Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
   
   
སྲིད་པ་དམུ་བཅོས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྲིད་པ་དམུ་བཅོས།next

སྲིད་པ་དམུ་བཅོས།


MR07_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ། སྣང་ཞིང་སྲིད་པས་བསྡུས་པ་ཡི། །འཆི་བདག་གཤིན་རྗེ་མ་མོ་དང་། །གཟའ་ཀླུ་རྒྱལ་བཙན་གནོད་སྦྱིན་སྲིན། །ལྷ་བདུད་དམུ་ཐེའུ་དམ་སྲི་སོགས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་རྐུ་སྲོག་འཕྲོག་དཔལ་ལ་གནོད། །དོན་ལ་བར་དུ་གཅོད་པ་ཡི། །ལན་ཆགས་རྐྱེན་བགེགས་བྱེད་རྣམས་ལ། །མཐུན་པའི་ཡས་སྟག་འདི་འབུལ་ལོ། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་ཀློད་ལ་མནན་པ་ཁྱོགས། །གནོད་འཚེ་གདུག་རྩུབ་མ་བྱེད་པར། །ཞི་དང་བྱམས་པའི་སེམས་ཀྱིས་སུ། །ཚེ་བསྲིང་དཔལ་བསྐྱེད་འབྱོར་པ་སྤེལ། །རྟག་ཏུ་བཀྲ་ཤིས་བདེ་ལེགས་མཛོད། །ལོ་ཟླ་ཞག་དུས་སྤར་སྨེ་དང་། །གཟའ་སྐར་ས་བདག་ཕྱོགས་དུས་ཀྱི། །སྐག་དང་ཉམས་ང་ལངས་པ་ཀུན། །མདོས་གླུད་འདི་ཡིས་བསྒྱུར་དུ་གསོལ། །མགོན་སྐྱབས་ལྷ་ལ་མཆོད་པ་འབུལ། །ལྷ་སྲུང་ཐུགས་དམ་བསྐང་གྱུར་ཅིག །འབྱུང་བ་འཁྲུགས་པ་སོར་ཆུད་ཅིང་། །སྣང་སྲིད་ཞི་བ་ཆེན་པོར་བཅོས། །ལན་ཆགས་རྐྱེན་བགེགས་བྱེད་པ་ཡི། །གནོད་བྱེད་འདྲེ་གདོན་འབྱུང་པོ་ལ། །རང་རང་ཡིད་མཐུན་མདོས་ཀྱིས་བརྔན། །མཁོ་དགུར་དགྱེས་


MR07_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཚིམ་གྱུར་ཅིག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །ཤ་མཁོན་སྡིག་སྒྲིབ་དག་གྱུར་ཅིག །དུས་མིན་འཆི་བ་ཐམས་ཅད་བཟློག །དུས་ལ་བབ་ཀྱང་ཚེ་སྲིངས་ཤིག །མི་ཡི་ན་ཚ་རྐྱེན་ངན་བཟློག །ཕྱུགས་ཀྱི་གོད་ཁ་དབུལ་སྲི་བཟློག །འདོད་དོན་བསམ་པའི་བར་ཆད་བཟློག །མི་མཐུན་འགལ་རྐྱེན་ཐམས་ཅད་བཟློག །བཟློག་གོ་མདོས་གླུད་འདི་ཡིས་བཟློག །བསྒྱུར་རོ་དཀོན་མཆོག་བདེན་པས་བསྒྱུར། །རྟེན་འབྲེལ་ཟབ་མོའི་མདོས་གླུད་འདིས། མི་བཟློག་པ་ནི་གང་ཡང་མེད། །བཟློག་ཅིག་བསྒྱུར་ཅིག་ས་མ་ཡ། །འཆི་བསླུའི་འཕྱོང་མི་ཕམ་པས་བྲིས་པ་དགེ། མདོས་གཞུང་འཕྱོང་བཅས་བཀྲ་ཤིས་འཁྱིལ་སྒོ་ལྟར། མཇུག་ཏུ་ཚེ་འགུགས་བླ་འགུགས་རྒྱས་པར་བྱ། །འཆི་མེད་ཚེ་སྒྲུབ་དེས་ནི་བདུད་ལས་རྒྱལ། །མེ་བྱ་ཟླ་བ་བཅུ་པའི་ཚེས་བརྒྱད་ལའོ། །མངྒ་ལཾ། །


MR07_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་དམུ་བཅོས་ནི། རིན་ཆེན་སྣོད་དུ་བཤོས་བུ་སྨུག་པོ་རྩེ་རྒྱལ་འཁོར་བརྒྱད་ལྡན། དཀར་མངར་ཤ་ཁྲག་དར་ཕན། དམུ་བྱ་ཕུག་རོན་སོགས་གཟུགས་འགྲོས་སྣ་ཚོགས་དང་། སྐྱེམས་ཕུད་བཤམས་ལ། ཧཱུྃ། རང་བཞིན་དབྱིངས་ནས་མ་གཡོས་ཀྱང་། །རྣམ་རོལ་འགག་མེད་དྲེགས་པའི་ཚུལ། །སྲིད་པ་དམུ་ཡི་སྡེ་ཚོགས་རྣམས། །ཚུར་བྱོན་མཐུན་པའི་རྫས་ཀྱིས་མཆོད། །དམུ་རྗེ་བཙན་པོ་དྲེགས་པའི་ཚོགས། །སྲིད་པ་དམུ་ཡི་སྡེ་དཔོན་ཡིན། །གང་ལས་བསྐྱེད་ཅིང་གང་ལ་བསྡུ། །སྲོག་སྙིང་མུན་མུན་ག་བ་ཛ། །སྤྲུལ་པ་མུན་ནག་དམུ་བྱ་བཏང་། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །དགྲ་ལ་དིག་ལྐུག་དམུ་རྫིང་ཐོང་། །དམུ་རྗེ་ཁྱོད་ཀྱི་ཆ་ལུགས་ནི། །སྐུ་མདོག་ནག་པོ་ཆར་སྤྲིན་མདོག །དར་ནག་བེར་ཆེན་སྐུ་ལ་གསོལ། །གཡས་པ་ཤང་ལང་གཡོན་མདའ་གཞུ། །ཆིབས་སུ་དམུ་རྟ་མཆོང་རྒོད་ཆིབས། །འཁོར་དུ་དམུ་ཡི་སྡེ་ཚོགས་བསྐོར། །རྡོ་རྗེ་འཆང་དབང་གསང་བའི་བདག །པད་འབྱུང་རྩ་བརྒྱུད་བླ་མ་ཡིས། །ཇི་ལྟར་བཀའ་བསྒོས་དམ་བཞག་བཞིན། །པདྨའི་བཀའ་བརྒྱུད་འཛིན་པ་བདག །ཁྱེད་ལ་ཕ་བཞིན་རེ་ལགས་ན། །དམ་ཚིག་དབང་གིས་བུ་བཞིན་སྐྱོངས། །སྨན་རག་གཏོར་མ་མཐུན་རྫས་ཀྱིས། །མཆོད་ཅིང་


MR07_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་དོ་ཐུགས་དམ་བསྐང་། །ཉམས་ཆག་འགལ་བ་ཅི་མཆིས་པ། །སྙིང་ནས་འགྱོད་པས་མཐོལ་ལོ་བཤགས། །བདག་ལ་སྔོན་ལས་ཕྲལ་རྐྱེན་གྱིས། །དམུ་ཡི་བཀའ་ཆད་གནོད་འཚེའི་རིགས། །གང་བྱུང་དེང་ནས་མེད་པར་མཛོད། །གདུག་པ་དམུ་ཡི་གདོན་ཚོགས་ཀྱིས། །བཟུང་བ་ཐོང་ལ་འཆིང་བ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོགས། །གདུག་གཙུབ་གནོད་པ་ཡོངས་ཞི་ནས། །ནད་ཀྱི་མདའ་ཕྱུངས་ཚེར་མ་དྲོངས། །གདོན་དང་གནོད་པ་ཕྱིར་ལ་བསྡུས། །དིག་ལྐུག་མྱོས་འཐིབ་དམུ་རྫིང་དང་། །སྲིན་དང་སྙོམས་ལས་གྲིབ་གདོན་རིགས། །དམུ་བདག་ཁྱེད་ཀྱིས་ཞི་བར་མཛོད། །ཚེ་རིང་བ་དང་ནད་མེད་དང་། །དཔལ་འབྱོར་འཕེལ་ཞིང་ཕྱ་གཡང་བཀྲག །བདེ་སྐྱིད་ཕུན་སུམ་ཚོགས་པ་ཡི། །དམུ་གཡང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་མུན་མུན་ག་བ་ཛཿས་པ་རི་ཝ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། །མ་མ་སརྦ་རོ་ག་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཨ་ཤིག་ཤིག་ཕྱུང་ཕྱུང་ཁྲོལ་ཁྲོལ་སྭཱ་ཧཱ། མ་མ་སརྦ་སིདྡྷི་ཧཱུྃ། ཤིང་ལུག་ཟླ་བ་བཞི་པའི་ཚེས་བཅུ་དྲུག་ལ་དགོས་དབང་གིས་ཞེ་ཆེན་དུ་བྲིས་པ་དགེ།


previousསྲིད་པ་དམུ་བཅོས།next