྡན་ཐུགས་རྗེའི་བདག་ཉིད་རིན་པོ་ཆེ། །བདག་གི་དངོས་བཤམས་འབུལ་ན་མདུན་མཁར་རམ་སྤྱི་བོར་ཞེས་ཁ་བསྒྱུར། གོང་གི་བསྐྱེད་པ་མི་དགོས། མཆན། སྙིང་གར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །མ་ལུས་


MR06_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་འདུས་པའི་བདག་ཉིད་ཁྱོད། །དད་པའི་ཡིད་མཚོ་ཀུན་ནས་དྭངས་པ་ལ། །མཁྱེན་བརྩེའི་ཟླ་གཟུགས་ནམ་ཡང་མི་འགོག་པར། །བྱང་ཆུབ་བར་དུ་འབྲལ་མེད་མགོན་དུ་བཞུགས། །མང་དུ་ཐོས་པ་རྒྱ་མཚོའི་མཆོད་ཡོན་འཁྱིལ། །བྱམས་བརྩེའི་རང་བཞིན་བསིལ་བའི་ཆུ་རྒྱུན་འབེབ། །རྨད་བྱུང་དད་པའི་མེ་ཏོག་ཚོགས་བཀྲམ་ཞིང་། །རྣམ་དག་ཚུལ་ཁྲིམས་མཆོག་གི་དྲི་བསུང་ལྡང་། །ཤེས་རབ་སྒྲོན་མེའི་སྣང་བ་འོད་དུ་གསལ། །བྱང་ཆུབ་སེམས་མཆོག་ཡིད་འོང་སྤོས་ཆུའི་རྒྱུན། །ཏིང་འཛིན་བདུད་རྩིའི་ཞལ་ཟས་དམ་པ་དང་། །གཟུངས་དང་བརྩོན་པ་མཆོག་གི་སྤྲིན་ཆེན་


MR06_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །བསྟོད་དབྱངས་སྙན་པའི་རོལ་མོ་འབུམ་སྒྲོགས་ཤིང་། །སོ་སོ་ཡང་དག་རིག་པའི་སྤོབས་པ་ཡི། །བླ་རེ་གདུགས་དང་རྒྱལ་མཚན་བ་དན་གྱི། །བདག་ལུས་གཞལ་མེད་ཁང་བཟང་རབ་བརྒྱན་ནས། །སྙིང་གི་ཆུ་སྐྱེས་བཞད་པའི་གེ་སར་ལ། །དགྱེས་པར་བཞུགས་པ་འགྲོ་མགོན་ཆོས་ཀྱི་རྗེ། །ཀུན་མཁྱེན་ཆེན་པོ་རྟག་ཏུ་མཆོད་བགྱིད་ཅིང་། །ངེས་པར་འདུན་པའི་ཡིད་ཀྱིས་གསོལ་འདེབས་ན། །ཆོས་ཀྱི་རྒྱལ་པོ་རྟག་ཏུ་མཉེས་གྱུར་ཅིག །གང་སྣང་བདེ་སྟོང་རོལ་པའི་འདོད་ཡོན་ལྔ། །བྱང་ཆུབ་ཡན་ལག་བདུན་ལྡན་རྒྱལ་སྲིད་རྫས། །འཕགས་ལམ་ངོ་བོ་བཀྲ་ཤིས་རྟགས་བརྒྱད་དང་། །འཕགས་ནོར་གྲངས་ལྡན་ཉེ་བའི་རིན་ཆེན་སོགས། །ལྷ་ཀླུ་མི་ཡི་འབྱོར་བའི་དངོས་པོ་དང་། །དག་པའི་ཞིང་གི་བཀོད་པ་རབ་འབྱམས་ཀྱིས། །མ་ལུས་མཁའ་དབྱིངས་རྒྱས་པར་བཀང་ནས་ཀྱང་། །རྒྱུན་མི་འཆད་པར་འགྲོ་མགོན་ཁྱེད་ལ་འབུལ། །བཅུ་དྲུག་དགའ་བའི་རང་བཞིན་ལྷ་མོ་ནི། །བརྒྱད་གཉིས་ཐིག་ལེ་དག་པའི་མཆོད་རྫས་ཅན། །སྟོང་ཆེན་དབྱིངས་སུ་ཟིམ་པའི་སྒྱུ་ཐབས་ཀྱིས། །ཟག་མེད་བདེ་བའི་ཉམས་འགྱུར་སྟོང་དུ་སྤེལ། །མདོར་ན་བདག་གཞན་སྒོ་གསུམ་འབྱོར་པར་བཅས། །དུས་གསུམ་དགེ་བའི་རྩ་བ་ཀུན་བསྡོམས་ཏེ། །ཡེ་ཤེས་


MR06_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་རྒུར་རོལ་པ་དགྱེས་མཆོག་སྤྲིན། །རྟག་ཁྱབ་ལྷུན་གྱིས་གྲུབ་པའི་དཔྱིད་དུ་འབུལ། །ཕྱིའི་མཆོད་པའོ། །བདག་ལུས་རྡོ་རྗེ་རྩ་ཡི་བྷཉྫ་རུ། །རང་བྱུང་དྭངས་མའི་ཁམས་མཆོག་བདུད་རྩིའི་བཅུད། །རྒུད་འཇོམས་འཆི་མེད་གྲུབ་པའི་སྨན་ཆེན་འདི། །འགྲོ་མགོན་ཆོས་ཀྱི་རྒྱལ་པོར་མཆོད་པ་འབུལ། །སྤྱི་བོ་ལ་སོགས་འཁོར་ལོའི་གནས་ལྔ་པོར། །ཁམས་གསུམ་ཆགས་པ་དབྱིངས་སུ་སྒྲོལ་བའི་ཁྲག །ཆགས་མེད་མཆོད་པ་ཆེན་པོའི་རླབས་མདངས་ཅན། །རང་བྱུང་རཀྟའི་མཆོད་པ་ཁྱོད་ལ་འབུལ། །ཕྱི་སྣོད་འཇིག་རྟེན་ཡངས་པའི་གཏོར་གཞོང་དུ། །ནང་བཅུད་འགྲོ་བ་ཀུན་གྱི་ཕུང་པོ་ལ། །རང་གསལ་བཀྲག་མདངས་དབང་པོའི་མཛེས་བརྒྱན་པ། །དམ་རྫས་གཏོར་མའི་མཆོད་པ་འདི་ཡང་འབུལ། །སྣོད་བཅུད་གཉིས་མེད་ཡབ་ཡུམ་དག་པ་ལས། །འབྲས་བུ་རང་བྱུང་ཡེ་ཤེས་མེར་ཤར་བ། །མཐའ་དབུས་མེད་པར་གསལ་བའི་འོད་འབར་ནི། །འཁོར་བའི་མུན་ཁང་གཞོམ་ཕྱིར་བཞེས་སུ་གསོལ། །ནང་གི་མཆོད་པའོ། །རྨད་བྱུང་ལྟ་ན་སྡུག་པའི་ལང་ཚོ་ནི། །མཐོང་བའི་མོད་ལ་ཟག་མེད་བདེ་སྟེར་མ། །གང་གི་ལུས་ལས་བྱུང་བ་བཟང་པོའི་དྲིས། །དཔག་ཚད་བྱེ་བའི་ཁྱོན་ཀུན་འགེང་བྱེད་ཅིང་། །ཟུར་གྱིས་འཛུམ་བཞིན་ཡིད་འཕྲོག་རྡོ་རྗེའི་


MR06_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

གླུ། །སྟང་སྟབས་བསྐྱོད་པའི་གར་དང་བཅས་སྒྲོགས་པ། །ལས་རླུང་སྲིད་པའི་འཆིང་བ་མཐའ་དག་ཀུན། །ངེས་པར་གཅོད་ལ་མྱུར་བའི་ཕོ་ཉ་མོ། །མཐོན་མཐིང་སྤྲིན་ལས་གློག་བཞིན་ལྡེམ་ཀྱོག་གི་སྒེག་ནི། །རོལ་པའི་རྩེ་འཇོ་མིག་འཕྲུལ་ལྟར་བསྒྱུར་ཞིང་། །གཅིག་ལས་དུ་མར་འཕྲོ་བའི་ཕྱག་རྒྱའི་ཚོགས། །ཐབས་མཆོག་རིག་པའི་གྲོགས་ལ་དགྱེས་བཞིན་དུ། །ལག་པའི་ལྕུགས་ཕྲན་ཕན་ཚུན་འབྲེལ་བྱས་ཤིང་། །མཆུ་སྒྲོས་པདྨའི་སྦྲང་རྩི་འཐུང་བ་ཡིས། །མྱོས་པའི་སྒྲ་དབྱངས་ཀུན་ནས་གསལ་བྱེད་པ། །མཉམ་པར་སྦྱོར་བའི་རེག་བྱ་ལས་སྐྱེས་པའི། །བདེ་སྟོང་ཟག་པ་མེད་པའི་སྟོབས་མཆོག་གིས། །སྲིད་པའི་ལས་རླུང་དབུ་མར་བཟློག་ནས་ཀྱང་། །མི་ཤིག་རྡོ་རྗེའི་རྒྱལ་ཐབས་བསྐྲུན་བྱེད་པ། །བདེ་མཆོག་སྒྱུ་མ་བདེ་བའི་རོལ་མོ་ནི། །མཁའ་དང་མཉམ་པར་སྤྲུལ་ཏེ་ཁྱོད་ལ་འབུལ། །གསང་བའི་མཆོད་པའོ། །མ་ལུས་སྣང་ཞིང་སྲིད་པའི་ཆོས་སོ་ཅོག །སྣང་སྟོང་རིག་པའི་ངང་དུ་རོ་གཅིག་པའི། །མི་ཤིགས་ཐིག་ལེ་ཆེན་པོར་ཁྱབ་བརྡལ་བ། །དུས་གསུམ་མཉམ་པ་ཉིད་དུ་དགྱེས་གྱུར་ཅིག །འོད་གསལ་མཐིང་དབྱིངས་དྭངས་པའི་ནམ་མཁའ་ལ། །རིག་རྩལ་འཇའ་ཟེར་ཐིག་ལེ་བཀྲམ་པའི་དབུས། །རིག་གདངས་མ་འགག་རྡོ་རྗེའི་ལུ་གུ་རྒྱུད། །རང་བྱུང་


MR06_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་སྣང་བཀོད་པའི་མཆོད་པ་འབུལ། །སྙིང་རྗེའི་དམ་པ་མཐའ་ཡས་པ་ཡི་ཁྱབ། །ཐབས་མཆོག་བདེ་ཆེན་རིག་པའི་རོལ་མོ་དང་། །ལྷན་སྐྱེས་རྡུལ་བྲལ་སྟོང་ཆེན་དག་པའི་དབྱིངས། །ཨེ་ཝྃ་མཉམ་སྦྱོར་བདེ་བའི་མཆོད་སྤྲིན་འབུལ། །སྲིད་དང་ཞི་བ་རོ་གཅིག་འདྲེས་པའི་མོད། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་འདུས་མ་བྱས། །འོད་གསལ་བདེ་བའི་བདེ་མཆོག་མཉམ་པ་ཉིད། །ཟག་མེད་དགྱེས་པ་མཆོག་གིས་དགྱེས་གྱུར་ཅིག །རྨད་དུ་བྱུང་བའི་མཆོད་པའོ། །ཨེ་མ། ཕྱོགས་བཅུ་དུས་བཞིར་བཞུགས་པ་ཡི། །རབ་འབྱམས་དཀོན་མཆོག་རྩ་བ་གསུམ། །ཀུན་འདུས་ཡིད་བཞིན་རིན་པོ་ཆེ། །མགོན་པོ་བདག་ལ་དགོངས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །ལྷན་སྐྱེས་རྨོངས་པའི་དབང་གྱུར་པས། །སྣང་སྲིད་དག་པའི་ཆོས་ཉིད་ལ། །གནས་བཞིན་དུ་ཡང་སྲིད་པར་འཁྱམས། །མེད་བཞིན་སྣང་ཡང་འཁོར་བ་འདི། །བདེན་ཞེན་ཅན་གྱིས་བཟོད་པར་དཀའ། །སྡུག་བསྔལ་རྦ་རླབས་ཆེར་གཡེང་བ། །བདག་ལ་བརྩེ་བའི་སྤྱན་གྱིས་གཟིགས། །རྟེན་འབྲེལ་ལས་དང་སྨོན་ལམ་དང་། །ཆོས་ཉིད་ཡེ་ཤེས་ཐུགས་རྗེ་ཡིས། །མཆོག་སྦྱིན་རྡོ་རྗེའི་དུས་ལགས་ན། །ཐུགས་དམ་སྙིང་ནས་བསྐུལ་ལོ་རྗེ། །དྭངས་མཁར་ཉི་མའི་འོད་དང་ནི། །རླན་


MR06_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྤྲ་བར་མེ་བཞིན་དུ། །ཤེས་རབ་རང་བྱུང་སྒྲོན་མེའི་རྩལ། །སློང་བའི་ཐབས་ཆེན་ཁྱོད་ཀྱིས་མཛོད། །ལས་རླུང་སྲིད་པའི་སྣང་ཞེན་ཀུན། །རྨི་ལམ་སད་པའི་གནས་སྐབས་ལྟར། །ད་ལྟ་ཉིད་དུ་གཅོད་བྱས་ནས། །སྙིང་དབུས་གཞོན་ནུ་བུམ་པ་སྐུའི། །མི་ཤིགས་ཐིག་ལེར་རོ་གཅིག་པའི། །མགོན་པོ་ཁྱོད་ཀྱི་ཡེ་ཤེས་སྐུ། །མངོན་སུམ་ཉིད་དུ་མཐོང་ནས་ཀྱང་། །མཁའ་ཁྱབ་འགྲོ་ཀུན་འདྲེན་པར་ཤོག །ཞེས་སོ། །རང་རིག་ཆོས་སྐུའི་ཏི་ལ་ཀར། །དུས་གསུམ་རྒྱལ་བ་སྲས་དང་བཅས། །འདུ་འབྲལ་མེད་པ་ངེས་ཤེས་ན། །གཤེགས་བཞུགས་བསྐྱེད་བསྟིམ་རྩོལ་བ་ཟད། །མ་ལུས་རྒྱལ་བ་མཆོད་པ་ལས། །བླ་མ་མཆོད་པ་མཆོག་ཡིན་ཅིང་། །མཆོད་པའི་ནང་ན་ཐབས་མཆོག་འདི། །ཐབས་ཆེན་སྔགས་ཀྱི་ཆོ་ག་བཞིན། །དབང་བཞིའི་ཡེ་ཤེས་སྐྱེ་བའི་ཐབས། །ཕྱི་ནང་གསང་བ་ཡང་གསང་གི །མཆོད་པ་འདི་འདྲ་བརྩམ་བྱས་ན། །བླ་མའི་དགོངས་རྒྱུད་སྙིང་ལ་འཕོས། །དེ་ནས་སྐད་ཅིག་ཉིད་ལ་ཡང་། །ལག་པའི་མཐིལ་ན་གཏེར་མཐོང་བཞིན། །གཏིང་གསལ་བསམ་མི་ཁྱབ་པའི་དབྱིངས། །འབད་པ་མེད་པར་ཤུགས་ཀྱིས་མཐོང་། །དེ་ནས་མཁའ་ལ་ཁྱུང་བཞིན་དུ། །སྣ་ཚོགས་བཀྲི་དྲང་ཐེག་པའི་ལམ། །གྲུབ་མཐའི་སྒྲོག་ཏུ་མི་ཚུད་ཀྱང་། །གྲུབ་མཐའ་སྣ་ཚོགས་སྟོན་ལ་མཁས། །མི་ཕམ་པས་སོ། །བླ་མའི་གསོལ་འདེབས་བཞུགས། སྔོན་ཚེ་རླབས་ཆེན་


MR06_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་བསྐྱེད་སྨོན་ལམ་མཐུས། །མཐའ་ཡས་འགྲོ་ཀུན་ཡོངས་བཀྲམ་བྱ་བའི་ཕྱིར། །རྣལ་འབྱོར་དབང་ཕྱུག་དམ་པའི་ཚུལ་སྟོན་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །བརྒྱུད་ལྡན་གདམས་ངག་ཟབ་མོའི་རྗེས་སུ་ཞུགས། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐའ་རུ་ཕྱིན། །འབྲེལ་ཚད་དོན་ལྡན་མཆོག་གི་རྣལ་འབྱོར་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཁྱད་པར་ངེས་གསང་ཕྱག་རྫོགས་དགོངས་པའི་དོན། །ཟབ་མོའི་ཆོས་ཉིད་གནས་ལ་རང་བྱན་ཚུད། །ཉིན་མཚན་ཁོར་ཡུག་འོད་གསལ་ཆེན་པོར་ཟླུམ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཐབས་མཁས་ཐུགས་རྗེའི་རྣམ་རོལ་ཚད་མེད་པའི། །སྐལ་བཟང་གདུལ་བྱའི་ཚོགས་རྣམས་རྗེས་སུ་འཛིན། །དཔག་ཡས་འགྲོ་ལ་ཕན་བདེའི་ཕྲིན་ལས་མཛད། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །པདྨ་ཐོད་ཕྲེང་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་གནས་གསུམ་མཁའ་འགྲོ་མ། །ཀུན་ཀྱང་བླ་མའི་ངོ་བོར་འདུ་འབྲལ་མེད། །ཀུན་འདུས་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །བླ་མའི་སྐུ་ནི་བདེ་གཤེགས་ཀུན་གྱི་དངོས། །གསུང་ནི་ཟབ་རྒྱས་ཐེག་པ་མཆོག་གི་མཛོད། །ཐུགས་ནི་མི་རྟོག་སྤྲོས་བྲལ་ཆོས་ཀྱི་དབྱིངས། །སྐུ་


MR06_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ངོ་བོར་བླ་མར་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། །དཔལ་ལྡན་བླ་མའི་ཐུགས་རྒྱུད་དགོངས་པའི་མཐིལ། །ཡེ་ཤེས་རྡོ་རྗེ་སྙིང་ལ་འབེབས་པ་དང་། །ཟབ་གསང་ཆོས་ཉིད་རྟོགས་པར་བྱིན་གྱིས་རློབས། །སངས་རྒྱས་ལས་ཀྱང་ཆེས་ཆེར་དཀོན་པ་ཡི། །ངེས་གསང་རྡོ་རྗེ་ཐེག་པའི་མཐར་ཐུག་དོན། །སྟོན་མཛད་བཀའ་དྲིན་འགྲན་བྲལ་བླ་མ་མཆོག །ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་གྱུར་ཅིག །གང་གི་ཐུགས་བསྐྱེད་དགོངས་པའི་རྩལ་ཆེན་པོས། །ས་སྟེང་མཐའ་དག་གསང་སྔགས་བསྟན་པས་ཁྱབ། །དེའི་མཐུས་སྣོད་བཅུད་རྒུད་པ་མ་ལུས་ཞི། །རྫོགས་ལྡན་དུས་བཞིན་སྐྱེ་དགུ་བདེ་གྱུར་ཅིག །བདག་ཀྱང་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །དཔལ་མགོན་བླ་མ་རྟག་ཏུ་མཉེས་བྱེད་ཅིང་། །ཟོལ་མེད་དད་དང་དམ་ཚིག་རྣམ་དག་པས། །བླ་མའི་ཕྲིན་ལས་རྒྱ་ཆེར་སྤེལ་བར་ཤོག །ངོ་བོ་སངས་རྒྱས་ཀུན་དང་མཉམ་ན་ཡང་། །བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པ་ཡི། །དཔལ་ལྡན་བླ་མ་སངས་རྒྱས་ཀུན་དངོས་ལ། །གཅིག་ཆོག་ཡིད་ཆེས་བཀའ་བཞིན་ལེགས་གྲུབ་པས། །ཡང་དག་ལམ་གྱི་རྟེན་འབྲེལ་ཚུལ་བཞིན་དུ། །འགྲིགས་པས་ས་ལམ་གེགས་མེད་མྱུར་བགྲོད་ནས། །བླ་མ་མཆོག་དང་དབྱེར་མེད་


MR06_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་ལྷའི། །གོ་འཕང་ཚེ་འདི་ཉིད་ལ་ཐོབ་གྱུར་ཅིག །ཅེས་པ་འདི་རྟོགས་ལྡན་རྒྱལ་པོ་ཤྲཱིའི་མཚན་ཅན་གྱི་ཞབས་པད་གུས་པའི་གཙུག་གིས་བརྟེན་པ་དྲུང་བློ་བཟང་དོན་གྲུབ་ནས་འདི་ལྟ་བུ་ཞིག་དགོས་ཞེས་ནན་ཏན་བསྐུལ་ངོར་མི་ཕམ་པས་གྲོ་བཞིན་ཟླ་བའི་ཉ་ལ་རྫོང་མགོ་རི་ཁྲོད་དུ་སྦྱར་བ་དགེའོ། །མངྒ་ལཾ།། ༄༅། །དུས་ཀྱི་རྒུད་པ་ཞི་བའི་བདེན་ཚིག་སྨོན་ལམ་བཞུགས་སོ། །ཨོཾ་ཨཱཿཧཱུྃ་ཧོཿ །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བྱིན་རླབས་དང་། །ལྷ་དང་དྲང་སྲོང་དཀར་ཕྱོགས་སྐྱོད་བའི་མཐུས། །རྒྱལ་ཁམས་ཀུན་ཏུ་ནད་མུག་འཐབ་རྩོད་སོགས། །མི་མཐུན་དུས་ཀྱི་རྒུད་པ་ཀུན་ཞི་ནས། །ཚེ་རིང་ནད་མེད་བདེ་སྐྱིད་དཔལ་འབྱོར་རྒྱས། །དགེ་བའི་སེམས་ལྡན་ཆོས་ཀྱི་བྱ་བ་འཕེལ། །མཐའ་ཡས་འགྲོ་ཀུན་བྱང་ཆུབ་ལམ་ལ་འཇུག །འཇིགས་མེད་བདེ་བ་ཆེན་པོའི་གནས་ཐོབ་ཤོག །ཆོས་ཉིད་གདོད་ནས་རྣམ་པར་དག་པ་ལ། །སྡུག་བསྔལ་རྒུད་པ་ཡེ་ནས་མི་མངའ་བའི། །བདེན་དོན་གཟིགས་པ་རྒྱལ་བ་སྲས་བཅས་ཀྱི། །སྨོན་ལམ་མཐུ་བཙན་ཐུགས་རྗེའི་སྟོབས་ཆེ་བས། །འཁྲུལ་སྣང་སྙིགས་མའི་རྒུད་པ་རབ་ཞི་ནས། །བཀྲ་ཤིས་བདེ་ལེགས་ངོ་མཚར་སྣང་བ་ཡིས། །ས་གསུམ་ཀུན་ཏུ་ཁྱབ་པའི་དགེ་མཚན་དཔལ། །ཉིན་མོར་བྱེད་པ་བཞིན་དུ་གསལ་གྱུར་


MR06_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཧྐྞྨླྭྲྱྃ་སྭཱ་ཧཱ། ཞེས་པ་འདི་ཉིད་རྣལ་འབྱོར་དབང་ཕྱུག་རྟོགས་ལྡན་ཆེན་པོ་ཤཱཀྱ་ཤྲཱི་ཛྙཱ་ནས་དུས་རྒུད་ཞི་བའི་སྨོན་ལམ་ཞིག་བྲིས་ཞེས་གསུང་བསྐུལ་ལྟར༧མི་ཕམ་འཇམ་དཔལ་དགྱེས་པས་ཆབ་མདོའི་ས་ཕྱོགས་སུ་ཞི་བ་ས་བྱི་དབོ་ཟླའི་ཚེས་རྒྱལ་བའི་གྲངས་ཀྱི་དུས་དགེ་བར་དམ་པ་དང་པོའི་སངས་རྒྱས་ལ་གསོལ་བ་བཏབ་སྟེ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག༔ དགེའོ། །


no previousཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱི་བླ་མའི་རྣལ་འབྱོར།next