Nitartha Digital Library
Tibetan
གླེགས་བམ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཆི་བསླུ་བསྡུས་པ་བདུད་ལས་རྣམ་རྒྱལ།
   


 
previousའཆི་བསླུ་བསྡུས་པ་བདུད་ལས་རྣམ་རྒྱལ།next

འཆི་བསླུ་བསྡུས་པ་བདུད་ལས་རྣམ་རྒྱལ།


MR06_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བསླུ་བསྡུས་པ་བདུད་ལས་རྣམ་རྒྱལ་བཞུགས་སོ། །རྣལ་འབྱོར་པས་རང་གཞན་གྱི་འཆི་བ་བསླུ་ན། གཤིན་རྗེའི་དམར་གཏོར་ལ་ཕྱོགས་བཞིར་དམར་གཏོར་བཞི། དེ་རྒྱབ་བཅུ་གཉིས། དེ་རྒྱབ་བཅུ་ཡིས་བསྐོར་བ་བཤམས། དེ་མདུན་སྒྲུབ་བྱའི་མིང་བྱང་ཨ་མྲྀ་ཏས་བྱུག་པ་དར་དམར་དྲིལ་ལ་རིན་པོ་ཆེའི་སྣོད་དུ་བཞག །གཡས་སུ་དཀར་མངར་འོ་ཆབ་ཆང་བུ་གཙང་མ་བརྒྱ། གཡོན་དུ་དམར་གཏོར་དྲུག་ཅུ་རྩ་བཞི་ཤ་ཁྲག་གིས་བརྒྱན་པ། མདུན་དུ་དྲག་པོའི་ཉེར་སྤྱོད་སྐུ་གླུད་ཇི་འབྱོར་བའི་གླུད་རྫས་དང་བཅས་པ་བཤམས། རང་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་འཆི་བདག་ལས་ཀྱི་གཤིན་རྗེ་ཁམས་གསུམ་ན་རྒྱུ་བའི་འབྱུང་པོ་མ་ལུས་པའི་འཁོར་དང་བཅས་པ་གསལ་བཏབ་ལ། བདག་མདུན་གྱི་འོད་ཟེར་གྱིས་སྤྱན་དྲངས་པར་གྱུར། ཧཱུྃ། ཉི་མ་ལྷོ་ཡི་ཕྱོགས་རོལ་ནས། །འཆི་བདག་གཤིན་རྗེ་འཁོར་དང་བཅས། །འཇམ་དཔལ་ཁྲག་འཐུང་བཀའ་བཞིན་དུ། །སྤྱན་འདྲེན་གནས་འདིར་མྱུར་དུ་གཤེགས། །ཨོཾ་ཡ་མ་ར་ཙ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿཛ་ཧཱུྃ་བྃ་ཧོ། ཏིཥྛ་ལྷན། མ་ཧཱ་པུ་ཙ་ཧོ། ཧཱུྃ། སྲིད་པ་གསུམ་ན་མཐུ་ལྡན་རྗེ། །ཡ་མ་ར་ཙ་འཁོར་བཅས་ལ། །གུས་པས་མཆོད་ཅིང་བསྟོད་ལགས་ན། །འདོད་པའི་དངོས་གྲུབ་མྱུར་དུ་སྩོལ། །དེ་ནས་དཀར་གཏོར་བྱིན་གྱིས་བརླབས་ལ། མཚན་བཞི་བརྗོད་ཅིང་སཾ་བྷ་


MR06_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

རས་བསྔོ། ཧཱུྃ། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་གཟུང་དང་བསམ་དང་རེག །ཀློད་དང་ཞི་དང་གྲོལ་བར་མཛོད། །ཞེས་ཅི་རིགས་བསྔོས་ནས། ཧཱུྃ། སྟོང་གསུམ་སྟོང་ལ་དབང་བསྒྱུར་བ། །འཆི་བདག་གཤིན་རྗེ་དྲེགས་པའི་འཁོར། །མ་གཤིན་སྡེ་བརྒྱད་ཕྱོགས་སྐྱོང་དང་། །ལོ་ཟླ་ཞག་དུས་སྤར་སྨེའི་བདག །སྲིད་གསུམ་གནས་དང་རྒྱུ་བ་ཡི། །སྣང་སྲིད་འབྱུང་པོ་ཐམས་ཅད་དང་། །ཁྱད་པར་དམིགས་བྱ་འདི་དག་ལ། །སྔོན་ལས་འཕྲལ་རྐྱེན་ལས་གྱུར་པའི། །འཆི་བའི་རྐྱེན་བྱེད་བར་ཆད་བདུད། །གདོན་བགེགས་ལན་ཆགས་བདག་ཀུན་ལ། །ཕྱི་ནང་ཉེར་སྤྱོད་འདོད་ཡོན་རྫས། །མ་ཚངས་མེད་པ་ནམ་མཁའི་མཛོད། །མཁོ་རྒུ་ཡིད་བཞིན་གྲུབ་པ་ཡི། །མདོས་གླུད་མཆོད་པ་རྒྱ་ཆེན་པོས། །དགའ་ཞིང་བྱམས་པའི་ཡིད་ཀྱིས་ནི། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཡ་མ་རཱ་ཛ་འཁོར་བཅས་ཀྱི། །བརྒྱུད་གསུམ་བླ་མའི་བཀའ་བཞིན་དུ། །བདག་གི་བཅོལ་པའི་ཕྲིན་ལས་མཛོད། །འཆི་བའི་ཀེག་བདུད་བཟློག་པ་དང་། །ཆག་ཆེ་ཉམས་ང་ཞི་བར་མཛོད། །ལྷ་འདྲེ་འབྱུང་པོ་གདོན་བགེགས་ཀྱིས། །བླ་ཚེ་བརྐུས་ཕྲོག་ཁྱེར་བ་ཀུན། །ད་ལྟ་


MR06_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་སོར་ཆུད་ནས། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོགས། །ཞི་དང་བཀྲ་ཤིས་བདེ་ལེགས་མཛོད། །བྱད་ཕུར་རྦོད་གཏོང་བཟློག་པ་དང་། །ཕྲིན་ལས་མ་ལུས་སྒྲུབ་པར་མཛོད། །ཞེས་བྱས་ལ། ལྷ་འདྲེ་གདོན་བགེགས་ཐམས་ཅད་ཞི་བའི་ཡིད་ཀྱིས་དམིགས་བྱ་ལ་གནོད་པ་ཐམས་ཅད་གྲོལ་ཏེ་བླ་ཚེ་རང་གནས་སུ་ཁུག་པར་བསམ་ལ། མིང་བྱང་ཚུར་བླང་ནས་ཚེ་གཟུངས་བཟླ་ཞིང་བསྒྲུབ་བྱ་ལ་བདུད་རྩི་འཐོར་ཞིང་རྡོ་རྗེའི་སྲོག་གྲུབ་པར་བསམ་པས་རྒྱས་གདབ་བོ། །དེ་ནས་དམར་གཏོར་ལ་འགུག་གཞུག་བྱས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིས་བྱིན་གྱིས་བརླབས་ལ། ཨོཾ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་སརྦ་བིག་ནན་ཤ་ཏྲུཾ་མཱ་ར་ཡ་ཨེ་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་འབུལ་ལ། ཧཱུྃ། སྲིད་པ་ཀུན་ལ་དབང་བསྒྱུར་བ། །ཡ་མ་རཱ་ཛ་སྲོག་གི་བདག །འཆི་བདག་གཤིན་རྗེ་མ་མོའི་ཚོགས། །ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས། །ལོ་ཟླ་སྤར་སྨེ་གེགས་བདུད་དང་། །དབྱུག་གུ་དྲུག་ཅུ་རྩ་བཞི་ལ། །ཞིང་བཅུའི་དགྲ་བགེགས་བསྒྲལ་བ་ཡི། །ཤ་ཁྲག་གཏོར་མ་འདི་འབུལ་གྱིས། །དགྱེས་པར་བཞེས་ཤིང་བསྣམས་ནས་ཀྱང་། །ནད་གདོན་འཆི་བའི་འཇིགས་པ་དང་། །ཆག་ཆེ་ཉམས་ང་བཟློག་པར་མཛོད། །བསྟན་པ་


MR06_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

བཤིགས་པའི་དགྲ་བགེགས་ལ། །མྱུར་དུ་མངོན་སྤྱོད་ཕྲིན་ལས་སྒྲུབས། །ཞེས་འབུལ། གླུད་བྱིན་གྱིས་བརླབ་ལ། མཚན་བཞི་དང་སཾ་བྷ་རས་བསྔོ་ཞིང་། ཨོཾ་ཨཱཿཧཱུྃ། ལན་ཆགས་གླུད་གཏོར་ནམ་མཁའ་མཛོད། །སོ་སོ་ཇི་ལྟར་བཞེད་པ་བཞིན། །ལན་ཆགས་གདོན་བགེགས་རྣམས་ལ་འབུལ། །དམིགས་བྱའི་རྐྱེན་ངན་བསྒྱུར་དུ་གསོལ། །ཞེས་བྱས། དེ་ནས་ལམ་བསྟན་ནི། ཀྱེ། ལན་ཆགས་གདོན་བགེགས་འབྱུང་པོའི་ཚོགས། །ད་ནི་རང་རང་གནས་སུ་བཞུད། །གནོད་འཚེའི་བསམ་སྦྱོར་རྒྱུན་ཆད་ཅིང་། །ཀུན་ཁྱབ་ཞི་བ་ཆེན་པོར་གྱུར། །ཞེས་བྱས་ལ་ཡས་ལམ་དུ་བོར། གལ་ཆེ་ན་གཙོ་བོའི་གཟུགས་སམ་གཏོར་མའི་ལྟོ་བར་ཞལ་ལམ་ཁྲམ་རིས་བྲིས་པ་ལག་ཏུ་ཐོགས་ལ། ཀྱེ། བསླུ་མེད་མཆོག་གསུམ་རྩ་བ་གསུམ། །འཇམ་དཔལ་གཞོན་ནུའི་བདེན་པ་ཡིས། །དེ་རིང་འཆི་བ་བཟློག་པ་ཡིས། །རྟགས་དེ་མངོན་སུམ་གྲུབ་པར་མཛོད། །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཞེས་དལ་བུས་འཕང་པས་ཞལ་སྦུབ་ཅིང་ཕར་བསྟན་ན་འཆི་བ་བཟློག་པའི་རྟགས་ཡིན་ལ། གལ་ཆེ་ལན་གསུམ་བསྐྱར་ནས་ཐེན་ན་ཐེ་ཚོམ་མེད། སྤེ་ལན་འབྲིང་ན་གསུམ་ཀ་ལོག་ན་དགེ་བའི་དཔུང་བསྐྱེད་ལ་སླར་བསྐྱང་སྟེ་ཡིད་ཆེས་ཐོན་པར་བྱས་ན་དུས་མིན་འཆི་བ་ཐམས་ཅད་ཞི་ཞིང་རིང་དུ་འཚོ་བའི་དཔལ་འགྲུབ་པར་འགྱུར་རོ། །ཚུལ་འདི་མི་ཕམ་འཆི་མེད་རྡོ་རྗེས་སོ། །བཀྲ་ཤིས། །


previousའཆི་བསླུ་བསྡུས་པ་བདུད་ལས་རྣམ་རྒྱལ།next