Nitartha Digital Library
Tibetan
གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
བཀའ་བརྒྱད་བདེ་གཤེགས་འདུས་པ་ལས་བསྐྱེད་རྫོགས་ཆུང་བའི་མདངས་བསྐང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་བརྒྱད་བདེ་གཤེགས་འདུས་པ་ལས་བསྐྱེད་རྫོགས་ཆུང་བའི་མདངས་བསྐང་།next

བཀའ་བརྒྱད་བདེ་གཤེགས་འདུས་པ་ལས་བསྐྱེད་རྫོགས་ཆུང་བའི་མདངས་བསྐང་།


MR06_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱད་བདེ་གཤེགས་འདུས་པ་ལས༔ བསྐྱེད་རྫོགས་ཆུང་བའི་མདངས་བསྐད་བཞུགས་སོ༔ ༔


MR06_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་བསྒྲུབ་པ་བཀའ་བརྒྱད་ལྷ་ལ་ཕྱག་འཚལ་ལོ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཡང་ནས་ཡང་དུ་སྙན་དུ་བརྒྱུད༔ གསང་སྔགས་མཆོག་གི་བསྒྲུབ་པ་འདི༔ མདངས་ལ་སོགས་པའི་རྗེས་རྣམས་ཀྱིས༔ རིག་འཛིན་སོ་སོའི་ཐུགས་དམ་བསྐང་༔ རྫས་ནི་རིན་ཆེན་སྣ་ལྔ་དང་༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང་༔ རབ་བྱུང་དམ་རྫས་བདུད་རྩི་དང་༔ རྨད་ད་བྱུང་བའི་གཏོར་མ་དང་༔ རཀྟ་དམར་གྱི་རྒྱ་མཚོ་དང་༔ ཤ་ཆེན་སྤོས་ཀྱི་དུད་པ་དང་༔ རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང་༔ སྣང་གསལ་ཞུན་མར་མདངས་དང་ནི༔ མཁའ་ལྡིང་བྱ་དང་ཤེལ་སྒོང་ལུག༔ ཙ་ར་ལ་སོགས་མདངས་ཀྱིས་བསྐང་༔ རོལ་མོ་སིལ་སྙན་སྒྲ་དང་བཅས༔ བསྐང་བའི་ཆོ་ག་འདི་སྐད་དོ༔


MR06_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཤར་ནས་བཛྲ་ཨཀྵོ་བྷྱ༔ རྡོ་རྗེ་རིགས་ཀྱི་ཐུགས་དམ་ལས༔ ཞེ་སྡང་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ལྷོ་ནས་རཏྣ་སྭཱ་བྷ་ཝ༔ རིན་ཆེན་རིགས་ཀྱི་ཐུགས་དམ་ལས༔ ང་རྒྱལ་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ནུབ་ནས་པདྨ་དྷ་ར་ཧྲཱི༔ པདྨ་རིགས་ཀྱི་ཐུགས་དམ་ལས༔ འདོད་ཆགས་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ བྱང་ནས་ཨ་མོ་གྷ་སིདྡྷི༔ ལས་ཀྱི་རིགས་ཀྱི་ཐུགས་དམ་ལས༔ ཕྲག་དོག་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་


MR06_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

མཐོལ་ལོ་བཤགས༔ དབུས་ནས་བཻ་རོ་ཙ་ན་ཨོཾ༔ དེ་བཞིན་རིགས་ཀྱི་ཐུགས་དམ་ལས༔ གཏི་མུག་དམ་ཚིག་ཉམས་སོ་འཚལ༔ འདི་ཡང་མི་འཆབ་མཐོལ་ལོ་བཤགས༔ ཧཱུྃ༔ རྩ་བའི་དམ་ཚིག་གསོ་བའི་ཕྱིར༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་༔ མི་སྤང་དམ་ཚིག་གསོ་བའི་ཕྱིར༔ མཆེད་དང་ལྕམ་དྲལ་ཐུགས་དམ་བསྐང་༔ དང་བླངས་དམ་ཚིག་གསོ་བའི་ཕྱིར༔ གཟུངས་མ་རྣམ་རོལ་ཐུགས་དམ་བསྐང་༔ སྤྱད་བྱའི་དམ་ཚིག་གསོ་བའི་ཕྱིར༔ དམ་རྫས་ལྔ་ཡིས་ཐུགས་དམ་བསྐང་༔ ཤེས་བྱའི་དམ་ཚིག་གསོ་བའི་ཕྱིར༔ ལྟ་སྒོམ་སྤྱོད་པས་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་སྐོངས་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃཿ རྣམ་རྟོག་བག་ཆགས་སྦྱང་བའི་ཕྱིར༔ ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་༔ དུག་ལྔ་གནས་སུ་དག་པའི་ཕྱིར༔ རིགས་ཀྱི་ཡབ་ལྔའི༴ འབྱུང་ལྔ་གནས་སུ་དག་པའི་ཕྱིར༔ རིགས་ཀྱི་ཡུམ་ལྔའི་ཐུགས་དམ་བསྐང་༔ རྣམ་ཤེས་བརྒྱད་པོ་གནས་དག་པའི༔ སེམས་དཔའ་བརྒྱད་ཀྱི༴ ཡུལ་བརྒྱད་གནས་སུ་དག་པའི་ཕྱིར༔ སེམས་མ་བརྒྱད་ཀྱི་ཐུགས་དམ་བསྐང་༔ ཉོན་མོངས་དྲུག་པོ་འཇོམས་པའི་ཕྱིར༔ ཐུབ་པ་དྲུག་གི༴ ཡིད་


MR06_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆོས་ཉིད་གནས་དག་གྱུར་པའི༔ ཀུན་བཟང་ཡབ་ཡུམ༴ སྒོ་བཞི་བསྲུང་བར་བྱ་བའི་ཕྱིར༔ སྒོ་བ་ཡབ་ཡུམ༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ ཁྲོ་བོ་ཀུན་གྱི་རྗེ་བཙན་མཆོག༔ ཆེ་མཆོག་ལྷ་ཚོགས༴ ཁྲོ་ཚོགས་གདུག་པ་འདུལ་བའི་ཕྱིར༔ ཆེ་མཆོག་ཡབ་ཡུམ༴ ཕྲིན་ལས་བཞི་ཡིས་དོན་མཛད་པའི༔ རིགས་བཞི་ཧེ་རུ་ཀ་ཡི༴ དེ་ཡི་ཐུགས་དམ་བསྐུལ་བའི་ཕྱིར༔ ཀྲོ་ཏཱི་རིགས་བཞིའི༴ ཕྱོགས་བཅུའི་གདོན་རྣམས་འདུལ་བའི་ཕྱིར༔ ཁྲོ་བཅུ་ཡབ་ཡུམ༴ དགྲ་བགེགས་མ་ལུས་འདུལ་བའི་ཕྱིར༴ སྒོ་བ་བཞི་ཡི༴ བསྟན་པའི་དགྲ་བགེགས་འདུལ་བའི་ཕྱིར༔ ལྕེ་སྤྱང་མ་བརྒྱད༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ མཉམ་ཉིད་ངང་ལས་རོལ་པའི་སྐུ༔ ཡང་དག་ལྷ་ཚོགས༴ དུག་ལྔ་རྩད་ནས་གཅོད་པའི་ཕྱིར༔ རིགས་ཀྱི་ཡབ་ལྔའི་ཐུགས༴ འབྱུང་ལྔ་གནས་སུ་དག་པའི་ཕྱིར༔ རིགས་ཀྱི་ཡུམ་ལྔའི༴ རྣམ་ཤེས་བརྒྱད་པོ་འཇོམས་པའི་ཕྱིར༔ ཀཽའུ་རི་མ་བརྒྱད༴ ཡུལ་བརྒྱད་གནས་སུ་དག་པའི་ཕྱིར༔ སེང་ཧ་བརྒྱད་ཀྱི༴


MR06_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་ངོ་བོ་ཡིན་པའི་ཕྱིར༔ སྒོམ་བཞི་ཡིས༴ བསྟན་པ་བསྲུངས་ཤིང་ལས་ལ་མྱུར༔ དབང་ཕྱུག་ཉེར་བརྒྱད༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ལ་ཅིག༔ ཧཱུྃ༔ དྲག་པོས་གདུག་པ་འདུལ་བའི་ཕྱིར༔ གཤིན་རྗེའི་ལྷ་ཚོགས༴ བདེ་གཤེགས་རྣམས་ཀྱིས་སྤྲུལ་པའི་སྐུ༔ གཤིན་རྗེ་ཡབ་ཡུམ་ཐུགས་དམ་བསྐང་༔ དེ་ཉིད་ལས་ལ་འགྱེད་པའི་ཕྱིར༔ གཤེད་བཞི་ཡབ་ཡུམ༴ ཕྱོགས་བཅུའི་འབྱུང་པོ་འདུལ་བའི་ཕྱིར༔ ཁྲོ་བཅུ་ཡབ་ཡུམ༴ སྒོ་བཞི་བསྲུངས་ཤིང་ལས་ལ་མྱུར༔ སྒོ་བ་བཞི་ཡི༴ དམ་ཉམས་ཁྲམ་ལ་བཏབ་པའི་ཕྱིར༔ ཁྲམ་ཐོག་བདུད་ཀྱི༴ སྲོག་གཤེད་མ་བགོ་བའི་ཕྱིར༔ གྲི་ཐོགས་གིང་གི་ཐུགས་དམ་བསྐང་༔ དགྲ་བོ་རྩིས་ལ་གདབ་པའི་ཕྱིར༔ ཤོད་ཐོགས་རྩིས་པའི༴ དགྲ་སྙིང་མངོན་དུ་ཕྱུངས་བའི་ཕྱིར༔ ཤན་པ་བཞི་ཡི༴ ལས་རྣམས་མ་ལུས་བསྒྲུབ་པའི་ཕྱིར༔ ལས་མཁན་མོན་པའི༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ ཁམས་གསུམ་དབང་དུ་བསྡུད་པའི་ཕྱིར༔ རྟ་མགྲིན་ལྷ་ཚོགས༴ དྲེགས་པ་མ་ལུས་ཟིལ་གནོན་ཕྱིར༔ རྟ་མགྲིན་ཡབ་ཡུམ༴ དྲེགས་


MR06_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ལུས་བསྒྲལ་བའི་ཕྱིར༔ བྱི་ལ་པུ་ཤུད་ཐུགས༴ འབྱུང་པོ་ཐམས་ཅད་ཟིལ་གནོན་ཕྱིར༔ ཟིལ་གནོན་ཁྲོ་བོ་བརྒྱད་ཀྱི༴ དེ་ཡི་ཐུགས་དམ་བསྐུལ་བའི་ཕྱིར༔ ཟིལ་གནོན་ཡུམ་གྱི༴ དྲེགས་པ་མ་ལུས་འདུལ་བའི་ཕྱིར༔ སྒོ་བ་བཞི་ཡི༴ སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་ཕྱིར༔ དཔལ་གྱི་བཀའ་ཉན༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ དམ་སྲི་གདུག་པ་འདུལ་བའི་ཕྱིར༔ ཕུར་པའི་ལྷ་ཚོགས༴ སྣང་སྲིད་ཕུར་པས་རྒྱས་གང་བ་ཕྱིར༔ རྡོ་རྗེ་གཞོན་ནུའི༴ གཙོ་བོའི་ཐུགས་དམ་བསྐུལ་བའི་ཕྱིར༔ འཁོར་ལོ་རྒྱས་འདེབས༴ དུག་ལྔ་བདུད་འདུལ་ཁྲོ་བོའི་རྒྱལ༔ རིགས་ལྔ་ཀཱི་ལ་ཡ་ཡི༴ ཐུགས་རྗེ་ཐབས་ཀྱི་ཐམས་ཅད་འདུལ༔ ཏ་ན་ཁྲོ་བཅུའི༴ སྐྱེ་མེད་ཆོས་སྐུའི་བྱིན་བརླབས་ལས༔ ཁྲོ་མོ་བཅུ་ཡི༴ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ཏེ༔ ཟ་བྱེད་ཕ་བཅུའི༴ བཀའ་ཉན་ཕོ་ཉ་མགྱོགས་བྱེད་མ༔ གསོད་བྱེད་མ་བཅུའི༴ ཕྱག་རྒྱ་བཞི་ཡིས་དོན་མཛད་མ༔ སྒོ་མ་བཞི་ཡི༴ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ དཔལ་གྱི་བཀའ་ཉན༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔


MR06_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ དུས་མིན་འཆི་བ་བཟློག་པའི་ཕྱིར༔ མ་མོ་ལྷ་ཚོགས༴ རིགས་ལྔའི་སངས་རྒྱས་སྤྲུལ་པའི་སྐུ༔ བླ་མེད་ཧེ་རུ་ཀའི༴ གཉིས་མེད་སྦྱོར་བའི་ཡུམ་མཆོག་མ༔ མུ་ཁ་ལེ་ཡི་ཐུགས་དམ་བསྐང་༔ ཚེ་དང་སྲོག་ལ་མངའ་མཛད་མ༔ རྟག་རྒྱལ་མ་ལྔའི་ཐུགས་དམ་བསྐང་༔ བཀྲག་དང་མདངས་ལ་དབང་བསྒྱུར་མ༔ རྗེ་མོ་བཅུ་བཞིའི་ཐུགས༴ དབུགས་དང་རླུང་ལ་དྲོད་ཉུལ་མ༔ སྨན་མོ་ལྔ་བཅུའི༴ མ་མོ་རྣམས་ཀྱི་ལས་མཁན་མོ༔ སྒོ་མ་བཞི་ཡི༴ དམ་ཉམས་དགྲ་བོ་བསྒྲལ་བའི་ཕྱིར༔ བཀའ་སྡོད་ལྷ་ཚོགས༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ རྡོ་རྗེ་སློབ་དཔོན་མཆོད་པའི་ཕྱིར༔ རིག་འཛིན་ལྷ་ཚོགས༴ གྲུབ་ཆེན་བརྒྱད་ལ་དབང་བསྒྱུར་ཕྱིར༔ རིག་འཛིན་བརྒྱད་ཀྱི༴ ཕྲིན་ལས་བཞི་ཡིས་བསྒྲུབ་པའི་ཕྱིར༔ རིག་འཛིན་བཞི་ཡི༴ རྒྱུད་ལུང་དབང་དང་དོན་སྟོན་ཕྱིར༔ སྙན་བརྒྱུད་བླ་མའི༴ དྲིན་ལ་ལན་གྱིས་བླན་པའི་ཕྱིར༔ སློབ་དཔོན་བཞི་ཡི༴ སྔར་འདས་མ་འོངས་ད་ལྟ་བཞུགས༔ དུས་གསུམ་རིག་འཛིན༴ དངོས་གྲུབ་ཆར་ལྟར་དབབ་པའི་ཕྱིར༔ དཔའ་བོ་མཁའ་འགྲོའི༴


MR06_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ འགོ་བའི་ལྷ་རྣམས་མཆོད་པའི་ཕྱིར༔ མཆོད་བསྟོད་ལྷ་ཚོགས༴ དྲེགས་པ་ལས་ལ་བསྐུལ་བའི་ཕྱིར༔ དྲེགས་པ་ཀུན་འདུལ༴ ཁམས་གསུམ་དབང་དུ་སྡུད་པའི་ཕྱིར༔ ཁམས་གསུམ་སྤྱི་འདུལ༴ ཕོ་རྒྱུད་རྣམས་ཀྱི་ཆེ་བཙན་མཆོད༔ དབང་ཕྱུག་ཆེན་པོའི༴ མོ་རྒྱུད་རྣམས་ཀྱི་ཆེ་བཙན་ཕྱིར༔ ཨུ་མ་དེ་བཱིའི༴ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ སྡེ་དཔོན་ཉེར་བརྒྱད༴ སྒོ་བཞི་བསྲུང་བའི་ལས་མཛད་པའི༴ སྒོ་བ་བཞི་ཡི༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ ཞིང་བཅུ་གདུག་པ་འདུལ་བའི་ཕྱིར༔ དྲག་སྔགས་ལྷ་ཚོགས༴ དྲེགས་པ་མ་ལུས་ཟིལ་གནོན་ཕྱིར༴ སྟོབས་ལྡན་ནག་པོའི༴ མོ་རྒྱུད་ཐམས་ཅད་ཟིལ་གནོན་ཕྱིར༔ འབྱུང་ལྔའི་བདག་མོའི༴ གཤིན་རྗེ་དམོད་པའི་དྲགས་སྔགས་ཅན༔ འཆི་བདག་ནག་པོའི༴ མ་མོ་དམོད་པའི་དྲག་སྔགས་ཅན༔ མ་མོ་ཁྲག་འཛག༴ བསྟན་སྲུང་དམོད་པའི་དྲག་སྔགས་ཅན༔ དྲེགས་པ་བཅོ་བརྒྱད་ཐུགས་དམ་བསྐང་༔ བཀའ་ཉན་དམོད་པའི་དྲག་སྔགས་ཅན༔


MR06_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་བ་བཞི་ཡི༴ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ ཕྱི་རིམ་ལྕགས་རི་ནག་པོ་ལ༔ དཔལ་གྱི་བཀའ་སྡོད་སྲུང་མ་ནི༔ དཀྱིལ་འཁོར་མུ་རན་སྐྱོང་བའི་ཕྱིར༔ དབང་ཕྱུག་ཉེར་བརྒྱད༴ ནམ་མཁའི་མཐའ་དང་མཉམ་པའི་ཕྱིར༔ མཁའ་འགྲོ་སུམ་ཅུའི༴ རུ་ཏྲ་སྡེ་གསུམ་འདུལ་བའི་ཕྱིར༔ གིང་དང་ལང་ཀའི༴ ཐུགས་ཀྱི་སྤྲུལ་པ་འགྱེད་པའི་ཕྱིར༔ འབར་མ་བརྒྱད་ཀྱི༴ འཇིག་རྟེན་ཁམས་ལ་དབང་བསྒྱུར་ཕྱིར༔ དབང་ཆེན་སྡེ་བཞིའི༴ ས་བདག་གདུག་པ་འདུལ་བའི་ཕྱིར༔ ས་བདག་སུམ་ཅུའི་ཐུགས་དམ་བསྐང་༔ འཁོར་བའི་རྒྱ་མཚོ་སྐེམ་པའི་ཕྱིར༔ མ་མོ་བདུན་གྱི༴ དམ་ཚིག་གཞུང་བཞིན་བསྲུང་བའི་ཕྱིར༔ སྲིང་མོ་བཞི་ཡི༴ ཕྱོགས་བཅུར་སྤྲུལ་པ་འགྱེད་པའི་ཕྱིར༔ ཕོ་ཉ་དྲུག་ཅུའི༴ མི་ནད་ཕྱུགས་ནད་རྒྱུན་བཅད་ཕྱིར༔ འབུམ་ཕྲག་མཁའ་འགྲོའི༴ བོད་ཁམས་བསྟན་པ་སྐྱོང་བའི་ཕྱིར༔ བརྟན་མ་བཅུ་གཉིས་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དབྱར་དམ་གཉན་པོ་སོར་སྩོལ་ཅིག༔ ཧཱུྃ༔ བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐངས༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་


MR06_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ རྒྱུ་མཆོག་ཆེན་པོ་རྣམ་ལྔ་དང་༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང་༔ རང་བྱུང་དམ་རྫས་བདུད་རྩི་དང་༔ རྨད་དུ་བྱུང་བའི་གཏོར་མ་དང་༔ རཀྟ་དམར་གྱི་མཆོད་པ་དང་༔ ཤ་ཆེན་སྤོས་ཀྱི་དམ་རྫས་དང་༔ རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང་༔ སྣང་གསལ་མར་མེའི་མཆོད་པ་དང་༔ ཙ་ར་འདི་ཡི་མདངས་ཀྱིས་བསྐངས༔ མཁའ་ལྡིང་འདི་ཡི་མདངས་ཀྱིས་བསྐངས༔ ཤེལ་སྒོང་འདི་ཡི་མདངས་ཀྱིས་བསྐང་༔ འདི་ལྟར་བསྐང་བསྐང་གསོ་གསོ་ནས༔ ཐུགས་དམ་གཉན་པོ་དེས་བསྐང་ལ༔ ཆོ་ག་ལྷག་ཆད་རྫོགས་གྱུར་ཅིག༔ བདག་གི་དབྱར་དམ་སོར་སྩོལ་ཅིག༔ དབྱར་དམ་བསྐངས་ལ་རྐྱེན་ངན་བཟློག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཕྱག་དཔེའོ༔ མངའ་བདག་ཆེན་པོའི་གཏེར་མའོ༔མདངས་བསྐང་ཆུང་བ་ལགས་སོ༔


previousབཀའ་བརྒྱད་བདེ་གཤེགས་འདུས་པ་ལས་བསྐྱེད་རྫོགས་ཆུང་བའི་མདངས་བསྐང་།next