Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
གཏོ་བརྫང་དཀོན་མཆོག་གསུམ་སོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏོ་བརྫང་དཀོན་མཆོག་གསུམ་སོགས།next

གཏོ་བརྫང་དཀོན་མཆོག་གསུམ་སོགས།


MR07_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་གྱི་བདེན་པ་དང་། འཕགས་པ་འཇམ་དཔལ། མ་ཧཱ་གསེར་གྱི་རུས་སྦལ། ཡུམ་ཆེན་འབྱུང་བའི་ལྷ་མོ་ལྔ། གཙུག་ལག་སྲིད་པའི་ལྷ་རྣམས་ཀྱི་བྱིན་རླབས་དང་། རྫས་སྔགས་དམིགས་པ་རྟེན་འབྲེལ་ཟབ་མོའི་མཐུས། དེ་རིང་བདག་གི་འདི་བཏང་བས། བདག་འཁོར་དང་བཅས་པ་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཀུན་སྔོན་ལས་ཕྲལ་རྐྱེན་ངན་པའི་ཉེས་པ་ཐམས་ཅད་ཞི་བར་གྱུར་ཅིག །ལོ་ཟླ་ཞག་དུས་སྦས་སྨེ་གཟའ་སྐར་ཕྱོགས་ངན་དུས་ངན་གྱི་ཉེས་པ་ཐམས་ཅད་ཞི་བར་གྱུར་ཅིག །སྐེག་སྒྲེན་སྲི་ངན་འགག་འཕྲང་ཀུན་ལས་ཐར་བར་གྱུར་ཅིག །ནད་གདོན་ལྟས་ངན་བཀྲ་མི་ཤིས་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །


MR07_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་རྩོག་བྱུང་ཆགས་རྐྱེན་ངན་ཐམས་ཅད་ཞི་ཞིང་མེད་པར་གྱུར་ཅིག །འཇིགས་དགུ་རྩུབ་དགུ་མི་འདོད་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག །ཕྱིན་ཆད་མི་འབྱུང་བར་གྱུར་ཅིག །ཕྱིན་ཆད་བྱང་ཆུབ་སྙིང་པོའི་བར་དུ་བཀྲ་ཤིས་བདེ་ལེགས་དོན་ཀུན་འགྲུབ་ཅིང་སེམས་ཅན་ཐམས་ཅད་ལ་འཇིགས་མེད་བདེ་བ་ཆེན་པོ་སྐྱབས་ཀྱི་དམ་པ་སྦྱིན་པར་གྱུར་ཅིག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་སོགས་བརྗོད་དོ། །མེ་རྟ་ཟླ་༧ཚེས་༢༤ལའོ། །དགེ་ལེགས་འཕེལ།། དྷཱིཿམིང་པས་སོ།། །།


MR07_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་བྱེད་ཀྱི་གཏོ་ཐབས་སྣ་ཚོགས་པ་བཀྲ་ཤིས་སྒོ་མང་བཞུགས་སོ། །


MR07_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་རི་ཁྲུས་ལ་བུམ་པ་རྫས་ལྡན་མེ་ལོང་བཅས་བཤམས་ལ། སྐྱབས་སེམས་ཚད་མེད་བསྒོམས་རྗེས། བདག་མདུན་ཁྲོ་བོ་སྨེ་བརྩེགས་སྐུ་མདོག་མཐིང་། །ཞལ་གཅིག་ཕྱག་གཉིས་དུར་ཁྲོད་ཆས་རྣམས་རྫོགས། །ཕྱག་གཉིས་ཐུགས་ཀར་བསྡིག་མཛུབ་བསྣོལ་མཛད་ཅིང་། །བཞེངས་ཚུལ་པད་ཉི་མེ་དཔུང་དབུས་ན་བཞུགས། །འཁོར་དུ་འབྱུང་བ་ལྔ་ཡི་ལྷ་མོ་ནི། །རང་མདོག་རང་རང་ཕྱག་མཚན་བསྣམས་པས་བསྐོར། །ཐུགས་ཀར་ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་ཟེར་ཡེ་ཤེས་བདུད་རྩིས་མ་དག་སྦྱོང་། །ཞེས་གསལ་ཞིང་མདུན་གྱི་བུམ་པའི་ལྷ་ཡི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩི་བབ་པས་བུམ་པ་གང་བར་བསམས་ལ། ཨོཾ་བྷུར་ཀུཾ་མ་ཧཱ་པྲ་ཎ་ཡེ་བྷུ་རྩི་བྷུ་རྐུ་བི་མ་ལེ་ཨུ་ཙུཥྨ་ཀྲོ་ཏ་ཧཱུྃ་ཕཊཿ བརྒྱ་རྩ་བརྒྱད་བཟླ། འཁོར་གྱི་ལྷ་མོའི་སྔགས། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ།


MR07_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

རཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཞེས་པ་རྣམས་བདུན་སོགས་ཅི་རིགས་བཟླ། མཐར་བུམ་པའི་ལྷ་རྣམས་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིར་བསམ་མོ། །དེ་ནས་སྐུ་ཁྲུས་གསོལ་བ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ་སོགས། དེ་བཞིན་གཤེགས་པ་རྣམས་དང་སོགས། ཇི་ལྟར་བལྟམས་པ་སོགས་སྔགས་དང་བཅས་པས་སྐུ་ཁྲུས་གསོལ། སྤྲོ་ན་ལྷ་རྣམས་ཀྱི་སྐུ་ཁྲུས་གསོལ་བ་གང་འདོད་བྱ། དེ་ནས་དེ་ལ་སོགས་ཀྱིས་ན་བཟའ་འབུལ། ཁྲུས་གསོལ་བའི་ཆུ་སླར་བུམ་པར་བླུགས་ལ། སྔར་གྱི་ཁྲུས་ཁང་དེར་ཡུལ་ལྷ་སོགས་སྤྱན་དྲངས་པའམ། རང་རང་གི་གནས་སོ་སོར་བདུད་རྩིའི་ཆར་འབེབ་པས་བཀྲུ་བར་བསམས་ལ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །འདི་ནི་ཕྱིན་དྲུག་


MR07_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཆུ། །ཉོན་དྲུག་དྲི་མ་སྦྱོངས་མཛད་པ། །ཕ་རོལ་ཕྱིན་དྲུག་ཆུ་ཡིས་ནི། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། །རང་བཞིན་ཡེ་ཤེས་དག་པའི་ཆུ། །རྣམ་པ་ཁ་འབབ་བཞི་ལྡན་ཀླུང་། །རྫས་སྔགས་དམིགས་པའི་རྟེན་འབྲེལ་ལས། །མི་གཙང་དྲི་མ་འཁྲུད་བྱེད་པས། །སྟེང་གི་ལྷ་ལ་ཁྲུས་གསོལ་ལོ། །འོག་གི་ཀླུ་ལ་ཁྲུས་གསོལ་ལོ། །བར་གྱི་ཡུལ་ལྷ་ཁྲུས་གསོལ་ལོ། །འགོ་བའི་ལྷ་ལ་ཁྲུས་གསོལ་ལོ། །ཕྱོགས་འདིའི་ཡུལ་ལྷ་གཞི་བདག་ལ། །མི་གཙང་དྲི་མ་ཕོག་པ་དང་། །མཁོན་འགྲས་འཁྲུག་པ་གང་ཡོད་པ། །ཤེལ་དཀར་ཕྱིས་པ་ཇི་བཞིན་དུ། །ཁྲུས་ཀྱི་ཆོ་གས་དག་གྱུར་ཅིག །སྨེ་བརྩེགས་དང་འབྱུང་ལྔའི་ལྷ་མོའི་སྔགས་དང་། སརྦ་ཏ་ཐ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་ཁྲུས་སྔགས་བཟླ་བཞིན་མེ་ལོང་ལ་ས་ཕྱོགས་ཐམས་ཅད་འཆར་དུ་བཅུག་སྟེ་བུམ་ཆུས་བཀྲུ། རྒྱས་པར་རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་དང་། ཨུཥྩི་ཊ་ཡ་ཏོར་ཡ་སོགས་ཀྱི་སྔགས་ཤམ་ཅན་གྱི་བཀྲུ། ནད་གདོན་སྡིག་སྒྲིབ་རྩོག་མནོལ་ཉམས་ཆག་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བྱབས་པ་


MR07_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཀུ་ཤ་དང་རྨ་བྱའི་སྒྲོ་དར་དཀར་དང་བཅས་པས་གོང་གི་སྔགས་རྣམས་དང་། ནད་གདོན་སོགས་ལ་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་པས་བྱབ་ཅིང་དམིགས་པ་བྱ། དུག་དབྱུང་བ་ནི། ས་ཆུ་མེ་རླུང་བཞིའི་མཚན་མ་ཐོགས་ལ། ཡུལ་ལྷ་རྣམས་ཀྱི་གྲིབ་དང་མི་གཙང་བ་ཐམས་ཅད་དེར་བསྡུས་ནས་དོར་བས་གྲིབ་ཐམས་ཅད་ནམ་མཁའི་དབྱིངས་སུ་ཡལ་བར་བསམས་ལ། ཧཱུྃ། འབྱུང་བཞི་དུག་གི་ཕ་ཡིན་ཏེ། །འབྱུང་བཞི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིགས་འདི་དག་གིས། །ཡུལ་ལྷའི་དུག་ནི་དུག་མེད་ཤོག །ཅེས་བྱས་ལ་དོར། སྤྲོ་ན་དུག་སྣ་དགུའི་རྫས་ཀྱིས་དུག་ཕྱུང་བྱ། ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །དགྲ་བཅོམ་ཐམས་ཅད་ཟག་པ་ཟད། །བདེན་པའི་བདེན་ཚིག་འདི་དག་གིས། །ཡུལ་ལྷའི་དུག་ནི་དུག་མེད་ཤོག །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །དཀོན་མཆོག་བདེན་པས་དུག་བཅོམ་མོ། །ཞེས་བརྗོད་ཅིང་། ཨོཾ་སྭ་བྷཱ་བ་སོགས། སྟོང་པ་ཉིད་


MR07_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྔགས་དང་ཕྱག་རྒྱ་བཅས་ལ། རང་བཞིན་གྱིས་དག་པའི་དོན་དྲན་པའི་སྒོ་ནས་དུག་ཐམས་ཅད་དབྱིངས་སུ་དག་པར་བསམ་མོ། །དེ་ནས་སླར་གནོད་པས་མི་ཚུགས་པར་བྱ་བའི་ཕྱིར་རྡོ་རྗེའི་ཕྱག་རྒྱས་ཀུན་ཏུ་བསྲུང་བར་བྱས་ལ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །ཁྲོ་རྒྱལ་སྨེ་བ་བརྩེགས་པའི་ནུས་མཐུ་ཡིས། །ཡུལ་ལྷ་རྣམས་ལ་བདག་གིས་བསྲུངས་ཟིན་གྱིས། །ཕྱིན་ཆད་སུས་ཀྱང་གནོད་པར་མ་བྱེད་ཅིག །གོང་གི་སྔགས་རྣམས་དང་། ནད་དང་གདོན་སོགས་ལ། རཀྵ་རཀྵ་ཡེ་སྭཱ་ཧཱ། ཞེས་བྱས་ལ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་བྱོན་ནས་བཀྲ་ཤིས་པའི་གླུ་དབྱངས་བཅས་པས་མེ་ཏོག་གི་ཆར་ཕབ་པས། དེང་འདིར་ཡུལ་ལྷ་གཞི་བདག་ཐམས་ཅད་ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་གྱི་གནོད་པ་ལས་གྲོལ་བ་བཞིན་བདུད་དང་བར་ཆད་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་མཆོག་ཏུ་བཀྲ་ཤིས་པར་བྱིན་གྱིས་བརླབས་པར་བསམས་ལ། ཡེ་དྷརྨཱ་བཟླས་པའི་མེ་ཏོག་ཕྱོགས་ཀུན་ཏུ་འཐོར་ཞིང་། གང་ལ་སེར་སྣ་རྣམ་ཆགས་པ། རྣམ་འཇོམས་དྲི་མ་མེད་མཛད་ཅིང་། སོགས་དང་། ཕུན་སུམ་ཚོགས་པ་མངའ་བ་སོགས་


MR07_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ཀྱི་ཚིགས་བཅད་ཅི་རིགས་པ་བརྗོད་པར་བྱ་ཞིང་། རྒྱས་པར་གཏོར་མ་འབུལ། ཕྱིན་ཆད་མགོན་བྱེད་པའི་ཆད་བསྒྲགས། ཆོས་བཤད། བསང་གཏོང་བར་བྱའོ། །དེས་ནི་ཡུལ་ལྷ་ལ་རྩོག་གྲིབ་དང་མཁོན་སོང་བ་སོགས་དག་ནས་ཡུལ་གྱི་རྒུད་པ་ཞི་ཞིང་བཀྲ་ཤིས་སོ། ༈ །།ཡུལ་གྱི་གསས་མཁར་བསྟོད་ཐབས་ལ། ས་དཔལ་ཅན་དུ་གསས་མཁར་གྲུ་བཞི་བརྩིགས་ལ། དེའི་ནང་དུ་རབ་བུམ་གཏེར་ཚད་ལྡན་དང་། མིན་ཀྱང་ས་བཟང་པོ་ལ་བཀྲ་ཤིས་ས་ནས་བླངས་པའི་རྡོ་དཀར་སྲིན་མེད་ལ། ཡུལ་ལྷ་རྟོད་མནན་གྱི་སྔགས་སྙིང་གཟེར་ལས་བྱུང་བ་ལྟར་བཏབ་པ་དང་། རིན་ཆེན་སྣ་ཚོགས་དང་ས་སྣ་ཆུ་སྣ་སོགས་བཀྲ་ཤིས་བའི་རྫས་བཞག་ལ། གསས་མཁར་གྱི་སྟེང་དུ་རྡོ་དཀར་སྤུངས་པར། ཤིང་བྱང་ལ་ཁྱུང་འབྲུག་སེང་གསུམ། ཉི་ཟླ་ནོར་བུ་བཀྲ་ཤིས་རྫས་རྟགས་བྲིས་པ་བཙུག །བལ་ཚོན་དང་དར་སྣ་ཚོགས་ཁྲབ་བྱང་སོགས་ཀྱིས་མཛེས་པར་བརྒྱན་ལ། ཐོག་མར་གླུད་དང་གཏོར་མ་བྱིན་ཏེ་བགེགས་བསྐྲད། དེ་ནས་དུག་ཕྱུང་བྱ་བ་ནི། འབྱུང་བ་བཞིའི་དུག་ཕྱུང་གི་རྗེས་སུ། ས་དུག་བོང་བ། རྡོ་དུག་མཁར་གོང་སྲིན་ཅན། ཤིང་དུག་གླང་མ། ལྡུམ་དུག་ཐང་ཕྲོམ། རྩེ་དུག་རི་ལྕག །རྩྭ་དུག་འཇག་མ། གསེར་དུག་


MR07_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ར་གན། དངུལ་དུག་ཞ་ཉེ། དུང་དུག་མགྲོན་བུ། ལྕགས་དུག་སོ་ཏོག་རྣམས་སྣོད་དུ་བཞག་པ་གསས་མཁར་ལ་བསྐོར་ཞིང་། ཧཱུྃ། ལྷ་གཞི་དཀར་པོའི་གོང་འདི་རུ། །རིན་ཆེན་གསས་མཁར་འདི་ཉིད་ལ། །གདུག་པའི་དུག་དང་རྩོག་པའི་གྲིབ། །ཡི་དམ་ལྷ་དང་དགྲ་བླ་ཡིས། །མི་བཞེད་པ་ཡི་དུག་མར་ཕྱུང་། །དུག་རྫས་འདི་རྣམས་ལ་བརྟེན་ནས། །ཏིང་འཛིན་སྔགས་དང་ཕྱག་རྒྱ་དང་། །དཀོན་མཆོག་གསུམ་གྱིས་བདེན་པ་ཡིས། །དུག་ཕྱུང་ཆག་བསལ་སྒྲེན་འདོན་ནོ། །མཁའ་ལྟར་རྣམ་པར་དག་གྱུར་ཅིག །སྨེ་བརྩེགས་འབྱུང་ལྔའི་ལྷ་མོའམ་ཡི་དམ་གང་ཡིན་གྱི་སྔགས་ལ། སརྦ་བི་ཥ་ཧ་ལ་ཧ་ལ་ཕྱུངས་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ལ་དུག་རྫས་རྣམས་རྒྱང་དུ་དོར་རོ། །དེ་རྗེས། ཉི་མ་ཐམས་ཅད་སོགས་གོང་ལྟར་བྱ། དེ་ནས་ཁྲུས་བྱ་བ་ནི་རི་ཁྲུས་ནང་བཞིན་བྱ། དེ་ནས། སྭཱ་བྷཱ་ཝས་སྦྱང་ལ། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས། །གསས་མཁར་རིན་ཆེན་གཞལ་ཡས་ཁང་། །ཚད་དང་བཀོད་པ་ཡོངས་སུ་རྫོགས། །འདོད་དགུ་ཕུན་སུམ་ཚོགས་པའི་དབུས། །གནོད་སྦྱིན་སྡེ་དཔོན་ཛམ་བྷ་ལར། །ཡུལ་ལྷ་དང་ནི་འགོ་བའི་ལྷ། །སྲིད་པའི་


MR07_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་གཉན་པོས་བསྐོར། །གནས་གསུམ་ཡི་གེའི་འོད་ཟེར་གྱིས། །རང་རང་སོ་སོའི་གནས་ནས་ནི། །སྤྱན་དྲངས་གཉིས་སུ་མེད་པར་བསྟིམ། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོ༔ ས་མ་ཡ་ཏིཥྛ་ལྷནཿ གྱིས་དགྱེས་པར་བཞུགས་སུ་གསོལ། ཧཱུྃ། གནས་འདིར་བཞུགས་པའི་ལྷ་ཚོགས་ཐམས་ཅད་ལ། །མེ་ཏོག་ཕྲེང་བ་སྤོས་མཆོག་ཡིད་འོང་དྲི། །སྣང་གསལ་སྒྲོན་མེ་དྲི་མཆོག་བྱུགས་པ་དང་། །རོ་བརྒྱའི་ཞལ་ཟས་སྣ་ཚོགས་རོལ་མོའི་སྒྲ། ༡ །ཡིད་བཞིན་ནོར་བུའི་གཏེར་དང་བུམ་པ་བཟང་། །དཔག་བསམ་ཤིང་ཆེན་བདུད་རྩིའི་ཁྲུས་ཀྱི་ཆུ། །མ་རྨོས་ལོ་ཏོག་གྲུབ་པའི་དམ་རྫས་དང་། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། ༢ །གསེར་གྱི་སྙིང་པོའི་སྤྲིན་དང་རིན་ཆེན་རི། །བཀོད་མཛེས་གཞལ་མེད་ཁང་འབར་ལྷ་མོའི་ཚོགས། །ཤ་རྐྱང་རི་དྭགས་ལ་སོགས་གཟུགས་འགྲོས་རིགས། །མཐོ་རིས་འབྱོར་པ་རྣམས་པ་མང་པོ་དང་། ༣། རབ་འབྱམས་ནམ་མཁའི་མཐར་ཐུག་འཇིག་རྟེན་ན། །འདོད་ཡོན་དྲུག་གི་མཆོད་པ་ཅི་མཆིས་པ། །མ་ལུས་ཡོངས་སུ་རྫོགས་པའི་


MR07_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལྡན་པར། །དངོས་སུ་བཤམས་པའི་མཆོད་པར་རྟེན་བྱས་ནས། ༤ །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པས། །ཡིད་བཞིན་འདོད་དགུ་འཆར་བའི་སྤྲིན་ཕུང་ནི། །བདེ་ཆེན་ཡེ་ཤེས་བདུད་རྩིའི་བདག་ཉིད་ཆེ། །ཀུན་ཏུ་བཟང་པོའི་མཆོད་པར་ལེགས་ཤར་བས། ༥ །མུ་མཐའ་ཡངས་པའི་མཁའ་ལམ་ཁྱབ་པ་འདིས། །མཆོད་ཅིང་བརྟེན་པའི་མགྲོན་དུ་གྱུར་པ་ཀུན། །དགྱེས་རབ་མཆོག་ལྡན་མཉེས་རབ་ཕུལ་གྱུར་ཏེ། །རྟག་ཏུ་བདག་ལ་ལྷ་མགོན་དཔལ་མཛད་ཤོག ༦ །ཅེས་མཆོད་པའི་ཚིགས་བཅད་དྲུག་པོ་འདི་ལྟར་དམིགས་ཤིང་། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་བརྟ་ཡ་ཨ་བརྟ་ཡ་ཧོ་སྥ་ར་ཎ་ཁཾ་སྭཱ་ཧཱ། བསྟོད་པ་ནི། ཧཱུྃ། འཆི་མེད་དགའ་བའི་དཔལ་ལྡན་བཀྲ་ཤིས་ལྷ། །གང་གིས་བསྟེན་ན་དངོས་གྲུབ་ཆར་ལྟར་འབེབ། །ཡིད་བཞིན་རེ་སྐོང་མགོན་པོ་ཛམ་བྷ་ལ། །ཡུལ་ལྷའི་ཚོགས་དང་བཅས་ལ་ཕྱག་འཚལ་བསྟོད། འདོད་གསོལ་ནི། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཁྱད་པར་གྱི་འདོད་གསོལ་ནི། ཕྱོགས་འདིར་བཀྲ་ཤིས་འཕེལ་བ་དང་། །ས་ཡི་དཔལ་རྣམས་བཅུད་དུ་ཁུག །ཡུལ་གྱི་རྒུད་པ་སོར་ཆུད་ཅིང་། །ཡིད་ལ་རེ་བ་རྫོགས་པར་མཛོད། །ཡེ་དྷརྨ་


MR07_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སུ་པྲ་ཏིཥྛ་ས་མེ་ཏོག་འཐོར། གཞུང་རྣམས་ན་དེ་ཙམ་ལས་མ་གསུངས་ཀྱང་གལ་ཆེ་ན་ཛམ་ལྷ་སོགས་ཀྱི་རང་སྔགས་དང་། ཡུལ་ལྷའི་སྔགས། ཨོཾ་སརྦ་དེ་བ་ཨ༴ ཞེས་པ་ལ། བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོ༔ བཏགས་པ་བརྒྱ་རྩ་བརྒྱད་ལ་སོགས་པས་དྲངས་བསྟིམ་ཡང་ཡང་བྱས་ན་ནུས་པ་ཆེའོ། །དེ་ནས་ལ་བཙས་སམ་གསས་མཁར་གྱི་ཁ་རྡོ་དཀར་གྱིས་གསོས་ལ། ཧཱུྃ། དེ་རིང་གནམ་ལ་གཟའ་སྐར་བཟང་། །ས་ལ་དུས་ཚོད་ལ་ཉེ་ལེགས། །བར་ན་བཀྲ་ཤིས་ཕུན་སུམ་ཚོགས། །དུས་འདིར་རྣལ་འབྱོར་བདག་ཅག་གིས། །སྔོན་གྱི་སྲིད་པའི་ལུགས་བཞིན་དུ། །རིན་ཆེན་སྣ་ཚོགས་འབར་བ་ཡི། །བཀྲ་ཤིས་གསས་མཁར་གཉན་པོ་བརྩིགས། །འདོད་དགུའི་དངོས་གྲུབ་ཆར་འབེབ་པས། །འགོ་བའི་ལྷ་མགོན་ཡུལ་ལྷ་སོགས། །མཆོད་ཡུལ་མགྲོན་རྣམས་ཚིམ་པར་གྱུར། །བདག་ཅག་ཚེ་བསོད་དཔལ་འབྱོར་རྣམས། །ཟླ་བ་ཡར་གྱི་ངོ་ལྟ་བུར། །གོང་ནས་གོང་དུ་འཕེལ་ཞིང་རྒྱས། །རྟག་ཏུ་བརྟན་པའི་བཀྲ་ཤིས་ཤོག །ཤིང་བྱང་དང་དར་སྣ་རྣམས་བསྒྲོན་བཞིན་པར། ཀྱེ། འགོ་བའི་ལྷ་མགོན་གཉན་པོ་རྣམས། །ཚུར་བྱོན་གསས་མཁར་འདི་ལ་བཞུགས། །བཀྲ་ཤིས་


MR07_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་སྤྲོས་མཆོད་པ་བཞེས། །ཁྱེད་རྣམས་མངའ་གསོལ་དབུ་འཕང་བསྟོད། །བདག་ཅག་ཡོན་བདག་རྣམས་ལ་མགོན་སྐྱབས་མཛོད། །ཕྱོགས་བཞིར་རྒྱལ་ཆེན་བཞིའི་སྐུ་དང་སྟག་སྐྱ་བོ་སོགས་སྲུང་བཞིའི་གཟུགས་སམ། བསྡུ་ན་རྡོ་དཀར་པོ་རེ་སོགས་མཚན་མ་བཀོད་ལ། རྒྱལ་ཆེན་བཞི་དང་ཁྲོ་བོ་བཞི། །སྟག་སྐྱ་ལ་སོགས་སྲུང་མ་བཞི། །འཇིག་རྟེན་སྐྱོང་བའི་ཚོགས་རྣམས་ཀྱིས། །རྟག་ཏུ་བསྲུང་ཞིང་དགེ་ལེགས་མཛོད། །དམུ་དག་དཀར་པོ་གྱེན་དུ་ཐེན་ལ། ཀྱེ། དེ་རིང་ཚེ་ལྷ་ཚེ་འཛིན་དང་། །བཀྲ་ཤིས་ལྷ་མོའི་ཚོགས་ཀྱིས་ནི། །དམུ་ཐག་འཐེན་ལ་རྟེན་ཕུར་ཚུགས། །བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད། །དེ་ནས་ཁྲི་འཕང་བསྟོད་ལ། ཕྱག་མཚན་ལྔ་དངོས་སམ་ཕྱག་རྒྱ་བཅས་ལ། ཧཱུྃ། ཡེ་ཤེས་ལྔ་ལྡན་རྒྱལ་བ་ལྔའི། །ཕྱག་མཚན་རྡོ་རྗེ་རིན་པོ་ཆེ། །པདྨ་རྒྱ་གྲམ་འཁོར་ལོ་ཡིས། །རྒྱས་གདབ་དབང་བསྐུར་བྱིན་རླབས་པས། །ཐམས་ཅད་ཡེ་ཤེས་ལྔའི་རང་བཞིན། །རྣམ་དག་ཆེན་པོར་ལྷུན་གྱིས་གྲུབ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཞེས་དང་། བཀྲ་ཤིས་པའི་མངའ་གསོལ་རི་ཁྲུས་སྐབས་ལྟར་བྱའོ། །དེས་ནི་ཡུལ་ལྷ་རྟོད་ལ་གནོན་པ་དང་། ས་དཔལ་ཉམས་པ་གསོ་ཞིང་།


MR07_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སའི་དམིགས་ནོན་པ་དང་། བཀྲ་ཤིས་ལ་དཔལ་འབྱོར་འཕེལ་བར་འགྱུར་རོ། ༈ །གཏོ་སྐུ་བཙུག་པ་ནི། ཁང་པའི་སྟེང་ས་དཔའ་བཟང་པོ་མཐོང་བར། བཀྲ་ཤིས་པའི་ས་སྣ་རྡོ་སྣ་སྣ་ཚོགས་ལས་ཟླུམ་པོ་དྲིལ་བུའི་དབྱིབས་ཅན་གྱི་མཎྜལ་བརྩིགས་ལ། ནང་དུ་བུམ་གཏེར་སྔགས་རྫས་ཚད་ལྡན་ཅན་དང་། བཀྲ་ཤིས་པའི་ས་སྣ་ཆུ་སྣ་རྡོ་སྣ་ཤིང་སྣ། གཞི་བདག་བཟང་པོ་ནས་བླངས་པའི་བླ་རྡོ་བླུགས་པས་ཁ་བཀང་། སྟེང་དུ་ཤིང་རིས་དར་རྒྱན་སོགས་གསས་མཁར་ལྟར་བྱས་ལ། སྦྱང་ཁྲུས་བགེགས་བསྐྲད་སོགས་གསས་མཁར་ལྟར་རམ། བསྡུས་ཙམ་གང་མོས་བྱས་ལ། སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས། གཏོ་སྐུ་རིན་ཆེན་གཞལ་ཡས་ཁང་། །ཚད་དང་བཀོད་པ་ཡོངས་སུ་རྫོགས། །འདོད་དགུ་ཕུན་སུམ་ཚོགས་པའི་དབུས། །རྩ་གསུམ་དམ་ཅན་འགོ་བའི་ལྷ། །མ་ལུས་ལུས་པ་མེད་པར་གསལ། །གནས་གསུམ་ཡི་གེའི་འོད་ཟེར་གྱིས། །རང་རང་སོ་སོའི་གནས་ནས་ནི། །སྤྱན་དྲངས་གཉིས་སུ་མེད་པར་ཐིམ། །ཀྱེ། དེ་རིང་གནམ་ལ་གཟའ་སྐར་སོགས་ཚིགས་བཅད་གསས་མཁར་སྐབས་ལྟར་དང་། གསས་མཁར་ཞེས་པ་གཏོ་སྐུར་སྒྱུར་ཏེ། ཚིམ་པར་གྱུར། ཀྱེ། བླ་མ་ཡི་དམ་


MR07_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོའི་ཚོགས། །ཚུར་བྱོན་གཏོ་སྐུ་འདི་ལ་བཞུགས། །ཆོས་སྐྱོང་དགྲ་བླ་ཝེར་མའི་ཚོགས། །ཚུར་བྱོན་གཏོ་སྐུ་འདི་ལ་བཞུགས། །ནོར་ལྷ་གཏེར་བདག་གཞི་བདག་ཚོགས། །ཚུར་བྱོན་གཏོ་སྐུ༴ འགོ་བའི་ལྷ་མགོན་གཉེན་པོའི་ཚོགས། །ཚུར་བྱོན་གཏོ་སྐུ༴ ཕ་མྱེས་བརྒྱུད་ཀྱི་སྲུང་མ་རྣམས། །ཚུར་བྱོན་གཏོ་སྐུ༴ སློབ་དཔོན་བརྒྱུད་ཀྱི་སྲུང་མ་རྣམས། །ཚུར་བྱོན་གཏོ་སྐུ༴ སྲིད་པའི་ལྷ་རབས་ཆེན་པོ་རྣམས། །ཚུར་བྱོན་གཏོ་སྐུ༴ འཇིག་རྟེན་སྐྱོང་བའི་ལྷ་ཚོགས་རྣམས། །ཚུར་བྱོན་གཏོ་སྐུ་འདི་ལ་བཞུགས། །རང་འདོད་པའི་ལྷ་ལའང་དེ་བཞིན་བརྗོད། ཁྱེད་རྣམས་མཆོད་ཅིང་མངའ་གསོལ་ལོ། །རྟེན་མཆོག་འདི་ལ་བརྟན་པར་བཞུགས། །མི་དང་ལྷ་རུ་མ་འབྲལ་ཅིག །ཁ་འཛིན་རྒྱབ་བརྟེན་མ་གཡེལ་ཅིག །རིགས་ཀྱི་ལྷ་དང་དཔལ་དུ་མཛོད། །མི་མཐུན་བར་ཆད་ཀུན་ལས་སྲུངས། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །གནས་འདིར་བཀྲ་ཤིས་བདེ་ལེགས་མཛོད། །ཞེས་བྱས་ལ། ཡེ་དྷརྨ་དང་། སུ་པྲ་ཏིཥྛས་མེ་ཏོག་འཐོར། འདི་ལ་གཏོ་སྐུའི་ནང་དུ་སྔགས་སྡེབ་ལས་གསུངས་པ་ལྷ་རྟོད་མནན་གྱི་རྡོ་དཀར་ལ་སྔགས་བཏབ་པ་བཞག་


MR07_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ན་མན་ངག་གི་དབང་གིས་ཁྱད་པར་འཕགས་སོ། །དེ་ནས་མཆོད་པ་གསས་མཁར་གྱི་ཚིགས་བཅད་དྲུག་པ་ལྟར་དང་། བསྟོད་པའང་དེའི་བསྟོད་པ་ལ། ཡིད་བཞིན་རེ་སྐོང་རྩ་གསུམ་སྲུང་མ་དང་། །ནོར་ལྷ་གཞི་བདག་ཚོགས་ལ་ཕྱག་འཚལ་བསྟོད། །ཅེས་ཁ་སྒྱུར་ལ་བསྟོད། བརྟན་བཞུགས་ལ། འདིར་ནི་རྟེན་དང་སོགས་བརྗོད། ཁྱད་པར་གྱི་འདོད་གསོལ། གཏོ་སྐུ་གཙུགས་པའི་རྟེན་འབྲེལ་ལས། །གནས་འདིར་མི་མཐུན་རྒུད་པ་ཞི། །མི་རྒྱུད་དར་ཞིང་དཔལ་འབྱོར་འཕེལ། །ལྷ་ཡི་མགོན་སྐྱབས་བཙན་པར་ཤོག །གཞན་ཡང་རང་ཇི་ལྟར་འདོད་པའི་དོན་ལ་གསོལ་བ་གདབ་བཀྲ་ཤིས་རི་ཁྲུས་ལྟར་བྱའོ། །དེས་ནི་ལྷ་ཡི་རྟེན་ཚུགས་པས་མི་གཡེལ་བ་དང་། ལྷ་རྣམས་འདུ་ཞིང་གནས་དེར་བཀྲ་ཤིས་པར་བྱེད་པ་དང་། ཅི་བསམ་འགྲུབ་བོ། ༈ ། ཁྱིམ་ལྷ་བསྟོད་ན། གཏོར་མའམ། རིན་ཆེན་མདའ་མདུང་སོགས་རྟེན་དུ་ཡོད་པ་དང་། ཁྱད་པར་མདའ་དར་ལ་ཁྱིམ་ལྷའི་སྐུ་དང་སྔགས་བྱང་བྲིས་པ་སོགས། རྒྱས་བསྡུས་ཀྱི་རྟེན་གང་འོས་ཞིག་དཀྱིལ་ཀ་སོགས་སུ་བཅིང་། མདུན་དུ་མཆོད་པ་ཅི་འབྱོར་བར་བཤམས་ལ། སྔོན་འགྲོ་བགེགས་བསྐྲད་དུག་ཕྱུང་ཁྲུས་གསོལ་སོགས་རྒྱས་བསྡུས་གང་འོས་བྱ། ཁྱད་པར་བསང་བྱ་ན། མཁན་ཤུག་བལ་བུ་སྟེ་


MR07_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ཅན་གྱི་ཤིང་གསུམ་དང་། གཞན་ཡང་ཙན་དན་དཀར་དམར་སོགས་དྲི་བཟང་གི་སྨན་དང་། ཤིང་སྣ་ཅི་འབྱོར་པའི་བསང་བྱས་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ༈ ཀྱེ། བསང་ནི་འབྱུང་བ་ལྔ་ལས་བྱུང་། །གནམ་ལས་འབྲུག་གློག་ཆར་པ་བྱུང་། །ས་ལ་རྩི་ཤིང་སྨན་རྣམས་འཁྲུངས། །བདུད་རྩི་ཅན་གྱི་ཤིང་རྣམས་ལ། །མེ་སྤར་དུ་བས་ཕྱོགས་ཀུན་ཁྱབ། །ཏིང་འཛིན་སྔགས་རྒྱས་བྱིན་གྱིས་བརླབས། །རྟེན་འབྲེལ་ཆོ་གའི་ཁྱད་པར་ལས། །གྲིབ་དང་མི་གཙང་དག་པར་བྱེད། །ཡིད་བཞིན་འདོད་དགུའི་ཆར་འབེབས་པས། །ལྷ་རྣམས་དགྱེས་པ་མཆོག་ཏུ་བསྐྱེད། །བསང་གི་མི་བསང་གང་ཡང་མེད། །བསང་མཆོད་བདུད་རྩིའི་སྤྲིན་ཕུང་འདིས། །སྐྱབས་གནས་དཀོན་མཆོག་གསུམ་པོ་བསང་། །ཡི་དམ་རྩ་གསུམ་ལྷ་ཚོགས་བསང་། །ཆོས་སྐྱོང་དགྲ་ལྷ་ཝེར་མ་བསང་། །ནོར་ལྷ་གཏེར་བདག་གཞི་བདག་བསང་། །འགོ་བའི་ལྷ་མགོན་གཉེན་པོ་བསང་། །སྲིད་པའི་ལྷ་རབས་ཐམས་ཅད་བསང་། །ཁྱད་པར་བའི་འཕྱོང་སྦྱར། ཉམས་གྲིབ་མི་གཙང་ཀུན་སངས་ནས། །ཐུགས་དགོངས་ཤེལ་ལྟར་གསལ་གྱུར་ཅིག །དགྱེས་རབ་མཆོག་དང་ལྡན་གྱུར་


MR07_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །བདག་ལ་དངོས་གྲུབ་མ་ལུས་སྩོལ། །ཞེས་བྱའོ། །དེ་ནས་ཁྱིམ་བསང་ཞིང་སྦྱངས་ལ། སྟོང་པའི་ངང་ལས་སོགས་གསས་མཁར་ལྟར་ལ། ཁྱིམ་འདི་རིན་ཆེན་སོགས་ཁ་སྒྱུར། རྩ་གསུམ་དམ་ཅན་སྲུང་མར་བཅས། །ཁྱིམ་ལྷའི་ངོ་བོར་བཞུགས་པ་ནི། །ཁྱིམ་ལྷ་གེ་ཐུང་སྐུ་མདོག་སྔོ། །རིན་ཆེན་གཡུ་ཡི་རྒྱན་ཆས་ཅན། །ཕྱག་ན་དུང་གི་ཀ་བ་བསྣམས། །ཁྱིམ་ལྷ་འབུམ་གྱི་འཁོར་གྱིས་བསྐོར། །གཞན་ཡང་རྩ་གསུམ་དམ་ཅན་དང་། །འགོ་བའི་ལྷ་ཚོགས་སྤྲིན་ལྟར་གཏིབ། །གནས་གསུམ་ཡི་གེའི་འོད་ཟེར་གྱིས། །རང་རང་སོ་སོའི་གནས་ནས་ནི། །སྤྱན་དྲངས་གཉིས་སུ་མེད་པར་བསྟིམ། བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོ༔ ས་མ་ཡ་ཏིཥྛ་ལྷན། དེ་ནས། ཧཱུྃ། གནས་འདིར་བཞུགས་པའི་མཆོད་པ་ཚིགས་བཅད་དྲུག་པ་སྔགས་དང་བཅས་པ་དང་། བསྟོད་པ་ལ། ཡིད་བཞིན་རེ་སྐོང་བཀྲ་ཤིས་ཁྱིམ་གྱི་ལྷ། །མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་ཁ་བསྒྱུར་བས་བསྟོད། ཀྱེ། དེ་རིང་གནམ་ལ་གཟའ་སྐར་སོགས། བཀྲ་ཤིས་མཐུན་པའི་དམ་རྫས་རྣམས། །ཁྱིམ་ལྷ་གཉེན་པོའི་རྟེན་དུ་བཙུགས། །འདོད་དགུའི་དངོས་གྲུབ་ཆར་ལྟར་


MR07_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཕོས། །འགོ་བའི་ལྷ་མགོན་ཁྱིམ་ལྷ་སོགས། །མཆོད་ཡུལ་སོགས་གསས་མཁར་སྐབས་ལྟར་དང་། འདིར་ནི་རྟེན་དང་སོགས་ཀྱི་མཐར། ཁྱད་པར་གྱི་འདོད་གསོལ། ཁྱིམ་འདིར་བཀྲ་ཤིས་འཕེལ་བ་དང་། །སྣོད་བཅུད་ཕྱྭ་གཡང་བཅུད་དུ་ཁུག །ཁྱིམ་གྱི་རྒུད་པ་སོར་ཆུད་ནས། །ཡིད་ལ་རེ་བ་རྫོགས་པར་མཛོད། །ཅེས་དང་། ཀྱེ། ཁྱིམ་ལྷ་གཉན་པོའི་ལྷ་ཚོགས་རྣམས། །ཚུར་བྱོན་ཁྱིམ་འདིར་རྟེན་ལ་བཞུགས། །བཀྲ་ཤིས་ཞལ་བསྲོའི་སོགས་དང་། རྒྱལ་ཆེན་བཞི་དང་སོགས། སྲུང་འཛུགས་དང་། ཕྱག་མཚན་ལྔས་བསྲུང་བ་དང་། བཀྲ་ཤིས་རྒྱས་པར་བྱ། དེས་ནི་ཁྱིམ་དེའི་ཉེས་པ་ཞི་ཞིང་དཔལ་ཕུན་སུམ་ཚོགས་པ་འཕེལ་བར་འགྱུར་རོ།། ༈ །།དེ་བཞིན་དུ་ཐབ་ལྷ་བསྟོད་ན། རབ་ཐབ་ཀྱི་འོག་གཞིར་ཐབས་གཏེར་སྦ་བ་དང་། མིན་ཀྱང་གནས་བཀྲ་ཤིས་པའི་ས་རྡོ་རིན་ཆེན་གྱི་བཀང་བའི་བུམ་པ་ཙམ་སྦས་ལ། ཐབ་མཐར་མཆོད་པ་བཤམས། བགེགས་བསྐྲད་པ་སོགས་སྔོན་འགྲོ་རྣམས་ཅི་འོས་བྱས་ལ། ཐབ་བསང་སྦྱང་། སྟོང་པའི་ངང་ལས་སོགས་ནས། ཐབ་འདི་རིན་ཆེན་སོགས་དང་། རྩ་གསུམ་དམ་ཅན་སྲུང་མར་བཅས། །ཐབ་ལྷའི་ངོ་བོར་བཞུགས་པ་ནི། །ཐབ་ལྷ་ཡུ་མོ་


MR07_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ། །བུད་མེད་ལུས་ལ་གཡུ་ཆས་ཅན། །དར་ཟབ་ན་བཟའ་སྐུ་ལ་གསོལ། །ཕྱག་ན་གསེར་གྱི་གཟར་བུ་བསྣམས། །ཐབ་ལྷ་མེ་ལྷ་འབུམ་གྱིས་བསྐོར། །གཞན་ཡང་སོགས། ཁྱིམ་ལྷའི་སྐབས་ལྟར་དང་། མཆོད་པ་དང་བསྟོད་པར། བཀྲ་ཤིས་ཐབས་ཀྱི་ལྷ། །མ་ལུས་སོགས་ཁ་བསྒྱུར། ཁྱིམ་ལྷ་ཞེས་པ་དེ། ཐབ་ལྷ་གཉན་པོར་ཁ་བསྒྱུར། ཁྱད་པར་འདོད་གསོལ། ཐབ་འདིར་བཀྲ་ཤིས་འཕེལ་བ་དང་། །ཟས་གཡང་དཔལ་འབྱོར་བཅུད་དུ་ཁུག །ཐབ་ཏུ་མར་ཁུའི་མཚོ་མོ་ཁོལ། །བདེ་སྐྱིད་དཔལ་དང་ལྡན་པར་མཛོད། །ཅེས་སྦྱར། གཞན་མཇུག་ཆོག་ཐམས་ཅད་ཁྱིམ་ལྷའི་སྐབས་ལྟར་སྦྱར་བས་གྲུབ་བོ། །དེས་ནི་ཐབ་ཀྱི་བསེ་རག་རྒྱུན་ཆོད་ཅིང་ཐབ་དེར་གཡོ་བསྐོལ་ཟས་ཀྱི་འདུ་བ་འཕེལ་ལ་བཀྲ་ཤིས་པར་འགྱུར་རོ། ༈ །ཞིང་ལྷ་བསྟོད་ན། ཞིང་གི་དཀྱིལ་དུ་ཕྱུག་པོ་རྣམས་ཀྱི་ཞིང་ས་དང་རིན་ཆེན་སྣ་ཚོགས་དང་འབྲུ་སྣ་ཚོགས་ཀྱི་བུམ་པ་བཟང་པོ་སྦས་ལ། སྔོན་འགྲོ་


MR07_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བྱས་རྗེས། ཞིང་འདིར་རིན་ཆེན་གཞལ་ཡས་སོགས། གཞན་ཐམས་ཅད་འདྲ་བ་ལ། ཞིང་ལྷ་ཚངས་་པ་ཆེན་པོ་ནི། །སྐུ་མདོག་དཀར་པོ་འོད་ཟེར་འབར། །རིན་ཆེན་དར་གྱི་རྒྱན་ཆ་ཅན། །ཕྱག་གཡས་རིན་ཆེན་སྙེ་མ་ལས། །སྣ་ཚོགས་འབྲུ་ཡི་ཆར་པ་འབེབ། །གཡོན་ན་བུམ་བཟང་དགོས་འདོད་སྐོང་། །ཞིང་ལྷ་ཁྲི་དང་འབུམ་གྱིས་བསྐོར། །ཞེས་པ་དམིགས་བསལ་དང་། གཞན་ཐམས་ཅད་ཞིང་ལྷ་གཉན་པོ་ཞེས་པའི་ཁ་བསྒྱུར་ཤེས་པར་བྱ། ཁྱད་པར་གྱི་འདོད་གསོལ་ནི། ཞིང་འདིར་བཀྲ་ཤིས་འཕེལ་བ་དང་། །ལོ་གཡང་དཔལ་འབྱོར་བཅུད་དུ་ཁུག །ས་འདིར་རིན་ཆེན་གཏེར་ལྡན་པས། །ཡིད་ལ་རེ་བ་རྫོགས་པར་མཛོད། །ཅེས་པ་ལས་གཞན་ཐམས་ཅད་གོང་ལྟར་སྦྱར་བས་འགྲུབ་བོ།། །།


MR07_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་ཞིང་ས་དེར་ལོ་ཏོག་ཕུན་སུམ་ཚོགས་པ་དང་བཀྲ་ཤིས་པར་འགྱུར་རོ། ༈ །ཕྱུགས་ལྷ་བསྟོད་ན། ཕྱུགས་ལྷས་སམ་ཁྱིམ་ནང་དུ། ཕྱུག་པོའི་རྟ་ཕྱུགས་སོགས་ཀྱི་སྤུ་སྣ་དང་འབྲུ་སྨན་རིན་ཆེན་སྣ་ཚོགས་གཙོར་གྱུར་བུམ་པ་ཚད་ལྡན་ནམ་མདའ་དར་སོགས་ལ་རྟེན་བྱས་ཏེ། སྔོན་འགྲོ་དངོས་གཞི་རྗེས་རྣམས་ཁྱིམ་ལྷའི་སྐབས་ལྟར་ལ། ཁྱད་པར་གྱི་དམིགས་བསལ། ཕྱུགས་ལྷའི་ངོ་བོར་བཞུགས་པ་ནི། །དཔལ་ལྡན་རྒྱལ་ཆེན་རྣམ་ཐོས་སྲས། །གསེར་མདོག་རིན་ཆེན་སྣ་ཚོགས་བརྒྱན། །རིན་ཆེན་དབྱུག་ཐོ་ནེའུ་ལེ་བསྣམས། །སེང་གེ་དཀར་མོའི་རྟ་ལ་ཆིབས། །ནོར་ལྷ་ཁྲི་དང་འབུམ་གྱིས་བསྐོར། །ཞེས་དང་། ཁྱད་པར་གྱི་འདོད་གསོལ། བདག་ཡོན་བདག །གི་ཕྱུགས་རྣམས་འཕེལ་བ་དང་། །དགྲ་རྐུན་གཅན་གཟན་གོད་ཁ་སྲུངས། །ཕྱུགས་གཡང་ཐམས་ཅད་དབང་བསྡུས་ནས། །བཀྲ་ཤིས་དཔལ་འབྱོར་རྒྱས་པར་མཛོད། །ཅེས་དང་། ཕྱུགས་ལྷ་ཞེས་དམིགས་བསལ་གྱི་ཁ་བསྒྱུར་སྦྱར་བས་འགྲུབ་བོ། །


MR07_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ནི་ཕྱུགས་འཕེལ་ཞིང་གོད་ཁ་རྒྱུན་ཆོད་ལ་བཀྲ་ཤིས་པར་འགྱུར་རོ། །ཡང་ན་ཕྱུགས་ལྷ་པ་རྞ་ཤ་བ་རི་བསྒོམ་ལ་ཆོ་ག་འདི་བཞིན་བྱས་པས་དོན་འགྲུབ་བོ། ༈ །།ཁྱིམ་དུ་ནོར་ལྷའི་རྟེན་གཟུགས་པ་ལའང་། དེ་བཞིན་དུ་བུམ་གཏེར་ཚད་ལྡན་ནམ། ནོར་ལྷའི་སྐུ་དང་སྔགས་བྱང་བཅས་པའི་མདའ་དར་དང་། བཀྲ་ཤིས་པའི་ཡོ་བྱད་རྣམས་ལ་རྟེན་བཅས་ཏེ། སྔོན་འགྲོ་དངོས་གཞི་རྗེས་རྣམས་གོང་ལྟར་ལ། ཁྱད་པར་གྱི་ཁ་བསྒྱུར་ནོར་ལྷ་ཞེས་པ་སྦྱར་ཞིང་ལྷ་བསྐྱེད་པ། ནོར་ལྷ་ཨཱརྱ་ཛམ་བྷ་ལ། །གསེར་མདོག་རིན་ཆེན་སྣ་ཚོགས་བརྒྱན། །ཕྱག་གཡས་བི་ཛ་པུ་ར་ཀ། གཡོན་ན་ནེའུ་ལེའི་རྐྱལ་པ་བསྣམས། །གཏེར་གྱི་བུམ་པའི་ཁྲི་ལ་བཞུགས། །ནོར་ལྷ་ཁྲི་དང་འབུམ་གྱིས་བསྐོར། །ཞེས་དང་། ཁྱད་པར་གྱི་འདོད་གསོལ། གནས་འདིར་བཀྲ་ཤིས་འཕེལ་བ་དང་། །སྲིད་ཞིའི་ཕྱ་གཡང་དབང་དུ་སྡུས། །དཔལ་འབྱོར་ལོངས་སྤྱོད་འཛད་མེད་རྒྱུན། །ཡིད་ལ་ཅི་འདོད་དངོས་གྲུབ་སྩོལ། །ཞེས་སྦྱར་བས་འགྲུབ་བོ། །དེས་ནི་དཔལ་འབྱོར་འཕེལ་ཞིང་བཀྲ་ཤིས་པར་འགྱུར་རོ། ༈ །འཕྲག་ལྷ་བསྟོད་ན། མི་དེར་ཁྲུས་བྱས་བགེགས་བསྐྲད་བསང་བྱས་ལ། ཨ་མྲྀ་ཏས་བསང་། སྭ་བྷ་བས་སྦྱང་ལ། སྟོང་པའི་ངང་ལས་མི་བུ་འདི། །ཕུང་ཁམས་སྐྱེ་མཆེད་ཡོངས་རྫོགས་ཤིང་། །འཆི་མེད་


MR07_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་བུ་བཞིན་དུ། །ཡིད་འོང་ལྟ་ན་སྡུག་པ་ཡི། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན། །རང་བཞིན་རྣམ་དག་ངང་ཉིད་ལས། །རྣམ་པ་ལྷ་དང་ལྷ་མོའི་དང་། །རྩ་གསུམ་དགྲ་བླའི་ངོ་བོར་རྫོགས། །ཁྱད་པར་ཕྲག་པ་གཡས་ཀྱི་སྟེང་། །རྩ་གསུམ་དམ་ཅན་སྲུང་མར་བཅས། །ཕྲག་ལྷའི་ངོ་བོར་བཞུགས་པ་ནི། །སྐྱེས་བུའི་ཕྲག་ལྷ་བྱ་བ་དེ། །མི་དཀར་དུང་གི་གོ་མཚོན་ཅན། །ཕྱག་ན་རྒྱལ་མཚན་མདུང་དར་བསྣམས། །བྱ་རྒྱལ་ཁྱུང་གི་རྟ་ལ་ཆིབས། །གཟི་བརྗིད་ཉི་མ་འབུམ་ལྟ་བུས། །ཕ་རོལ་རྒོལ་བ་ཟིལ་གྱིས་གནོན། །དགྲ་བླ་ཝེར་མ་འབུམ་གྱིས་བསྐོར། །གཞན་ཡང་རྩ་གསུམ་དམ་ཅན་དང་། །འགོ་བའི་ལྷ་ཚོགས་སྤྲིན་ལྟར་གཏིབས། །གནས་གསུམ་ཡི་གེའི་འོད་ཟེར་གྱིས། །རྩ་གསུམ་ཆོས་སྐྱོང་དགྲ་བླ་རྣམས། །འཕྲག་ལྷའི་ངོ་བོར་སྤྱན་དྲངས་ཏེ། །བསྒོམ་པའི་ལྷ་ལ་གཉིས་མེད་བསྟིམ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་དགྲ་བླ་ཝེར་མ་རྣམས། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །མགོན་དང་སྐྱབས་སུ་སྤྱན་འདྲེན་ན། །སྐྱེས་བུའི་འཕྲག་ལྷའི་རྣམ་པ་རུ། །ཚུར་གཤེགས་མི་བུ་རིན་ཆེན་འདིའི། །ཕུང་པོ་ཁམས་དང་སྐྱེ་མཆེད་


MR07_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བླ་རྡོ་བཅས་ནས་རྟག་བཞུགས་ཏེ། །བྱིན་བརླབ་མགོན་སྐྱབས་དཔུང་རོགས་མཛོད། །ནད་གདོན་མི་མཐུན་ཕྱོགས་ལས་སྲུངས། །མཐུན་རྐྱེན་ཚེ་དཔལ་གཟི་བརྗིད་སྐྱེད། །གང་བསམ་དོན་རྣམས་འགྲུབ་པ་དང་། །ཅི་བྱས་རྒྱལ་ཁ་ཐོབ་པ་ཡི། །ཆོས་སྲིད་ལེགས་ལམ་ལྷུན་གྲུབ་མཛོད། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་བ་ཊཱ་ཀི་ནཱི་དྷརྨ་པཱ་ལ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཨཱ་བེ་ཤ་ཡ་ས་མ་ཡ་ཏིཥྛ་ལྷན། །ཞེས་བྱས་ལ། སྟག་ཤར་ལ་གོ་མཚོན་རལ་གྲི་སོགས་དང་། བཙུན་པ་ལ་གླེགས་བམ་ཕྱག་མཚན་སོགས་རང་རང་ལ་འོས་པའི་ཆས་དང་། སོ་སོའི་གོས་རྒྱན་སྣ་ཚོགས་མཛེས་པས་མངའ་གསོལ་ཞིང་། མདའ་དར་བུམ་པ་སོགས་བཀྲ་ཤིས་ལ་དབང་ཐང་མཐོ་བའི་རྫས་ལག་ཏུ་བཞག །ཞིམ་མངར་ཟས་ཀྱིས་ཞལ་བསྲོ་བྱ་ཞིང་མེ་ཏོག་འཐོར་ལ། ཀྱེ། དགུང་ལ་ཉི་མ་ཤར་བ་བཞིན། །འཕྲག་ལྷ་གཉེན་པོའི་དཔུང་བསྟོད་དོ། །མཁར་ལ་བ་གམ་ཐོགས་པ་བཞིན། །འཕྲག་ལྷ་གཉེན་པོའི་དཔུང་བསྟོད་དོ། །རྨོག་ལ་རྒོད་འཕྲུ་བཙུག་པ་བཞིན། །འཕྲག་ལྷ་གཉེན་པོའི་དཔུང་བསྟོད་དོ། །སེང་ལ་གཡུ་རལ་རྒྱས་པ་བཞིན། །འཕྲག་ལྷ་གཉེན་པོའི་དཔུང་བསྟོད་དོ། །སྟག་ལ་འཛུམ་དྲུག་རྒྱས་པ་བཞིན། །འཕྲག་ལྷ་གཉན་པོའི་དཔུང་བསྟོད་དོ། །ཁྱུང་ལ་གཤོག་དྲུག་རྒྱས་པ་བཞིན། །འཕྲག་ལ་གཉེན་པོའི་དཔུང་བསྟོད་དོ། །འབྲུག་ལ་ངར་སྐད་


MR07_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་བཞིན། །འཕྲག་ལྷ་གཉེན་པོའི་དཔུང་བསྟོད་དོ། །འཁོར་བསྒྱུར་རྒྱལ་སར་འཁོད་པ་བཞིན། །འཕྲག་ལྷ་གཉན་པོའི་དཔུང་བསྟོད་དོ། །ལྷ་དབང་གཡུལ་ལས་རྒྱལ་བ་བཞིན། །འཕྲག་ལྷ་གཉེན་པོའི་དཔུང་བསྟོད་དོ། །ཀྱེ། གངས་དང་སེང་གེ་འགྲོགས་པ་བཞིན། །མི་དང་འཕྲག་ལྷ་མ་འབྲལ་ཞིག །དགུང་དང་གཡུ་འབྲུག་འགྲོགས་པ་བཞིན། །མི་དང་འཕྲག་ལྷ་མ་འབྲལ་ཞིག །ནགས་དང་སྟག་མོ་འགྲོགས་པ་བཞིན། །མི་དང་འཕྲག་ལྷ་མ་འབྲལ་ཞིག །ཁྱུང་དང་དཔག་བསམ་འགྲོགས་པ་བཞིན། །མི་དང་འཕྲག་ལྷ་མ་འབྲལ་ཞིག །བྲག་དང་བྱ་རྒོད་འགྲོགས་པ་ལྟར། །མི་དང་འཕྲག་ལྷ་མ༴ ཉ་དང་མཚོ་མོ་འགྲོགས་པ་ལྟར། །མི་དང་འཕྲག་ལྷ་མ་འབྲལ་ཞིག །སྤང་དང་ཤ་རྐྱང་འགྲོགས་པ་ལྟར། །མི་དང་འཕྲག་ལྷ་མ་འབྲལ་ཞིག །བྱ་དང་འདབ་མ་འགྲོགས་པ་ལྟར། །མི་དང་འཕྲག་ལྷ་མ༴ རྫ་དང་འབྲོང་མོ་འགྲོགས་པ་ལྟར། །མི་དང་འཕྲག་ལྷ་མ༴ གོས་དང་གོང་བ་འགྲོགས་པ་ལྟར། །མི་དང་འཕྲག་ལྷ༴ མཁའ་དང་ཉི་ཟླ་འགྲོགས་པ་ལྟར། །མི་དང་འཕྲག་ལྷ་མ༴ ལུས་དང་གྲིབ་མ་འགྲོགས་པ་


MR07_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །མི་དང་འཕྲག་ལྷ་མ༴ ལྷ་དང་དཔལ་དུ་འགྲོགས་པ་ལྟར། །མི་དང་འཕྲག་ལྷ་མ་འབྲལ་ཞིག །ཅི་བསམ་དོན་རྣམས་འགྲུབ་པར་མཛོད། །ཀི་བསོ་ཆའོ་ལྷ་རྒྱལ་ལོ༑ །ཞེས་བྱས་ལ་ཡོན་མཆོད་ཀུན་གྱིས་འབྲུ་མཆོད། །ལྷ་རྒྱལ་འབོད་པར་བྱའོ། །དེ་ནས་ལྷ་ཡི་རྟེན་དང་ཙཀྲ་བླ་རྡོའམ། སྲུང་བའི་མདུད་པ་སོགས་གཏད་ལ། ཀྱེ། སྦྱིན་པའི་བདག་པོ་ཁྱོད་ཉིད་ཀྱིས། །རྟེན་འདི་ཆོངས་ལ་འབྲལ་མེད་མཛོད། །ལྷ་རྣམས་ཡུན་གྱི་ལྷར་བརྟེན་ལ། །རྟག་ཏུ་མཆོད་ཅིང་གུས་པར་གྱིས། །ཞེས་བརྗོད། དེ་ནས་བསང་བྱ་ཞིང་རིགས་ལྔའི་ཕྱག་རྒྱས་བསྲུང་ལ་བཀྲ་ཤིས་རྒྱས་པར་བརྗོད་པར་བྱའོ། །དེས་ནི་འཕྲག་ལྷ་དར་ཞིང་ཅི་བསམ་འགྲུབ་པའི་མགོན་བྱེད་པར་འགྱུར་རོ། ༈ །དེ་བཞིན་དུ་སྲོག་ལྷ་བསྟོད་ན་ཁོག་འདྲ་ལ། ཁྱད་པར་སྙིང་གི་དབུས་ཉིད་དུ། །རྩ་གསུམ་དམ་ཅན་སྲུང་མར་བཅས། །སྲོག་ལྷའི་ངོ་བོར་བཞུགས་པ་ནི། །དུང་མི་ཤེལ་གྱི་གོ་མཚོན་ཅན། །ཕྱག་ན་ཤེལ་གྱི་ཚེ་བུམ་བསྣམས། །ཆིབས་སུ་ངང་པ་གསེར་མདོག་ཆིབས། །སྲོག་ལྷ་ཁྲི་དང་འབུམ་གྱིས་བསྐོར། །གཞན་ཡང་རྩ་གསུམ་སོགས་ཞེས་དང་། འཕྲག་ལྷ་ཞེས་པའི་གནས་སུ། སྐྱེས་བུའི་སྲོག་ལྷ་སོགས་སུ་


MR07_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བསྒྱུར་ལ། དཔུང་བསྟོད་ཀྱི་མཐར། མི་འདི་ཚེ་སྲོག་བརྟན་པ་དང་། །བླ་ཚེ་འཁྱམས་པའི་གནོད་པ་སྲུངས། །ཅི་བསམ་དོན་རྣམས་ཞེས་སྦྱར། གཞན་འདྲ། དེས་བླ་ཚེ་མི་ཉམས་ཤིང་སྲོག་བརྟན་པར་འགྱུར་རོ། །དེ་བཞིན་དུ་བུད་མེད་ལ་མོ་ལྷ་བསྟོད་པ་ནི། ཁྱད་པར་འཕྲག་པ་གཡོན་གྱི་སྟེང་། དགྲ་བླ་མ་ལྷ་བུ་རྫི་ནི། །བུད་མེད་ལུས་ལ་གསེར་མདོག་ཅན། །དར་དཀར་སྣ་ཚོགས་ལུས་ལ་བརྒྱན། །ཕྱག་ན་དྲུ་གུ་འཕང་ལོ་བསྣམས། །མོ་ལྷ་ཁྲི་དང་འབུམ་གྱིས་བསྐོར། །གཞན་ཡང་རྩ་གསུམ་སོགས་དང་། མོ་ལྷ་སོགས་སུ་ཁ་བསྒྱུར། དཔུང་བསྟོད་ཀྱི་མཇུག་ཏུ། བུད་མེད་རྣམས་ཀྱི་མོ་ལྷ་དང་། །བུ་ཆུང་སྐྱེས་ཀྱི་རྫི་བུ་མཛོད། །ཅི་བསམ་འགྲུབ་སོགས་སྦྱར། དེས་ནི་མ་བུའི་ཚེ་སྲོག་བརྟན་ཞིང་། བུད་མེད་རྣམས་ཀྱི་སྲིད་འཕེལ་བར་འགྱུར་རོ། ༈ །།དགྲ་བླ་བསྟོད་ན་གཞན་ཐམས་ཅད་འདྲ་ལ། ཁྱད་པར་འཕྲག་པ་གཡས་ཀྱི་སྟེང་། །དགྲ་བླ་འཐབ་སྐྱེན་རྣ་ནག་ནི། །སྐྱེས་མཆོག་མི་ཡི་ལུས་པོ་ལ། །དཔའ་རྔམས་སེང་གེའི་མགོ་བོ་ཅན། །དགྲ་སྟྭ་ངར་མའི་དབུ་རྒྱན་ཅན། །རལ་པ་ཁམ་སེར་མེ་དཔུང་འབར། །རལ་པའི་ནང་


MR07_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཚྭ་ཚྭ་འཕྲོ། །ཚྭ་ཚྭའི་ཐོག་མདའ་དགྲ་ལ་བརྡེག །སྤྱན་མིག་ཉི་ཟླ་ཤར་བ་འདྲ། །བསྲུང་བྱ་རྣམས་ལ་བྱ་ར་མཛད། །ཤངས་ནས་ན་བུན་རླུང་ལྟར་འཚུབས། །དགྲ་བགེགས་མ་ལུས་གཏོར་བར་བྱེད། །གློག་དམར་འགྱུར་བའི་ལྗགས་ཀྱང་འཁྱུག །ཐོག་རྒོད་འབར་བའི་མཆེ་བ་ཅན། །ལག་པ་ཆུ་སྲིན་སྡེར་མོ་ཅན། །དགྲ་བཟུང་སྡིག་པ་ནག་པོ་འདྲ། །བ་སྤུ་ཐོག་གི་ཚྭ་ཚྭ་འཕྲོ། །རལ་གྲི་ངར་མའི་རྐང་པ་ཅན། །ཆུ་གྲི་ངར་མའི་པུས་མོ་ཅན། །ཤ་ཟུང་ངར་མའི་རྐང་སྡེར་ཅན། །སྤུ་གྲི་ངར་མའི་གཤོག་པ་ཅན། །རྐེད་པ་རླུང་གི་འཁོར་ལོ་ཅན། །རེ་འབྱམས་རྒྱུག་པའི་རྔམ་སྟབས་ཅན། །སྟག་གི་པགས་པའི་ཤམ་ཐམས་ཅན། །རིན་ཆེན་སྣ་ཚོགས་རྒྱན་ཆ་ཅན། །བསེ་ཁྲབ་འབར་བ་སྐུ་ལ་མནབ། །འཕྲུལ་གྱི་མདའ་གཞུ་རྐེད་ལ་ཐོགས། །ཕྱག་གཡས་གནམ་ལྕགས་རལ་གྲི་ཕྱར། །ཕྱག་གཡོན་དགྲ་བླའི་རུ་མཚོན་འཛིན། །ཆིབས་སུ་སྟག་མོ་གྲུས་མ་ཆིབས། །རྩལ་དྲག་བྱ་རྒྱལ་ཁྱུང་ཆེན་འདྲ། །དཔའ་གཏུམ་སེང་གེ་རྔམ་པ་འདྲ། །འཇིགས་སྒྲ་མེ་དཔུང་འབར་བ་འདྲ། །ངར་སྐད་གཡུ་འབྲུག་འུར་


MR07_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདྲ། །རྐང་ལག་ཐོག་སེར་འཚུབས་པ་འདྲ། །ལྷ་དམག་ཁྲི་དང་འབུམ་གྱིས་བསྐོར། །གཞན་ཡང་རྩ་གསུམ་སོགས་དང་། དགྲ་ལྷ་ཞེས་པའི་ཁ་བསྒྱུར་དང་། དཔུང་བསྟོད་ཀྱི་རྗེས་སུ། དགྲ་བླའི་མཐུ་སྟོབས་མི་ལ་ཕོགས། །ཕྱོགས་ལས་རྣམ་པར་རྒྱལ་བ་དང་། །ཅི་བསམ་འགྲུབ་སོགས་སྦྱར། རྒྱས་པར་བསང་དང་། གཡག་ལུག་ར་གསུམ་སོགས་གཟུགས་འགྲོས་དང་གོ་མཚོན་རྣམས་ཀྱིས་དགྲ་བླ་མཆོད་པར་བྱ། །དེས་ཕ་རོལ་གྱི་གཡུལ་ལས་རྣམ་པར་རྒྱལ་ཞིང་མཐུ་སྟོབས་རྒྱས་པར་འགྱུར་རོ། ༈ །།དེ་བཞིན་དུ་ཇག་ལྷ་ལའང་། སྐྱེས་བུ་ཇག་ལ་འགྲོ་བའི་ཚེ་བྱ་སྟེ། ཁྱད་པར་གྱི་ཁ་བསྒྱུར་ནི། སྐྱེས་བུའི་ཕྲག་པ་གཡས་སྟེང་དུ། །ཇག་ལྷ་དར་མ་རྐྱ་གཅིག་ནི། །སྐུ་མདོག་དཀར་ལ་དངུལ་འོད་འབར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །དུང་རྨོག་དཀར་པོ་དབུ་ལ་གསོལ། །བསེ་ཁྲབ་འབར་བ་སྐུ་ལ་མནབ། །འཕྲུལ་གྱི་མདའ་གཞུ་སྐེད་ལ་བསྐོར། །ཕྱག་གཡས་ཡ་ཚ་རལ་གྲི་དཀར་པོ་ཕྱར། །གཡོན་པས་དར་མདུང་དམར་པོ་ཕྱར། །ཆིབས་སུ་དུང་རྟ་དཀར་པོ་ཆིབས། །དགྲ་བླ་ཁྲི་དང་འབུམ་གྱིས་བསྐོར། །ཞེས་དང་། དམིག་གསལ་ཇག་ལྷར་ཁ་བསྒྱུར། དཔུང་བསྟོད་རྗེས་སུ། སྐྱེས་བུ་ཇག་ལ་ཆས་


MR07_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། །དགྲ་ཕམ་བདག་རྒྱལ་དགྲ་བླ་མཛོད། །ཅི་བསམ་འགྲུབ་ཞེས་སྦྱར། དེས་ནི་ཇག་ཡག་ཅིང་དོན་འགྲུབ་པར་འགྱུར་རོ། ༈ །དེ་བཞིན་དུ་བྱན་པོ་ལ། ཟས་གཡང་ཆགས་པའི་ཕྱིར་ཟས་ལྷ་བསྟོད་ན། ལག་ཏུ་ཟས་སྣ་བཏད་ལ། ཟས་ལྷར་ཁ་བསྒྱུར་བ་དང་། ཁྱད་པར་དཔུང་པ་གཡས་པ་རུ། །ཞེས་སམ། ཡང་ན། ཟས་མཛོད་རིན་ཆེན་གཞལ་ཡས་སུ། །གསལ་ལ་དེར། མགོན་པོའི་ཟས་ལྷ་དམར་པོ་ནི། །སྐུ་མདོག་ཟངས་ཀྱི་འོད་དང་ལྡན། །རིན་ཆེན་གསེར་གྱི་གོ་མཚོན་ཅན། །ཕྱག་ན་གསེར་གྱི་ནོར་བུ་བསྣམས། །ཆིབས་སུ་དུང་རྟ་དཀར་པོ་ཆིབས། །རྫུ་འཕྲུལ་མདའ་གཞུ་སྐེད་ལ་ཐོགས། །ཟས་ལྷ་ཁྲི་དང་འབུམ་གྱིས་བསྐོར། །ཞེས་དང་། དཔུང་བསྟོད་མཇུག་ཏུ། ཟ་ཁ་དང་ནི་འཐུང་ཁ་ཕྱེས། །ཟས་ནོར་ཕུན་ཚོགས་དངོས་གྲུབ་སྩོལ། །ཞེས་སྦྱར་དེས་ཟས་རྣམས་འདུ་ཞིང་སྲིས་རྨེ་ལ་འབྱོར་པ་འཕེལ་བར་འགྱུར་རོ། ༈ །སྐྱེས་བུ་ལམ་དུ་ཆས་པའི་ཚེ། མགྲོན་ལྷ་བསྟོད་པ་ནི། གཞན་གོང་འདྲ་ལ། ཡོན་བདག་ཕྲག་པ་གཡས་སྟེང་ན། །མགྲོན་ལྷ་སྐུ་མདོག་དཀར་པོ་ལ། །སྤྱན་གསུམ་དབུ་ལ་དུང་རྨོག་གསོལ། །སྐུ་ལ་གསེར་གྱི་གོ་ཁྲབ་མནབ། །ཕྱག་གཡས་དར་མདུང་དཀར་པོ་ཕྱར། །གཡོན་པས་ནོར་གྱི་རྐྱལ་པ་ཐོགས། །


MR07_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས་སུ་དུང་རྟ་དཀར་པོ་ཆིབས། །མགྲོན་ལྷ་ཁྲི་དང་འབུམ་གྱིས་བསྐོར། །ཞེས་དང་། དཔུང་བསྟོད་དུས་རྟ་ཞོན་བསང་བྱས་ལ་དཔུང་བསྟོད་རྗེས་སུ། བདག་ཅག་གར་འགྲོ་བསུ་སྐྱེལ་གྱིས། །མགྲོན་ལེགས་བདེ་སྐྱིད་ལྡན་པ་དང་། །ཅི་བསམ་འགྲུབ་སོགས་སྦྱར། ལམ་ལྷ་བརྔན་པས་བྱེས་སུ་བདེ་ཞིང་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཡང་ན་མགོན་པོ་དཔའ་རབ་འཆང་གི་སྐུ་གསལ་བཏབ་ལ་ལམ་ལྷ་ཉིད་དུ་དེ་བཞིན་སྒྲུབ་པས་དོན་གྲུབ་བོ། ༈ །སྐྱེས་བུ་ཚོང་ལ་འགྲོ་བའི་ཚེ་ཚོང་ལྷ་བསྟོད་ན། ཁྱད་པར་ཕྲག་པ་གཡས་ཀྱི་སྟེང་། །ཚོང་ལྷ་ཚོགས་བདག་གླང་སྣ་ནི། །དུང་མདོག་དར་སྣ་རིན་ཆེན་བརྒྱན། །གླང་པོའི་དབུ་ལ་སྤྱན་གསུམ་པ། །གཡས་ན་ནོར་དབྱུག་གཡོན་ནེའུ་ལེ། །གསེར་གྱི་འཁོར་ལོའི་ཁྲི་ལ་བཞུགས། །ལྷ་དམག་བརྒྱ་དང་སྟོང་གིས་བསྐོར། །གཞན་ཡང་རྩ་གསུམ་སོགས་དང་། གཞུང་། ཚོང་ལྷར་ཁ་བསྒྱུར་བར་བྱ་ཞིང་། དཔུང་བསྟོད་མཐར། ཚོང་ལ་འགྲོ་བའི་ལྷ་མགོན་གྱིས། །ཚོང་ལེགས་ཟས་ནོར་འདུ་བར་མཛོད། །ཅེས་སྦྱར་བས་ཚོང་གི་དོན་གྲུབ་ཅིང་དགེ་ལེགས་འཕེལ་བར་འགྱུར་རོ། །གཞན་ཡང་རང་གང་འདོད་པའི་ལྷ་མགོན་གཉན་པོ་དེ་དག་བསྒོམས་ལ་ཆོ་གའི་ཁྱད་པར་འདི་ལྟར་སྦྱར་བས་དོན་འགྲུབ་བོ་སྟེ་ལྷ་རྣམས་མགོན་པོ་དགྲ་བླ་བཅུ་གསུམ་གྱི་གཞུང་ལས་བཏུས་ཤིང་མི་ཕམ་པས་སྦྱར་བའོ། །ལྷ་རྣམས་བསྟོད་པའི་རིམས་པའོ། །


previousགཏོ་བརྫང་དཀོན་མཆོག་གསུམ་སོགས།next