Nitartha Digital Library
Tibetan
གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ས་ཆོག་དཔལ་གྱི་གཞི་འཛིན།
   
   
   
   
   


 
previousས་ཆོག་དཔལ་གྱི་གཞི་འཛིན།next

ས་ཆོག་དཔལ་གྱི་གཞི་འཛིན།


MR06_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཆོག་དཔལ་གྱི་གཞི་འཛིན་བཞུགས།


MR06_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཀྵི་ཏི་གརྦྷཱ་ཡ། གང་དུ་དཀྱིལ་འཁོར་སོགས་བྱ་བ་ལ་ཐོག་མར་ས་བརྟག་པ་བྱས་ནས་རུང་བར་མཐོང་ན། སྣང་བ་ཕྱོགས་དེར་དབང་བའི་མི་རྣམས་ལ་ཡོན་སོགས་བྱིན་ནས་གནས་དེར་བསླང་དགོས་ཀྱང་རང་གིར་གྱུར་པའི་ས་ཕྱོགས་སུ་དེ་ལྟར་མི་དགོས་མོད་ཀྱི། སྔར་དུལ་བའི་ས་ཕྱོགས་ཡིན་ཡང་མི་སྣང་བ་སའི་བདག་པོ་མི་མ་ཡིན་པ་རྣམས་ལས་བསླང་བའི་ས་ཆོག་སོགས་མཛད་སྲོལ་ཡོད་པ་བཞིན། ཐོག་མར་ལྷ་གང་ཡིན་གྱི་བདག་བསྐྱེད་སྔོན་དུ་བཏང་ནས་དཀྱིལ་འཁོར་གང་དུ་བྱ་བའི་ཕྱོགས་དེར་སོང་ལ། ལྷའི་ང་རྒྱལ་དང་ལྡན་པས་བདག་གིས་ཕྱོགས་འདིར་དཀྱིལ་འཁོར་ཆེན་པོ་བཞེངས་པར་བྱའོ་སྙམ་དུ་བློས་ས་དེ་ཉིད་ཡོངས་སུ་བཟུང་བ་བྱས་ཏེ། ཕྱོགས་དེར་མན་ཌལ་གྱི་དབུས་སུ་དྲི་ཡི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་བཀོད་པའི་མདུན་དུ་ཉེར་སྤྱོད་ཀྱི་མཆོད་པ་དང་། དཀར་


MR06_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་དང་དམར་གཏོར་བཅས་བཤམས། མདུན་གྱི་མཎྜལ་ལ་བཀོད་པའི་མེ་ཏོག་གི་ཚོམ་བུའི་སྟེང་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་ལ་པྃ་སེར་པོ་ལས་ས་ཡི་ལྷ་མོ་གསེར་གྱི་མདོག་ཅན་ཞི་བའི་ཆ་ལུགས་དང་རྒྱན་གྱིས་མཛེས་པ། ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་ཐུགས་ཀར་བསྣམས་པའི་འཁོར་དུ་དཀར་པོའི་ཕྱོགས་ཀྱི་ས་བདག་ཀླུ་གཉན་ཐམས་ཅད་ཀྱིས་བསྐོར་བ་དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པ་དང་ཆབས་གཅིག་རང་གི་ལག་གཡས་ས་གནོན་གྱི་ཕྱག་རྒྱ་ས་ལ་གཏད་པས། ས་ཡི་གཏིང་ནས་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་དམ་ཚིག་པ་ལ་ཐིམ་པས་དངོས་སུ་གྱུར། མཆོད་པ་


MR06_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་དམིགས་ཏེ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས། ལྷ་རྫས་ལས་གྲུབ་པའི་མཆོད་པའི་དངོས་པོ་དྭངས་ཤིང་ཐོགས་པ་མེད་པར་བསམ་ལ། ཨོཾ་པྲི་ཐི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧོ། ཞེས་པས་མཆོད་ཡོན་དང་། དེ་བཞིན་དུ། པ་དྱཾ། པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནི་ཝི་ཏེ་ཤཔྟའི་བར་དུ་སྦྱར་ཏེ་མཆོད། དེ་ནས་དཀར་གཏོར་ལ་དམིགས་ཏེ། ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་བརྗོད་པས། གཏོར་མ་འདོད་པའི་ཡོན་ཏན་ལྔ་ཟད་མི་ཤེས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ས་ཡི་ལྷ་མོ་འཁོར་བཅས་ཀྱི་ལྗགས་ལས་འོད་ཟེར་བྱུང་བས་གཏོར་མའི་བཅུད་གསོལ་བས་དགྱེས་པར་བསམ། ཨོཾ་པྲི་ཐི་དེ་ཝཱི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ་ལ། མཁྱེན་པར་གསོལ་བ་ནི། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པ་ཡི་ནི་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་འབྲི། །ཞེས་ལན་གསུམ་མམ་གཅིག་བརྗོད་ཅིང་། བདག་ཅག་རྣམས་ཀྱིས་ས་ཕྱོགས་འདིར། །ལྷ་ཆྒིམོའི་དཀྱིལ་འཁོར་ཆེན་པོ་འབྲི་བར་འཚལ་ན་སའི་ཕྱོགས་འདི་བདག་ལ་གནང་བ་དང་དངོས་གྲུབ་ཀྱང་སྩལ་དུ་གསོལ། ཞེས་བརྗོད་པས་རིག་པ་འཛིན་པ་ཁྱོད་ཀྱིས་དཀྱིལ་འཁོར་བྲིས་ཤིག་ཅེས་


MR06_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བ་བྱིན་པར་བསམ། དེ་ནས་སའི་ལྷ་མོ་འཁོར་བཅས་རེ་ཤིག་གཤེགས་གསོལ་མི་བྱ་བར་དཔང་པོའི་ཚུལ་དུ་བཞག་ནས། ས་ཕྱོགས་དེར་གནས་ཤིང་རྒྱུ་བའི་འབྱུང་པོ་གདུག་པ་ཅན་ནག་པོའི་ཕྱོགས་སུ་གྱུར་པ་གང་དག །དཀྱིལ་འཁོར་ལྟ་བ་ལ་མི་དབང་བའི་བགེགས་ཀྱི་ཚོགས་རྣམས་བསྐྲད་པ་ནི། དམར་གཏོར་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས། གཏོར་མ་བདུད་རྩིའི་རྒྱ་མཚོ་ཟད་པ་མེད་པར་གྱུར་པར་དམིགས་ལ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝ་ར་ན་མཿསརྦ་སོགས་ནས་ཁཾ་གྲྀཧྣ་དཾ་བ་ལིཾ་ཏ་སྭཱ་ཧཱ། ལན་གསུམ་གྱིས་བསྔོ་ཞིང་བྱིན་ལ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ངས་ནི་གནས་འདིར་དཀྱིལ་འཁོར་ཆེན་པོ་འབྲི། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་ཚིག་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་པ་གདོན་མི་ཟ། །ཞེས་བརྗོད་དེ་གཏོར་མ་ཕྱིར་དོར་ཞིང་། ཧཱུྃ་བཞི་པའི་སྔགས་ཀྱིས་རོལ་མོའི་སྒྲ་དང་བཅས་ཏེ་ཡུངས་ཀར་འཐོར་བས་ནག་པོའི་ཕྱོགས་ཀྱི་བགེགས་ཐམས་ཅད་བསྐྲད་པར་བསམ། དེ་ནས་ཨོཾ་པྲི་ཐི་དེ་ཝཱི་ས་པ་རི་ཝཱ་ར་བཛྲ་མུཿཞེས་བརྗོད་པས། སའི་ལྷ་མོ་འཁོར་དང་བཅས་པ་ལ་ལས་སྒྲུབ་པའི་སྡོང་གྲོགས་བྱེད་པས་དགྱེས་བཞིན་ས་དེ་ཉིད་དུ་ཐིམ་པར་བསམ། སྐབས་འདིར་ས་


MR06_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱ་བའི་སླད་དུ་ཕུར་གདབ་བྱ་ན། སློབ་དཔོན་གྱི་ལག་གཡོན་པར་ཕུར་པ་ཐོགས་པ། གཡས་པས་རྡོ་རྗེ་ཐོ་བས་ས་ལ་གདབ་པའམ། གདབ་པའི་ཚུལ་བྱས་ལ། ཨོཾ་བཛྲ་མུཏྐ་ར་བཛྲ་ཀཱི་ལ་ཡཱ་ཀོ་ཊཱ་ཡ་ཧཱུྃ་ཕཊ༔ ཞེས་ཕུར་པ་བཏབ་པས་ས་དབང་དུ་བྱས་པར་བསམ། འདི་མ་བྱས་ཀྱང་ཆོག་གོ །དེ་ནས་ལྟོ་འཕྱེ་ཚུལ་བཞིན་བརྟག་ལ་ས་བརྐོས་ཏེ་ས་པྲ་བརྟག་པར་བྱ་ཞིང་། ས་ཡི་ཟུག་རྔུ་རྣམས་དབྱུང་ནས་སླར་འཐས་པར་བཅག་ལ་དེའི་དབུས་སུ་ཁུང་བུ་བརྐོས་ཏེ་རིན་པོ་ཆེ་སོགས་ཀྱི་གཏེར་སྦ་ཞིང་ཁོད་བསྙམས་ལ། ཅུང་ཟད་ཤར་དང་བྱང་དུ་གཞོལ་བའི་དཀྱིལ་འཁོར་གྱི་གཞི་མེ་ལོང་གི་ངོས་ལྟར་དྭངས་བའི་སྐྱང་ནུར་བྱ། དེ་ནས་སྦྱིན་སྲེག་དང་སྔགས་དང་ཕྱག་རྒྱ་ལྡན་པའི་སྟངས་སྟབས་སྣ་ཚོགས་ཀྱིས་ས་སྦྱངས་ཤིང་མཚོན་ཆ་ལྔས་བསྲུང་བར་བྱས་ལ། ལྷ་རྣམས་ཀྱི་འོད་ས་ལ་བསྟིམས་པས་ས་གཞི་དཀྱིལ་འཁོར་གྱི་རང་བཞིན་དུ་བསམ་པས་ཡོངས་སུ་བཟུང་བ་རྣམས་རྒྱས་པར་གཞན་ལས་ཤེས་པར་བྱ་ཞིང་། དེ་ཙམ་མི་དགོས་པའི་རིགས་ལ་ས་སྦྱང་བ་མདོར་བསྡུས་པ་ནི། རང་གི་ལག་མཐིལ་གཡས་པར་ཡི་གེ་ཧཱུཾ་བསྒོམ་པ་ལས་འོད་འཕྲོས་པས་ས་ཡི་ཟུག་རྔུ་སོགས་ཉེས་སྐྱོན་ཐམས་ཅད་བསལ་བར་བསམ་ལ། ལག་པས་ས་གཞི་དེར་ཆག་ཆག་བྱ་བའམ། དེའི་ཚུལ་བྱས་ལ། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ། ཅེས་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་པས་སྦྱང་། དེ་ནས་ས་གཞི་དེ་ནམ་མཁའི་རང་བཞིན་དུ་སྟོང་པར་དམིགས་ལ། ཨོཾ་བྷྲཱུ་ཁཾ་ཞེས་ཅི་རིགས་བརྗོད་དོ། །དེའི་ངང་ལས་ས་གཞི་


MR06_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་རང་བཞིན་ཅན་བྱུང་བའི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རྡོ་རྗེའི་ར་བ་དང་གུར་ལ་སོགས་པ་སྲུང་བའི་འཁོར་ལོས་ཡོངས་སུ་གཏམས་ཏེ་བར་ཆད་གང་གིས་ཀྱང་མི་ཚུགས་པའི་རང་བཞིན་དུ་བསམ་ལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླས་པར་བྱའོ། །དེ་ནས་ལྷའི་འོད་ཀྱིས་ས་ཕྱོགས་ཐམས་ཅད་དཀྱིལ་འཁོར་གྱི་རང་བཞིན་དུ་མོས་པའང་སྤྲོ་ན་བྱའོ། །དེ་ནས་དཀྱིལ་འཁོར་བཞེངས་པའི་སྟ་གོན་དུ། ཕུར་བུ་སྲད་བུ་ཚོན་ཕྱེ་བུམ་པ་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱས་ལ། སློབ་དཔོན་ལ་དཀྱིལ་འཁོར་བཞེངས་པར་གསོལ་བ་བཏབ་པ་སྤྲོ་ན་བྱ། རང་ཉིད་ལྷའི་ང་རྒྱལ་གྱིས་སྔགས་ཅུང་ཟད་བཟླས་ནས་ལག་པ་བཀྲུས་ལ་བ་ཡི་རྣམ་ལྔ་དང་དྲི་བཟང་སྦྱར་བས་དཀྱིལ་འཁོར་གྱི་གཞིར་ལག་པ་གཡས་པས་གཡོན་སྐོར་གྱི་ཚུལ་དུ་བྱུགས་ལ་ལག་པ་མ་བཏེགས་པར་མེ་ཏོག་དོར་བས་སྐད་ཅིག་གིས་གཞལ་ཡས་ཁང་སྲུང་བའི་འཁོར་ལོ་དང་བཅས་པར་བསྒོམ། དབུས་སུ་དྲིའི་ཐིག་ལེ་གྲུ་བཞིའི་སྟེང་དུ་མེ་ཏོག་གི་ཚོམ་བུ་བཞག་སྟེ་ལྷ་གང་ཡིན་གྱི་རྩ་སྔགས་བརྗོད་པས། སྐད་ཅིག་གིས་དཀྱིལ་འཁོར་གང་ཡིན་གྱི་ལྷ་ཐམས་ཅད་གསལ་བཏབ་ལ་གནས་གསུམ་བྱིན་གྱིས་བརླབས། ཡེ་ཤེས་པ་གཞུག །དབང་བསྐུར་ཞིང་རིགས་བདག་གིས་དབུ་བརྒྱན་པར་བསམ་ནས། སོ་སོའི་རྩ་སྔགས་ལ། ཆུ་གཉིས་ཉེར་སྤྱོད་དང་བཅས་པའི་སྔགས་སྦྱར་ཏེ་མཆོད། བཛྲ་གཎྚེ་


MR06_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱིས་རོལ་མོ་བྱ། ན་བཟའ་དང་གཏོར་མ་འབུལ་ཞིང་གསོལ་བ་གདབ་པའི་ཕྱིར། ལག་པ་གཡས་པས་རྡོ་རྗེ་དང་བཅས་པའི་བདུག་སྤོས་བཟུང་། གཡོན་དྲིལ་བུ་དཀྲོལ་ཞིང་། དཀྱིལ་འཁོར་གང་ཡིན་པ་དེའི་ལྷ་ཡི་གཙོ་བོ་ལ་ཕྱག་འཚལ་བ་དང་། དེའི་དཀྱིལ་འཁོར་འབྲི་བའི་ཁ་བསྒྱུར་ཤེས་པར་བྱས་ལ། གསང་བ་སྤྱི་རྒྱུད་ལས་གསུངས་པའི་ཚིག་འདི་བརྗོད་པར་བྱ་སྟེ། འདི་ཞེས་རིགས་གསུམ་མགོན་པོ་བཅོམ་ལྡན་འདས་སོགས་ཁ་བསྒྱུར། བྱ་བའི་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །བདག་ནི་བརྩེ་བར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་འབྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བ་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། བདག་མིང་འདི་ཞེས་བགྱི་བ་ཡིས། །སང་ནི་དཀྱིལ་འཁོར་ཆེན་པོའི་མིང་། །རིགས་གསུམ་མམ།


MR06_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་དབྱིངས་སམ། སང་ནི་འཇམ་དབྱངས་ཞེས་བྱ་བའི། དཀྱིལ་འཁོར་ཆེན་པོ་ཅི་ནུས་ཀྱིས། ཞེས་སོགས་ཁ་བསྒྱུར་བྱ། འདི་ཞེས་བྱ་བ་ཅི་ནུས་ཀྱིས། །ཆོ་ག་བཞིན་དུ་འབྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ཀྱིས་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་གསོལ་བ་ལན་གསུམ་བཏབ་པས་ལྷའི་གནང་བ་བྱིན་པར་བསམ། དེ་ནས་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །སྐབས་འདིར་ལྷ་བུམ་དང་ལས་བུམ་སྟ་གོན་བྱ་ན། རྣམ་རྒྱལ་བུམ་པར་དཀྱིལ་འཁོར་གྱི་ལྷ་དང་། ལས་བུམ་དུ་ལས་ལྷ་བདུད་རྩི་འཁྱིལ་པ་སོགས་བསྐྱེད་ལ་སོ་སོའི་བཟླས་པ་བྱ་བ་སོགས་སྤྱི་ལྟར་བྱའོ། །དེ་བཞིན་སློབ་མ་སྟ་གོན་གྱི་ཆོ་ག་དག་ཀྱང་བྱ་ན་གཞན་ལས་ཤེས་པར་བྱའོ། །མཐར་མཆོད་ཅིང་བསྟོད་ལ་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྟིམ་པར་བྱ། དེ་ནས་རེ་ཤིག་དཀྱིལ་འཁོར་གྱི་རྫས་རྣམས་དར་སོགས་ཀྱིས་བཀབ་སྟེ་གཞག་ནས། སང་ནང་པར་དཀྱིལ་འཁོར་གྱི་ཐིག་གདབ་པ་དང་། ཚོན་བཀྱེ་བ་མཚན་མ་འགོད་པ། རབ་ཏུ་གནས་ཤིང་སྦྱིན་སྲེག་གི་མཐར་ཐུག་པའི་མཆོད་པ་རྣམས་ཅི་རིགས་བྱ་ཞིང་། དཀྱིལ་འཁོར་དེར་སྒྲུབ་ཅིང་མཆོད་པ་དང་། སློབ་མ་རྣམས་ལ་དབང་བསྐུར་བ་སོགས་ཀྱི་ལས་བྱ་བ་ཡིན་ནོ། །ས་ཆོག་བསྡུས་པར་ས་ལྷའི་གཏོར་མ་བཏང་ནས། བགེགས་


MR06_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྲད། ཧ་ན་ཧ་ན་ཀྲོ་དྷས་ཀུན་རྫོབ་ཏུ་སྦྱང་བ་དང་། སྭ་བྷཱ་བས་དོན་དམ་པར་སྦྱང་བ་ཙམ་གྱིས་ཆོག་པར་མཛད་དོ། །དེ་ཡང་ཕྱི་རྒྱུད་རྣམས་སུ་བ་བྱུང་དང་དྲི་བཟང་གི་ཆག་ཆག་གདབ་པ་དང་། བླ་མེད་ཀྱི་དཀྱིལ་འཁོར་རྣམས་ལ་བདུད་རྩི་ལྔའི་ཆག་ཆག་གདབ་པ་སོགས་ཆོ་གའི་ཁྱད་པར་རྣམས་དང་། ས་ཆོག་ཀྱང་རྒྱས་བསྡུས་ཅི་རིགས་མཛད་པའི་ཕྱག་སྲོལ་སྣ་ཚོགས་ཡོད་ཀྱང་། འདི་ནི་བྱ་སྤྱོད་སོགས་དཀྱིལ་འཁོར་སྤྱི་ཡི་ས་ཆོག་སྙིང་པོ་བསྡུས་པ་སྟ་གོན་དང་བཅས་པ་ཡིན་ནོ། །ཚུལ་འདི་རུ་དམ་རྫོགས་ཆེན་དུ། འདུས་མདོའི་ཡན་ལག་བྱ་སྤྱོད་དང་ཡོ་གའི་སྒྲུབ་མཆོད་གསར་འཛུགས་ཀྱི་དཀྱིལ་ཆོག་གི་ས་སློང་རང་རྐང་བ་ཡོད་ན་ལེགས་ཞེས། བྱ་སྤྱོད་རིགས་གསུམ་དཀྱིལ་འཁོར་སྒྲུབ་པའི་བྱང་འདྲེན་པ། དགེ་སྦྱོང་འགྱུར་མེད་རྒྱ་མཚོས་ནན་ཏན་བསྐུལ་ངོར་གསར་རྙིང་གི་བླ་མ་གོང་མ་དག་གི་ཕྱག་བཞེས་བཞིན་སྙིང་པོར་དྲིལ་ཏེ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་ཞེས་པས་རུ་དམ་རི་ཁྲོད་དུ་ཕྲལ་མར་བྲིས་པ་དགེ་ལེགས་འཕེལ། ༈ །རྡོ་རྗེ་རྣམ་འཇོམས་ཀྱི་བུམ་ཁྲུས་བྱ་ཚུལ་དྲི་མེད་རབ་གསལ་བཞུགས་སོ། །ན་མ་ཙཎྚ་བཛྲ་པཱ་ཎ་ཡེ། རྣམ་འཇོམས་ཀྱི་བུམ་ཁྲུས་བྱ་བ་ལ། དང་པོར་བུམ་པ་བསྒྲུབ་པ་གཏེར་བདག་གླིང་པའི་བདུད་རྩིའི་ཆུ་རྒྱུན་བཞིན་ནམ་བསྡུ་ན་བདག་མདུན་སྐད་ཅིག་གིས་གསལ་བའི་ཚུལ་གྱིས་བསྒྲུབ་ལ། དེའི་ཚེ་མདུན་གྱི་ལྷའི་སྔགས་ཕྲེང་གི་འོད་ཟེར་བསྒྲུབ་བྱ་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བ་དང་། ཚེ་བསོད་ཡེ་ཤེས་ཐམས་ཅད་རྒྱས་པའི་དམིགས་པས་སྔགས་རྒྱས་བསྡུས་


MR06_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་གཅིག་གམ་བརྒྱ་རྩ་བཟླས། སྤྲོ་ན་ཞི་རྒྱས་ཀྱི་སྔགས་ཤམ་ཀྱང་གཞུང་ལྟར་སྦྱར། མཐར་བུམ་པའི་ལྷ་ལ་མཆོད་བསྟོད་དང་། འདས་མ་འདས་ཀྱི་གཏོར་འབུལ་བྱ་བའི་བར་སོང་ནས། དེ་ནས་གྲུབ་ན་བསྒྲུབ་བྱ་དེ་དང་པོར་ཤུ་ཏི་དང་ཉེ་ཤིང་འདག་རྫས་སྦྱར་བའི་ཆུས་བཀྲུ། ཕྱི་ནང་གི་གཙང་སྦྲར་ལྡན་པས་གོས་གསར་གྱོན། ལྷ་དང་གསང་སྔགས་ལ་ཕྱག་འཚལ་ཏེ་མདུན་དུ་འཁོད་པ་ལ། ཐོག་མར་སྦྱང་བ་གསུམ་དང་ཁྲུས་གསོལ་བྱ་ན་སྤྱི་ལྟར་བྱ། དངོས་གཞི་ཁྲུས་བྱ་བ་ནི། དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བོ་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་བཅུའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ སྤྱན་དྲངས་ལ། ཨོཾ་བཛྲ་བི་ད་ར་ཎ་ས་པ་རི་ཝ་ར་ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་གྱུར་པ་ནི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། སྤྱན་དྲངས་པའི་ལྷ་རྣམས་དང་བུམ་པའི་ལྷ་དབྱེར་མེད་པ་ནམ་མཁའ་གང་བའི་ལྷ་ཚོགས་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་ཁྲུས་མཛད་པས་ཁྱེད་རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བུ་ག་དང་བ་སྤུའི་ཁུང་བུ་རྣམས་ནས་དུད་


MR06_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་འཛག་པ་ལྟར་ནག་ཉིལ་གྱིས་ཐོན་ནས་ལུས་དུང་དཀར་པོའི་རྡུལ་ཕྱིས་པ་ལྟར་སྦྱངས་ཤིང་ཡེ་ཤེས་ཀྱི་བདུད་རྩིས་ངང་ཆིལ་གྱིས་གང་བར་མོས་ལ། བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཆུས། །སྐལ་ལྡན་སློབ་མའི་ལུས་ངག་ཡིད་གསུམ་ལ། །གནས་པའི་ནད་གདོན་དྲི་མའི་ཚོགས་བཅས་ཀུན། །བཀྲུ་བར་བྱའོ་བྱང་ཞིང་དག་གྱུར་ཅིག །ཨོཾ་བཛྲ་སྟྭ་སོགས་ཡིག་བརྒྱ་བཟླ་བཞིན་བུམ་པའི་ཆུས་ཁ་བཀྲུ་ཞིང་སྤྱི་གཙུག་ཏུ་བླུགས། ཧཱུྃ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོངས་མཛད་པ། །གཏོང་བའི་དྲི་ཡིས་ལེགས་བགོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །ན་མཿཙནྜ་བཛྲ་ཀྲོ་དྷཱ་ཡ༴ སོགས་ཉེ་སྙིང་ཚར་གཅིག་གི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་ཁྲུས་སྔགས་གདགས་པས་བཀྲུ། དེ་བཞིན་དུ། འདི་ནི་ཚུལ་ཁྲིམས༴ འཆལ་བའི༴ སྲུང་བ༴ ཁྲུས་ལེགས༴ སྔགས་དང་ཁྲུས་སྔགས། འདི་ནི་བཟོད་པའི༴ ཁོང་ཁྲོའི༴ བྱམས་པའི༴ ཁྲུས་ལེགས༴ སྔགས། འདི་ནི་བརྩོན་འགྲུས༴ ལེ་ལོའི༴ བརྩོན་པའི༴ ཁྲུས་ལེགས༴ སྔགས། འདི་ནི་བསམ་གཏན༴ རྣམ་གཡེངས༴ ཏིང་འཛིན༴ ཁྲུས་ལེགས༴ སྔགས། འདི་ནི་ཤེས་རབ༴ ཤེས་འཆལ༴ ཡེ་ཤེས༴ ཁྲུས་ལེགས༴ སྔགས། འདི་ནི་


MR06_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །ཞེས་བྱས་ལ་གཟུངས་ཀྱི་མཐར་ཁྲུས་སྔགས། སརྦ་པཱ་པཾ་བྷྱཿཤནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་བིགྷྣཾ་བྷྱཿཤནྟིཾ་ཀུ་རུ་སྭཱ་ཧཱ། སརྦ་བྱཱ་དྷི་བྷྱཿཤནྟིཾ༴ སོགས། སརྦ་ཨུ་པ་དྲ་བེ་བྷྱཿཤནྟིཾ༴ སརྦ་ཨ་ཀཱ་ལ་མྲྀ་དྱུ་བྷྱཿཤནྟིང༴ སརྦ་གྲ་ཧེ་བྷྱཿཤནྟིང༴ སརྦ་ཛྭ་རེ་བྷྱཿཤནྟིང༴ སརྦ་དུརྶ་སྣེ་བྷྱཿཤནྟིཾ༴ སརྦ་དུར་ནི་མི་ཏེ་བྷྱཿཤནྟིང༴ སརྦ་ཙིཏྟ་བྱཱ་ཀུ་ལེ་བྷྱཿཤནྟིང་ཀུ་རུ་སྭཱ་ཧཱ། ཞེས་དང་སྔགས་དེ་དག་བོད་སྐད་དུ་བྱས་ན་རིམ་པ་ལྟར། སྡིག་སྒྲིབ་ཐམས་ཅད་ཞི་བར་གྱུར་ཅིག །དེ་བཞིན་དུ། བགེགས་ཐམས་ཅད༴ ནད་ཐམས་ཅད༴ ཉེ་བར་འཚེ་བ་ཐམས་ཅད༴ དུས་མ་ཡིན་པར་འཆི་བ་ཐམས་ཅད༴ གདོན་ཐམས་ཅད༴ རིམས་ཐམས་ཅད༴ རྨི་ལམ་ངན་པ་ཐམས་ཅད༴ མཚན་མ་ངན་པ་ཐམས་ཅད༴ སེམས་ཀྱི་ཀུན་ནས་འཁྲུགས་པ་ཐམས་ཅད་ཞི་བར་གྱུར་ཅིག །ཞེས་པ་སྟེ་དེ་ལྟར་ཡང་ངག་ཏུ་བརྗོད་ཅིང་། གཞན་ཡང་གྲིབ་དང་མི་གཙང་བ་དང་བྱུར་དང་སྐལ་པ་ངན་པ་བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་པའི་དོན་བཞིན་ཕྱི་ནང་གི་དྲི་མ་ཐམས་ཅད་དག་པར་བསམ་ལ་བུམ་པའི་ཆུས་སྤྱི་བོ་ནས་བླུགས་ཏེ་བཀྲུ། གལ་ཏེ་དངོས་སུ་བཀྲུར་མི་རུང་ན་མེ་ལོང་སོགས་ལ་ཤར་བའམ་གཟུགས་


MR06_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་ལའང་བཀྲུར་རུང་བར་གསུངས། དེ་ལྟར་གཟུངས་ཚན་གསུམ་བསྒྲགས་པ་གསུམ་དང་བདུན་སོགས་དང་། སྙིང་པོ་དང་ཉེ་སྙིང་གི་མཐར་བཀྲུ་བའི་སྔགས་སྦྱར་ཏེ་དལ་ཁོམས་བསྟུན་ལ་བསྐྱར། མཐར་སྨེ་བརྩེགས་ཀྱི་སྔགས་དང་། ཨེ་ཧོ་ཤུདྡྷེ་སོགས་འབྱུང་བ་ལྔའི་ཁྲུས་སྔགས་ཀྱང་སྦྱར་ན་ལེགས་པའི་ཕྱག་སྲོལ་མཛད་མ་སྦྱར་ཡང་ཆད་སྐྱོན་མེད། དེ་ནས་བྱབས་པ་ནི། ཁྲུས་ཆུ་ཅུང་ཟང་ཁར་འཛིན་བཅུག་ལ། བྱབས་པ་དང་མཉམ་དུ་ཕྱིར་འདོར་དུ་བཅུག་སྟེ། སློབ་དཔོན་གྱིས་ཀུ་ཤ་དང་རྨ་བྱའི་སྒྲོ་ཆུན་རྡོ་རྗེ་དང་བཅས་པས་བྱབས་པའི་མོད་ལ་མདུན་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་བྱུང་བ་ཁྱེད་རང་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བསྡུས་ཏེ་མདུན་དུ་བྱབས་པར་གྱུར། ཁྲུས་གླུད་བྱེད་ན་མདུན་གྱི་ཁྲུས་གླུད་ལ་ཐིམ་པར་གྱུར་ཅེས་བརྗོད་ལ། ཀུ་ཤ་རྨ་བྱའི་སྒྲོ་ཆུན་རྡོ་རྗེ་དང་བཅས་པ་ལག་པ་གཡས་སུ་ཐོགས་པས་སྒྲུབ་བྱའི་སྤྱི་བོ་ནས་རྐང་པའི་བར་དུ་བྱབས་ལ། གཟུངས་རིང་ཐུང་གང་རིགས་མཐར། སརྦ་པཱ་པཾ་ཞེས་སོགས་ལ། ཨ་པ་ན་ཡེ་སྭཱ་ཧཱ། ཞེས་བཏགས་པ་དང་། སྡིག་སྒྲིབ་ཐམས་ཅད་བྱང་བར་གྱུར་ཅིག ནས། གཞན་ཡང་གྲིབ་དང་སོགས། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་བྱང་བར་གྱུར་ཅིག་ཅེས་སྦྱར་ལ་ལན་གཅིག་གམ་གསུམ་སོགས་བསྐྱར། ནད་གདོན་སྡིག་སྒྲིབ་ཐམས་ཅད་སོང་བར་བསམ། སྤྲོ་ན། འདོད་ཆགས་ཞེ་སྡང་གཏི་མུག་


MR06_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །འདི་དག་འཇིག་རྟེན་དུག་གསུམ་ཏེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །དཀོན་མཆོག་བདེན་པས་དུག་བཅོམ་མོ། །ཞེས་བརྗོད་ལ་བྱབས། སྭ་བྷཱ་ཝའི་སྔགས་ལན་གཅིག་བརྗོད་ལ་བསྒྲུབ་བྱའི་ལུས་ཀྱིས་མཚོན་པའི་ཆོས་ཀུན་མི་དམིགས་པའི་རང་བཞིན་རྗེས་སུ་དྲན་པར་བྱའོ། །ཁྲུས་གླུད་གཏོང་ན་བྱིན་བརླབ་བསྔོ་བ་སོགས་ཀྱིས་འདིར་བཏང་། དེ་ནས་བསྲུང་བ་ནི། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བསྒྲུབ་བྱའི་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་གོ་ཆས་གཏམས་སྟེ་ཅིས་ཀྱང་མི་ཤིགས་པར་གྱུར། ཅེས་བསམ་ལ། རྡོ་རྗེ་མགོ་བོ་དང་། མགྲིན་པ་སྙིང་ག་དཔུང་པ་གཡས་གཡོན་རྣམས་སུ་བཞག་ལ། སྙིང་པོའམ་གཟུངས་རིང་གི་མཐར། སརྦ་པ་པཾ་བྷྱཿརཀྵ་རཀྵ་སཱ་ཧཱ། སོགས་དང་། སྡིག་སྒྲིབ་ཐམས་ཅད་ལས་སྲུངས་ཤིག སོགས་ནས། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ་ཡེ་སྭཱ་ཧཱ། རྡོ་རྗེའམ་རྡོ་རྗེའི་ཕྱག་རྒྱ་སྤྱི་བོར་བཞག་ལ། །རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །རྡོ་རྗེ་རྣམ་པར་འཇོམས་པའི་ནུས་མཐུ་ཡིས། །འགྲོ་བ་འདི་དག་བདག་གིས་སྲུང་ཟིན་གྱིས། །ཕྱིན་ཆད་སུས་ཀྱང་གནོད་པར་མ་བྱེད་ཅིག །ཨོཾ་བཛྲ་རཀྵ་རཀྵ་སརྦ་བུདྡྷཱ་ཨ་དྷིཥྛ་ན་མ་ཙི་ཝརྟ་སྭཱ་ཧཱ། ཞེས་བརྗོད། དེ་ནས་བསྒྲུབ་བྱ་ལ་རང་གི་ལག་གི་རྡོ་རྗེ་ལ་འཛིན་དུ་


MR06_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་ནས། ཞི་བ་དང་དགའ་བའི་སེམས་ཀྱིས་ལོངས་ཤིག །ཞེས་བརྗོད་ལ་དེས་ཀྱང་ནད་གདོན་ཐམས་ཅད་ལས་ཐར་བའི་བསམ་པས་ལངས་ནས་སླར་རང་བཀྲ་ཤིས་པའི་སྟན་ལ་འཁོད་པ་ལ། ཕན་ཡོན་བསྒྲགས་པ་ནི། དེ་ལྟར་བགྱིས་པས་ཉི་ཟླ་གཟའ་ལས་གྲོལ་བ་བཞིན་དུ་ཁྱེད་རང་རྣམས་ནད་གདོན་སོགས་ལས་རྣམ་པར་ཐར་བའི་དབང་དུ་བྱས་ནས། སྡིག་པ་ཐམས་ཅད་བྱང་བྱས་ནས། ཞེས་པ་ནས། སྡིག་པ་ཀུན་ལས་རྣམ་པར་ཐར། ཞེས་པའི་བར་བརྗོད་པས་སྤྲོ་བ་བསྐྱེད་ལ། དེས་ཀྱང་ཡིད་ཆེས་པའི་དད་པས་བཀའ་དྲིན་དྲན་པར་བྱའོ། །དེ་ནས་མཐའ་རྟེན་བཀྲ་ཤིས་པར་བྱ་བའི་སླད་དུ། བཀྲ་ཤིས་པའི་རྫས་བརྒྱད་སྦྱིན་པའམ། བསྡུ་ན། ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་བརྗོད་པའི་མཐར། སྐྱེས་བུ་འདི་དག་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་གྱུར་ཅིག། ཛ་ཡ་ཛ་ཡ་སུ་ཛ་ཡནྟུ་སྭཱ་ཧཱ། ཞེས་བརྗོད་ཅིང་། མེ་ཏོག་གི་ཆར་དབབ་བོ། །སླར་བུམ་པའི་ལྷ་ལ་མཆོད་བསྟོད་དང་ནོངས་བཤགས་བྱས་ལ། བུམ་པའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་བསྡུས་ནས་ལས་ཀྱི་ཁྲོ་བོའི་སྐུར་ལྡང་ལ། སྨོན་ལམ་ཤིས་བརྗོད་བྱ་ཞིང་ཡོ་བྱད་རྣམས་བསྡུའོ། །དེ་ལྟར་གཏེར་བདག་གླིང་པ་སོགས། །སྔ་འགྱུར་བརྒྱུད་པའི་ཕྱག་སྲོལ་ལ། །བཀྲུ་བྱབས་སྲུང་གསུམ་ཚང་བ་ཡི། །ཁྲུས་ཀྱི་ལག་ལེན་འདི་ལྟར་ལགས། །བླ་མ་རྣམས་ཀྱི་ཕྱག་


MR06_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

སྲོལ་ལྟར་ཡི་གེར་དཀྱུས་གཅིག་ཏུ་མི་ཕམ་པས་ཞེ་ཆེན་དུ་བྲིས་པ་དགེ་ལེགས་འཕེལ་ལོ། ༈ །ཀླུ་མཆོད་པའི་ཆོ་ག་བདེ་ལེགས་དཔལ་སྟེར་བཞུགས་སོ། །ན་མོ་པདྨཱ་ཀ་རཱ་ཡ། འདིར་ས་ལ་བརྟེན་པའི་མི་རྣམས་ནི་ས་དང་ཆུའི་བྱེད་ལས་ལ་གཙོ་བོར་བརྟེན་ནས་འཚོ་ཞིང་དེ་ཡི་བདག་པོ་ས་བདག་ཀླུ་གཉན་རྣམས་དང་འགྲས་པ་ཞི་ཞིང་བདེ་ལེགས་འབྱུང་བའི་སླད་དུ་ཀླུ་མཆོད་པར་འདོད་པས་དཀྱིལ་འཁོར་པདྨ་འདབ་བརྒྱད་ལ། དཀར་མངར་འབྲས་ཟན་ལས་བྱས་པའི་དབུས་སུ་ཆུ་བདག་ཝ་རུ་ཎ། འདབ་མ་བརྒྱད་ལ་ཀླུ་ཕོ་མོ་བརྒྱད་ཀྱི་གཟུགས་སམ་མཚོན་བྱེད་གཏོར་ཟླུམ་རེ་བཀོད། ཕྱོགས་བཞིར་རིགས་བཞིའི་གཉན་དང་ས་བདག་བཀོད། བག་ཟན་གཙང་མ་དཀར་གསུམ་མངར་གསུམ་གྱིས་སྦྲུས་པའི་གཏོར་མ་གྲངས་མང་། འོ་མ་དང་ཆུ་སྣ་ལ་སྦྱར་བའི་དཀར་གསུམ་མངར་གསུམ་གྱི་ཨརྒྷཾ། གཟུགས་འགྲོས་སྣ་ཚོགས། རིན་པོའི་ཆེའི་བུམ་པ་ཀླུ་སྨན་གྱིས་གང་བ། ཤིང་རྩི་བལ་ཚོན་དར་ཟབ། མེ་ཏོག་འབྲས་བུ་རིན་ཆེན་སྣ་ཚོགས། ཤེལ་ཚིག་གཟུགས་བགྲོས་སོགས་ཀླུ་ལ་འོས་པའི་མཆོད་པ་གཙང་མ་ཇི་འབྱོར་དང་། ཉེར་སྤྱོད་གཙང་མ་བཤམས། བསྡུ་ན་འོ་ཆབ་ཀླུ་སྨན་གཏོར་མ་ཙམ་ལ་བརྟེན་པར་རུང་ངོ་། །མཆོད་པ་རྣམས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་བཀོད་པས་མཛེས་པའི་ནང་དུ་འབྲུ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་ཀླུ་རྣམས་དགྱེས་པ་སྐྱེད་པའི་


MR06_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་བཟའ་བཏུང་འབྱོར་བ་ཡོ་བྱད་མཁོ་དགུ་མ་ཚང་བ་མེད་པ་ནམ་མཁའ་མཛོད་ཀྱི་རང་བཞིན་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་དང་། ནམ་མཁའ་མཛོད་ཀྱི་སྔགས་སོགས་དང་། ཨ་ཀཱ་རོས་དེ་ལྟར་བྱིན་གྱིས་བརླབས། མདུན་དུ་རིན་པོ་ཆེའི་གཞལ་ཡས་ཁང་འདོད་དགུ་ཕུན་སུམ་ཚོགས་པའི་དབུས་སུ། པདྨ་འདབ་མ་བརྒྱད་ཀྱི་དབུས་ཀྱི་གེ་སར་ལ། ཆུ་བདག་ཝ་རུ་ཎ་དཀར་པོ། འདབ་མ་བརྒྱད་ཀྱི་ཤར་དུ་མཐའ་ཡས་སྔོན་པོ། ལྷོར་ནོར་རྒྱས་སེར་པོ། ནུབ་ཏུ་འཇོག་པོ་དམར་པོ། བྱང་དུ་སྟོབས་རྒྱུ་ནག་པོ། ཤར་ལྷོར་པདྨ་དཀར་པོ། ལྷོ་ནུབ་ཏུ་པད་ཆེན་སེར་པོ། ནུབ་བྱང་དུ་དུང་སྐྱོང་དམར་སྐྱ། བྱང་ཤར་དུ་རིགས་ལྡན་ལྗང་ཀུ་སྟེ། དེ་ཐམས་ཅད་སྟོད་ལྷའི་ལུས་ཅན་ཞལ་གཅིག་ཕྱག་གཉིས་སྤྲུལ་མགོ་བདུན་གྱི་གདེངས་ཀ་ཅན། སྐུ་སྨད་སྤྲུལ་མཇུག་ཏུ་འཁྱིལ་བ། ཕྱག་ཐལ་མོ་སྦྱར་བས་ནོར་བུ་འཛིན་པ། ལྷ་རྫས་དར་དང་རིན་པོ་ཆེས་རྒྱན་གྱིས་སྤྲས་ཤིང་རང་རང་གི་བཙུན་མོ་དང་སྲས་དང་འཁོར་གྱི་ཚོགས་སུ་ལྡན་པར་བསྒོམ། པདྨ་འདབ་བརྒྱད་ཀྱི་ཕྱོགས་བཞིར་རིགས་བཞིའི་ས་བདག་ཀླུ་གཉན་ཐམས་ཅད་མདོག་དང་གཟུགས་སྣ་ཚོགས་པའི་ཚུལ་དུ་གནས་པ་དང་། གཞན་ཡང་ཡུལ་རིས་


MR06_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཕྱོགས་གང་ཡིན་གྱི་ཀླུ་དང་ས་བདག་ལ་སོགས་པ་མདོར་ན་སྲིད་པ་ཀླུའི་སྡེ་ཚོགས་ཐམས་ཅད་མ་ཚང་བ་མེད་པར་བསམ། རང་ཡི་དམ་མམ། དཔལ་སེང་གེ་སྒྲའམ་རྟ་མགྲིན་དང་ཕྱག་རྡོར་གང་རུང་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་སོ་སོའི་གནས་ནས་སྤྱན་དྲངས་ཏེ་དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ་པར་བསམ་ལ་འདོད་རྒྱལ་གྱི་ཕྱག་རྒྱ་བཅིངས་ཏེ། ཀྱེ། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང་། །བསྟན་ལ་རབ་དགའ་མཐུ་རྩལ་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་པ་འདིར་གཤེགས་ཤིག །ཨོཾ་བ་ཏ་ལི་བ་ཏ་ལི་མ་ཧཱ་བ་ཏ་ལི་ཧཱུྃ་ཧཱུྃ་ཛ་ཛཿསྭཱ་ཧཱ། ཞེས་གསུམ་མམ་བདུན་བཟླས་པས་དངོས་སུ་བྱོན་པར་བསམ་ལ། པདྨ་ཀ་མ་ལ་ཡ་སཏྭཾ་གྱིས་གདན་ཕུལ་ཏེ། བདེ་བར་གཤེགས་པའི་ཞལ་མཐོང་བསྟན་པ་སྲུང་། །མགོན་པོ་ཀླུ་ཡི་རྒྱལ་པོ་འཁོར་བཅས་རྣམས། །བདག་ལ་བརྩེ་བའི་སླད་དུ་འདིར་གཤེགས་ཏེ། །དགྱེས་པར་བཞུགས་ཤིང་མཆོད་པ་བཞེས་སུ་གསོལ། །ཨོཾ་མ་ཧཱ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཤཔྟ་པྲ་ཏིཙྪ་སྭཱ་ཧཱ། ཞེས་མཆོད་ཅིང་། ཀླུ་ཀུན་དུ་དགའ་བའི་ཕྱག་རྒྱ་བསྟན་པར་བྱ་སྟེ། གང་ཞེ་ན་རྒྱུད་ལས་གསུང་བ་ལྟར། གཡོན་པའི་སོར་མོ་དབུས་མ་གསུམ་ཁུ་ཚུར་བཅངས། མཐེ་བོང་


MR06_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐེའུ་ཆུང་བརྐྱང་། གཡས་པའི་སོར་མོ་ལྔ་གདེངས་པར་བྱས་ལ་གཡོན་པའི་མཐེ་བོང་གི་རྒྱབ་ནས་བཞག་པ། ཀླུ་ཡི་ལུས་སྦྲུལ་གྱི་གདེངས་ག་ཅན་གྱི་རྣམ་པར་བྱས་པ་འདི་ཉིད་བཅང་ལ། ཨོཾ་ཧི་ལི་ཧི་ལི་མ་ཧཱ་ཧི་ལི་ཕྲུཾ་ཕུ་སྭཱ་ཧཱ། མཐར་སེ་གོལ་དང་བཅས་པ་ལན་གསུམ་དང་། ཨོཾ་བྷ་ཀྵ་ཡ་བྷ་ཀྵ་ཡ་ས་མ་ཡ་ཏིཥྛ་ཕྲུཾ་ཕུ་སྭཱ་ཧཱ། ལན་གསུམ་སོགས་ཀྱིས་གཏོར་མ་བསྔོ། དེ་ནས་དཀར་མངར་གྱི་ཨརྒྷཾ་བསྒྲེང་ནས་བྱང་ཆུབ་སེམས་ཀྱི་བདུད་རྩིས་ཀླུ་ཐམས་ཅད་མཉེས་པར་བསམ་ལ། ཨོཾ་བ་སུ་ཀི་མཾ་སྭཱ་ཧཱ། བུམ་པའི་ཀླུ་སྨན་བསྒྲེང་ནས་ཡེ་ཤེས་ཀྱི་བདུད་རྩི་བདེ་བ་ཆེན་པོས་ཀླུ་ཡི་ནད་དང་གནོད་པ་ཐམས་ཅད་ཞི་སྟེ་བཀྲག་མདངས་དང་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པར་བསམ་ལ། ཨོཾ་ནཱ་ག་དེ་བ་སྭཱ་ཧཱ། ཅེས་ཅི་རིགས་འབུལ། མཆོད་པ་སྣ་ཚོགས་འབུལ་བ་ནི། ཨོཾ། ཀླུ་རྒྱལ་ཆུ་རྒྱུད་སྣ་ཚོགས་ནས་བཏུས་པའི་ཚིག་གོ །བདག་ཝ་རུ་ཎ། །མཐའ་ཡས་དང་ནི་ནོར་རྒྱས་བུ། །འཇོག་པོ་དང་ནི་སྟོབས་ཀྱི་རྒྱུ། །པདྨ་པདྨ་ཆེན་པོ་དང་། །དུང་སྐྱོང་དང་ནི་རིགས་ལྡན་དང་། །ལྷ་མོ་ལྷ་མོ་ཆེན་པོ་དང་། །ཟླ་བའི་སྤྱི་གཙུག་སྤྱི་གཙུག་ཆེ། །དབྱུག་འཛིན་དབྱུག་འཛིན་ཆེན་པོ་དང་། །སོག་མ་མེད་དང་ཧུ་ལུཎྜ། །དགའ་བོ་དང་ནི་ཉེ་དགའ་བོ། །རྒྱ་མཚོ་རྒྱ་མཚོ་ཆེན་པོ་དང་། །ཚ་བ་ཚ་བ་ཆེན་པོ་དང་། །དཔལ་གྱི་འོད་དང་འོད་པོ་ཆེ། །རིན་ཆེན་འོད་དང་གཟུགས་མཛེས་དང་། །གཟུགས་མཛེས་


MR06_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྦྲུལ་བཟང་དང་། །ལྟོ་འཕྱེ་ཆེན་པོ་ཚི་ལི་དང་། །ཚི་ལི་ཆེན་པོ་ལ་སོགས་པ། །ཀླུ་ཆེན་འཁོར་དང་བཅས་པ་དང་། །ཆུ་ལྷ་ཀླུ་གཉན་ས་བདག་ལ། །མཐུན་པའི་དམ་རྫས་ཡིད་འོང་བ། །དཀར་གསུམ་མངར་གསུམ་གསོ་བའི་སྨན། །རིན་ཆེན་དར་དང་ཟ་འོག་དང་། །དཔག་བསམ་ཤིང་དང་འདོད་འཇོའི་བ། །ཡིད་བཞིན་རིན་ཆེན་མཆོད་པའི་སྤྲིན། །སྣ་ཚོགས་ཁྱེད་ལ་ཕུལ་བ་ཡིས། །ཐུགས་ཀྱི་དགྱེས་པ་སྐོང་གྱུར་ཅིག །ཀྱཻ། ཚུར་བྱོན་ཚུར་བྱོན་ཀླུ་ཚོགས་རྣམས། །ཁྱེད་ཀྱི་ཞལ་ཟས་ལོངས་སྤྱོད་དང་། །ནཱ་ག་གེ་སར་ནཱ་ག་པུས། །རྒྱ་མཚོའི་དབུ་བ་ཨུཏྤ་ལ། །དབང་ལག་ཆུ་སྲིན་སྡེར་མོ་སོགས། །མཐུན་པའི་དམ་རྫས་སྣ་ཚོགས་དང་། །དངོས་བཤམས་ཡིད་སྤྲུལ་མཆོད་པ་རྣམས། །མགྲོན་གྱི་དམ་པར་ཁྱེད་དམིགས་ཏེ། །བདག་ཉིད་དད་པས་མཆོད་ལགས་ཀྱིས། །བཞེས་ཤིག་རོལ་ཅིག་ཀླུ་ཡི་ཚོགས། །རྒྱན་གྱི་མཆོད་པ་འདི་བཞེས་ཤིག །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །ནཱ་ག་རཱ་ཛ་ས་མ་ཡ་ཨ་མྲྀ་ཏ་སརྦ་ཁ་ཁ་ལེ་ལེ། ཞེས་མཆོད་ལ། འདུན་པའི་སྒོ་ནས་སྨོན་ལམ་གདབ་པ་ནི། ཧྲཱིཿ བདེ་ཆེན་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། གསར་རྩོམ། སྣ་ཚོགས་མཆོད་པའི་དམ་རྫས་ཡིད་འོང་བ། །ནོར་བུའི་རྒྱལ་པོ་རྒྱ་མཚོའི་སྤྲིན་རྣམས་ཀྱིས། །ནམ་


MR06_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་དབྱིངས་ཀུན་རྒྱས་པར་བཀངས་ནས་སུ། །རྣམ་མང་གཟུགས་མངའ་ཀླུ་ཡི་ཕོ་བྲང་དུ། །སྤོས་ཀྱི་སྤྲིན་ལྡངས་བདུད་རྩིའི་ཆར་འབེབས་ཤིང་། །ཡེ་ཤེས་འོད་ཟེར་སྣང་བས་རབ་ཁྱབ་ནས། །ཡིད་བཞིན་འདོད་དགུའི་ལོངས་སྤྱོད་འབྱུང་བར་ཤོག །དེ་ཡི་མོད་ལ་ཀླུ་རྣམས་ཞ་གྲུམ་དང་། །དབང་པོ་ཉམས་སོགས་ནད་དང་གནོད་པའི་ཕྱོགས། །ཀུན་ལས་ཐར་ཏེ་བདེ་དགའ་རྒྱ་མཚོ་དང་། །བྱང་ཆུབ་སེམས་ལྡན་ཐེག་ཆེན་ཆོས་ཐོབ་ཤོག །དེ་ཡི་མཐུ་ལས་བདག་ཅག་ཡོན་མཆོད་རྣམས། །ཀླུ་ཡི་ནད་གདོན་གནོད་པ་ཀུན་ལས་གྲོལ། །ཀླུ་དང་འཁོན་འགྲས་འཁྲུག་པ་བྱང་གྱུར་ནས། །དཔལ་ལྡན་ཀླུ་དབང་ཚོགས་ཀྱིས་སྐྱོང་གྱུར་ཅིག །རིན་ཆེན་ས་གཞིར་ཆུ་གཏེར་ཟབ་མོའི་འཇིངས། །སྣ་ཚོགས་ནོར་བུའི་ཕོ་བྲང་ཡིད་འོང་བར། །ལྷ་མོ་བརྟན་མ་ས་བདག་ཀླུ་ཆེན་ཚོགས། །དགྱེས་པའི་སྐུ་མཆོག་མཐོང་ན་རབ་དགའ་བ། །ཡིད་བཞིན་ནོར་བུ་མཆོག་ཏུ་འོད་འབར་བའི། །དཔལ་དང་གཟི་བརྗིད་ཕྱྭ་དང་གཡང་གི་བཅུད། །བདག་དང་སྦྱིན་བདག་རྣམས་ལ་ཞུགས་གྱུར་ནས། །དཔལ་དང་སྐལ་བཟང་མཆོག་ཏུ་སྤེལ་བར་མཛོད། །དེ་ནས་བསྟོད་པ་ནི། ཧཱུྃ། ཆུ་བདག་ཆེན་པོ་སྤྲུལ་པའི་དམ་ཚིག་ཅན། །མཐའ་ཡས་ནོར་རྒྱས་ལ་སོགས་ཀླུ་དབང་རྣམས། །རྒྱ་མཚོ་ཆུ་གཏེར་


MR06_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པའི་འཇིངས་ཆེན་གནས། །རིན་ཆེན་སྣ་ཚོགས་ཡིད་འོང་སྤྲས་པ་ཡི། །གཞལ་ཡས་འབྱོར་པ་ཕུན་ཚོགས་གནས་ན་བཞུགས། །སྦྲུལ་མགོའི་གདེངས་ཀ་རབ་འབར་རིན་ཆེན་གསལ། །ཡིད་འོང་ནོར་བུ་འདོད་པ་ཀུན་གྲུབ་པ། །རང་གཞན་ཕུན་ཚོགས་དོན་རྣམས་སྟེར་བའི་དཔལ། །འོད་འབར་ས་འོག་མུན་པ་མ་ལུས་སེལ། །དུ་མའི་བསྐལ་པར་ཡོན་ཏན་སྦྱང་བ་ཡིས། །ཀླུ་རྒྱལ་འབྱོར་པ་མཆོག་ལ་མངའ་བརྙེས་པ། །བསམ་གྱིས་མི་ཁྱབ་རྫུ་འཕྲུལ་མཆོག་བརྙེས་པའི། །ཡོན་ཏན་བསམ་གྱིས་མི་ཁྱབ་ཁྱོད་ལ་བསྟོད། །སངས་རྒྱས་བཀའ་ཐོབ་དད་པའི་སྟོབས་འཕེལ་བ། །སངས་རྒྱས་སར་གནས་སྒྲུབ་ལ་ནན་ཏན་བྱེད། །ཐབས་དང་ཤེས་རབ་འབྲེལ་བས་གཞན་དོན་མཛད། །བདག་གཞན་དོན་སྒྲུབ་ཁྱོད་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་སྤྱན་སྔར་ཁས་བླངས་དམ་བཅས་ཏེ། །བསྟན་པ་སྲུང་ཞིང་འགྲོ་རྣམས་བསྐྱང་བའི་ཕྱིར། །ཁས་བླངས་མནའ་ཕུལ་དམ་བཅས་དྲན་གྱིས་ལ། །ཕྲིན་ལས་དོན་གྱིས་བདག་གཞན་དོན་སྒྲུབ་མཛོད། །ཅེས་ཕྱག་རྡོར་གསང་བ་མངོན་བསྟན་གྱི་རྒྱུད་ལས་གསུངས་པ་འདིས་བསྟོད་པར་བྱའོ། །དེ་ནས་འདོད་དོན་གསོལ་བ་ནི། ཨོཾ། དཔལ་ལྡན་ཀླུ་ཡི་དབང་པོ་འཁོར་བཅས་ཀྱིས། །རྣལ་འབྱོར་བདག་ཅག་ལྟོས་


MR06_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཅས་པ་ལ། །རྟག་ཏུ་ལྷ་དང་དཔལ་དང་མགོན་མཛད་དེ། །གདུག་པ་ཀླུ་ཡི་ནད་དང་གནོད་པ་སོགས། །མི་འདོད་ཉེར་འཚེ་མ་ལུས་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་འཕེལ་བ་དང་། །ཁྱད་པར་ཀླུ་གཡང་དངོས་གྲུབ་རྒྱ་ཆེན་པོས། །ཡིད་ཀྱི་རེ་བ་ཡོངས་སུ་སྐོང་བར་མཛོད། །ཅེས་དང་། སྒྲོལ་མ་ཀུ་རུ་ཀུལླེའི་རྒྱུད་ལས་གསུངས་པ། ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཐོག་ཕུན་སུམ་ཚོགས་པར་ཤོག །འཇིག་རྟེན་མཐའ་དག་སྐྱིད་པ་དང་། །རྒྱལ་པོ་ཆོས་དང་ལྡན་གྱུར་ཅིག །ཞེས་སོགས་སྨོན་ལམ་བཏབ། དེ་ནས། ཨོཾ་མ་ཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་གཙྪ། ཅེས་པས་དཀར་ཕྱོགས་ཀྱི་ཀླུའི་རྒྱལ་པོ་འཁོར་བཅས་རང་གནས་སུ་གཤེགས། མཁའ་ལྡིང་གི་རྒྱས། ཨོཾ་ག་རུ་ཊ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། ཞེས་ནག་པོའི་ཀླུ་རྣམས་བསྐྲད་དེ་མཚམས་བཅད་ལ་བཀྲ་ཤིས་སོགས་བརྗོད་པར་བྱའོ། །འདི་ནི་དོན་ཆེ་སྟེ་འཛམ་བུ་གླིང་པ་རྣམས་ཀྱི་འབྱོར་པ་ཀླུ་ལ་རག་ལས་པའི་ཕྱིར་ཟས་ནོར་དཔལ་འབྱོར་འཕེལ་བ་དང་། ནད་ཞི་བ་དང་། བདེ་བ་ཕུན་སུམ་ཚོགས་པ་འཐོབ་པའི་ཕྱིར་རོ། །སྐབས་འདིར་ཀླུའི་ནད་གདོན་ཞི་བའི་ཆེད་ཡིན་ན། གོང་གི་བསྟོད་པའི་རྗེས་སུ། ཀླུ་རྒྱལ་འཁོར་དང་བཅས་པ་ཡིས། །མཆོད་སྦྱིན་བཟང་པོ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས་རྒྱུ་སྦྱོར་ཡོན་བདག་ཀླུ་ཡི་ནད་དང་གནོད་པ་ལས། །མྱུར་བ་ཉིད་དུ་


MR06_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ནས་ཀྱང་། །ཞིང་དང་བཀྲ་ཤིས་བདེ་ལེགས་མཛོད། །ཞེས་སྦྱར་ལ། རང་དང་ཀླུ་རྣམས་ཀྱི་སྟེང་གི་ནམ་མཁར་དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོ་སོགས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་དང་། འཇམ་དཔལ་མཆོག་སྦྱིན་རྡོ་རྗེ་དང་། ས་ཡི་སྙིང་པོ་དང་། རི་ཡི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་སོགས་བྱང་ཆུབ་སེམས་དཔའི་ཚོགས་རྣམས་དཔང་པོའི་ཚུལ་དུ་དམིགས་ལ་དེ་རྣམས་ཀྱི་མཚན་ནས་བརྗོད་ཅིང་ཕྱག་འཚལ་བས་སངས་རྒྱས་བྱང་སེམས་དེ་དག་གི་སྐུ་ཡི་འོད་ཟེར་དམིགས་བྱ་དང་ཀླུ་རྣམས་ལ་ཕོག་པས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་དུ་འཁོན་འགྲས་འཁྲུགས་པ་ཅི་བྱུང་བ་ཐམས་ཅད་སོར་ཆུད་དེ་ཀླུ་ཐམས་ཅད་བདེ་བའི་དཔལ་ཚད་མེད་པ་དང་ལྡན་པར་བསམ་ལ། ཀླུའི་དཔང་སྐོང་སོགས་བཤགས་པའི་རིགས་དང་ཀླུ་བདེ་བ་སྦྱིན་པའི་གཟུངས་སོགས་ཅི་ནུས་བཟླས་པས་ཀླུ་དང་འགྲས་ནས་གནོད་ཚབས་ཇི་ལྟར་ཆེ་ཡང་སོར་ཆུད་ཅིང་ཞི་བ་དང་བདེ་ལེགས་སུ་འགྱུར་ཏེ་མཐར་ཀླུ་གཤེགས་གསོལ་བྱའོ། །སྐབས་འདིར་ཀླུའི་བྱད་དང་གདོན་ཁྲོལ་བྱེད་པར་འདོད་ན། གོང་ལྟར་མཆོད་ཅིང་བསྟོད་པའི་རྗེས་སུ། ཀླུ་རྒྱལ་འཁོར་དང་བཅས་པ་ཡིས། །མཆོད་སྦྱིན་བཟང་པོ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོགས། །བྱད་དང་གདོན་ལས་གྲོལ་བར་གྱིས། །ཀླུ་ཡི་ནད་རྣམས་


MR06_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་མཛོད། །ཕྱིས་ཀྱང་མི་བྱེད་དམ་ཆོས་ལ། །སོ་སོའི་གནས་སུ་འགྲོ་བར་གྱིས། །འདི་ནི་རྡོ་རྗེ་འཆང་གི་བཀའ། །འདི་ལས་འདས་ན་ཀླུ་རྒྱལ་རྣམས། །སྙིང་འཚིག་མགོ་བོ་འགས་འགྱུར་ཏེ། །ལུས་ལ་བསྐལ་པའི་མེ་འབར་ནས། །སྡུག་བསྔལ་འགྱུར་ན་མ་ལེགས་པས། །དམ་ལས་འདའ་བར་མ་བྱེད་ཅིག །ནཱ་ག་རཱ་ཛ་ས་མ་ཡ་ཨ་བྷེ་ཥིཉྩ་བཛྲ་ཙནྜ་མ་ཧཱ་རོ་ཥ་ཎ་བཛྲ་པཱ་ཎི་ཧཱུྃ་ཕཊཿ ཀླུ་རྣམས་དམ་ཚིག་སྒྲུབ་པ་པོས། །དེ་བཞིན་བྱས་ན་ཀླུ་ནད་རྣམས། །སྐད་ཅིག་ཉིད་ལ་འབྱང་འགྱུར་ཏེ། །སྒྲུབ་པོ་བདེ་བར་འགྱུར་བ་ཡིན། །དེ་བས་འདི་ལ་བརྩོན་པར་གྱིས། །ཞེས་ཕྱག་ན་རྡོ་རྗེ་གསང་བ་མངོན་པར་བསྟན་པའི་རྒྱུད་ཀྱི་རྒྱལ་པོ་ལས་གསུང་བའི་དོན་ཏོ། །དེ་ནས་ཀླུ་རྣམས་ཀྱི་གཟུགས་དང་སྦྲེལ་བའི་སྐུད་པ་སྔོ་དམར་གྱིས་བསྒྲུབ་བྱའི་ལུས་དང་སྲིན་ལག་ལ་བཅིངས་ཏེ་བཞག་རྨ་བྱའི་སྒྲོ་ཆུན་དང་སྨྱག་ཤད་ལྕུག་མའི་ཕོན་པོ་དང་བཅས་པའི་བྱབས་རྫས་དང་། བཅུད་ལྡན་གྱི་བུམ་པར་ལྷ་བསྐྱེད་བཟླས་བྱས་པ་ཡང་བཤམས། རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་པས་གདུག་པ་ཀླུའི་གདོན་དང་བྱད་མ་ལུས་པ་དཀྲོལ་བར་བསམ་ལ། རྩ་སྔགས་ལ། ཧཱུྃ་ནཱ་ག་རཱ་ཛ་ས་མ་ཡ་ཛ་ཛཿ ཤིག་ཤིག་ཁྲོལ་ཁྲོལ་ཆོད་ཆོད་བྱད་ཁྲོལཿ ཞེས་བརྒྱ་རྩ་ལ་སོགས་པ་ཅི་ནུས་པར་བཟླས་ལ། དེ་ནས་བདག་མདུན་ལྷའི་འོད་ཟེར་ཡེ་ཤེས་ཀྱི་བདུད་རྩིས་ནད་གདོན་སྡིག་སྒྲིབ་ཐམས་ཅད་


MR06_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུས་པར་བསམ་ནས་བུམ་པའི་ཆུས་ཁྲུས་བྱ་ཞིང་རྣམ་འཇོམས་སོགས་སྔགས་བཟླའོ། །དེ་ནས་བྱབས་རྫས་རྨ་བྱའི་སྒྲོ་ཆུན་སོགས་ཀྱིས་བྱབས་པས་ཀླུ་ཡི་དུག་དང་གདོན་ཐམས་ཅད་ནག་ཉིལ་གྱིས་བསྡུས་ཏེ་བ་སྤུའི་བུ་ག་དང་ལུས་ཀྱི་སྒོ་རྣམས་ནས་ཐོན་པར་བསམ། གླུད་བྱེད་ན་དེ་ལ་བསྟིམ། ཡི་དམ་གང་ཡིན་གྱི་རྩ་སྔགས་དང་། ཧྲཱིཿནཱ་སེངྒེ་སྒྲའི་གཟུངས་ལས་གསུངས་སོ། །ག་ལེ་ལེ། ནཱ་ག་དུཾ་པ་ལེ་ལེ། ནཱ་ག་ཕུ་ཏ་ཕུ་ཏ། ཧ་ལེ་ཧ་ལེ། ཧཱ་ལ་ཧཱ་ལ། སྥུ་ཊ་སྥུ་ཊ། ནཱ་ག་ཁྲོལ་ཁྲོལ་ཤིག་ཤིག་སྭཱ་ཧཱ། ཀླུ་དང་ལོག་འདྲེན་ཐམས་ཅད་ཀྱི་ཡིད་ཀྱི་དུག་དང་། མཐོང་བའི་དུག་དང་། བཅིངས་པའི་དུག་དང་། ཁ་རླངས་ཀྱི་དུག་དང་། རེག་པའི་དུག་དང་། དུག་ཐམས་ཅད་ཕྱིར་ཕུད་ཅིག་སྭཱ་ཧཱ། དུག་འདིར་མ་འདུག་ཅིག །སྦྱིན་པར་བྱེད་པའི་གན་དུ་སོང་ཤིག །འཛིན་པའི་གན་དུ་སོངས་ཤིག །མེའི་ནང་དུ་སོངས་ཤིག །ཆུའི་ནང་དུ་སོངས་ཤིག །ཞི་བར་གྱུར་ཅིག་སྭཱ་ཧཱ། ཞེས་བརྒྱ་རྩ་ལ་སོགས་པ་བཟླས་ལ་བྱབས། དེ་ནས་ལྷའི་ང་རྒྱལ་གྱིས་རལ་གྲི་ཐོགས་ཏེ། རྩ་སྔགས་དང་། ནཱ་ག་རཱ་ཛ་བྱད་ཆོད་ཁྲོལ༔ ཞེས་བྱས་ལ་ཚོན་སྐུད་རྣམས་དུམ་བུར་བཅད་དེ། ཀླུ་གཟུགས་རྣམས་ཀྱི་རྩར་བཞག་ལ་གཤེགས་གསོལ་བྱ་བའམ། གླུད་བྱེད་ན་དེའི་རྩར་བཞག་ལ་གླུད་བྱིན་གྱིས་བརླབ་ཤིང་སམྦྷ་ར་དང་མཚན་བཞིའི་གླུད་བདག་རྣམས་ལ་བསྔོ་ཞིང་ཁྱེར་ཅིག་སོགས་ཚིགས་བཅད་བརྗོད། དེ་ནས་


MR06_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་གཟུགས་དང་གླུད་རྣམས་ལྷན་ཅིག་གནོད་པའི་ཕྱོགས་སུ་གཤེགས་པར་བྱའོ། །ཡང་ན་བྱད་ཐག་ཚོན་སྐུད་དུམ་བུ་དེ་རྣམས་སེང་ལྡེང་དང་རྒྱ་ཤུག་གི་མེ་སྦར་བའི་དབུས་སུ་བསྲེགས་ནས། ཡེ་ཤེས་ཀྱིས་མེས་བསྲེགས་པར་བསམ་ལ། རྩ་སྔགས་དང་། ཀླུའི་གདོན་དང་དུག་དང་བྱད་ཐམས་ཅད་ཨགྣི་ཡེ་ཛྭ་ལ་རཾ། ཞེས་བྱས་ལ་མི་དམིགས་པར་བསམ། ཀླུ་གཟུགས་རྣམས་ཀླུ་གནས་སར་གཤེགས་པས་ཀླུའི་གདོན་ལས་གྲོལ་བར་འགྱུར་རོ། །འདི་ནི་ཤིན་ཏུ་གལ་ཆེ་སྟེ་དུས་སྙིགས་མར་ཀླུ་དང་འགྲས་ནས་དེས་གནོད་པ་མང་བ་དང་། གཞན་གྱིས་གཏད་མནན་བྱས་པའམ། རང་དང་སྔོན་ལས་དང་འཕྲལ་རྐྱེན་གྱིས་ཀླུ་དང་འགྲས་ནས་ཀླུས་གནོད་པ་བྱུང་ན་ནད་དེ་དག་ཡུན་རིང་པོར་ཡང་ཐབས་གཞན་གྱིས་འཚོ་དཀའ་བ་ལ། ཚུལ་འདིས་བདེ་རླག་ཏུ་ཞི་ཞིང་གསོ་ནུས་པའི་ཕྱིར་རོ། །དེ་ཡང་རྡོ་རྗེ་ས་འོག་གི་རྒྱུད་ལས། ཀླུ་དང་གནོད་སྦྱིན་ས་བདག་གི་ནད་མཛེ་སོགས་གསོ་བར་ཞུས་པའི་ལན་དུ་བཀའ་སྩལ་བ། མདོ་སྡེས་ནི་ལས་ཀྱི་རྣམ་པར་སྨིན་པ་མི་བཟློག་ལ་སྔགས་ཀྱིས་བཟློག་པས་ཁྱད་པར་དུ་འཕགས་སོ། །དེ་ལ་ཀླུ་ཞེས་པ་ཉོན་མོངས་པ་གཏི་མུག་ཤས་ཆེ་བས་ཆགས་པ་དང་ཞེ་སྡང་ཡང་ཆེ་སྟེ། གཏི་མུག་གི་དབང་གིས་གཉིད་ཆེ་བ་དང་། ཞེ་སྡང་གི་དབང་གིས་སྐྱེ་བ་བདུན་དུ་མི་གཏོང་བ་དང་། ཆགས་པའི་དབང་གིས་ཆགས་པ་ལ་གནས་པའི་ལུས་ལ་ཞུགས་ནས་མི་གཏོང་བའོ། །ཀླུ་གདོལ་པ་ཅན་གྱིས་མཐོང་བ་ཙམ་གྱིས་ནད་བསྐྱེད་དོ། །རིགས་གསུམ་ནི་རེག་པ་ཙམ་གྱིས་ནད་བསྐྱེད་དོ། །


MR06_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་བྲན་རྣམས་ནི་སྟེང་སྒོ་གསུམ་ནས་ཞུགས་ནས་ལུས་ཀྱི་བཅུད་ཟ་བར་བྱེད་དོ། །ཞེས་གསུངས་ཤིང་དེ་ལྟ་བུའི་ནད་གསོ་བའི་ཐབས་འདི་ནི་གསང་སྔགས་ཀྱི་རྒྱུད་དང་གུ་རུ་པདྨའི་མན་ངག་ཡང་དག་པའོ། །དེ་ལྟར་ཀླུ་མཆོད་པའི་ཆོ་ག་ཡན་ལག་དང་བཅས་པ་འདི་ནི་རབ་ཚེས་ས་ཕག་ཟླ་བ་དགུ་པའི་ཚེས་གཉིས་ལ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེས་སྤེལ་བ་དགེ་ལེགས་འཕེལ། འདི་ཡི་དམ་གང་ལའང་སྦྱར་དུ་རུང་ཡང་གཙོ་བོ་རྟ་མགྲིན་ནམ། ཕྱག་རྡོར་རམ། སེང་གེ་སྒྲའམ། འཇམ་དཔལ་མཆོག་སྦྱིན་རྡོ་རྗེ་ལ་བརྟེན་ན་ལེགས་སོ། །བཀྲ་ཤིས། ཀླུའི་ཕྱི་ནོར་བརྒྱད་ནི། དཀར་གསུམ་མངར་གསུམ། པུ་ཤེལ་ཙེ། རྒྱ་མཚོའི་ལྦུ་བ་བཅས་སོ། །ནང་ནོར་བརྒྱད་ནི། རིན་ཆེན་སྣ་ལྔ། འབྲུ་གསུམ། མཆོག་ནོར་བརྒྱད་ནི། ཞོ་ཤ་གསུམ། ཆུ་སྲིན་སྡེར་མོ། ཤིང་མངར། མངར་གསུམ་ཡིན་ཅེས་འདུག་ཡིག་རྙིང་ནའོ། ༈ །ཀླུ་ཆེན་ནོར་རྒྱས་ཀྱི་བུམ་སྒྲུབ་བཞུགས་སོ། །ན་མོ་བུདྡྷཡ། འབྱོར་པ་རྒྱས་པའི་ཕྱིར་ཀླུ་ཆེན་ནོར་རྒྱས་ཀྱི་བུམ་པ་བསྒྲུབ་པར་འདོད་པས། བུམ་པ་བཅའ་ལུགས་ཟུར་དུ་གསལ་བ་ལྟར་ལེགས་པར་གྲུབ་ནས་སྒྲུབ་པའི་ཚེ། དགེ་སློང་གཙང་མའམ་སྔགས་པ་ནུས་ལྡན་ལྔས་ཡར་ངོ་ཚེས་བཟང་ཀླུ་ཐེབས་ལ་ཤ་ཆང་ལྒོག་ཙོང་སྤངས་ཕྱག་བསྐོར་བྱས་ཏེ་བདག་བསྐྱེད་བླངས་ཁ་ལྷོར་བལྟས་ནས་འབྲས་ཚོམ་སྟེང་མཉྫིའི་ཁར་བུམ་པ་བཞག་ལ་མཆོད་པས་བསྐོར་བར་བྱའོ། །དེ་ནས་བུམ་པ། ཨོཾ་ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རིན་


MR06_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་གཏེར་གྱི་བུམ་པ་རྒྱ་ཁྱོན་སྟོང་གསུམ་དང་མཉམ་ཞིང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཟླ་ཞུན་ལྟ་བུས་གང་བའི་ནང་དུ། དཔག་བསམ་ཤིང་གི་སྐྱེད་མོའི་ཚལ་མེ་ཏོག་དང་སྨན་སྣས་དཀྲིགས་པའི་དབུས་སུ་རིན་པོ་ཆེའི་གཞལ་མེད་ཁང་བཀོད་པ་ཚད་མེད་པས་མཛེས་པའི་ཕྱི་རོལ་དུ། རིན་ཆེན་རི་བོ། བདུད་རྩིའི་རྫིང་བུ། འདོད་འཇོའི་བ་མོ། མ་རྨོས་ལོ་ཐོག །གཏེར་གྱི་ཁུང་བུ། འདོད་ཡོན་འབྱུང་བའི་སྤྲིན་ལ་སོགས་པ་ཞིང་ཁམས་རབ་འབྱམས་ཀྱི་དཔལ་དང་འབྱོར་པ་མ་ཚང་བ་མེད་པས་བརྒྱན་པར་གྱུར་བའི་ཕོ་བྲང་ཆེན་པོ་དེ་ཡི་དབུས་སུ། སྣ་ཚོགས་ནོར་བུའི་ཁྲི་ཡི་སྟེང་དུ་པདྨ་དཀར་པོ་ཡངས་པའི་གདན་གྱི་དབུས་སུ། བྃ་ཡིག་གསེར་མདོག་ཟུང་ཡོངས་སུ་གྱུར་པ་ལས། ཀླུ་ཆེན་པོ་ནོར་རྒྱས་ཡབ་ཡུམ་དུ་གྱུར་པ་ནི་ཡབ་གསེར་མདོག་འཁོར་ལོས་སྒྱུར་བའི་གཟུགས་ཅན། ཕྱག་གཡས་ནོར་བུ་འོད་འབར་བ་དང་། གཡོན་གཏེར་གྱི་བུམ་པའི་ཁ་རྒྱན་མེ་ཏོག་ཨུཏྤ་ལས་སྤྲས་པ་འཛིན་པ། ཡུམ་སེར་མོ་མཛེས་ཚུལ་སྦྲུལ་མགོ་ལྔ་ཡི་གདེངས་ཀ་ཅན། ཕྱག་གཉིས་ཐལ་མོ་སྦྱར་ཏེ་ཡབ་ལ་གཟིགས་པ། གཉིས་ཀའང་ལྷ་རྫས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་སྤུད་པ། ཞབས་ཕྱེད་སྐྱིལ་གྱིས་བཞུགས་


MR06_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་གསེར་རྩི་ཁ་དོག་ལྟ་བུའི་འོད་ཟེར་འཕྲོ་བའོ། །དེའི་འཁོར་དུ་ཀླུ་ཆེན་པོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའི་གཙོ་བོ་ཡབ་ཡུམ་གྱི་གནས་གསུམ་འབྲུ་གསུམ་དང་ཐུགས་ཀར་ཟླ་བ་ལ་བྃ་སེར་པོས་མཚན་པར་གྱུར། རང་གི་ཐུགས་ཀ་དང་མདུན་བསྐྱེད་ཀྱི་གནས་གསུམ་གྱི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོ་ནས། ཀླུ་ཆེན་ནོར་རྒྱས་ཡབ་ཡུམ་འཁོར་དང་བཅས་པ་སྦྱན་དྲངས་ཏེ་མདུན་གྱི་སྐུ་གཟུགས་ལ་ཐིམ་པར་གྱུར། ཨོཾ། བདེ་བར་གཤེགས་པའི་ཞལ་མཐོང་བསྟན་པ་སྲུང་། ནོར་རྒྱས་ནོར་བུའི་མཛོད་མངའ་བཙུན་མོར་བཅས། །བདག་ལ་ཕན་ཕྱིར་དད་པས་སྤྱན་འདྲེན་ན། །ཚུར་གཤེགས་རྟེན་འདིར་དགྱེས་པར་བཞུགས་སུ་གསོལ། །ཨོཾ་བ་སུ་ཀི་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བྃ་ཧོཿལན་གསུམ་སྦྱན་དྲངས་སྤོས་བཏུལ་རོལ་མོ་བྱ། སྤྱན་དྲངས་པའི་ལྷ་རྣམས་རྟེན་དང་གཉིས་སུ་མེད་པར་གྱུར། །ཅེས་བརྗོད་ལ། གུར་གུམ་གྱིས་སྦག་པའི་འབྲུ་དཀར་འཐོར་ཞིང་། ཡེ་དྷ་རྨ་བརྒྱ་རྩ་བརྒྱད་ཀྱིས་རབ་གནས་བྱའོ། །དེ་ནས་དཀར་མངར་གྱི་མཆོད་པ་བྱིན་གྱིས་བརླབས་ལ་འབུལ། གཏོར་མ་བསྔོ་བ་སོགས་བྱ། མཆོད་བསྟོད་གདེང་ཀ་ནོར་བུ་འབར་སོགས། ཡབ་གྱི་ཐུགས་ཀར་ཟླ་བ་ལ་བྃ་སེར་པོའི་མཐར་སྔགས་ཀྱིས་བསྐོར་


MR06_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

བ་བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་འོད་ཟེར་གསེར་མདངས་ཕྱོགས་བཅུར་ཁྱབ་པས་སྣོད་བཅུད་ཀྱི་ཕྱ་གཡང་དཔལ་འབྱོར་ཐམས་ཅད་དང་ཁྱད་པར་དུ་འོག་ཕྱོགས་ཀླུ་ཡི་ཕྱྭ་གཡང་མ་ལུས་པ་བསྡུས་ཏེ་བདག་དང་རྟེན་ལ་ཐིམ་པས་འདོད་རྒུའི་དཔལ་ཡོན་རབ་ཏུ་རྒྱས་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ། ཨོཾ་བ་སུ་ཀི་མཾ་སྭཱ་ཧཱཿ ཞེས་དང་། ཨོཾ་བ་སུ་ཀི་ནཱ་ནཱ་ཁ་དྷེ་སིདྡྷི་ཧཱུྃ༔ཞེས་བཟླའོ། །མཆོད་བསྟོད་མཐར། ཀླུ་ཡི་རྒྱལ་པོ་ནོར་རྒྱས་བཙུན་མོར་བཅས། །རྟེན་མཆོག་འདི་ལ་རྟག་ཏུ་བཞུགས་མཛད་ནས། །གང་དུ་གནས་པའི་ཕྱོགས་དར་དཔལ་འབྱོར་ཀུན། །ཡོངས་སུ་འདུ་ཞིང་འཕེལ་དང་རྒྱས་པར་མཛོད། །ཅེས་གསོལ་བ་རྩེ་གཅིག་བཏབ་མེ་ཏོག་འཐོར། དེ་ནས་མེ་ཏོག་འཐོར་ཞིང་ལངས་ཏེ། ཕུན་སུམ་ཚོགས་པ་སོགས་བཀྲ་ཤིས་བརྗོད་དོ། །དེ་ལྟར་ཚར་གསུམ་བྱས་པས་ལེགས་པར་བསྒྲུབ་པར་འགྱུར་རོ། །ཞེས་པའང་དགོས་པ་ཁྱད་པར་ཅན་གྱི་ཕྱིར་མི་ཕམ་པས་དཀར་མོ་སྟག་ཚང་དུ་བྲིས་པ་དགེ། ༈ །།དེ་ལྟར་བུམ་པ་ལེགས་པར་བསྒྲུབ་ནས། རྒྱུན་དང་དུས་སུ་དཀར་མངར་གཙང་མའི་མཆོད་པས་མཆོད་ཅིང་བསྟོད། དུས་དུས་སུ་བུམ་པ་ལ་སྒྲུབ་པ་བསྐྱལ། མཆོད་བའི་ཚེ་དཀར་མངར་ཟ་ཞིང་གཙང་སྦྲ་ལྡན་པར་བྱ། དེས་འབྱོར་པ་དབྱར་ཆུ་ལྟར་འཕེལ་བར་ཐེ་ཚོམ་མེད་དོ། །ཞེས་ཀྱང་སྨྲས་སོ་དགེ །


MR06_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་ལོངས་སྤྱོད་འཕེལ་བའི་ཐབས། །བྲེ་གང་ཤོང་བའི་རྫའི་བུམ་པར། །ནང་དུ་སྦྲ་ཚིལ་གཙང་མ་ལ། །ཀླུ་རྒྱལ་ནོར་རྒྱས་སྐུ་སོར་བརྒྱད། །འཁོར་ལོས་སྒྱུར་བའི་གཟུགས་ཅན་ལ། །ཕྱག་གཡས་རཏྣ་འབར་བ་དང། །གཡོན་པ་གཏེར་བུམ་ཁ་ལོ་ལ། །མེ་ཏོག་ཨུཏྤལ་བསྣམས་པ། །བ་དམར་ར་དཀར་འོ་མ་དང་། །གི་ཧང་ཕྱུགས་ཏེ་ཡུམ་ལ་འཁྱུད། །ཡུམ་གྱི་སྐུ་ཡང་སྦྲ་ཚིལ་ལ། །སོར་བཅུ་སྦྲུལ་མགོ་ལྔ་གདེངས་ཅན། །ཐལ་སྦྱར་ཡབ་ལ་གཟིགས་པའི་ཚུལ། །གཉིས་ཀ་རིན་ཆེན་རྒྱན་གྱིས་སྤྲས། །བུམ་བའི་ནང་དུ་བཅུག་བྱས་ལ། །ཕྱུག་བཙན་བདུན་ནམ་གསུམ་གྱི་ནི། །འབྲུ་སྣ་བླངས་དང་རིན་ཆེན་ལྔ། །དུག་རིགས་མིན་པའི་སྨན་གྱི་སྣ། །དར་ཟབ་ལ་སོགས་གཙང་མ་དང་། །ནོར་ལྷའི་མིང་དང་འཇིག་རྟེན་གྱི། །ཆེ་བཙན་ཕྱུག་པའི་མིང་བྲིས་བཅུག །བུད་མེད་གཞོན་ནུ་རུས་བཟང་ལ། །མྱ་ངན་མ་ཕོག་བུ་བཙས་དང་། །བ་དམར་ར་དཀར་འོ་མས་བཀང་། །ཡར་ངོ་ཀླུ་ཐེབས་ཚེས་གྲངས་བཟང་། །ཚུལ་ཁྲིམས་ལྡན་པའི་དགེ་འདུན་ནམ། །ཡང་ན་བསྙེན་སོང་རྟགས་རྙེད་པའི། །སྔགས་པ་གང་རུང་ལྔ་ཡིས་ནི། །ཤ་ཆང་སྒོག་ཙོང་ལ་སོགས་སྤངས། །ཕྱག་བསྐོར་བྱས་ཏེ་བདག་བསྐྱེད་བླང་། །ཁ་ལྷོར་བསྟན་ཏེ་འབྲས་ཚོམ་སྟེང་། །མཉྫིའི་སྟེགས་ཁར་བུམ་པ་བཞག །ལྷོ་ཕྱོགས་རྒྱ་མཚོ་ཆེན་པོ་ནས། །ཀླུ་རྒྱལ་ནོར་རྒྱས་ཡབ་ཡུམ་རྣམས། །སྤྱན་འདྲེན་


MR06_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པར་ལན་གསུམ་བསྟིམ། །རྟེན་སྙིང་རབ་གནས་དཀར་མཆོད་ཕུལ། །གཏོར་གཙང་བསྔོས་ཤིང་བརྟན་བཞུགས་དང་། །ལོངས་སྤྱོད་འཕེལ་བའི་གསོལ་བ་འདེབས། །བཀྲ་ཤིས་བརྗོད་པའི་བུམ་པ་དེ། །གང་དུ་སྦ་བའི་སྟེང་ལོགས་སུ། །ཉི་ཟླ་མཆོད་རྟེན་ཞིག་འབྲིའོ། ༈ །གཞན་ཡང་ཆུ་དཀོན་ཡུལ་ཡིན་ན། །རྫ་བུམ་གསར་པ་ཕུལ་གང་ཤོང་། །དེ་ལ་རྒྱལ་ཆེན་བཞི་ལ་ནི། །བུར་མ་འབྲུ་སྣ་ཀླུ་སྨན་དང་། །ཆང་མར་བླུགས་ལ་རིན་ཆེན་གྱི། །གཞལ་ཡས་ཁང་དུ་བྱིན་གྱིས་བརླབས། །ཆུ་མིག་སྟེང་སྦ་རྒྱ་ཤོག་ལ། །ཀླུ་ནི་ཕོ་མོའི་གཟུགས་སྤྲུལ་གཉིས། །གཉིས་ཀའི་སྙིང་གར་ཕུཿརེ་བྲིས། །སྐྱེར་ཤིང་ལ་བཏགས་ཆུ་མིག་དེ། །ཀླུ་ཡི་གཞལ་ཡས་ཁང་དུ་བརླབས། །ཤར་ནས་ཕོ་མོའི་ཀླུ་གཉིས་དགུག །ཆུ་མིག་ཀླུ་ཡི་ཕོ་བྲང་བསྟིམ། །ཀླུ་གཏོར་མངའ་གསོལ་གཞི་བདག་བརྔན། །འབྲུ་ཕྱུགས་ཆུ་རྒྱས་གསོལ་བ་བཏབ། ༈ །ཀླུ་ཆེན་ནོར་རྒྱས་ཀྱི་མཆོད་བསྟོད་ཀླུ་དབང་ཀུན་ཏུ་དགའ་བའི་སྒྲ་དབྱངས་བཞུགས་སོ། །རྒྱལ་བའི་ཞལ་མཐོང་རྒྱལ་བསྟན་སྲུང་མཛད་པ། །ནོར་རྒྱས་ནོར་བུའི་ཆར་འབེབ་དབུལ་བ་སེལ། །དཔལ་འབྱོར་འཛད་མེད་དཔལ་གྱིས་མངོན་མཐོ་བ། །ཀླུ་དབང་ཀླུ་ཡི་མགོན་པོ་གཤེགས་སུ་གསོལ། །གསེར་གྱི་མདངས་ལྡན་ལྷ་མཆོག་གཞོན་ནུའི་ལུས། །ལྷ་རྫས་དར་དང་རིན་ཆེན་རྒྱན་གྱིས་སྤྲས། །འཆར་ཁའི་འོད་ཟེར་དྲ་བས་རྣམ་མཛེས་པ། །སྐྱེ་དགུའི་མིག་གི་བདུད་རྩིར་


MR06_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ཁྱོད། །ལང་ཚོའི་དབང་ཕྱུག་མ་དང་ལྷན་ཅིག་ཏུ། །དགྱེས་ཞལ་ཟླ་བ་འཛུམ་པའི་འོད་དཀར་གྱིས། །སྙིང་ལ་བདུད་རྩིའི་བཅུད་ལེན་སྩོལ་བཞིན་དུ། །གནས་འདིར་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །གུས་པའི་ཡིད་ཀྱིས་དངོས་སུ་བཤམས་པ་རྣམས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་པས། །ཡིད་བཞིན་འདོད་དགུར་འཆར་བའི་མཆོད་པ་ནི། །ཕྱོགས་བཅུ་ཀུན་ནས་སྤྲིན་བཞིན་གཏིབ་བྱས་པའི། །ནོར་བུའི་རྒྱལ་པོ་རྒྱ་མཚོའི་སྤྲིན་རྣམས་ཀྱི། །འོད་ཟེར་དྲ་བ་མཛེས་པའི་མུ་ཁྱུད་དང་། །ནམ་མཁའི་འཁོར་ཡུག་མཉམ་པར་གྱུར་པ་ཡིས། །དཔལ་ལྡན་ཀླུ་ཡི་དབང་པོ་ཁྱོད་མཆོད་དོ། །རྣམ་མང་དགའ་བའི་གར་བཅས་རྡོ་རྗེའི་གླུས། །ཆེ་བའི་ཡོན་ཏན་རྒྱ་མཚོར་བསྔགས་པ་དང་། །ལྷན་ཅིག་སྙན་འཇེབས་རོལ་མོའི་ཚོགས་གྱི་སྒྲས། །ས་གསུམ་གཡོ་བ་སྙམ་དུ་བསྟོད་པར་བགྱི། །རིན་ཆེན་རི་འདྲ་གཟི་བརྗིད་མཚུངས་མེད་སྐུ། །དཔག་བསམ་ཤིང་ལྟར་བསམ་པའི་རྗེས་འགྲོའི་དབྱངས། །རྫོགས་ལྡན་སྤྲིན་བཞིན་རེ་བ་རྫོགས་མཛད་ཐུགས། །ནོར་བུའི་གཏེར་མཚུངས་ནོར་གྱི་འབྱུང་གནས་མཆོག །བདུད་རྩིའི་རྒྱུན་མཚུངས་རྒྱུན་ཆད་མེད་པར་ནི། །བུམ་པ་བཟང་ལྟར་བཟང་དགུའི་མཆོག་རྣམས་ཀྱང་། །


MR06_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་འཇོའི་བ་བཞིན་འདོད་དགུར་རྩོལ་བ་ཡི། །ནོར་སྦྱིན་ནོར་གྱི་དབང་ཕྱུག་ཁྱོད་ལ་འདུད། །ཐུབ་དབང་རྒྱལ་པོ་ཤཱཀྱའི་བསྟན་པའི་མཐར། །དབུལ་བའི་སྐལ་པ་ལྷག་པར་བདོ་བའི་ཚེ། །གདུང་བའི་དབྱངས་ཀྱིས་འབོད་པ་གསན་མཛོད་ལ། །འདོད་དགུའི་ཆར་རྒྱུན་མྱུར་དུ་འབེབས་པར་མཛོད། །བདུན་རྩིའི་སྤྲིན་ཆེན་གློག་གི་དྲ་བ་ཅན། །ཟབ་མོའི་སྒྲ་དང་ལྡན་པ་འདིར་ནི་འོ། །རྒྱ་མཚོ་ཆེན་པོ་རྣམས་ཀྱང་འཕེལ་ཞིང་འཕེལ། །ན་བུན་གཡོ་བས་ཕྱོགས་ཀྱི་གོ་སྐབས་བཅིངས། །གསེར་ལྡན་དགའ་མའི་ལྟོ་བ་རིན་ཆེན་དང་། །རྩི་བཅུད་འབྲས་བུའི་ཚོགས་ཀྱིས་ཡོངས་གང་བར། །ས་སྟེང་སྐྱེ་བོ་དགའ་བའི་སྒྲ་འབྱིན་པའི། །ལས་འདིར་མཐུ་དང་ལྡན་པ་ཁྱོད་མིན་ནམ། །སྟོན་ཀའི་ཟླ་རྒྱས་དང་འདྲ་དྲི་མེད་པའི། །སྙིང་རྗེའི་འོད་ཟེར་གསལ་བས་འགྲོ་ཀུན་ལ། །ཕན་འདོད་བསམ་པས་ཀླུ་མཆོག་ཁྱོད་བསྐུལ་ན། །རེ་བའི་འབྲས་བུ་དེང་འདིར་མཆིས་པར་མཛོད། །མཁའ་ལྟར་ཡངས་བའི་འབྱོར་བ་ཐོབ་པ་དང་། །བསོད་ནམས་ཚད་མེད་ས་ལས་སྨན་ལྟར་འཕེལ། །བདེ་བའི་ལོངས་སྤྱོད་རྒྱ་མཚོའི་ཆུ་ལྟར་འབྱིན། །ཕུན་ཚོགས་དཔལ་ཡོན་རྒྱས་པའི་དངོས་གྲུབ་སྩོལ། །ཅེས་པ་འདི་རབ་ཚེས་ལྕགས་སྟག་ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ལ་འཇམ་དཔལ་རྡོ་རྗེས་འཕྲལ་དུ་བྲིས་པ་མངྒ་ལཾཿ


MR06_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ལེགས་བར་བསྡུར་རྒྱ་ཆེར་དགེ་ལེགས་འཕེལ་ལོ། ༈ །ཆར་སློ༷ང་ཟབ་མོ་བཞུགས་སོ། །འདིར་རྟ་མགྲིན་གྱི་རྒྱུད་ནཱ་ག་ཀླུ་འདུལ། དྲེགས་འདུལ་ལས་མཐའ་སོགས་དང་གུ་རུ་པདྨའི་མན་ངག་ཟབ་གཏེར་རྣམས་དགོངས་པ་མཐུན་པར་གྱུར་པའི་གདམས་པ་ནི། དང་པོ་ཀླུ་གནས་པའི་སར་སོང་ལ་བྱང་སེམས་བསྐྱེད་དཀར་གསུམ་སྦྲང་རྩིར་བཅས་པས། སྟེགས་བུར་པདྨ་འདབ་བརྒྱད་དབུས་སུ་དཀར་གཏོར་བཤམས། འདབ་བརྒྱད་ཀླུ་བརྒྱད་དང་། མུ་ཁྱུད་ཀླུ་ནོར་གྱི་གཟུགས་སྣ་ཚོགས་འགོད། ཀླུ་རྣམས་བསྐྱེད་ལ་སྤྱན་དྲང་བསྟིམ། གཏོར་མ་འབུལ། ཆུ་གཏོར་སྤང་སྐོང་སྤྲིན་ཆེན་བཀླག །ཀླུ་རྣམས་དགྱེས་ཤིང་ཆར་དབབ་བསམ། ཆར་པ་མོད་ན་དེ་ཙམ་གྱིས་ཀྱང་འབབ། དེ་ནས་ཞི་བས་དབབ་པ་ནི། དཀར་གསུམ་མངར་གསུམ་བག་ཕྱེའི་རིལ་བུ་བརྒྱ་རྩ་བརྒྱད་བྱས་ལ། ཀླུ་སྨན་འོ་མ་བཅས་ལོགས་སུ་བཤམས། གསེར་དངུལ་རིན་པོ་ཆེའི་སྣོད་དུ་བླུགས། མནྜལ་ཁར་བཞག་ལ་བཟླས་པ་བྱ། རིལ་བུ་རེ་རེ་ལ་སྔགས་བརྒྱ་རྩ་བརྒྱད་ཐེམ་ནས། ཨོཾ་ནཱ་ག་ཀཱ་ལ་ཧཱུྃཿནཱ་ག་ལེ་ལེ་དུམ་པ་ལེ་ལེ་ནཱ་ག་རཱ་ཛ་ཧཱུྃ་ཕཊཿ རྒྱུན་སྒྲུབ་བྱེད་ན་ཆར་འབེབས་རིལ་བུ་སྔར་རྒྱལ་གྱི་ཟླ་བའི་ནང་དུ་སྒྲུབ་ཟིན་པར་བྱས་ལ། འདི་སྐབས་རང་ཆུ་བདག་ཝ་རུ་ཎར་བསྒོམ་པའི་ཞལ་ཤེས་ལོགས་སུ་ཡོད། བྷ་རི་ཤ་སོགས་ཁ་བསྒྱུར་སྦྱར། མཆན། རྫ་གསར་པར་བླུག སླར་ནམ་དགོས་ཆུ་


MR06_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ནང་དུ་བླུགས་པས་འབེབ། དེ་སྐབས་མཛེ་ཡུགས་སོགས་མི་གཙང་བ་ལ་འཛེམ་ཞེས་གསུང་འདུག་གོ །རིལ་བུ་ཆུ་མིག་ནང་དུ་བླུགས་པས་ངེས་པར་འབེབས་སོ། །དྲག་འབེབ་ནི་གླ་རྩི་གཙོད་ཁྲག་ཡུགས་སའི་མངལ་ཁྲག་བཙན་དུག་གྭ་དོར་ལྔ་ཆ་མཉམ་ཞིབ་བཏགས་རིལ་བུ་སྲན་མ་ཙམ་སྨྱུག་ཚིགས་ནང་དུ་བཅུག་ཁ་ལ་ཆས་དམ་པར་བཅད། གཡག་རོག་རྩིད་པའི་སྐུད་པས་རྒྱ་གྲམ་དུ་བཅིངས། རྡོ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པ་འོག་ཏུ་བཏིང་། གླིང་བཞི་རི་རབ་བྲིས་པས་སྟེང་ནས་མནན་ཏེ་ཆུ་མིག་ནང་དུ་བཞག །རང་ཕྱག་རྡོར་རམ་རྟ་མགྲིན་གྱི་ང་རྒྱལ་གྱིས་ཀླུ་ཐམས་ཅད་གཟིར་ཞིང་བསྐུལ་བས་ཁ་རླངས་སྤྲིན་དུ་འཁྲིགས་ཏེ་ཆར་ཆེན་པོ་བབ་པར་བསམ་ལ། ཆར་དབབ་སྡུད་ཀྱི་སྔགས་འདི་བཟླ། ཐུམ་ཐུམ་ཆེམ་ཆེམ་བཛྲ་ཁ་ཕྱིར་ཆདཿ ཏིང་ངེ་འཛིན་གྱིས་གཟིར་བས་ཞག་གསུམ་ན་ངེས་པར་འབེབ། དེ་ནས་རྫས་བཏོན་ཤུལ་ཆུ་གཏོར་མང་དུ་བཏང་ལ་བླུག །ཀླུ་སྨན་འོ་མ་བླུག་ལ་གསོ། ཨོཾ་ནཱ་ག་དེ་བ་སྭཱ་ཧཱཿ མང་དུ་བཟླས་པས་ཀླུ་གསོའོ། །དེས་ཀྱང་མ་ཕེབ་ན། ཤིན་ཏུ་དྲག་པོའི་འབེབ་ལུགས་ནི། མཚན་ངན་ཐོད་ནང་ཤ་སྣ་སྙིང་སྣ་ཁྲག་སྣ་དུག་སྣ་རྙེད་ཚད་བསགས་ལ་བླུག །ཁྲོ་བོའི་རྒྱལ་པོའི་ཏིང་འཛིན་གྱིས། ཀླུ་གནད་ནས་གཟིར་ལ། དྲག་སྔགས་ཤམ་བུར་སྤྲིན་གྱི་རྒྱལ་པོ་བརྒྱད་པའི་སྔགས་འདི་བཏགས། བས་སྤོགས་པའོ། འང་། ཨོཾ་གྷི་ལི་གྷི་ལི་བྷར་


MR06_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཡ་གཪྵ་ཡ་གཉིས། བྷ་རི་ཤ་ཡ་ས་མ་ཡའང་། ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཕཊ་ཋ། ཕཊ་ཋ། ཕཊ་ཋ། སྭཱ་ཧཱ། དྲག་འབེབ་རང་དང་འཁོར་ལ་ཐོག་སྲུང་བྱ། ཀླུ་ཡི་སྲུང་བ་གདགས། དེ་ཡིས་མི་ཕེབ་མི་སྲིད། མ་ཕེབ་ན་དེར་བདག་པོ་ཀླུ་མེད་པས་གཞན་དུ་སྤོ། རྗེས་སུ་ཀླུ་གཏེར་སོགས་བྱ། ས་བདག་གདུག་པ་ཞེ་ངན་པས་དྲག་ལས་བྱས་ན་རང་སྲུང་གཟབ་དགོས་སོ། །དེ་བཞིན་གོང་གི་ཐུམ་ཐུམ་ཆེམ་ཆེམ་སོགས་དང་། ཡང་འབྲུག་བསྐུལ་གྱི་སྔགས་ནི་རང་འབྲུག་ཏུ་བསྒོམ་ལ། ཨོཾ་ཏྲི་ཤིའང་ཏྲ་ཞི་ཞིམ་གྱི་ཆི་བར་ན་ལེ་ལོའང་། སོའང་། བྷི་ཤ་པ་ཙ་པ་ཙ་ཧཱུྃ་ཕཊཿ དེ་བཞིན་སྤྲིན་སྡུད་པའི་སྔགས་ནི་རང་དང་ཀླུ་རྣམས་ཀྱི་ཁ་རླངས་སྤྲིན་དུ་བསམ་ལ། ན་མོ་བྷ་ག་ཝ་ཏེ་བག་ཏི་ར་ཡ། ཏདྱ་ཐཱ་ཏ་ཐ་ཨ་ནེའང་། ཨ་ན་ལེ་བི་ཤུད་ཤི་ཏའང་། དྷེ་བེ་ར་བེ་ར་དཾ་དཾ་ཐིབས་ཐིབས་སྭཱ་ཧཱཿ ཡང་ཅིག་འདི་བཞིན་ཏེ། ཧཱུྃ་ཧཱུྃ་སབ་སབ་ཧཱུྃ་ཧཱུྃ་སིབ་སིབཿ སོབ་སོབ་འང་། ཞེས་སོ། །ཡང་གཞན་ལས་གསུངས་པ་ཆར་ཕེབ་ནས་རྒྱུན་འབབ་སྔགས་འདི་ཡང་བར་བར་བཟླ། ཤར་ཤར་ཕོབ། སིལ་སིལ་ཕོབ། ནཱ་གས་ཕོབཿ ཏིང་འཛིན་གྱིས་ཀླུ་རྣམས་མནན་ཏེ་གཟིར་བས་འདར་ནས་ཆར་འབེབ་པར་འགྱུར་རོ། །གལ་ཏེ་དྲག་རྫས་དང་དམིགས་པས་དེ་ཙམ་མ་གཟིར་ཀྱང་ཅུང་འབེབ་དཀའ་བའམ། ཆར་པ་ཆེན་པོ་འབེབ་པར་འདོད་ན་དྲག་པོའི་སྐབས་ཀྱི་སྔགས་


MR06_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་ཅི་རིགས་རེ་ཚོད་དང་བསྟུན་ཏེ་བཟླས་པ་ལ་འགལ་བ་མེད་དོ། །སྤྲིན་རླུང་གིས་གཏོར་ན་རླུང་མནན་པ་ནི། རླུང་ལྷ་ཤ་བ་ཞོན་ནས་བ་དན་བསྙལ་བའི་གཟུགས་བྱས་ལ་རྫ་གསར་པའི་ནང་དུ་བཅུག་དགུག་ལ་བསྟིམ། དེ་མགོ་མཇུག་བཟློག་ལ་དོང་དུ་བཅུག །རྒྱ་གྲམ་སཱཙྪས་སྟེང་ནས་མནན། རླུང་ལྷ་མནན་བསམ་སྔགས་འདི་བཟླ། ཆར་ཡ་ཆུར་ཡ་ཆར་པ་ཡ་ཆར་པ་ཡ་ཏི་ཏི་ལ་ནན་ཀྱང་། ཏི་ཏི་ལཾ་ལཾ་ནནཿ ཞེས་བཟླས་པས་ཆོད། གཟུགས་མེད་ཀྱང་དམིགས་པ་གསལ་ལ་སྔགས་བཟླས་ཀྱང་རླུང་ཆུང་ངུ་གནོན། རྗེས་སུ་མཆོད་ཅིང་གསོལ་ལ་གཤེགས་གསོལ་བྱ། ཆར་དབབ་པའི་གདམས་པ་ཟབ་མོ་བཀའ་གཏེར་དུ་མའི་མན་ངག་གུང་མཐུན་པར་བྱུང་བ་ཟབ་མོ་འཇམ་དཔལ་རྡོ་རྗེས་ས་ཁྱི་ཟླ་བ་བདུན་པའི་ཚེས་ཉེར་གཅིག་ལ་བཤད་སྒྲུབ་ཆོས་གླིང་དུ་བསྡེབས་པ་མངྒ་ལཾ།། ༈ །།ཡང་ཆར་འབེབ་ཤིན་ཏུ་ཟབ་པ་ནི། གནས་གང་དུ་ཆུ་མིག་ཀླུ་ཕྱུག་པ། སྔར་ཕེབ་སྐད་པ། ལྷོ་ནུབ་ཤར་གསུམ་དུ་ཁ་ལྟ་བ། ཆུ་རྐང་ཆད་པ་དང་། གཏིང་ཆེན་ལྐུག་པ་མིན་པ། རྩི་ཤིང་ནགས་ཚལ་ཆུ་འབབ་བཟང་བ་དེ་འདྲར་ཕྱིན་ལ། རང་ཁ་ནུབ་བྱང་དུ་བསྟན་ཀླུ་བརྒྱད་མཎྜལ་བཤམས། དཀོན་མཆོག་ཆོས་སྐྱོང་གཞི་བདག་ལ་དཀར་མངར་གཏོར་མ་བསྔོ། ཀླུ་སྨན་ཆབ་གཏོར་བཱ་སུ་ཀི་རྣམས་བཤམས། མཎྜལ་དབུས་སུ་ཀླུ་སྨན་


MR06_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པའི་བག་ཟན་ལས་ཀླུ་གཟུགས་སྦྲུལ་མཇུག་སྦྲུལ་གྱི་གདེངས་ཀ་ཅན། གཡས་སྦྲུལ་ཞགས་ནམ་མཁར་འཕྱར་བ། གཡོན་དུག་ཤིང་གི་ལོ་མ་ཐུགས་ཀར་འཛིན་པ་ཁྲོ་ཞལ་ཅན་བྱ། པད་འདབ་བརྒྱད་ལ་ཀླུ་བརྒྱད་སྦྲུལ་གདེངས་སྦྲུལ་མཇུག་ཐལ་སྦྱར་ཅན་དང་། མཐར་སྦལ་སྦྲུལ་རྟ་ལུག་སྡིག་པ་ལ་སོགས་གླུད་གཟུགས་གང་འབྱོར་བྱ། རང་གསང་བའི་བདག་པོར་གསལ་ལ། མདུན་གྱི་གཟུགས་རྣམས་ལ་ཀླུ་རྣམས་དགུག་ཅིང་བསྟིམ་ལ་ལས་བཅོལ་བས་ཆར་ཕོབ་ཅེས་ཞུ་བ་བྱེད་པར་བསམ། རང་གི་ཐུགས་ཀ་ནས་ཕྲིན་ལས་གྱི་ཁྱུང་གཅིག་བཏང་བས་རྒྱ་མཚོ་དང་རོལ་མཚོའི་ནང་ནས་ཀླུ་བདུད་དེའི་མགྲིན་པ་ནས་བཟུང་སྟེ་རེས་བསྡོམ་རེས་ལྷོད་བྱེད་པར་བསྒོམ། སྔགས་ནི། ཨོཾ་ནག་པོ་ཏི་པ་ཙ་ཡཿ ནཱ་ག་ར་ཙ་དུན་ལིང་། རྦད་རྦད་ཛ་ཛཿ དུན་གྱི་ཨ་ཏི་ནག་པོ་སྲོག་ལ་ཡ་ཡ་མ་མ་ཤར་ཤར་ཕོབ༔ སལ་སལ་ཕོབ༔ ཕྲཾ་ཕྲཾ་ཕོབ༔ ཅེས་བཟླས་པས་ཀླུ་རྣམས་ཀྱིས་རྒྱ་མཚོ་དཀྲུགས་པའི་སྤྲིན་རླངས་ཀྱིས་ནམ་མཁའ་རབ་ཏུ་ཁེབ་ནས་ཆར་ཆེན་པོ་བབ་པར་བསམ། ཀླུ་གཏོར་དང་བཱ་སུ་ཀི་མང་དུ་བྱ། ཀླུ་ལ་བརྔན་པ་བྱིན། བཀའ་བསྒོ་བདེན་བདར་ཕྲིན་བཅོལ་བྱ། དེས་རབ་ཞག་གཅིག འབྲིང་ཞག་གཉིས། ཐ་མ་ཞག་གསུམ་ན་འབེབས་སོ། །གལ་ཏེ་ཀླུ་བྱིངས་ཆེ་བའམ། མ་ཆུན་ན་


MR06_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཨར་གཏད་ནི། མིའི་གྲི་རྐང་ངམ་རྟའི་རྐང་སྦུག་གང་རུང་ནང་། ཡུགས་སའི་མངལ་ཁྲག །བུ་མེད་བ་མོའི་ཁྲག །རྟ་ནག་དང་ཁྱི་ནག་གི་ཁྲག །གྲི་ཁྲག །གཙོད་ཁྲག །བཙན་དུག །ཉུང་དཀར་ནག །གླ་རྩི་དང་རྫས་སྣ་བཅུ་པོ་བླུག་ལ། སྤྲ་ཚིལ་གྱིས་ཁ་ལེགས་པར་བསྡམས་ཏེ་ཆུ་མི་ཤོར་བ་གལ་ཆེ། གཡག་རོག་ཤ་ཆེན་གྱི་རྩིད་སྐུད་ཉིས་བསྒྲིལ་ལམ། མ་བྱུང་ན་ར་རོག་གི་ཨོག་ཞོལ་ལས་སྐུད་པ་བྱས་ཏེ་མཚོའམ་ཆུ་མིག་སྔོ་ཏིང་གི་གོང་དུ་སྐྱེར་ཕུར་སོར་བཞིའམ་མཐོ་གང་ལ་བཏགས། རྣལ་འབྱོར་རང་སྲུང་བྱ་ཞིང་གལ་ཏེ་མ་འབྱོར་ན། རྣ་འོག་རྨ་བྱའི་སྒྲོ་གཟུགས། གླ་རྩི་གུ་གུལ། སྨན་ཆེན་གསུམ་སྦྱར་བུ་ག་རྣམས་སུ་བྱུགས། རང་ཁ་ཕྱིར་བསྟན་ནས་ཆུ་མིག་ཏུ་གཞུག །ཕེབས་ནས་རྫས་བླང་བཟོད་གསོལ་བྱ་ཞིང་ཀླུ་གཏོར་བཏང་བུམ་གཏེར་བྱ། འདི་ཅིས་ཀྱང་བྱེད་དགོས་བྱུང་ན་མ་གཏོགས་མི་བྱ་ཤིན་ཏུ་གཟབ་དགོས་སོ། །རླུང་གནོན་དགོས་ན། རླུང་ལྷ་སྔོ་སྐྱ་ཤ་བ་ལ་ཞོན་པ་བ་དན་དྲིལ་བ་རྨོང་པོའི་ཆ་བྱད་ཅན་བག་ཟན་ལ་བྱ། སྙིང་གར་ཡམ་བདུན་བྲིས་ལ་གཞུག །དེ་རང་གི་འོག་ཏུའམ་ནུབ་བྱང་དོང་དུ་བཅུག། གཡམ་པར་རྒྱ་གྲམ་བྲིས་པས་མནན་ཁ་དམ་དུ་བཅད། རླུང་མ་ཆད་བར་སྔགས་འདི་བཟླའོ། །ཨཱོཾ་བྷ་ཡ་བྷེ་སྟྭམྦྷ་ཡ་ནན། ཨཱོཾ་ཨཱཿཡཾ་ནི་ནོནཿ དེས་ནོན་པར་འགྱུར་རོ། །རྗེས་གཟུགས་བཏོན་ལ་གཏོར་


MR06_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཕུལ་བཟོད་གསོལ་བྱ། ཀླུ་ཡས་རྣམས་ཆུ་ལ་བོར་བར་བྱའོ། །འདི་ནི་ཤིན་ཏུ་ཟབ་པ་རིག་འཛིན་ཤཱནྟིང་གརྦྷའི་མན་ངག་རཏྣ་གླིང་བའི་གཏེར་མ་སྟེ། ཆར་པ་ཅིས་ཀྱང་མ་ལོན་པའི་སྐབས་དུ་མར་ཨར་གཏད་མ་བྱས་ཀྱང་ཆོ་ག་འདིས་ཆར་གྱི་རྒྱུན་རྒྱ་ཆེན་པོ་ཇི་ལྟར་འདོད་པར་ཕེབས་པའི་ལག་བླང་མ་འཇམ་དཔལ་དགྱེས་པས་ཡིད་ཆེས་རྙེད་པ་ལགས་སོ། །ཆར་སློང་ཟབ་མོ་འདི་ནི་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ས་ཕྱོགས་གཅིག་སྤེལ་བ་དགེའོ། ༈ །སེར་བ་ལམ་བསྒྱུར་བཞུགས། ཀྱེ། དྲེགས་པ་ལྷ་སྲིན་མཐུ་བོ་ཆེ། །ཐོག་འབྲུག་གློག་གི་ཟིལ་དང་བཅས། །འཇིགས་རུང་སྐུ་ཡི་དྲག་ཤུལ་ཅན། །དྲག་པོའི་དཔུང་གི་ཆེ་བསྟོད་དུ། །བདུད་རྩི་གསེར་སྐྱེམས་མཆོད་པ་འབུལ། །བར་སྣང་ཁམས་ལ་དབང་བསྒྱུར་བས། །བྱོན་པའི་ཤུལ་ལམ་གར་ཡང་བདེ། །འདི་ན་གནས་པའི་ཉམས་ཆུང་རྣམས། །གློག་གིས་བསྔངས་ཤིང་འབྲུག་གིས་སྐྲགས། །ཐོག་གིས་ཤིན་ཏུ་འཇིགས་ལགས་ཤིང་། །དྲག་པོའི་སྐུ་ཟིལ་བཟོད་དཀའ་བས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །དྲག་ཤུལ་ཆེན་པོའི་དཔུང་གི་ལམ། །འདི་རུ་མ་བཏོད་གཞན་དུ་བསྒྱུར། །ཐོག་སེར་ལམ་སྣ་དགྲ་ལ་གཏོད། །འདི་ན་གནས་པའི་སྐྱེ་བོ་རྣམས། །ཕྱག་ན་རྡོ་རྗེར་སྐྱབས་སོང་ཡིན། །ཨོ་


MR06_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་པདྨའི་བཀའ་འབངས་ཡིན། །འཇིག་རྟེན་དྲེགས་པའི་མཆོད་སྡེ་མིན། །དགོངས་ཤིང་བྱམས་པར་མཛད་ནས་ཀྱང་། །གདུག་པའི་ཆོ་འཕྲུལ་ཞི་བར་མཛོད། །ཅེས་བརྗོད་ལ་སྣང་བརྒྱད་དང་རྟེན་འབྲེལ་སྙིང་པའི་ཡིད་ཀྱིས་བཟླའོ། །བདེན་པའི་སྨྲིང་ལ་སུ་ཡང་རྩི། །གཏོ་ལས་ཕལ་ལ་སྒྲེང་གསོལ་གཙོ། །རྦད་དང་ཆེད་དུ་འཁུ་བ་རྣམས། །མ་གཏོགས་སེར་བ་འདི་ཡིས་བཟློག །བཟློག་ཀྱང་འཁུ་ལྡོག་གདུག་རྩུབ་མེད། །དེ་ཕྱིར་སྨྲེང་འདི་སྐབས་སུ་མཁོ། །མེ་ཕག་ཟླ་བ་བདུན་པའི་ཚེས་བཅུ་བཞི་ལ་མི་ཕམ་པས་བྲིས་པ་དགེའོ། ༈ །རླུང་ལམ་བསྒྱུར་བ་བཞུགས། ཧཱུྃ་བྷྱོ། རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཔའ་པོ་མཁའ་འགྲོ་དམ་ཅན་སྲུང་མར་བཅས། །ཡུལ་ལྷ་གཞི་བདག་ཕྱོགས་དུས་གནས་རྒྱུའི་ལྷ། །སྣང་སྲིད་དྲེགས་པ་མཐུ་ཆེན་དགོངས་སུ་གསོལ། །བདུད་རྩི་གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །དེ་རིང་ད་ལྟའང་། དྲག་པོའི་གཏོར་ཟོར་འཕེན་པའི་ཚེ། །དཀྱིལ་འཁོར་གཉན་པོ་ཞལ་ཡང་དེར་བསྒྱུར་ནས། །དྲེགས་པའི་ཕོ་ཉ་རྣམས་ཀྱང་དེར་གཏོང་བས། །རྣལ་འབྱོར་ནང་གི་འདུན་པ་གང་གཏད་སར། །ཕྱི་ཡི་ལྟས་སྣང་ཀུན་ཀྱང་བསྒྱུར་འཚལ་གྱི། །རླུང་གི་རྒྱུ་བ་དེ་དང་དེར་ཕྱོགས་པས། །ངོ་མཐོན་དྲག་པོའི་ཚུལ་གྱིས་གཡོ་བར་མཛོད། །རྦད་པའི་གདོང་ནས་ཚུར་ལ་གང་རྒྱུ་བ། །རླུང་གིས་སྦུར་མ་བཞིན་དུ་སྔགས་ཀྱིས་དེད། །ལྡོག་


MR06_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

མེད་རྡོ་རྗེའི་མདའ་ཆེན་གང་གཏད་སར། །གཡོ་མེད་ཐེབས་པར་ཡི་དམ་ལྷ་ཁ་བསྒྱུར་ཆོག་ལྷ་ཡིས་མཛོད། །ལྷ་དེའི་རྩ་སྔགས་དང་། ཡཾ་ཡཾ་འུར་འུར་རྦད་རྦད་ཟློག་ཟློག་བྷྱོ་བྷྱོ་རྒྱུག་རྒྱུག་ཤར་ཤར་ཧྲིལ་ཧྲིལ་ཤག་བྷྱོ། ཞེས་བདེན་བཟླས་པས་རླུང་གང་དུ་དམིགས་བར་དྲག་ཏུ་རྒྱུ་ཞིང་ལྟས་ཀུན་ཐེབ་པར་འགྱུར་རོ། །མཉྫུ་ཤྲཱིའི་མདའ་གཞུའི་མན་ངག་ས་གླང་ཟླ་བ་བརྒྱད་པའི་ཚེས་བརྒྱད་ལ་མི་ཕམ་པས་སོ། །དགེའོ། ༈ །རྟ་ཕྱག་སོགས་ཀྱི་རྒྱུད་དང་མན་ངག་གུང་མཐུན་པར་ཀླུའི་བྱད་ཁྲོལ་ནི། ནད་བའི་ཡན་ལག་ཚོན་སྐུད་དཀྲིས། །དལ་པད་འདབ་བརྒྱད་ལ་ཀླུ་བརྒྱད་ཕོ་མོ་དང་། །རིགས་བཞིའི་གཉན་དང་ས་བདག་འགོད། །སྤྱན་དྲངས་མཆོད་བསྟོད་བྱས་ནས་སུ། །ཀླུ་གཏོར་ཀླུ་སྨན་རྫས་ཀྱིས་མཆོད། །རང་རྟ་ཕྱག་སོགས་སུ་གསལ་ལ། །བྱད་འགྲོལ་བའི་སྔགས་འདི་བཟླ། །ཧཱུྃ་ནཱ་ག་རཱ་ཛ་ས་མ་ཡ་ཛཿཛཿ ཤིག་ཤིག་ཁྲོལ་ཁྲོལ་ཆོད་ཆོད་བྱད་ཁྲོལཿ རང་རྟ་མགྲིན་ནམ་ཕྱག་རྡོར་གྱི་ཏིང་འཛིན་གྱིས་ཀླུའི་བྱད་བཅད་པར་བསམ་ལ་བཟླ། མཐར་ནཱ་ག་རཱ་ཛ་བྱད་ཆོད་ཁྲོལཿཁྲོལ་ཀྱང་། ཞེས་བྱས་ལ་གྲི་ཡིས་ཚོན་སྐུད་བཅད་ལ་གཏོར་མའི་ནང་དུ་ཕུལ། དལ་དང་གཏོར་མ་ཀླུ་གནས་སར་གཤེགས། དེས་ཀླུ་ཡི་བྱད་འགྲོལ་བར་འགྱུར་རོ། །ཞེས་གསུངས་ཟབ། དེ་བཞིན་གུང་མཐུན་མན་ངག་ཀླུ་རྟེན་སྤོ་བའི་ཐབས། ཤིང་དང་ནེའུ་གསེང་ཆུ་མིག་ཡོད་པ་དེ་གང་སྤོ་འདོད་པ། ལྟའི་གནས་སུ་དལ་པད་འདབ་བརྒྱད་པ་


MR06_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས། ཀླུ་དེའི་བཞལ་ཡས་ཁང་དུ་བསམ། །སྨན་སྣ་འབྲུ་སྣ་སྤོས་སྣ་དང་། །དེ་དག་སྦྱར་བའི་གཏོར་མ་བཤམས། །ཟངས་ཀྱི་གླང་བུར་རིན་ཆེན་སྣ་འོག་གི་ཀླུ་གཏའ་སྐབས་ལྟར། ཚོགས་བླུགས། །ཧཱུྃ་ནཱ་ག་ས་མ་ཡ་ཛཿ ནཱ་ག་ཨུ་ཙ་ཏ་ཡ་ཕཊཿ ཅེས་པ་ཞག་གཅིག་གམ་གསུམ་དུ་བཟླས། དེ་ནས་དལ་བསྡུས་རྫས་གཏོར་མ་བཅས་པ་རྣམས་ས་གཞན་གར་འདོད་རྩི་ཤིང་ཆུ་མིག་ཅན་དུ་བསྐྱལ་ལ་སྤོ་བའི་ས་གཞི་གང་ཡིན་གཞལ་ཡས་ཁང་རང་ལྷར་གསལ། དུ་བསམ་ལ་གཏེར་དང་བཅས་པར། དེར་གནས་ཆགས་པར་བསམ། ཐབས་དེས་ཀླུ་དེ་སྔ་མའི་གནས་ནས་གནས་དེར་སྤོ་བར་ཐེ་ཚོམ་མེད་ལ་རང་ལ་གནོད་པར་མི་འགྱུར་རོ། །ཞེས་གསུངས་སོ། །ཡང་དེ་བཞིན་ཀླུ་གཏེར་གཞུག་པའི་ཐབས་ནི། ཟངས་ལ་གླང་བུ་དམར་པོ་བྱས་ལ། གསེར་དངུལ་ཟངས་ལྕགས་བྱེ་རུ་གཡུ་རྣམས་དེའི་རིན་ཆེན་སྣ་ཚོགས་དར་ཟབ་འབྲུ་སྣ་དཀར་མངར་བཅས། ཁོག་པར་བླུགས། ཀླུ་སྨན་སྣ་ཚོགས་རྙེད་ཚད་ཀྱང་བླུགས། ཡང་ན། མ་རྙེད། ཁས་ས་ལ། ན་བ་གཟན་དག་ལ་བྱ། ཁོག་པར་བ་དང་ར་དཀར་མོའི་འོ་མར་ཀླུ་སྨན་བཏབ་ལ་བླུགས། གུ་གུ་གསར་པར་གླང་བུ་གཞུག་གཏའ་ཧ། ལ་མ་ཐ་གཉན་ལ་སྙན་ཐཿ མི་ཟད་ཡུན་གྱི་གཏེར་མཛོད་ཅིགཿ ཅེས་པ་བྲིས་ལ་གཞུག་རྫ་མ། བླང་ཁོགས་སུ། པར་བྱ། དེ་ནས་གནོད་པའི་སར་སོང་ལ། ཀླུ་གཏོར་བཏང་ལ་བདེན་པ་


MR06_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

བདར། །མ་གནོད་ཅིག་ཅེས་བཀའ་ཡང་བསྒོ། །གླང་བུ་རྫིའུ་དེར་སྦ་བར་བྱ། །གནོད་པའི་སྦྱོར་བ་རྒྱུན་འཆད་འགྱུར། །ཀླུ་གཏེར་གཞུག་པའི་ཐབས་སོ། །འཇོག་སར་རྒྱས་པར་བུམ་པ་བརྒྱད་དུ་ཀླུ་དགུའི་སྙིང་པོ་དང་རྫས་བླུགས། རྡོ་སྒྲོམ་ལེགས་པར་འདབ་བརྒྱད་བྲིས། དབུས་བུམ་པ་བཀོད། ཀླུ་སྨན་མཆོད་པ་ཤིང་རྩིས་བསྐོར། མཆོད་བསྟོད་བྱ། ཀླུ་གཏོར་བཏང་། བདེན་པ་བརྡར། མི་གནོད་བཀའ་བསྒོ། བུམ་པ་མི་ཟད་པའི་གཏེར་དུ་བརླབས་ལ་བསྔོའོ། །དེས་གནོད་སྦྱོར་རྒྱུན་ཆད། མི་ཕྱུགས་འཕེལ། མགོན་སྐྱབས་བྱེད་ཅེས་སེང་སྒྲ་དང་། དྲེགས་འདུལ་གཉིས་ནས་གསུངས་སོ། །རྟ་མགྲིན་རྒྱུད་ལས་ཀྱང་ངོ་། །ཡང་ཀླུ་གཏའ་སྡོམ་ན། ཀླུ་གནོད་པའི་སར། མཎྜལ་འཁོར་ལོ་རྩིབས་བརྒྱད་པ་ཚོན་གཙང་མ། རྩིས་བྱུགས། རྩིབས་ལ་ནཱ་ག་རཱ་ཛ་ས་མ་ཡ་ཛཿཞེས་བྲི། རིན་ཆེན་འབྲུ་སྣ་སྨན་སྣ་དར་ཟབ་སྤོས་སྣ་རྩི་སྨན། དཀར་མངར་ཀླུ་སྨན་བཅས་འཁོར་ལོས་གཏུམས་ལ་ཁམས་སའི་གྭའུ་གྲུ་བཞི་གཞལ་ཡས་ཁང་དུ་བསྐྱེད་པར་གཞུག་པད་འདབ་བརྒྱད་ལ་དབུས་སུ་གྭའུ། འདབ་བརྒྱད་ཀླུ་བརྒྱད་གཟུགས་བྱ། མཐར་ལྷ་བཤོས་སོགས་མཆོད་པ་དང་ཤིང་རྩི་སྣ་ཚོགས་ཀྱིས་བསྐོར། སྤྱན་དྲངས་ཕྱག་འཚལ་མཆོད་པ་སྣ་ཚོགས་ཀྱིས་མཆོད། བསྟོད་པ་བྱ། རིན་པོ་ཆེ་ཡི་གཞལ་ཡས་


MR06_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་དུ། ཡིད་བཞིན་ནོར་བུས་གང་བ་ལས་ཀླུ་རྣམས་ཀྱི་འདོད་པ་འབྱུང་བར་བསམ་ལ་བསྔོ། དུས་འདི་ཚུན་ཆད་མི་གནོད་པའི་བཀའ་བསྒོ། དེས་གནོད་པའི་སྦྱོར་བ་ཞི་ཞིང་རྒྱུན་ཆད་པར་འགྱུར་རོ། །ཞེས་གསུངས་སོ། ༈ །གཏུམ་པོ་མེ་ལྕེ་ཕྲེང་བ་ལས། གཞན་གྱི་ཆུ་མིག་རང་གནས་སུ་བརྐུ་བ་ལ་ཆུ་མིག་ཁ་ནུབ་བལྟས་ལྐུགས་པ་གཅིག་གི་ནང་ནས་ས་སྤར་གང་བླངས་ལ། གང་བརྐུ་རྒྱུའི་ཆུ་མིག་གི་ཆུས་སྤྲུས་པའི་ཀླུ་རྒྱལ་རིགས་སྦྲུལ་མགོ་བདུན་པ་ཀླུ་མོ་བཅས་པའི་གཟུགས་བྱ། དེ་ཡང་ལག་པ་གཡས་ན་ཉ་ཧ་ལ་ཟླུམ་པོ་འཛིན་པ། གཡོན་རང་གི་བཙུན་མོར་འཁྱུད་པ་བྱ། དེ་ཐོད་པ་ཞིག་ཁམ་སས་ཆོག་གམ་རང་། གི་ནང་དུ་བཅུག །དེ་རང་གི་ཆུ་མིག་རྐོའམ། སྡོ་ཕུག་ཏུ་དོང་མཐོ་གང་བྲུས་པ་དེར་བཞག་ཀླུ་དགུག་གཞུག་བྱ། དེ་ནས་ཁྱི་དཀར་གྲོད་པར་ཀླུ་སྨན་འབྱོར་ཚད་ཁབ་ཀྱིས་བཙག་གསུང་ཀྱང་། བླུག་དེ་ནས་བརྐུ་རྒྱུའི་ཆུ་མིག་བཟང་པོ་དེའི་རྩར་ཕྱིན་ལ། ཆུ་སྐྱོགས་རེ་བཅུས་ལ་སྔགས་འདི་ལན་གསུམ་རེ་བཟླ། ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་ཎ་ནཱ་ག་ཀུ་ཨུའང་། སུ་རུ་ན་སུ་ཏེའང་། རེཿནཱ་ག་རཱ་ཛ་ས་མ་ཡ་ཧཱུྃ་ཛ་ཛཿ དེ་ལྟར་གྲོད་པ་ཆུས་ཁེངས་པ་དང་ཁ་ལེགས་བར་བཅིངས། གྲོད་བ་དེའི་ཞབས་སུ་ཁབ་ཀྱིས་ཉེར་གཅིག་བཙག་ལ། རང་རྟ་མཚའ་ལུ་གཅིག་གི་ཡན་ལག་ལ་དར་སྣ་ལྔ་ཚང་བར་བཏགས་པ་ལ་ཞོན། གྲོད་པ་རྟའི་རྐེ་ལ་


MR06_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་ནས། གཏུམ་པོའི་ང་རྒྱལ་གྱིས་རྩ་སྔགས། ལས་སྔགས་བཅས་བཟླ་ཞིང་ཕྱི་མིག་མི་བལྟ་བར་ཀླུ་རྣམས་རང་གི་རྗེས་ལ་ཡོང་བར་བསམ་ཞིང་། རྟ་འདུར་ཕྱིན་ཆུ་ཙ་རེ་འོང་ནས། ཡུལ་གྱི་ཆུ་མིག་དེར་ཕྱིན་ལ་སྔར་གྱི་ཐོད་པ་དེའི་ནང་དུ་བླུག་གོ །དེའི་དུས་ཐོ་རངས་མི་སྐད་མ་ཕོག་པ་ལ་བྱའོ། །དེར་ཞག་བརྒྱད་ནས་ཆུ་མིག་བཟང་པོ་སྐྱེ་བར་ངེས་སོ། །ཆུ་བརྐུ་བའི་ལས་སྦྱོར་ཁྱད་པར་ཅན་ཀླུ་རྒྱལ་རིགས་ལྡན་གྱི་གདམས་པ་ཨྠྀི། ཡང་དེ་ལས། ཆུ་མིག་ལ་ཆུ་ཡོང་ཐབས། ཆུ་གཉན་ཡོད་སར་ཕྱིན་ལ། བདག་ཉིད་དབུས་སུ་འདུག་སྟེ་ཕྱོགས་བཞིར་ཐོ་བཞི་བརྩིགས་པའི་འོག་ཏུ་དོང་ཁྲུ་གང་རེ་བྲུ། བདག་ལངས་པའི་ཤུལ་དུའང་དོང་ཁྲུ་གང་བྲུ། དེ་ནས་སྦལ་སྦྲུལ་གྱི་ཤ་ཁྲག་དང་བག་ཕྱེ་བསྲེས་ལ་ཀླུ་ཆེན་གནས་སའི་ཆུས་སྦྲུས་ནས་ཀླུ་རྒྱལ་དུང་སྐྱོང་སྤྲུལ་མགོ་བདུན་པའམ་དགུ་པ། ཕྱག་གཉིས་རང་གི་བཙུན་མོ་ལ་འཁྱུད་པ་གཅིག་བྱས་ལ། དབུས་ཀྱི་དོང་དེར་སིང་མ་རློན་པའི་སྒྲོམ་ལེགས་པར་བྱས་ནས་དེར་གཞུག་ལུ་མའི་ཆུ་དང་། ཆུ་མིག་ལྐུགས་པའི་ཆུ་དང་། ཁྲོན་པ་རྙིང་པ་དང་། རྫིང་བུ་རྙིང་པ་དང་། ཀླུ་གནས་སའི་ཆུ་དང་། ར་དཀར་མོའི་འོ་མ་ལ་ཀླུ་སྨན་བླུགས་ལ་རྩ་སྔགས་ལ་སྔགས་འདི་བཏགས་ནས་བཟླས་སོ། །བཛྲ་ཙནྜ་ལ་བཏགས། ས་མ་ཡ་ཤཾ་ཁ་པཱ་ལ་སརྦ་ནཱ་


MR06_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཕུ་ལེན་པུ་རུ་མེ་ཡཾཿ ཞེས་བརྒྱ་རྩ་བརྒྱད་བཟླས་ནས་ཀླུ་གཟུགས་དེའི་ཐོག་ནས་མར་བླུགས། དེ་ལྟར་ལན་སྟོང་བརྒྱ་རྩ་བརྒྱད་བཟླས་ཤིང་ཕྱོགས་བཞི་དབུས་ལྔའི་དོང་ནས་ཆུ་ཕྱུ་རུ་རུ་ཡོང་བར་བསྒོམ་པའི་ཆུ་འབྱུང་ངོ་། །དེར་ཆུ་བག་ཙམ་བྱུང་བ་དང་དོང་ལྔ་པོའི་ཁ་གཡམ་པས་བཅད་ལ། གཡམ་པའི་སྟེང་རྡོ་རྗེ་རྒྱ་གྲམ་བྲིས་ནས་དེ་སྟེང་ཐོ་ལྔ་བཙུགས་ཏེ། དབུས་ཀྱི་ཐོ་དེ་ཕྱག་རྡོར་དང་ཕྱོགས་བཞིའི་ཐོ་རྒྱལ་ཆེན་བཞིར་བསྐྱེད་ལ་མཆོད་བསྟོད་བྱ། དེ་ནས་ཕར་གཞལ་བའི་འདོམ་ལྔ་བཅུ་ཙམ་དུ་དོང་ཁྲུ་དོ་བྲུས་མན་ངག་ཏུ་དང་པོའི་དོང་ལྔ་པོ་གང་རུང་དུ་བྱས་ཆོག །ཕྱི་མ་རླན་ཡོད་སར་དགོས་ཞེས་འདུག་མཆན་ནོ། །ལ་དེར་ཡང་གོང་གི་ཀླུ་སྨན་སྦྱར་བའི་ཆུ་ཐིགས་འགའ་བླུགས་ཁ་གསིང་མས་བཅད། དེ་ནས་ཕྱག་རྡོར་དང་རྒྱལ་པོ་བཞི། ཕྱོགས་སྐྱོང་སྲུང་མ་ཡུལ་དེའི་ལྷ་ཀླུ་གཞི་བདག་རྣམས་ལ་གཏོར་མ་བཏང་ནས་ཀླུ་མཆོད་རྒྱས་པར་བྱ་ཞིང་། ཆུ་འབྱུང་བར་གསོལ་བ་བཏབ་པས་གོང་གི་ཆུ་རྣམས་དོང་གཅིག་པོ་དེར་འབྱུང་ངོ་། །ལུང་པར་ཆུ་དབབ་མན་ངག་ཀླུ་རྒྱལ་དུང་སྐྱོང་གི་ལས་སྦྱོར་ས་མ་ཡ་ཨི་ཐིཿ ༈ བཻ་དཀར་ལས། ཆུ་དཀོན་ཡུལ་དུ། རྫ་བུམ་དུ་འབྲུ་སྣ་ཀླུ་སྨན་བུ་རམ་ཚང་མར་བླུགས། རིན་ཆེན་གཞལ་ཡས་ཁང་བརླབ་རྒྱལ་ཆེན་བཞི་ལ་བསྔོ། རྒྱ་ཤོག་ལ་ཀླུ་ཕོ་མོ་སྤྲུལ་གཟུགས་གཉིས་སྙིང་གར་ཕུ་རེ་བྲི་དེ་སྐྱེར་ཤིང་ལ་བཏགས། ཆུ་མིག་ཀླུའི་


MR06_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡས་ཁང་དུ་ཤར་ནས་ཀླུ་ཕོ་མོ་དགུག་སྟིམ། ཀླུ་གཏོར་མངའ་གསོལ་བ་དྲན། འབྲུ་ཕྱུག་ཆུ་རྒྱས་གསོལ་བ་བཏབ་པས་ཕན་གསུངས་སོ། ༈ །གཟའ་ཡི་དུག་སྦྱོང་གི་ལག་ལེན་ནི། གཏུམ་པོའི་བདག་བསྐྱེད་བཟླས་པ་ཅི་རིགས་སྔོན་དུ་བཏང་ནས། ཕོར་སྣོད་གཙང་མར་ཀླུ་བཤོས་རྒྱབ་ཡོལ་མ་གཅིག །གཟའ་དང་། ཀླུ་གཟུགས་གཅིག །ཏིང་ལོ་གཅིག །མཐེབ་ཀྱུ་གཅིག །ཆང་བུ་གཅིག །བསྒྲེས་གླུད་གཅིག་དེ་རྣམས་ནད་པའི་མདུན་དུ་བཤམས། ཁྲོ་བཅུ་སྤྱན་དྲང་ཁྲུས་གསོལ། དེ་ནས་ཀུ་ཤ་དང་རྨ་བྱའི་སྒྲོ་མདོངས་ཐོགས། མགོ་ནས་མར་བྱབས་པས་ནད་པ་དང་སྔགས་པ་གཉིས་ཀས་དམིགས་པ་ནི། ནད་པའི་ལུས་ཀྱི་ནད་གདོན་ཐམས་ཅད་རྐང་པའི་མཐེ་བོའི་རྩེ་ལས་འཇའ་ཚོན་ལྟར་ཐོན་ནས་གཏོར་མ་དང་ཁྲུས་ཆུ་དང་གླུད་ལ་ཐིམ་པར་བསམ། འདི་པདྨ་གླིང་པ་སྙུན་ཞིག་བྱུང་བ་གྲོལ་བའི་ཕྱིར་གཏེར་སྟོན་རང་གི་ཞལ་གསུངས་ཕྱག་ལེན་ནོ། །ཨོཾ་བཛྲ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊཿ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཁཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་ཁཾ་ལཾ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ནད་གདོན་སྡིག་སྒྲིབ་སརྦ་པ་པཾ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཧཱུྃ། གངས་རི་དཀར་པོའི་ཤར་ཕྱོགས་ནས། །རྗེའུ་རིགས་ཀླུ་ཡི་ཚོགས་རྣམས་དང་། །ཕུར་བུ་ཤིང་གཟའ་ཉིད་ཡིན་ཏེ། །རེངས་ཤིང་འཁུམ་པའི་ནད་གཏོང་བ། །འགྲེས་བྱང་ཡིན། གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་


MR06_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག །རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག །ཁ་རླངས་དུག་རྣམས་ཕྱིར་ཕྱུངས་ཤིག །བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར་ཕྱུངས་ཤིག །དོ་ནུབ་དུག་འདི་མི་ཕྱུངས་ན། །དོ་ནུབ་བྱད་འདི་མི་འགྲོལ་ན། །དོ་ནུབ་མི་འདི་མི་གཏོང་ན། །དོ་ནུབ་ནད་འདིར་མི་ཕན་ན། །ཕྱག་ན་རྡོ་རྗེའི་བཀའ་བྱུང་གིས། །ཁྱེད་རྣམས་སྲོག་སྙིང་གཅོད་པར་བྱེད། །དེ་བས་བཀའ་ལས་མ་འདའ་བར། །གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག །མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག །རེག་པའི་དུག་རྣམས་ཕྱིར་ཕྱུངས་ཤིག །ཁ་རླངས་དུག་རྣམས་ཕྱིར་ཕྱུངས་ཤིག །བསམ་སྦྱོར་ངན་པའི་དུག་རྣམས་ཕྱིར་ཕྱུངས་ཤིག །མཛེ་དང་འབྲས་དང་ཕོལ་མིག་དང་། །སྐྲངས་པ་ཤུ་ཐོར་གཉན་གཟེར་དང་། །རྒྱུ་གཟེར་བཤལ་ནད་རེངས་པ་དང་། །གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག །ནཱ་ག་ཤིག་ཤིག་ནཱ་ག་ཁྲོལ་ཁྲོལ། ནཱ་ག་རྦུད་རྦུད། ས་བདག་ཀླུ་དང་སྡེ་བརྒྱད་ཀྱི་ནད་ཐམས་ཅད་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱ། ཧཱུྃ། ནགས་མ་སྟུག་པོའི་ལྷོ་ཕྱོགས་ནས། །དམངས་རིགས་ཀླུ་ཡི་ཚོགས་རྣམས་དང་། །ཉི་མ་མིག་དམར་མེ་གཟའ་སྟེ། །ཚ་ཞིང་བསྲེག་པའི་དུག་གཏོང་བ། །གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག །ཅེས་པ་ནས་སྭཱ་ཧཱའི་བར་གོང་བཞིན་བརྗོད།


MR06_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། རྒྱ་མཚོ་ཆེན་པོའི་ནུབ་ཕྱོགས་ནས། །བྲམ་ཟེ་ཀླུ་ཡི་ཚོགས་རྣམས་དང་། །པ་སངས་ལྕགས་གཟའ་ཉིད་ཡིན་ཏེ། །མཁྲེགས་ཤིང་སྲ་བའི་དུག་གཏོང་བ། །གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་སོགས་འགྲེ། ཧཱུྃ། གཤའ་མ་བདེ་བའི་བྱང་ཕྱོགས་ནས། །གདོལ་པ་ཀླུ་ཡི་ཚོགས་རྣམས་དང་། །ཟླ་བ་ལྷག་པ་ཆུ་གཟའ་སྟེ། །འཁྲུ་ཞིང་སྐྱུགས་པའི་ནད་གཏོང་བ། །གདུག་རྩུབ་ཐམས་ཅད་སོགས། ཧཱུྃ། མཚམས་བཞི་གདོལ་པ་གླིང་བཞི་ནས། །དགའ་བོ་འཇོག་པོ་ཉེར་དགའ་བོ། །པདྨ་དུང་སྐྱོང་ནོར་རྒྱས་དང་། །མཐའ་ཡས་རིགས་ལྡན་ཝ་རུ་ཎ། །སྤེན་པ་རཱ་ཧུ་ས་གཟའ་སྟེ། །ལྕི་ཞིང་འཐིབ་པའི་ནད་གཏོང་བ། །གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག་སོགས། སྟེང་ལྷ་ཡི་དུག་རྣམས་ཕྱིར་ཕྱུངས་ཤིག །འོག་ཀླུ་ཡི་དུག་རྣམས་ཕྱིར་ཕྱུངས་ཤིག །གཟའི་དུག་རྣམས་ཕྱིར་ཕྱུངས་ཤིག །དམུ་ཡི་དུག་རྣམས་ཕྱིར་ཕྱུངས་ཤིག །བཙན་གྱི་དུག་རྣམས་ཕྱིར་ཕྱུངས་ཤིག །མ་མོའི་དུག་རྣམས་ཕྱིར་ཕྱུངས་ཤིག །གནོད་སྦྱིན་དུག༴ བདུད་ཀྱི་དུག༴ ཡ་བདུད་ཀྱི་དུག༴ མ་བདུད་ཀྱི་དུག༴ རྒྱལ་པོའི་དུག༴ དཀོར་བདག་གི་དུག༴ འགོང་པོའི་དུག༴ ཐེའུ་རང་གི་དུག༴ གཉན་གྱི་དུག༴ སྲིན་པོའི་དུག༴ འབྱུང་པོའི་དུག༴ དམ་སྲིའི་


MR06_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

དུག༴ གཤིན་རྗེའི་དུག༴ ཀླུ་རྒྱལ་རིགས་ཀྱི་དུག་རྣམས་ཕྱིར་ཕྱུངས་ཤིག །ཀླུ་རྗེའུ་རིགས་ཀྱི་དུག་རྣམས༴ ཀླུ་བྲམ་ཟེའི་རིགས་ཀྱི་དུག༴ ཀླུ་དམངས་རིགས་ཀྱི་དུག༴ ཀླུ་གདོལ་པའི་རིགས་ཀྱི་དུག༴ ཀླུ་དགའ་བོའི་དུག༴ ཀླུ་ཉེར་དགའི་དུག༴ ཀླུ་མཐའ་ཡས་ཀྱི་དུག༴ ཀླུ་པདྨའི་དུག༴ ཀླུ་དུང་སྐྱོང་གི་དུག༴ ཀླུ་ནོར་རྒྱས་ཀྱི་དུག༴ ཀླུ་རིགས་ལྡན་གྱི་དུག༴ ཀླུ་ཝ་རུ་ཎའི་དུག༴ ས་བདག་ས་སྲིན་གྱི་དུག༴ འབྱུང་བ་ས་ཡི་དུག་རྣམས་ཕྱིར་ཕྱུངས་ཤིག །འབྱུང་བ་ཆུ་ཡི་དུག་རྣམས༴ འབྱུང་བ་མེ་ཡི་དུག་རྣམས༴ འབྱུང་བ་རླུང་གི་དུག༴ འབྱུང་བ་ནམ་མཁའི་དུག༴ དེ་དག་གི་མཐོང་བའི་དུག་རྣམས་ཕྱིར་ཕྱུངས་ཤིག །རེག་པའི་དུག་རྣམས༴ ཁ་རླུང་གི་དུག༴ བསམ་སྦྱོར་ངན་པའི་དུག༴ དོ་ནུབ་དུག་འདི་མི་ཕྱུངས་ན། །དོ་ནུབ་བྱད་འདི་མི་འགྲོལ་ན། །དོ་ནུབ་མི་འདི་མི་གཏོང་ན། །དོ་ནུབ་ནད་འདིར་མི་ཕན་ན། །གསང་བདག་ཕྱག་ན་རྡོ་རྗེ་དང་། །མཁའ་ལྡིང་རྒྱལ་པོ་ག་རུ་ཎ། །རྡོ་རྗེ་འཇིགས་བྱེད་ཆེན་པོ་སོགས། །དེ་དག་ཐམས་ཅད་ཐུགས་ཁྲོས་ནས། །ཁྱེད་རྣམས་སྲོག་སྙིང་གཅོད་པར་བྱེད། །དེ་བས་བཀའ་ལས་མ་འདའ་བར། །གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག །གཟའ་ཉི་


MR06_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

མའི་གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག །གཟའ་ཟླ་བའི་གདུག་རྩུབ་ཐམས་ཅད་ཕྱིར༴ གཟའ་མིག་དམར་གྱི་གདུག་རྩུབ༴ གཟའ་ལྷག་པའི་གདུག་རྩུབ༴ གཟའ་ཕུར་བུའི་གདུག༴ གཟའ་པ་སངས་ཀྱི་གདུག༴ གཟའ་སྤེན་པའི་གདུག་རྩུབ༴ གཟའ་རཱ་ཧུ་ལའི་གདུག་རྩུབ༴ གདོང་མོ་མཆེད་བཞིའི་གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག། སྐར་ཆེན་ཕོད་སྐར་ཀྱི་གདུག་རྩུབ༴ དུ་བ་མཇུག་རིང་གི་གདུག་རྩུབ༴ སྒྲ་གཅན་འཛིན་གྱི་གདུག་རྩུབ༴ མེ་རུ་ཙེའི་གདུག་རྩུབ༴ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག །དེ་ནས་དུག་སྦུར་བའི་ཆེད་དུ་རྨ་བྱའི་མདོངས་བླ་གབ་མེད་པའི་མཁའ་ལ་ཕྱར་བས་གཟའ་ཡི་སྦྲུལ་མཇུག་གི་རྩེ་མོས་སྟེང་གདོན་གཟའ་དུག་ཐམས་ཅད་བླངས་ཏེ་ལུས་ནང་ནས་ཡར་བྱུང་བྱ་རོག་གི་ཞལ་ནས་སྤྲིན་དང་ཁུ་རླངས་གི་རྣམ་པས་ནམ་མཁའ་ལ་ཡལ་བར་བསམ་ལ། གཟའ་ཉི་མ་ནམ་མཁའ་ལ་པྲ་ཤ་ར་ར་སྭཱ་ཧཱཿ གཟའ་ཟླ་བ་ནམ་མཁའ་ལ༴ གཟའ་མིག་དམར་ནམ་མཁའ་ལ༴ གཟའ་ལྷག་པ་ནམ་མཁའ་ལ༴ གཟའ་ཕུར་བུ་ནམ་མཁའ་ལ༴ གཟའ་པ་སངས་ནམ་མཁའ་ལ༴ གཟའ་སྤེན་པ་ནམ་མཁའ་ལ༴ གཟའ་རཱ་ཧུ་ལ་ནམ་མཁའ་ལ༴ གདོང་མོ་མཆེད་བཞི་ནམ་མཁའ་


MR06_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །སྐར་ཆེན་ཕོད་སྐར་ནམ་མཁའ་ལ༴ དུ་བ་མཇུག་རིང་ནམ་མཁའ་ལ༴ སྒྲ་གཅན་འཛིན་ནམ་མཁའ་ལ༴ མེ་རུ་ཙེ་ནམ་མཁའ་ལ༴ རྒྱུ་སྐར་ཉེར་བརྒྱད་ནམ་མཁའ་ལ༴ འཁོར་ལྷ་སྲིན་སྡེ་བརྒྱད་ནམ་མཁའ་ལ་པྲ་ཤ་ར་ར་སྭཱ་ཧཱཿ དུག་ཐམས་ཅད་ནམ་མཁའི་དཀྱིལ་དུ་འདུས་ཤིག །ཅེས་བརྗོད་པས་སྟེང་གདོན་གྱི་གདུག་རྩུབ་ཕྱིར་ཕྱུངས་ནས་ནམ་མཁར་ཡལ་བར་བསམ། ཨོཾ་མ་མ་སྔོ་ཏ་སྔོ་ཏ་ཡེ་སྭཱ་ཧཱཿ འབྱུང་བ་ཤིང་གི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག །ཨོཾ་མ་མ་སུ་སུ་ཏིང་ཏིང་ཡེ་སྭཱ་ཧཱཿ འབྱུང་བ་ས་ཡི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག །ཨོཾ་མ་མ་ཁཾ་ཁཾ་ཡེ་སྭཱ་ཧཱཿ འབྱུང་བ་ཆུ་ཡི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག །ཨོཾ་མ་མ་རཾ་རཾ་སྭཱ་ཧཱཿ འབྱུང་བ་མེ་ཡི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིགཿ །ཨོཾ་བཛྲ་ཡཾ་ཡཾ་སྭཱ་ཧཱ། འབྱུང་བ་རླུང་གི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག །ཨོཾ་བཛྲ་ཁ་ཞུང་ཁ་ཞུང་སྭཱ་ཧཱཿ །འབྱུང་བ་ནམ་མཁའི་དུག་ཐམས་ཅད་ཕྱིར་ཕྱུངས་ཤིག །ནད་དང་གདོན་དང་དུག་ཐམས་ཅད་ཤནྟིང་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བརྗོད་པས་ཤིང་དུག་རྩ་ལ་ཞུགས་པས་རེངས་འཁུམ་གྱི་ནད། ས་དུག་ཤ་ལ་ཞུགས་བས་ལྕི་འཐིབ། ཆུ་དུག་ཁྲག་ལ་ཞུགས་པས་འཁྲུ་སྐྱུགས། མེ་དུག་དྲོད་ལ་ཞུག་པས་ཚ་བསྲེག་རླུང་དུག་དབུགས་ལ་ཞུགས་པས་སྨྱོ་བརྒྱལ། མཁའ་དུག་


MR06_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་ཞུགས་པས་རང་སྣང་འཁྲུལ་རྟོག་གི་ནད་ཐམས་ཅད་དམིགས་མེད་ནམ་མཁར་ཐིམ་ཞིང་ཡལ་བར་བསམ། དེ་ལྟར་ནད་ཚབས་དང་བསྟུན་ཏེ་བདུན་ནམ་ཉེར་གཅིག་སོགས་བཟླས་པས་གཟའ་དང་ཀླུ་གདོན་གྱི་དུག་ཐོན་པར་འགྱུར་རོ། །མཐར་གླུད་དང་ཁྲུས་ཆུ་རྣམས་སམ་བྷ་རས་བརླབས། མཚན་བཞི་བརྗོད་ལ་གནོད་བྱེད་ལ་བསྔོས་ཏེ། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་བཟུང་དང་བསམ་དང་རེག །ཀློད་དང་ཞི་དང་གྲོལ་བར་མཛོད། །ཅེས་བྱས་ལ། སརྦ་བྷྲུ་ཏ་གཙྪས་གཤེགས་གསོལ་བྱས་ཏེ་གནོད་པའི་སར་བསྐྱལ། བདག་བསྐྱེད་བསྡུ། བཀྲ་ཤིས་སྨོན་ལམ་བྱའོ། །འདི་ནི་དུག་ཕྱུངས་བསྡུས་པའི་ལག་ལེན་ནོ། ༈ །རྒྱས་པར་གཏུམ་པོའི་བདག་བསྐྱེད་བུམ་པ་བསྒྲུབ་པ་སྔོན་དུ་བཏང་། ནད་བདག་ཀྲུ་དང་གཟའི་གཟུགས་བྱས། ནད་པའི་གླུད་གཅིག་ཀྱང་བཤམས། རང་གི་ཐུགས་ཀའི་འོད་ཀྱིས་གཏུམ་པོ་དང་ཁྲོ་བཅུ་སྦྱན་འདྲེན་པ། ཧཱུྃ། དད་པ་དང་ནི་སོགས་འདོན། བུམ་པ་བཟང་པོ་སོགས་ཀྱིས་བུམ་པའི་ཆུས་ནད་པ་ལ་ཁྲུས་བྱས་ཤིང་། བཛྲ་ཙནྜ་ནས། ནད་གདོན་སྡིག་སྒྲིབ་སརྦ་པཱ་པཾ་ཤཱནྟིང་ཀུ་རུ་ཡེ་སྭཱ་ཧཱའི་བར་ཅི་རིགས་བརྗོད། དེ་ནས་སྟོང་པའི་ངང་ལས་གནོད་བྱེད་ཀླུ་དང་གཟའི་གཟུགས་དེ་དག་དངོས་སུ་བསམ། རང་གི་ཐུགས་ཀའི་འོད་ཀྱིས་གནོད་བྱེད་བཀུག་ནས་གཟུགས་


MR06_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྟིམ། བདེན་པ་བརྗོད་དེ་བཀུག །གླུད་བྱིན་གྱིས་བརླབས། སམ་བྷ་ར་བརྗོད། བསྔོ་བའང་བྱ། དེ་ནས་དུག་དབྱུང་ཕྱིར་བྱབས་པ་ལ། སློབ་དཔོན་གསང་བའི་བདག་པོའི་ང་རྒྱལ་ལ་གནས་པས། ཕྱག་གཡས་རྡོ་རྗེ་དང་བཅས་བྱ་བས་སྒྲོ་ཐོགས་ལ། དེར་རྨ་བྱའི་མདོངས་ཀྱི་དབུས་སུ་ཧཱུྃ་ལས་འོད་འཕྲོས་པས་ནད་པའི་ལུས་ཀྱི་གདོན་ཐམས་ཅད་རང་དབང་མེད་པར་སྦྲུལ་དང་རྟ་བླ་སོགས་ཀྱི་རྣམ་པར་སྦུར་མ་རླུང་གིས་བརྡས་བ་ལྟར་དེད་དེ་གཤང་ལམ་དང་མཐེ་བོང་ནས་ཐོན་པ་གནོད་བྱེད་ཀྱི་གཟུགས་ལ་ཐིམ། ནད་ཐམས་ཅད་རྣག་ཁྲག་གི་རྣམ་པས་གླུད་ལ་ཐིམ་པར་བསམ། ཧཱུྃ། གངས་རི་དཀར་པོའི་ཤར་ཕྱོགས་ནས། །རྗེའི་རིགས་ཀླུ་ཡི་ཚོགས་རྣམས་དང། །ཕུར་བུ་ཤིང་གཟའ་ཉིད་ཡིན་ཏེ། །རེངས་ཤིང་འཁུམ་བའི་ནད་གཏོང་བ། །གདུག་རྩུབ་ཐམས་ཅད་ཕྱིར་སོགས་བརྗོད། གཟའ་ཉི་མའི་དུག་ཐམས་ཅད་ནམ་མཁའ་ལ་པྲ་ཤ་ར་ར་སོགས་བརྗོད་ཚེ། དུག་སྤུར་བའི་དམིགས་པ་གོང་བསྟན་ལྟར་བྱ། དེ་ནས་གདོན་ལ་བཀའ་ནན་བསྒོ་བ། ཆོས་བཤད་ཤིས་བསྟན་པ་རྣམས་ཀྱི་ཚིགས་བཅད་བརྗོད་ནས། མ་མ་སྔོ་ཏ་སྔོ་ཏ་སོགས་འབྱུང་ལྔའི་དུག་ཕྱུང་གི་དུས་སུ། ཤིང་གི་ཕོན་པོས་བྱབས་པས་ཤིང་གི་དུག་ཐམས་ཅད་ཤིང་དེར་ཐིམ་པར་བསམ། དེ་བཞིན་སས་བྱབས་ས་ལ། ཆུས་བྱབས་ཆུ་ལ། མེས་བྱབས་མེར། རླུང་གཡབ་ཀྱིས་གཡབ་རླུང་ལ། མེ་ལོང་


MR06_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ་ནམ་མཁར་ཐིམ་པར་བསམ། མཐར་ཀླུད་བསྔོ། གཤེགས་གསོལ་བྱ། བདག་བསྐྱེད་བསྡུའོ། །དུག་ཕྱུངས་ལས་འགྲིགས་ཏེ། རྒྱས་པར་འདོན་ཆ་ནག་འགྲོས་སྔར་གྱི་དཔེ་ལས་གསལ་ལོ། །སྟབས་བདེའི་ལས་འགྲིགས་འདི་གཞུང་བཞིན་མི་ཕམ་པས་བཀོད་པ་དགེའོ། །མངྒ་ལཾ།། ༈ །།སད་སོགས་བཀག་པའི་སླད་དུ་སྤྲིན་དང་ན་བུན་སྡུད་འདོད་ན། དང་པོ་ཀླུ་སོགས་སྡེ་བརྒྱད་དང་གཞི་བདག་ལ་དཀར་གཏོར་བཏང་བཀའ་བསྒོ། དེ་ནས་ཆུ་མིག་དགུ་ཡན་ཆད་གཉན་བོན་ས་བླངས་པའི་ཆུ་ཟོ་བ་གང་བཞག་ལ་ཡེ་དྷར་གྱི་རབ་གནས་བྱ། སྔགས་པའི་བལ་ནག་པོས་ཁ་བཀབ། སྐྱབས་སེམས། སྟོང་པའི་ངང་ལས་རང་ཉིད་སྟོན་པ་ཤཱཀྱ་ཐུབ་པར་གསལ་ཐོ་ཆུ་རྒྱ་མཚོ་ཆེན་པོ། བལ་ནག་རྒྱ་མཚོའི་ནང་གི་གླང་པོ་ཆེ་སྤྲིན་ནག་འདྲ་བ་གཅིག་གི་ཁ་རླངས་ནམ་མཁར་སྤྲིན་ནག་ཆེན་པོར་གྱུར་པས་གང་སྲུང་བའི་ཡུལ་ཐམས་ཅད་ནག་ཐིབས་སེ་གཡོགས་པར་བསམ། དེའི་ངང་ནས་ཐུབ་པའི་སྙིང་པོ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་བཀག་མ་ཚར་བར་དུ་ཉིན་རེ་བཞིན་ཅི་ནུས་རེ་བཟླ། སྐབས་སུ་ཡུལ་གྱི་ལྷ་ཀླུ་གཞི་བདག་ལ་ཆུ་གཏོར་བཏང་བཀའ་བསྒོ་བྱ། བཀག་ཚར་ནས་ཀླུ་གཏོར་བཅས་ཆུ་མིག་དུ་བླུགས་ནས་ཀླུ་ལ་བཟོད་གསོལ་བྱ། ཡུལ་གྱི་གཞི་བདག་ལ་གཏང་རག་གི་གཏོར་མ་སྦྱིན་པར་བྱའོ། །དེས་མི་ཁེགས་མི་སྲིད་དེ། ཡང་ཡང་བྱས་པའི་ལག་ལེན་མའོ། །ཞེས་གསུང་ཟབ་བོ། །དགེ་


MR06_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་འཕེལ། ཆར་འབེབ་ན་ལུང་པ་དེའི་གྲོང་པ་རྣམས་ཀྱི་ཕྱེ་ཕུད་དཀར་ཕུད་གཏོར་མ་ཡི་དམ་ཆོས་སྐྱོངས་ལ་ཕུལ་ནས་གསོལ་བ་བཏབ། དངོས་གཞི་རྫས་ནི་ཁྱི་ནག་སྙིང་དཀར་གྱི་བྲུན་ཨ་རུ་ར་ཙམ་གཉིས་སྔགས་འདི་བཏག་ས་མ་ས་མ་སི་ལི་སི་ལི་ཕོབ་ཕོབ་དུལ་དུལ་ཆིལ་ཆིལ་ཆིགཿ འདི་ལ་དང་པོ་གོང་བསྙེན་སྟོང་ཚོ་གཅིག་བྱ། རྫས་ལ་རྒྱགས་ཁར་ལན་བརྒྱ་རྩ་བདུན་བཟླས་ཏེ་བཏབ་ལ། ཨ་རུ་ར་ཙམ་ཞིག་རྫ་ཡི་རུ་སྦལ་ཁོག་སྟོང་སོ་བཏང་བ་གཅིག་གི་ནང་དུ་བཅུག་ནས་འཇིམ་པས་ཁ་བཅད་དེ་ཆུ་མིག་གི་ནང་དུ་མིས་མི་མཐོང་བར་སྦ། ཆར་བྷྱོ་བྷྱོཿ །ཞེས་ཆུ་མིག་ཏུ་རྫས་ལ་བཏབ་པས་ཆོག ཕོག་ཐུག་མི་འོང་། དམིགས་པ་རང་གང་མོས་ལྷར་བསྒོམ། དུས་དང་ཚེས་གྲངས་རྩི་མི་དགོས། བཞག་པ་ཙམ་གྱིས་སྤྲིན་འདུ་ནས་འོང་། རྫས་ཨ་རུ་ར་ཙམ་གཅིག་ཆུ་མིག་སྒོ་རུ་བསྲེག བཞག་ནས་རང་ཁྱིམ་དུ་ཕྱིན་པའམ། ཆུ་མིག་རྩལ་སྡད་པ་གང་བདེས་ཆོག ཆར་ཆེ་ན་རྫས་འདོན་ཇི་སྲིད་ཆོག་པར་མ་བབ་བར་དུ་བཞག རླུང་གིས་སྤྲིན་བསྡུས་པ་དང་འཐོར་བ་གཉིས་ལས། འཐོར་ན་རླུང་གནོན་སྔགས་བྲིའོ། །སྤྲིན་ས་ཏ་ར་ཕུདཿ འདི་བརྒྱ་རྩ་རེ་བགྲང་ཕྱོགས་བཞི་མཚམས་བརྒྱད་ཕུས་བཏབ་པས་རླུང་ནོན་ནོ། །ཐབས་འདིས་ཇི་ལྟར་འགྱང་ཡང་ཞག་གསུམ་ནས་འབེབ་ངེས་སོ། །རྒྱ་གར་པཎྜི་ཏ་གཅིག་གི་མན་ངག་ཡིན་ནོ། །ཆོས་རྗེ་མི་ཕམ་པའི་ཕྱག་བྲིས་ལས་བཤུས་སོ། ༈ །ས་གཡོ་བརྒྱ་མནན་པར་འདོད་ན།


MR06_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གསེར་མདོག་ས་གནོན་མཉམ་བཞག་ཅན། བྱང་ཆུབ་ཀྱི་ཤིང་དྲུང་ན་སྟོང་ཆེན་པོའི་འཇིག་རྟེན་ཁེབས་པའི་པདྨ་ལ་སྐྱིལ་ཀྲུང་གིས་ས་མནན་ཏེ་བཞུགས་པའི་བྱིན་རླབས་ཀྱི་མཐུས། ས་རྣམས་འཇིག་རྟེན་གསུམ་པོ་སུས་ཀྱང་སྤུ་འགུལ་བ་ཙམ་ཡང་བསྐྱོད་མི་ནུས་པར་བསམ་ལ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཨོཾ་ཧེ་ཧེ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། དྷཱ་ར་ཡ་དྷཱ་ར་ཡ་ནི་རུནྡྷ་ནི་རུནྡྷ་་མི་ཙ་ལ་ཨུརྞྞ་མ་ཎི་ཡེ་སྭཱ་ཧཱ། ཞེས་བཟླས་པས་ཐེ་ཚོམ་མེད་དོ། །མི་ཕམ་པས་སོ། ༈ །རང་རྡོ་རྗོ་མི་གཡོ་བ་རི་རབ་ཙམ་གྱི་ཞབས་འོག་ཏུ་རླུང་ཐམས་ཅད་ཡཾ་ཡིག་གི་རྣམ་པར་མནན་ཏེ་གཡོ་འགུལ་མེད་པར་བསམ་ལ། ཨོཾ་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཨོཾ་ཧེ་ཧེ་ཏིཥྛ་སོགས། ནི་རུནྡྷ་བྷ་ཡུ་ཨུརྞྞ་མ་ཎི་ཡེ་སྭཱ་ཧཱ། མང་བཟླས་རླུང་ནོན་ནོ། །འཚེ་བ་གཞན་ཁ་བཅིངས་པ་ལ། མི་གཡོ་སོགས་ཀྱི་ཞབས་ཀྱི་འོག་ཏུ་ཨེ་ཁང་དུ་དམིགས་བྱ་བཀུག་བཅིང་མནན་པར་བསམ་ལ། སྔགས་གཉིས་སྦྲེས། བྱི་བ་ཨུརྞྞ། གཅན་གཟན་ཨུརྞྞ། དགྲ་རྐུན་ཨུརྞྞ། ཀུ་ཀུ་ཨུརྞྞ། ཐོག་སེར་འབྲུག་གློག་ཨུརྞྞ། འབྱུང་པོ་ཨུརྞྞ། སོགས་བསྒྱུར། བྱེ་མ་ཡུངས་ཀར་སྔགས་ཏེ་གཏོར་བས་ཐུབ་བོ། །ཕ་རོལ་ཆྒེེ་མོའི་ངག་ཨུརྞྞ། ཤྭ་རྩལ་མདའ་སོགས་བསྒྱུར། འདི་དྷཱི་མིང་པས་བཀོད་པའོ། ༈ །འབྲུག་སེར་སྲུང་ན། གངས་རི་ཆེན་པོ་རྒྱ་ཆེ་གནམ་འཕང་སླེབ་པའི་སྟེང་ན་རྡོ་རྗེའི་ཁྱུང་ཆེན་འཇིགས་སུ་རུང་བ་དང་། རི་ཡི་ཕྱོགས་རྩེ་ཁོར་ཡུག་ཏུ་དབང་


MR06_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་མ་ཉེར་བརྒྱད་སེང་གེ་འཇིགས་སུ་རུང་བ་ང་རོ་སྒྲོགས་པ་ཉེར་བརྒྱད་ཀྱིས་བསྐོར་ཏེ་རྔམ་སྟབས་སུ་བལྟ་བས་འབྲུག་ཐམས་ཅད་དཔའ་བཀོང་ཏེ་ཉེ་མི་ནུས་པར་བསམ་ལ། ཨོཾ་ཨཱཿཧཱུྃ། ག་རུ་ཌ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། ཡོ་གེ་སད། བཾ་བཾ་སད། རཾ་རཾ་སད། ཕུར་ཕུར་སད། བྲ་མ་ཏི་སད། ཞེས་བཟླས། མཐར་བྷྱོ་ཅི་རིགས་ཟླས་པས་འབྲུག་ཕྱོགས་སུ་ཉེ་བར་གྲགས་མི་ནུས་སོ། །མི་ཕམ་པས་མེ་རྟ་ཟླ་༥་ཚེས་༣ལ་མན་ངག་འདི་གཉིས་བྲིས་སོ་དགེ། ༈ །།ནུབ་བྱང་ནས་རླུང་ལྷ་སྔོ་སྐྱ་ཤ་བ་ཞོན་པ་བ་དན་སྔོན་པོ་ཕྱར་བ་རང་འདྲའི་འཁོར་དང་བཅས་སྤྱན་དྲངས་སྤྲིན་གཏོར་བསམ། ཀྱེ་ཀྱེ། ཚུར་བྱོན་ཚུར་བྱོན་རླུང་གི་ལྷ། །ཉི་མ་ནུབ་བྱང་མཚམས་ཤེད་ནས། །རླུང་ལྷའི་རྒྱལ་པོ་མཐུ་བོ་ཆེ། །ཆིབས་སུ་ཤ་བ་རྭ་རྒྱས་ཆིབས། །ཕྱག་ན་རླུང་གི་བ་དན་ཕྱར། །སྲིད་པ་རླུང་ལ་དབང་བསྒྱུར་བ། །རང་འདྲ་འབུམ་གྱི་འཁོར་དང་བཅས། །ད་ལྟ་ཉིད་དུ་འདིར་བྱོན་ལ། །འབྱུང་བ་རླུང་ཆེན་འུར་གྱིས་གཡོས། །ནམ་མཁའི་སྤྲིན་གྱི་རྒྱ་ཐགས་གཏོར། །མ་གཡེལ་མ་གཡེལ་རླུང་གི་ལྷ། །དམ་རྫས་མཆོད་པ་དམ་པ་བཞེས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཡཾ་ཡཾ་བྷ་ཡུ་རཱ་ཛ་ས་མ་ཡ་འུར་འུར། །མ་ཧཱ་བ་སུ་སིདྡྷི་ཧཱུྃ། མཛེས་བྱེད་ཟླ་༨ཚེས་༡༥་ལ་མི་ཕམ་པས་དགོས་པའི་ཕྱིར་བྲིས་པ་དགེའོ། ༈ །རླུང་འབོད་ན་རས་ལྗང་ཀུའི་བ་དན་ལྕེ་བཞི་གཉིས་སྦྲགས་ཅན་ལ་རླུང་ལྷ་ཤ་བ་ཞོན་པ་བ་དན་ཕྱར་བ་བྲིས། དེའི་སྙིང་གར་ཡི་གེ་ཡཾ་བྲིས་ལ་བསྐྱེད། བཀྲ་ཤིས་རབ་


MR06_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བྱ། རྒྱབ་ཏུ་སྔགས་བྱང་ཡིག་ཕྲེང་བཞིན་བྲི། ཧ་པྲ་ཛྙཱ་དྷྲྀ་ཀཱ། བ་ཡུ་རཱ་ཛ་ཡཾ་ཡཾ་འུར་འུར་བསྐྱོད་བསྐྱོད་དྲག་ཏུ་བསྐྱོད། རླུང་གི་དཀྱིལ་འཁོར་རབ་ཏུ་རྒྱས་པར་མཛོད་ཅིག་ཞེས་བྱས་ལ། དར་ལྕེ་ལའང་ཡཾ་རེ་བྲི། དུས་སུ་དར་དེ་ཕྱར་བས་ནུབ་བྱང་ནས་རླུང་ལྷ་ཤ་བ་ཞོན་པ་ཕྱག་ན་བ་དན་ཕྱར་བས་རླུང་གི་འུར་སྒྲས་རི་ཡང་ཐལ་བར་བརློག་པ་གྲངས་མེད་རང་དབང་མེད་པར་བསྐྱོད་པས་གནམ་ས་བར་སྣང་ཐམས་ཅད་རླུང་གིས་གང་བར་བསམ་ལ། གོང་སྔགས་དང་ཡཾ་ཇི་མང་བཟླས་པས་དེ་ཕྲལ་རླུང་ཤིན་ཏུ་དྲག་པོ་ཇི་འདོད་འབྱུང་ངོ་། ༈ །ཧཱུྃ། མདུན་དུ་བདུད་རྩི་འོ་མའི་རྒྱ་མཚོ་ན། །ཀླུ་བདུད་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། །ཤིན་ཏུ་ཞི་བ་བཞད་ཅིང་གུས་པའི་ཚུལ། །རིན་ཆེན་ཤེལ་གྱི་མདའ་གཞུ་ཕྱག་ན་བསྣམ། །དབུ་གཙུག་དུང་གི་བྱ་མགོ་རྐན་སྒྲ་རྟོག །སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་རུམ་དུ་འཁྱིལ། །ནོར་བུ་རིན་ཆེན་འབར་བའི་རྒྱན་གྱིས་མཛེས། །ཐུགས་ཀར་ཡཾ་ཡིག་དཀར་པོ་སྔགས་ཀྱིས་བསྐོར། །ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱཿ ཞེས་བཟླས་སྔགས་ཀྱིས་གཏོར་མ་འབུལ། ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ། །རྟགས་ནི་འཇའ་འོད་ཟླ་ཟེར་བཟུང་། །དེ་ནས་གྲུབ་པའི་སྔགས་འདི་བཟླ། །ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་སརྦ་སིདྡྷི་ཧཱུྃ། ཞེས་བཟླ་ཇི་འདོད་སྩོལ་བ་ཡི། །རྟགས་བྱུང་དེ་ཚེ་དངོས་གྲུབ་བླང་། །རྒྱུན་དུ་གསོལ་མཆོད་རྩོན་པར་བྱ། །ཤིན་ཏུ་ལས་མྱུར་ཐོགས་པ་མེད། །ཡིད་བཞིན་རིན་ཆེན་རྙེད་


MR06_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདྲ། །ཟླ་༡༢ཚེས་༨་ལའོ། །གཏོར་མ་བཤམས་ཤིང་བྱིན་གྱིས་རླབས། །དྲིལ་བུ་དཀྲོལ་ཞིང་འདི་ལྟར་དབུལ། །ཧཱུྃ། གསང་བདག་དཔའ་བོའི་ཕྲིན་ལས་པ། །མ་གཤིན་ཀླུ་བདུད་བྱེ་བའི་སྲོག །སྡེ་བརྒྱད་ཀུན་གྱི་རྗེ་བོ་ཆེ། །ཁྲོ་གཏུམ་མི་བཟད་རཱ་ཧུ་ལ། །ཕྱོགས་དུས་གནས་རྒྱུའི་རྣོ་སོ་བ། །ཡང་སྙིང་ཡིད་བཞིན་ཞི་བའི་ཚུལ། །དངོས་གྲུབ་ཀུན་གྱི་མཛོད་ཆེན་པོ། །བདུད་རྩི་མྱོང་བའི་ཕོ་ཉ་བ། །རིག་འཛིན་བརྒྱུད་པའི་བཀའ་སྡོད་མཆོག །མི་འབྲལ་རྡོ་རྗེ་སྙིང་གི་གྲོགས། །སྨན་སྐྱེམས་གཏོར་མས་གསོལ་ཞིང་མཆོད། །ཐུགས་དམ་དབྱིངས་སུ་བསྐང་ནས་ཀྱང་། །ལྷ་ཞལ་དགྱེས་པའི་འཛུམ་མདངས་ཀྱིས། །བྱང་ཆུབ་བར་དུ་སྐྱོང་མཛོད་ལ། །རྣམ་རྟོག་དྲེགས་པ་སྡེ་བརྒྱད་ཀྱི། །འཚུབ་འགྱུར་སྟོང་ཉིད་ཆེན་པོར་བཟློག །རིག་པ་བདེ་སྟོང་རྡོ་རྗེའི་ཀློང་། །འདུ་འབྲལ་མེད་པའི་དམ་ལ་དྲོངས། །ཡིད་ལ་རེ་བ་མཐར་ཕྱིན་ནས། །ཟག་མེད་རྡོ་རྗེའི་དཔལ་སྐྱོང་ཤིག །ཞེས་འོ་ཕུད་མངར་གསུམ་བཏབ་པ་དང་། ཟན་གཙང་མའི་གཏོར་ཟླུམ་གྱིས་མཆོད་དོ། །དུག་ཕྱུང་པྲ་དབབ་རྫུ་འཕྲུལ་བསྟན། །ཐན་ཆེན་སྒྲུབ་པ་ཚུལ་བཞིན་བྱ། །ས་མ་ཡཱ། སྡེ་བརྒྱད་འབྱུང་པོའི་གཏད་ཀྱི་གྲིབ། །དབྱུང་ཐབ་མདུན་དུ་གཏོར་ཟླུམ་དང་། །འོ་སྐྱེམས་བཤམས་ལ་བྱིན་གྱིས་རླབས། །ནད་བའི་གྲིབ་གླུད་ཆང་བུ་དང་། །བུམ་པ་དྲི་བཟང་ཆུས་བཀང་བཞག །ས་དུག་མེ་དང་རླུང་ཆུ་དུག །གཞན་ལ་རང་ཉིད་གསང་བདག་བསྐྱེད། །བུམ་པར་ལྷ་བསྒོམ་གཟུངས་སྔགས་བཟླ། །མདུན་


MR06_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཟའ་བདུད་ཞི་བ་གསལ། །སྤྱན་དྲང་སྙིང་པོ་བརྒྱ་ཕྲག་བཟླས། །དེ་ནས་ཧཱུྃ། རང་བྱུང་ཡེ་ཤེས་རིག་པའི་རྩལ། །གསང་བདག་དཔའ་བོའི་ཕྲིན་ལས་པ། །ནང་དུ་སྲོག་རླུང་བྱེད་པ་ལས། །ཕྱི་རོལ་སྲིད་པ་གསུམ་གྱི་རྗེ། །གཟའ་བདུད་དྲག་པོ་རཱ་ཧུ་ལ། །རང་སྣང་ཡེ་ཤེས་ཞི་བའི་ཞལ། །ཆོས་སྐྱོང་ཡིད་བཞིན་ནོར་བུ་ཁྱོད། །སྙིང་གི་གྲོགས་སུ་མངའ་གསོལ་ནས། །དཀར་དམར་བ་ལིང་གཏོར་མ་དང་། །མངར་གསུམ་ག་བུར་བཏབ་པ་ཡི། །བདུད་རྩི་འོ་མའི་ཞལ་སྐྱེམས་སོགས། །ཕྱི་ནང་གསང་བའི་དམ་རྫས་ཀྱིས། །མཆོད་ཅིང་བསྟོད་དོ་ཐུགས་དམ་བསྐང་། །རིག་འཛིན་བརྒྱུད་པའི་བཀའ་བཞིན་དུ། །རྡོ་རྗེ་འདའ་དཀའི་དམ་ཚིག་གིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བྱང་ཆུབ་བར་དུ་མི་འབྲལ་བར། །ཚེ་བསྲིང་དཔལ་བསྐྱེད་འབྱོར་བ་སྤེལ། །དགྲ་སོད་བགེགས་ཐུལ་བར་ཆད་བཟློག །བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་དང་། །ཉམས་རྟོག་ཡེ་ཤེས་ཆེས་ཆེར་སྤེལ། །སྙན་དང་གྲགས་པ་ཕྱོགས་བརྒྱར་སྒྲོགས། །མདོར་ན་ཕྲིན་ལས་གང་བཅོལ་བ། །འབད་མེད་ཡིད་བཞིན་གྲུབ་པར་མཛོད། །ཧོ་དགོངས་སུ་གསོལ་ལོ་ལྷ་ཆེན་པོ། །ཁྱོད་ནི་བྱང་ཆུབ་སེམས་དཔའ་སྟེ། །བདེ་བར་གཤེགས་པའི་སྤྱན་སྔ་རུ། །དམ་བཅའ་གཉན་པོ་དགོངས་མཛོད་ལ། །ཕྲིན་ལས་བཅོལ་པ་དྭང་དུ་ལོངས། །བདག་ནི་རིག་འཛིན་རྣམས་


MR06_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གདུང་། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །བདག་དང་སྦྱིན་པའི་བདག་པོ་ལ། །ཕས་ཀྱི་བསམ་སྦྱོར་ངན་པ་ཡིས། །འབྱུང་བཞིའི་གཏད་ཀྱི་ནུས་པ་དང་། །ལྷ་སྲིན་འབྱུང་པོའི་གློ་བུར་གྲིབ། །ལུས་ངག་ཡིད་ལ་ཕོག་པ་རྣམས། །སྟོབས་ཆེན་ཁྱོད་ཀྱི་འོད་ཀྱིས་སྡུས། །གྲིབ་གླུད་འདི་ལ་སྤོ་མཛོད་ལ། །བདག་ཅག་གྲིབ་ལས་ཐར་བར་མཛོད། །ལྕི་ཞིང་འཐིབ་པ་ས་ཡི་དུག །ཚ་ཞིང་བསྲེག་པ་མེ་ཡི་དུག །ཡང་ཞིང་འཕྱོ་བ་རླུང་གི་དུག །རླན་ཞིང་གཤེར་བ་ཆུ་ཡི་དུག །བར་ཆད་གློ་བུར་སྡེ་བརྒྱད་གྲིབ། །དེ་ལ་སོགས་པའི་གྲིབ་ཀྱི་རིགས། །ཏིང་འཛིན་སྔགས་རྒྱའི་བྱིན་རླབས་དང་། །ཆོས་སྐྱོང་ཆེན་པོའི་མཐུ་སྟོབས་ཀྱིས། །མེ་ལོང་སྟེང་གི་རྡུལ་ཕྱིས་བཞིན། །འུབ་ཀྱིས་སྡུས་ལ་ཙེར་གྱིས་ཕྱུངས། །ངར་མི་འདི་ལ་ཐིམ་གྱིས་སྤོ། །ཟླ་བ་སྤྲིན་ལས་གྲོལ་བ་ལྟར། །བདག་ཅག་གྲིབ་ལས་ཐར་གྱུར་ཅིག །ཅེས་བརྗོད་རྣམ་འཇོམས་གཟུངས་ལ་ནི་ཀེ་ཏ་དང་ནི་འབྱུང་ལྔའི་སྔགས། །ཁྲུས་སྔགས་སྦྱར་ལ་གླུད་སྟེང་བཀྲུ། །དེ་ནས་འབྱུང་དང་ཀེ་ཏ་དང་། །ལམ་ཧོ་བཟླས་ལ་ས་དེ་ཉིད། །སྦྱི་བོར་བསྐོར་ཞིང་ས་དུག་རྣམས། །ས་དེར་བསྟིམ་ལ་ཀླུད་སྟེང་བཞག །ས་ཡི་དུག་དང་གྲིབ་ཐམས་ཅད་ཕྱུངས་ཕྱུངས་ཤནྟིང་ཀུ་རུ་སྭཱ་ཧཱ། ཞེས་བཟླས་འབྱུང་བ་བཞི་ལ་བསྒྱུར། །དེ་ནས་ལུས་ཀྱང་ཡལ་བར་བསམ། །ཨེ་ཧོ་བཟླས་ལ། གྲིབ་ཐམས་ཅད་ཞི་བར་གྱུར་ཅིག་ཞེས་བརྗོད། དེ་ནས་གླུད་བྱིན་རླབས་བསྔོ་ཞིང་གཞན་དུ་འཕེན་ནོ། །འདིས་ཕན་པར་ངེས་སོ། །ས་མ་ཡཱ། ལྕགས་སྦྲུལ་ཟླ་


MR06_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས༡༩་ལའོ། ༈ །གྲིབ་ཕྱུང་བཞུགས། ཧཱུྃ་ཞེས་བྱ་བའི་ཡི་གེ་གཅིག །རྨ་བྱའི་མདོངས་ལ་གསུམ་སྟོང་བཟླས། །གྲིབ་གླུད་ངར་མི་རིང་པོ་ལ། །བྱབ་ཅིང་བསྟིམ་ལ་གླུད་དུ་བོར། ཀྱེ། མཆོག་གསུམ་སྔགས་དང་ཕྱག་རྒྱ་དང་། །ཆོས་ཅན་ཆོས་ཉིད་ཟུང་འཇུག་མཐུས། །དམིགས་བྱའི་ལུས་ངག་ཡིད་གསུམ་ལ། །གྲིབ་ཀྱིས་ཕོག་པ་ཀུན་བསྡུས་ཏེ། །གྲིབ་གླུད་འདི་ལ་ཐིམ་པར་གྱུར། །གྲིབ་གླུད་འདོད་པའི་ཡོན་ཏན་ལྔ། །ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས། །འདོད་རྒུར་འཆར་བའི་རང་བཞིན་འདི། །གྲིབ་བདག་གླུད་བདག་ནད་རིམས་བདག །ལན་ཆགས་བུ་ལོན་བསྙགས་རྣམས་ལ། །བསྔོའོ་དགྱེས་དགུར་ཚིམ་གྱུར་ཅིག །སཾ་བྷ་ར་ནི་བདུན་གྱི་བསྔོ། །དེ་ནས་ཁྱེར་ཅིག་སོགས་བརྗོད་གཞན་དུ་བསྐྱལ། ཟབ་བོ་ས་མ་ཡ། ༈ འདྲེ་ཟ་ཁ་སྤོ་ཞིང་ཁྱིམ་འདྲེ་གཞན་དུ་བསྒྱུར་བ་ལ། ཟན་ལ་སྤྲེའུ་མཇུག་མ་གྱེན་ལང་ལག་ཏུ་མཁར་བ་ཐོགས་པ་ཞིག་བྱས། གདོང་དང་ལག་པར་བཙག་བྱུགདེའི་རྒྱབ་ཏུ་རྨི་ལམ་སོགས་སུ་གང་གནོད་པའི་གཟུགས་བྱ། ཤོག་བུ་ལ་སྟིང་གར། ཏྲི་ཡིག་བྲིས་ལ་གླན་ནོ། །མིང་ཤེས་ན་དེ་ཡང་བྲིས་ལ་གླན་ནོ། །རང་ཡི་དམ་བསྒོམ་བཟླས་བ་བརྒྱ་ཙམ་བྱ། མདུན་རྟེན་གྱི་སྙིང་ཀའི་ཏྲི་ལས་འོད་འཕྲོས་འདྲེ་དེའི་སྙིང་གར་ཁུགས་ནས་བཟུང་རང་གི་ཐུགས་ཀྱི་ཕྱག་རྒྱ་བཞིས་བཀུག་སྟེ་དེ་ལ་ཐིམ་ཛ་ཧཱུཾ་བཾ་ཧོས་དབྱེར་མེད་བསྟིམ་པར་བྱ། ཐིག་ནི་ག་རཱ་ཛ་སྐྱོསཿ དེང་ཀྱི་ཟ་རེས་ཁྱེར་བས་དགྲ་བོ་ཆེ་གེ་མོའི་སར་སྐྱེལ་ལ་རྒྱུག ཅེས་སྔགས་འདི་སྤྲེའུའི་རྣ་བ་གཡས་ལ་ཉེར་གཅིག་བཟླས་ཏེ་


MR06_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

ཕུ་བཏབ། དེ་ནས་གླུད་རྫས་སྔགས་དྲུག་ཕྱག་དྲུག་གིས་བརླབས་ལ། སྨྲེང་གྱེང་ནི། ཀྱེ། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་སྟེ་བདེན་པའི་མཆོག །དགེ་འདུན་འདུས་པའི་ཚོགས་སྟེ་བདེན་པའི་མཆོག །བདེན་པའི་མཆོག་ནི་དཀོན་མཆོག་གསུམ་གྱི་བཀའ། །དཀོན་མཆོག་བཀའ་ལ་མི་ཉན་གང་ཡང་མེད། །རྟེན་འབྲེལ་རྒྱུ་ལས་མ་བྱུང་གང་ཡང་མེད། །དེ་ཕྱིར་དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཆོས་ཉིད་རྣམ་པར་དག་པའི་རང་བཞིན་དང་། །ཆོས་ཅན་རྟེན་འབྲེལ་བསླུ་མེད་ནུས་པའི་སྟོབས། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་མཐུས། །གླུད་གཏོར་འདོད་པའི་ཡོན་ཏན་ཀུན་ལྡན་འདི། །སྔོན་ལས་ལན་ཆགས་དབང་གིས་འབྲེལ་བ་དང་། །གློ་བུར་རྐྱེན་གྱིས་ལྷག་པའི་གདོན་བགེགས་ཚོགས། །སོ་སོའི་ཡས་སྟགས་གཟུགས་ལ་བསྟིམས་ནས་ཀྱང་། །ལན་ཆགས་གླུད་བཟང་ཡིད་བཞིན་འདོད་དགུར་བསྔོ། །མཉེས་ཤིང་ཚིམ་ནས་གནོད་པའི་བསམ་པ་ཞི། །བུ་ལོན་ལན་ཆགས་ཤ་ཁོན་བྱང་གྱུར་ཅིག །སྔོན་ཚེ་ལྷ་དང་མི་ཡི་དབང་པོའི་གླུད། །སངས་རྒྱས་བྱས་སེམས་རིག་འཛིན་རྣམས་ཀྱིས་བསྔོས། །ལྷ་སྲིན་འབྱུང་པོ་ཚིམ་ཞིང་དགེ་བར་བྱས། །རྒྱུ་འབྱོར་ཡོན་བདག་རྐྱེན་ངན་རྣམས་ལས་གྲོལ། །རྣམ་ཀུན་ཕན་པའི་ཐབས་ཚུལ་དེ་ལྟར་མཛད། །ད་ལྟ་རྒྱུ་འབྱོར་སྦྱིན་པའི་བདག་པོ་ཡིས། །


MR06_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

མི་བས་གླུད་བཟང་སྔགས་དང་ཕྱག་རྒྱས་བརླབས། །དཀོན་མཆོག་བདེན་པས་སྔོན་གྱི་ལུང་བཞིན་དུ། ཕན་བདེའི་ཆོ་ག་བཟང་པོའི་ལམ་ནས་ནི། །བདེན་པའི་ཚིག་གིས་བཀྲོལ་ཏེ་བསྔོ་ལགས་ན། །གླུད་འདི་བཞེས་ལ་གནོད་འཚེའི་བསམ་པ་སྤོངས། །ཆོས་ཉིད་བདེན་པའི་དོན་ལ་གནས་པར་གྱིས། །སཾ་བྷ་རས་བསྔོ། ཁྱེར་ཅིག་སོགས་བརྗོད། ཀྱེ། གདོན་བགེགས་འབྱུང་པོའི་མིང་གཟུགས་དང་། དབྱེར་མེད་ཡས་སྟགས་གཟུགས་ཀྱི་མདུན། །ལན་ཆགས་གླུད་ཀྱི་གཏོར་མ་ནི། །མི་ཟད་འདོད་དགུའི་གཏེར་དུ་བསྔོ། །ད་ནི་མ་འདུག་གཤེགས་རེ་རན། །མཐའ་མེད་རྒྱ་མཚོའི་ཕ་མཐར་དེངས། །མཐའ་བལ་སྟོང་པའི་དབྱིངས་སུ་སོང་། ཕྱི་མིག་མ་བལྟ་མྱུར་དུ་སོང་། །མི་ཕྱུགས་འབྱོར་པའི་གླུད་བཟང་ནི། །དངོས་ལས་བཟང་སྟེ་ཡིད་རེ་ཚིམ། །འདོད་རྒུར་འབྱོར་ཏེ་ཞེ་རེ་བདེ། །གནས་འདི་མི་བདེ་བར་མ་འུར། །བུ་ལོན་མི་ཆགས་ཟང་མ་ཐལ། །ད་ནི་འདུག་པའི་གནས་མེད་པས། །མྱུར་བ་ཉིད་དུ་འགྲོ་བར་གྱིས། །གལ་ཏེ་བདེན་པའི་དོན་བཞིན་དུ། །བཀའ་ལ་མི་ཉན་འདུག་བྱེད་ན། །བདག་ཉིད་སངས་རྒྱས་ཀུན་འདུས་པའི། །དཔལ་ཆེན་ཁྲོ་བོའི་ཐུགས་ཀ་ནས། །མཚོན་ཆ་མེ་དཔུང་ཁྲོ་ཆུང་འཁྲུགས། །སྣང་སྲིད་རྡོ་རྗེའི་མེ་དཔུང་འབར། །བགེགས་ཚོགས་ཐལ་བ་རྡུལ་དུ་བརླག །དེ་བས་ལྡོག་མེད་


MR06_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ཀྱིས་ནི། །རང་དབང་མེད་བར་མྱུར་དུ་སོང་། །ཞེས་བརྗོད་ལ་གླུད་རིང་དུ་བོར། ཁྲོ་བོའི་སྔགས་ཀྱིས་བསྔགས་པའི། ཡུངས་ཀར་ཀུན་ཏུ་འཐོར་ཞིང་སྔགས་པའི་གུ་གུལ་གནས་ཀུན་ཏུ་བདུག ཕུར་བུ་འགྲིལ་ཞིང་དྲག་སྔགས་དང་སུམ་བྷ་ནི་བཟླ། དམིགས་པས་གཟིར་མཐར་སྲུང་འཁོར་བསྒོམ་མི་དམིགས་པའི་རྒྱས་བཏབ་བོ། །དེ་ལྟར་བྱས་པས་ཁྱིམ་མམ་ཡུལ་དུ་གདོན་ཆགས་པ་གང་དུ་དམིགས་པར་བསྒྱུར་ནུས་པས་ཟབ་བོ། ༈ །ཀླུའི་གདོན་ཁྲོལ་རྟེན་འབྲེལ་བྱ་ན། ནད་པའི་ལུས་བསྒྲེས་ཟན་ལས་གླུད་གཟུགས་གཅེར་བུ་མཁྱིད་གང་བ་ལ་སྦྲུལ་ནག་པོས་སྐེ་ནས་རྐང་པའི་བར་དུ་དཀྲིས་པ་བྱས། འོ་སྐྱེམས་དང་ཆང་བུ་མངར་གྱིས་བརྒྱན་ཅན་བཀྲམ། རང་ཉིད་ཕྱག་ན་རྡོ་རྗེར་གསལ། བཛྲ་པཱ་ཎི་བརྒྱ་ཙམ་བཟླ། ཨོཾ་ཨཱཿཧཱུྃ་ཧོ། གླུད་གཏོར་དངོས་ཀྱི་ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས་པ་འདོད་ཡོན་མི་ཟད་པའི་གཏེར་དང་ལྡན་པར་གྱུར། འབྲུ་གསུམ། སཾ་བྷ་ར་མཚན་བཞིས་བརླབས། ཧོ༔ །གདོན་གྱི་རིགས་སུ་གྱུར་པ་དང་། །ཁྱད་པར་ལན་ཆགས་ཀླུ་ཡི་གདོན། །བཟུང་ཞིང་ཆགས་དང་ཞེན་པ་རྣམས། །ཁུག་ཅིག་ཨཱ་ཀ་ཡ་ཛ༔ ཨོཾ་བཛྲ་ཊཀྐི་རཱ་ཛ་ཧཱུཾ་ཛཿ དམིགས་བྱ་འདི་ལ་གནོད་པའི་ཀླུ་གཉན་ས་བདག་ཐམས་ཅད་ཨཱ་ཀ་ཡ་ཛཿཛཿཞེས་ཅི་རིགས་བརྗོད་པས་གནོད་པའི་ཀླུ་གདོན་ཐམས་ཅད་བཀུག་ནས་སྦྲུལ་གཟུགས་ལ་ཐིམ་པར་གྱུར། ཛ་ཧཱུཾ་བཾ་ཧོས་བཅིངས། ཧཱུྃ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཁྲོ་བོའི་རྒྱལ་པོའི་བྱིན་སྟོབས་ཀྱིས། །དམིགས་བྱ་ནད་པ་འདི་ཉིད་ལ། །སྔོན་གྱི་ལན་ཆགས་དེད་པ་དང་། །


MR06_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲལ་གྱི་རྐྱེན་བགེགས་བྱེད་པ་ཡི། །གནོད་བྱེད་ཀླུ་གཉན་ས་བདག་ལ། །མི་འདིའི་ཕུང་ཁམས་སྐྱེ་མཆེད་ཆེ། །འདོད་ཡོན་རྒྱ་མཚོར་ཤར་བ་འདི། །བསྔོའོ་དགའ་མགུ་ཡི་རང་ཚིམ། །བུ་ལོན་སོད་ཅིང་ཤ་མཁོན་དག །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོགས། །ནད་དེ་ཉེ་བར་ཕྱུངས་ནས་སུ། །གདོན་རྣམས་རང་གི་གནས་སུ་དེངས། །ཨོཾ་བཛྲ་པཱ་ཎི་ཧཱུཾ། ནཱ་ག་ཤིག་ཤིག་ཁྲོལ་ཁྲོལ་སྭཱ་ཧཱ། ཞེས་བརྗོད་པས་ཀླུའི་གདུག་སེམས་དང་གནོད་པ་ཐམས་ཅད་ཞི་ནས་རང་གནས་སོང་བར་བསམ། གལ་ཆེ་ན། སཾ་བྷ་ར་སོགས་ནས་ལན་གསུམ་བསྐྱར་ལ། ཁྱེར་ཅིག་སོགས་བརྗོད། གལ་ཏེ་དེས་ཀྱང་མི་གཏོང་བའི་ཀླུ་དང་ནད་ཞེན་ཆེ་བ་དགྲོལ་བའི་ཕྱིར་འདི་སྐད་དུ། ཧཱུྃ། གསང་བདག་དཔའ་བོའི་ཐུགས་ལས་སྦྲུལ། །འཇིགས་བྱེད་བྱ་ཁྱུང་ག་རུ་ཊ། །རི་རབ་རྩེ་ནས་སྤྱན་འདྲེན་ནོ། །འདིར་གཤེགས་རྣལ་འབྱོར་བདག་ཅག་ལ། །གདུག་པ་ཀླུ་ཡི་གདོན་རྣམས་ཀྱིས། །བཟུང་བ་མྱུར་དུ་མི་དགྲོལ་ན། །ཀླུ་གདོན་གདུག་པའི་ཕུང་ཁམས་དང་། །བསམ་སྦྱོར་ངན་པའི་ནད་དང་གྲིབ། །བྱ་ཁྱུང་རྒྱལ་པོ་ཁྱོད་ཀྱིས་ཟོ། །ཁྲོལ་ཅིག་ཁྲོལ་ཅིག་ནད་གདོན་ཁྲོལ། ཨོཾ་བཛྲ་པཱ་ཎི་ག་རུ་ཊ་གནོད་བྱེད་ཀླུ་གཉན་ས་བདག་གི་གདུག་པ་ཁྲོལ་ཅིག་ཟོ་ཞིག་ཁ་རཾ་ཁ་ཧི། ཛྭ་ལ་རཾ། ཞེས་བརྗོད་ཐོག་ཁ་འམ་ས་གཙང་དུ་བཞག་པས་འོལ་བས་ཟོས་ན་ཐེབས་པའི་རྟགས་སུ་བལྟ། དེས་ན་འོལ་བ་ལ་སྦྱིན་པར་བྱ། མིན་ནའང་བྱས་ཟར་གཞུག་གོ །ཀླུ་གདོན་ཁྱུང་གིས་ཁྲོལ་ཅིག་ཅེས་ལན་གསུམ་བརྗོད་རྗེས་ཡེ་དྷར་ཅི་རིགས་བཟླ་བཞིན་གླུད་བོར་ལ་མཐར་བཀྲ་ཤིས་བརྗོད་པར་བྱའོ། །རབ་ཚེས་མེ་ཕག་ཟླ་༣ཚེས་༡༧ཉིན་གུང་ཕྲལ་དུ་མི་ཕམ་པས་བཀོད་པ་དགེ། །། །


MR06_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

༈ འཇམ་དཔལ་ནཱ་ག་རཀྴའི་སྒྲུབ་ཐབས་ཕ་ལམ་རྡོ་རྗེའི་རལ་གྲི་མེ་འབར་བཞུགས་སོ། །སྐྱབས་སེམས་ཚད་མེད་བསྒོམ་པ་རྣམས་སྔོན་དུ་བཏང་། སེམས་ཅན་ཐམས་ཅད་གཏི་མུག་གི་གདོན་ལས་བསྐྱབ་པར་བྱ་བའི་ཆེད་དུ་འཇམ་དཔལ་ནཱ་ག་རཀྴ་བསྒྲུབ་པར་བྱའོ་སྙམ་དུ་སེམས་བསྐྱེད་ལ། ཧཱུྃ། བདག་ཉིད་སྟོང་པ་སྐྱེ་མེད་ཆོས་སྐུའི་ངང་། །རང་སེམས་ཕེཿནག་འོད་ཟེར་དམར་པོ་འཕྲོས། །འཇིག་རྟེན་ཀླུ་དང་བདེ་གཤེགས་མཆོད་བྱས་ཏེ། །ཐམས་ཅད་འོད་ཞུ་ཚུར་འདུས་ཕེཿའོད་ཞུ། །ཨོཾ་ཕེ་ལཾ་ཧཱུྃ་ཞེས་རང་སྒྲ་བརྗོད་པ་ཡིས། །རིག་པའི་རྒྱལ་པོ་ཀླུ་བདུད་མགོ་དགུ་པ། །ཞལ་གཅིག་ཕྱག་གཉིས་མཐིང་ནག་གཡས་གཡོན་ཕྱག །གཡས། སྦྲུལ་ཞགས་གཡོན། ཐོད་པར་ནཱ་གའི་སྙིང་ཁྲག་འཐུང་། །དབུ་ནི་སྲིད་རྩེ་སྦྲུལ་མཇུག་རྒྱ་མཚོར་བརྐྱང་། །སྣང་སྲིད་དྲེགས་པ་མ་ལུས་དབང་དུ་སྡུད། །གདུག་པའི་ཀླུ་གཉན་བདུད་ཀྱི་གཉེན་པོར་བསྒོམ། །ཐུགས་ཀར་སྦྲུལ་ནག་མཐོ་གང་ཡེ་ཤེས་ཐུགས། །ཕེཿལ་ཡང་སྙིང་འབྲུ་བཞིས་བསྐོར་བར་བསྒོམ། །ཨོཾ་ཕེ་ལཾ་ཧཱུྃ། ལམ་གྱི་ང་རོ་རླུང་རུ་བཀླག་མཆན། གསང་སྔགས་


MR06_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་འབྲུ་བཞི་པ། །འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱང་། །ཚུར་འདུས་ལུས་གང་ནད་སོགས་བསྲེག །མ་ཡེངས་ཆུ་བོའི་རྒྱུན་ལྟར་བཟླ། །རིག་པའི་རྒྱལ་པོ་ཚེ་འདིར་འགྲུབ། །ཤིན་ཏུ་གདུག་པའི་གདོན་ལ་ནི། །སླར་ཡང་དྲག་ཏུ་ཆེར་འཁྲོས་པས། །མཐིང་ནག་སྦྲུལ་དགུའི་གདེངས་ཀ་ཅན། །དབུས་མའི་སྤྱི་བོར་མི་བསྐྱོད་བཞུགས། །གཡས་བརྒྱད་གྲི་གུག་འབར་བ་བསྣམས། །གཡོན་བརྒྱད་སྦྲུལ་གྱི་ཞགས་པ་ཐོགས། །རལ་པར་སྡོམ་སྡིག་ཚྭ་ཚྭ་འཕྲོ། །སྐུ་ནི་རི་རབ་རྒྱབ་བརྟེན་ཞིང་། །དབུ་ནི་སྲིད་པའི་རྩེ་མོར་སླེབ། །ཞབས་ནི་སྦྲུལ་མཇུག་རྒྱ་མཚོར་བརྐྱང་། །ཀླུ་རིགས་ལྔ་ཡིས་སྐུ་ལ་བརྒྱན། །གདོལ་པ་ནག་པོ་ཞབས་འོག་གནོན། །སྐུ་སྟོད་སྲིན་པོ་ཁྲོས་པའི་གཟུགས། །གྲུ་གསུམ་སྤྱན་བསྒྲད་མཆེ་བ་གཙིག །འཇིགས་པ་ཨིག་ཤའི་སྒྲ་ཆེན་སྒྲོགས། །ཀླུ་གཉན་ས་བདག་ཟས་སུ་ཟ། །སྐུ་ལས་དུག་རླངས་མེ་རི་འབར། །སྔགས་ཀྱི་འོད་ཟེར་ཡེ་ཤེས་མེས། །གནོད་བྱེད་ཀླུ་གཉན་ས་བདག་ཀུན། །ཐུལ་ཐུལ་གཞོབ་ཏུ་བསྲེགས་པར་བསམ། །ནག་པོ་ཏི་པ་ཙ་ཡ་ནཱ་ག་རཀྴ་ཨོཾ་ཕེ་ལཾ་ཧཱུཾ། ཞེས་པར་ཀླུ་གནད་ནས་གཟིར་བའི་སྔགས། ཨོཾ་ན་མོ་བུདྡྷ་ཡ། བཛྲ་ཀཱི་ལི་ཀཱི་ལ་ཡ། ནཱ་ག་དུ་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་སྭཱ་ཧཱ། ཞེས་པ་འདི་ཉིད་བཟླས་ཙམ་གྱིས། །གནོད་བྱེད་ཀླུ་གཉན་སྲོག་རྩ་འཚིག །དགོས་གལ་མི་ཆེ་ལས་མི་སྦྱོར། །ཤིན་ཏུ་ཟབ་པོ་ས་མ་ཡཱ༔ ཐུན་མཐར་


MR06_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཉ་སྦྲུལ་སོགས་ཀྱི་ཤས་བརྒྱན་པ། ཨ་ཀ་རོས་ཡེ་ཤེས་ཀྱི་བདུད་རྩིར་བརླབས། སྒྲུབ་སྔགས་ནག་པོ་ཏི་པ་ཙ་ཡ་སོགས་ལ་ཨེ་དཾ་བ་ལཱིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་གཏོར་སྔགས་བཏགས་པས་འབུལ། སླར་ཡང་ཉེར་སྤྱོད་བཛྲ་པུཥྤེ་སོགས་ཀྱི་སྔགས་ཀྱིས་མཆོད། ཧཱུྃ། འཇིགས་ཆེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །འཇམ་དཔལ་ནཱ་ག་རཀྴ་ལ། །གུས་པས་ཕྱག་འཚལ་མཆོད་ཅིང་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་ལ་བྱང་ཆུབ་སྙིང་པོའི་བར། །ཀླུ་གཉན་ས་བདག་ལ་སོགས་པའི། །མི་མཐུན་གདོན་དང་བྱད་གཏད་སོགས། །ཕས་རྒོལ་ཕྱོགས་ལས་རྣམ་རྒྱལ་བའི། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །སྐྱེ་ཀུན་ཁྱེད་ཀྱིས་རྗེས་འཛིན་ཞིང་། །མཆོག་ཐུན་དངོས་གྲུབ་མ་ལུས་རྩོལ། །ཅེས་བྱའོ། །ཐུན་མཐར། ལྷར་སྣང་མི་དམིགས་འོད་གསལ་དབྱིངས་སུ་ཐིམ། །སླར་ཡང་ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྡང་། །ཨོཾ་ཕེ་ལཾ་ཧཱུཾ། དགེ་བ་འདི་ཡིས་མྱུར་དུ་བདག །ན་ག་རཀྴ་འགྲུབ་གྱུར་སོགས་བསྔོ་སྨོན་དང་བཀྲ་ཤིས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་མི་ཕམ་འཇམ་དཔལ་རྡོ་རྗེས་མེ་བྱ་ཁྲུམ་ཟླའི་ཚེས་བཅོ་བརྒྱད་ཀྱི་དགུང་མོ་ལྷག་པའི་ལྷ་འདི་ཉིད་ལ་གུས་པས་གསོལ་བ་བཏབས་ཏེ་རྡོ་རྗེ་གཙུག་ལག་གི་རྒྱུད་ཀྱི་དགོངས་པ་བཞིན་བྲིས་པ་འདིས། འདི་དང་འབྲེལ་ཚད་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ཏེ་འཇམ་དཔལ་ཁྲོ་བོའི་རྒྱལ་པོའི་གོ་འཕང་ཚེ་འདིར་འགྲུབ་པར་གྱུར་ཅིག་འདིའི་ལས་མཐའ་ཀླུའི་གདོན་ཁྲོལ་དང་གཏད་ཁྲོལ་ལ་སོགས་པ་གཞན་དུ་ཤེས་པར་བྱའོ། །མངྒ་ལཾ། །


MR06_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་གླུད་ཕན་བདེའི་དཔལ་སྟེར་བཞུགས། ༈ ལུས་ལས་བསྒྲེས་པའི་ཟན་ཆང་ལ། །ཆང་བུ་གླུད་གཟུགས་ཤ་དུམ་བཅས། །བཞག་ལ་སྐྱབས་སེམས་ཚད་མེད་རྗེས། །མདུན་གྱི་ནམ་མཁར་ཨེ་ཡི་དབུས། །བསྐལ་པའི་མེ་ཀློང་འཇམ་པའི་དབྱངས། །ཁྲོས་པ་ནཱ་ག་རཀྴའི་སྐུ། །མངོན་སུམ་གསལ་བཏབ་མཆོད་ཅིང་བསྟོད། །བདག་གི་གྲིབ་གདོན་སྲིན་གྱི་ནད། །ཞི་བར་མཛོད་ཅེས་གསོལ་བ་བཏབ། །ཐུགས་ཀར་ཡེ་ཤེས་སེམས་དཔའ་སྦྲུལ། །དཀར་པོའི་ཐུགས་ཀར་ཕེ་ཡིག་ལ། །སྔགས་ཕྲེང་གྱིས་བསྐོར་འོད་ཟེར་ནི། །དཀར་པོས་བདག་གི་ལུས་ནང་གང་། །ས་བདག་ཀླུ་ཡི་གྲིབ་གདོན་ལས། །བསྐྱེད་པའི་ཡ་མ་ནད་ཀྱི་ཚོགས། །སྔོ་དམར་རླངས་པའི་རྣམ་པར་ནི། །ཕྱིར་ཐོན་གླུད་རྫས་རྣམས་ལ་ཐིམ། །ལུས་ནང་བདུད་རྩིས་གང་བར་བསམ། །འབྲུ་བཞིའི་སྔགས་ཤམ་ཡ་མ་དང་། རོ་ག་ཤནྟིཾ་ཀུ་རུ་ཡེ། སྭཱ་ཧཱ་ཞེས་སྦྱར་ཇི་འགྲུབ་བཟླ། དེ་ནས་ཁྲོ་བོའི་རྒྱལ་པོ་ཡི། །ཐུགས་ཀའི་འོད་ཀྱིས་ལན་ཆགས་གདོན། །ཀུན་བཀུག་མདུན་དུ་འདུས་པར་བསམ། །ཧཱུྃ་དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཆོས་ཉིད་ཆོས་ཅན་རྟེན་འབྲེལ་སྟོབས། །འཇམ་དཔལ་ནཱ་ག་རཀྴ་ཡི། །བྱིན་བརླབ་ཐུགས་རྗེ་ཆེན་


MR06_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མཐུས། །སྔོན་ལས་ཕྲལ་རྐྱེན་ལས་གྱུར་པའི། །གདོན་བགེགས་ལན་ཆགས་འབྱུང་པོའི་ཚོགས། །མཆོད་སྦྱིན་གནས་འདིར་མཆིས་གྱུར་ཅིག །དམིགས་བྱའི་ཕུང་ཁམས་སྐྱེ་མཆེད་དང་། །དབྱེར་མེད་གླུད་ཀྱི་གཏོར་མ་ནི། །ལན་ཆགས་བདག་པོའི་སྤྱོད་ཡུལ་དུ། །འདོད་རྒུར་འཆར་བའི་རང་བཞིན་གཏེར། །མྱོང་གྲོལ་ཡེ་ཤེས་བདུད་རྩི་འདི། །སྔོན་ལས་ཕྲལ་རྐྱེན་ལས་གྱུར་པའི། །ས་བདག་ཀླུ་གཉན་གྲེ་བོ་སོགས། །ནད་དང་ཁྱད་པར་ཡ་མའི་ནད། །གཏོང་བ་ཀུན་ལ་ལེགས་འབུལ་ན། །འཇམ་དཔལ་ཁྲོ་བོའི་རྒྱལ་པོ་ཡིས། །དཔང་པོ་མཛད་ནས་དེང་ཕན་ཆད། །བདག་གི་ལན་ཆགས་བྱང་བར་མཛོད། །འགྲས་པ་བཟླུམས་ལ་མཁོན་པ་བྱང་། །གྲིབ་དང་མི་གཙང་དབྱིངས་སུ་ཡལ། །ནད་གདོན་བར་ཆད་ཀུན་ཞི་ནས། །བདེ་སྐྱིད་ཆོས་འབྱོར་རྒྱས་པ་དང་། །མཐར་ཐུག་གདོད་མའི་གཞི་དབྱིངས་སུ། །བྱང་ཆུབ་ཆེན་པོ་ཐོབ་པར་ཤོག །སམ་བྷ་ར་སོགས་སྔགས་ཀྱིས་བསྔོ། །གྲངས་ཚར་རྗེས་སུ་གླུད་ཀྱི་ཚོགས། །གཞན་དུ་བསྐྱུར་ལ་གཙྪས་གཤེགས། །མདུན་གྱི་ལྷ་ཉིད་རང་ལ་བསྟིམ། །མི་དམིགས་རྒྱས་གདབ་བསྔོ་སྨོན་བྱ། །དེ་ལྟར་བྱས་པས་སྲིན་གྱི་ནད། །བཅོས་སྡུགས་མ་ལུས་ཞི་བྱེད་པའི། །མཆོག་ཏུ་ཕན་པའི་ཆོ་ག་ནི། །བདུད་རྩི་


MR06_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་ཡིད་འོང་བ། །མི་ཕམ་རྣམ་པར་རྒྱལ་བས་སྤེལ། ༈ །ལས་ངན་ལ་བརྟེན་གྲིབ་གདོན་གྱིས། །བསླངས་ནས་ཡ་མ་སྲིན་གྱི་རིགས། །བཅོས་རྡུགས་ཟུག་རྔུས་མནར་བ་ལ། །ཕན་བྱེད་ཐབས་ཀྱི་རིམ་པ་ནི། །ལུས་ཀྱི་དྲི་མར་བསྒྲེས་པའི་ཟན། །སྲིན་བུའི་དབྱིབས་ཅན་ཕྲ་མོ་ནི། །མང་པོ་ཤ་དུམ་ཏིལ་ནག་དང་། །རམ་བུ་དང་བཅས་སྣོད་དུ་བཞག །སྐྱབས་སེམས་ཚད་མེད་བསྒོམ་པའི་རྗེས། །མདུན་དུ་ཚེར་མའི་ཤིང་དག་ལ། །མེ་སྦར་བྱས་ལ་དམིགས་པ་ནི། མདུན་དུ་རམ་ལས་མེ་འབར་བའི། །དབུས་སུ་གྲུ་གསུམ་མཐིང་ནག་ཀློང་། །སྐད་ཅིག་ནཱ་ག་རཀྴ་ན་ནི། །མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད། །གཡས་དགུ་གྲི་གུག་གཡོན་སྦྲུལ་ཞགས། །སྐུ་སྨད་སྦྲུལ་འཇུག་རྒྱ་མཚོར་བསྐྱིལ། །དུར་ཁྲོད་ཆས་བརྒྱན་འཇིགས་པའི་གཟུགས། །ཞལ་ནས་ཨིག་ཤའི་སྒྲ་ཆེན་པོ། །སྒྲོགས་པའི་དབུགས་ཀྱི་འོད་ཟེར་ནི། །ལྕགས་ཀྱུ་ལྟ་བུར་འཕྲོས་ནས་སུ། །བདག་གི་སྣ་ནས་ཁོང་པར་ཞུགས། །ལུས་ནང་ཕྱིན་པས་ཁབ་ལེན་གྱིས། །ལྕགས་བཞིན་གྲིབ་གདོན་ལས་གྱུར་པའི། །སྲིན་རིགས་མཐའ་དག་འུབ་ཀྱིས་བསྡུས། །འོད་ཟེར་གྱིས་དྲངས་རྫས་ལ་བསྟིམ། །ཞལ་ཉིད་མེ་འབར་དཀྱིལ་འཁོར་དབུས། །དྲག་པོའི་ལྗགས་ལས་ཁྲོ་ཆུའི་ཟེར། །འཁྲུག་བཞིན་པ་ལ་


MR06_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

བསྟབ་པ་ཡིས། །ཐལ་བ་བུན་བུན་གསོལ་བར་བསམ། །ཨོཾ་ཕེ་ལམ་ཧཱུྃ། ནག་པོ་ཏི་པ་ཙ་ནཱ་ག་རཀྴ་ཀྲོ་ཏ་གྲིབ་གདོན་ཡ་མའི་སྲོག་ལ་མཱ་ར་ཡ་རྦད་སོད། །ཁཱ་རམ་ཁཱ་ཧི་ཛྭ་ལ་རམ། ཞེས་པ་ནད་ཀྱི་ཚབས་དང་བསྟུན། །བརྒྱ་སྟོང་ཁྲི་འབུམ་དག་ཏུ་བསྐྱར། །དམིགས་པ་གཟིར་བས་བུས་ཀྱི་ནི། །སྲིན་རིགས་བཅོས་རྡུགས་ནད་ཀྱི་རིགས། །དྲུང་འབྱིན་མན་ངག་ཟབ་མོའོ། །ལྕགས་འབྲུག་ཟླ་༡ཚེས་༢༧ལ་མི་ཕམ་པས་བྲིས་པ། དགེའོ། །མི་ཕམ་རིན་པོ་ཆེའི་མན་ངག །


previousས་ཆོག་དཔལ་གྱི་གཞི་འཛིན།next