Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་སོགས་ཞི་བའི་མདོས་སྐོར་དང་མནན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་སོགས་ཞི་བའི་མདོས་སྐོར་དང་མནན་པ།next

ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་སོགས་ཞི་བའི་མདོས་སྐོར་དང་མནན་པ།


MR07_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། ཉེས་པ་ཅུང་ཟད་ཙམ་གྱི་ཕྱིར། །བགེགས་རྣམས་ལ་ནི་གནོད་མི་བྱ། །ཤིན་ཏུ་སྡང་བར་རིག་ནས་སུ། །གལ་ཏེ་བགེགས་ལ་གནོད་བྱས་ན། །ཤིན་ཏུ་སྡང་བ་དྲགས་རྣམས་ལ། །འཇམ་དེས་ཉིད་དུ་མི་བྱའོ། །གལ་ཏེ་འཇམ་དེས་ཉིད་བྱས་ན། །དེ་ཡིས་མོད་ལ་གནོད་པ་བྱེད། །ཐོག་མར་འཇམ་པོ་སྦྱར་བར་བྱ། །ལན་གཉིས་ཚེ་ན་དབྱེ་བར་བརྩོན། །གསུམ་ཚེ་མཆོད་ཡོན་ཐོགས་ནས་སུ། །མེ་ཏོག་སྙིམ་པར་གནས་བྱས་ལ། །དེ་ནས་བགེགས་ལ་མཆོད་པར་བྱ། །འབྱུང་པོ་ཀུན་ཕན་གཏོར་བྱིན་ནས། །འདི་སྐད་ཀྱི་ནི་ཚིག་བརྗོད་དེ། །བདག་གི་དེ་རིང་སོགས་མདོས་གཞུང་ལྟར་ལ། མི་མཆོག་རྣམས་ཀྱང་མཁྱེན་པར་གསོལ། །བགེགས་ལ་ཆད་པས་གཅད་སླད་དུ། །སྦྱོར་བ་བགྱིས་ཀྱང་ནོངས་མ་མཆིས། །སངས་རྒྱས་རྣམས་དང་སངས་རྒྱས་སྲས། །བྱང་ཆུབ་སེམས་དཔའ་པ་རྣམས་ཀྱེ། །བཀའ་དང་བདག་འགལ་མི་བགྱིད་དོ། །ལྷ་དང་ལྷ་མིན་གསང་རྣམས་དང་། །ཕྱོགས་བཅུ་ཀུན་གྱི་དྲི་ཟ་དང་། །གཟའ་དང་མིའམ་ཅི་གང་དག །མདོ་ལྟར་རམ་སླར་ལྟ། མགོན་པོ་མགོན་པོ་ཆེ་


MR07_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། །བགེགས་ཀྱིས་གཙེས་པ་བསྒྲགས་པར་བྱ། །གལ་ཏེ་ཅུང་ཞིག་སྐྱབས་ཞེ་ན། །མྱུར་དུ་ཡོངས་སུ་སྐྱོབས་ཤིག་ཅེས། །བསྒྲགས་ལ་ཞེས་སོགས་གསུངས་ཏེ། ཞི་བའི་ངག་དེ་ལ་བགེགས་ཉན་ཅིང་ཞི་བས་ལྷ་རྣམས་མཆོད། དེར་མི་ཉན་ན་བགེགས་ལ་ཆད་པས་བཅད་པར་བྱ་སྟེ། དེ་ཡང་ཕ་རོལ་དམྱལ་བར་ཡུན་རིང་སྡུག་བསྔལ་བར་འགྱུར་བ་དེ་ལ་ཐབས་མཁས་པ་དང་སྙིང་རྗེས་ཕན་པའི་སླད་དུ་བསྒྲལ་བའི་ལས་བརྩམ་པར་གསུངས་པ་ལྟར། རང་ལ་གནོད་པའི་ཀླུ་ལྟ་བུ་ལ་མཆོད་མདོས་གླུད་ལན་གསུམ་བཏང་། དེ་བཞིན་རྒྱལ་པོ་དམ་སྲི་འགོང་པོ་སྒབ་འདྲེ་སོགས་གང་གནོད་པ་ལ་ཡང་འདྲ་སྟེ། མི་དག་སྔོན་གྱི་ལན་ཆགས་སོགས་ཀྱིས་འབྲེལ་ཆེན་དང་། རང་གི་ཕོག་ཐུག་སོགས་ཀྱིས་ཉེས་པས་བྱུང་ན་དང་པོ་ནས་དྲག་ལས་བརྩམས་ཀྱང་མཐར་ཕན་དཀའ་བས་དང་པོ་ཞི་བཅོས་བྱས་ན་ཚབས་ཆུང་ངུ་དེས་ཞི་ཞིང་སླར་མི་ལྡོག་པས། དང་པོ་མདོས་གཞུང་བཞིན། མི་མཆོག་རྣམས་ཀྱང་མཁྱེན་པར་གསོལ། །བར་བྱས་ལ་མདོས་བཏང་། དེས་མ་ཞི་ན་ལན་གཉིས་པར་མདོས་བསྔོས་ལ་མཁྱེན་པར་གསོལ་གྱི་རྗེས་སུ། ཀྱེ། གནོད་པར་བྱེད་པའི་བགེགས་ཁྱོད་ཉོན། །སྔོན་གྱི་ལན་ཆགས་ཡོད་ན་ཡང་། །ད་ནི་གླུད་འདིས་བྱང་བར་གྱིས། །ཤ་མཁོན་གནོད་སེམས་ཡོད་ན་ཡང་། ད་ནི་གླུད་


MR07_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འདིས༴ ཕྲལ་གྱི་རྐྱེན་བགེགས་བྱེད་ན་ཡང་། །ད་ནི་གླུད༴ ཕན་ཚུན་གནོད་པའི་བསམ་སྦྱོར་ལས། །སྐྱེ་བ་དུ་མར་སྡུག་བསྔལ་འགྱུར། །དེ་བས་ད་ནི་ཕན་ཚུན་དུ། །ཞི་ཞིང་བྱམས་པའི་སེམས་ཀྱིས་ནི། །སླན་ཆད་གནོད་པའི་བསམ་པ་དོར། །སོ་སོ་རང་གི་གནས་སུ་སོང་། །འཁོར་འདིར་མ་གནོད་མ་འཁྲི་ཞིག །གནོད་པའི་རྒྱུ་འབྲས་ཞི་བའི་ཕྱིར། །ཆོས་ཉོན་རྒྱལ་བའི་བཀའ་མ་འདའ། །ཁྱོད་ཀྱི་རྒུད་པ་ཞི་པའི་ཕྱིར། །བདག་གིས་རྒྱལ་དང་རྒྱལ་བའི་སྲས། །དཔང་གསོལ་གཟུངས་སྔགས་ཟབ་མོ་བཟླ། །ཁྱོད་ཀྱི་ལས་སྒྲིབ་བྱང་གྱུར་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །ཅེས་བརྗོད་ལ་སྙིང་ཐག་པ་ནས་བགེགས་དེ་ལ་ཁྲོ་བ་སྤངས་ཏེ་འདི་ཉོན་མོངས་པའི་གཞན་དབང་དུ་སོང་བས་ལན་པ་མེད་དེ་རང་གིས་ཀྱང་མི་ཤེས་པའི་དབང་གིས་ཉེས་པ་ཏིལ་ཙམ་མེད་པར་དུད་འགྲོ་ཕྲ་མོ་སོགས་ལ་སྲོག་ལ་འཚེ་བའི་ལས་བྱས་ཏེ་སྡུག་བསྔལ་བར་བྱས་པ་ཡོད་ན། འདིས་སྔོན་ལས་ཀྱི་རྒྱུ་རྐྱེན་ལ་བརྟེན་ཏེ་བདག་ལ་གནོད་ཀྱང་། འདི་ཚེ་སྔོན་མའི་ཕ་མ་ཉེ་འབྲེལ་ཡིན། ད་ཡང་ལས་ཉོན་སྡུག་བསྔལ་དྲག་པོས་བགེགས་སུ་སྐྱེས་ཏེ་འཚེ་བ་བརྩམས་པས་སླར་ཡང་སྡུག་བསྔལ་བརྒྱུད་མ་ལ་འཇུག་པས་སྙིང་རེ་རྗེ། འདིས་སེམས་ཅན་ཐམས་ཅད་


MR07_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཚེ་བའི་བསམ་སྦྱོར་ད་ནས་རྒྱུན་ཆད་དེ་རྒྱལ་བའི་སྲས་འགྱུར་བར་བདག་གིས་ཅིས་ཀྱང་བྱའོ་སྙམ་དུ་དམིགས་ནས། ཀཾ་ཀ་ནི་སོགས་གཟུངས་སྔགས་ཁྱད་པར་ཅན་གང་འདོད་ཡིད་ཆེས་པའི་བར་དུ་འབད། མཐར་རྣམ་མཁྱེན་གྱི་གོ་འཕང་འཐོབ་པའི་སྨོན་ལམ་ནན་ཏན་བཏབ། གཞན་ཡང་མཆོག་སྦྱིན་སོགས་རྒྱབ་དཔུང་དགེ་རྩ་གང་འགྲུབ་བྱས་ལ་གདོན་དེས་ཐོག་དྲང་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུ་ལས་ཉོན་དང་འབྲས་བུ་སྡུག་བསྔལ་གྱི་རྒྱུན་ཆད་དེ་སངས་རྒྱས་ཐོབ་པའི་ཆེད་དུ་བསྔོས་ན། དེས་ཇི་ལྟར་ཡང་རྒྱུ་འབྲས་བསླུ་མེད་ཀྱི་དབང་གིས་གདོན་དེའི་གནོད་པའི་བསམ་སྦྱོར་མཐར་གྱིས་མེད་པར་འགྱུར་རོ། །དེས་ཀྱང་མི་གཏོང་བའི་གདོན་མི་སྲུན་པ་གནོད་ཚབས་ཆེ་ཞིང་ཡུན་རིང་བ་ལ། མདོས་གསུམ་པ་བསྔོས་ཏེ། མཁྱེན་གསོལ་རྗེས་སུ། མཆོད་ཡོན་ཐོགས། མེ་ཏོག་སྙིམ་པར་བཟུང་ལ། ད་ནི་བདག་གིས་མ་ལན་ཏེ། དཀོན་མཆོག་གསུམ་གྱིས་དཔང་པོ་མཛོད། ཡང་ནས་ཡང་དུ་འཚེ་བྱེད་ན། །བགེགས་ལ་ཆད་པས་བཅད་སླད་དུ། །སྦྱོར་བ་བགྱིས་ཀྱང་ནོངས་མ་མཆིས། །སངས་རྒྱས་རྣམས་དང་སངས་རྒྱས་སྲས། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །བཀའ་དང་བདག་འགལ་མི་བགྱིད་དོ། །ལྷ་དང་ལྷ་མིན་གསང་རྣམས་དང་། །


MR07_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུ་ཀུན་གྱི་དྲི་ཟ་དང་། །གཟའ་དང་མིའམ་ཅི་ལ་སོགས། །གང་དག་འཇིག་རྟེན་སྐྱོང་བའི་ཚོགས། །མགོན་པོ་ཡོན་ཏན་ཆེ་རྣམས་ལ། །གུས་པའི་ཡིད་ཀྱིས་གསོལ་བ་ནི། །བདག་ལ་གནོད་བྱེད་གདོན་བགེགས་འདིས། །ཡུན་རིང་གནོད་པ་སྣ་ཚོགས་བྱས། །བདག་གིས་ཞི་བའི་སེམས་ཀྱིས་སུ། །མཆོད་དང་ཕན་པ་ལེགས་བྱས་ཀྱང་། །གདུག་པའི་སེམས་ནི་མི་འདོར་ཞིང་། །གནོད་པའི་སྦྱོར་བ་མི་གཏོང་བ། །འདི་ལ་ཁྱེད་རྣམས་དཔང་མཛོད་ལ། །གལ་ཏེ་ཅུང་ཞིག་སྐྱབས་ཞེ་ན། །མྱུར་དུ་ཡོངས་སུ་སྐྱོབ་པར་མཛོད། །བདེན་པའི་བཀའ་ལ་མི་ཉན་ཞིང་། །རྒྱུ་འབྲས་ཚུལ་ལ་མི་སེམས་པའི། །མི་སྲུན་བགེགས་ཀྱིས་ད་དུང་ཡང་། །བདག་ཅག་གཏོང་བར་མི་བྱེད་ན། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། །འཇིག་རྟེན་སྐྱོང་བ་མཐུ་བོ་ཆེ། །མངོན་ཤེས་དྲང་མཁན་གྱུར་པ་རྣམས། །བདག་གིས་མ་ནོངས་དཔང་བྱས་ཏེ། །བདག་གིས་བགེགས་འདིར་ཆད་པའི་ལས། །སྣ་ཚོགས་རྣམ་པར་སྦྱར་བར་བྱ། །སྲོག་ལ་འཁོར་ལོ་བསྐོར་བ་


MR07_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྔགས་ཀྱི་མེ་ཡིས་བསྲེག་པ་དང་། །དུག་གསུམ་ཁུང་བུར་མནན་པ་སོགས། །སྡུག་བསྔལ་སྣ་ཚོགས་མྱོང་བར་བྱ། །ཡུན་དུ་ཡུན་རིང་མནར་བ་ཡིས། །མི་བཟད་པར་ནི་མནར་བྱས་ནས། །ཐལ་བའི་རྡུལ་དུ་བརླག་ཏ་རེ། །དེ་བས་མྱུར་དུ་གནོད་སྦྱོར་ཁྲོལ། །ཕྱིན་ཆད་མི་བྱེད་དམ་ཆོས་ཤིག །དེ་ལྟར་མ་གྱུར་བདག་ཉིད་ལ། །ནོངས་པ་མེད་དོ་རྒྱལ་བས་གཟིགས། །གལ་ཏེ་ཁྱོད་ནི་མ་གནོད་ན། །ཆད་པས་བཅད་ཅིང་ཁྱོད་མི་སྡིགས། །གནོད་པའི་སྦྱོར་བ་མ་བཏང་ན། །ཆད་པའི་ལས་ཀྱིས་ཅིས་མི་སྡིགས། །རྒྱལ་བའི་བཀའ་དང་རྒྱུ་འབྲས་ལུང་། །གསང་སྔགས་ནུས་པ་མི་བསླུ་བས། །གང་དུ་བདག་ལ་གནོད་བྱེད་རྣམས། །ལྷག་མ་མེད་པར་བརླག་གྱུར་ཅིག །ཅེས་བྱས་ལ་དེའི་དོན་བཞིན་རྒྱུ་འབྲས་བསླུ་མེད་བསམས་ལ། ཞག་བདུན་རྟེན་སྙིང་བཟླས་པས་གདོན་ཁྲོལ་ཞིང་གནོད་པ་དངོས་སུ་ཞི་བའམ། རྨི་ལམ་དུ་ཞི་རྟགས་འབྱུང་ཞིང་ཞི་བར་གྱུར་ན་དེར་ཟད། ད་དུང་མི་ཞི་བར་གནོད་པ་ཕྲ་མོ་ཡོད་ན་ཡི་དམ་ཁྲོ་བོ་གང་རུང་ངམ། ཀླུ་ལ་ནཱ་ག་རཀྴས་གཟིར་ཞིང་ཕུར་བུས་གདབ་རྡོ་རྗེ་སྡེར་མོའི་སྔགས་སོགས་ཀྱིས་གཟིར་ཞིང་རྟགས་རྫོགས་


MR07_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དྲག་པོའི་སྦྱིན་སྲེག་བྱ། ཐལ་བ་མནན་རྒྱལ་འགོང་དམ་སྲི་ལ་ལོཀྟྲི་དང་རྟ་མགྲིན་སོགས། རང་རང་གི་གཉེན་པོར་བསྔགས་པའི་ལྷ་ཡི་སྔགས་ཀྱིས་བསད་པ་དང་སྲེག་པ་མནན་པའི་བཟླས་དམིགས་དང་རྒྱལ་འདུལ་སོགས་བཟླ་བའི་སྒོ་ནས་སྲེག་མནན་དྲག་པོས་ཚར་བཅད་པར་བྱ་སྟེ། ཤིན་ཏུ་གཏུག་ཅིང་གཏུམ་པ་ལ། །ཞི་བས་ཕན་ཡོན་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་རྣལ་འབྱོར་པས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་པ་ལྟར་གདོན་མི་སྲུན་པ་དུག་ལྔ་ཤས་ཆེ་བ་དག །ཞི་བས་མི་ཐུལ་ཞིང་དྲག་པོ་ཉིད་ཀྱི་གདུལ་བྱ་ཡིན་པའི་ཕྱིར། སྙིང་རྗེ་དང་ཐབས་ཀྱི་རྒྱུ་ལས་ངོ་བོ་ཡེ་ཤེས་ཁྲོས་པའི་མཚོན་ཆས་ལས་ངན་རྒྱུན་བཅད་པར་བྱས་ན་རང་གཞན་གཉིས་ཀ་ཡང་འཕྲལ་ཕུག་བདེ་བར་འགྱུར་རོ། །འདི་ནི་གནད་ཆེ་བའི་གདམས་པ་སྟེ་རྒྱུད་ལུང་མན་ངག་གི་དགོངས་པ་བཞིན་རབ་ཚེས་ས་ཁྱི་རྒྱལ་ཟླའི་ཚེས་གཉིས་ལ་མོ་ཧོར་དགོན་དུ་མི་ཕམ་པས་བཀོད་པ་མཆོག་ཏུ་གྲུབ་པར་གྱུར་ཅིག །མངྒ་ལཾ།། ༈ །།མདོས་ཀྱི་ལས་ཁ་ཚར་ཞལ་ཤེས་འགའ་ཞིག་ལ། །མདོས་གཏོང་དུས་རང་ཡི་དམ་ལྷར་གསལ་བ་སྔོན་དུ་བཏང་ནས་རྫས་བརླབ། མགྲོན་སྤྱན་དྲངས་མཆོད་བསྔོས་ཚིམ་པར་བྱས་ལ་སྐབས་སུ་གང་འདོད་པའི་ནད་སོགས་ཞི་བ། ནོར་སོགས་རྒྱས་པ་སོགས་ལས་བཞི་གང་གི་དོན་དུ་ཡིན་པ་དེའི་ལས་བཅོལ་བསྒོ་བྱས་


MR07_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སླར་བཏང་། མཆོད་བྱ་མཆོད་བྱེད་མཆོད་རྫས་ཀྱིས་མཚོན་པའི་ཆོས་ཐམས་ཅད་བདེ་ཆེན་བྱང་ཆུབ་སེམས་སུ་ཡེ་ནས་མཉམ་པའི་དོན་ལ་ལྟ་བས་རྒྱས་བཏབ་ན་ཅི་ཡང་འགྲུབ་བོ། ༈ །མདོས་གང་ལའང་། སྤྱིར་ལུག་གཙང་མ་བྱིན་རླབས་བྱ། མི་དེ་ཡི་ཞ་གོས་ལྷམ་གསུམ་བཀོན། མཚལ་གྱིས་ཐིགས་བཏབ། གསེར་གཡུ་སོགས་ཀྱིས་བརྒྱན་ལ་དེའི་སྨྲེང་རྒྱས་པའམ། བསྡུ་ན་གཞུང་འཕྱོང་ལ། ཙ་ར་འདི་ཡི་མདངས་ཀྱིས་བསྐང་། ཞེས་སྦྱར་བས་གྲུབ་སྟེ་ཆོད་ཆེའོ། །མཆོད་མདོས་ཀྱི་ཁ་བསྒྱུར་ལ། འདི་ལྟར་བསྐང་བསྐང་གསོ་གསོ་ནས། །བདག་ཅག་མི་ཤེས་དབང་གྱུར་པས། །ཐུགས་དང་འགལ་བའི་ནོངས་པ་ཀུན། །མཐོལ་ལོ་བཤགས་སོ་ཚངས་པར་སྩོལ། །ཆོ་ག་ལྷག་ཆད་རྫོགས་གྱུར་ཅིག །དམ་ཚིག་ཉམས་ཆག་དག་གྱུར་ཅིག །མཁོན་འགྲས་འཁྲུགས་པ་སོར་ཆུད་ནས། །དངོས་གྲུབ་ཐོགས་པ་མེད་པར་སྩོལ། །ཞི་རྒྱས་དབང་དྲག་ལས་རྣམས་སྒྲུབས། །ལྷ་མཆོག་ཁྱེད་དང་དབྱེར་མེད་པར། །མྱུར་དུ་ཡེ་ཤེས་མཆོག་ཐོབ་ཤོག །ཅེས་སྤྱིར་སྦྱར། བྱེ་བྲག་ཞི་སོགས་ལས་གང་གི་དོན་དུ་ཡིན་པའི་འདོད་གསོལ་སྦྱར་བར་བྱའོ། །ལྷ་རྣམས་ཀྱི་ཐུགས་དམ་བསྐངས་ནས་དངོས་གྲུབ་ཐོབ་པའི་ཆེད་དུ་མཐུན་རྫས་རྣམས་བསགས་ཏེ་མདོས་བྱ་བ་ནི་ཐབས་ཁྱད་པར་ཅན་ཏེ།


MR07_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཉམས་ཆག་བསྐང་བ་དང་། ཚོགས་རྫོགས་པ་དང་། བར་ཆད་ཞི་བ་དང་། ལས་འགྲུབ་པའི་ཐབས་ཁྱད་པར་ཅན་ཡིན་ནོ།། ༈ །།བཻ་དཀར་ལས། གནམ་གཏོ་གནམ་ཁྱི་བཅོས་པ་སྟེ། ཤིང་རྩེར་སེ་བ་དར་སྣ་རྩང་བཞི་རྒྱང་བུ་དཀར་ནག་བརྒྱད་སོགས་རྫས་འགའ་འབྱུང་། སྨྲེང་ཟུར་ཙམ་ཡོད། དེ་ཀུན་སྤོམ་གཏར་ཚང་། བར་གཏོ་འབྲུག་ལྷ་བཅོས་པ་ཡིན། བར་གཏའ་དེ་ལ། ཐེ་གྲུམ་སོགས་ཟླ་བའི་ས་བདག་ཐམས་ཅད་ལ། གསེར་སྐྱེམས་ཆུ་གཏོར་རྒྱས་པར་འབུལ། བར་ན་གནས་པ་རྣམས་ཐུབ་པར་གྱིས་ཤིག །ང་ཡིས་སོགས་བརྗོད། ས་གཏོའམ་ས་གཏའ་ནི་དུར་ཕག་བཅོས་པ་སྟེ། རིན་ཆེན་བརྡར་བའི་རྫ་བུམ་ཡུལ་དེའི་བྲེ་ཤོང་ལྔ་སོ་གཏང་ནང་། དྲི་ལྔ་འབྲུ་ལྔ་སྨན་ལྔ་སྙིང་པོ་ལྔ་རིན་ཆེན་ལྔ་དང་། མཛེ་ཅན་མིན་པའི་མི་རུས་མཐེ་བོང་ཙམ་པ་ཁྱོར་བ་གང་དུ་བླུགས། ཀླུ་སྨན་དཀར་གསུམ་མངར་གསུམ། བཀྲ་ཤིས་པའི་ས་སྣ་མང་པོ། །དར་ཟབ་ཁ་དོག་སྣ་ཚོགས། རིང་བསྲེལ་དང་གདུང་རུས་ཁྱད་པར་ཅན་དང་། གྲོ་ནས་འབྲས་ཀྱིས་བཀང་། སྔགས་པ་ཡིན་ན་སྒྲུབ་གཏོར་གྱི་ཕུད་ཀྱང་བུམ་ནང་བཞག་གོ །མདུན་དུ་མཆོད་པ་རྒྱ་ཆེར་བཤམ། སྐྱབས་སེམས་བདག་བསྐྱེད་བྱ། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་། གནམ་འཁོར་ལོ་རྩིབས་བརྒྱད། ས་པདྨ་འདབ་བརྒྱད། མཚན་རྫོགས་ཕྱི་ནང་གསལ་བའི་དབུས་སུ། ཨོཾ་དབུས་


MR07_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཤར། ཏྲྃ་ལྷོ། ཧྲཱིཿ་ནུབ། ཨཱཿབྱང་། ལས་རིགས་ལྔར་བསྐྱེད་ལ། དེར་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་རྒྱལ་བ་རིགས་ལྔའི་བཀྲ་ཤིས་བདེ་ལེགས་ཀྱི་རྣམ་པར་དེར་བྱོན། གཞན་ཡང་འཇིག་རྟེན་འདས་དང་མ་འདས་པའི་བཀྲ་ཤིས་བདེ་ལེགས་ཐམས་ཅད་དེར་འདུས་པར་བསམ། མཆོད་བསྟོད་བྱས་ལ། རིགས་ལྔ་འོད་ཞུ་དེ་དག་གི་བཀྲ་ཤིས་བདེ་ལེགས་ཐམས་ཅད་རིན་པོ་ཆེའི་རྣམ་པར་བཞུགས་པར་བསམས་ལ་ཡེ་དྷརྨས་མེ་ཏོག་འཐོར། རིན་པོ་ཆེའི་གཏེར་དུ་བྱིན་གྱིས་བརླབ། འབྲས་ཅན་ཤིང་གིས་ཁ་བརྒྱན། མགུལ་ཆིང་ཁ་དོག་ལྔ་བྱ། གཏོ་མཁན་ཡོན་བདག་བཅས་གོས་གསར་པ་གྱོན། ལག་གཡོན་བུམ་པ་ཐོགས། གཡས་མེ་ཏོག་འཐོར་ཞིང་སྦ། གང་སྦ་སར་གཡའ་སྒྲོམ་བྱས་པའི་ནང་འབྲུ་སྣས་བཀང་། དྲི་བཟང་ཆུས་གཏོར་སྤོས་དཀར་བདུག །བུམ་པ་འཇུག་དུས་འདི་སྐད་བརྗོད། སྐྱོབ་པ་སངས་རྒྱས་བཅོམ་ལྡན་འདས། །ས་ཡི་ལྷ་མོའི་མཁའ་ཕྱེ་ཞིག །ས་ཡི་ལྷ་མོའི་མཁའ་དབྱིངས་སུ། །སྒྲུབ་པ་ལས་ཀྱི་གཏེར་སྦེད་དོ། །བཛྲ་ཧེ་རུ་ཀ་ཡི་གཏེར་སྦེད་དོ། །རྡོ་རྗེ་རིགས་ཀྱི་གཏེར་སྦེད་དོ། །རིན་ཆེན་བུམ་པའི་གཏེར་སྦེད་དོ། །ཁ་འདུག་སྙིང་པོ་ལྔ་ཡི་གཏེར༴ དར་སྣ་ལྔ་ཡི་གཏེར༴ སྨན་སྣ་ལྔ་ཡི༴ འབྲུ་སྣ་ལྔ་


MR07_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཡི༴ རིན་ཆེན་ལྔ་ཡི་གཏེར་སྦེད་དོ། །དམ་རྫས་གཏོར་མའི་གཏེར་སྦེད་དོ། །ཡིད་བཞིན་གཏེར་ཆེན་འདི་སྦས་པས། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །གཏེར་ཆེན་ཁྱེད་ཀྱི་བྱིན་རླབས་ཀྱིས། །འདོད་ཡོན་ལྔ་ལ་ལོངས་སྤྱོད་ཤོག །སྙིང་པོ་ལྔ་ཡི་གཏེར་སྦས་པས། །སྐུ་ལྔ་ལྷུན་གྱིས་གྲུབ་པར་ཤོག །དར་སྣ་ལྔ་ཡི་གཏེར་སྦས་པས། །ཡེ་ཤེས་ལྔ་དང་ལྡན་པར་ཤོག །སྨན་སྣ་ལྔ་ཡི༴ ནད་ཀྱི་བསྐལ་པ་ཞི་བར་ཤོག །འབྲུ་སྣ་ལྔ་ཡི༴ མུ་གེའི་བསྐལ་པ་ཞི་བར་ཤོག །རིན་ཆེན་སྣ་ལྔའི༴ མཚོན་གྱི་བསྐལ་པ་ཞི་བར་ཤོག །དམ་རྫས་གཏོར་མའི༴ མི་ཟད་གཏེར་ལ་ལོངས་སྤྱོད་ཤོག །ཅེས་བརྗོད་ནས་རྡོ་རྗེ་རིགས་ཀྱི་བུམ་པ་མཐིང་ཀ་ཤར་དུ་སྦ། དོང་ཁ་ཤར་གྱི་ཕྱག་ཚན་རྡོ་རྗེས་བཅད། བཛྲ་ཨཱཿཡུ་སིདྡྷི་བྷྲཱུཾ། ཧོཿ དྷི་ནོར་བུའི་གཏེར་སྦས་པས། །ཡོན་མཆོད་འཁོར་དང་བཅས་པ་རྣམས། །ཡེ་ཤེས་ཐུགས་ཀྱི་དངོས་གྲུབ་ཐོབ། །ཚེ་དབང་ཕུན་སུམ་ཚོགས་པ་ཡི། །བསོད་ནམས་ཡོན་ཏན་ཀུན་ལྡན་ཤོག ཅེས་བརྗོད། མི་འཁྲུགས་རྒྱལ་པོ་སྲིད་དང་སོགས་མི་བསྐྱོད་པའི་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་དོ། །དེ་བཞིན་བུམ་པ་སེར་པོ་ལྷོ། དམར་པོ་ནུབ། ལྗང་ཀུ་བྱང་། དབུས་སུ་དཀར་པོ་སྦ་ཚེ། རིགས་སོ་སོའི་


MR07_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བསྒྱུར་དང་། སྒྲུབ་པ་ཡོན་ཏན་གཏེར་དང་། རཏྟ་ཧེ་རུ་ཀ་དང་། རིན་ཆེན་རིགས་ཀྱི་གཏེར་སྦེད་དོ། །ཞེས་དང་། སྔགས་རཏྣ་ཨཱཿཡུ་སིདྡྷི་བྷྲཱུྃ་ཞེས་སོགས། གསུང་གི་གཏེར་སོགས་སོ་སོར་ཁ་བསྒྱུར་དང་། དོང་ཁ་རིན་ཆེན་པདྨ་རྒྱ་གྲམ་འཁོར་ལོས་བཅད་པ་དང་། རིགས་ལྔ་སོ་སོའི་བཀྲ་ཤིས་བརྗོད་པར་བྱ། དབུས་སུ་སྒྲུབ་པ་ཐམས་ཅད་གཏེར། བུདྷ་ཧེ་རུ་ཀཿ རིགས་ཀུན་ཁྱབ་བདག་བྱས་འདུག །དེས་གནས་བཀྲ་ཤིས་ཤིང་བརྟན་ལ་ནོར་རྫས་འཕེལ་བསམ་པ་འགྲུབ་ས་བདག་གནོད་པ་ཞི་གསུངས། ༈ །།ཡང་ས་གཏའ་ལུགས་གཅིག་བུམ་པར་ཁམ་གླུད་དང་ཤོག་བུ་ལ་འཁོར་ལོ་རྩིབས་བརྒྱད། པདྨ་འདབ་བརྒྱད། ཉི་ཟླ་བྲིས་པ་དང་། སྒོ་ངའི་ནང་དུ་འབྲུ་སྣ་སྨན་དང་རིན་ཆེན་སྙིང་པོ་ལྔ་བླུགས། ཕྱི་ལ་སྦྲུལ་གཟུགས་བྲིས་རྣམས་བཅུག །རས་དཀར་པོས་ཁ་བཅད། རིན་པོ་ཆེའི་གཏེར་དུ་བྱིན་གྱིས་བརླབས་ནས། དབུས་དང་ཕྱོགས་བཞིར་སྦ། དེའི་ཕྱི་རོལ་ས་བདག་བཅོ་ལྔ་དང་ཁ་དོག་མཐུན་པའི་ནམ་མཁའ་དང་རྒྱང་བུ་རང་ཕྱོགས་བཙུགས། གཅིག་རྩེ་མོར་བཙུགས་ལ། ཁམ་གླུད་རིན་ཆེན་གཏེར་ལྡན་འདི། །ས་དབུས་འདི་རུ་བཞུགས་པ་ཡིས། །ས་བདག་ས་རིན་འདི་ཁྱེར་ལ། །སྦྱིན་བདག་རིན་ཆེན་གཏེར་ལྡན་ཤོག །ཐམས་ཅད་ཤི་ན་ཁྱོད་ཤི་ཞིག །བརླག་ན་ཁྱོད་བརླག་པས་ངན་ཁས་ལོངས། །དུག་མཆུས་འཐུང་། ཞེས་བརྗོད། གཏོ་སྔགས་འདི་བརྗོད།


MR07_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཐེ་སེ་ནེ་སེ་བྷྱོ་བ་ཐོབ། དུནྟི་ཤག་པྲ་ཚེ་ལ་བྷྱོ། ཙི་ཏ་མར་མར་ཤག །སྲ་ཀ་ར་ཀ་ར་ཤག །སུ་བྱིན་སུ་བྱིན་ཤག །བྱ་བྱ་ཚ་ཡ་གིན་ཤག །ཁན་ལང་ནན་སྭཱ་ཧཱ། དུ་དུ་ཤག །ཨོཾ་ཡཾ་ཡཾ་རཾ་རཾ་སྭཱ་ཧཱ། ཨོཾ་མ་མ་སུ་སུ་ཏང་ཏང་ཡེ་སྭཱ་ཧཱ། ཨོཾ་མ་མ་ཀ་ར་ཀ་ར་ཡེ་སྭཱ་ཧཱ། ཨོཾ་མ་མ་ཁ་ས་ར་ཡ་སྭཱ་ཧཱ། ཨོཾ་ཀརྨ་པོ་ཏ་ཡེ་སྭཱ་ཧཱ། ཞེས་བརྗོད་ཁང་འགྲམ་བར་དུས་དེར་སྦ། འགྲམ་པ་ཏིང་པའི་ས་གཞི་དྲ་དུས། རྩིས་པས་ཟོར་བ། གཙོད་རྭ་སྐྱེར་པ་ཐོགས། ཕྱི་ན་རུས་སྦལ་ཁྲིད་ལ་དྲ་སོགས་བཤད། ༈ །གནམ་ས་བར་གཏའ་མ་གྲུབ་ན་ཚ་ཚ་ལྔར་འབྱུང་བའི་སྔགས་བྲིས་བཅུག་བྲི་རྒྱུའི་སྔགས་ནི། ཨོཾ་མ་མ་ཀ་ར་ཀ་ར་ཡེ་སྭཱ་ཧཱ། ཤར་ཕྱོགས་འབྱུང་བ་ཤིང་གི་དགྲ་ཆོད་ཅིག་རཀྵཿ ཞེས་བརྗོད། ལྗང་ཀུར་སྔོ་ཏ། མཚམས་བཞི་འབྱུང་བ་ས་ཡི་དགྲ་སོགས་དབུས་བཞག །དེ་བཞིན་ནག་པོ་ལྷོ། དམར་པོ་ནུབ། སེར་པོ་བྱང་དུ་བཞག་པས་ཨུར་གནོན་འདིས་ཆོག་གོ །།བཻ་ཌཱུར། ཕྱི་དུམ། ས་དཔྱད། ༡༩༨ ས་བཅག་སོགས། མཁའ་ལས་ཆོ་ག་རྒྱས་པ་དེ་བཞིན་ཁང་དུར་བྱས་ན་ལེགས་ངེས་དགེ། ༈ ཕྱུགས་ཀྱི་ཤི་སྒབས་བཅད་པའི་གཏོ་དང་གོད་མནན་ཁྱད་པར་ཅན་ནི། ཐོག་མར་ལན་ཆགས་སྦྱང་ཕྱིར་གོད་ཤ་རུས་པ། སྤུ་རྨིག་པ་སོགས་དང་ཆད་སྐྲད་བཅས་གླུད་བསྔོ་རྒྱས་པར་བྱ། བདེན་པ་བརྡར།


MR07_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཕྱུགས་ཤི་བ་རྟིང་མ་དེའི་མགོ་བོའི་རུས་པའི་ཤ་བརྡར་ཡག་བྱས་ལ། དཔྲལ་བར་རྡོ་རྗེ་རྒྱ་གྲམ། ལྟག་པར་ཁྲམ་རྒྱ་གྲམ་ཡིན་འདུག་གཡུང་དྲུང་རྒྱ་གྲམ། སྣ་གོང་ཁྲམ་རིས་བྲིས་པ་བོན་ཆོས་གཏོ་གསུམ་གྱི་ཕྱག་རྒྱས་བཏབ་པ་ཞེས་བྱའོ། །འགྲམ་གཡས་གོད་སྲི་ཁ་ཐཾ་གཡོན་པར་གོད་སྲི་ཆོད་ཅེས་བྲིས། ཁ་ཡི་ཐ་མར། ཨོཾ་མ་ཏྲི་དུ་ཏྲི་དུ་གོད་སྲི་ཆོད་ཅིག །ཅེས་ཚག་མེད་བྲིས། ཐོད་པའི་ནང་དུ་གཞུག་རྒྱུ་གོད་འདྲེའི་ལིང་ག་སྙིང་གར་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར། ཏྲི་ཐ་ཡ་ཛཿ ཞེས་པའི་མཐར། ཡིག་མགོ་ཕྱིར་བསྟན་གཡས་སྐོར་དུ། གོད་འདྲེ་གོད་སྲི་ཐམས་ཅད་མཱ་ར་ཡ་སྟྭམྦྷ་ཡ་ནན། ཞེས་བྲིས། རྩིབས་བརྒྱད་ལ། མཱ་ར་ཡ་སྟྭམྦྷ་ཡ་ནན། ཞེས་པའི་ཡི་གེ་བདུན་བྲིས། རྩིབས་མཆན་ལ་གོད་འདྲེ་ནན་ཞེས་བྲིས། མུ་ཁྱུད་ལ་མེ་སྤུར་སོགས་བྲི། ཡིག་མགོ་ཐམས་ཅད་ཕྱི་བསྟན་བྱ། ཕྱུགས་ཤི་བ་རྟིང་མའི་སྙིང་ཡོད་ན་ནང་དུ་གཏུམས་ལ་སྡེབ། དེའི་རྒྱབ་དུ་ཤོག་གུ་ལ། ཨོཾ་རི་ཕུ་མུ་ལ་ཕུ་རྩེར་རྩེར་ནན། གོ་ཁ་ཆོད། ཕྱུགས་ཀྱི་གོད་ཁ་སྒྱུར་གོད་ཁ་བཟློག །གོད་ཁ་ཐམས་ཅད་བཅད་དོ། །བྲུབ་བོ། །བཙན་ཐབས་སུ་མནན་ནོ། །ནམ་ཡང་མ་འདའ་ཅིག །མ་ལྡང་ཅིག །ཅེས་བྲིས་ནས་ཕྲེད་དུ་དཀྲིས་ལ་ཐོད་པའི་ལྟག་ཁུང་དུ་གཞུག །ཡང་ཕྱུགས་


MR07_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཤི་རྟིང་པ་དེའི་སོག་པ་གཡས་པ་ཤ་མེད་པར་བྱས་ལ། སོག་པའི་རྒྱབ་འཇམ་ལེབ་ངོས་སུ། གོད་འདྲེའི་ལིངྒ་མགོ་སོག་ཡུའི་ཕྱོགས་སུ་བསྟན་པ། སྲོག་ཡིག་ཏྲི་ལ་ཛ་གཉིས་ཀྱིས་གཟིར་བ་དང་། ཡན་ལག་བཞི་ལ་ཛཿཧཱུྃ་བྃ་ཧོཿ ཙམ་གྱི་གནས་ཡིག་ལྡན་པ། རྐང་ལག་ལྕགས་སུ་བཅུག་པ་བྲིས། ལིངྒིའི་མགོ་ནས་གཡོན་སྐོར་དུ་མེ་སྤུར་སྔགས་ཀྱིས་བསྐོར། གོད་ཐོད་དང་། སོག་རུས་ལིངྒ་ཁ་སྦྱར། ཕྱུགས་ཤི་བ་རྟིང་མའི་པགས་པ་ལ། གོད་འདྲེ་གོད་སྲི་ཐམས་ཅད་རུལ། ཞེས་དང་། ཁྲམ་མང་པོ་བཏབ་པས་དྲིལ་ལ། ཡུག་སྐྲའམ་ཚོན་སྐུད་ལྔས་རྒྱ་གྲམ་དུ་བསྡམས་ནས་ཧོཾ་དུ་བཅུག་པ་རྫས་ཀྱི་རིམ་པའོ། །རང་ཡི་དམ་གཤིན་རྗེ་གཤེད་སོགས་གཞུང་བསྲང་། བཟླས་པ་ལ་འབུང་། ཚོགས་བཏོང་གོད་འདྲེ་འགུག་གཞུག་ནན་ཏན་ཀྱིས་གཟུགས་ལ་བསྟིམ། དེ་ནས་སྲོག་སྔགས་འདི་བཟླའོ། །ཨཱོཾ་མེ་སྦུར་རྡོལ། ཆུ་སྦུར་རྡོལ། སུཾ་སྦུར་རྡོལ། ཁྲག་སྦུར་རྡོལ། གོད་འདྲེའི་སྙིང་ལ་རྡོལ་རྡོལ། མཱ་ར་ཡ་ནན་ཧཱུཾ་ཧཱུཾ་ཕཊཿ ཅེས་བཟླས། རྨི་ལམ་དུ་སྐྱེས་དམར་བརྡུང་། རི་བོང་དང་བྱི་ལ་སོགས་ཁ་བཅིང་བ་སོགས་རྟགས་བྱུང་ནས། རེ་ནག་གིས་གྲིལ་སྐུད་པ་ནག་པོས་རྒྱ་གྲམ་དུ་བཅིངས་ལ། ར་བའི་ནང་ངམ། སྲང་མདོའམ། མཆོད་རྟེན་


MR07_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འོག་གམ། ལམ་རྒྱ་གྲམ་དུ་དོང་བྲུས་པར་མནན། རྦབ་རྡོའམ་གཡམ་པར་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད། གསེར་གྱི་རི་རབ་དཔག་ཚད་བྱེ་བས་མནན་པས་སྟེང་དུ། ཁྲོ་རྒྱལ་སྟོབས་པོ་ཆེས་མནན་པར་བསམས་ལ་སྔགས་འདི་བཟླ། ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ། སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ། གོད་འདྲེ་གོད་སྲི་ཐམས་ཅད་སྟྭམྦྷ་ཡ་ལཾ་ནན་ནན་ཧཱུྃ་ཕཊ༔ ཞེས་བཟླ་བཞིན་མེ་ཆུ་ས་རྡོས་བྱིབས། སྟེང་དུ་དམིགས་པ་བཅས་ཏེ་བྲོ་རྡུང་བྱ་ཞིང་བཀྲ་ཤིས་བརྗོད། འདིས་སྔགས་དང་སྒྲུབ་པ་མེད་པར་བཅས་ཆོག་ཙམ་གྱིས་ཀྱང་གོད་སྲི་ཆོད་ངེས་ན་བསྒྲུབས་པས་ལྟ་ཅི་སྨྲོས་ཏེ། དེ་ལྟར་བྱས་པས་ཕྱིས་ཀྱི་གོད་ཁ་ཐམས་ཅད་རྒྱུན་ཆོད་པར་ངེས་སོ། །འདི་ནི་གཙོ་བོར་ནོར་ཕྱུགས་གོད་གཅོད་སྟེ། རྟ་ཕྱུགས་ལ་སོག་པའི་སྙིང་གར་ཏྲི་ལས་གཡོན་སྐོར། །མེ་སྦུར་ཤམ་གོད་འདྲེ་མཱ་ར་ཡ་ཕཊཿ ཅེས་བྲི། ར་ལུག་གོད་གཅོད་ལ། མ་མོའམ་ར་མོའི་སོག་པར། ཏྲི་ཏྲ་སོད། རུ་རུ་སོད། བྲི་ནི་རུ་ཏྲི་སོད་སྭཱ་ཧཱ། སོག་པའི་ལོག་རྩིབ་ལ་བཾ། བཅའ་གཞི་གཞན་གོད་འདྲ་རྩེ་མོ་ལ་རཾ་བྲི། བག་ཟན་ལ་སྤྲེའུའི་གཟུགས་བྱས་ལ། དེ་རྣམས་ལྷན་དུ་མནན་པ་གོང་བཞིན་བྱའོ། །འདི་ནི་གོད་གཅོད་ཀྱི་མན་ངག་བཅས་ཆོག་ཙམ་ཁོ་ན་རྒྱས་བསྡུས་སྣ་


MR07_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཡོད་པ་དང་། གཤིན་རྗེ་གཤེད་ཀྱི་ལས་མཐའ་གོད་གཅོད་ཟབ་མོ་ཞིག་ན། གཤིན་རྗེ་གཤེད་ས་བཅུའི་དབང་ཕྱུག་ཡིན་ཀྱང་། འཁོར་ཤ་ཟ་མང་བས་གོད་འོང་ན་དེ་བཅད་ཐབས་བསྟན་པ་ཞེས་པའི་ཡིག་རྙིང་གཉིས་ཁོག་བསྡེབས་ཏེ་མི་ཕམ་འཇམ་དཔལ་དགྱེས་པས་དགེ་བྱེད་ཆུ་སྟག་ནག་པ་ཟླ་བའི་ཡར་ཚེས་༢ལ་བསམ་གཏན་ཆོས་གླིང་གི་བླ་བྲང་རྩེར་སྦྱར་བ་ཤིན་ཏུ་ཟབ་པས་གཅེས་སྤྲས་སུ་བྱ་བ་འདིས་གཞན་ལ་ཕན་པར་གྱུར་ཅིག །འདི་མང་དུ་མི་སྤེལ་གནད་གཅིག་ཡོད་དོ། །མངྒ་ལཾ།


MR07_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཛི་ཏ་ཤ་སྟྭཾ།


previousལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་སོགས་ཞི་བའི་མདོས་སྐོར་དང་མནན་པ།next