Nitartha Digital Library
Tibetan
གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རིག་པ་འགྱུར་མེད་ཡེ་ཤེས་ཀྱི་སྐྱེས་བུ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག
   
   
   
   
   
   
   
   
   
   
   
   
   


 
previousརིག་པ་འགྱུར་མེད་ཡེ་ཤེས་ཀྱི་སྐྱེས་བུ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུགnext

རིག་པ་འགྱུར་མེད་ཡེ་ཤེས་ཀྱི་སྐྱེས་བུ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག


MR06_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་འགྱུར་མེད་ཡེ་ཤེས་ཀྱི་སྐྱེས་བུ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ། །


MR06_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་མ་ཧོ། མདུན་ནམ་མཁར་འཇའ་འོད་འཁྲིགས་པའི་ཀློང་། །ལྷ་རྩ་གསུམ་དགྲ་བླའི་སྤྲིན་ཕུང་དབུས། །ཕ་སྐྱེས་མཆོག་ནོར་བུ་དགྲ་འདུལ་རྩལ། །བྱིན་ཐིབས་སེ་དགྱེས་ཞལ་ངོམས་བཞིན་བཞུགས། །མགོན་རྒྱལ་བ་ཀུན་འདུས་ཐུགས་རྗེ་ཅན། །དཔལ་ཨོ་རྒྱན་ཆེན་པོའི་སྤྲུལ་པའི་སྐུ། །རྗེ་རིགས་གསུམ་གཅིག་འདུས་སེང་ཆེན་རྒྱལ། །བུ་མོས་གུས་བཟོད་མེད་གདུང་ཤུགས་ཀྱིས། །ཕ་ཁྱོད་ལ་གསོལ་བ་སྙིང་ནས་འདེབས། །ཐུགས་འོད་གསལ་འཕོ་འགྱུར་མེད་པའི་ངང་། །བྱམས་སྙིང་རྗེའི་སྤྲིན་ཆེན་རྟག་ཏུ་འཁྲིགས། །ལས་སྨོན་ལམ་མཐུན་པའི་གདུལ་བྱ་ལ། །བྱིན་བཙན་ཐབས་འབེབས་པའི་ཐུགས་རྗེ་ཅན། །དཔལ་དགྲ་བླའི་སྐུ་ཆས་རེ་རེར་ཡང་། །ལྷ་རྩ་གསུམ་དཀྱིལ་འཁོར་གྲངས་ལས་འདས། །དྲན་ཙམ་གྱིས་བྱིན་


MR06_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་དབང་ཆེན་ཐོབ། །ཡབ་དཔའ་བོའི་བྲོ་བརྡུངས་ཁྲབས་སེ་ཁྲབ། །ཡུམ་དཔའ་མོའི་གླུ་ལེན་ཤར་ར། །རྟ་འདོ་རྗེའི་ཧེར་སྒྲ་ལྷངས་སེ་ལྷང་། །དཔའ་དགྲ་བླའི་བཞད་སྒྲ་ཆེམས་སེ་ཆེམ། །སེམས་མོས་དུང་ཅན་གྱི་སྐྱེ་བོ་ལ། །ད་མ་གཡེལ་མ་གཡེལ་བྱིན་གྱིས་རློབས། །ལུས་འདི་ལ་དགྲ་བླའི་དཔའ་རྫོང་ཆོས། །ངག་འདི་ལ་འཕྲུལ་གསུང་དབང་ཞིག་བསྐུར། །སེམས་འདི་ལ་བདེ་སྟོང་རིག་རྩལ་སྦོར། །རྗེ་ཁྱེད་དང་དབྱེར་མེད་འགྲུབ་པར་ཤོག །བླ་མ་མཁྱེན་ཞེས་ཅི་མང་དང་། །བླ་མ་སྐྱེས་མཆོག་ཡིད་བཞིན་ནོར་བུ་མཁྱེན། །ཞེས་དང་། ཨོཾ་ཨཱཿཧཱུཾ་བཛྲ་མ་ཧཱ་གུ་རུ་མ་ཎི་རཱ་ཛ་སརྦ་སིདྡྷི་ཕ་ལ་ཧཱུཾ། ཞེས་བཟླས་མཐར་རང་དང་དབྱེར་མེད་བློ་འདས་ཆོས་སྐུའི་ངང་དུ་བཞག །བྱིན་རླབས་མྱུར་འཇུག་རིག་རྩལ་བརྡའ་རྟགས་སྟོན། །ཞག་བདུན་གསོལ་


MR06_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་རྗེས་སུ་ངེས་པར་འཛིན། །རང་རིག་བློ་འདས་ངང་ནས་སེང་ཆེན་རྗེའི། །བྱིན་རླབས་ཆེ་ཐོབ་རིག་པའི་རྡོ་རྗེས་སྤེལ། །ཐུན་མཐར་ཧོར་འདུལ་དང་རྟ་རྒྱུག་གསོལ་འདེབས་དབྱངས་སྙན་པོས་བསྒྲགས་པར་བྱའོ། །ཐམས་ཅད་འདུལ་གྱི་ཟླ་༣ཚེས་༢༣ལའོ། །དགེའོ། །མངྒ་ལཾ།༈ངོ་མཚར་རྟོགས་བརྗོད་བརྡ་གསང་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། འཛམ་གླིང་ཕན་བདེ་གྲུབ་པའི་རོལ་མོ་རུ། །ཡེ་ཤེས་ནོར་བུ་འབར་བའི་ཟེར་ཕྲེང་གིས། །ནག་ཕྱོགས་བདུད་དགྲ་འདུལ་ལ་མཐུ་བོ་ཆེ། །སྐྱེས་མཆོག་སེང་ཆེན་རྒྱལ་པོས་ཤིས་པ་སྩོལ། ༡། འདམ་གྱི་པདྨོ་སྣང་བའི་དང་པོ་ལ། །གློག་ཕྲེང་མེ་ལོང་དམར་པོའི་དཀྱིལ་དུ་ཤར། །འབྲུག་སྒྲས་དཔའ་བོ་རླུང་གི་བང་ཞོན་པས། །ཀུན་ཀྱང་དབང་དུ་གྱུར་ལ་གསོལ་བ་འདེབས། ༢། དབང་ཆེན་ཅང་ཤེས་དམར་པོར་སྣང་བ་ཡི། །རྫུ་འཕྲུལ་རྐང་པ་འཕྲུལ་གྱི་ཞགས་པས་བཀུག །སྒྱུ་མའི་གཏེར་ལས་སྲིད་གསུམ་ཡོ་བྱད་འགྲིགས། །ཆེ་རྒུས་མངའ་གསོལ་མཛད་ལ་གསོལ་བ་འདེབས། ༣། སྟག་དང་སེང་འབྲུག་ཁྱུང་དང་གླང་པོའི་ཁྱུ། །དྲེགས་པའི་ཆང་གིས་མྱོས་བཞིན་རྣམ་རྒྱུ་བ། །ཕན་ཚུན་འགྲན་པ་བཞིན་ཏུ་དངར་བའི་མཐར། །སྦས་པའི་ཟོལ་གྱིས་གཤེགས་ལ་གསོལ་བ་འདེབས། ༤། དྭངས་པའི་ཤེལ་ལས་འཕོས་པའི་གཟུགས་བཞིན་ཏུ། །དུ་མའི་མདུན་ན་སྣ་ཚོགས་ཉམས་ཀྱི་གླུས། །སོ་སོའི་ཡིད་ཀྱི་འདོད་པ་གསལ་བྱེད་པའི། །སྒྱུ་འཕྲུལ་རོལ་མོ་ངོམ་ལ་གསོལ་བ༴ ༥


MR06_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལེགས་ལྷ་ཡི་ནི་གུའི་ཚོགས་མདུན་ནས། །ཟླ་ཉི་སྒྲ་གཅན་སྐར་མའི་རྒྱུ་བ་བཞིན། །སྟོབས་ནུས་རླུང་གི་ཤེད་མོང་རབ་འཁྲུགས་པས། །སྙན་པའི་བ་དན་བསྐྱོད་ལ༴ ༦ དགའ་སྐྱིད་ཉི་ཟླ་འབར་བའི་སྣང་བའི་ངོགས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དྲུང་། །གྲགས་པའི་འབྲུག་སྒྲས་ས་ཆེན་འདར་བཞིན་ཏུ། །རྒྱལ་ཐབས་ཁྲི་ཆེན་གནོན་ལ༴ ༧ སྤྲིན་ལས་སྣང་བའི་མུ་ཁྱུད་དང་ནི་ཡང་། །འདམ་གྱི་སྦུབས་ནས་པདྨ་གཞོན་ནུ་བཞིན། །ལྷར་བཅས་ཀུན་དགའི་ལུས་མཆོག་དྲི་མ་མེད། །མངོན་སུམ་སྣང་བར་མཛད་ལ༴ ༨ སྟོབས་ཀྱིས་དྲེགས་པ་ཀུན་ཀྱང་འདི་ཡི་དྲུང་། །ཅོད་པན་རལ་པས་བཏུད་དང་ལྷན་གཅིག་ཏུ། །བདུད་ཀྱི་སྡེ་ཆེན་ཕམ་པའི་ཆོ་ངེ་བསྒྲགས། །དཀར་ཕྱོགས་རྣམ་པར་རྒྱལ༴ ༩ དེ་ནས་སྲིད་དང་ཞི་བའི་དྭངས་བཅུད་ཀུན། །དབང་མེད་འཕྲོགས་པ་ཡིད་བཞིན་ནོར་བུའི་སྐུ། །རྟག་བརྟན་བསྒྲེས་རྒུད་བྲལ་བའི་རང་བཞིན་གྱིས། །བསྟན་འགྲོའི་ཕན་བདེ་སྤེལ་ལ༴ ༡༠ དེ་ལྟར་གསོལ་བ་བཏབ་པའི་རྟེན་འབྱུང་གིས། །རིགས་གསུམ་པདྨའི་སྒྱུ་འཕྲུལ་དགྲ་བླའི་རྒྱལ། །ཡིད་ཀྱི་ཨུཏྤལ་གཞོན་ནུའི་དབུས་བཞུགས་ནས། །རེ་འབྲས་ཡིད་བཞིན་འགྲུབ་པའི་དངོས་གྲུབ་རྩོལ། ༡༡། རབ་ཚེས་ཤིང་ཁྱི་ཧོར་ཟླ་བཅུ་གཅིག་པའི། །དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་བཅུ་ལ། །དཔའ་བོ་གླིང་ལ་གུས་པའི་རྣལ་འབྱོར་བ། །མི་ཕམ་རྣམ་པར་རྒྱལ་བས་ལེགས་པར་སྤེལ། །ལུས་ཟུངས་


MR06_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྐྱིད་ནྱ་གྲོ་དྷ་ཡི་འབྲས། །ཕྲ་ཡང་ཇེ་བས་ཇེ་ཆེར་རྒྱས་པ་ཡི། །རྟེན་འབྲེལ་བཟང་པོའི་རྟོག་པ་བཅོས་མིན་དུ། །ཡང་ཡང་སྐྱེ་བའི་རྩལ་ལས་འདི་ཡང་སྣང་། །ཉམས་དགའི་བྲོ་གར་རྩེན་པར་འདོད་པའི་ངང་། །སྒྱུ་མའི་གཉིད་ལས་བརྡ་དོན་སྣ་ཚོགས་ཤར། །དེ་ཚུལ་བརྟག་ན་འདི་ཡང་རྟེན་འབྲེལ་གྱི། །མཆོག་བཟང་གཡུ་རྒྱལ་ལྷ་ཡི་རྔ་དང་འདྲ། །གེ་སར་ནོར་བུ་དགྲ་འདུལ་ཞེས་བྱ་བ། །འཛམ་གླིང་ཐ་གྲུ་ཀུན་ན་གྲགས་པ་ཡི། །ངོ་མཚར་རྟ་རྒྱུགས་རྟོགས་པ་བརྗོད་པའི་གཏམ། །བརྡའ་གསང་ནོར་བུའི་མེ་ལོང་འདི་ཡིན་ནོ། །སརྦ་མངྒ་ལཾ།། ༈ །།ཧོར་འདུལ་གསོལ་འདེབས་དཔའ་བོའི་གད་རྒྱངས་བཞུགས་སོ། །ཨེ་མ་ཧོ། རྒྱལ་ཀུན་ཡེ་ཤེས་རྡོ་རྗེའི་ངང་ཉིད་ནས། །རྡོ་རྗེ་ཁྲོས་པའི་སྒྱུ་འཕྲུལ་མེ་བོ་ཆེ། །ལོག་སྨོན་བདུད་ཀྱི་ཚང་ཚིང་བསྲེགས་ལ་རྔམ། །སྐྱེས་མཆོག་དགྲ་འདུལ་རྒྱལ་པོ་རྒྱལ་གྱུར་ཅིག །བདུད་འདུལ་མཉམ་པ་ཆེན་པོའི་ཏིང་འཛིན་ལས། །དྭངས་སྨན་ཌཱ་ཀིས་རབ་བསྐུལ་མཁའ་འགྲོའི་གླུས། །ཐུགས་རྗེའི་གློག་དམར་འཁྱུག་དང་ཆབ་གཅིག་ཏུ། །དགྲ་བླའི་དམག་སྤྲིན་སྡུད་ལ་གསོལ་བ་འདེབས། །ཤུགས་རྩེན་རླུང་གིས་བཏེགས་པའི་རྟ་བདུན་དབང་། །མཐོང་བ་ཀུན་སྨོན་ཡུལ་གྱི་དབུས་སུ་ཤར། །རེ་འདོད་དགའ་བའི་མིག་ཅན་པདྨོའི་ཚལ། །རྫུ་འཕྲུལ་འོད་བརྒྱས་འབྱེད་ལ༴དགྲ་བླའི་བ་དན་གཡོ་བའི་འབྲུག་སྒྲ་དང་། །ལྷན་གཅིག་རྒྱུ་བ་སྣ་ཚོགས་ནོར་བུའི་སྐུ། །ཞི་དང་དྲག་པོའི་རོལ་རྩེད་དུ་མ་ཡིས། །ལམ་གྱི་དགྲ་ཚོགས་འདུལ་ལ༴ ཡིད་འཕྲོག་དབང་གི་ལྕགས་ཀྱུས་སྙིང་


MR06_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ནས། །སྲིད་པའི་མུན་པ་བདུད་ཀྱི་ཁོང་དུ་གཞུག །སྒྱུ་མའི་བཀོད་པ་ཆེན་པོའི་རོལ་རྩེད་སྟོང་། །བརྒྱུད་མར་ངོམས་པར་མཛད་ལ༴ བདེ་ཆེན་ནོར་བུའི་གཏེར་ལྡན་པདྨའི་མཚོ། །ཐུགས་རྗེའི་འོད་སྟོང་འབར་བས་རིང་ནས་བསྐྱང་། །སྦས་པའི་ལུས་མཆོག་རྡོ་རྗེའི་སྟོབས་ལྡན་པས། །ངོ་མཚར་འབྲུག་སྒྲ་སྒྲོགས་ལ༴ དགྲ་སྙིང་དུམ་བུར་བྱེད་པའི་སྒྱུ་འཕྲུལ་བརྒྱ། །སྡིག་ཅན་སྙིང་ལ་སྙིང་རྗེའི་ཤུགས་ཀྱིས་ངོམ། །སྨག་ལ་ཟླ་བ་བཞིན་དུ་ཐུགས་རྗེའི་མཐུ། །འགོག་མེད་སྣང་བར་མཛད་ལ༴ སྙིང་རྗེའི་ལྕགས་ཀྱུས་དབང་མེད་བཀུགས་ནས་སུ། །མི་བཟད་དུག་ལྔའི་མེ་འབར་བདུད་ཀྱི་མགོ །ཤེས་རབ་རལ་གྲིས་འབྲེག་པར་མཛད་པ་ཡི། །ངོ་མཚར་མཐུ་ཆེན་སྟོན་ལ་གསོལ་བ་འདེབས། །བྱང་ཕྱོགས་བདུད་ཀྱི་རྒྱལ་མཚན་རྩེ་ནས་བསྙིལ། །ཡང་དག་ཆོས་ཀྱི་རྒྱལ་རྔ་རབ་ཏུ་བསྒྲགས། །ཕྱོགས་ལས་རྣམ་རྒྱལ་ཉི་ཟླའི་གཟི་བྱིན་གྱིས། །དཀར་ཕྱོགས་རྒྱལ་ཁམས་སྐྱོང་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་རྟེན་འབྱུང་གིས། །སྙིང་ལ་དགྲ་བླའི་རྒྱལ་པོའི་མཐུ་ཐོབ་ནས། །ཆོས་སྲིད་ལེགས་ཚོགས་འཕེལ་བའི་བར་ཆད་དགྲ། །བསམ་པ་ཙམ་གྱིས་རྨིང་མེད་ཐུལ་བར་ཤོག །ཅི་འདི་ཕྲ་མོའི་མེ་ཞེས་མ་བརྙས་ཤིག །དུས་སུ་རླུང་གིས་སྦར་ན་ནགས་ཀྱི་གྲོང་། །ཟ་བའི་ལྕེ་རྣོན་གནམ་སའི་ཁ་ལ་འཁྱུག །ནུས་པའི་རྔམས་སྒྲ་འབྲུག་སྟོང་བས་ཀྱང་ལྡིར། །


MR06_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་ཞེས་གྲགས་ལྔ་ཕྲག་གསུམ་པའི་ཁོངས། །ཐམས་ཅད་འདུལ་ཞེས་བགྲང་བྱའི་ནག་པ་ཡིས། །ཉ་བའི་དུས་ཀྱི་དམར་ཕྱོགས་ཚེས་བཅུ་ལ། །སྒྲུབ་ཁང་བདུད་ལས་རྣམ་པར་རྒྱལ་བ་རུ། །སྣ་ཚོགས་ནུས་པ་འཛིན་པའི་སེམས་ཀྱི་ཁམས། །དགྲ་བླའི་རྒྱལ་པོར་མོས་པའི་བག་ཆགས་གཟུགས། །དྭངས་མཚོར་ཟླ་བ་བཞིན་ཏུ་གསལ་བའི་ཚེ། །མི་ཕམ་རྣམ་པར་རྒྱལ་བས་བྲིས་པ་དགེ་མངྒ་ལཾ།། ༈ །།གེ་སར་གསོལ་འདེབས་བཞུགས། ཧཻཿ རིགས་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་གི །ཐུགས་རྗེའི་འོད་ཟེར་འཛམ་གླིང་དཔལ་དུ་ཤར། །སྐྱེས་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་གུ་རུ་མ་ཎི་རཱ་ཛ་སིདྡྷི་ཧཱུཾཿ མེ་སྤྲེལ་ཟླ་ ༡༡ ཚེས་ ༣ མི་ཕམ་པས་སོ། ༈ །གེ་སར་སྐྱེས་བུ་ཆེན་པོ་རྡོ་རྗེ་ཚེ་རྒྱལ་གྱི་བསྐང་གསོལ་འདོད་དགུ་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱངས། རང་ཉིད་རྟ་མགྲིན་པདྨ་དབང་ཆེན་དུ་གསལ་བའི་དབུ་གཙུག་ཏུ་རྡོ་རྗེ་ཐོད་ཕྲེང་རྩལ་བསྒོམ། རང་གི་མདུན་གྱི་ནམ་མཁར་བདུད་རྩིའི་སྤྲིན་དཀར་པོ་ལང་ལོང་དུ་འཁྲིགས་པའི་དབུས་སུ་དག་པ་ལྷ་ཡི་གཞལ་ཡས་ཁང་རྣམ་པར་རྒྱལ་བའི་ཕོ་བྲང་གི་དབུས་སུ། གསེར་སྦྱོང་ནོར་བུས་བརྒྱན་པའི་ཁྲི་ལ་ཟ་འོག་དར་གོས་བརྩེགས་པའི་གདན་རྒྱ་གྲམ་གྱི་རེ་ཁས་མཚན་པ། དེའི་སྟེང་དུ་བདུད་དང་དམ་སྲིའི་གཡང་ཤུན་བརྗིད་པར་བཀྲམ་པའི་དབུས་སུ། དགྲ་བླའི་རྒྱལ་པོ་གེ་སར་ཟླ་བ་ཉ་གང་བ་ལྟ་བུ་བལྟ་བས་མི་ངོམ་པའི་མཛེས་སྡུག་ལང་ཚོའི་གཟི་བྱིན་འབར་བ་ཟ་འོག་སྔོ་སྐྱའི་ན་བཟའ་དང་། ཡང་ཕྱམ་དམར་པོ་གསོལ་བ། གཅན་གཟན་གྱི་པགས་པ་སྔོ་སྐྱས་སྨད་དཀྲིས་པ། དབུ་སྐྲ་སིལ་བུར་གྲོལ་བ་ལ་འཇའ་དང་འོད་ཟེར་འཁྱུགས་པ། དབུ་ལ་ཕྱིངས་ཞྭ་ཟླུམ་པོ་ཟླ་བའི་མདངས་ཅན། མཛེས་པའི་གཙུག་ཏུ་རྨ་བྱའི་སྒྲོ་ཕོན་དང་། མེ་ལོང་ནོར་བུ་དར་སྣས་མཛེས་པ་ཞལ་འཛོང་རིང་ལ་


MR06_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་འཛུམ་འཕྲོ་བ། སྙན་ཆ་རིན་པོ་ཆེའི་ཀོང་པད་དང་། མགུལ་པ་ལ་གསེར་གྭ་དང་མེ་ལོང་གིས་བརྒྱན་པ། ནོར་བུའི་ཕྲེང་བ་དཀར་དམར་དང་མེ་ཏོག་སྣ་ཚོགས་པའི་དོ་ཤལ་ཅན། ཕྱག་གཡས་ཟ་འོག་གི་འབོལ་ལ་བརྟེན་ཅིང་། དབང་སྡུད་སྐབས་གཡས་རྡོ་རྗེའི་ལྕགས་ཀྱུ་ཞགས་པའི་འཕྲུལ་ཐབས་ཀྱིས་སྲིད་ཞིའི་དྭངས་བཅུད་གཡོ་ཞིང་འགུགས་པ། ཞེས་བསྒྱུར། གཡང་སྐྱབས་དུས། ན་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ཐུགས་ཀར་བསྣམས་པ། ཞེས་བསྒྱུར། མདའ་མོའི་སྐབས། ཕྱག་གཡས་བརྐྱངས་པས་པདྨ་དཀར་པོ་བསྣམས་པ། ཞེས་བསྒྱུར། བཟློག་པའི་སྐབས། གཡས་གནམ་ལྕགས་ཀྱི་རལ་གྲིས་མ་རུང་སྲིན་པོའི་མགོ་འབྲེག་པ། ཞེས་བསྒྱུར། ཕྱག་གཡོན་ལྕགས་གཞུ་དང་ལྕགས་མདའ་འཛིན་པ། ཞབས་གཉིས་གོ་ལྷྭམ་སྣ་རིང་གསོལ་ཞིང་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། དེའི་གཡས་སུ་སྐྱེས་བུ་རྡོ་རྗེ་ལེགས་པ་ཁྱེའུ་དར་དཀར་གྱི་ཕོད་བཅིངས་པ། །མེ་ཏོག་གི་བརྒྱན་གྱིས་མཛེས་ཤིང་ཤྭ་རྡིལ་ཐོགས་པ། གཡོན་དུ་སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ་གཡུ་ཐོད་གྱོན་ཞིང་ཕྱག་གཡས་མདའ་དར་དང་། གཡོན་བདུད་རྩིའི་ཀ་པཱ་ལ་དཀུར་བརྟེན་པ། མདུན་དུ་མ་སང་སྤུན་དགུའི་གཙོ་བོ་དམག་དཔོན་མིག་དམར་ཆེན་པོ་ཁྲོས་པའི་ཉམས་ཅན། ཟ་འོག་དམར་ལྗང་གི་བེར་ཅན་འཕྲུལ་ཞགས་དམར་པོ་འདོམ་དུ་གཞལ་བ། དེ་རྣམས་ཀྱི་མདུན་དུ་གསང་བའི་ཡུམ་ཆེན་རྣམ་བཞི་མཛེས་སྡུག་མཚུངས་པ་


MR06_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ལང་ཚོ་ཅན། འཁོར་སྨན་ཕྲན་འབུམ་གྱིས་བསྐོར་བ། མཐའ་སྐོར་དུ་ལྷ་དམག་བྱེ་བ་བཙན་རྒོད་གནོད་སྦྱིན་ཀླུ་གཉན་སོགས་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་དང་། དགྲ་ཟླ་ཝེར་མའི་དམག་དཔུང་གྲངས་མེད་པ་གནམ་ས་བར་སྣང་གི་ཁྱོན་ཀུན་ཏུ་སྤྲིན་འཁྲིགས་པ་ལྟ་བུའི་འཁོར་གྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་དང་། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྟེང་ཕྱོགས་ལྷའི་གནས། ཨོ་རྒྱན་རིག་པ་འཛིན་པའི་ཞིང་། རྒྱ་དཀར་ནག་དང་། བོད་ཀྱི་ཡུལ། ཁྱད་པར་མདོ་ཁམས་གླིང་གི་ཡུལ་མཁའ་སྤྱོད་མཐོང་བ་ཀུན་སྨོན་ལ་སོགས་པ། རང་བཞིན་གར་བཞུགས་ཀྱི་གནས་ནས་གེ་སར་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་ཏེ་མདུན་གྱི་དམ་ཚིག་པ་ལ་བརྟན་པར་བཞུགས། ཨོཾ་ཏྲིམ་ཞིམ་ཁྱིམ་མེ་མུ་ཏྲ་འབར་ར་ཧཾཿ ཨ་ལ་ལི་ཐིམ་པར་གྱུར། ཞེས་སྤྱན་དྲངས་ལ་སྤོས་ཀྱི་དུད་པ་འཐུལ་ཞིང་རོལ་མོ་དང་བཅས་པས། ཀྱེ། དད་པ་དང་ནི་དམ་ཚིག་གིས། །གེ་སར་སྐྱེས་བུ་འཁོར་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དགྱེས་པའི་གདན་ལ་བརྟན་པར་བཞུགས། །ཨོཾ་ཏྲིམ་ཞིམ་ཁྱིམ་མེ་མུ་ཏྲ་འབར་ར་ཧཾཿ ཨ་ལ་ལི་ལ་མོཿ གཏུང་བ་ཁྱེ་ཨ་ཧོ་ཡེ་སིདྡྷི་ཧཱུྃཿ ཏྲཀྴེར་ཁྱེམ༔ སྲོག་དུང་དུང་ཛཿསརྦ་ས་མ་ཡ་ཐིབ་ཐིབ་འདུ་འདུ་དུང་དུང་ཡེད་ཡེད་ཛ་ཛཿཞེས་འབོད་སྔགས་བཟླས་མཐར། བཛྲ་ས་མ་


MR06_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཛཿ ཛཿཧཱུྃ་བཾ་ཧོཿཞེས་པས་བསྟིམ། དེ་ནས་དམ་བསྲེ་བ་ནི། ཧཱུྃ། དགོངས་ཤིག་དགྲ་བླའི་རྒྱལ་པོ་ཁྱོད། །སྤྱན་གཟིགས་པདྨ་ཐོད་ཕྲེང་དང་། །ཕྲིན་ལས་དབང་པོའི་སྡེ་ལ་སོགས། །རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ། །རྣལ་འབྱོར་གྲོགས་སུ་ཁས་བླངས་པའི། །ཞལ་བཞེས་དམ་བཅའ་མ་བསྙེལ་བར། །ཅི་བཅོལ་ཕྲིན་ལས་མ་ལུས་པ། །བྱང་ཆུབ་བར་དུ་བསྒྲུབ་བར་མཛོད། །བཛྲ་ས་མ་ཡ་རཀྵ་ཧཱུྃ། ན་མོ་ན་མ་མི། ཞེས་ཕྱག་བྱ། ཨོཾ་ཏྲིམ་ཞིམ་ཁྱིམ་ས་པཱ་རི་ཝ་ར་ཨརྒྷཾ་པདྱཾ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝིདྱ་ཤཔྟ་ཨཥྚ་མངྒ་ལཾ་དྲ་ཕྱཾ་ལིངྒ་སབྟ་རཏྣ་པཉྩ་ཀ་མ་གུ་ན་ཨ་མྲྀ་ཏ་རཀྟ་བ་ལིངྟ་པཱུ་ཛཿ པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མཆོད་ལ། ཧཱུྃ། རྩ་གསུམ་ཀུན་འདུས་གེ་སར་ཡིད་བཞིན་ནོར། །ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ། །བདག་ཅག་མ་རིག་འཁྲུལ་པའི་གཞན་དབང་གིས། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །དམ་ཚིག་ཆགས་ཉམས་འགལ་བ་ཅི་མཆིས་པ། །ཐོག་མེད་ནས་བསགས་སྡིག་སྒྲིབ་ཉེས་པའི་ཚོགས། །འགྱོད་པས་བཤགས་སོ་བྱང་ཞིང་དག་པ་དང་། །མི་སྒྲིབ་ཚངས་པ་མཆོག་གི་དངོས་གྲུབ་རྩོལ། །བཛྲ་ས་མ་ཡ་ཨཱཿཞེས་པས་བཤགས་ནས། དེ་ནས་བསྐང་བ་ནི། ཧཱུྃ་ཧྲཱིཿ རབ་འབྱམས་ཞིང་ཁམས་རྒྱ་མཚོའི་མཆོད་པའི་སྤྲིན། །མེ་ཏོག་


MR06_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བདུག་སྤོས་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་འདོད་པའི་ཡོན་ཏན་ལྔ། །ཁྲག་ཆང་ཨརྒྷཾ་དབང་པོའི་མེ་ཏོག་དང་། །ཚིལ་གསུར་ཙོང་ཐུག་ཞུན་ཆེན་སྒྲོན་མེ་དང་། །ཤ་ཆེན་རྐང་གླིང་ཐོད་རྔ་དྲག་པོའི་རྫས། །བདུད་རྩི་སྨན་དང་དམར་ཆེན་རཀྟ་དང་། །བ་ལིང་གཏོར་མ་ཛ་གད་དཔའ་བོའི་ཕུད། །བདེ་ཆེན་དགའ་བཞི་འདྲེན་པའི་རིག་མ་འབུམ། །གོ་མཚོན་ཡུལ་མཁར་ཟས་གོས་ཆས་རྒྱན་ཕྱུགས། །རྒྱལ་སྲིད་རིན་ཆེན་ཉེ་རྫས་ནོར་སྣ་ཚོགས། །ལྷ་མིའི་འབྱོར་པ་རྒྱ་མཚོས་ཀུན་ཏུ་གཏམས། །གཏུམ་རྔམས་དམག་གི་དཔུང་ཆེན་སྤྲིན་ལྟར་འཁྲིགས། །རྟེན་གཡབ་མདའ་དར་དར་སྣ་གློགས་ལྟར་འཁྱུགས། །དྲག་པོའི་རྔ་སྒྲ་ཆ་སྒྲ་འབྲུག་ལྟར་སྒྲོགས། །ཕ་རོལ་རྒོལ་འཇོམས་མཚོན་ཆ་ཐོག་ལྟར་འབེབས། །ཚེ་གཡང་ནོར་བུའི་ཆར་པ་སི་ལི་ལི། །འཇའ་འོད་བདུད་རྩིའི་སྤོས་སྤྲིན་ཏ་ལ་ལ། །བརྩེ་དགའ་དབང་གི་འོད་དམར་ཁྱུགས་སེ་ཁྱུག །བདེ་དྲོད་རིག་པའི་རྩལ་སྣང་ཤིགས་སེ་ཤིག །སྣང་སྟོང་སྒྱུ་མར་རོལ་པའི་ཡེ་ཤེས་ཀྱི། །ཐིག་ལེ་ཆེན་པོ་འཁོར་འདས་མཉམ་བརྡལ་བ། །འདོད་རྒུ་ལྷུན་གྱིས་གྲུབ་པའི་མཆོད་སྤྲིན་འདིས། །རྩ་གསུམ་ཆོས་སྐྱོང་དགྲ་བླ་ཝེར་མའི་སྲོག །སེང་ཆེན་རྡོ་རྗེ་ཚེ་ཡི་རྒྱལ་པོ་དང་། །དགྱེས་ཡུམ་བློན་འབངས་དྲག་པོའི་དཔུང་དང་བཅས། །མི་འབྲལ་རྩེ་གཅིག་འགྲོགས་པའི་དད་གུས་ཀྱིས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །ཉམས་ཆགས་འགལ་


MR06_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་ཆོས་ཀྱི་དབྱིངས་སུ་དག །བདེ་སྟོང་རྡོ་རྗེ་གསང་བའི་དམ་ཚིག་གིས། །རྟག་ཏུ་འདུ་འབྲལ་མེད་པའི་ངང་ཉིད་ནས། །མྱུར་དུ་དངོས་གྲུབ་འདོད་རྒུའི་དཔལ་རྩོལ་ཅིག །ཅེས་དང་། གེ་སར་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་བསམ། ཨོཾ་ཏྲིམ་ཞིམ་ཁྱིམ་མེ་མུ་ཏྲ་འབར་ར་ཧྃཿ ཨ་ལ་ལི་ལ་མོ། གཏུང་བ་ཁྱེ་ཨ་ཧོ་ཡེ་སིདྡྷི་ཧཱུྃ། ཏྲཀྴེར་ཁྱིམ་ས་པ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿཞེས་དང་། ཨོཾ་ཨ་ཀཱ་རོ་སོགས་ཀྱིས་ཕུལ། ཨོཾ་ཏྲིམ་ཞིམ་ཁྱིམ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤཔྡ་པྲ་ཏཱིཙྪ་ཧོཿ ཨོཾ་ཏྲིམ་ཞིམ་སོགས་རྩ་སྔགས་ཤམ་དུ་ཨོཾ་ཨཱཿཧཱུྃ། ཞེས་བདུད་རྩི་འབུལ། བསྟན་པའི་བཀའ་སྲུང་ཆེན་པོ་གེ་སར་འཕྲུལ་གྱི་རྒྱལ་པོ་གསང་ཡུམ་བློན་འཁོར་དགྲ་བླ་ཝེར་མ་སྲུང་མ་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུང་། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ་སོགས་ནས། མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །འདོད་གསོལ་སྤྱི་དང་བྱེ་བྲག་ཏུ་ཕྲིན་ལས་བཅོལ། བསྟོད་པ་ནི། ཧཱུྃ། རྒྱལ་བ་ཀུན་དངོས་པདྨ་ཐོད་ཕྲེང་དང་། །རིགས་གསུམ་ཞི་དང་ཁྲོ་བོའི་སྒྱུ་འཕྲུལ་གར། །གཅིག་ཏུ་བསྡུས་པ་རྒྱལ་གཤིན་དམ་སྲིའི་གཤེད། །གེ་སར་


MR06_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་བུ་དགྲ་འདུལ་ཁྱོད་ལ་བསྟོད། །ཐུགས་རྗེའི་ལས་སྨོན་དག་པའི་རྟེན་འབྲེལ་གྱིས། །འཛམ་གླིང་བོད་ཀྱི་རྒྱལ་པོའི་སྐུར་བསྟན་པ། །དྲན་པས་ཚེ་གཡང་འདོད་རྒུའི་མཆོག་སྩོལ་བ། །རྡོ་རྗེ་ཚེ་ཡི་རྒྱལ་པོ་ཁྱོད་ལ་བསྟོད། །སྐལ་བཟང་གང་ཞིག་ཁྱེད་ལ་དད་པའི་མོད། །སྟོབས་དཔལ་མཐུ་ནུས་བསྐལ་པའི་མེ་བཞིན་སྦོར། །དགྲ་གདོན་འབྱུང་པོའི་བླ་སྲོག་ཕྱེ་མར་བྱེད། །སེང་ཆེན་བདུད་འདུལ་དཔའ་བོ་ཁྱོད་ལ་བསྟོད། །ས་གསུམ་ཆེ་རྒུ་ཀུན་གྱི་ཅོད་པཎ་ལ། །གང་བསམ་རྒྱལ་ཁ་ཐོབ་པར་དབང་བསྒྱུར་ཞིང་། །སྙན་པའི་བ་དན་ཕྱོགས་བཅུར་རྒྱས་མཛད་པ། །དོན་འགྲུབ་ཝེར་མ་དཀར་པོ་ཁྱོད་ལ་བསྟོད། །དེང་འདིར་རིག་འཛིན་རྣལ་འབྱོར་བདག་ཅག་གི །མི་འབྲལ་རྡོ་རྗེ་གསང་བའི་དམ་ཚིག་གིས། །སྲོག་གི་སྙིང་པོ་གཅིག་ཏུ་བསྡུས་ལགས་ན། །ཐུགས་ཀྱི་དགོངས་ནས་མྱུར་དུ་འགྲུབ་པར་མཛོད། །དེ་ནས་བཟླས་པ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སྐྱེས་བུ་ཆེན་པོའི་ཐུགས་ཀར་ཉི་མའི་གདན་ལ་ཨ་ཡིག་དཀར་པོའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལ་ཕོག །དེ་ལས་འོད་ཟེར་སྣ་ལྔ་བྱུང་བ་རང་ལ་ཐིམ་པས་ལས་བཞིའི་ཕྲིན་ལས་བསམ་པ་ཙམ་གྱིས་ཐོགས་མེད་དུ་འགྲུབ་པའི་བདག་ཉིད་དུ་གྱུར། བར་བསམ་ལ། དམིགས་པ་རྩེ་གཅིག་ཏུ་གཏད་དེ། ཨོཾ་ཏྲིམ་ཞིམ་ཁྱིམ་མེ་མུ་ཏྲ་འབར་ར་ཧྃ༔ ཨ་ལ་ལི་ལ་མོ༔


MR06_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

གཏུང་བ་ཁྱེ་ཨ་ཧོ་ཡེ་སིདྡྷི་ཧཱུྃ༔ ཏྲཀྵེར་ཁྱིམ་ཤནྟིཾ་པུཥྚཾ་ཝ་ཤཾ་མཱ་ར་ཡ་སི་དྦྷི་ཧཱུྃ་ཛཿཞེས་པ་ཅི་ནུས་བཟླས་མཐར་དབྱངས་གསལ། ཡིག་བརྒྱ་རྟེན་སྙིང་བཟླ། དེ་ནས་སླར་ཡང་གོང་ལྟར་མཆོད་པས་འཐུས། དེ་ནས་མངའ་གསོལ་ལ་བདུད་རྩི་འཐོར་ཞིང་དར་སྣ་བསྒྲེངས། མཆོད་པ་སྤོས་རོལ་མོ་བཅས་པས་འདི་སྐད་གྱེར་རོ། །ཧཱུྃ། རྒྱལ་བ་ཀུན་གྱི་ཕྲིན་ལས་དཔའ་བོ་ཆེ། །ནག་ཕྱོགས་གདུལ་དཀའ་མ་ལུས་འཇོམས་པའི་གཉེན། །དཀར་ཕྱོགས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཆོག །སེང་ཆེན་དགྲ་བླ་ཝེར་མའི་རྒྱལ་པོ་ཁྱེད། །རྣལ་འབྱོར་བདག་གིས་བྱང་ཆུབ་སྙིང་པོའི་བར། །རེ་ལྟོས་མི་འགྱུར་ཡིད་བཞིན་ནོར་བུའི་ཚུལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་བ་དན་ཏུ། །དཔང་བསྟོད་མངའ་གསོལ་རྡོ་རྗེའི་དམ་ཚིག་བསྲེ། །བསམ་འགྲུབ་བདེ་བ་ཆེན་པོའི་ཕོ་བྲང་དུ། །སྣང་སྲིད་དྲེགས་པ་ཡོངས་ཀྱི་སྲོག་གི་བདག །རིག་འཛིན་ཆེན་པོ་འཛམ་གླིང་རྒྱན་མཆོག་རྩལ། །རྣལ་འབྱོར་སྙིང་གི་ཐིག་ལེར་མངའ་གསོལ་ལོ། །དཔའ་བོ་ཆེན་པོ་བདུད་དཔུང་དགྲ་འདུལ་བ། །ཤེས་རབ་རལ་གྲི་མདའ་གཞུ་རྣམ་པར་འཛིན། །དྲན་པས་འཁྲུལ་སྣང་འཁོར་བའི་གཡུལ་འཇོམས་པ། །རོ་མཉམ་རྡོ་རྗེའི་དབྱིངས་སུ་མངའ་གསོལ་ལོ། །སྲིད་གསུམ་སྐྱེ་རྒུ་ཀུན་གྱི་ཅོད་པན་ལ། །ཆེ་བཙན་འགྲན་ཟླ་མེད་པར་དབང་བསྒྱུར་ཞིང་། །སྣང་སྲིད་དགྲ་བླ་ཝེར་མའི་དཀྱིལ་འཁོར་


MR06_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །རྗེ་བཙུན་དཔའ་བོ་ཁྱོད་ཉིད་མངའ་གསོལ་ལོ། །ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་སྒྲ་ལྟར། །མི་འཇིགས་སྤོབས་པའི་བདུད་རྩི་ཟླ་མེད་པ། །མྱུར་དུ་སྙིང་ལ་སྩོལ་བས་ཕྲིན་ལས་ཀྱི། །རྣོ་མྱུར་ཐོགས་པ་མེད་པར་གཡོ་བར་མཛོད། །ཅེས་དེ་ལྟར་མངའ་གསོལ་ནས། ཐུགས་དམ་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། སླར་བདུད་རྩིའི་ཕུད་གཏོར་ལ། ཧཱུྃ་ཧཱུྃ། དགྲ་བླའི་རྒྱལ་པོ་རྡོ་རྗེ་ཚེ་ཡི་རྒྱལ། །སྔོན་གྱི་དམ་བཅའ་གཉན་པོའི་དུས་ལ་བབས། །རྣལ་འབྱོར་བདག་གི་རེ་བ་ཆུད་མ་གསན། །ལས་སྨོན་འབྲས་བུ་བསླུ་བ་མེད་པར་མཛོད། །སྐལ་ངན་སྙིགས་མའི་ཡང་མཐའ་འདི་ན་ནི། །ནག་ཕྱོགས་བདུད་སྲིན་འབྱུང་པོའི་དཔུང་བསྐྱེད་ནས། །ཐེག་མཆོག་བསྟན་པའི་མངའ་ཐང་སྨད་པའི་ཚེ། །ཁྱེད་ལ་འབོད་དོ་ཡེ་ཤེས་སྤྱན་གྱིས་གཟིགས། །མཐའ་བཞིའི་དམག་དཔུང་གློ་བུར་གདུག་པའི་རྐྱེན། །དགྲ་སྡེ་སྟོབས་ཤུགས་དར་བའི་ནགས་ཚལ་ལ། །མྱུར་དུ་རྔམས་པའི་དགྲ་འདུལ་རྡོ་རྗེའི་མེ། །དཔའ་བོ་ཁྱེད་ཀྱི་དམ་བཅས་དགོངས་པར་མཛོད། །རིག་འཛིན་རྣལ་འབྱོར་བདག་ལ་འཚེ་བ་དང་། །གསང་ཆེན་བསྟན་ལ་འཁུ་བ་རྡུལ་དུ་རློག །ཚེ་དཔལ་འབྱོར་པ་མི་ཟད་གཏེར་དུ་བསྐྱིལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །འོད་གསལ་རྡོ་རྗེ་སྙིང་པོའི་བཤད་སྒྲུབ་སྡེས། །ནོར་འཛིན་ཐ་གྲུ་ཀུན་ལ་ཁྱབ་པ་དང་། །བཀྲ་


MR06_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ལས་མཐའ་བཙན་ཞིང་ཆོས་རྒྱུད་འཕེལ། །ཆོས་མཐུན་བསམ་རྒུ་ཡིད་བཞིན་འགྲུབ་པར་མཛོད། །འདི་ནས་བྱང་ཆུབ་བར་དུ་བདག་ཅག་ལ། །ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར། །རྟག་ཏུ་ལེགས་དང་སྤྲོད་ལ་ཉེས་དང་བསྣོལ། །ཅི་བཅོལ་ཕྲིན་ལས་ཐོགས་པ་མེད་པར་སྒྲུབས། །སྙན་གྲགས་དགེ་མཚན་དཀར་པོའི་བ་དན་གྱིས། །སྲིད་པ་གསུམ་པོ་ཟིལ་གྱིས་ནོན་པ་ཡི། །ངོ་མཚར་དགྲ་བླ་ཝེར་མའི་སྟོབས་ཤུགས་ཀུན། །ད་ལྟ་ཉིད་དུ་བདག་ལ་འཇུག་པར་མཛོད། །གནས་སྐབས་ཞི་རྒྱས་དབང་དང་དྲག་པོའི་ལས། །བསམ་པ་ཙམ་གྱིས་ཐོགས་མེད་འགྲུབ་པ་དང་། །མཐར་ཐུག་ཁྱེད་ཐུགས་གདོད་མའི་གཞི་དབྱིངས་སུ། །རང་བྱུང་ཡེ་ཤེས་སྐུ་རུ་འགྲུབ་པར་མཛོད། །ཅེས་པ་འདིའང་ལྷ་རིགས་བདེ་ཆེན་རོལ་བ་རྩལ་གྱི་དགོངས་གཏེར་རྡོ་རྗེའི་ཚིག་དོན་མ་ནོར་བ་བཞིན་དུ། དཔའ་བོ་ཆེན་པོ་འདི་ཡི་བྱིན་བརླབས་ཀྱི་མཚན་མ་ཅུང་ཟད་ཐོབ་པ་མི་ཕམ་རྣམ་པར་རྒྱལ་བས་རང་ལོ་ཉེར་བརྒྱད་ཆུ་བྱ་རྒྱལ་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོར་རྫོང་གསར་བཀྲ་ཤིས་ལྷ་རྩེའི་རང་གནས་གྲགས་པའི་མཆོད་ཁང་དུ་གྲུབ་པར་བགྱིས་པ་འདིས་ཀྱང་གསང་ཆེན་ཨ་ཏི་ཡོ་གའི་བསྟན་དང་བསྟན་འཛིན་གྱི་དབུ་འཕང་སྲིད་རྩེར་བསྟོད་པའི་རྒྱུར་གྱུར་ཅིག ༈ སྒྲུབ་པ་བྱེད་ན་སྟེགས་བུ་ལ། མཎྜལ་གཏེར་གཞུང་རྩ་བ་ལྟར་ལ། གཏོར་མ་མཁར་ཐབས་ཀྱི་རྩེ་མོར་ནོར་བུ་འབར་བས་བརྒྱན་པ་འཁོར་བཤོས་བུ་བཞི་དང་ཅི་འབྱོར་གྱི་མཆོད་རྫས་ཀྱིས་བསྐོར་བ་རྩ་གསུམ་གྱི་རྟེན་གཏོར། བླ་རྡོ་སྲོག་འཁོར་བཀྲ་ཤིས་པའི་མཆོད་པ་ཅི་འབྱོར་འདུ་


MR06_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ། རྟགས་མ་མཐོང་བར་དུ་བསྙེན་སྒྲུབ་བྱ། ལས་གང་ལའང་དམིགས་པ་ཁ་བསྒྱུར་བས་ཆོག །དབང་སྐུར་དང་བསྙེན་སྒྲུབ་ལས་ཕྲ་མོའི་ཞལ་ཤེས་བཅས་གཏེར་གཞུང་གི་བཤམ་དུ་གསལ་བྱེད་ཡིག་ཆུང་དུ་བཀོད་པ་ལྟར་རོ། །འདི་ཤིན་ཏུ་བཀྲ་ཤིས་པས་འདོན་ཚད་ཚེ་རིང་བ་དང་། ནོར་ཆར་ལྟར་འབབས་པ་དང་། ཁྱད་པར་སྙན་གྲགས་ཆེ་ཞིང་གོས་བཟང་པོ་ཐོབ་པ་སོགས་ཇེ་བས་ཇེ་བཟང་དུ་གྱུར་པ་དང་། ལྷག་པར་ཉམས་རྟོགས་བདེ་དྲོད་དང་། རྟགས་དང་མཚན་མ་ངེས་པར་འབྱུང་བ་སོགས་ཡོངས་སུ་གྲགས་ཤིང་གྲུབ་པ་ཡིད་ཆེས་པའི་གནས་ཡོད། འདི་ཡང་མི་ཕམ་པས་སྤེལ་པ་སརྦ་མངྒ་ལཾ།། ༈ །།ཝེར་མའི་གསོལ་ལོ་ཆེན་པོའི་བྲོ་ཡི་ལས་མཐའ་ཤིན་ཏུ་ཟབ་པ་ནི། ལས་སོ་སོའི་དང་མཐུན་པའི་དམིགས་བཟླས་ཡོད་ཀྱང་། འདིར་དབང་གི་ལས་བྲིས་པ། དུས་ཚེས་བཟང་པོར་བསང་དང་དར་སྣ་སྐྱེམས་ཕུད་སོགས་བརྔན་ཆས་རྒྱ་ཆེན་པོས་ཝེར་མ་གསོལ། ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། ཅེས་པའི་མཇུག་ཏུ། དབང་མཛད་དགྲ་བླ་ཝེར་མའི་དམག་ཚོགས་ཀྱིས༔ རྡོ་རྗེའི་རྐྱ་བྲོ་དམིགས་བྱའི་སྙིང་ལ་བརྡུང་༔ རང་དབང་མེད་པར་དབང་བསྡུས་བྲན་དུ་བཀོལ༔ བརྣག་པའི་ལས་འདི་ཇི་བཞིན་མཐར་དབྱུངས་ཤིག༔ ཅེས་བཅོལ་བས། གེ་སར་ཝེར་མའི་དམག་ཚོགས་ཀུན༔ བཞད་པ་བརྒྱད་ཀྱི་དབྱངས་བཅས་སུ། །མཁའ་ལ་དར་ཕྱར་རྐྱ་བྲོ་འཁྲབ། །སྣང་སྲིད་འོད་དམར་ངང་དུ་བཞུ། །བརྟན་གཡོ་སིལ་ཁྲོལ་བཞིན་དུ་སྦིར༔ རྟ་རྨིགས་པདྨ་དམར་པོས་བརྒྱན༔ དམིགས་བྱའི་སྙིང་ལ་བྲོ་བརྡུངས་པས༔ ཡིད་འཕྲོག་སེམས་བསྒུལ་རྣམ་ཤེས་སྨྱོས༔ དབང་བསྡུས་བྲན་དུ་འཁོར་བར་བསམ༔ རྟེན་འབྲེལ་ཡིག་བཅུ་བཞད་པའི་དབྱངས། ཤམ་བུར། ཆེ་གེ་མོའི་སྙིང་ལ་ཧ་ན་ཧ་ན་ར་


MR06_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ག་དུན་དུན་ཝ་ཤཾ་ཀུ་རུ་ཧོ༔ ཞེས་བཟླས་གང་ལ་དམིགས་པ་དེ༔ ལྡོག་མེད་རང་གི་དབང་དུ་འདུ༔ བསད་ཀྱང་མི་འགྲོ་བྲན་བཞིན་བྱེད༔ མེ་ལ་སྦྲང་བུ་བཞིན་དུ་འགུགས༔ སྙིང་ལ་ལྕགས་ཀྱུས་ཟིན་པ་འདྲ༔ ཨེ་མ་ཝེར་མའི་མཐུ་རྩལ་ལྟོས༔ ཕྱི་རུ་སྐྱེ་དགུའི་སྤྱི་བོར་རྒྱུ༔ ཝེར་མའི་བྲོ་བརྡུང་སྔགས་ཀྱི་གནད༔ སརྦ་ལོ་ཀ་སྤེལ་བས་འགྲུབ༔ དཔལ་ལ་དབང་བའི་རྒྱལ་པོར་འགྱུར༔ ལས་ཀྱི་འཁོར་ལོས་སྒྱུར་བ་འགྲུབ༔ མ་གུས་པ་ལ་ཆད་སྦྱར་ན༔ སྒོ་ཁྱི་བཞིན་དུ་འབངས་སུ་ཞི༔ སྲིད་པའི་རྡོས་ལ་འདེབས་པར་བྱེད༔ ཚད་ལྡན་ལན་གཅིག་ལས་སྦྱར་ན༔ ཕྱི་ནས་ཆེད་དུ་མ་བསམས་ཀྱང་༔ དུས་སུ་གང་ལ་བརྣག་པ་དེ༔ བདག་ལ་ཕྱག་འཚལ་དགོས་པ་ཡོང་༔ ཨེ་མ་ཝེར་མའི་མཐུ་ལ་ལྟོས༔ མེ་ཕག་ཟླ་༧ཚེས་༡༢ལ་བསེ་རུ་འོད་ལྡན་དཀར་པོའི་སྙིང་དབུས་ནས་ཐོལ་གྱིས་བྱུང་བ་མངྒ་ལཾ།། ༈ །།ཧཱྂ༔ སེང་ཆེན་གེ་ ༔ གེ་སར་རྒྱལ་པོ་ལ་བསྟེན་ནས་ལྕག་ཚན་ཡིད་བཞིན་ནོར་བུ་སྒྲུབ་པ་ནི། སྦ་ལྕག་ཚིགས་གསུམ་པའམ༔ བཀྲ་ཤིས་པའི་ཤིང་དང་རིན་པོ་ཆེ་སོགས་ཀྱི་ལྕག་ཚན་ལྕགས་འབྲས་ལྕག་ལུང་ལྡན་པ་ཡིད་འོང་བྱས་ལ༔ ལྕག་ཚན་གྱི་རྩེ་མོའི་སྦུབས་གཡོགས་བྱས་པའི་ནང་དུའམ༔ཡང་ན་དངུལ་སྦུག་སོགས་སུ་སྔགས་འདི་གསེར་དངུལ་སོགས་སམ་སྣག་མཚལ་གྱིས་བྲིས་ཏེ་བཅུག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་སརྦ་ཀརྨ་སིདྡྷི་ཧཱུྃ༔ ཨོཾ་མ་ཧཱ་སིང་ཧ་མ་ཎི་རཱ་ཛ་སརྦ་ཨརྠ་སིདྡྷི་ཧཱུྃ་ཨཱ༔ ཧ་ཧཱ་ཧི་ཧཱི་ཧེ་ཧཻ་ཧོ་ཧཽ་མ་མ་བི་ཛེ་ཡེ་སིདྡྷི་ཧཱུྃ༔ ཞེས་སོ༔ གཞན་ཡང་རང་མོས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་སྔགས་དང་ཡེ་དྷར་འདོད་གསོལ་མདོར་བསྡུས་བྲིས་ཀྱང་རུང་༔ མེད་ཀྱང་ཆོག༔ ལྕག་འབྲས་ལ་དར་སྣ་ལྔའི་འཕྱང་འཕྲུལ་སོགས་འོས་པའི་རྒྱན་ཅི་རིགས་པས་མཛེས་པར་བྱའོ༔


MR06_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཐོག་མར་རྟེན་བཅའ་བའོ༔ བར་དུ་བསྒྲུབ་པ་ནི༔ སྟེགས་ཀྱི་སྟེང་དུ་འབྲུ་དཀར་གྱི་ཚོམ་བུ་ལ་ལྕག་ཚན་བཀོད༔ མཆོད་པས་བསྐོར༔ སྦྱངས་ཁྲུས་བྱས་པའམ༔ བསྡུ་ན་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས༔ སྟོང་པའི་ངང་ལས་བྷྲུྃ་ལས་ལྕག་ཚན་དེ་ཉིད་རྩ་བ་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ༔ སྐེད་པ་ཡིད་བཞིན་དཔག་བསམ་ཤིང་ལས་གྲུབ་པའི་རིན་པོ་ཆེ་ཟུར་བརྒྱད་པ་ཨཱཿས་མཚན་པ༔ རྩེ་མོ་བཻཌཱུར་ཡ་དབང་གི་རྒྱལ་པོ་ནོར་བུ་འབར་བའི་ཏོག་ཅན་ཨོཾ་དཀར་པོས་མཚན་པ༔ ལུང་ཐག་རིན་པོ་ཆེ་སྣ་ལྔའི་སྐུད་པ་འཇའ་འོད་འཕྲོ་བ་སྭཱ་སེར་གྱིས་མཚན་པ༔ ལྕག་འབྲས་རིན་པོ་ཆེ་སྣ་བརྒྱད་ཀྱི་སྐུད་པ་ལྷས་མ་གྲུ་བཞི་མདོག་བརྒྱད་འཚེར་བ་ཕྲིན་ལས་སྣ་ཚོགས་ཀྱི་འོད་ཟེར་འཁྲུགས་པ་ཧཱ་ལྗང་གིས་མཚན་པ༔ དྲན་པ་ཙམ་གྱིས་དགོས་འདོད་ཆར་ལྟར་འབེབས་པ༔ དགྲ་བླ་ཝེར་མ་མ་མོ་མཁའ་འགྲོའི་བླ་རྡོ་དམ་པ༔ རྣམ་པ་ཐམས་ཅད་པའི་དངོས་གྲུབ་ཀྱི་རྫས་ཆེན་པོར་གྱུར༔ ཞེས་བརྗོད་ལ། ཨོཾ་ཨཱཿཧཱུྃ་སྭཱ་ཧཱཿ བདུན་བརྗོདཿ ལྕག་ཚན་གྱི་ནང་དུ་བྷྲཱུྃ་ལས་གཞན་ཡས་ཁང་འདོད་རྒུའི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ༔ རྩ་གསུམ་དམ་ཅན་རྒྱ་མཚོ་མ་ཚང་བ་མེད་པ༔ ཁྱད་པར་གེ་སར་རྒྱལ་པོ་འཁོར་དཔའ་ཐུལ་དྭངས་སྨན་དགྲ་བླ་ཝེར་མ་མ་ཚང་བ་མེད་པར་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་གྱིས་ཡེ་ཤེས་པ་


MR06_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་ནས་བསྟིམཿ ཨོཾ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནི་དྷཱརྨ་པཱ་ལ་མ་ཎི་རཱ་ཛ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བཾ་ཧོ༔ ལན་གསུམ་གྱིས་བསྟིམ༔ མཆོད་ཅིང་བསྟོད༔ ལྷ་རྣམས་ཀྱི་འོད་ཟེར་དང་ལས་སྣ་ཚོགས་སྒྲུབ་པའི་ཕོ་ཉ་ལྕག་འབྲས་ཀྱི་ལམ་ལས་འཕྲོས་ཏེ་འཇིག་རྟེན་གྱི་ཁམས་ཀུན་ཏུ་ཁྱབ་པས་ཞི་རྒྱས་དབང་དྲག་མཆོག་གི་ལས་གང་འདོད་ལྷུན་གྱིས་གྲུབ་པར་མཛད་ཅིང་བདག་ཅག་ཕྱོགས་ལས་རྣམ་པར་རྒྱལ་བའི་མཆོག་སྒྲུབ་པར་བསམ་ལ༔ གོང་གི་བྲི་རྒྱུའི་སྔགས་ཚན་གཉིས་པོ་རིམ་བཞིན་བརྒྱ་རེ་བཟླས་པས་བྱིན་གྱིས་བརླབས༔ ནན་ཏན་སྒྲུབ་ན་སྔགས་གོང་མ་ཇི་འགྲུབ་དང་༔ འགྲུབ་རྟགས་མ་བྱུང་གི་བར་དུ་བཟླ༔ རྟགས་ནི་ལྕག་ཚན་འགུལ་བ་དྲོད་དང་དུ་བ་མེ་འབར་འཇའ་སྤྲིན་འཁྲིགས་སྒྲ་སྒྲོགས་པ་སོགས་ཀྱི་བར་དུའོ༔ དེ་ལྟར་བྱུང་ན་བཟུང་བ་ཙམ་གྱིས་ཇི་ལྟར་འདོད་པའི་དངོས་གྲུབ་ཐོབ༔ མཐར་ལྷ་རྣམས་དང་ལྕག་ཚན་ངོ་བོ་དབྱེར་མེད་པ་སེང་ཆེན་གྱི་རང་བཞིན་ལས་རྣམ་པ་ལྕག་ཚན་དུ་སྣང་བ་དེ་ཉིད་འཆང་བ་དང་གཡུགས་པ་ཙམ་གྱིས་བསམ་པའི་དོན་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པའི་ནུས་པ་དང་ལྡན་པར་གྱུར༔ ཅེས་བསམ་ལ༔ སུ་པྲ་ཏིཥྛ་དང་རྟེན་སྙིང་ཚར་གསུམ་གྱིས་རབ་གནས་བྱ་ཞིང་བཀྲ་ཤིས་བརྗོད་པར་བྱའོ༔ གསུམ་པ་ལས་སྦྱོར་ནི༔ རྒྱུན་དུ་ལྕག་ཚན་དེ་དང་གར་འགྲོ་གར་འདུག་ཏུ་འཆང་ན་བར་ཆད་ཀུན་སྲུང་ཞིང་བཀྲ་ཤིས་པ་དང་བསམ་པའི་དོན་འགྲུབ༔ ཁྱད་པར་གནོད་པ་བཟློག་པ་དང་༔ དོན་བསྒྲུབ་པ༔ ལས་གང་བྱེད་པའི་ཚེ་ལྕག་ཚན་ཕྱོགས་དེར་གཡུགས་ཤིང་སྔགས་བཟླ་དམིགས་པ་བྱ༔ གཡུགས་པ་ཙམ་གྱིས་ཆར་དང་རླུང་སོགས་འབྱུང་


MR06_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འཇིགས་པ་དང་༔ ལམ་དགྲ་ལྟས་ངན་མི་མཐུན་པ་ཐམས་ཅད་བཟློག་གོ༔ ཡུལ་ཁམས་དབང་དུ་བསྡུ་ན་སྔགས་འདྲེན་པའི་ཤམ་བུར་སརྦ་ལོ་ཀ་ཨ་ཀརྵ་ཡ་ཛཿ ཝཱ་ཤཾ་ཀུ་རུ་ཧོ༔ ཞེས་བཏགས་ཏེ་ལས་བཞིའི་དཔའ་བོ་མཁའ་འགྲོ་རྣམས་དང་དགྲ་བླ་ཝེར་མ་ཕོ་ཉའི་ཚོགས་ཀྱིས་འོད་ཟེར་དམར་པོས་འཇིག་རྟེན་ཐམས་ཅད་དམར་ལམ་ཞུ་སྟེ་རང་གི་རྐང་ཞབས་སུ་ཐིམ་པར་བསམ་ལ་གང་འདོད་ཕྱོགས་སུ་གཡུགས་པས་ཡུལ་ཁམས་ཐམས་ཅད་དབང་དུ་འདུ༔ ཕས་རྒོལ་དམག་གི་དཔུང་སོགས་ལ་ལྕག་ཚན་བྲབ་ཚུལ་གྱིས་དབང་དྲག་གི་དམིགས་པ་ཅི་འདོད་བྱས་པས་འགྲུབ༔ རྩོད་པ་སོགས་ཀྱི་ཚེ་དང་པོར་དེ་ཕྱོགས་གཡུགས་ནས་རང་གི་རུམ་དུ་བཅུག་པས་རང་རྒྱལ་ལོ༔ མདོར་ན་གང་དང་ཅི་འདོད་པའི་ལས་ལ་ལྕག་ཚན་བསྐྱོད་ཅིང་སྔགས་དམིགས་རྐྱང་བས་འགྲུབ་ངེས་ཏེཿགུ་ཧྱ༔ དགེ་བྱེད་ཆུ་སྟག་ཟླ་༡༠ཚེས་༡༨ལ་འཕྲལ་ཤར་མི་ཕམ་པས་བྲིས་པ་སུས་སྒྲུབ་པ་བྱས་པའི་དུས་སུ་དོན་འགྲུབ་བོ༔ མངྒ་ལཾ།། ༈ །།གེ་སར་རྒྱལ་པོའི་གཡང་སྒྲུབ་ཡིད་བཞིན་ནོར་བུ་བསམ་འཕེལ་བཞུགས་སོ། །ན་མོ་པདྨཱ་ཀ་ར་ཡ། འཛམ་གླིང་ནོར་བུ་དགྲ་འདུལ་ལ། །བརྟེན་ནས་དཔལ་འབྱོར་སྤེལ་བའི་ཐབས། །ཕུན་ཚོགས་དཔག་བསམ་ཤིང་ཆེན་ལ། །ནོར་བུའི་འབྲས་ལྡན་འདི་ཉིད་བསྟན། །རིན་ཆེན་ལས་བྱས་གྭ་འུ་རུ། །གཞུང་བཞིན་སྲོག་འཁོར་བླ་རྡོ་དང་། །གསེར་དངུལ་ཟངས་ལྕགས་གཡུ་བྱུར་སོགས། །རིན་ཆེན་སྣ་ཚོགས་གཡང་རྫས་གཏམས། །ཡེ་གེས་ལས་དང་འཇིག་རྟེན་གྱི། །ནོར་ལྷ་རྣམས་ཀྱི་གཟུངས་སྔགས་སམ། །


MR06_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

མིང་དང་འདོད་དོན་སྤེལ་ཚིག་བཅས། །ཤོག་དྲིལ་བྱས་པ་རིན་ཆེན་གྱི། །སྦུ་གུར་བཅུག་ལ་ནང་དུ་བཞག །དེ་ཉིད་སྒྲུབ་པའི་རྟེན་དུ་བཞུགས། །ཇི་འབྱོར་གཙང་མའི་མཆོད་སྤྲིན་བཤམས། །ཡི་དམ་ཆོ་གའི་ལས་གཞུང་བསྲངས། །མདུན་དུ་བྷྲཱུྃ་ཡིག་སེར་པོ་ནི། །གཙུག་ཏོར་འཁོར་ལོས་བསྒྱུར་བ་ཉིད། །འོད་ཞུ་གྭ་འུ་རིན་ཆེན་གྱི། །གཞལ་ཡས་ཆོས་ཀྱི་དབྱིངས་དང་མཉམ། །སྣ་ཚོགས་འདོད་རྒུའི་སྤྲིན་ཕུང་གཏིབས། །ཕྱི་དང་ནང་མེད་ཀུན་ཏུ་ཟླུམ། །དེ་དབུས་རིན་ཆེན་སྣ་ཚོགས་ཁྲིར། །ཨ་ལས་སེང་ཆེན་ནོར་བུ་ནི། །དཀར་དམར་བདེ་ཆགས་གཞོན་ནུའི་ཚུལ། །དར་དང་རིན་ཆེན་རྒྱན་ཆས་རྫོགས། །གཡས་ན་ཡིད་བཞིན་ནོར་བུ་དང་། །གཡོན་ན་ལྕགས་ཀྱི་མདའ་གཞུ་བསྣམས། །དགྱེས་ཡུམ་གསང་བའི་ཡུམ་ཆེན་བཞི། །མཛེས་འཛུམ་མདའ་དར་ཚེ་བུམ་བསྣམས། །རྡོ་རྗེ་ལེགས་པ་གཡུ་སྒྲོན་མ། །དམག་དཔོན་མིག་དམར་ཆེན་པོ་དང་། །གཏེར་སྲུང་རྨ་རྒྱལ་སྤོམ་ར་སོགས། །འདོད་རྒུ་ཡིད་བཞིན་སྩོལ་བ་ཡི། །གཏེར་བདག་ཝེར་མ་སྤྲིན་ལྟར་འཁྲིགས། །དཔའ་ཐུལ་དྭངས་སྨན་ཡང་འཁོར་བཅས། །དགྱེས་པའི་གླུ་ལེན་བྲོ་བརྡུང་འཁྲབ། །རྫུ་འཕྲུལ་རླུང་རྟ་ལྷ་བཞི་དང་། །མགྲོན་ཡག་དར་མ་བཅུ་གསུམ་སོགས། །མ་ངེས་སྒྱུ་འཕྲུལ་རོལ་རྩེད་ཅན། །གློག་ལྟར་འཁྱུག་ཅིང་རྡུལ་ལྟར་འཚུབ། །མཁའ་ལ་བདུད་རྩིའི་སྤྲིན་དཀར་ལ། །ཕུ་བོ་དུང་ཁྱུང་དཀར་པོ་སོགས། །ལྷ་ཁམས་ཕྱྭ་གཡང་བདག་པོ་


MR06_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །མེ་ཏོག་སྤོས་སྤྲིན་འཇའ་འོད་དང་། །ཚེ་གཡང་ཆར་པ་ཐོ་ལོ་ལོ། །བར་སྣང་འོད་ཀྱི་ལྡིང་གུར་ན། །གེར་མཛོ་ལ་སོགས་གཉན་དམག་འབུམ། །ངོ་མཚར་ཀི་བསྭོ་ཤ་ར་ར། །ས་གཞི་གཡང་ཞག་རྒྱ་མཚོ་ལ། །ནུ་བོ་ཀླུ་སྦྲུལ་འོད་འབྱུང་སོགས། །ཀླུ་ཡི་གཏེར་བདག་མ་ལུས་བཞུགས། །ལོངས་སྤྱོད་ན་བུན་ཆི་ལི་ལི། །བར་མཚམས་འོད་ལྔའི་དྲྭ་མིག་ན། །ཨ་ནེ་དགུང་སྨན་རྒྱལ་མོ་དང་། །སྲིང་ལྕམ་ཐ་ལེ་འོད་དཀར་སོགས། །འབྱུང་བ་ལྔ་བདག་ལྷ་མོའི་ཚོགས། །ཡིད་འོང་དགྱེས་པའི་རྣམ་འགྱུར་གཡོ། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ནོར་ལྷ་གཏེར་བདག་ཝེར་མའི་ཚོགས། །མ་ཚང་མེད་པར་ཀུན་ནས་འཁྱིལ། །ཕྱོགས་རྣམས་ཀུན་དུ་ཁྱབ་པ་ཡི། །གསེར་འོད་འབར་བའི་ཀློང་དཀྱིལ་ན། །མ་འདྲེས་ཡོངས་སུ་རྫོགས་པའི་གར། །སྣང་སྟོང་མཉམ་ཉིད་ཆེན་པོར་གསལ། །ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས། །བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ། །ད་ལྟ་སྙིགས་མ་ལྔ་ཡི་དུས། །ནག་ཕྱོགས་རྒྱ་འདྲེའི་འཚུབ་འགྱུར་དང་། །མཐའ་དམག་གདུག་པའི་ཁ་གནོན་དུ། །ཁྱོད་ཉིད་དགྲ་བླའི་སྐུར་བཞེངས་པའི། །གེ་སར་རྒྱལ་པོས་བྱིན་ཕོབ་


MR06_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །བཀྲ་ཤིས་གསང་བའི་གྭའུ་འདི། །གཞལ་ཡས་ཁང་དུ་བྱིན་གྱིས་རློབས། །རིན་ཆེན་བླ་རྡོ་སྲོག་འཁོར་རྣམས། །ཡེ་ཤེས་ལྷ་རུ་བྱིན་གྱིས་རློབས། །རིན་ཆེན་ནོར་སྣ་གཡང་རྫས་རྣམས། །འདོད་འབྱུང་ནོར་བུར་བྱིན་གྱིས་རློབས། །རྟེན་མཆོག་འདི་ལ་རྟེན་མཛོད་ལ། །གནས་འདིར་རྟག་ཏུ་བཞུགས་ནས་ཀྱང་། །བདག་གི་ཚེ་གཡང་དཔལ་འབྱོར་བསྐྱེད། །སྙན་དང་གྲགས་པ་ཕྱོགས་བརྒྱར་སྤེལ། །སྲིད་པ་གསུམ་གྱི་གཙུག་རོལ་ན། །ཆེ་བཙན་འགྲན་ཟླ་མེད་པ་ཡི། །ཕྱོགས་ལས་རྣམ་པར་རྒྱལ་བའི་གཡང་། །དུས་འདི་ཉིད་དུ་བདག་ལ་སྩོལ། །ལྷ་ཀླུ་མི་ཡི་སྲིད་པ་ཡི། །བདེ་སྐྱིད་དཔལ་འབྱོར་ཕྱྭ་དང་གཡང་། །སྟེང་ནས་ཆར་བཞིན་དབབ་ཏུ་གསོལ། །བར་ནས་སྤྲིན་བཞིན་གཏིབ་ཏུ་གསོལ། །འོག་ནས་མཚོ་རླངས་བཞིན་དུ་འཕྱུར། །ཕྱོགས་དུས་ཕྱྭ་གཡང་མ་ལུས་པ། །འདིར་ཁུག་འདིར་བསྡུས་འདིར་སྟིམས་ཤིག །སྣང་སྟོང་འོད་ལྔའི་གྭ་འུ་རུ། །མི་ཤིག་ཐིག་ལེས་རྒྱས་ཐོབ་པ། །རྡོ་རྗེའི་ཚེ་གཡང་འོད་འབར་བ། །བཀྲ་ཤིས་ནོར་བུའི་རྒྱལ་མཚན་བསྐྲུན། །ཁྱོད་ལ་མཆོད་པ་འབུལ་བ་ནི། །ལྷ་ཀླུ་མི་ཡི་འཇིག་རྟེན་ན། །འདོད་པའི་ཡོན་ཏན་ཇི་མཆིས་པ། །མ་ཚང་མེད་པའི་རོལ་མོར་འབུལ། །བདག་ལ་བརྩེ་བས་བཞེས་སུ་གསོལ། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །གཏེར་བུམ་བདུད་རྩི་འདོད་འཇོའི་བ། །གསེར་གྱི་སྙིང་པོའི་སྤྲིན་ལས་ནི། །


MR06_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་རྒུའི་ཆར་ཆེན་འབེབ་པ་དང་། །བསྟོད་བསྔགས་སྙན་པའི་འབྲུག་སྒྲ་གཡོ། །བདེ་ཆགས་དབང་གི་གློག་ཟེར་འབར། །སྣང་སྟོང་མཉམ་པ་ཆེན་པོ་རུ། །ཞེན་མེད་སྒྱུ་འཕྲུལ་དྲ་བའི་གར། །ཁྱོད་ལ་འབུལ་ལོ་བཞེས་སུ་གསོལ། །སྨན་གཏོར་རཀྟ་ཛ་གད་ཕུད། །ཟག་མེད་དགྱེས་མཉམ་སྦྱོར་བ་ཡི། །སྣང་སྲིད་བདེ་ཆགས་མཛེས་མའི་གར། །གཡོ་འདྲེན་འཁྱུད་ཅིང་མི་ཕྱེད་སིམ། །ཐུགས་ཀྱི་དཔལ་བེའུ་རྒྱས་པར་འབུལ། །མདོར་ན་སྣང་སྲིད་མ་ལུས་པ། །དགྱེས་མཉམ་མཆོད་པའི་ཕྱག་རྒྱར་འབར། །སྣང་སྟོང་མི་ཕྱེད་དབྱིངས་སུ་སིམ། །ཨ་ལ་ལ་ཧོ་མཆོད་པ་བཞེས། །རྟེན་འབྲེལ་ལས་དང་སྨོན་ལམ་དང་། །ཆོས་ཉིད་ཡེ་ཤེས་ཐུགས་རྗེ་ཡིས། །དུས་འདིར་རྣལ་འབྱོར་སྒྲུབ་པ་པོའི། །རེ་བའི་འབྲས་བུ་མ་ལུས་པ། །གེགས་མེད་མངོན་དུ་གྱུར་ནས་ཀྱང་། །བྱང་ཆུབ་བར་དུ་མི་འབྲལ་བར། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །གཏེར་གྱི་བུམ་པ་བཟང་པོ་སོགས། །མདུན་ན་གནས་པའི་མི་བཞིན་དུ། །ངེད་ལ་དགོས་པ་གང་ཡོད་པ། །མ་ཚང་མེད་པར་ཁྱོད་ཀྱིས་སྩོལ། །རྡོ་རྗེ་གསང་བའི་དམ་ཚིག་ལས། །འདའ་བ་མེད་དོ་ས་མ་ཡ། །ཐུགས་གསང་དབྱིངས་སུ་རོ་གཅིག་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །དེ་ནས་བཟླས་པ་བྱ་བ་ནི། རང་གི་ཐུགས་ཀའི་འོད་ཀྱིས་མདུན་གྱི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀའི་འོད་ཀྱིས་ཡེ་


MR06_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དང་ལས་དང་འཇིག་རྟེན་གྱི་ནོར་ལྷ་རབ་འབྱམས་བསྐུལ། དེ་དག་གི་སྟོབས་དང་རྫུ་འཕྲུལ་དབང་གི་འོད་ཟེར་གློག་ལྟ་བུ་ཕྱོགས་བཅུར་འཕྲོས་པས། འཁོར་འདས་ལམ་གསུམ་གྱི་ཚེ་བཅུད་དཔལ་འབྱོར་ཐམས་ཅད་འོད་ལྔའི་ཐིག་ལེ་ཐིག་ཕྲན་བཀྲ་ཤིས་རྫས་རྟགས་ལ་སོགས་པའི་རྣམ་པར་མེར་མེར་ཤིག་ཤིག་ཡོམ་ཡོམ་དུ། བདག་དང་བསྒྲུབ་རྫས་ལྷ་རྣམས་དབྱེར་མི་ཕྱེད་པ་འདའ་མེད་རིན་ཆེན་གསང་བའི་གྭའུ་བཀྲ་ཤིས་གཞལ་ཡས་ཁང་ཆེན་པོ་འདིར་སིབ་སིབ་ཐིམ་པས་ཟླ་བ་སྤྲིན་ལས་གྲོལ་པ་ལྟར། སྟོབས་དཔལ་ཚེ་བཅུད་བཀྲག་མདངས་ཐམས་ཅད་གོང་ནས་གོང་དུ་བརྒྱ་འགྱུར་སྟོང་འགྱུར་དུ་འཕེལ་ཏེ། འདོད་རྒུ་ལྷུན་གྱིས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་ནས། སྲིད་དང་ཞི་བ་ཡོངས་ཀྱི་གཙུག་ན་གཟི་བརྗིད་མཚུངས་མེད་དུ་འབར་བའི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་མངོན་དུ་གྱུར་པར་བསམ་ལ། མཉམ་ཉིད་རྡོ་རྗེ་ལྟ་བུའི་ངང་ནས་སྔགས་འདི་བཟླའོ། །ཨོཾ་ཏྲིམ་ཞིམ་ཁྱིམ་མེ་མུ་ཏྲ། འབར་ར་ཧཾ་ཨ་ལ་ལི་ལ་མོ་གཏུང་པ་ཁྱེ། ཨ་ཧོ་ཡེ་སིདྡྷི་ཧཱུྃ། ཀྲག་ཤེར་ཀྵིམ། རཏྞ་ཕ་ལ་སིདྡྷི་བྷྲཱུྃ༔ ན་ན་ཁ་དྷེ་པུཥྚིཾ་སིདྡྷི་ཧཱུྃ། གཞན་ཡང་གབ་པའི་བཟླས་དམིགས་ཀྱང་། །སྦྱར་ལ་བཟླས་པ་ཚུལ་བཞིན་བྱ། །མངོན་གསུམ་ཉམས་དང་རྨི་ལམ་ལ། །བསྒྲུབ་པའི་རྟགས་མཐོང་དངོས་གྲུབ་བླངས། །མཐར་ནི་མཆོད་བསྟོད་ཐུགས་དམ་བསྐང་། །ཟས་ནོར་སྤྱི་དང་ཁྱད་པར་དུ། །གང་འདོད་གསོལ་བཏབ་གཡང་འགུག་བྱ། །རྟག་ཏུ་རྟེན་དེ་མི་འབྲལ་བཅང་། །དུས་དང་དུས་སུ་མཆོད་གསོལ་བྱ། །དེས་ནི་ཇི་ལྟར་དབུལ་པོ་ཞིག །ནོར་བུའི་གཏེར་ཆེན་སྙེད་པ་ལྟར། །ཇི་བསམ་འབད་མེད་ལྷུན་གྱིས་འགྲུབ། །ས་མ་ཡ། འདི་ནི་རང་བཟོ་མ་ཡིན་ཏེ། །


MR06_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དང་དམ་པའི་ལུང་བཞིན་དུ། །ལྷ་རིགས་ཆེན་མོའི་དག་སྣང་གི །དགོངས་མཛོད་ནོར་བུ་མངོན་དུ་བསྟན། །ཨྠྀི། ཞེས་པའང་ཝེར་མ་བསེ་རུ་འོད་ལྡན་དཀར་པོ་ཞེས་འབོད་པས་མེ་བྱི་ཟླ་༣ཚེས་༢༥ཡི་གུང་ཐུན་ལ་ཤར་མར་བྲིས་ནས་སླར་ཡང་ལྕགས་འབྲུག་ཟླ་ཚེས་དགེ་བར་སྤེལ་བ་མངྒ་ལཾ།། ༈ །།གེ་སར་རྒྱལ་པོའི་གཡང་འགུགས་སྲིད་ཞིའི་དྭངས་བཅུད་སྡུད་པའི་ནོར་བུ་བཞུགས་སོ། །ཧཱུྃ་ཧྲཱིཿ ཕྱོགས་དུས་ཀུན་ཁྱབ་མཉམ་པ་ཉིད་ཀྱི་དབྱིངས། །མི་ཤིགས་འོད་ལྔ་འབར་བའི་ཏི་ལ་ཀ། རྟག་བརྟན་གཡུང་དྲུང་གསང་བའི་ཕོ་བྲང་ནས། །ཡེ་ཤེས་རྡོ་རྗེའི་ཚེ་དབང་མཆོག་འཆང་བ། །རིག་འཛིན་ཆེན་པོ་འཛམ་གླིང་རྒྱན་མཆོག་རྩལ། །ཤེས་རབ་རལ་གྲི་མདའ་གཞུའི་འཁྲུལ་འཁོར་གྱིས། །སྲིད་པའི་དགྲ་སྡེ་འཇོམས་པའི་དཔའ་བོ་ཆེ། །ཀུན་འབྱུང་ཡིད་བཞིན་ནོར་བུའི་རྒྱལ་པོ་ནི། །སྐུ་རྗེ་དོན་གྲུབ་ཝེར་མ་དཀར་པོ་དང་། །བཀའ་འཁོར་སྣང་སྲིད་དྲེགས་པའི་དཔུང་དང་བཅས༔ མཆོད་ཅིང་བསྟོད་ནས་ཐུགས་དམ་བསྐུལ་ལགས་ན། །ཐོགས་མེད་ཕྲིན་ལས་དབང་གི་འོད་ཟེར་གྱིས། །སྟེང་འོག་ཕྱོགས་བཅུའི་ཁམས་ན་གནས་པ་ཡི། །ལྷ་ཀླུ་མི་ཡི་སྲིད་པའི་ཚེ་དཔལ་སྟོབས། །འཁོར་འདས་ལམ་གསུམ་དྭངས་མའི་དགེ་མཚན་ཆ། །ཁབ་ལེན་རྡོ་ཡིས་ལྕགས་བཞིན་འདིར་བཀུག་ནས། །འོད་འབར་བཀྲ་ཤིས་རྫས་ཀྱི་རྣམ་པ་རུ། །གསང་བའི་དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག །སྣང་སྲིད་བདེ་སྟོང་དབྱིངས་སུ་ཞུ་བ་ཡི། །དགྱེས་


MR06_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་འདོད་པའི་རོལ་གར་ཆེར་གཡོ་བའི། །ཡེ་ཤེས་ལས་དང་འཇིག་རྟེན་རབ་འབྱམས་གྱི། །གཏེར་བདག་ནོར་ལྷ་རྒྱ་མཚོའི་ཐུགས་དམ་བསྐུལ། །དགའ་བའི་གར་དང་དགྱེས་པའི་བྲོ་འཁྲབ་ཅིང་། །བདེ་བའི་གླུ་དབྱངས་འབྲུག་སྒྲ་སྟོང་ལྟར་སྒྲོགས། །བདེ་ཆགས་དབང་གི་འོད་ཟེར་ཀུན་ཏུ་ཁྱབ། །སྣང་སྲིད་རབ་འབྱམས་ཤིག་ཤིག་ཡོམ་ཡོམ་འུར། །སྟེང་ནས་བཀྲ་ཤིས་ལྷ་ཡི་ཕྱྭ་གཡང་ཁུག །འོག་ནས་འཕེལ་ཆེན་ཀླུ་ཡི་ཕྱྭ་གཡང་ཁུག །བར་ནས་དགེ་མཚན་མི་ཡི་ཕྱྭ་གཡང་ཁུག །དབྱིངས་ནས་སྲས་བཅས་རྒྱལ་བའི་བྱིན་གཡང་ཁུག །གནས་ནས་རྩ་གསུམ་རྒྱ་མཚོའི་དགྱེས་གཡང་ཁུག །ཡུལ་ནས་ཆོས་སྐྱོང་དགྲ་བླའི་མཐུ་གཡང་ཁུག །ཕྱོགས་ནས་གཏེར་བདག་ཝེར་མའི་ནོར་གཡང་ཁུག །ཕྱི་ནས་མཁའ་སོགས་འབྱུང་ལྔའི་རྟེན་གཡང་ཁུག །ནང་ནས་འཇིག་རྟེན་སྐྱེ་རྒུའི་བཅུད་གཡང་ཁུག །ཞིང་ནས་ཚེ་དཔལ་འབྱོར་པའི་འཕེལ་གཡང་ཁུག །མདོར་ན་ཕྱོགས་དུས་སྣང་ཞིང་སྲིད་པ་ཡི། །བཀྲ་ཤིས་དགེ་མཚན་ཕྱྭ་གཡང་དྭངས་མའི་དཔལ། །ཆར་ལྟར་འབེབ་ཅིང་མཚོ་ལྟར་བསྐྱིལ་བ་དང་། །སྤྲིན་དང་ན་བུན་བཞིན་ཏུ་འཐིབ་ཅིང་ཁུག །བཀྲ་ཤིས་གཡུང་དྲུང་གསང་བའི་གཞལ་ཡས་འདིར། །མ་ལུས་ལུས་པ་མེད་པར་འདུས་ནས་ཀྱང་། །མི་ཤིགས་ཐིག་ལེ་ཆེན་པོར་རྒྱལ་ཐོབ་ལ། །རྡོ་རྗེའི་ཚེ་གཡང་ནོར་བུའི་


MR06_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་སྒྲུབས། །དགོས་འདོད་ཡིད་བཞིན་གྲུབ་པའི་ཆར་འབེབ་ཅིང་། །བདེ་སྐྱིད་དགའ་བ་འབུམ་གྱི་གློག་ཕྲེང་འཁྱུག །ཕྱོགས་ལས་རྣམ་པར་རྒྱལ་བའི་འབྲུག་སྒྲ་སྒྲོགས། །ངོ་མཚར་ཕྱྭ་གཡང་རྟག་ཏུ་འཁྱིལ་བར་མཛོད༔ སྣང་སྟོང་མཉམ་པ་ཆེན་པོའི་ངང་ཉིད་དུ། །ཟག་མེད་འཇའ་སྐུར་སྨིན་པའི་རྟེན་འབྲེལ་དཔལ། །རང་བྱུང་ཡེ་ཤེས་ཆེན་པོའི་ཕྱྭ་དང་གཡང་༔ དུས་འདི་ཉིད་དུ་འགྲུབ་པའི་དངོས་གྲུབ་སྩོལ། །སྲིད་དང་ཞི་བའི་དྭངས་བཅུད་མ་ལུས་པ། །ཀུན་ནས་ཐོགས་མེད་འགུགས་པར་བྱེད་པ་ཡི། །ཡིད་བཞིན་རིན་ཆེན་སྡུད་པའི་ནོར་བུ་འདི། །ཟབ་གསང་ཐུགས་ཀྱི་རྒྱ་མཚོར་རྟག་གནས་པའོ། །ཞེས་པའང་ཟིལ་གནོན་དགྱེས་པ་རྩལ་ཞེས་བྱ་བས་མེ་བྱི་ཟླ་ ༥ ཚེས་ ༤ ལ་ཡི་གེར་བྲིས་པས་བསྟན་འགྲོའི་ཕན་བདེ་རྒྱས་པའི་རྒྱུར་གྱུར་ཅིག་གུ།། ༈ །།གེ་སར་གཏེར་བདག་ཝེར་མའི་བསྐང་བ་ནོར་བུ་རྒྱས་པའི་སྤྲིན་ཆེན་བཞུགས་སོ། །བསྐང་རྫས་ཅི་འབྱོར་བ་འདུ་བྱས་བྱིན་གྱིས་བརླབས་ནས་འདི་སྐད་དོ། །ཧཱུྃ་ཧྲཱིཿ རང་བྱུང་ཀ་ནས་དག་པའི་ཐིག་ལེ་ནི། །གདོད་ནས་སྣང་སྟོང་མཉམ་པའི་ཡེ་ཤེས་ཉིད། །རང་ཤར་ལྷུན་གྱིས་གྲུབ་པའི་རྩལ་སྣང་ལས། །སྣང་སྲིད་རྣམ་དག་ནོར་བུའི་གཞལ་མེད་ཁང་། །རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་དབུས། །བུམ་བཟང་དཔག་བསམ་ཤིང་དང་འདོད་འཇོའི་བ། །ལྷ་དང་བྱང་ཆུབ་སེམས་དཔའི་ནོར་བུའི་རིགས། །རིན་ཆེན་རི་བོ་བདུད་རྩིའི་ཆུ་མཚོ་དང་། །མ་རྨོས་ལོ་ཏོག་གྲུབ་པའི་དམ་རྫས་ཚོགས། །སྣ་ཚོགས་


MR06_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་གྱི་ཁྱུ་དང་རཏྣའི་གཏེར། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་སོགས། །ལྷ་ཀླུ་མི་ཡི་འབྱོར་པ་རྨད་བྱུང་བས། །ཕྱོགས་རྣམས་ཀུན་ཏུ་ཕྱུར་བུར་གང་བྱས་ཤིང་། །མཁའ་ལ་གསེར་གྱི་སྙིང་པོའི་སྤྲིན་ཆེན་ལས། །བསྟོད་བསྔགས་སྙན་པའི་འབྲུག་སྒྲ་འབུམ་འཁྲོལ་ཞིང་། །ཡིད་འོང་གསེར་འབར་གློག་གི་ཟློས་གར་རྩེ། །དགོས་འདོད་ནོར་བུའི་ཆར་པ་སི་ལི་ལི། །དཔའ་མཛངས་མཛེས་པའི་སྐྱེས་བུ་བྱེ་བ་སྙེད། །དགྱེས་པའི་བྲོ་གར་འདུ་འཕྲོ་ཡིད་དུ་འོང་། །རྨད་བྱུང་ལྟ་ན་སྡུག་པའི་སྨིན་ལེགས་འབུམ། །ཡིད་འཕྲོག་འཇོ་སྒེག་རོལ་པའི་རྒྱང་གླུ་རྩེ། །དམ་རྫས་སྨན་རག་གཏོར་མ་རི་མཚོར་བསྐྱིལ། །འདོད་ཡོན་དྲུག་ལྡན་མཆོད་པའི་སྤྲིན་ཕུང་འཐིབ། །རྡོ་རྗེའི་རིག་མ་འབུམ་གྱིས་དགྱེས་འཛུམ་འཁྱུད། །མདོར་ན་ཕྱི་དང་ནང་དང་གསང་བ་ཡི། །འཇིག་རྟེན་འཇིག་རྟེན་འདས་པའི་མཆོད་པའི་སྤྲིན། །མ་ལུས་ལུས་པ་མེད་པར་ལྷུན་གྲུབ་པ། །དགོས་འབྱུང་འཛད་མེད་སྒྱུ་འཕྲུལ་དྲ་བའི་གར། །སྣང་སྲིད་བདེ་བ་ཆེན་པོར་རང་ཤར་བ། །རྨད་བྱུང་རྡོ་རྗེ་བཀོད་པའི་མཆོད་སྤྲིན་འདི། །ཡེ་ཤེས་འདོད་རྒུའི་རོལ་མོར་འཆར་བའི་འཕྲུལ། །ཀུན་བཟང་མཆོད་སྤྲིན་རྟག་ཁྱབ་ལྷུན་གྲུབ་གཏེར། །དཔལ་ལྡན་འབྱོར་པ་མཆོག་གི་མཆོད་ཆེན་འདིས། །སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཐུགས་དམ་བསྐང་། །རབ་འབྱམས་རྩ་བ་གསུམ་གྱི༴ ཆོས་སྐྱོང་ནོར་


MR06_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་གཏེར་བདག༴ ཁྱད་པར་དོན་གྲུབ་ཝེར་མ་དཀར་པོ་ནི། །སྐུ་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །རྡོ་རྗེ་ཚེ་གཡང་ལོངས་སྤྱོད་རྒྱལ་པོ་ཆེ། །སྣང་སྲིད་དགྲ་བླའི་རྒྱལ་པོའི་ཐུགས་དམ་བསྐང་། །དགྱེས་ཡུམ་མཁའ་འགྲོ་བཞི་ཡི༴ དམག་དཔོན་མིག་དམར་ཆེན་པོའི༴ དམ་ཅན་རྡོ་རྗེ་ལེགས་པའི༴ སྨན་བཙུན་རྡོ་རྗེ་གཡུ་སྒྲོན༴ རྨ་རྒྱལ་རྡོ་རྗེ་དྲག་རྩལ༴ ཕུ་བོ་དུང་ཁྱུང་དཀར་པོའི༴ སྟེང་ཕྱོགས་ལྷ་ཡི་གཏེར་བདག༴ ཕ་ཡབ་གེར་མཛོ་གཉན་པོའི༴ བར་ཕྱོགས་གཉན་གྱི་གཏེར་བདག༴ ནུ་བོ་ཀླུ་སྦྲུལ་འོད་འབྱུང་ཐུགས་དམ་བསྐང་། །འོག་ཕྱོགས་ཀླུ་ཡི་གཏེར་བདག༴ ཨ་ནེ་གུང་སྨན་རྒྱལ་མོའི༴ སྣང་སྲིད་མ་མོའི་ཚོགས་ཀྱི༴ སྲིང་ལྕམ་ཐ་ལེ་འོད་དཀར༴ འབྱུང་བ་ལྔ་ཡི་ལྷ་མོའི༴ རྫུ་འཕྲུལ་རླུང་རྟ་ལྷ་བཞིའི༴ མགྲོན་ཡག་དར་མ་བཅུ་གསུམ༴ གནམ་ས་བར་གྱི་ཝེར་མའི༴ སྐུ་འཁོར་དགྲ་བླ་ཝེར་མའི༴ ཌཱ་ཀི་དྭངས་སྨན་ཚོགས་ཀྱི༴ དཔའ་བརྟུལ་དཔའ་བོའི་ཚོགས་ཀྱི༴ བཀའ་འབངས་སྤྲུལ་པའི་ལྷ་དམག༴ བཀའ་སྡོད་སྣང་སྲིད་དྲེགས་པའི༴ སྣང་སྲིད་དགྲ་བླ་ཝེར་མའི༴ མདོར་ན་སེང་ཆེན་ནོར་བུའི་དཀྱིལ་འཁོར་དུ། །དགྱེས་བཞིན་བཞུགས་པ་རབ་འབྱམས་ནོར་ལྷའི་ཚོགས། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ་འཛིན་པ། །མ་ལུས་ལུས་པ་མེད་པའི་ཐུགས་དམ་བསྐང་། །དག་མཉམ་བདེ་བ་ཆེན་པོར་རྟག་


MR06_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་ནས། །བདག་ཅག་སྒྲུབ་པ་པོ་ལ་ཚེ་དང་གཡང་། །བསོད་ནམས་དཔལ་འབྱོར་བདེ་སྐྱིད་ཆོས་དང་དབང་། །གཟུངས་སྤོབས་བློ་དང་གཟི་བརྗིད་བཀྲག་མདངས་བཅུད། །ཉམས་དང་རྟོགས་པ་མཐུ་སྟོབས་ནུས་པའི་རྩལ། །ཡར་ངོའི་ཟླ་བ་བཞིན་དུ་འཕེལ་བ་དང་། །ཕྱོགས་དང་དུས་ཀྱིས་བསྡུས་པའི་ཕྱྭ་གཡང་དཔལ། །ཆར་ཕོབ་མཚོ་ལྟར་སྐྱིལ་ལ་སྤྲིན་ལྟར་བསྡུས། །བདེ་སྟོང་རྡོ་རྗེ་ཐུགས་ཀྱི་ངང་ཉིད་ནས། །རྟག་ཏུ་མི་འབྲལ་དགྱེས་རྒུར་སྐྱོང་མཛད་དེ། །བདེ་ནས་བདེ་བ་རྣམ་མཁྱེན་ནོར་བུའི་གླིང་། །ཇི་དགར་བགྲོད་པའི་སྐལ་བཟང་མཆོག་སྩོལ་ཞིང་། །དཔལ་ལྡན་ནོར་ལྷ་རྒྱ་མཚོའི་དཀྱིལ་འཁོར་གྱི། །བྱིན་ནུས་ཕྱྭ་གཡང་གནས་འདིར་ཆགས་གྱུར་ནས། །ཁམས་གསུམ་སྲིད་གསུམ་དབང་དུ་འདུ་བ་དང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་མཆོག་སྩོལ་ཅིག །སྙན་དང་གྲགས་པས་རྒྱལ་ཁམས་ཀུན་ཏུ་གང་། །བཀྲ་ཤིས་བསྟན་པ་ཕྱོགས་ཀྱི་ཐ་གྲུར་ཁྱབ། །མངའ་ཐང་དབུ་འཕང་སྲིད་པའི་རྩེ་མོར་བསྟོད། །ཕུན་ཚོགས་བསམ་རྒུ་འགྲུབ་པར་མཛད་དུ་གསོལ། །བཀྲ་ཤིས་དགེ་མཚན་བྱེ་བའི་གཟི་བྱིན་གཡང་། །རྟག་ཏུ་སྣང་སྟོང་ཐིག་ལེར་འཁྱིལ་མཛད་ཅིང་། །མི་ཤིགས་ཀུན་འབྱུང་བུམ་པ་བཟང་པོ་ནས། །མཆོག་ཏུ་ཚིམ་བྱེད་གྲུབ་པའི་རྒྱལ་ཐབས་སྩོལ། །མཐའ་ཡས་འགྲོ་བ་ཀུན་ལ་དུས་རྟག་ཏུ། །ཕན་བདེ་མི་


MR06_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་མཆོག་གི་གཞིར་གྱུར་པ། །ཡེ་ཤེས་ནོར་བུ་འབར་བའི་གཟི་བྱིན་འོད། །ཆོས་ཀྱི་དབྱིངས་དང་མཉམ་པར་རྒྱས་པར་མཛོད། །འདི་ལྟར་གེ་སར་ཝེར་མའི་རྒྱལ་པོ་ཡི། །གཡང་སྒྲུབ་བསམ་འཕེལ་ཡིད་བཞིན་ནོར་བུ་ལ། །གཞུང་དང་ཕྱྭ་གཡང་འགུགས་པའི་ཕྲིན་ལས་ཏེ། །གཉིས་པོ་ཙམ་ལས་གཞན་དག་མ་མཐོང་བས། །བསྐང་གསོལ་འདི་འདྲ་སྦྱར་ན་ཆེས་ལེགས་ཤིང་། །དེ་གསུམ་ཙམ་གྱིས་དོན་ཀུན་བདེ་བླག་གྲུབ། །དེ་ལས་རྒྱས་སྤྲོས་གཞན་གྱིས་ཅི་བྱ་ཞེས། །བསམས་ནས་བསྐང་རིམ་བློ་ལ་གང་ཤར་བ། །ཤར་མར་རྟེན་འབྲེལ་དགེ་བའི་དུས་སུ་བྲིས། །འདི་ཡི་དགེ་བས་སྐྱེ་བོ་ཐམས་ཅད་ཀུན། །ཕྱྭ་གཡང་འཛད་མེད་ནོར་བུའི་ཆུ་གཏེར་ལ། །འདོད་རྒུར་རོལ་པའི་སྐལ་བཟང་ཐོབ་གྱུར་ཅིག །ཅེས་པའི་བསྐང་གསོལ་འདི་ཡང་མི་ཕམ་པས་བཀྲ་ཤིས་ལྷ་རྩེར་བྲིས་པ་མངྒ་ལཾ།། ༈ །།ཨཱ༔ སྣང་སྟོང་མཉམ་པ་ཆེན་པོའི་ཐིག་ལེ་རུ། །རྟག་བརྟན་གཞོམ་གཞིག་བྲལ་བའི་ཡེ་ཤེས་ལྷ། །འཕོ་འགྱུར་བྲི་གང་བྲལ་བར་དགྱེས་བཞུགས་པས། །ཕྱྭ་གཡང་དགེ་མཚན་ལྷུན་གྱིས་གྲུབ་པར་མཛོད། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ རཀྵ་རཀྵ་ཤྲཱི་མཎྚ་ལ་བྷྲཱུྃ། ཞེས་པའི་དོན་མཉམ་པར་བཞག་གོ །། ༈ བསེ་རུ་འོད་ལྡན་དཀར་པོའི་ཟབ་གསང་སྙན་བརྒྱུད་ཤོག་དྲིལ་མ་བཞུགས་སོ། །བསྭོ། སྣང་སྟོང་མཉམ་པ་ཆེན་པོའི་དབྱིངས༔ གཡུང་དྲུང་འགྱུར་བ་མེད་པ་ཡི༔ དོན་དམ་ཐིག་ལེའི་ངང་ཉིད་ལས༔ རང་བྱུང་ཐུགས་རྗེའི་སྐུ་སྤྲུལ་པ༔ གེ་སར་ནོར་བུ་དགྲ་འདུལ་རྩལ༔ ཤར་ཕྱོགས་རྨ་རྒྱལ་སྤོ་མཐོའི་རིའི༔ སྟེང་མཁར་མཁའ་སྤྱོད་འཇའ་


MR06_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གུར༔ སྣང་སྲིད་གསལ་བའི་ཕོ་བྲང་ནས༔ ཕྱྭག་གཤེན་རྣོ་མཐོང་འཕྲུལ་གྱི་ལྷ༔ ཨ་དཀར་འོད་ཀྱི་ཝེར་མ་ནི༔ ཁྱེའུ་བཅུ་དྲུག་ལང་ཚོས་སྒེགཿ དཀར་གསལ་དག་པའི་ཤེལ་འདྲ་བ༔ ཕྱག་གཡས་རིན་ཆེན་སྒྲོན་མེ་ཐོགས༔ སྲིད་པ་གསུམ་པོ་ལམ་མེར་གསལ༔ གཡོན་ན་རཏྣའི་མེ་ལོང་འཛིནཿ ལྐོག་གྱུར་མ་ལུས་སྒྲིབ་མེད་འཆར༔ དར་དཀར་རལ་ཀ་འཇའ་སྤྲིན་གོས༔ མེ་ཏོག་རྒྱས་པའི་སྟེང་ན་འགྱིངསཿ དགྱེས་ཡུམ་གསང་བའི་ལྷ་མོ་ལྔ༔ འོད་ལྔ་འབར་ཞིང་མེ་ལོང་དང་༔ དགོས་འབྱུང་བུམ་པ་བཟང་པོ་འཛིན༔ ཡབ་ལ་བལྟ་ཞིང་ཆགས་པའི་ཚུལ༔ འཁོར་དུ་ཀུན་གསལ་ཝེར་མ་འབུམ༔ རྡོ་རྗེའི་བྲོ་གར་བརྡའ་གླུ་བསྒྱུར༔ བདེ་དྲོད་གཟི་འབར་ཡ་ལ་ལ༔ སྨན་སྤོས་དྲི་བཟང་ཐུ་ལུ་ལུ༔ འཇའ་སྤྲིན་མེ་ཏོག་ཐོ་ལོ་ལོ༔ སྒྲུབ་པ་པོ་ལ་གདུང་ཞིང་འདུད༔ དམ་ཚིག་དབང་གིས་སྤྱན་འདྲེན་ན༔ མ་ཐོགས་གནས་འདིར་གཤེགས་སུ་གསོལ༔ བདུད་རྩི་ཅན་གྱི་ཤིང་གསུམ་དང་༔ སྤོས་དཀར་སྦྱར་བའི་དུད་སྤྲིན་འབུལ༔ འོ་ཆབ་འབྲས་ཆང་མངར་གསུམ་གྱིས༔ སྤགས་པའི་རོ་མཆོག་ཞལ་སྐྱེམས་འབུལ༔ མི་ཤེས་མུན་འཇོམས་མར་མེ་དང་༔ མདའ་དར་མེ་ལོང་ཕྱེ་མར་ཕུད༔ འདོད་ཡོན་དྲུག་གི་མཆོད་པ་འབུལ༔ རང་སྣང་སྒྱུ་མར་ཤར་བའི་ལྷ༔ ཀུན་གསལ་ཆུ་ཟླའི་རོལ་མོ་ཡིས༔ རྡོ་རྗེའི་སྲོག་ལ་དམ་བསྲེ་ན༔ སྔགས་


MR06_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དམ་ཚིག་གནད་དུ་ལོངས༔ ཞེས་ལྷ་ཡི་ཐུགས་ཀར་ཨ་དཀར་པོ་ཟླ་བ་ལྟ་བུ་ལ། སྔགས་ཕྲེང་གིས་བསྐོར་བ་དམིགས་ཏེ། བསྭོ༔ ཨ་དཀར་ཝེར་མ་ཁོད་དེ་འདུ༔ གསལ་ས་ལེ་པྲ་ཕོབ་སྭཱ་ཧཱ༔ ཞེས་བཟླས། ཀྱེ། དད་པ་དང་ནི་དམ་ཚིག་གིས༔ འབོད་དོ་སྣང་སྲིད་གསལ་བའི་ལྷ༔ ནམ་མཁའི་མཐོངས་ནས་སྤྱན་འདྲེན་ན༔ དམ་ལས་མ་འདའ་ད་ཚུར་བྱོན༔ རྣལ་འབྱོར་ངེད་ཀྱི་དགོས་པ་འདི༔ ཕ་ཁྱེད་ལ་མི་དྲི་སུ་ལ་དྲི། བུ་ང་ལ་མི་གསུང་སུ་ལ་གསུང་༔ བར་སྣང་འཇའ་དང་འོད་ཀྱིས་གང་༔ བརྡའ་དང་རོལ་མོ་ཁྲོ་ལོ་ལོ༔ གར་དང་རྣམ་འགྱུར་ཤིགས་སེ་ཤིག༔ ཕོ་རྒྱུད་གཟི་འབར་ཡ་ལ་ལ༔ མོ་རྒྱུད་མཛེས་འཛུམ་ལྷབས་སེ་ལྷབ༔ བདག་དང་པྲ་རྟེན་འདི་ཉིད་ཀྱི༔ ལུས་ངག་ཡིད་ལ་བྱིན་གྱིས་རློབས༔ སྣང་སྲིད་སྒྱུ་མའི་ལྟད་མོ་སྟོན༔ ད་ལྟ་ཉིད་དུ་པྲ་ཕོབ་ཅིག༔ ཅེས་བསངས་བཏང་༔ མདའ་དར་དང་རོལ་མོ་བཅས་པྲ་རྟེན་མེ་ལོང་སོགས་ལ་བལྟར་བཅུག་གོ༔ ས་མ་ཡཱ༔ ཞེས་པའང་སྣང་གསལ་ཝེར་མའི་བསང་མཆོད་ཀུན་གསལ་ནོར་བུའི་མེ་ལོང་བཞུགས། མཆོད་རྫས་ཅི་འབྱོར་བྱིན་གྱིས་རླབས་ལ། ཧཱུྃ་ཧྲཱིཿ དབྱིངས་ལས་རང་བྱུང་རིག་པ་ཡེ་ཤེས་སྐུ༔ སྣང་སྲིད་ཀུན་གསལ་ཝེར་མའི་གསས་མཁར་ན༔ སྐུ་རྗེ་དོན་གྲུབ་ནོར་བུ་རྒྱལ་པོ་ནི༔ ཨ་དཀར་འོད་ཀྱི་ཝེར་མ་འཁོར་དང་བཅས༔ བུ་ཆུང་མ་ལ་གདུང་བ་ཇི་བཞིན་དུ༔ བརྩེ་བའི་ཐུགས་ཀྱིས་གནས་འདིར་མྱུར་གཤེགས་


MR06_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ ངོ་མཚར་རྟགས་དང་མཚན་མ་དངོས་སུ་སྟོན༔ ཕྱི་ནང་གསང་བའི་མཆོད་པའི་དམ་ཚིག་རྫས༔ དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁྱོན་ཀུན་གང་༔ རོ་མཉམ་བདེ་ཆེན་ཡེ་ཤེས་བདུད་རྩིའི་སྤྲིན༔ དགྱེས་པར་བཞེས་ལ་རྫུ་འཕྲུལ་མཐུ་བསྐྱེད་ནས༔ རྩ་རླུང་རིག་པའི་ཁམས་ལ་བདེ་དྲོད་སྦོར༔ རྟེན་འབྲེལ་མི་བསླུ་གནད་ཀྱི་འཆར་སྒོ་སྟོན༔ སྣང་སྲིད་ཀུན་གསལ་འཕྲུལ་གྱི་སྒོ་མོ་ཕྱེས༔ ཡེ་ཤེས་མིག་གཅིག་དྲི་མ་མེད་པའི་དབྱིངས༔ ཟང་ཐལ་སྒྲིབ་གཡོགས་བྲལ་བར་འབྱེད་མཛད་ནས༔ བསྟན་འགྲོའི་དོན་ཆེན་སྒྲུབ་པའི་མཐུ་ནུས་སྟོབས༔ ཐོགས་མེད་ཡིད་བཞིན་འཕེལ་བར་མཛད་དུ་གསོལ༔ འཇམ་དཔལ་དཔའ་བོ་ཡེ་ཤེས་སྒྱུ་མའི་གར༔ དཔའ་བོ་ཆེན་པོ་བདུད་དཔུང་དགྲ་འདུལ་བ༔ ཤེས་རབ་རལ་གྲི་མདའ་གཞུའི་ཕྱག་རྒྱ་ཡིས༔ ཉོན་མོངས་མི་ཤེས་གཡུལ་ངོ་སེལ་མཛད་པཿ སྣང་གསལ་ཝེར་མའི་རྒྱལ་པོ་འཁོར་དང་བཅས༔ མཉམ་ཉིད་ངང་ལས་རང་བྱུང་ཐུགས་རྗེའི་རྩལ༔རྣོ་གསལ་འོད་འབར་འཕྲུལ་གྱི་དྲ་བ་སྐྱོད༔ མོས་ལྡན་བདག་གི་སྙིང་ལ་ཞུགས་ནས་ཀྱང་༔ དོན་གཉིས་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ ཞེས་མཆོད་པས་སྣང་སྲིད་ཀུན་ཀྱི་རང་བཞིན་མ་འདྲེས་པར་མཐོང་བའི་མངོན་ཤེས་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པར་འགྱུར་རོ། །ཤིང་སྦྲེལ་ཟླ་༦ཚེས་༡༠ལ་ཝེར་མ་བསེ་རུ་འོད་ལྡན་དཀར་པོས་བཀྲ་ཤིས་རང་སྣང་འཆི་མེད་འོད་ཀྱི་ལྡིང་གུར་བཟང་པོ་ནས་བྲིས་པ་བཀྲ་ཤིས། སརྦ་མངྒ་ལཾ།། ༈ །།ཧྲཱིཿ དགེ་མཚན་


MR06_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་རྟ་སྙན་པའི་བ་དན་ཆེ༔ འདོད་རྒུ་ཀུན་འབྱུང་མཆོད་པའི་སྤྲིན་ཕུང་འདི༔ གེ་སར་སྐྱེས་བུ་འཁོར་དང་བཅས་ལ་འབུལ༔ བསམ་དོན་ཀུན་འགྲུབ་ཕྱོགས་ལས་རྣམ་རྒྱལ་མཛོད༔ ཅེས་པ་འདིའང་ཤིང་སྤྲུལ་ཟླ་༥ཚེས་༥མི་ཕམ་པས་བཀོད་པ་སརྦ་མངྒ་ལཾ། །ཧཱུྃ། བཀྲ་ཤིས་རླུང་རྟ་སྙན་པའི་བ་དན་ཆེ། །ཀུན་བཟང་མཆོད་པའི་སྤྲིན་ཆེན་འཕྲོ་བ་འདི། །རྩ་གསུམ་སྲུང་མ་དགྲ་བླ་ཟོ་དོར་དང་། །འགོ་ཞིང་སྐྱོབ་པ་མཆོད་པའི་མགྲོན་གྱུར་སོགས། །ཁྱད་པར་གེ་སར་ནོར་བུ་དགྲ་འདུལ་རྩལ། །རྫུ་འཕྲུལ་རྡོ་རྗེའི་རྐྱང་རྒོད་ཕེར་པོ་དང་། །དཔའ་བརྟུལ་དྭངས་སྨན་བཀའ་སྡོད་ཕོ་ཉར་བཅས། །གསོལ་ལོ་མཆོད་དོ་བསམ་དོན་ལྷུན་གྲུབ་མཛོད། །རླུང་རྟའི་གསོལ་བསྡུས་འདི་ཡང་དབྱུག་གུ་ཟླ་བའི་ཡར་ཚེས་༡༠དུས་བཟང་པོར་རུ་དམ་ཡང་ཁྲོད་དུ་མི་ཕམ་པས་བཀོད་པ་མངྒ་ལཾཿདགེའོ། །༁ྃ༔ བོད་ཡུལ་སེང་ཆེན་རྒྱལ་པོ་ལ་བརྟེན་པའི། བསོད་ནམས་རླུང་རྟ་བསྐྱེད་པའི་ཆོ་ག་སྐལ་བཟང་སྙིང་གི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །བསོད་ནམས་རླུང་རྟ་བསྐྱེད་པའི་ཆོ་ག་སྐལ་བཟང་སྙིང་གི་ཐིག་ལེ་ནི། འདི་ལྟར་རང་གི་རིག་པ་དྲི་མ་མེད་པ་ཀ་དག་ཀུན་ཏུ་བཟང་པོ་རང་བྱུང་པདྨ་རྒྱལ་པོ། ལྷུན་གྲུབ་ནོར་བུ་དགྲ་འདུལ་རང་ཞལ་མཇལ་བའི་གདིང་ལ་དཔའ་བསྐྱེད་དེ། ཆོས་སྐྱོང་དགྲ་བླ་བསྟོད་པའི་མཇུག་ཏུ་འདི་ལྟར་གྱེར་བར་བྱའོ། །ཧཱུྃ། ལྷུན་གྲུབ་པདྨ་ལས་སྐྱེས་མཚན་དཔེའི་སྐུ། །དགྲ་བླའི་ཆས་ཀྱིས་བརྗིད་ཀྱང་གང་གི་ཐུགས། །རིག་འཛིན་གཙོ་བོ་ཉིད་ལས་མི་གཞན་པ། །འགྱུར་མེད་རྒྱལ་པོ་དོན་གྲུབ་སྐྱེས་བུ་ནི། །འགྲོ་བ་ཀུན་ལ་བདེ་སྐྱིད་དམ་བཅའ་བ། །ཚད་མེད་


MR06_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་བའི་དབང་གིས་འདོད་པའི་དོན། །བསྒྲུབ་ཕྱིར་བདག་ཡིད་དྭངས་མའི་ཐིག་ལེ་རུ། །རོ་གཅིག་བཞུགས་པས་དངོས་གྲུབ་གཉིས་ཐོབ་མཛོད། །ཕྱོགས་བཅུའི་ཞིང་བཞུགས་བདེ་གཤེགས་སྲས་བཅས་དང་། །ཡི་དམ་མཁའ་འགྲོ་སྐྱབས་འོས་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བྱིན་དབབ་ཅིང་། །ཕུན་ཚོགས་སྡེ་བཞིར་དབང་བའི་རླུང་རྟ་བསྐྱེད། །མི་བཟད་མཐུ་མངའ་ཆོས་སྐྱོང་སྲུང་མའི་ཚོགས། །ཇི་སྙེད་མ་ལུས་རྒྱ་མཚོར་ཆར་བཞིན་དུ། །ལུས་ངག་ཡིད་ལ་ཐིམ་པའི་བྱིན་ནུས་ཀྱིས། །མཐུ་རྩལ་ཕུན་སུམ་ཚོགས་པའི་རླུང་རྟ་བསྐྱེད། །དྲི་བཟང་པདྨོར་ལྡིང་བའི་བུང་བ་ལྟར། །སྲིད་དོ་ཅོག་གི་དགྲ་བླ་ཝེར་མའི་ཚོགས། །སྐྱེས་བུའི་སྐུ་ལ་སྤྲིན་ཕུང་བཞིན་འདུ་བས། །གང་བསམ་ལས་ལ་དབང་བའི་རླུང་རྟ་བསྐྱེད། །འཇིག་རྟེན་ཁམས་སུ་རྒྱུ་བའི་རིགས་ལྡན་དང་། །འབྱུང་པོའི་ཚོགས་ཀྱིས་སྲུང་ཞིང་ཕན་པའི་སེམས། །ཉ་གང་ཟླ་བའི་དཀྱིལ་འཁོར་ལྟར་དཀར་བས། །མཐུན་རྐྱེན་བས་ཆེན་འཕྲོ་བའི་རླུང་རྟ་བསྐྱེད། །པདྨོ་གཞོན་ནུར་འཆར་ཁའི་ཉི་ཟེར་བཞིན། །འགྲོ་བ་ཀུན་གྱི་བསམ་དང་སྦྱོར་བའི་ཚུལ། །བདག་གི་མཐུན་རྐྱེན་གྲོགས་སུ་འཆར་བ་ཡིས། །ཡིད་འོང་དགའ་སྟོན་སྟོང་གི་རླུང་རྟ་བསྐྱེད། །མཁའ་མཉམ་ཞིང་གི་དཔལ་དང་ཡོན་ཏན་ཀུན། །ཅིག་ཆར་དབང་དུ་གྱུར་པའི་ཟླ་བ་ཡིས། །དཀར་ཕྱོགས་དགའ་བའི་ཀུནྡ་འཛུམ་ནུས་པའི། །


MR06_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཟད་བསོད་ནམས་རླུང་རྟའི་དཔལ་ཡོན་བསྐྱེད། །སྲིད་འདིར་མངོན་མཐོས་སྙེམས་པའི་གཙུག་ཉིད་ལ། །ཟིལ་གནོན་གར་གྱིས་རོལ་པའི་ཞབས་གཉིས་པོ། །དགྲ་སྡེའི་སྤྱི་བོར་ལེན་པའི་དབང་མངའ་བ། །མི་བཟད་ཤུགས་ལྡན་རྡོ་རྗེའི་རླུང་རྟ་བསྐྱེད། །འགལ་རྐྱེན་ཀུན་ཞི་འདོད་ཅིང་རེ་བའི་དོན། །མ་ལུས་གེགས་མེད་ཡིད་བཞིན་འགྲུབ་པ་ཡིས། །ལས་རྣམས་བསྒྲུབ་ལ་ཐོགས་མེད་མཐུ་ལྡན་པས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རླུང་རྟ་བསྐྱེད། །བདེ་གཤེགས་སྙིང་པོ་ཀུན་ཁྱབ་གདོད་མ་ནས། །དོན་ཀུན་ལྷུན་གྲུབ་གང་ཁྱོད་དྲན་པས་ཀྱང་། །དོན་རྣམས་འགྲུབ་མཛད་དོན་གྲུབ་སྐྱེས་བུ་ཡིས། །དོན་ཀུན་འབད་མེད་འགྲུབ་པའི་རླུང་རྟ་བསྐྱེད། །རང་རིག་ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ། །གདོད་ནས་རྒྱལ་བ་ཀུན་དང་མི་གཉིས་པ། །རང་བྱུང་པདྨའི་ངོ་བོར་རྣམ་དག་པས། །འགྲོ་ཀུན་གདོད་མའི་གཞི་ལ་གྲོལ་བྱེད་ཤོག །དེ་ལྟར་མ་གྱུར་གནས་སྐབས་ཐམས་ཅད་དུ། །རྒྱལ་བ་ཀུན་དང་རྒྱལ་ཀུན་སྙིང་པོ་ནི། །མཚོ་སྐྱེས་རྡོ་རྗེས་ཁྱོད་དོན་འགྲུབ་གྱུར་ཅེས། །དཔལ་ཀུན་རྩོལ་བའི་མེ་ཏོག་གཏོར་གྱུར་ཅིག །ཅེས་བརྗོད་དེ་འཛམ་གླིང་རྒྱལ་པོ་གེ་སར་མདུན་དུ་བསྒོམས་པ་རང་ལ་དབྱེར་མེད་དུ་ཐིམ་པར་བསམ་ནས་འདི་ལྟར་གྱེར་ཞིང་རིག་པ་དྲི་མེད་ཀྱི་ངང་བསྐྱང་བཞིན། བསམ་ལྷུན་སིདྡྷི་གང་མང་བསྒྲག་ན། རླུང་རྟ་སྙན་པའི་བ་དན་དགེ་མཚན་རླུང་གིས་བསྐྱོད་པས་ཕྱོགས་བཅུར་གྲགས་པ་རྒྱས། ལས་བྱས་པ་རྣོ་མྱུར་ཐོགས་མེད་དུ་འོང་། ལེགས་


MR06_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱོགས་ལ་འཕྲད། ཉེས་པར་བསྣོལ། རྒྱལ་ཁ་ཐོབ་སྟེ་མི་ཡི་ཁྱུ་མཆོག་ཏུ་མངའ་གསོལ་བར་འགྱུར་རོ། །དེ་ལྟར་བྱུང་བར་དངོས་སུ་ཉམས་དང་སྣང་བ་དཔའ་བ་སོགས་དང་། རྨི་ལམ་དུ་རྟ་ཕོ་ཞོན་པ། རོལ་མོ་སྒྲོགས་པ། བ་དན་ཕྱར་བ། རི་ལ་འཛེགས་པ། གྱི་ལིང་འབྲུག་དང་སེངྒེ་སྟག་ལ་སོགས་པར་ཞོན་པ་སོགས་ངོ་མཚར་བའི་རྟགས་འབྱུང་ངོ་། །ཀ་དག་རིག་པའི་རྒྱལ་པོ་པདྨ་སྐྱེས། །ལྷུན་གྲུབ་ནོར་བུ་དགྲ་འདུལ་འབོད་པའི་རྗེ། །དབྱེར་མེད་ཐིག་ལེ་གཅིག་པའི་སྒྱུ་འཕྲུལ་ལས། །དག་སྣང་མན་ངག་རིག་པའི་གསང་ནས་སྤེལ། །རང་ལོ་ཉི་ཤུ་པ་ཤིང་གླང་ཟླ་༡༠ཚེས་༥ལ་བྲིས་པ་མངྒ་ལཾ། །ཨོཾ་ཨཱཿཧཱུྃ་ཧཱིཿ ཆོས་ཀུན་རང་བྱུང་ཡེ་ཤེས་ཆེན་པོའི་ངང་། །མཐའ་བྲལ་སྟོང་པ་རིག་པའི་རྩལ་སྣང་ལས། །སྣོད་བཅུད་རྣམ་དག་འོད་ལྔར་འཁྱིལ་བའི་ཀློང་། །ཀུན་གསལ་བདེ་ཆེན་འབར་བའི་གཞལ་ཡས་ན། །རྩ་གསུམ་རྒྱལ་བའི་ཕྲིན་ལས་ཕོ་ཉ་བ། །སེང་ཆེན་ཨ་དཀར་འོད་ཀྱི་ཝེར་མ་ནི། །དཀར་གསལ་ཤེལ་འདྲ་ཞལ་གཅིག་ཕྱག་གཉིས་པ། །རིན་ཆེན་སྒྲོན་མེ་སྣང་གསལ་མེ་ལོང་འཛིན། །དར་དཀར་གོས་དང་འཇའ་སྤྲིན་མེ་ཏོག་བརྒྱན། །དགྱེས་ཡུམ་རྣམ་ལྔ་མདའ་དར་མེ་ལོང་འཛིན། །འཁོར་དུ་སྣང་སྲིད་གསལ་བའི་ཝེར་མ་འབུམ། །རྡོ་རྗེའི་བྲོ་གར་བརྡའ་གླུ་སྣ་ཚོགས་བསྒྱུར། །དྲན་པས་སྣང་གསལ་པྲ་ཡི་མཆོག་སྩོལ་པ། །མ་ལུས་འཁོར་དང་བཅས་པའི་རྒྱུད་བསྐུལ་ཚེ། །བྱིན་རླབས་མཐུ་སྟོབས་ནུས་པའི་དཔུང་བསྐྱེད་ནས། །བདེ་སྟོང་ཟང་ཐལ་ཐུགས་ཀྱིས་དགོངས་མཛད་དེ། །དགྱེས་པའི་སྐུ་ཡི་གར་


MR06_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

སྟབས་ཤིགས་སེ་ཤིག །བཞད་པའི་གསུང་གི་བརྡའ་གླུ་ཀྱུ་རུ་རུ། །འཇའ་སྤྲིན་མེ་ཏོག་ཆར་པ་ཐོ་ལོ་ལོ། །བདེ་དྲོད་རིག་པའི་རྩལ་སྣང་ཤིགས་སེ་ཤིག །བདག་ཅག་སྒྲུབ་པ་པོ་ལ་བྱིན་གྱིས་རློབས། །སྙིང་དབུས་མི་ཤིག་འོད་ལྔའི་ཏི་ལ་ཀར། །ཀུན་གསལ་བདེ་ཆེན་ཐུགས་ཀྱི་ཡེ་ཤེས་འོད། །དབྱེར་མེད་མངོན་པར་ཤེས་པའི་མཆོག་དབང་བསྐུར། །སྣང་སྲིད་ཀུན་གསལ་ཝེར་མའི་དཀྱིལ་འཁོར་ཀུན། །ནང་ལྟར་ལུས་ཀྱི་རྩ་རླུང་ཐིག་ལེའི་ཁམས། །གསང་བ་བྱང་ཆུབ་སེམས་སུ་རོ་གཅིག་པས། །བདེ་ཆེན་འདུ་འབྲལ་མེད་པར་དགྱེས་བཞུགས་ནས། །སྣང་སྲིད་ཀུན་གསལ་འཕྲུལ་གྱི་སྒོ་མོ་ཕྱེས། །དུས་གསུམ་སྒྲིབ་མེད་མཁྱེན་པའི་སྤྱན་བཟང་སྩོལ། །རྟེན་འབྲེལ་བསླུ་མེད་རིག་པའི་འཆར་སྒོ་སྟོན། །རྣོ་མཐོང་སྣང་གསལ་པྲ་ཡི་དངོས་གྲུབ་སྩོལ། །ས་མ་ཡ་རྒྱ༔ དགེའོ། ཌྐཾཿ །རྡོ་རྗེའི་སེང་ཆེན་རྒྱལ་པོ་ལ་བརྟེན་པའི་རྟེན་འབྲེལ་རླུང་རྟ་བསྐྱེད་པའི་ཆོ་ག་བཞུགས་སོ་དགེ་ལེགས་འཕེལ། ཌྐཾཿ །ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་བཛྲ་ཏིཀྵྞཡ། དེ་ཡང་འདིར་ལེགས་བྱས་མཐོ་དམན་དུ་བསྒྱུར་བའི་རྟེན་འབྲེལ་ཐུགས་སྟོབས་ཀླུང་གི་རྟ་ཕོ་ལྟ་བུ་འདི་ཡི་དར་གུད་ལས། སྐྱེ་འགྲོའི་བྱ་བའི་ལམ་འགྲོས་ཆེ་ཆུང་ཐ་དད་པར་འགྱུར་བ་ཡིན་ལ། དེ་བསྐྱེད་པའི་རྟེན་འབྱུང་དུ་བོད་ཡུལ་རྒྱལ་པོ་དགྲ་འདུལ་ལ་བརྟེན་པ་ནི། ཐབས་གཞན་ལས་ཆེས་ཟབ་པའི་མཐར་ཐུག་ཡིན་པས་འདི་ལ་འབད་འཚལ། དེ་ལ་ལོ་ཁམས་སམ་སྤར་སྨེ་རླུང་ཁམས་ཀྱི་མདོག་ཁྱད་པར་དུ་བྱས་པའི་མདོག་ལྔའི་དར་རས་ལ། རླུང་རྟ་བསྐྱེད་པའི་རྟེན་འབྱུང་གི་རི་མོ་ཇི་སྙེད་པ་དང་། ཁྱད་པར་སེར་པོ་ལ་རྟ། དམར་པོར་སྟག སྔོན་པོར་འབྲུག ལྗང་གུར་ཁྱུང་།


MR06_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོར་སེང་གེ་བྲི། དར་གྱི་བ་དན་ལྕེ་བཞི་ལ། བསམ་ལྷུན་སིདྡྷི་དང་འདོད་གསོལ། གཞན་ཡང་ཀླུང་རྟ་བསྐྱེད་པའི་སྔགས་ལ་སོགས་པ་བྲི་ཞིང་། འདོད་གསོལ་དུ་འདི་བྲི་ཞིང་ངག་ཏུའང་གྱེར་རོ། །ཧཱུྃ༔ ཆོས་ཀུན་རྣམ་དག་རྡོ་རྗེ་རྣོན་པོའི་ཐུགས། །ཆོས་ཉིད་དྲི་མེད་སངས་རྒྱས་པདྨ་སྐྱེས། །སྒྱུ་འཕྲུལ་འགག་མེད་རྡོ་རྗེའི་དཔའ་བོ་ཆེ། །རིག་འཛིན་ནོར་བུ་དགྲ་འདུལ་འཁོར་བཅས་ཀྱིས། །དགེ་མཚན་རྣམ་རོལ་འཆར་བ་རླུང་རྟའི་དར། །ཆོས་ཅན་འགག་མེད་རོལ་པའི་མཆོད་པ་འདི། །ཆོས་ཉིད་ཞི་བ་དབྱིངས་ཀྱི་ཐིག་ལེར་བཞེས། །རླུང་རྟ་སྙན་པའི་བ་དན་གཡོ་བར་མཛོད། །གྲགས་སྙན་དགེ་བ་འབུམ་གྱི་ལེགས་བྱས་མཛོད། །ཁྱོད་ཐུགས་ཀུན་ཁྱབ་དཔལ་གྱི་བེའུ་ལས། །རྫུ་འཕྲུལ་རྟ་སྟག་ཁྱུང་འབྲུག་སེང་སོགས་ཀྱི། །མི་ཟད་ངོ་མཚར་གཡོ་བའི་རྟེན་འབྱུང་གིས། །སྲིད་པའི་དཔལ་ཡོན་ཀུན་ལས་མངོན་མཐོ་བ། །མི་ནུབ་རྒྱལ་མཚན་ནོར་བུའི་ཏོག་མཛེས་ཉིད། །ས་གསུམ་ཡིད་འོང་བདུད་རྩིའི་སྙིང་པོ་ཅན། །རྨད་བྱུང་སྐལ་བཟང་རླུང་རྟའི་ཤུགས་སྐྱེད་ཅིག །ཅེས་དེ་ལྟར་བྱས་ཏེ། རླུང་རྟ་ལ་དྲི་བཟང་ཕུན་སུམ་ཚོགས་པ་བྱུག་ནས་མཁའ་ལ་སྒྲོན་ཏེ་མཁའ་དབྱིངས་གྱེན་ཚུགས་སུ་ལྟ་ཞིང་ཀི་བསྭོ་ཧ་ཧ་དང་སིདྡྷི་སྒྲོགས། ཡེ་དྷར་འདོན། དེ་ནས་བསང་བྱས་རྔ་རོལ་སྙན་པའི་དབྱངས་བཅས་རླུང་རྟ་ལ་ནས་འཐོར་ནས་གཞུང་དམིགས་ལྟར་འདི་གྱེར་རོ། །ཧཱུྃ། མཁའ་ཁྱབ་སྒྱུ་འཕྲུལ་དྲ་བའི་བདག་ཉིད་ནི། །གཉིས་མེད་ཡེ་ཤེས་སྐུ་མཆོག་པདྨ་སྐྱེས། །ཕྲིན་ལས་ཐོགས་མེད་དཔའ་བོའི་སྐུར་


MR06_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་པ། །སྐྱེས་མཆོག་རིག་འཛིན་ནོར་བུ་དགྲ་འདུལ་རྗེ། །གཞི་ལས་འདུ་འབྲལ་མེད་པའི་དམ་ཚིག་དང་། །གནས་སྐབས་དད་གུས་གདུང་བས་རྩེ་གཅིག་ཏུ། །མཁྱེན་བརྩེའི་གཏེར་ཆེན་ཁྱེད་ཐུགས་གནད་བསྐུལ་ན། །རིག་འཛིན་པདྨའི་ཐུགས་ཀྱི་ཀློང་ནས་བཞེངས། །དྲི་མེད་དབྱིངས་ལ་ཐོགས་པ་མེད་རྒྱུ་བ། །འགག་མེད་རྡོ་རྗེའི་འགྲོས་ཀྱིས་སྐད་ཅིག་གིས། །གནམ་ས་བར་སྣང་ཁྱབ་པའི་གར་བྱེད་ཅིང་། །དགྲ་བླ་ཝེར་མ་ཆར་སྤྲིན་ལྟ་བུར་འཚུབ། །མཚར་སྡུག་དྭངས་སྨན་དགྱེས་པའི་གླུ་དབྱངས་སྒྲོགས། །རེག་འཇམ་ཤུགས་དྲག་རྡོ་རྗེའི་རླུང་གཡོ་ཞིང་། །བདུད་རྩིའི་ཆར་དང་འཆི་མེད་འདོད་དགུའི་བཅུད། །ཡིད་འོང་དྲི་བསུང་སྤོས་ཀྱི་ངད་ལྡང་བ། །རྡོ་རྗེའི་ཅང་ཤེས་འཁྱུག་པའི་ངར་གྱིས་གཡོ། །སྣ་ཚོགས་དར་གྱི་ཅོད་པན་པུ་རུ་རུ། །རིན་ཆེན་རོལ་མོའི་སྒྲ་སྙན་ཁྲོ་ལོ་ལོ། །དགྲ་བླའི་བ་དན་གཡོ་བ་ཤིགས་སེ་ཤིག །དཔའ་བའི་ཀི་བསྭོ་ཆ་སྒྲ་སྒྲོགས་པ་ཡི། །ཁམས་གསུམ་དྲེགས་པའི་དམག་དཔུང་རྣམས་ཀྱི་མཆོག །དཔའ་བོ་མཁའ་འགྲོའི་དབུས་ན་རྡོ་རྗེའི་སྐུ། །རབ་བརྗིད་སེང་ཆེན་རྒྱལ་པོ་འཁོར་དང་བཅས། །སྐད་ཅིག་གློག་ལྟར་མྱུར་བས་གནས་འདིར་བྱོན། །དྲི་མེད་རླུང་རྟ་བསྐྱེད་པའི་དགེ་མཚན་གྱི། །ལྷ་རྫས་བ་དན་གཡོ་བ་འདི་བཞེས་ལ། །དགེ་མཆོག་རླུང་རྟ་སྙན་པའི་བ་དན་དེ། །ཤུགས་ཆེན་རྡོ་རྗེའི་རླུང་གིས་བསྐྱོད་གྱུར་ནས། །


MR06_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་ཕྱོགས་མཐར་ཁྱབ་པ་སྙན་གྲགས་དཔལ། །ངོ་མཚར་མཐོང་ན་དགའ་བའི་རང་བཞིན་གཏེར། །ལས་རླུང་ལྷ་ཡི་རོལ་མོ་དཀྲོལ་བར་མཛོད། །སྙིང་ག་དཔལ་བེའུའི་ཁྱིམ་ལ་དགྱེས་རོལ་ནས། །དྭངས་པའི་དབྱིངས་ལ་ལྷ་ཡི་སྤྲིན་བཞིན་དུ། །ངོ་མཚར་དགའ་བའི་རོལ་རྩེད་གཡོ་བའི་གར། །དབྱེར་མེད་དབྱིངས་ཀྱི་གཤིས་ལ་བསྒྱུར་བར་མཛོད། །སྙིང་ནང་བདུད་རྩིས་གང་བའི་དཔྱིད་བཞིན་དུ། །ཉམས་འགྱུར་ཟག་མེད་བདེ་བའི་རོ་ཙ་འཕེལ། །འདའ་མེད་དབང་གི་གཟི་དྲོད་འབར་བ་ཡིས། །འདོད་དགུའི་དཔལ་མོ་མགྲོན་དུ་ཁུག་པར་མཛོད། །ཤུགས་ཆེན་རྡོ་རྗེའི་རླུང་གིས་བསྐྱོད་པ་ཡི། །རྫུ་འཕྲུལ་ཐོགས་མེད་འདོད་པའི་མཁའ་ལ་འགྲོ། །ཡིད་འོང་སྤྲིན་ལས་དགའ་བའི་གཟུགས་ངོམས་པ། །རྣོ་མྱུར་ལས་ཀྱི་རྟེན་འབྱུང་ཅང་ཤེས་རྟ། །ལེགས་བྱས་མཐོ་དམན་བསྒྱུར་བའི་བཞོན་པ་ནི། །སྲིད་པར་རྒྱུ་ཞིང་ཞི་བའི་ལམ་ལ་འགྲོ། །རྡོ་རྗེའི་རྐྱང་རྒོད་ནོར་བུའི་ཕྲིན་ལས་འཕྲུལ། །མི་མཆོག་ནོར་བུ་དགྲ་འདུལ་ཁྱེད་ལ་འབུལ། །དབྱེར་མེད་ཞི་བ་དབྱིངས་ཀྱི་ཐིག་ལེར་བཞེས། །རྣམ་དག་པདྨའི་མཁའ་དབྱིངས་རང་གྲོལ་ནས། །རླུང་རྟ་སྙན་པའི་བ་དན་གཡོ་བར་མཛོད། །མི་བཟད་ང་རོ་གཡོ་བའི་དཔའ་རྔམ་གྱི། །དྲག་པོའི་མེ་ལྕེ་མཆེད་པའི་ཟིལ་འཁྲུགས་པ། །རྣམ་མང་


MR06_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བླ་འདུས་པའི་སྙིང་སྟོབས་གཟུགས། །རྔམ་བརྗིད་མཆོངས་ལྡེམ་འགྱིང་བ་འཛུམ་ལྡན་སྟག །སྐྱེས་བུའི་ཡིད་ལ་དཔའ་བའི་སྟོབས་ཀྱི་རྟེན། །རྒོལ་ངན་རི་བོ་འཇོམ་པའི་རྡོ་རྗེ་ནི། །མཐར་བྱེད་དྲག་པོ་དགྲ་འདུལ་ཐུགས་ལས་སྤྲུལ། །སྲིད་པར་རྒྱུ་ཞིང་དཀར་ཕྱོགས་སྟོབས་ལས་སྤྲུལ། མི་མཆོག་ནོར་བུ༴ རབ་བརྗིད་འགྱིང་བ་དཔའ་བོའི་གཟུགས་ཀྱི་དཔལ། །གནམ་ལྕགས་རི་བོའི་ཟོམ་ནས་ངོམས་པའི་ཡིད། །བདུད་རྩིས་མྱོས་པའི་ཟེར་ལས་ཁམས་གསུམ་པོ། །ཅིག་ཆར་ཟིལ་གྱིས་གནོན་པའི་གདོང་ལྔ་པ། །དགེ་བའི་ཕྱྭ་གཡང་ཆགས་པའི་མདངས་འཕྲོ་ཞིང་། །ཕ་རོལ་སྟོབས་འཕྲོག་རྣམ་གནོན་གཟི་བརྗིད་རྟེན། །ལྷུན་སྟུག་མངོན་པར་མཐོ་བ་མིའི་ཁྱུ་མཆོག །ཟག་མེད་གཟི་འབར་སེང་ཆེན་སྐུ་ལས་སྤྲུལ། །མི་མཆོག༴ དཔག་བསམ་ལྗོན་པའི་རྩེ་ནས་བསྐྱོད་པ་ཡི། །དྲག་པོའི་འདབ་གཤོག་རྫུ་འཕྲུལ་རླུང་གི་བང་། །ཐོགས་མེད་མཁའ་ལ་ལྡིང་ཞིང་འགྱིང་བ་ཡི། །ངོ་མཚར་ཕུན་སུམ་ཚོགས་པ་ཝེར་མའི་ཁྱུང་། །སྐྱེས་བུའི་ཡིད་ལ་ཡོན་ཏན་ཀུན་སྤེལ་བ། །མི་ཟད་དཔལ་གྱི་ནོར་བུ་དགའ་བའི་རྟེན། །ཤིན་ཏུ་ཡིད་འོང་རྨད་བྱུང་མཛངས་པའི་དཔྱིད། །མངོན་པར་དགའ་བ་སྐྱེས་བུའི་ཡོན་ཏན་འཕྲུལ། །མི་མཆོག་ནོར་བུ༴ སྟུག་ལྡན་ཆུ་སྤྲིན་གཞོན་ནུའི་རུམ་གནས་པ། །མཛེས་པའི་


MR06_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

གློག་དམར་གཡོ་བའི་སྐ་རགས་ཅན། །གྲགས་སྙན་དགེ་བའི་གསུང་སྒྲོགས་རྒྱ་མཚོའི་མངལ། །ཟབ་པའི་དགེ་མཚན་ཆེས་ལྡིར་དགྲ་བླའི་འབྲུག །རྒྱལ་ཐབས་རེ་བ་རྫོགས་པའི་ང་རོ་ཡིས། །སྙིང་ལ་དགེ་བའི་བདུད་རྩིའི་ཆར་འབེབ་ཅིང་། །སྐྱེས་བུའི་གྲགས་སྙན་ཀུན་ཏུ་ཁྱབ་བྱེད་རྟེན། །སྙན་པར་སྒྲོགས་པ་གེ་སར་གསུང་ལས་སྤྲུལ། །མི་མཆོག༴ ཡེ་སྟོང་སྤྲོས་དང་བྲལ་བའི་ནམ་མཁའ་ལ། །ཕྱི་ནང་སྣོད་བཅུད་བརྟན་གཡོ་སྲིད་པའི་ཁམས། །སྣ་ཚོགས་སྒྱུ་མ་མཐའ་ཡས་སྤྲོ་བསྡུའི་གར། །བརྗོད་བྱའི་ཡུལ་ལས་འདས་པའི་རོལ་རྩེད་ངོམས། །ལྷ་རྣམས་དགའ་བའི་བདུད་རྩི་འདོད་དགུར་འཇོ། །མི་རྣམས་བདེ་སྡུག་རྣམ་མང་སྒྱུ་འཕྲུལ་མཐོང་། །ས་འོག་དམྱལ་བ་མི་བཟད་སྡུག་བསྔལ་མྱོང་། །མཁའ་སྤྱོད་ཞིང་གི་འཕགས་པ་རྟག་ཏུ་ཞི། །དེ་སོགས་སྲིད་ཞི་རྣམ་མང་ཆོས་ཀྱི་ཚུལ། །ཀ་དག་དགོངས་པ་ཆོས་སྐུའི་ཀློང་དུ་གཅིག །རང་སེམས་རྣམ་པར་གཡོ་བའི་ཆོ་འཕྲུལ་ཏེ། །མི་ཟད་རྟེན་འབྱུང་རིག་པའི་རླུང་ལས་འཕྲོས། །ཁམས་གསུམ་རྣམ་པར་གྲུབ་པ་འབྱུང་བ་ལྔའི། །འོད་ལྔའི་དྭངས་བཅུད་འབར་བའི་ཐིག་ལེ་ལས། །མི་ཤིགས་རྡོ་རྗེ་གསང་བ་རླུང་རྟའི་ལྷ། །དཔལ་ཡོན་ཀུན་གྱི་རྟེན་འབྱུང་གཞི་རུ་གྱུར། །མི་འདའ་འགྱུར་མེད་མཁའ་དབྱིངས་བུམ་པ་རུ། །རྣམ་མང་ལེགས་བྱས་སྒྱུ་འཕྲུལ་གཡོ་བའི་རྟེན། །


MR06_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་ཙམ་གྱིས་འདོད་དགུ་ལྷུན་གྲུབ་པ། །རང་གདངས་སེང་ཆེན་མི་ཤིགས་ཐིག་ལེར་བཞེངས། །ལེགས་པར་སྨོན་པའི་དཔལ་ཡོན་བཅུད་དུ་བཀུག །འདོད་པའི་གནས་ལ་རྡོ་རྗེའི་རླུང་གིས་བགྲོད། །སྲིད་ཞིའི་དཔལ་ལ་འདོད་དགུར་རོལ་མཛད་པ། །མཚུངས་མེད་དབང་གི་སེང་ཆེན་གཡོ་བར་མཛོད། །ཀ་དག་ལྷུན་གྲུབ་པདྨའི་རོལ་པ་ལས། །སྒྱུ་འཕྲུལ་དགེ་བའི་བ་དན་སེང་ཆེན་རྗེས། །ལྕགས་ལ་གསེར་འགྱུར་བཞིན་དུ་གང་བྱས་ལས། །བཟང་པོར་འགྲོ་བ་སྙན་པའི་རྒྱལ་རྔ་སྒྲོགས། །འདོད་འབྱུང་རྒྱལ་སྲིད་བདུན་དང་རྟགས་རྫས་བརྒྱད། །ཉི་ཟླ་དཔག་བསམ་ཤིང་དང་འདོད་འཇོའི་བ། །གཏེར་བུམ་བདུད་རྩི་ལ་སོགས་སྲིད་དང་ཞིའི། །དཔལ་འབྱོར་རྣམས་ཀྱི་དངོས་པོའི་དགེ་མཚན་ལྟར། །བཀྲ་ཤིས་ཕྱྭ་གཡང་ཀུན་གྱི་དཔལ་མཐའ་དག །གཅིག་ཏུ་འདུས་པ་ཡིད་འོང་དགའ་བའི་གཏེར། །སྐྱེ་དགུའི་སྙིང་ལ་འཇུག་པའི་ཡོན་ཏན་ནི། །མི་ཟད་བསམ་འཕེལ་ཕན་བདེའི་གཏེར་གྱུར་མཛོད། །མི་ནུབ་རྒྱལ་མཚན་ནོར་བུའི་ཏོག་མཐོ་ཞིང་། །སྲིད་པ་གསུམ་གྱི་གཙུག་ན་འབར་གྱུར་པ། །ཁམས་གསུམ་དབང་བསྒྱུར་དགྲ་འདུལ་རྒྱལ་པོ་ཡི། །ཕྱག་རྟགས་རྒྱལ་མཚན་སྲིད་རྩེར་བསྒྲེང་བར་མཛོད། །འདི་ནི་ཤུགས་བསྟན་སྦས་དོན་གནད། །ཟབ་ཅིང་གསང་བ་རྟེན་འབྱུང་གི །གནད་འགག་ཆེ་བའི་མདོག་ལྔའི་དར། །རླུང་རྟ་བྱས་ལ་དགྲ་བླ་བསང་། །ཚིག་འདི་བསྒྲགས་པར་གྱུར་པ་ན། །


MR06_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་རྟ་སྟག་འབྲུག་སོགས་ཞོན། །བ་དན་རྙེད་ཅིང་རོལ་མོ་དཀྲོལ། །ཕྱོགས་ལས་རྣམ་རྒྱལ་རི་མཐོར་འཛེགས། །ཉི་ཟླ་ཤར་བ་ལ་སོགས་པ། །རྣམ་པར་དགེ་བའི་མཚན་ལྟས་རྙེད། །དངོས་ཉམས་རིག་པ་དྭངས་ཤིང་དགའ། །དཔའ་བའི་ཉམས་རྒྱས་ཀུན་གྱིས་བཏུད། །གང་བྱས་ལམ་དུ་འགྲོའོ་ཞེས། །ཌཱ་ཀི་གཽ་རཱའི་ཞལ་ལས་ཐོས། །དེང་སང་ཕལ་ཆེར་་རྟ་ཉམས། །བཙུན་པའི་འདུལ་ཁྲིམས་ཞིག་པ་དང་། །སྨན་དཔྱད་རྩིས་ཀྱི་རྣོ་མྱུར་ཆུང་། །སྐྱེས་པ་མནའ་སྡིག་ཀུན་གྱིས་བརྙས། །དེ་འདྲའི་ཕྱོགས་མང་འབྱུང་བ་དང་། །མ་ཉེས་དགྲས་འཚེ་བསམ་པ་ནི། །ལོག་པར་གྱུར་བའི་དུས་འདི་ན། །འདི་ལས་ཟབ་པ་མེད་དོ་བུ། །རང་གི་ལག་ཏུ་ལོངས་དང་ཤེས། །ས་མ་ཡཱཿརྒྱ་རྒྱ་རྒྱཿ འདི་བརྩམས་གང་བྱས་ལམ་དུ་འགྲོ། །སྙན་དང་གྲགས་པས་ཀུན་དུ་ཁྱབ། །ལོག་པར་བྱས་ཀྱང་ལེགས་པར་འགྲོ། །ས་སྟེང་མི་ཡི་ནོར་བུའོ། །འདི་ནི་སྔ་མོར་རིག་པའི་ཐིག་ལེར་གབ་ཡོད་པ། ཟླ་༣ཚེས་༡ལ་ཕབ་པ་རླུང་རྟའི་དར་བསྒྲོན་པའི་སྐབས་སུ་བཏོན་པས། ངེས་པར་ལས་བྱས་རྣོ་མྱུར་ཐོགས་མེད་དུ་འགྲོ་བར་དངོས་སུ་མཐོང་ཞིང་། རྟེན་འབྱུང་ཤིན་ཏུ་དགེ་བ་བཀྲ་ཤིས་ལ་མི་ཟད་པ་སྙན་གྲགས་ཀུན་ཏུ་ཁྱབ་པའི་དཔལ་མངོན་དུ་མཐོང་བ། མི་བསླུ་བའི་འབྲས་བུ་དུས་ལས་མི་འདའ་བ་རྡོ་རྗེའི་དཔའ་བོའི་ཐ་ཚིག ཨྠྀི། མངྒ་ལཾ།། ༈ །།མ་སང་དགྲ་བྲུབ་བྱེད་ན། གླང་མའི་མི་ཆུང་རྟ་ཆུང་སྐོ་རུ་ཁ། །ཤོ་མང་ཕུབ་ཁུར་འཇག་མའི་མདའ་གཞུ་ཅན། །བོ་ཐོའི་མཁར་གྱི་ནང་དུ་བཞག །ཚྭ་སྒོག་རམ་གསུམ་ཤོག་སྐྱེ་གང་། །དེ་ཡི་མདུན་དུ་བཞག་བྱས་ལ། །ཡར་གཞི་ལེབ་ཕྱིང་དཀར་པོའི་སྟེང་། །མདའ་དར་ཕྱེ་མར་སྐྱེམས་ཕུད་བཤམས། །བསྭོ། ཁྲོ་རྒྱལ་ཝེར་མ་ཛོ་ཀི་ཤ་རུ་ར་འདུས་འདུས། །


MR06_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

མ་སོང་དྲ་མ་དམག་ལ་ཆོ་ཆོ། །ཞེས་ཅི་རིགས་བཟླས་ལ། བསྭོ། གེ་སར་དགྲ་འདུལ་དམག་རྒྱལ་བསྭོ། །མ་སོང་ཝེར་མ་མཐུ་ཆེན་བསྭོ། །མཐུ་ཆེན་ཝེར་མ་ཉི་ཉ་བསྭོ། །གུང་བའི་རྐྱ་ཁྲ་ཆེན་མོ་བསྭོ། །དགྲ་འདི་ན་གདའ་འོ་གསོད་རོགས་མཛོད། །ཨ་ཙི་ཙ་ཝེར་མའི་དམག་ལ་ལྟོས། །ནམ་མཁའ་དར་གྱིས་གང་ནས་གདའ། །བར་སྣང་འཕྲུ་ཡིས་གང་ནས་གདའ། །ས་གཞི་རྟ་ཡིས་གང་ནས་གདའ། །ཡུལ་ཁམས་འུར་གྱིས་གང་ནས་གདའ། །གནམ་ལ་སེར་སྤྲིན་འཁྲིགས་ནས་གདའ། །བར་སྣང་འབྲུག་གློག་འཁྲུགས་ཤིང་གདའ། །ས་ལ་ཐོག་ཆར་འབེབས་ཤིང་གདའ། །དགྲ་སུ་ལ་དམག་སྣ་དྲང་རྒྱུ་ཡིན། །སྨོན་མི་གླིང་གི་བརྒྱུད་འཛིན་ལ། །ཁ་མི་སྙན་གྱོད་གཏམ་བདར་ལ་དྲོངས། །ལག་མི་དགེ་དུག་མཚོན་འཛིན་ལ་དྲོངས། །སེམས་མི་བྱམས་ངན་དགུ་དྲན་ལ་དྲོངས། །ཨ་ལ་ལ་ཝེར་མའི་དཔུང་རེ་རྔམ། །ད་མགོན་དུ་བྱོན་པ་ངོ་མཚར་ཆེ། །ཞལ་བསྲོ་བ་ཕྱེ་མར་འདི་ཡིས་བསྲོ། །མངའ་གསོལ་བ་མདའ་དང་དར་སྣས་གསོལ། །དཔའ་བསྐྱེད་པ་བདུད་རྩིའི་སྐྱེམས་ཀྱིས་བསྐྱེད། །ད་དགྲ་འདི་སོད་ལ་བགེགས་འདི་ཆོམས། །དགྲ་བླ་མཐུ་རྩལ་མ་ཞན་ཅིག །ཝེར་མ་ལས་ལ་མ་གཡེལ་ཞིག །དགྲ་བོ་སོད་ལ་དགྲ་མཁར་ཤིག །དགྲ་ནོར་ཕྲོག་ལ་དགྲ་སྟོབས་ཆོམས། །ཕོ་ལྷ་དགྱེས་པའི་དར་ཆེན་ཕྱོར། །དགྲ་བླ་དགའ་བའི་གད་རྒྱངས་སྒྲོགས། །བདག་ཅག་རྣལ་འབྱོར་


MR06_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་དང་བཅས། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཅེས་བྱས་ལ་དགྲ་མཁར་བཤིག་ནས་ཉལ་ཉོལ་ཏུ་བརྡུང་ལ། སྟེང་དུ་རྐང་པས་བྲོ་ཁྲབས་ཏེ། བསོ་བསོ། མ་སང་གེ་སར་ཝེར་མའི་དམག་གིས་དགྲ་བོ་མཱ་ར་ཡ་རྦད་རྦད། མི་ཁ་མཱ་ར་ཡ་གྲུབས། བསམ་ངན་མཱ་ར་ཡ་ཆིངས། སྦྱོར་ངན་མཱ་ར་ཡ་མནན། ཞེས་བྱས་ལ་དགྲ་ཕྱོགས་སུ་བོར། དེས་དགྲ་ཐད་དུ་ལངས་པ་དེ་དག་ཕྲལ་དུ་འཆིའམ་རང་གི་བསམས་པ་བཞིན་དུ་འཇོམས་པར་ཐེ་ཚོམ་མེད་དོ། །བཤད་བཤད་མི་དགོས་ལག་ཏུ་ལོངས། །ཟོབ་ཟོབ་མི་དགོས་ལག་ལེན་སླ། །ཡིན་ཡིན་མེད་པའི་རིག་པ་ལས། །མིན་མིན་མེད་པའི་ཚིག་འདི་རྡོལ། །རྟེན་འབྲེལ་ལ་མཁས་པའི་ཁྱད་ཆོས་ལགས་སོ། ༈ །ཕུད་མཆོད་ཕྱྭ་གཡང་སྤྲིན་ཆེན་ནི། བཟའ་བཏུང་དང་ཡོ་བྱད་སོགས་ཅི་ཡང་རུང་སྟེ། བྱིན་གྱིས་བརླབས་ནས་ཡིད་ཀྱིས་སེང་ཆེན་གཏེར་བདག་ཝེར་མའི་ཚོགས་ལ་འདི་ལྟར་མཆོད་པར་བྱའོ། །ཨོཾ་ཨཱཿཧཱུྃ། མདུན་གྱི་ནམ་མཁར་བདུད་རྩིའི་སྤྲིན་དཀར་དབུས། །ཕྱྭ་གཡང་བསམ་འཕེལ་ཡིད་བཞིན་ནོར་བུ་ནི། །གེ་སར་དགྲ་བླའི་རྒྱལ་པོ་ཆེན་པོ་ལ། །རྨ་རྒྱལ་ལ་སོགས་གཏེར་བདག་ཝེར་མས་བསྐོར། །བཟའ་བཏུང་འབྱོར་པ་མཁོ་རྒུའི་ཡོ་བྱད་ཚོགས། །ཡེ་ཤེས་བདུད་རྩི་འདོད་རྒུའི་འབྱུང་གནས་སུ། །བྱིན་གྱིས་བརླབས་པའི་མཆོད་པ་དམ་པ་འདི། །སྐྱེས་མཆོག་ནོར་བུ་འཁོར་དང་བཅས་ལ་འབུལ། །སྣང་སྲིད་མ་ལུས་སྒྲིབ་མེད་ས་ལེར་གཟིགས། །མཆོག་དམན་བར་མའི་འགྲོ་བ་ཀུན་ལ་བརྩེ། །འདོད་དོན་ཡིད་བཞིན་ནོར་བུའི་


MR06_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་སྩོལ་བ། །ཡིད་བཞིན་རེ་སྐོང་ཝེར་མའི་ཚོགས་ལ་བསྟོད། །ཐུགས་རྗེས་དགོངས་ཤིག་མཐུ་ལྡན་དགྲ་བླའི་རྗེས། །བསླུ་མེད་གཡུང་དྲུང་ནོར་བུའི་ཐུགས་ཀློང་ནས། །རྨ་གཡང་ཟས་ནོར་འདོད་རྒུའི་ཆར་ཆེན་པོས། །རེ་བའི་ཤིང་རྟ་ཡོངས་སུ་བཀང་བར་མཛོད། །ཅེས་ཇ་མཆོད་སོགས་ལ་སྦྱར་ཏེ་འདི་ཉིད་རང་གཞི་བྱེས་གར་འདུག་ཀྱང་ཟས་ནོར་རྙེད་པ་འབྱུང་བར་འདོད་ན་ཉིན་རེ་ཞིང་ངམ། དུས་དུས་སུ་བསྒྲགས་པས་ཚེ་དཔལ་འབྱོར་གཡང་གི་ནོར་བུ་རྣམ་བཞི་ལག་ཏུ་བཅིངས་ནས་དགོས་འདོད་ཡིད་བཞིན་འགྲུབ་པའི་རྟེན་འབྲེལ་ཡོད། རབ་ཚེས་ཆུ་སྤྲེལ་ཟླ་༡༢ཚེས་༡༤སྔ་དྲོ་ཕྲལ་ཤར་དྷཱི་མིང་པས་སོ་མངྒ་ལཾ།། ༈ །།དགྲ་འདུལ་ནོར་བུའི་སྙིང་ཏིག་བཞུགས། ཨཱ། ངོ་བོ་དཔལ་ལྡན་འཇམ་པའི་རྡོ་རྗེ་ཉིད། །རྣམ་པ་སྣང་སྲིད་དགྲ་བླའི་རྒྱལ་པོའི་ཚུལ། །སྔོན་ཚེ་རིག་འཛིན་པདྨ་འབྱུང་གནས་ཏེ། །ད་ལྟ་སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །མ་འོང་རིགས་ལྡན་དྲག་པོ་འཁོར་ལོ་ཅན། །བདག་དང་དབྱེར་མེད་སྙིང་གི་ལྷ་མཆོག་དང་། །ཟུང་འཇུག་རྡོ་རྗེ་དབྱངས་ཅན་དགྱེས་ཡུམ་བཞི། །དཔའ་རྟུལ་དྭངས་སྨན་དགྲ་བླ་ཝེར་མའི་དཔུང་། །བཀའ་འཁོར་སྣང་སྲིད་དྲེགས་པ་སྡེ་བརྒྱད་བཅས། །ཕྱི་ནང་གསང་བ་ཡེ་ཤེས་བདུད་རྩིའི་སྤྲིན། །ཐུགས་དམ་དགྱེས་སྐོང་མཆོག་གི་མཆོད་པ་འདིས། །གསོལ་ལོ་མཆོད་དོ་བསྐང་ངོ་མངའ་གསོལ་ལོ། །བསྟོད་དོ་བརྔན་ནོ་མཐུ་ལྡན་དགྲ་བླའི་དཔུང་། །ཐུགས་རྗེ་མཐུ་སྟོབས་ནུས་པའི་ཤུགས་


MR06_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་ལ། །རྣལ་འབྱོར་བདག་གི་ཚེ་དཔལ་བསོད་ནམས་དང་། །དགེ་མཚན་སྙན་གྲགས་རླུང་རྟ་མཆོག་ཏུ་སྐྱེད། །ཀླུང་འདི་སྲིད་པ་གསུམ་ན་འབྲུག་ལྟར་སྒྲོགས། །ཕ་རོལ་མི་མཐུན་ཕྱོགས་ཀུན་ཟིལ་གྱིས་གནོན། །སྲིད་པ་གསུམ་གྱི་གཙུག་ན་མཐོ་བ་ཡི། །ཕྱོགས་ལས་རྣམ་རྒྱལ་སྙན་པའི་བ་དན་ཕྱོར། །ཇི་བསམ་ཐོགས་མེད་ཡིད་བཞིན་གྲུབ་པ་ཡི། །རྫུ་འཕྲུལ་རྡོ་རྗེའི་རླུང་གི་ཤུགས་འཆང་བའི། །ཕྲིན་ལས་སྟོབས་ཀྱི་འཁོར་ལོའི་དབུས་སུ་བདག །བཀོད་ནས་དངོས་གྲུབ་གཉིས་ཀྱི་རྒྱལ་ཐབས་སྩོལ། །དགྲ་བླ་བཞད་པ་བརྒྱད་ལྡན་སྒྲས། །སྙིང་ལ་བསྐུལ་ནས་གང་སྨྲས་པ། །ཕྱོགས་ལས་རྣམ་རྒྱལ་འབྲུག་སྒྲ་ཡིན། །དྷཱི་ཡིག་བདེ་བའི་ཐིག་ལེར་འཁྱིལ། མངྒ་ལཾ།། ༈ །།དགྲ་བླ་ལུས་གཞུག་བཞུགས་སོ། །ཧཱུྃ་ཧྲཱིཿ རྩ་གསུམ་ཀུན་འདུས་གེ་སར་ཡིད་བཞིན་ནོར། །ཡེ་ཤེས་སྐུ་མཆོག་མཐོང་ན་དགའ་བའི་གཏེར། །བདག་སྙིང་པདྨའི་འོ་མཚོར་དགྱེས་རོལ་ནས། །ལུས་ལ་དགྲ་བླ་ཝེར་མའི་དཔའ་རྫོང་ཆོས། །མཐོང་བ་ཙམ་གྱིས་ཡིད་སྣང་དབང་མེད་དུ། །འཕྲོག་པའི་དགེ་མཚན་ས་གསུམ་འགྲན་མེད་དཔྱིད། །ངོ་མཚར་མིག་གི་བདུད་རྩིའི་སྣང་བ་འབུམ། །ཅིར་ཡང་གསལ་བའི་རོལ་རྩེད་ངོམས་པར་མཛོད། །བདེ་སྟོང་རྡོ་རྗེའི་གཟི་བྱིན་ཆེན་པོ་ཡིས། །རྨད་བྱུང་དགའ་བདེའི་དཔལ་ཡོན་བསྐྱེད་པ་དང་། །རྡོ་རྗེ་སེམས་དཔའི་ཚེ་དང་ལང་ཚོའི་དཔལ། །


MR06_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་འགྲུབ་བསྟན་འགྲོའི་ཕན་བདེ་སྤེལ་བྱེད་ཅིང་། །སྲིད་དང་ཞི་བའི་དྭངས་བཅུད་དབང་མེད་འགུག །ངོ་མཚར་སྙན་པས་འཇིག་རྟེན་ཀུན་ཏུ་ཁྱབ། །ཇི་ལྟར་བསམ་པ་ཡིད་བཞིན་ལྷུན་གྱིས་གྲུབ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཅེས་པའང་སེང་གེ་འགྱིང་བའི་སྤོར་བསེ་རུ་འོད་ལྡན་དཀར་པོས་སྤེལ་བ་མངྒ་ལཾ། གེ་སར་ནོར་བུའི་ཕྲིན་བཅོལ་རྡོ་རྗེའི་གད་རྒྱངས་བཞུགས་སོ། །ཧཱུྃ། རྩ་གསུམ་ཀུན་འདུས་སྐྱེས་མཆོག་དགྲ་བླའི་རྗེ། །ཡིད་བཞིན་ནོར་བུ་སེང་ཆེན་དགྲ་འདུལ་རྩལ། །སྙིང་གི་པདྨོར་ཁྱེད་གཅིག་རྟག་བརྟེན་ནས། །དད་པ་འགྱུར་བ་མེད་པས་ཁྱོད་བསྙེན་ཅིང་། ༡། དམ་ཚིག་རྣམ་པར་དག་པས་ཁྱོད་བསྟེན་ལ། །གཉིས་མེད་ཡེ་ཤེས་ཆེན་པོར་ཁྱོད་སྒྲུབ་བོ། །བྱང་ཆུབ་བར་དུ་སྲུང་སྐྱོབ་གཡེལ་མེད་པར། །ཡེ་ཤེས་སྤྱན་གྱིས་གཟིགས་ལ་མཐུ་སྐྱེད་ཅིག༢། དང་པོའི་ལས་ཅན་སྒྲིབ་པས་མནར་བ་བདག །ནོངས་པ་གང་མཆིས་ཁྱེད་ལ་སྙིང་ནས་བཤགས། །མཐུ་དཔུང་ཁྱེད་བརྟེན་རྒྱལ་མཚན་ཁྱེད་ཕྱར་506ཞིང་། །གཏན་དུ་མི་བསླུའི་བློ་གཏད་ཁྱོད་ལ་འཆའ། ༣། སྙིགས་དུས་ཕྱི་ནང་ཉེས་པ་དུ་མས་མནར། །སུ་ལའང་ཡིད་བརྟན་རུང་བ་མེད་མཐོང་ནས། །བུ་ཆུང་མ་ལ་གདུང་བཞིན་ཁྱེད་དྲན་ན། །དུས་གསུམ་ཕ་ལྟར་མགོན་མཛད་ཁྱེད་ཉིད་ཀྱིས། ༤། སྲིད་གསུམ་དགྲ་རུ་ལངས་ཀྱང་བདག་གཅིག་ལ། །ཕྱོགས་ལས་རྣམ་རྒྱལ་སྙན་པའི་བ་དན་སྩོལ། །དཔལ་འབྱོར་དཔག་བསམ་བུམ་


MR06_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ནོར་བུའི་གཏེར། །ལག་པའི་མཐིལ་ན་གནས་པ་ཉིད་དུ་མཛོད། ༥། རྐང་གཉིས་རྣམས་ལས་འཁོར་ལོས་སྒྱུར་བ་དང་། །རྐང་བཞི་རྣམས་ལས་གདོང་ལྔའི་དབང་པོ་ལྟར། །མངོན་འཕགས་ངོ་མཚར་ཉི་མ་ཆེན་པོ་ཡིས། །འགྲན་འདོད་ཟླ་བ་སྐར་མའི་ཚོགས་ནོན་ཅིག༦། མཁའ་ཁྱབ་ཕན་བདེའི་དཔལ་དུ་རྟག་གྱུར་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་བདག་སྒྲུབ་ཀྱི། །སྲས་བཅས་རྒྱལ་བའི་ཕྲིན་ལས་དཔའ་བོ་ཡིས། །བདག་གི་ཡིད་ལ་རེ་བ་ཡོངས་རྫོགས་མཛོད། ༧། ཡིད་ལ་གང་དང་གང་བསམ་ཐོགས་མེད་དུ། །བཞད་པའི་གད་རྒྱངས་བཅས་ཏེ་ངོ་མཐོར་སྒྲུབས། །རང་བྱུང་ཡེ་ཤེས་མཁའ་མཉམ་ནོར་བུའི་སྐུ། །འཇམ་དཔལ་དཔལ་དང་ལྡན་པར་བདག་གྲུབ་མཛོད། ༨། མེ་སྤྲེལ་ཟླ་༤ཚེས་༨ལ་འཆི་མེད་མཆོག་གྲུབ་གླིང་དུ་འཇམ་དཔལ་རྡོ་རྗེས་བཀོད་པ་མངྒ་ལཾ།། ༈ །།།།ལིང་ཚེ་དགུ་བའི་དབུས་སེར་པོ་ལ་གེ་སར་རྐྱ་མི་རིས། མཚམས་བཞིར། སྟེང་དུ་ཁྱུང་འབྲུག །ཞབས་སུ་སྟག་སེང་གཉིས། ཕྱོགས་བཞིར་དཀར་དམར་ལྗང་སྔོ་བཞིའི་བ་དན་བཞི། སྟེང་གི་བ་དན་དཀར་པོའི་དྲུང་རྡོ་རྗེ་རྩེ་ལྔ། གཡས་གཡོན་ཉི་ཟླ་སྐར་གསུམ། རྡོ་རྗེ་རྩེ་ལྔ། གཡས་གཡོན། སེང་གེ་ཁྱུང་སྡེབ། ཆུ་སྲིན་དུང་སྡེབ། ཉ་ཆེན་སྲམ་སྡེབ་གསུམ། ལྗང་མཐའི་ཁ་སྐུད་དབང་མདོག་དམར། དར་ལྕེ་ཉིས་སྦྲགས་དར་གྱི་ཕྱེད་སླེབས། སྟེང་ནས་མར་དཀར་སེར་དམར་ལྗང་བཞི་ལ། སྟེང་འོག་གཉིས་ཀར། རྩེ་ནས་འཕྲེད། རླུང་རྟའི་སྔགས།


MR06_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འདུས་སརྦ་འདུ་འདུ་ཧོ། ཞེས་དང་། མདོག་བཞིན་ཞི་སོགས། ཤམ་བུ་བཞི་སྦྱར། སེར་པོའི་ཀུད་པའི་ཀླད་ལ་མཛོད་སྤུ་ནོར་བུའི་གཟུངས། ལྗང་ཀུའི་སྟེང་དུ་བཛྲ་གུ་རུ། པདྨ་ཙིནྟ་མ་ཎི་སོགས་རིགས་གསུམ། མ་མགོན་སོགས་སྡེ་བརྒྱད་གེ་སར་སྔགས། ལས་རླུང་སྲིད་པའི་བ་དན་འདི་མཆོག་གསུམ་རྩ་གསུམ་ཆོས་སྐྱོང་བཅས་དང་། ཨོ་རྒྱན་པདྨ་དང་། གེ་སར་ནོར་བུ་དགྲ་འདུལ་ཕྱག་ཏུ་གཏད་པས་དམུ་ཐག་དྲོངས་ཤིག་ཅེས་བྲི། ལྗང་གུའི་དར་ལྕེ་ངོས། གེ་སར་གསོལ་འདེབས། ཨེ་མ་ཧོ། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཨོ་རྒྱན་རང་བྱུང་པདྨ་རྒྱལ་པོ་ནི། །དགྲ་བླའི་སྐུར་བཞེངས་འཛམ་གླིང་རྒྱན་མཆོག་རྩལ། །སེང་ཆེན་གེ་སར་རྒྱལ་པོ་སྙིང་ནས་དྲན། །དངོས་གྲུབ་ཀུན་གྱི་བདག་ཉིད་རིན་པོ་ཆེ། །བདེ་བ་ཆེན་པོ་རྟག་ཁྱབ་ཐུགས་རྗེའི་དཔལ། །ནོར་བུ་དགྲ་འདུལ་བོད་ཀྱི་ལྷ་གཅིག་པུ། །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱལ་བསྟན་སྲུང་ཕྱིར་དགྲ་བླའི་རྒྱལ་པོའི་ཚུལ། །རྣམ་བཞིའི་འདུལ་བ་མཆོག་གི་རོལ་རྩེད་ངོམས། །


MR06_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པའི་གསང་ཡུམ་བདེ་སྟོང་རོལ་མོར་སྦྱོར། །མཐར་བཞིའི་བདུད་སྲིན་འགལ་རྐྱེན་དབྱིངས་སུ་བསྒྲལ། །རྟག་ཏུ་འགྲོ་ལ་རང་སེམས་ཆོས་སྐུར་སྟོན། །ཕན་བདེ་འཛད་མེད་ནོར་བུའི་གཏེར་སྒོ་འབྱེད། །དྲན་པས་འདོད་འབྱུང་ཟག་མེད་ཚེ་ཡི་ལྷ། །ཡིད་བཞིན་ནོར་བུ་ཁྱེད་ལ་གསོལ་བ་འདེབས། །དཔའ་བོ་ཆེན་པོ་བདུད་དཔུང་དགྲ་འདུལ་བ། །དྲན་པ་ཙམ་གྱིས་འགལ་བྱེད་ཆོམ་ལ་འབེབ། །ཟིལ་གནོན་རྡོ་རྗེའི་མཐུ་ལྡན་དཔལ་ཆེན་པོ། །རིག་འཛིན་དྲག་པོ་རྩལ་ལ་གསོལ་བ་འདེབས། །དྲེགས་པ་སྡེ་བརྒྱད་གདུག་པའི་སྲོག་གི་བདག །མཁའ་འགྲོ་ཆོས་སྐྱོང་སྣང་སྲིད་དབང་བསྒྱུར་རྗེ། །འདི་ཕྱིའི་རེ་ལྟོས་བསླུ་བ་མེད་པའི་སྐྱབས། །བདེ་མཆོག་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་ཡེ་ཤེས་རྡོ་རྗེའི་སྐུ། །དུས་གསུམ་རྒྱལ་བའི་ཕྲིན་ལས་ཕོ་ཉ་བ། །ཡིད་བཞིན་ཐོགས་མེད་རྡོ་རྗེའི་དཔའ་བོ་ཆེ། །སྐྱེས་མཆོག་དོན་ཀུན་གྲུབ་ལ་གསོལ་བ་འདེབས། །བསམ་འགྲུབ་བདེ་མཆོག་ནོར་བུའི་ཕོ་བྲང་དུ། །རྩ་གསུམ་ཕྱག་རྒྱའི་ཡེ་ཤེས་ཟུང་འཇུག་སྐུའི། །གདོད་ནས་འདུ་འབྲལ་མེད་པའི་རྒྱལ་ཁྲིམས་ལ། །ཡིད་ཅན་མཐའ་དག་འུབ་ཆུབ་འབྱུང་བར་མཛོད། །མཆོག་གསུམ་རྩ་གསུམ་ཀུན་འདུས་མཚུངས་མེད་རྗེ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །འབྲལ་མེད་


MR06_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གི་ཐིག་ལེར་རོ་གཅིག་ངང་། །བྱིན་གྱིས་རློབས་ཤིག་ཡེ་ཤེས་ཐུགས་ཀྱིས་དགོངས། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །བསམ་དོན་མ་ལུས་ཡིད་བཞིན་ལྷུན་གྲུབ་ནས། །བྱང་ཆུབ་བར་དུ་སྲུང་སྐྱོབ་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ཞེས་དང་། རྣམ་བཅུད་དབང་ལྡན་བྲི། ཞབས་སུ་རྟེན་སྙིང་། ཆོས་ཀུན་རྣམ་དག་རྡོ་རྗེ་རྣོན་སོགས། རླུང་རྟ་བསྐྱེད་པའི་འདོད་གསོལ་བྲིས་ཀྱང་རུང་། གཡོན་ཕྱོགས། མི་རྗེས་དུང་རྡོ་རྗེ་རྟ་རྗེས་པདྨ་སོགས་བྲིས་ན་བཟང་། ནང་རས་དཀར་པོ་སྤྲད། གེ་སར་སྐུ་ཐད། ནང་རས་ལ། ཤེས་རབ་རལ་གྲི་སོགས་ཚིགས་བཅད་གཅིག་བྲིས། མདུན་གྱི་ལུང་ནི་དྲས་དྲུབ་ཐོག་མཐའ་ལྗང་དམར་བྱས་འདུག་ཀྱང་ཅི་བྱས་རུང་སྙམ། དེའི་རྩེར་རྒྱལ་མཚན་ནོར་བུའི་ཏོག་ཅན་བྱ། ཆུ་སྟག་ཟླ་༧ཚེས་༡༡དྷཱིས་བྲིས། ༈ གེ་སར་གསོལ་འདེབས་བཞུགས། ཧཻཿ རིགས་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་གི །ཐུགས་རྗེའི་འོད་ཟེར་འཛམ་གླིང་དཔལ་དུ་ཤར། །སྐྱེས་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་གུ་རུ་མ་ཎི་རཱ་ཛ་སིདྡྷི་ཧཱུཾཿ མེ་སྤྲེལ་ཟླ་༡༡ཚེས་༣མི་ཕམ་པས་སོ། ༈ ། ༈ གེ་སར་གསོལ་བསྡུས། ཧཱུྃ་ཧཱུྃ། དབྱིངས་ནས་ཐུགས་རྗེ་མ་གཡེལ་སེང་ཆེན་རྗེ། །རྩ་གསུམ་ཀུན་འདུས་ནོར་བུ་དགྲ་འདུལ་རྩལ། །ཆོས་སྐྱོང་དགྲ་བླ་ཝེར་མའི་འཁོར་དང་བཅས། །ཐུགས་རྗེ་


MR06_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་དབང་གིས་འདིར་གཤེགས་ལ། །དམ་རྫས་བདུད་རྩི་གཏོར་མའི་མཆོད་པ་བཞེས། །སྒྲུབ་པའི་རྟགས་མཚན་དངོས་སུ་བསྟན་པ་དང་། །རེ་བའི་འབྲས་བུ་ཡིད་བཞིན་འགྲུབ་པར་མཛོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །འདི་ནི་ཤིང་སྤྲེལ་ཟླ་༩ པའི་སྐོར་ཞིག་ཏུ་བྲིས། འདི་བཞིན་ནན་ཏན་བཅོལ་ཞིང་གསོལ་བཏབ་ན་མི་འགྲུབ་པ་གང་ཡང་མེད། བྱིན་རླབས་ཕྲིན་ལས་ཤིན་ཏུ་མྱུར་ཞིང་ཚན་ཆེའོ།། །།མངྒ་ལཾ།། ༈ །།།གེ་སར་ནོར་སྒྲུབ་མན་ངག །རང་འོད་ཕར་འཕྲོས་རྩི་ཐོག་དང་རྫིང་བུ་ལ་ཆར་བྲན་པ་ལྟར་རམ། མར་མེ་ལ་སྣུམ་བྲན་པ་ལྟར་དང་། མེ་ལོང་ལ་ཉི་འོད་ཕོག་པ། ཟླ་བ་སྤྲིན་དང་བྲལ་བ་ལྟར་མཁའ་ཁྱབ་སྣོད་བཅུད་ཀྱི་བཀྲག་མདངས་གོང་ནས་གོང་དུ་བརྒྱ་སྟོང་འགྱུར་དུ་སྤེལ་ཏེ་ཝེ་སྣུམ་བཀྲག་ཤིག་ཤིག་འོད་མེར་མེར་གྱུར་ཏེ་འབྲས་བུ་སྨིན་པ་ལྟར་བཅུད་ཀྱིས་མེར་རེ་ཁྲིག་གེ་གང་བར་བསམ་སྟེ། རང་གནས་སུ་མི་ཤོང་བ་ལྟ་བུར་བསམ། སླར་དེ་ནས་དངུལ་ཆུ་རྡུལ་ནས་བཀྲབ་པའི་ཚུལ་གྱིས་དེ་དག་གི་དྭངས་བཅུད་ཐམས་ཅད་ཚུར་ཁྱབ་ལེན་ལ་ལྕགས་ལྟར་སིབ་སིབ་འདུ་བར་བསམ་ལ། སྤྲོ་བསྡུ་དེ་འདྲ་ལན་མང་དུ་བྱ་སྟེ། ནོར་བུའི་སྤྲིན་ཆེན་ཞེས་བྱ་བའི་མན་ངག་གོ །ཡང་སྣོད་བཅུད་ཐམས་ཅད་ཕྱྭ་གཡང་འོད་ལྔ་འབར་བའི་ཏི་ལ་ཀ་ཆེན་པོ་གཅིག་ཏུ་བསམ་ལ། རང་འོད་ཀྱིས་མཁའ་ཁྱབ་ཀྱི་ཞིང་ཐམས་ཅད་དམར་སེར་ལམ་ལམ་དུ་བདེ་དྲོད་ཆི་ལི་གེ་


MR06_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ཞུ། དེ་དང་མཉམ་པར་བདག་གི་སྙན་གྲགས་ཀྱི་སྒྲ་གདངས་སྣོད་བཅུད་ཀུན་ལ་ཁྱབ་པར་རང་གྲགས་པ་སྟོང་གསུམ་པོ་མཁར་རྔ་བརྡུང་བ་ལྟར་འུར་འུར་ཏིང་ཏིང་གྱུར་ཅིང་རྔ་དང་འབྲུག་དང་སིལ་སྙན་ལ་སོགས་པ་ལྟར་སྒྲ་སྣ་ཚོགས་ཆིལ་ཆིལ་དུ་གྱུར་ཏེ་སྣོད་ཀུན་ནས་ཤིག་ཤིག་ཡོམ་ཡོམ་དུ་གཡོས། བཅུད་ཀྱི་འགྲོ་བ་ལུས་སེམས་ཡོད་ཚད་ཐམས་ཅད་བདག་གི་ཡོན་ཏན་ལ་ཕྱོགས་པའི་དགའ་བདེས་ཁྱབ་ཅིང་སྨྱོན་པ་ཆང་གིས་མྱོས་པ་ལྟར་འུར་ལངས་ཏེ་གར་བྱེད་ཅིང་ཐམས་ཅད་བདག་གི་དབང་དུ་འདུ་བར་བསམ་ལ། བདེ་བ་གཏིང་ཁོལ་ཁམས་གསུམ་ཡིད་འཕྲོག་པའི་མན་ངག་གོ །དེ་ལན་མང་དུ་བྱ། མཐར་སྣོད་བཅུད་ཐམས་ཅད་ཞུ་བས་འཇའ་འོད་དང་བཀྲག་ཐམས་ཅད། བདག་དང་སྒྲུབ་རྫས་ལ་ཐིམ། དེ་ཡང་སྙིང་ག་མི་ཤིག་པའི་ཐིག་ལེ་ལ་སིབ་ཀྱིས་འདུས་པས། ཕྱིར་འཕོ་བ་དང་ཉམས་པའི་གོ་སྐབས་ནམ་ཡང་མེད་པར་གཞོམ་མེད་རྡོ་རྗེ་གསང་བའི་དེ་ཁོ་ཉིད་ཀྱི་རིག་སྟོང་གཉུག་མ་ཆེན་པོར་མཉམ་པར་བཞག་པ་ནི་མི་ཤིགས་རྒྱས་གདབ་རྡོ་རྗེ་རྒྱ་མདུད་ཀྱི་མན་ངག་གོ །འདི་གེ་སར་ནོར་སྒྲུབ་ཀྱི་མན་ངག་ཟབ་མོ་མཐར་ཐུག་ཌཱཀྐིའི་སྙིང་ཁྲག་དྭངས་མ་ཨི་ཐི་རྒྱ། ༈ གེ་སར་སྲོག་གི་འཁོར་ལོ། ལྟེ་བར་ཧཱུྃ་མཐར་བཛྲ་གུ་རུའི་མཐར། སེང་ཆེན་ནོར་བུ་དགྲ་འདུལ་དགྲ་བླ་ཝེར་མའི་འཁོར་དང་བཅས་པ། བརྒྱུད་གསུམ་བླ་མའི་།


MR06_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་དང་དམ་ཚིག་ལས་མ་འདའ་བར་རྟེན་འདིར་བཞུགས་ལ་བདག་སྒྲུབ་པ་པོ་ལ་ཇི་ལྟར་འདོད་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། དེ་རྒྱབ་རྩིབས་བཅུ་ལ། ཨོཾ་མ་ཧཱ་སིང་ཧ་མ་ཎི་རཱ་ཛ་ཧཱུཾ་བྲི། དེ་རྒྱབ་མུ་ཁྱུད་ལ། སྔགས་བཅུ་པའི་ཧཱུཾ་གི་གོང་དུ། ཧ་ཧཱ་ཧི་ཧཱི་ཧེ་ཧཻ་ཧོ་ཧཽ་སརྦ་སིདྡྷི་ཧཱུཾ་ཨཱཿརྒྱབ་ཀྱི་མུ་ཁྱུད་ལ་དབྱངས་གསལ་རྟེན་སྙིང་སུ་པྲ་ཏིཥྛ་བྲི། དེ་རྒྱབ་རྡོ་ར་མེ་རི་བྲི། བདུད་རྩི་ཆོས་སྨན་དང་དྲི་བཟང་པོ་བྱུགས། རང་བྱུང་གི་ཤེལ་ལ་ཧཱུཾ་བྲིས། དེ་མཉམ་དར་སྣས་གྲིལ་ཏེ་ལུས་ལ་འཆང་བས་ལུས་དང་གྲིབ་བཞིན་འགྲོགས་པར་འགྱུར་རོ། །མི་ཕམ་པའི་ཡིད་ལས་སོ། ༈ །གསང་བ་ལྷ་མོ་སྒྲུབ་པ་ནི། རང་སེང་ཆེན་གྱི་འོད་ཀྱིས་མདུན་དུ་ཌཱ་ཀིའི་གཙོ་མོ། །རྒོད་ཆུང་དཀར་མོ་ཕྱག་གཉིས་གཡས་ཉི་ཟེར་ཞགས་པ་དང་གཡོན་བུམ་པ་བསྣམས་པ་བྱ་རྒོད་ཀྱི་ཐུལ་པ་ཅན། བྱ་རྒོད་དཀར་མོ་ལ་ཞོན་པ། འཁོར་མཁའ་འགྲོ་འབུམ་གྱིས་སྐོར་བའི་ཐུགས་ཀར་ཟླ་སྟེང་མཾ་ལ། ཨོཾ་མ་མ་ཌཱ་ཀི་ནཱི་གྲི་དྷ་བ་ཀྵིཾ་ཤི་ཏ་ནཱི་ཧ་རི་ནི་ས་ཕེཾ་ཕེཾ་འདུ་འདུ་ཛ་ཛཿ ཧཱུཾ་ཧཱུཾ་ཨཱ་བེ་ཤ་ཨཱ་ཨཱཿཞེས་ཤ་ཆེན་དང་གུ་གུལ་སྦྱར་ལ་བསྲེག་སྟེ་བདུག་ཅིང་སྔགས་བཟླས་པས་སྐད་ཅིག་དེ་ཉིད་ལ་དངོས་སུ་འོང་། ཤ་ཆེན་དང་བ་ལིང་མཆོད་ལ་ཇི་ལྟར་འདོད་པའི་དམ་བཅོལ་ལོ་ས་མ་ཡ། དྷཱིས་སོ། །མངྒ་ལཾ། །


MR06_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

གེ་སར་རྒྱལ་པོའི་དབང་སྡུད་བཞུགས། རང་ཉིད་སེང་ཆེན་རྒྱལ་པོ་དམར་གསལ་བདེ་ཆགས་མཛེས་པའི་ཉམས་བརྒྱ་འབར་བ། ཕྱག་གཡས་ལྕགས་ཀྱུའི་ཕྱག་རྒྱ་དང་། གཡོན་མེ་ཏོག་པདྨའི་ཕྲེང་བ་དམར་པོ་འདྲེན་པ། དར་དམར་གྱི་བེར་དང་ལ་ཐོད་ཅན། ནོར་བུ་དང་མུ་ཏིག་དམར་པོ་ཨུ་པ་ལའི་ཕྲེང་བས་མཛེས་པ། ཞབས་ཕྱེད་སྐྱིལ་ཅན་འོད་དམར་པོའི་ཀློང་ན་དབང་མཛད་ཝེར་མ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་ཐུགས་ཀར་པདྨ་དམར་པོ་དང་ཉི་དཀྱིལ་ཧྲཱིཿདམར་པོའི་མཐར་སྔགས་ཀྱིས་སྐོར་བའི་འོད་ཀྱིས་དམིགས་བྱ་རང་དབང་མེད་པར་བཀུག་པར་བསམ་ལ། ཨོཾ་མ་ཧཱ་སིདྷ་མ་ཎི་རཱ་ཛ་པདྨ་ཧ་ས་བྲ་མོ་ད་པ་ར་ཧ་ན་ཧ་ན། ཆེ་གེ་མོ་ཨཱ་ཀརྴ་ཡ་པ་ཤཾ་ཀུ་རུ་ཛ་ཛཿཞེས་བཟླས་རྟགས་མྱུར་དུ་འོང་། ལན་ཚྭ་དམར་པོ་དང་གླང་སྣ་རྒུན་འབྲུམ་ཆང་བཞི་ལ་སྔགས་ཏེ་ཁོང་དུ་གཏོང་བའམ་རེག་པ་དང་། མེར་བསྲེག་པའི་དུ་བ་བདུག་པ་དང་དྲི་གཞན་དང་སྦྱར་ཏེ་རླུང་ལ་བསྐུར་བས་ཀྱང་ངེས་པར་དབང་དུ་འདུའོ། །ས་མ་ཡ། ས་སྐྱོང་ཟླ་༡༠ཚེས་༡༩་དགོང་མོར་བྲིས། ཀྱེ། ལྷ་ཀི་ཀི་ཀི་ལ་བསོ་བསོ་བསོ། །ཕོ་གེ་སར་རྒྱལ་པོ་དམག་གི་ལྷ། །དགྲ་རྒྱལ་ཁམས་གང་བའི་དུས་བྱུང་ཚེ། །ཐུགས་མ་གཡེལ་མ་གཡེལ་དགྲ་འདུལ་རྗེ། །མགོན་སུ་ལ་མི་རེ་ཁྱེད་ལ་རེ། །ཨ་ཙི་ཙི་དམག་གི་དཔུང་རེ་རྔམ། །ཨ་ལི་ལི་གཞོན་པའི་ཆས་རེ་བཟང་། །ཨ་ཡ་ཡ་མི་


MR06_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་རྩལ་རེ་ཆེ། །ཕོ་དཔལ་རྩ་ཅན་ཚོ་གཡས་ན་བཞུགས། །སྨན་མཛེས་མ་དྲི་ཞིམ་གྱི་ཞལ་བཟང་མ། །ཞལ་གང་ནས་བལྟས་ཀྱང་འཛུམ་པ་འདྲ། །སེམས་ཅི་ལ་བཏང་ཡང་ཁྱོད་ལ་འགྲོ། །མོ་མཛེས་སྡུག་ཅན་ཚོ་གཡོན་ན་བཞུགས། །སྟེང་ལྷ་ཡུལ་གྱི་སྤྲིན་དཀར་འོད་རེ་ཆེ། །བར་མི་ཡུལ་གྱི་རྡོ་ཁང་སྨུག་རེ་ཆགས། །འོག་ཀླུ་ཡུལ་གྱི་ན་བུན་ཐོལ་རེ་ལྡང་། །དམུ་ཐག་ལ་འགྱུས་ཏེ་འདི་རུ་ཕེབ། །གུང་སྐྱིད་པའི་གདན་ལ་རྒྱལ་པོ་བཞུགས། །ཡུལ་དཀར་པོའི་ལྷ་ལུང་འདི་ཉིད་དུ། །གནས་ནོར་རྫས་འཛོམ་པའི་བདག་པོ་དེ། །གླིང་གེ་སར་རྒྱལ་པོ་ཁྱེད་ཀྱིས་མཛོད། །བསང་བདུད་རྩིའི་སྤྲིན་དཔུང་ཐིབས་སེ་ཐིབ། །རྔ་རོལ་མོའི་དབྱངས་སྙན་འབྲུག་སྒྲ་འུར། །སྐྱེམས་དཀར་མངར་མཚོ་མོ་ཆི་ལི་ལི། །སྤོས་དྲི་བཟང་ངད་པ་སྤུངས་སེ་སྤུང་། །དར་བ་དན་གློགས་ལྟར་ཤིགས་སེ་ཤིག །སེམས་དད་པའི་བརྩེ་གདུང་དུངས་སེ་དུང་། །བུ་ཕ་ལ་མི་རེ་སུ་ལ་རེ། །སྨན་བུ་མོ་མ་ལ་ལོས་ཀྱང་རེ། །དུས་འདི་རུ་རྟགས་དང་མཚན་མ་སྟོན། །དགྲ་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐྱེ་བོ་ཐུལ། །གཉེན་ཕུ་དུང་ཅན་གྱི་སྐྱེ་བོ་སྐྱོངས། །ཞལ་འཆི་མེད་བདུད་རྩིའི་མཛུམ་མདངས་ངོམས། །དགུང་གསེས་རུམ་གྱི་ཨ་དཀར་འོད་པོ་ཆེ། །ཆེ་སྲིད་གསུམ་གྱི་སྤྱི་བོའི་གཙུག་ན་ལྡིང་། །ཆུང་འཇག་གདན་གྱི་སྟེང་ན་དགྱེས་ཚུལ་རྩེ། །ཐུགས་འོད་


MR06_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གྱི་ངང་ནས་བུ་ལ་གཟིགས། །ཡིད་མོས་གུས་ཀྱི་མཆོད་པ་བཞེས་སུ་གསོལ། །དུས་འདི་ནས་བྱང་ཆུབ་སྙིང་པོའི་བར། །མགོན་མི་འགྱུར་བདག་གི་དགྲ་བླ་མཛོད། །དཔལ་ཐུགས་ཡིད་དབྱེར་མེད་འདྲེས་པར་མཛོད། །ཨ་ལ་ལི་ལ་ལི་ལ་མོ་ལི། ཀྱེ། དགུང་སྟོང་ཆེན་གྱི་མཁའ་དབྱིངས་དྭངས་པ་ལ། །བྱམས་སྙིང་རྗེའི་རང་བཞིན་རྩ་གསུམ་ལྷ། །ཕ་སེང་ཆེན་དཔའ་བོའི་དམག་དཔུང་དུ། །བྱིན་ཐིབས་སེ་བྱོན་ལ་མགོན་སྐྱབས་མཛོད། །ལྷ་ཤིང་བསང་གི་མཆོད་པ་འདིས། །ཡར་མཆོད་སྐྱབས་གནས་དཀོན་མཆོག་གསུམ། །རྗེ་བླ་མ་ཡི་དམ་མཁའ་འགྲོ་བསང་། །སྐུ་རྗེ་འཛམ་གླིང་གེ་སར་ཁོང་། །དུས་ད་ལྟ་དགྲ་འདུལ་དམག་དཔོན་ཚུལ། །དབུ་དར་འཕྲུ་དགུང་དུ་ལམ་སེ་ལམ། །ཆོས་སྐྱོང་སྲུང་མའི་ཟི་ར་ཁོལ། །དར་འཕྲུ་རྐན་སྒྲ་ཐགས་སེ་ཐག །མ་མཁའ་འགྲོའི་གར་སྟབས་ཁྲིགས་སེ་ཁྲིག །དབུ་རྨོག་དཀར་འོད་ཟེར་ལམས་སེ་ལམ། །དགྲ་བླའི་ཁ་ཕོ་ཐམས་སེ་ཐམ། །ཁྲབ་འབུམ་མེའི་རྒྱུན་ཐག་སྤུངས་སེ་སྤུང་། །ཝེར་མའི་དམག་དཔུང་ཁྲིགས་སེ་ཁྲིག །སྐེད་མདོ་དྲུག་འཁོར་གསུམ་ཤ་ར་ར། །ཁྲག་འཐུང་བཤུད་སྒྲ་ཉི་ལི་ལི། །རྟ་འདོ་བའི་རྒྱུག་མདུར་ཤ་ར་ར། །བཀའ་སྡོད་ཀྱི་བྲོ་གར་ཤིགས་སེ་ཤིག །དཔའ་དགྲ་བླ་བྱས་ན་གེ་སར་ཡིན། །ཝེར་མ་


MR06_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཀྱང་གེ་སར་ཡིན། །ཕྱི་མའི་བླ་མ་གེ་སར་ཡིན། །འདི་གང་དཔོན་པོ་གེ་སར་ཡིན། །ཕྱི་དམག་དཔོན་ནོར་བུ་དགྲ་འདུལ་རྩལ། །ནང་ཡི་དམ་ཐུགས་རྗེ་ཆེན་པོ་ཡིན། །ཐུགས་མི་འགྱུར་པདྨ་འབྱུང་གནས་རྗེ། །ལྷ་མཆོད་དོ་བསྟོད་དོ་ཐུགས་དམ་བསྐང་། །བུ་དམ་ཚིག་འགྱུར་མེད་བདག་ཅག་ལ། །དེ་རིང་སྐྱབས་མགོན་སྡོང་གྲོགས་མཛོད། །ངའི་བསམ་པ་ཆོས་བཞིན་འགྲུབ་པར་མཛོད། །དེ་རིང་ཉི་མ་མདུང་གང་ལ། །སྨོན་པའི་འབྲས་བུ་འབྱིན་པར་མཛོད། །སྡང་དགྲ་བོའི་གློ་སྙིང་ལོན་པ་དང་། །རྒྱལ་ཁ་བཟང་རྒུ་ཐོབ་པར་མཛོད། །ཐུགས་མ་གཡེལ་མ་གཡེལ་འཛམ་གླིང་དཔོན། །ཨ་ལ་ལ་ཆ་ཆ་ཧེ་ཧེ་ཧོ། །འདོ་བ་རྐྱང་རྒོད་སེར་པོ་དེ། །ཕྱི་ནི་བྱོལ་སོང་རྟ་ཡི་ཚུལ། །ནང་ན་སངས་རྒྱས་དགོངས་པ་འཆར། །རྟ་མགྲིན་དབང་གི་སྤྲུལ་པ་རེད། །མཛེས་འདོད་འཇའ་ཚོན་ཀྱི་ལི་ལི། །ཟེར་མ་རླུང་གི་བང་གི་མཛོད། །འདབ་ཆགས་བྱ་ཡི་གཤོག་རྩལ་ཚང་། །སེང་གེ་དཀར་མོའི་དཔའ་རྩལ་ལྡན། །རྡོ་རྗེའི་ཟེ་རྔོག་གཡས་གཡོན་ན། །དགྲ་བླ་དུང་ཁྱུང་དཀར་པོ་འཁོར། །རྣ་རྩེ་རྒོད་ཀྱི་ཐིག་ཕྲན་ལ། །གསལ་བྱེད་སྒྲོན་མེའི་སོ་པ་འཁོར། །དཔུང་པ་རླུང་གི་འཁོར་ལོ་ལ། །ཚེ་ལ་དབང་བའི་དགྲ་བླ་འཁོར། །འདོ་བ་རྟ་ཡི་རྨིག་བཞི་ལ། །མགྱོགས་པ་རླུང་གི་དགྲ་བླ་འཁོར། །སྤུ་རྩེ་རེ་ལ་ལྷ་རེ་བཞུགས། །


MR06_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ང་ལ་མི་མགོན་སུ་ལ་མགོན། །བསང་དཔའ་སྐྱེམས་བཞེས་ལ་མགྱོགས་རྩལ་སྤུར། །གནས་གང་འདོད་རྫུ་འཕྲུལ་ཁ་ལོ་སྒྱུར། །མི་བདག་གི་འདོད་དོན་ཁྱོད་ཀྱིས་སྒྲུབས། །ཕྲིན་ལས་རླུང་རྟ་དར་བར་མཛོད། །རྟ་ཕུ་ཕུ་བསོ་བསོ་ཆ་ཆ་སྤུར། །སེང་ཆེན་གྱི་ཕྲིན་ལས་ཁ་བསྒྱུར་བློན། །ཉག་ཕྲན་ཁ་ལོ་སྒྱུར་བའི་མི། །དགུང་ལ་གཡུ་འབྲུག་གྲགས་པའི་མི། །ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ། །རྡོ་རྗེའི་ཐོག་རྒོད་ལན་མེད་རྩལ། །དམག་དཔོན་འདན་མ་སྤྱང་ཁྲ་ནི། །མདོ་བ་དངུལ་ཕྲུག་ལྡེམ་པ་ཞོན། །གཡས་ན་མདའ་གསོར་སི་ལི་ལི། །གཡོན་ན་གཞུ་སྐོར་གྱི་ལི་ལི། །རྡོ་རྗེའི་གར་སྟབས་ཁྲིགས་སེ་ཁྲིག །ཝེར་མའི་དམག་དཔུང་ཐིབས་སེ་ཐིབ། །སྡང་དགྲ་བོའི་སྲོག་ལ་གཏིང་ནས་རྔམ། །བུ་དམ་ཚིག་ཅན་ལ་ཞི་ནས་བཙའ། །གཞི་ལ་ཚེ་རིང་འདན་མ་མཆོད། །བྱེས་ལ་ལམ་ཡག་འདན་མ་མཆོད། །ཚོང་ལ་དོན་གྲུབ་འདན་མ་མཆོད། །རྩོད་ལ་ཇག་ཡག་འདན་མ་མཆོད། །ཀུན་ལ་བཀྲ་ཤིས་འདན་མ་མཆོད། །ཅི་བསམ་འགྲུབ་པའི་འདན་མ་མཆོད། །བུ་གདུང་ཤུགས་ཅན་ལ་ཤ་ཚ་མཛོད། །སྡང་དགྲ་བོའི་གློ་སྙིང་ལྕགས་མདས་ཕུག །སྙིང་ཁྲག་ཝེར་མའི་སྐྱེམ་སྐལ་མཆོད། །གསོལ་ལོ་མཆོད་དོ་སེང་ཆེན་རྒྱལ། །གསོལ་ལོ་མཆོད་དོ་འདན་མ་བློན། །རྒྱལ་བློན་རུ་དར་མཉམ་དུ་སྒྲིགས། །ལྡང་བའི་དགྲ་ལ་མཐུ་མ་


MR06_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་། །གནོད་པའི་བགེགས་ལ་རྩལ་མ་ཞན། །གསོལ་ལོ་མཆོད་དོ་དཔའ་རྟུལ་སྡེ། །གསོལ་ལོ་མཆོད་དོ་ཝེར་མའི་དཔུང་། །གསོལ་ལོ་མཆོད་དོ་དྲེགས་པའི་ཚོགས། །མ་གཡེལ་མ་གཡེལ་ཕྲིན་ལས་མཛོད། །དགྲ་ནག་པོ་ས་འོག་མགོ་མཇུག་སྒྱུར། །གཉེན་དཀར་པོའི་ངོ་འཕང་དགུང་ལ་བསྟོད། །ཀླུང་སྙན་གྲགས་རྒྱལ་ཁམས་འབྲུག་བཞིན་སྒྲོགས། །ཕྱོགས་ཀུན་ལས་རྒྱལ་བའི་རྒྱལ་མཚན་ཕྱོར། །དགྲ་བླའི་བ་དན་ཕྱར་རེ་རན། །ཝེར་མའི་དུང་སྒྲ་སྒྲོགས་རེ་རན། །མ་གཡེལ་མ་གཡེལ་དཔའ་བོ་གླིང་། །དུས་ད་ལྟ་ཉིད་དུ་རྟགས་མཚན་སྟོན། །ཇི་བསམ་པ་ཡིད་བཞིན་གྲུབ་པ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །ཨེ་ཨ་ཏི་མི་བུ་ལྷ་རྒྱལ་ལོ། །སྙིང་ལ་ཟབ་རྒྱས་བློ་མཆོག་ནོར་བུའི་གཏེར། །མང་མཆིས་མགྲིན་པ་འོ་མའི་རྒྱ་མཚོ་ན། །སྙན་ངག་ཀུ་མུད་མཛེས་པའི་ཚལ་བཀྲ་ཡང་། །འགྲིག་འགྲིག་སྙན་སྙན་བློ་བཟོ་དུ་མ་ཡིས། །མ་སྤྲོས་ཝེར་མའི་དཔའ་གླུ་རིན་པོ་ཆེ། །བྱིན་རླབས་གཟི་བྱིན་སྟོང་དང་རབ་ལྡན་པ། །ཇི་བཞིན་འདི་ན་བཀོད་པ་རྡོ་རྗེའི་ཚིག །དགྲ་བླ་ཝེར་མ་དགྱེས་པའི་འབྲུག་སྒྲ་ཡིན། །ཞེས་མེ་གླང་ཟླ་བ་གསུམ་པའི་ཚེས་ཉེར་བཞི་ལ་སྣང་གསལ་གྱི་འོད་ལ་བརྟེན་ཏེ་འཕྲལ་བྲིས་མངྒ་ལཾ།། ༈ །།ཀྱེ། རང་སྣང་གནས་ཡུལ་དག་པའི་ཞིང་། །ནམ་མཁའ་མཐིང་གི་གུར་ཁྱིམ་ན། །མཁའ་སྤྱོད་


MR06_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ཀུན་སྨོན་གླིང་། །རྨ་གཡང་འཇའ་སྤྲིན་འཐིབ་པའི་ཀློང་། །བདེ་མཆོག་ནོར་བུའི་ཕོ་བྲང་ནས། །ཆེ་རྒུའི་གཙུག་ན་མངོན་མཐོ་བ། །སྣང་སྲིད་དྲེགས་པའི་སྲོག་གི་བདག །དགྲ་བླ་ཝེར་མའི་སྙིང་གི་བཅུད། །ཐོགས་མེད་སྣ་ཚོགས་ནོར་བུའི་ཚུལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་ལྷ། །དོན་གྲུབ་ཝེར་མ་དཀར་པོ་ལ། །བོད་ཡུལ་སེང་ཆེན་ནོར་བུ་ཞེས། །ཙི་ནས་བཀྭན་ལོ་ཡེན་དུ་འབོད། །ཞང་ཞུང་དགྲ་བླ་ཆེན་པོ་ལ། །འཁོར་ནི་ལྷ་དམག་བྱེ་བ་འབུམ། །མ་ལུས་འཁོར་དང་བཅས་པ་རྣམས། །ཀི་བསོ་ཆ་དང་ཧེ་ཡིས་འབོད། །དགྲ་བླ་དྲ་མ་ཆེ་དགུ་དང་། །མགོན་མཛད་དགྲ་བླ་བཅུ་གསུམ་དང་། །མཐུ་ཆེན་དགྲ་བླ་སྤུན་གསུམ་དང་། །མགྲོན་ཡག་དར་མ་བཅུ་གསུམ་སོགས། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཚུལ་འཛིན་དགྲ་བླ་ཝེར་མ་ཀུན། །ལ་ལ་ཁྱོད་ཀྱི་རྩལ་ལས་འཕྲོ། །ལ་ལ་ཁྱོད་ཀྱི་སྐུ་ལ་འདུ། །ཐམས་ཅད་ཁྱོད་ལ་བརྟེན་ལགས་ན། །ཁྱོད་ནི་དགྲ་བླའི་དཔའ་རྫོང་སྟེ། །དྲན་པས་མཐུ་སྟོབས་ནུས་པ་སྤེལ། །བདག་ཅག་རེ་ལྟོས་མི་འགྱུར་བའི། །དད་དང་དམ་ཚིག་དབང་གིས་ནི། །མཐུ་དཔུང་སྙན་པའི་རྒྱལ་མཚན་དང་། །གཏན་གྱི་གྲོགས་དང་ཡུན་གྱི་མགོན། །ཕོ་ལྷ་འཕྲག་ལྷ་དགྲ་བླ་རུ། །བསྟེན་ནོ་མཆོད་དོ་མཐུ་མ་ཆུང་། །མངའ་གསོལ་གཟེང་བསྟོད་ཐུགས་དམ་བསྐང་། །


MR06_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ཆང་གི་དཔའ་སྐྱེམས་འབུལ། །བ་དན་སྣ་ཚོགས་དཔའ་དར་འབུལ། །བསྟོད་དབྱངས་རོལ་མོའི་དཔའ་རྔམ་འབུལ། །བསང་དང་མཆོད་སྤྲིན་དཔའ་ནོར་འབུལ། །ཀྱེ། ནམ་མཁའི་ཁམས་སུ་རྒྱུ་ཙ་ན། །གཡུ་འབྲུག་སྔོན་མོ་རྟ་རུ་ཞོན། །གཟའ་དང་རྒྱུ་སྐར་རོལ་དུ་ཁྲིད། །ལྷོ་སྤྲིན་སྟུག་པོའི་གཡང་གཞི་འཆང་། །ཉི་མ་ཟླ་བའི་མིག་གིས་བལྟ། །ཁ་རླངས་ན་བུན་སྤྲིན་དུ་འཁྲིགས། །ང་རོ་འབྲུག་གི་གད་རྒྱངས་ཅན། །གཡས་ན་བ་དན་དཀར་པོ་དང་། །གཡོན་ན་གློག་གི་ཞགས་པ་འཛིན། །སྲིད་གསུམ་ཁྱབ་པའི་མཐུ་བོ་ཆེ། །དྲེགས་པ་སྡེ་བརྒྱད་བྲན་དུ་བཀོལ། །བསང་དང་བདུད་རྩིའི་སྐྱེམས་ལ་དགའ། །ཀི་ལ་འདུ་ཞིང་བསོ་ལ་དགྱེས། །སངས་རྒྱས་ཆོས་ཀྱི་དབུ་འཕང་བསྟོད། །ལས་ཅན་བསོད་ནམས་ལྡན་པ་ཡི། །སྙན་གྲགས་མཁའ་དང་མཉམ་པར་བྱེད། །མཆོད་དོ་ཨ་དཀར་ཝེར་མ་ནི། །ཀླུང་རྟ་སྙན་པའི་བ་དན་བདག །བདུད་འདུལ་ཝེར་མའི་རྒྱལ་པོ་ཆེ། །སྐྱེས་མཆོག་གེ་སར་ནོར་བུ་མཆོད། །མཆོད་དོ་བསྟོད་དོ་མཐུ་བོ་ཆེ། །མཐུ་རྩལ་ནུས་པའི་ཤུགས་ཕྱུངས་ལ། །དམ་ལྡན་རྣལ་འབྱོར་བདག་ཅག་གི །ཕོ་ལྷ་གཉན་པོ་ཁྱེད་ཀྱིས་མཛོད། །ཀླུང་གི་ཀ་བ་གནམ་དུ་སྒྲེངས། །ཚེ་ཡི་དམུ་ཐག་གྱེན་དུ་དྲོངས། །སྲིད་པ་གསུམ་གྱི་གཙུག་


MR06_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ན། །ཆེ་བཙན་འགྲན་ཟླ་མེད་པ་ཡི། །ངོ་མཚར་སྙན་པའི་འབྲུག་སྒྲ་སྒྲོགས། །སྣང་སྲིད་བྲན་དུ་འཁོལ་བར་མཛོད། །བསྭོ། བར་སྣང་ཁམས་སུ་རྒྱུ་བ་ན། །རྫུ་འཕྲུལ་རྐྱང་རྒོད་སེར་པོ་ཆིབས། །དགྲ་བླའི་སྐུ་ཆས་ཡོངས་སུ་རྫོགས། །སྟག་སེང་ཁྱུང་འབྲུག་རྔམ་རྔམ་གཡོ། །དྲེགས་པ་སྡེ་བརྒྱད་སྤྲིན་ལྟར་གཏིབ། །དགྲ་བླ་ཝེར་མ་གློག་ལྟར་འཁྱུག །གཡུལ་ལ་མགུ་ཞིང་དམག་ལ་དགྱེས། །ཕ་རོལ་དཔུང་འཇོམས་མཐུ་བོ་ཆེ། །མཆོད་དོ་ནོར་བུ་དགྲ་འདུལ་རྩལ། །སྐྱེས་བུ་སེང་ཆེན་རྒྱལ་པོ་མཆོད། །མཆོད་དོ་བསྟེན་ནོ་སྙིང་གི་ལྷ། །རིག་འཛིན་རྣལ་འབྱོར་བདག་ཅག་གི །འཕྲག་ལྷ་གཉན་པོ་ཁྱོད་ཀྱིས་མཛོད། །ཀླུང་རྟ་སྙན་པའི་བ་དན་ཕྱོར། །མི་མཐུན་དགྲ་དཔུང་ཆམ་ལ་ཕོབ། །མི་མཉམ་པ་དང་མཉམ་དུ་ཆུག །མཉམ་པ་རྣམས་ལས་ཁྱད་དུ་ཐོན། །བཟང་རྒུའི་རྒྱལ་ཁ་ཐོན་པ་དང་། །ཆེ་རྒུའི་མགོ་བོ་གནོན་པ་ཡིས། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཧེ། ས་གཞིའི་ཁྱོན་དུ་རྒྱུ་བའི་ཚེ། །འཇིག་བྱེད་བསྐལ་པའི་མེ་རླུང་འཁྲུགས། །ཕྱག་ན་ལྕགས་གཞུ་ལྕགས་མདའ་འགེངས། །བདུད་དགྲའི་སྲོག་གི་གནད་ལ་འདེབས། །ཆོས་སྐྱོང་སྡེ་བརྒྱད་བྲན་བཞིན་འདུ། །སྲིད་གསུམ་སྤྲུལ་པའི་དམག་གིས་གང་། །ཀུན་ཀྱང་མི་བཟད་ཁྲོ་གཏུམ་འབར། །ཀི་བསོ་ཆ་


MR06_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དི་རི་རི། །དགྲ་ཤ་ཟ་ཞིང་དགྲ་ཁྲག་འཐུང་། །ཤ་ལ་རྔམས་ཞིང་གསོད་ལ་ཧུར། །དམ་ཉམས་སྲོག་ལ་རྒྱུག་པའི་དཔུང་། །མཆོད་དོ་བསྟེན་ནོ་མཐུ་བོ་ཆེ། །དམ་ལྡན་བདག་གི་དགྲ་བླ་མཛོད། །ཕྱོགས་མཚམས་སྟེང་འོག་གང་ནས་ཀྱང་། །བདག་ལ་བསམ་སྦྱོར་ངན་པ་ཡི། །དགྲ་བགེགས་གང་འདུག་ཁྱོད་ཀྱིས་མཐོང་། །དེ་མ་ཐག་དུ་ཁུག་ལ་ཤོག །སྨྲ་བ་ངན་པའི་ལྕེ་ཆོད་ལ། །བསམ་ངན་འཆང་བའི་དོན་སྙིང་དྲོངས། །སྦྱོར་ངན་ཤོམས་པའི་ལག་པ་བྲོག །རྩུབ་མོར་ལྟ་བའི་མིག་ཕྱུངས་ལ། །བཞིན་ངན་སྟོན་པའི་མགོ་བོ་ཆོད། །གཤེ་ཞིང་འཕྱ་བའི་ཀླུང་རྟ་སྣུབ། །མདུན་གྲོས་ཤིག་ལ་བསམ་པ་སྒྱུར། །དགྲ་བགེགས་གཏན་ནས་བརླག་པར་མཛོད། །རིག་འཛིན་རྣལ་འབྱོར་བདག་ཅག་དང་། །ལུས་དང་གྲིབ་ལྟར་མི་འབྲལ་བར། །ལེགས་དང་སྤྲོད་ལ་ཉེས་དང་བསྣོལ། །མ་ཤེས་སློབ་ལ་མ་དྲན་སྐུལ། །འགྲན་འདོད་ཆམ་ལ་ཕབ་པ་ཡི། །ཟིལ་གནོན་རྡོ་རྗེའི་ཏོག་མཐོ་བ། །དབང་དྲག་རུ་དང་རྔམ་པ་ཡི། །མི་འགྱུར་ཀླུང་གི་ཀ་བ་ཚུགས། །སུམ་རྩེན་པདྨའི་དགའ་ཚལ་དང་། །མཁའ་སྤྱོད་རིག་འཛིན་གྲུབ་པའི་གྲོང་། །མི་དབང་ཆེ་རྒུའི་མདུན་ས་ནས། །སྟོབས་འབྱོར་ཕྱྭ་གཡང་བཅུད་བསྡུས་ལ། །བཀྲ་ཤིས་ནོར་བུའི་གཞལ་ཡས་ཁང་། །


MR06_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བླ་ཝེར་མའི་ཕོ་བྲང་འདིར། །སྟེང་ནས་ཆར་བཞིན་འབེབ་པ་དང་། །བར་ནས་སྤྲིན་བཞིན་གཏིབ་པ་དང་། །ས་གཞིར་ན་བུན་ལྟར་འཁྲིགས་ནས། །རྨ་གཡང་བཅུད་དུ་ཆགས་པར་མཛོད། །སྟེང་འོག་ཕྱོགས་མཚམས་གནས་པ་ཡི། །རྒྱལ་བློན་བཙུན་འབངས་བན་བོན་དང་། །སྐྱེས་བྲན་བུད་མེད་ལྷ་ཀླུ་མི། །སྣང་སྲིད་སྐྱེ་རྒུ་དབང་བསྡུས་ལ། །བདག་གི་བྲན་དུ་འཁོལ་བར་མཛོད། །མཁའ་དང་ས་གཞི་ཡངས་པའི་མཐར། །སྙན་གྲགས་དྲི་བསུང་མངར་བའི་སྤྲིན། །ཝེར་མའི་རླུང་གིས་རབ་བསྐྱོད་པས། །ཕྱོགས་རྣམས་མྱུར་དུ་ཁྱབ་པར་མཛོད། །རང་སེམས་ཐིག་ལེ་ཉག་གཅིག་དང་། །མཉམ་པ་ཉིད་གྱུར་དགྲ་བླའི་དཔུང་། །དོན་དམ་འབྲས་བུའི་ཧེ་རུ་ཀ། མངོན་གྱུར་འགྲོ་རྣམས་སྒྲོལ་བར་མཛོད། །ཞེས་ཤིང་ཕག་ཟླ་༩ཚེས་༦ལའོ། ༈ །རྟེན་མདའ་དར་སོགས་བཞག །མཆོད་པ་བསང་རྒྱས་པ་བྱ། ཚིག་མཚམས་སུ། སངས་རྒྱས་ཆོས་ཀྱི་དགྲ་བླ་དང་། །འཇིག་རྟེན་སྲིད་པའི་དགྲ་བླ་རྣམས། །དེ་རིང་རྟེན་ལ་བརྟན་པར་བཞུགས། །ཕོ་ལྷ་ཡོ་བ་དེ་རིང་འཆོས། །དམ་ཚིག་ཉམས་ཆགས་དེ་རིང་བཤགས། །ལྷ་ལ་ངོ་སོ་དེ་རིང་བསྟོད། །བདུད་ལས་རྒྱལ་ཁ་དེ་རིང་ལོངས། །ཕོ་ལྷ་མ་ཡོ་མ་འཁྱོམས་ཤིག །དགྲ་བླ་མ་འཁྲུགས་མ་འཁོན་ཞིག །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བྱང་ཆུབ་བར་དུ་སྲུང་སྐྱོབ་མཛོད། །


MR06_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་ཡེ་ཤེས་ཆེན་པོ་ནི། །དབྱེར་མེད་བསམ་དོན་ལྷུན་གྲུབ་མཛོད། །འདིས་ཕོ་ལྷ་ཡོ་བཅོས་ཀྱི་གོ་ཆོད། གཟའ་སྐར་ལེགས་པ་ལ་བྱ། མེ་སྤྲེལ་ཟླ་༤ཚེས་༢༥ལ་དྲན་པའོ། ༈ །ཡང་ཀླུང་རྟ་སྤེལ་ན། མདུན་དུ་གེ་སར་དགྲ་བླའི་རྒྱལ་པོའི་སྐུ་རྟེན་བཀྲམ་པའི་སྤྱན་སྔར། ཀླུང་རྟའི་བ་དན་ནམ་མཁར་དར་ཕྱར། ཕྱེ་མར་བསང་གསེར་སྐྱེམས་སོགས་ཇི་འབྱོར་བའི་མཆོད་པ་བཀོད་པས་མཛེས་པར་བཤམས་ལ། ཧཱུཾ། སྣང་སྟོང་རོལ་པ་ཆེན་པོ་ལས། །རིག་གསུམ་པདྨའི་སྒྱུ་འཕྲུལ་གར། །ནམ་མཁའི་མཐིང་གི་གུར་ཁྱིམ་ནས། །བདེ་མཆོག་ནོར་བུའི་ཕོ་བྲང་ན། །དགྲ་བླའི་རྒྱལ་པོ་མཐུ་བོ་ཆེ། །གེ་སར་ནོར་བུ་དགྲ་འདུལ་རྩལ། །བདུད་འདུལ་དགྲ་བླ་ཝེར་མ་དང་། །སྣང་སྲིད་དྲེགས་པ་སྡེ་བརྒྱད་བཅས། །དད་པ་དང་ནི་དམ་ཚིག་གིས། །མཆོད་ཅིང་ཐུགས་དམ་བསྐུལ་ལགས་ན། །ཀི་བསོ་ཆའོ་དགྲ་བླའི་དམག །འཇིགས་རུང་སེར་སྤྲིན་བཞིན་དུ་བསྐྱོད། །ཐུགས་དམ་མ་གཡེལ་ཝེར་མའི་དཔུང་། །མཆོད་དོ་བསྟོད་དོ་བཀུར་རོ་བཀྱགས། །དར་སྣ་བ་དན་གློག་ལྟར་གཡོ། །རྔ་དུང་རོལ་མོ་འབྲུག་ལྟར་སྒྲོགས། །སྣ་ཚོགས་མཆོད་པ་སྤྲིན་ལྟར་གཏིབས། །ཀུན་ཀྱང་དག་མཉམ་ཆེན་པོ་ཡི། །རང་བཞིན་ཡེ་ཤེས་བདུད་རྩི་འདིས། །དགྲ་བླ་ཝེར་མ་གསོལ་ཞིང་མཆོད། །མངའ་གསོལ་གཟེངས་བསྟོད་དཔའ་སྐྱེམས་འབུལ། །རྣལ་འབྱོར་བདག་གི་མཐུ་དཔུང་གི །རྒྱལ་མཚན་དགྲ་བླ་ཝེར་མ་


MR06_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཐུགས་དམ་ནུས་པའི་དཔུང་བསྐྱེད་ལ། །ཕྲིན་ལས་མངོན་སུམ་ཉིད་དུ་སྒྲུབས། །སྲིད་པ་གསུམ་གྱི་གཙུག་རོལ་ན། །ཆེ་བཙན་འགྲན་ཟླ་མེད་པ་ཡི། །ངོ་མཚར་སྙན་པའི་འབྲུག་སྒྲ་ཅན། །ཀླུང་གི་ཀ་བ་ཁྱོད་ཀྱིས་ཚུགས། །ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །རྒྱལ་མཚན་སྲིད་པའི་རྩེར་མཐོ་བ། །ཡིད་བཞིན་ནོར་བུའི་ཏོག་མཛེས་པའི། །མཆོག་འདི་བདག་གི་ལག་ཏུ་སྩོལ། །བསམ་སྦྱོར་ངན་པའི་དགྲ་དང་བགེགས། །བསྐལ་པའི་མེ་ཡིས་སྦྲང་བུ་བཞིན། །གཟི་བྱིན་ཟིལ་གྱིས་བརླག་ནུས་པའི། །མཐུ་སྟོབས་ནུས་པ་ཆེས་ཆེར་བསྐྱེད། །དགྲ་བླ་ཝེར་མའི་སྐུ་དཔུང་ཤུགས། །རྡོ་རྗེའི་མེ་རླུང་ལྟར་འབར་བ། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །མྱུར་དུ་བདག་ལ་འཇུག་པར་མཛོད། །ཕུན་ཚོགས་ལས་རླུང་གྲགས་པའི་རྟ་ཕོ་ལ། །ཞོན་ནས་སྲིད་པའི་མཐོ་གྲལ་སྙེགས་འདོད་ན། །སེང་ཆེན་རྡོ་རྗེ་རླུང་རྟའི་ཀ་འཛུག་ནི། །ཡིད་བཞིན་དབང་གི་རྒྱལ་པོ་ལག་ཏུ་ལོངས། །འདི་ལ་བརྟེན་པའི་དངོས་ཉམས་རྨི་ལམ་ལ། །བཀྲ་ཤིས་ཀླུང་གི་ཤུགས་འཕེལ་བརྡའ་དང་རྟགས། །རབ་དུ་གསལ་བར་མཐོང་བའི་མོད་ཉིད་ལ། །དགེ་མཚན་སྙན་པ་འབུམ་གྱི་རོལ་མོ་འཁྲོལ། ས་མ་ཡ། རབ་ཚེས་ཤིང་ཁྱི་ཟླ་༦ཚེས་༢༥ལ་བྲིས་པ་དགེ ༈ ཀྱེ། བདུད་རྩི་ཤིང་གི་དུད་པའི་སྤྲིན། །ཁ་དོག་དྲི་རོ་ནུས་པར་ལྡན། །ཡེ་ཤེས་བདུད་རྩིའི་རང་བཞིན་འདིས། །ཕུ་ཝེར་མཆེད་གསུམ་ལྕམ་དང་བཅས། ༡། རྣོ་མཐོང་ཕྱྭའུ་གཡང་དཀར་དང་། །གཡུ་དྲུང་གསས་ཆེན་སྡེ་ལྔ་སོགས། །མདུང་


MR06_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སུམ་བརྒྱ་དྲུག་ཅུའི་སྡེ། །གནམ་ས་བར་གྱི་ཝེར་མའི་དཔུང་། ༢། ཡེ་ཤེས་ལས་དང་འཇིག་རྟེན་གྱི། །མོ་ལྷ་ཤེས་བཞི་མཐོང་བརྒྱད་ལྷ། །ཐམས་ཅད་མ་ལུས་བསང་ཞིང་མཆོད། །གྲིབ་རྨུགས་མུན་པ་དབྱིངས་སུ་སངས། ༣། རྣོ་མཐོང་མཁྱེན་པའི་ཉི་མ་གསལ། །དུས་གསུམ་སྒྲིབ་མེད་མཐོང་བ་ཡི། །མངོན་ཤེས་འཕྲུལ་གྱི་དངོས་གྲུབ་སྩོལ། །གར་འགྲོ་གར་འདུག་དགྲ་བླ་མཛོད། ༤། བཀྲ་ཤིས་ལེགས་ལམ་སྣ་དྲོངས་ལ། །ཕུན་ཚོགས་བསམ་དགུ་འགྲུབ་པ་ཡི། །རྟེན་འབྲེལ་སྒྲིག་པའི་དགྲ་བླར་བཞུགས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་པ་གཡུང་དྲུང་སྡེ་ལྔའི་དཔལ་གསས་དབུ་དགུའི་ཞལ་རས་ངོམས་པའི་གནས་སུ་རྟེན་འབྲེལ་ཕྱྭ་གཤེན་གྱི་ལེགས་ལམ་ཡིད་བཞིན་འགྲིག་པའི་གནས་དུས་དགེ་བར། ཁྱིམ་བདག་སྐྱ་ལོའི་གཡང་སྤེལ་བའི་ཚེ་མི་ཕམ་པས་བྲིས་པ་དགེའོ། ༈ །།སེང་ཆེན་གེ་སར་ནོར་བུའི་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ་བཞུགས་སོ། །ཇ་ཆང་བ་ལིང་སོགས་བཤམས་ཤིང་བྱིན་གྱིས་བརླབས་ནས་འདི་སྐད་དོ། །ཧཱུྃ་ཧྲཱིཿ འཇིགས་རུང་སྲིན་པོའི་གྲོང་ཁྱེར་དཔལ་གྱི་རི། །སྐུ་གསུམ་རྒྱལ་བའི་ཞིང་ཁམས་པདྨ་འོད། །དམར་ནག་མེ་དཔུང་འཁྲུགས་པ་དྲག་པོའི་ཞིང་། །ནང་ལྟར་རྡོ་རྗེ་ལུས་ཀྱི་ཙིཏྟའི་གྲོང་། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཕོ་བྲང་ནས། །སྲིད་ཞི་མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །རབ་འབྱམས་རྒྱལ་བའི་སྤྱི་གཟུགས་


MR06_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྐྱེས་རྗེའི། །ཐུགས་རྗེའི་རྩལ་སྣང་སྒྱུ་མར་རོལ་པའི་གཟུགས། །རྣལ་འབྱོར་གྲུབ་པ་ཕོ་མོའི་ཚོགས་དང་བཅས། །མོས་ལྡན་བུ་ལ་བྱིན་གྱིས་བརླབ་པའི་ཕྱིར། །བརྟུལ་ཞུགས་རྡོ་རྗེའི་གར་གྱིས་མཁའ་ལམ་ནས། །བདུད་འདུལ་དགྲ་བླ་ཝེར་མའི་སྐུར་བཞེངས་ཏེ། །རིག་འཛིན་ཆེན་པོ་འཛམ་གླིང་རྒྱན་མཆོག་རྩལ། །ཤེས་རབ་རལ་གྲི་མདའ་གཞུའི་འཁྲུལ་འཁོར་གྱིས། །སྲིད་པའི་དགྲ་སྡེ་འཇོམས་པའི་མཐུ་བོ་ཆེ། །སྐྱེས་མཆོག་སེང་ཆེན་ནོར་བུ་སྐུ་འཁོར་དཔུང་། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀུན། །དཔའ་བོའི་ཀི་བསོ་ཆ་སྒྲ་འབྲུག་ལྟར་སྒྲོག །དགེ་མཚན་སྙན་པའི་བ་དན་མཁའ་ལ་ཕྱར། །རྡོ་རྗེའི་རྟ་མཆོག་བཞོན་པའི་བྲོ་གར་གྱིས། །བར་ཆད་དམ་སྲིའི་སྲོག་སྙིང་ཚལ་བར་འགེམ། །བྱིན་རླབས་སྤྲིན་འཁྲིགས་དངོས་གྲུབ་ཆར་རྒྱུན་འབེབས། །སྐལ་ལྡན་བདག་གིས་མཆོད་ཅིང་མངའ་གསོལ་ན། །ཐོགས་མེད་ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །བདུད་རྩི་དཔའ་སྐྱེམས་ཕུད་ཀྱི་མཆོད་པ་བཞེས། །བཅུད་ལྡན་ཡིད་བཞིན་གཏོར་མའི་མཆོད་པ་བཞེས། །ཁྲག་ཆང་མྱོས་བྱེད་ཨརྒྷཾ་མཆོད་པ་བཞེས། །འོད་གསལ་དྲི་ཞིམ་བསང་གི་མཆོད་པ་བཞེས། །དར་སྣ་བ་དན་རོལ་མོའི་མཆོད་པ་བཞེས། །བདེ་སྟོང་ཉམས་མྱོང་གསང་བའི་མཆོད་པ་བཞེས། །སྣང་སྲིད་གཞིར་བཞེངས་མདོས་ཀྱི་མཆོད་


MR06_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞེས། །ཐམས་ཅད་མཉམ་ཉིད་ཡེ་ཤེས་མཆོད་པ་བཞེས། །ཐུགས་རྗེས་དགོངས་ཤིག་སེང་ཆེན་རིན་པོ་ཆེ། །དམ་བཅའ་མ་གཡེལ་རིགས་གསུམ་སྤྲུལ་པའི་སྐུ། །དེང་ནས་བྱང་ཆུབ་བར་དུ་མི་འབྲལ་བར། །སྲུངས་སྐྱོབས་བྱིན་གྱིས་རློབས་ལ་ཕྲིན་ལས་བསྒྲུབ། །ཁྱོད་ནི་སྙིང་རྗེ་མཆོག་གི་རང་བཞིན་ཏེ། །ཐུགས་རྗེ་ཆེན་པོའི་མཚོན་ཆེན་རྣམ་པར་འཆང་། །བདུད་ཀྱི་དཔུང་རྣམས་འདུལ་ལ་མཆོག་ཏུ་གྱུར། །བདུད་བཞིའི་འཇིགས་པ་མཐའ་དག་ཁྱོད་ཀྱིས་སོལ། །མཁྱེན་རབ་དགོངས་པའི་ཀློང་ནས་རྩལ་ཕྱུང་ལ། །སྐལ་ལྡན་སྙིང་གི་དབུས་སུ་བྱིན་ཆེན་ཕོབ། །རྩ་རླུང་རིག་ཁམས་ཡེ་ཤེས་རྩིས་ཐོབ་ལ། །གང་བྱས་བྱང་ཆུབ་ལམ་དུ་བསྒྱུར་བར་མཛོད། །བདུད་འདུལ་དྲག་པོ་སྔགས་ཀྱི་གཟི་འབར་ཞིང་། །སྐྱེ་དགུའི་མོས་སྣང་ཆོས་ལ་བསྒྱུར་བ་ཡི། །ཚར་གཅོད་རྗེས་སུ་བཟུང་བའི་ཕྲིན་ལས་ལ། །དབང་འབྱོར་མཐུ་སྟོབས་ནུས་པའི་དངོས་གྲུབ་སྩོལ། །སྙིང་ག་དཔལ་གྱི་བེའུའི་གསང་མཛོད་ནས། །གཟུངས་སྤོབས་བློ་གྲོས་ནོར་བུའི་གཏེར་སྒོ་ཕྱེས། །གཞན་ཕན་མཁའ་དང་མཉམ་པའི་ཕྲིན་ལས་ཀྱིས། །དོན་གཉིས་ཡིད་བཞིན་གྲུབ་པར་མཛད་དུ་གསོལ། །བྱང་ཆུབ་སེམས་ལྡན་ཀུན་བཟང་སྤྱོད་པ་ཡིས། །ཟབ་མོ་རྡོ་རྗེའི་ཐེག་མཆོག་ལ་གནས་ནས། །


MR06_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལམ་མངོན་པར་རྟོགས་པ་ཆེར་འཕེལ་ཞིང་། །མྱུར་དུ་རྣམ་གྲོལ་རྒྱལ་བའི་དབང་པོར་མཛོད། །ཅེས་པའང་ལྕགས་འབྲུག་ཟླ་༦ཚེས་༢༤ལ་མི་ཕམ་པས་གང་ཤར་བྲིས་པ་དགེ། །།དེ་སར་གསོལ་བསྡུས། ཧཱུཾ་ཧཱུཾ། དབྱིངས་ནས་ཐུགས་རྗེ་མ་གཡེལ་སེང་ཆེན་རྫེ། །རྩ་གསུམ་ཀུན་འདུས་ནོར་བུ་དགྲ་འདུལ་རྩལ། །ཆོས་སྐྱོང་དགྲ་བླ་ཝེར་མའི་འཁོར་དང་བཅས། ཐུགས་རྗེ་ཐུགས་དམ་དབང་གིས་འདིར་གཤེགས་ལ། །དམ་རྫས་བདུད་རྩེ་གཏོར་མའི་མཆོད་བཞེས། །སྒྲུབ་པའི་རྟགས་མཚན་དངོས་སུ་བསྟན་པ་དང་། །རེ་བའི་འབྲས་བུ་ཡིད་བཞིན་འགྲུབ་པར་མཛོད། །མཆོད་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་མ་ཧཱ་སིདྷ་མ་ཎི་རཱ་ཛེས་ཝཱ་ར་ཨེ་དམ་བ་ལིདྟ་ཁཱ་ཧཱི། དྷི་མིང་པས་སོ།། ༈ །།དགྲ་བླའི་རྒྱལ་པོ་གེ་སར་གྱི་རྒྱུན་གསོལ་བསམ་དོན་ལྷུན་འགྲུབ་བཞུགས་སོ། །ཨོཾ་ཨཱཿཧཱུྃ། གསོལ་ལོ་མཆོད་དོ་རྩ་གསུམ་ཀུན་འདུས་སེང་ཆེན་ནོར་བུ་དགྲ་འདུལ། བདུད་འདུལ་ལས་ཀྱི་དབང་ཕྱུག །རྣལ་འབྱོར་ཡོངས་ཀྱི་ཕོ་ཉ། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། སྐྱེས་བུ་ཡོངས་ཀྱི་དགྲ་ལྷ་ཆེན་པོ་ཡབ་ཡུམ་སྲས་འཁོར་དང་བཅས་པ་རྣམས་དང་། ཕུ་བོ་འབུམ་པ་ཞལ་དཀར་སོགས་ཕུ་ནུ་སུམ་ཅུ། དཔལ་ལྡན་ཌཱཀིའི་གཙོ་མོ་སོགས་དྭངས་སྨན་བཅོ་བརྒྱད། ལྷ་ཀླུ་གཉན་གྱི་དམག་ཚོགས། དགྲ་བླ་ཝེར་མའི་དཔུང་རོགས། བཀའ་སྡོད་སྣང་སྲིད་དྲེགས་པ་དང་བཅས་


MR06_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁྱེད་རྣམས་ལ་དམ་རྫས་ཕུད་ཀྱི་མཆོད་པ་སོགས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་པོས་མཆོད་དོ། །བསྟོད་དོ། །མངའ་གསོལ་ལོ། །དུས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་རྣལ་འབྱོར་པ་བདག་གི་ཕོ་ལྷ་དང་དགྲ་ལྷ་མཛོད་ཅིག །མགོན་སྐྱབས་དང་དཔུང་གྲོགས་མཛོད་ཅིག །ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཀུན་ལས་སྲུང་བ་དང་། ཚེ་བསོད་དཔལ་འབྱོར་མངའ་ཐང་སྙན་གྲགས་གཟི་བརྗིད་སྤོབས་པ་རིགས་བརྒྱུད་ལ་སོགས་པ་འདོད་པའི་དོན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། ལྷ་འདྲེ་མི་གསུམ་ལ་སོགས་པ་གང་བསམ་དབང་དུ་འདུ་བ་དང་། གནོད་བྱེད་བསམ་སྦྱོར་ངན་པའི་དགྲ་བགེགས་ཐམས་ཅད་ཚར་གཅོད་པ་དང་། ས་དང་ལམ་གྱི་ཡོན་ཏན་མྱུར་དུ་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་དང་། དགྲ་བླ་ཝེར་མ་རྒྱ་མཚོའི་སྐུ་ཤུགས་བདག་ལ་ཞུགས་ནས་ཕྱོགས་མཐའ་དག་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛོད་ཅིག །ཅེས་པའང་ཚངས་སྲས་འཇམ་དཔལ་རྡོ་རྗེས་བཀའ་ལུང་ཕེབས་པ་ལྟར་མི་ཕམ་རྣམ་པར་རྒྱལ་བས་དཔལ་ལྷུན་གྲུབ་སྟེང་དུ་རབ་ཚེས་ཤིང་ལུག་མཆུ་ཟླའི་ཡར་ཚེས་བཅུ་གསུམ་པར་སྤེལ་བ་འདིས་ཆོས་ལྡན་གྱི་རྒྱལ་པོའི་དབུ་འཕང་མཆོག་ཏུ་མཐོ་ཞིང་སྟན་འགྲོའི་དོན་ལྷུན་གྱིས་གྲུབ་པར་གྱུར་ཅིག མངྒ་ལཾ། །


previousརིག་པ་འགྱུར་མེད་ཡེ་ཤེས་ཀྱི་སྐྱེས་བུ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུགnext