Nitartha Digital Library
Tibetan
གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གེ་སར་རྡོ་རྗེ་ཚེའི་རྒྱལ་པོའི་གཞུང་དང་མན་ངག་གི་སྐོར་བདུད་རྩིའི་བུམ་བཟང་།
   
   
   
   
   
   
   
   
   
   
   


 
previousགེ་སར་རྡོ་རྗེ་ཚེའི་རྒྱལ་པོའི་གཞུང་དང་མན་ངག་གི་སྐོར་བདུད་རྩིའི་བུམ་བཟང་།next

གེ་སར་རྡོ་རྗེ་ཚེའི་རྒྱལ་པོའི་གཞུང་དང་མན་ངག་གི་སྐོར་བདུད་རྩིའི་བུམ་བཟང་།


MR06_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

གེ་སར་རྡོ་རྗེ་ཚེའི་རྒྱལ་པོའི་གཞུང་དང་མན་ངག་གི་སྐོར་བདུད་རྩིའི་བུམ་བཟང་བཞུགས་སོ། །


MR06_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཉམས་སྣང་སྐྱེས་བུ་གེ་སར་རྡོ་རྗེ་ཚེ་རྒྱལ་གྱི་ཆོས་སྐོར་ལས༔ སྲོག་གཏད་སྒྲུབ་ཐབས་སྲོག་འཁོར་བཅའ་བའི་ཨུ་པ་དེ་ཤ༔ ལྷ་རིགས་ཆེན་པོའི་གཟིགས་སྣང་ཟེར༔ བླ་མ་དབང་ཆེན་ཧེ་རུ་ཀ་ལ་འདུད༔ བདག་འདྲ་ཟོབ་ཧྲུལ་ཕྲིན་ལས་རོལ་པ་རྩལ༔ ས་འབྲུག་སྤྲེལ་ཟླའི་ཚེས་བཅུའི་ཐོ་རེངས་ཆར༔ ཉམས་རྨིས་རྨི་ལམ་ཤས་ཆེའི་འཆར་སྒོ་ལ༔ ངེད་རང་ཁྲ་འབྲུག་གཙང་ཁང་དབུས་མར་སླེབ༔ གསང་བདག་བླ་མ་བཞད་པའི་རྡོ་རྗེ་དང་༔ མཇལ་བ་དེ་མཚམས་རང་གི་མདུན་ཐད་དུ༔ རྨུ་ཐག་ཡིན་རྒྱུའི་སྤྲིན་དཀར་ཟུག་པའི་སྣེར༔ སྐྱེས་བུ་གེ་སར་རྡོ་རྗེ་ཚེ་ཡི་རྒྱལ༔ སྐྱབས་མགོན་བཞད་རྗེའི་གཟིགས་


MR06_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་གེ་སར་དང་༔ མངོན་རྟོགས་བྱིང་མཚུངས་ཕྱག་ན་མདའ་གཞུ་བསྣམས༔ གཡས་སུ་དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས༔ ཁྱེའུ་དར་དཀར་གོས་ཅན་ཤྭ་རྡེལ་ཐོགས༔ གཡོན་དུ་སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ༔ མདུན་དུ་དམག་དཔོན་མིག་དམར་ཆེན་པོ་ནི༔ འཕྲུལ་ཞགས་འདོམ་གཞལ་གཞན་ཡང་མ་སང་སྤུན༔ ལྷ་ཕྲུག་སྨན་མོ་མང་པོའི་འཁོར་དང་བཅས༔ མངོན་སུམ་མཇལ་རྗེས་རིག་འཛིན་བཞད་པ་རྗེ༔ ཨོ་རྒྱན་པད་འབྱུང་སྐུ་རུ་གནས་གྱུར་ཏེ༔ རྡོ་རྗེ་གསུང་གི་གསང་བ་འདི་ལྟར་ཐོས༔ ཨེ་མ་དབང་ཆེན་པདྨ་གསུང་གི་ལྷ་ལ་འདུད༔ བདག་འདྲ་རང་བྱུང་པདྨ་ཐོད་ཕྲེང་གི༔ བོད་ཀྱི་ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ འཇིག་


MR06_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་མཆོད་བསྟོད་དཀྱིལ་འཁོར་ཆེན་པོར་བཅུག༔ ཁྱད་པར་སྐུ་ལྷ་གེར་མཛོ་གཉན་པོ་སོགས༔ མཚན་དང་རྣམ་འགྱུར་མ་ངེས་ཅིར་སྟོན་པ༔ གེ་སར་སྐྱེས་བུ་རྡོ་རྗེ་ཚེ་ཡི་རྒྱལ༔ འདི་ཡི་ངོ་བོ་འཕགས་མཆོག་ཐུགས་རྗེའི་གཏེར༔ ཁྲོ་ལ་ཁྲོ་བོས་འདུལ་ཕྱིར་རྟ་མཆོག་དཔལ༔ ཁྱད་པར་མ་འོངས་ཉི་ཤུའི་མཐར་ཐུག་སྐབས༔ དྲེགས་པའི་ཚུལ་སྟོན་གེ་སར་སྐྱེས་བུ་ཞེས༔ ཕྱི་རུ་དཔའ་ཞིང་རྩལ་མྱུར་དགྲ་བླའི་རྒྱལ༔ནང་དུ་སྙིང་ཉེ་བཀྲ་ཤིས་འཁུ་ལྡོག་ཆུང་༔ ཁྱད་པར་དམ་སྲི་རྒྱ་འདྲེ་འདུལ་བའི་གཉེན༔ དེང་སང་དུས་སུ་བབ་པའི་ལྷག་ལྷ་སྟེ༔ འདི་ཡི་སྒྲུབ་སྐོར་ལས་ཕྲན་དང་བཅས་པ༔ གནམ་སྨན་སྤྲུལ་གཟུགས་རིན་ཆེན་མིང་ཅན་དང་༔ རྟེན་འབྲེལ་གསང་རྐྱེན་འགྲིགས་ཚེ་རིམ་ཤར་རོ༔ ཞེས་སོགས་བཀའ་ཡི་བསྔགས་བརྗོད་དབུགས་དབྱུང་མཐར༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་དྲག་པོའི་སྔགས་སྒྲ་ཡིས༔ བདག་ལུས་དབང་ཆེན་རྟ་མཆོག་དཔལ་གཅིག་གྱུར༔ བྱིན་རླབས་དགོངས་པ་གཏད་པས་མཁའ་དབྱིངས་ནས༔ རྟ་མཆོག་སྐུ་དང་ཡིག་འབྲུ་ཕྱག་མཚན་སོགས༔ ཆར་བཞིན་བབས་མཐར་སྐྱེས་བུ་ཆེན་པོ་དེ༔ བདག་གི་གྲོགས་སུ་གཏད་ཅིང་དམ་ཆུ་བསྲེ༔ དེ་རྗེས་འཁྲུལ་སྣང་རྨི་ལམ་དཀྱུས་སུ་ཞུགས༔ སྐྱེས་མཆོག་ཌཱཀྐི་རིན་ཆེན་མིང་ཅན་གྱིས༔ གསང་རྐྱེན་དངོས་སུ་མ་འགྲིགས་ཟག་རྫས་ཙམ༔ སོན་པས་ཕྱི་ལྟར་


MR06_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཀ་ལ་བརྟེན་པའི༔ བྱང་བུ་ལྷ་བསང་བསང་མདོས་དང་བཅས་པ༔ རིག་དབྱིངས་སྒྲོམ་བུ་ཕྱེས་ཏེ་ཤོག་སྐྱར་བབ༔ ས་མ་ཡ༔ གུ་ཧྱཿརྒྱ་རྒྱ་རྒྱ༔ སྐྱེས་བུ་གེ་སར་དགྲ་བླའི་རྒྱལ༔ སྲོག་དབང་སྦྱིན་པའི་རིམ་པ་ལ༔ དབེན་པའི་གནས་སུ་དལ་བཤམ་དབུས༔ གོང་ནོན་ཡི་དམ་སྒྲུབ་གཏོར་དང་༔ མདུན་དུ་སྐྱེས་བུ་གཏོར་མཆོད་སོགས༔ དགོས་པའི་ཡོ་བྱད་ཚོགས་པར་བྱ༔ གཏོར་མ་སྐྱེས་བུ་གཙོ་འཁོར་གསལ༔ གསོལ་མཆོད་བསྐང་ཞིང་འབོད་སྔགས་བཟླ༔ སློབ་བུ་ལྷར་བསྐྱེད་བྱིན་དབབ་ལ༔ གོང་ནོན་སྒྲུབ་གཏོར་སློབ་མ་ཡི༔ སྤྱི་བོར་བསྐུར་ལ་འདི་སྐད་བརྗོད༔ ཧྲཱི༔ དབང་ཆེན་རྔམས་པ་དྲེགས་པའི་ལྷ༔ དྲེགས་པ་ཟིལ་གནོན་ཆེན་པོ་ཡི༔ སྐུ་ཡི་དབང་བསྐུར་བྱིན་བརླབས་པས༔ བུ་ཁྱོད་ལྷ་དང་སྐལ་མཉམ་ཤོག༔ ཧྲཱིཿཔདྨ་ཏ་ཀྲྀ་ཏ་ཧྱ་གྲྀ་ཝ་ཨོཾ༔ དེ་བཞིན་མགྲིན་པ་སྙིང་གར་བསྐུར༔ དྲེགས་པའི་སྲོག་དབང་དངོས་ལ་ནི༔ སྐྱེས་བུ་སྤྱན་དྲངས་མཆོད་དེ་སླར༔ གཏོར་མ་ལྷར་གསལ་ལག་ཏུ་གཏད༔ ཧཱུྃ༔ སྐྱེས་བུ་ཆེན་པོ་དགྲ་བླའི་རྒྱལ༔ སྐུ་རྗེ་གེ་སར་གཙོ་འཁོར་དཔུང་༔ པད་འབྱུང་རྟ་མཆོག་ཧེ་རུ་ཀའི༔ བཀའ་དང་དམ་ལས་མ་འདའ་བར༔ སློབ་མ་འདི་ལ་འགོ་བར་མཛོད༔ དམ་ལྡན་མོས་པའི་བུ་འདི་ཉིད༔ སྐྱེས་བུ་ཁྱེད་ལ་གཉེར་དུ་གཏད༔


MR06_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་གྲིབ་བཞིན་རྟག་འགྲོགས་ནས༔ བྱང་ཆུབ་བར་དུ་སྲུང་སྐྱོབ་མཛོད༔ ཞེས་བརྗོད་གཏོར་མ་ལག་ཏུ་གཏད༔ དེ་རྗེས་དམ་བསྲེ་ཐུན་མིན་པ༔ སྲོག་སྔགས་སྦྱིན་ཅིང་བླ་རྡོ་གཏད༔ ཧཱུྃ༔ དཔལ་ལྡན་ལྷ་ཡི་ལྷ་མཆོག་ཆེ༔ སྐྱེས་བུ་ཆེན་བོ་གཙོ་འཁོར་དཔུང་༔ སྲོག་གཏད་འཛིན་པའི་འཁོར་ལོ་ནི༔ སྲོག་ཡིག་བླ་རྡོ་འོད་འཕྲོ་བ༔ ཁྱེད་ལ་གཏད་དོ་རྟེན་དུ་ཟུངས༔ བསྙེན་པའི་སྒྲུབ་པ་ཡུན་དུ་བསྲང་༔ གསོལ་ཞིང་མཆོད་བསྟོད་རྒྱུན་མ་བཅད༔ དམ་ཚིག་མཐའ་དག་མ་ཉམས་གཅེས༔ ས་མ་ཡ་བཛྲ་རཀྵན་ཏུ༔ ཨོཾ་ཏྲི་ཞིམ་ཀྵ་མི་མུ་ཏྲ་འབའ་ར་ཧཱུྃ་ཨ་ལ་ལི་ལ་མོ་གཏུང་བ་ཁྱེ་ཨ་ཧོ་ཡེ་སིདྡྷི་ཧཱུྃ་ཀྲ་གྴེར་ཀྵེཾ༔ བཛྲ་ས་མ་ཡ་ཛ་ཛཿཛ་ཧཱུྃ་བྃ་ཧོཿ ཕྱག་མཚན་ལྕགས་རྒོད་མདའ་གཞུ་དང་༔ ནོར་བུ་འབར་བ་ལག་ཏུ་གཏད༔ ཧཱུྃཿདགྲ་བགེགས་དམ་སྲི་རྒྱ་འདྲེ་སོགས༔ མ་རུངས་ཚར་གཅོད་མདའ་གཞུ་དང་༔ འདོད་སྦྱིན་ནོར་བུ་འབར་བ་འདི༔ དཔའ་རྟགས་མཚན་མ་ཁྱོད་ལ་སྦྱིན༔ ཨོཾ་ཏྲི་ཞིམ་ཀྵ་མི་སོགས༔ སརྦ་ས་མ་ཡ་ཧཱུྃཿཛ༔ སླར་ཡང་བཀའ་བསྒོ་དམ་བསྒྲགས་ཤིང་༔ ཕྱི་ནང་གསང་བའི་རྟེན་མཆོག་དང་༔ བསང་མདོས་སྐོང་ཕྲིན་འབད་པ་ཐོན༔ གོ་མཚོན་མི་བཤིག་ཐབས་གཞོབ་འཛེམ༔ རྣམ་ཐར་བསྒྲགས་སོགས་འདོར་ལེན་གྱིཿ དམ་ཚིག་སྲུང་ཞིང་སྒྲུབ་ཕྲིན་བཅོལ༔ བླ་མ་ལྷ་ལ་སྲི་ཞུས་བསྟེན༔ མཎྜལ་


MR06_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

གཏང་རག་རྒྱ་ཆེར་འབུལ༔ སྐྱེས་བུ་ཆེན་པོའི་སྲོག་གཏད་ཀྱི་ལེ་ཚན་ནོ༔ བླ་མ་ཁྲོ་རྒྱལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ སྐྱེས་བུ་གེ་སར་དགྲ་བླའི་རྒྱལ༔ སྒྲུབ་པའི་རིམ་པ་འདི་ལྟ་སྟེ༔ སྒྲུབ་པའི་དབང་ཐོབ་དམ་ལྡན་པས༔ བཀྲ་ཤིས་བྱིན་ཆགས་དབེན་པའི་གནས༔ རི་མཐོ་ས་གཙང་མཁར་གྱི་རྩེར༔ ལ་སོགས་མ་ངེས་གནས་རྣམས་སུ༔ སྟེགས་བུ་གྲུ་བཞི་ངོས་མཉམ་པར༔ དཀྱིལ་འཁོར་མུ་ཁྱུད་རིམ་གསུམ་བསྐོར༔ རྡོ་ར་མེ་རི་སྣ་ལྔ་པ༔ དབུས་སུ་ཉི་སྟེང་ཨཿདཀར་མཚན༔ དེ་སྟེང་སྒྲུབ་པའི་གཏོར་མ་ནི༔ སྲོག་འཁོར་དར་གདུགས་བརྒྱན་པ་གཟུགས༔ སྨན་རག་ཕྱི་ནང་མཆོད་པ་དང་༔ ཁྱད་པར་དཀར་ཡོལ་ཡུ་རིང་ནང་༔ རྒྱ་ཇ་གར་ཆང་དམ་པ་བཤམས༔ ཡི་དམ་རྟ་མཆོག་རོལ་པ་ཡི༔ གོང་ནོན་བཟླས་པའི་མཇུག་ཏུ་ནི༔ སྐྱེས་བུའི་སྒྲུབ་ཕྲིན་དལ་བརྟེན་ནས༔ བསྙེན་བཟླས་ཐུན་དུ་བཅད་དེ་སྒྲུབ༔ དངོས་སུ་རིག་པ་ཤུགས་ཆེ་ཞིང་༔ ལུས་ལ་སྐྱི་བུན་བདེ་དྲོད་འབར༔ གཞན་གྱི་གོ་མཚོན་སྟེར་ཚང་འབྱོར༔ རྨི་ལམ་ཞལ་སྟོན་སྐུ་རྙེད་དང་༔ རྟ་དཀར་གོ་བགོས་གཡུལ་ལས་རྒྱལ༔ ཐ་མ་སྤྲིན་དཀར་ལྡིང་བ་སོགས༔ རབ་འབྲིང་ཐ་མའི་རྟགས་མཚན་ནོ༔ དེ་ལྟར་གེ་སར་སྐྱེས་བུ་ཆེའི༔ སྒྲུབ་ཐབས་སྙིང་པོར་དྲིལ་བ་ཡང་༔ སྐལ་ལྡན་སྐྱེས་


MR06_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་ཕག་ནོར་རོ༔ ས་མ་ཡཿ ཁ་ཐམཿ ཧྱ འཕགས་མཆོག་སྙིང་རྗེའི་གཏེར་ལ་འདུད༔ སྐྱེས་བུ་གེ་སར་ཚེ་རྒྱལ་གྱི༔ གསང་བ་སྲོག་གི་འཁོར་ལོ་བསྟན༔ དར་ཤོག་གྲོ་ག་གང་རུང་ལ༔ གསེར་མཚལ་རྒྱ་སྣག་ལ་སོགས་པའི༔ འཁོར་ལོ་མུ་ཁྱུད་བཞི་རུ་བསྐོར༔ ལྟེ་བར་ཨཱཿབཀོད་ཐ་མ་ལ༔ མུ་ཁྱུད་དང་པོར་སྐྱེས་བུ་ཆེའི༔ རྩ་སྔགས་སྤེལ་ཚིག་རིམ་པར་བྲི༔མུ་ཁྱུད་གཉིས་པར་འཁོར་ལོ་བཞི༔ ཨ་མ་ཙ་ཏྲི་དག་གིས་མཚན༔ གསུམ་པར་བླ་མ་ཡི་དམ་གྱི༔ སྔགས་མགོ་དྲངས་རྗེས་རྩ་གསུམ་ལྷའི༔ བཀའ་དང་དམ་ལས་མ་འདའ་བར༔ སྐྱེས་བུ་བསྟན་དང་བསྟན་འཛིན་སྐྱོངས༔ བདག་གི་ཕྲིན་ལས་རྣམ་བཞི་མཛོད༔ ཞེས་དང་བཞི་པར་དབྱངས་གསལ་བྱེད༔ དེ་མཇུག་སྐྱེས་བུ་གེ་སར་ཆེཿ གཙོ་འཁོར་དཔུང་བཅས་རྟེན་འདི་ལ༔ བརྟན་བཞུགས་བདག་གི་གྲོགས་མཛོད་བྲིཿ ལྷག་ཆད་བྲིས་སུབ་མེད་པ་གཅེས༔ བྱིན་དམ་སྨན་ཕུད་དྲི་བཟང་བྱུག༔ ཤེལ་རྡོ་ཟུར་བརྒྱད་ལྡན་པའི་ངོས༔ ཨ་བྲིས་ལྟེ་བར་བཀོད་པ་ལ༔ སྦྱང་ཁྲུས་བསྐྱེད་བསྟིམ་སྒྲུབ་པའི་ཐབས༔ སྤྱི་བཞིན་ལེགས་བགྱིས་མི་ལྤགས་གྲིལ༔ དར་མཚོན་སྣ་ལྔས་བསྒྲིལ་བར་བྱ༔ གང་ཞིག་མོས་ལྡན་སུས་འཆང་བ༔ འདབ་ཆགས་སྙི་ཡིས་བཟུང་བཞིན་འཁོར༔


MR06_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་བདག་དང་སྤྱན་རས་གཟིགས༔ ཞི་དྲག་ཐུགས་རྗེའི་སྒྱུ་འཕྲུལ་གར༔ གེ་སར་སྐྱེས་བུ་ཆེན་པོ་ཡི༔ སྒྲུབ་ཐབས་སྙིང་གི་ཏི་ཀ་ལ༔ སྨན་བཙུན་རྡོ་རྗེ་ཟུ་ལེ་མ༔ མི་མོར་བརྟེན་པ་རཏྣའི་མིང་༔ རྟེན་འབྲེལ་སྟོབས་སུ་གྱུར་པ་དང་༔ དམ་ལྡན་ཆོས་བདག་སློབ་བུ་ནི༔ ནོར་བུ་པདྨའི་མིང་སྒྲ་ཡིས༔ བསྐུལ་བྱུང་དང་བསྟུན་སྐལ་ལྡན་གྱི༔ སྐྱེས་བུ་དམ་ཚིག་ཅན་ལ་སྤེལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གེ་སར་སྐྱེས་བུ་རྡོ་རྗེ་ཚེ་རྒྱལ་གྱི་ཆོས་བཀའ་ཆ་ཤས་ཙམ་འདི་ཡང། དགེ་སློང་སྐལ་བཟང་ནོར་བུ་དང་། སྟོད་ཕྱོགས་ཀྱི་བྱ་བྲལ་བ་སློབ་བུ་རབ་རྒྱས་དང་། བླ་མ་རྡོ་རྗེ་དཔལ་བཟང་ངམ་དབང་ཕྱུག་གིས་བསྐུལ་མ་མང་སྟབས་ཉམས་སྣང་གི་རྡོ་རྗེའི་ཚིག་རྐང་འགྲིབ་ཉེ་ནས་ཌཱཀྐིའི་རེག་བྱ་དང་། བསང་ཁྲུས་སོགས་བརྟེན་པའི་མཐུ་ལས་ཕྲན་བུའི་ལྷག་ཆད་ཚིག་ཟུར་ཉམས་པ་ལས་གཞན་རང་བློའི་དྲི་མ་སྤངས་ཏེ་དུང་ཤོག་དཀར་པོར་བབ་པ་འདིས་ཀྱང་དམ་སྲི་གསར་སྐྱེས་རྒྱ་འདྲེ་འགོང་པོ་ཚ་ངར་ཆོག་ཅིང་ཆོས་མཐུན་གྱི་བསམ་རྒུ་ཡིད་བཞིན་ཏུ་འགྲུབ་པའི་རྒྱུར་གྱུར་ཅིག །དགེའོ། ༈ །གཡང་སྒྱེ་དྲུབ་ལུགས་མེ་སྤྲེལ་ཟླ་༥ཚེས་༡༢ལ་ཕྲལ་དྲན། ཐ་གྲུ་མཉམ་པའི་གྲུ་བཞི་ལ། །བཞི་བསྟེབ་བྱས་པའི་གྲུ་བཞི་གཅིག །ནུ་མ་བརྒྱད་དེ་གྲུ་བཞི་གཅིག །འོག་གི་ནུ་མ་མཆེ་བ་ཡིན། །གྲུ་


MR06_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་གཉིས་ནི་གཡང་སྒྱེའི་ཁོག །ནུ་བརྒྱད་བཞི་ལིང་གྲུ་བཞིར་ལྟེབ། །དེ་ནས་གྲུབ་ལྟེབ་བྱས་ཏེ་བཅད། །དུམ་བུ་བརྒྱད་པོ་གྲུར་ལྟེབ་པའི། །ཆེ་ངོས་གྱེན་དུ་བསྟན་པ་ཡིས། །ནུ་མ་བརྒྱད་འབྱུང་འོག་གི་ནི། །ནུ་ཆེན་ཆེ་ངོས་གྱེན་བསྟན་ནང་། །ཁ་ཡི་བར་དུ་ཡས་མར་སྦྱར། །ཁ་ནི་གྲུ་བཞིའི་ཕྱེད་དེ་ཕྱེད་གཤག་བྱ། །དེ་ལྟར་བྱས་ན་ཅུང་ཟད་ལྷག་པ་འབྱུང་། །ཡང་ན་ཕྱེད་དེའི་སྟེང་ན་སུམ་ཆ་བསྣན། །ནུ་མ་གཉིས་དེ་འོག་ནུའི་དཀྱིལ་དྲངས་སྦྱར། །སྟེང་ཐུག་དམར་སེར་འཇའ་རིས་དང་། །འོག་གསུམ་ལྗང་མཐིང་འཇའ་རིས་མཛེས། །ཁ་བུག་ཚར་ལོས་བརྒྱན་པ་ཡི། །ངོ་མཚར་གཡང་གི་མཛོད་དུ་གྲུབ། །ལོགས་དྲུག་རིན་ཆེན་ཟུར་དྲུག་ལ། །འབྱོར་དྲུག་རྒྱས་པའི་རྟེན་འབྲེལ་ཡོད། །རྩེ་གསུམ་ནོར་བུ་སུམ་ཚུགས་ལ། །སྲིད་གསུམ་གཡང་འདུས་རྟེན་འབྲེལ་ཡོད། །ཁ་ཁྱེར་དཔལ་བེའུ་ཟུར་དྲུག་ལ། །དགོས་འདོད་འབྱུང་བའི་རྟེན་འབྲེལ་ཡོད། །ཐུར་དུ་སྤུབ་ན་བུམ་བཟང་ནི། །འབྲུ་ཡི་གདན་ལ་བཞག་པ་འདྲ། །ཚེ་བསོད་འཛད་མེད་རྟེན་འབྲེལ་ཡོད། །ཡང་ན་མ་སང་བུ་ཐོག་འདྲ། །འོག་གི་ནུ་མ་གསུམ་པོ་མཆན། རིགས་རྒྱུད་ཚེ་འཕེལ་རྟེན༴ ཡང་འདོད་འཇོའི་བ་ནུ་འདྲ། །བཟའ་བཏུང་དཀར་འཕེལ་རྟེན༴ གྱེན་བསྟན་ནོར་བུ་འབར་བ་འདྲ། །གཡང་འཕེལ་ནོར་གྲུབ་རྟེན༴ ཡང་ན་འབྲས་ཀྱི་སྙེ་མ་འདྲ། །


MR06_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

བང་མཛོད་འབྲུ་འཕེལ་རྟེན། ཡང་ན་དཔག་བསམ་ཤིང་ཆེན་འདྲ། །འཁོར་འབངས་གཉིས་རྒྱས་རྟེན༴ ཡང་ན་གསེར་སྙིང་སྤྲིན་ཆེན་འདྲ། །སྙན་གྲགས་རྙེད་འཕེལ་རྟེན་འབྲེལ་ཡོད། །ཡང་ན་རི་རྒྱལ་རི་སྐོར་འདྲ། །ཆུས་སྲིད་བསྟན་དང་རྟེན༴ དེ་གསུམ་ཕྱྭ་གཡང་དཔལ་གསུམ་གྱིས། །རྟེན་འབྲེལ་ཐམས་ཅད་འདི་ལ་ཚང་། །རྟེན་འབྲེལ་གཡང་གི་མཛོད་ཆེན་པོ། །འཆང་བ་ཙམ་གྱིས་གཡང་ཆགས་སོ། །ཁ་ཅིག་ཕྱྭ་གཡང་འབབ་པ་ཡིན། །ནུ་དགུ་ཕྱྭ་གཡང་འཁྱིལ་ས་ཡིན། །འདྲ་བ་ཆོས་ཀྱི་འབྱུང་གནས་འདྲ། །གདེངས་ཀ་ཆེ་བ་གྱེན་དུ་བསྟན། །ནམ་མཁའི་མཐའ་མཉམ་ཕྱྭ་གཡང་འཁྱིལ། །རྩ་བ་ཕྲ་བ་ཐུར་དུ་ཟུག །དཔག་བསམ་རྩ་བ་བརྟན་ཞེས་བྱ། །འདོད་དགུ་འབྱུང་ཞིང་དོན་དགུ་འགྲུབ། །སྐྱེ་དགུ་བདེ་ཞིང་བསམ་དགུ་འབྱོར། །ལེགས་དགུ་ཚང་ཞིང་ཡོད་དགུ་འཕེལ། །གཡང་དགུ་ཆགས་ཤིང་དཔལ་དགུ་བརྟན། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་རྒྱས། །ཞེས་སོ། །འདི་ཡང་མི་ཕམ་པས་སོ། །རས་ཁ་ལྔ་ཡིན་ན་ཁ་གང་ནུ་བརྒྱད། །ནུ་ཆེན་ཁ་གང་ཁ་ལ་གསུམ་སྟེ་ལྔའོ། ༈ །རླུང་རྟ་སྙན་པའི་བ་དན་ནི། རྒྱུ་བཟང་རས་དང་ཟ་འོག་ལ། །ཆེ་ཆུང་ཅི་ཙམ་འཚམས་པ་ཡིས། །དབུས་སུ་སེར་པོ་རྐྱ་མི་རིས། །གེ་སར་རྒྱན་ཆས་རྫོགས་པར་བྲི། །ཕྲག་གཡས་ལྗང་ཀུ་ཁྱུང་ལྡིང་


MR06_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

རིས། །ཕྱག་གཡོན་སྔོན་པོ་གཡུ་འབྲུག་རིས། །རྒྱབ་གྲྭར་དཀར་པོ་དུང་སེང་རིས། །མདུན་གྲྭར་དམར་པོ་མཚལ་སྟག་རིས། །སྤྱི་བོ་མདུན་འོག་རྒྱབ་ཕྱོགས་བཞིར། །རིམ་པར་དཀར་དམར་ལྗང་ཀུ་སྔོ། །དེ་ལ་བ་དན་རེ་རེ་བྲི། །མདོར་ན་གྲྭ་བཞིར་ལྷ་བཞི་དང་། །ཕྱོགས་བཞི་བ་དན་རེ་རེས་བརྒྱན། །བྲི་གཞི་དཀར་དམར་སྔོ་ལྗང་བཞི། །གྲུ་བཞི་དྲས་ལ་ལེགས་པར་བཀོད། །ཕྱི་རིམ་ནང་གི་གྲུ་བཞི་རེའི། །བཞི་ཆའི་སེར་པོའི་མུ་ཁྱུད་དང་། །ཕྱེད་ཆའི་ལྗང་ཁུའི་མུ་ཁྱུད་བཀོར། །མཐའ་མ་རྐུད་པ་དམར་པོས་འཁྱུད། །སྟེང་ནས་མས་རིམ་དཀར་སེར་དམར། །སྔོན་པོའི་དར་ལྕེ་བཞི་བཏགས་ལ། །གྱེན་དུ་བཞི་ཆ་འཕྲད་ལིང་རྩེའི། །ཁྱོན་གཅིག་དང་ནི་ཕྱེད་བཅས་སུ། །རླུང་བསྐྱེད་སྔགས་བྲི་ལྗང་གུ་ཡི། །སྟེང་དུ་དུས་སང་སིདྡྷི་བྲི། གཡས་སུ་བྲི། གཡོན་དུ་པདྨ་གསེར་རྡོར་དང་། །དུང་དཀར་གཡས་སུ་འཁྱིལ་བ་བྲི། །སྔོན་དུ་ཡེ་དྷར་འདོད་གསོལ་བྲི། །རྒྱབ་ཏུ་དཀར་པོ་སྦྲག་ཀྱང་རུང་། །རྒྱལ་མཚན་དཀར་པོའི་རྩེ་མོ་རུ། །ནོར་བུ་འབར་བའི་མདུང་ལ་སྒྲོན། །ཆོས་དབྱིངས་བདེ་བའི་ཐིག་ལེ་ལས། །སེང་ཆེན་ཕྲིན་ལས་ཐོགས་མེད་རྩལ། །ལྷུན་གྲུབ་རང་རྩལ་བཞེངས་པར་བསམ། །མཁའ་ལ་ཕྱར་ཏེ་དེ་དག་ལ། །རླུང་རྟ་གཞན་ཡང་བཏགས་ལ་ནི། །རླུང་རྟ་བསྐྱེད་པའི་ཆོ་ག་བྱ། །བ་དན་རང་གི་རྟེན་དུ་བཅིངས། །


MR06_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་དགོས་མཁའ་ལ་སྒྲོན་ཏེ་བསང་༔ རླུང་རྟ་བཞིན་ནི་རི་མཐོར་ཕྱོར། །ལས་རླུང་རྟེན་འབྲེལ་རབ་དར་བའི༔ ཕུན་ཚོགས་གསང་བའི་ནོར་བུ་འདི༔ ཀུན་ལ་སྦྱིན་པར་ཕོངས་པས་ནི༔གཞུང་དུ་རླུང་རྟའི་ལྷ་གཟུགས་དང་༔ དར་གྱི་བ་དན་ལྕེ་བཞི་བྱས༔ ཟུར་ཙམ་དག་ལས་སྨྲོས་པ་མེད༔ འདི་ནི་སེང་ཆེན་ནོར་བུ་ཡི༔ ཡང་གསང་རླུང་གི་ཏི་ལ་ཀ༔ གང་བསམ་བགྲོད་པ་རྡོ་རྗེས་རྟས༔ སྐུ་གསུམ་རྒྱལ་བའི་གླིང་དུ་ཁུར༔ ས་མ་ཡ༔ དྷ་ཐིམ༔ སླར་ཡང་རྟེན་འབྲེལ་རབ་ཏུ་དགེ་བའི་ལྕགས་རྟ་ཟླ་ཚེས་༡༩ལ་ཤོག་གུར་ཕབ་པ་བཀྲ་ཤིས་བཀའ་རྒྱ་དམ༔ མངྒ་ལྃ། །


previousགེ་སར་རྡོ་རྗེ་ཚེའི་རྒྱལ་པོའི་གཞུང་དང་མན་ངག་གི་སྐོར་བདུད་རྩིའི་བུམ་བཟང་།next