Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
མདོས་ཀྱི་བསྔོ་བའི་འཕྱོངས།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམདོས་ཀྱི་བསྔོ་བའི་འཕྱོངས།next

མདོས་ཀྱི་བསྔོ་བའི་འཕྱོངས།


MR07_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་ཀྱི་བསྔོ་བའི་འཕྱོངས་བཞུགས་སོ། །བྷྱོཿ །རྣལ་འབྱོར་དབང་ཕྱུག་བདག་ཅག་གིས༔ དགའ་རྒུ་བསགས་ནས་མཐུན་རྒུ་བསྡེབས༔ དཀའ་བ་མི་ལ་བཙལ་བའི་མདོས༔ སྲ་བ་བྲག་ལ་བརྐོས་པའི་མདོས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ༔ ཏིང་འཛིན་དག་པས་འདོད་རྒུར་བསྒྱུར༔ མདོས་བཅས་དེ་ནི་བདར་བདར་ནས༔ སྐྱེས་པ་དམག་ལ་ཆས་པ་འདྲ༔ མདོས་བཏགས་དེ་ནི་བརྒྱན་བརྒྱན་ནས༔ ན་ཆུང་བག་མར་ཆས་པ་འདྲ༔ མདོས་བྲི་དེ་ནི་བཀོད་བཀོད་ནས༔ སྟག་གཟིག་ཚང་ནས་ཐོན་པ་འདྲ༔ ཀྱེ༔ དྲེགས་པའི་ལྷ་འདྲེ་སྡེ་དཔོན་བཅས༔ སྲིད་པའི་མདོས་ཆེན་འདི་ལ་གཟིགས༔ འཕན་གདུགས་ནམ་ལྗང་གུང་ལ་ལྟོས༔ ཟ་འོག་གུར་ཁྱིམ་ཕུབ་པ་འདྲ༔ ཤིང་རིས་མང་པོ་བྲིས་ལ་ལྟོས༔ འཇིག་རྟེན་སྲིད་པ་མཁའ་ལ་ཤར༔ མདའ་འཕང་མང་པོའི་ཁྲིས་ལ་ལྟོས༔ མཁའ་ལ་འཇའ་ཚོན་འཁྱིལ་བ་འདྲ༔ རི་རབ་གླིང་བཞི་གླིང་ཕྲན་བཅས༔ མཐུན་པའི་ཡས་དང་རྫས་ཀྱིས་བསྐོར༔ ལྷ་སྲིན་དམ་རྫས་གཉེན་པོ་བསགས༔ འདི་ལྟ་བུ་ཡི་མདོས་ཆེན་འདི༔ བདག་དང་རྒྱུ་འབྱོར་འཁོར་བཅས་ཀྱི༔ ཚེ་དང་སྲོག་གི་གླུད་དུ་འབུལ༔ ཆུང་བ་སྲིད་ཀྱི་སྐྱིན་དུ་འབུལ༔ ཡུལ་དང་


MR07_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་གྱི་དོད་དུ་འབུལ༔ ནོར་དང་རྫས་ཀྱི་སྐྱིན་དུ་འབུལ༔ ནད་གདོན་ཞི་དང་ཚེ་བསོད་རྒྱས༔ སྲིད་གསུམ་དབང་བསྡུས་དགྲ་བགེགས་སྒྲོལ༔ བཅོལ་པའི་ཕྲིན་ལས་འདི་རྣམས་སྒྲུབས༔ དུས་ལ་བབས་སོ་སཱ་མཱ་ཡ༔ ཞེས་དང་སྤྱིར་འབུལ་བ༔ ཀྱེ༔ དྲེགས་པ་ལྷ་ཆེན་ཚུར་གསོན་དང་༔ རྣལ་འབྱོར་དབང་ཕྱུག་བདག་ཅག་གིས༔ འབྱུང་བ་ལྔ་དང་འབྲུ་སྣ་ལྔ༔ རིན་ཆེན་ལྔ་དང་རབ་སྦྱར་ཏེ༔ སྲིད་པ་ལུགས་དང་མཐུན་པ་ལ༔ གླིང་བཞི་གླིང་ཕྲན་རི་རབ་བཅས༔ དྲེགས་པའི་དམ་རྫས་གཉེན་པོ་བསགས༔ འདོད་ཡོན་ལྔ་ཡི་འོད་ཟེར་འཕྲོ༔ ཁྱེད་ཀྱི་ཐུགས་དམ་གཉེན་པོ་བསྐང་༔ ཕོ་གླུད་གཡས་ནས་ཤ་ར་ར༔ མོ་གླུད་གཡོན་ན་གྱི་ལི་ལི༔ ཆུང་གླུད་མདུན་ན་ཁྲབས་སེ་ཁྲབ༔ མཛེས་པའི་རྒྱན་ཆ་མང་པོས་བརྒྱན༔ སྙན་པའི་སྒྲ་སྐད་སི་ལི་ལི༔ འདོད་ཡོན་རྣམ་ལྔ་ཆར་ལྟར་འབེབ༔ ཁྱེད་ཀྱི་ཐུགས་དམ་གཉེན་པོ་བསྐང་༔ རྣལ་འབྱོར་འཁོར་དུ་གཏོགས་པ་ལ༔ གནོད་བྱེད་དམ་ཉམས་དགྲ་བགེགས་ཟློག༔ ཕོ་བདུད་དལ་ཁ་གཡས་སུ་སྒྱུར༔ མོ་བདུད་དལ་ཁ་གཡོན་དུ་སྒྱུར༔ སྤྱི་བདུད་དལ་ཁ་མཁའ་ལ་སྒྱུར༔ ཞི་རྒྱས་དབང་དྲག་ལས་བཞི་སྒྲུབས༔ དུས་ལ་བབ་པོ་ས་མ་ཡ༔ ཞེས་བསྔོ༔ ཁྱད་


MR07_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྐོང་གི་འཕྱོངས་ལ། ངར་གླུད་ནི། ཀྱེ༔ ངར་གླུད་སྨྲ་ཤེས་འགྲོ་མཁས་འདི༔ འབྱུང་བ་ལྔ་དང་རིན་ཆེན་ལྔ༔ འབྲུ་སྣ་ལྔ་ལས་གྲུབ་པ་ཡི༔ མི་བས་གླུད་བཟང་མདངས་དང་ལྡན༔ རྫས་བས་བག་དྲོ་ཐིབས་སེ་ཐིབ༔ རྒྱུ་ནི་རིན་ཆེན་འབྲུ་སྣ་ལྔ༔ རྐྱེན་ནི་སྔགས་དང་ཕྱག་རྒྱས་བསྒྱུར༔ ཏིང་འཛིན་དག་པས་རབ་ཏུ་ཚིམ༔ སྐུ་གསུང་ཐུགས་ལ་མར་མེ་གསུམ༔ དབང་པོ་ལྔ་ལ་འབྲུ་སྣ་ལྔ༔ རྣམ་ཤེས་བརྒྱད་ལ་འབྲུ་སྣ་བརྒྱད༔ དྲེགས་པ་ལྷ་འདྲེའི་སྤྱན་ལམ་དུ༔ རེས་འགའ་སྐྱེས་པ་བརྒྱ་རུ་བརྫུ༔ བྲོ་བརྡུང་གར་བྱེད་ཁྲབས་སེ་ཁྲབ༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ རེས་འགའ་མོ་བཙུན་བརྒྱ་རུ་བརྫུ༔ གླུ་ལེན་ངག་སྙན་ཀྱུ་རུ་རུ༔ ཟ་མ་མོ་ཡི་གླུད་དུ་འབུལ༔ རེས་འགའ་ཁྱེའུ་ཆུང་ཟུར་ཕུད་ཅན༔ རྩེ་བྲོ་གད་མོ་ལྷག་གེ་ལྷག༔ སྲིད་པ་བུ་ཡི་གླུད་དུ་འབུལ༔ དྲེགས་པའི་ཐུགས་དམ་སྐྱིན་དུ་འབུལ༔ གླུད་འདི་ལྷ་སྲིན་དྲེགས་པས་བཞེས༔ མི་འདི་སྔགས་འཆང་བདག་ལ་ཞུ༔ ཆགས་ཆེ་ཉམ་ང་བཟློག་ཏུ་གསོལ༔ ༈ སྲོག་ཆགས་ཀྱི་འཕྱོངས་ནི། བྷྱོ༔ དམ་ཅན་རྒྱ་མཚོ་སྲོག་གི་གཤེད༔ མ་གཤིན་དྲེགས་པའི་ཐུགས་དམ་ནི༔ མཐུན་པའི་སྲོག་ཆགས་འདི་ཡིས་བསྐང་༔


MR07_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཁྱི་ར་ལུག་གཡག་ལ་སོགས༔ རྣམ་ཤེས་ཚོགས་བརྒྱད་འདི་ལ་ཚང་༔ དབང་པོ་ལྔ་ལ་འདོད་ཡོན་འབྲོ༔ དྲེགས་པའི་ཚོགས་ཀྱི་ཐུགས་དམ་བསྐང་༔ བདག་དང་རྒྱུ་འབྱོར་འཁོར་བཅས་ཀྱི༔ ཆགས་ཆེ་ཉམས་ང་ད་བསྒྱུར་ཅིག༔ རྒྱལ་མཚན་གྱི་འཕྱོངས་ནི༔ ཀྱེ༔ དར་གྱི་རྒྱལ་མཚན་དཔའ་བརྗིད་ལྡན༔ དྲེགས་པའི་སྐུ་དང་གཉིས་སུ་མེད༔ རྣལ་འབྱོར་ལུས་ཀྱི་གླུད་དུ་འབུལ༔ ནད་དང་གནོད་པ་ཞི་བར་མཛོད༔ རྒྱང་བུའི་འཕྱོངས་ནི། བྷྱོ༔ རྒྱང་ཞེས་བྱ་བ་འདོད་རྒུ་འབྱུང་༔ བུ་ནི་ཡིད་དུ་འོང་བ་ཡིན༔ སྙན་པའི་སྒྲ་སྐད་སི་ལི་ལི༔ རྒྱུ་སྦྱོར་ངག་གི་གླུད་དུ་འབུལ༔ དྲེགས་པའི་གསུང་དང་གཉིས་སུ་མེད༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་༔ ནམ་མཁའི་འཕྱོངས་ནི། བྷྱོ༔ ནམ་ཞེས་བྱ་བ་ཡངས་པ་ལ༔ མཁའ་ཞེས་བྱ་བ་ཅིར་ཡང་སྣང་༔ ནམ་མཁའ་འཇའ་རིས་འོད་ཟེར་འཕྲོ༔ དྲེགས་པའི་ཐུགས་དང་གཉིས་སུ་མེད༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ རྣམ་ཤེས་སེམས་ཀྱི་གླུད་དུ་འབུལ༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་བསྐང་༔ རྩང་གི་འཕྱོངས་ནི༔ བྷྱོ༔ དྲག་པོ་ཤིང་གི་རྩང་རྣོན་ལ༔ དམ་ཅན་དྲེགས་པའི་སྲོག་སྙིང་བཀོད༔ ཐམས་ཅད་གསོད་ཅིང་འཇོམས་པར་བྱེད༔ རྣལ་འབྱོར་སྲོག་གི་གླུད་དུ་འབུལ༔


MR07_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་ཐུགས་དམ་གཉན་པོ་བསྐང་༔ ཤིང་རིས་ཀྱི་འཕྱོངས་ནི༔ བྷྱོ༔ ཐམས་ཅད་འབྱུང་བའི་དཔག་བསམ་ཤིང་༔ སྲིད་པ་སྤྱི་དང་མཐུན་པ་ལ༔ དྲེགས་པའི་སྐུ་གསུང་ཐུགས་སུ་ཤར༔ བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི༔ ཡུལ་ཞིང་མཁར་གྱི་གླུད་དུ་འབུལ༔ དྲེགས་པའི་ལྷ་སྲིན་ཐུགས་དམ་བསྐང་༔ ཕོ་སྟོང་གི་འཕྱོངས། བྷྱོ༔ གསེར་གྱི་ཕོ་ཤིང་སྟག་པ་ལ༔ སྤྱན་ཁྲོ་སྨ་ར་དབུ་རྒྱན་ཅན༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་བསྐང་༔ མོ་གདོང་གི་འཕྱོངས། བྷྱོཿ གཡུ་ཡི་གླང་མ་འཕན་བཟང་ལ༔མོ་གཟུགས་འཛུམ་མདངས་མུ་ལུ་ལུ༔ ཟ་མ་མོ་ཡི་གླུད་དུ་འབུལ༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་བསྐང་༔ མདའི་འཕྱོངས་ནི། བྷྱོ༔ མོན་ཡུལ་ལྷོ་སྨྱུག་ལྡེམ་པ་ལ༔ བྱ་རྒྱལ་རྒོད་པོའི་སྒྲོ་ཡིས་བརྒྱན༔ དྲེགས་པའི་སྐུ་གསུང་ཐུགས་སུ་བཀོད༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་བསྐང་༔ འཕང་བཀྲའི་འཕྱོངས་ནི། བྷྱོ༔ གསོམ་ཤིང་དག་ལ་འཕང་བྱས་ནས༔ རིན་ཆེན་འཕང་ལོ་མཛེས་པས་བརྒྱན༔ འབྱུང་བ་ལྔ་ལ་འོད་ཟེར་འཕྲོ༔ ཟ་མ་མོ་ཡི་གླུད་དུ་འབུལ༔ ཁྱོད་ཀྱི་ཐུགས་དམ་གཉན་པོ་བསྐང་༔ རྡོ་རྗེ་གཙུག་ལག་གི་


MR07_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ནས་གསུངས་པ། ཆོས་དབང་གི་གཏེར་མ་འཆར་ཁ་གནམ་སྐས་མའི་འཕྱོངས་སོ། ༈ །སྣང་གསལ་གྱི་སྐོང་གི་འཕྱོངས་ནི། ཀོང་བུ་དགུར་ཞུན་མར་གསར་བ་དགུ་བཀྲམ་ལ། རིན་པོ་ཆེའི་སྐྱོགས་ནང་དུ་གསེར་སོགས་རིན་ཆེན་ལྔ་བརྡར་བའི་ཕུད་འཐོར་ཞིང་། མདའ་བྱ་རྒོད་མ་ལ་དར་ལེབ་རྒན་བཏགས་པས་གཡབ་ཅིང་། བདག་དབང་གི་རྒྱལ་པོའི་ཏིང་འཛིན་གྱིས། རྫས་རྣམས་བྱིན་གྱིས་བརླབས་ལ། ཧཱུྃ། སྣང་བ་གསལ་བ་འོད་ཀྱི་མདོས། །སྣང་གསལ་ཆེན་པོ་འདི་ལ་ཀུན་གསོན་ཅིག། ཞེ་སྡང་ཆེན་པོ་བདུད་ཀྱི་བུ། །ང་རྒྱལ་ཆེན་པོ་བཙན་གྱི་བུ། །ཕྲག་དོག་ཆེན་པོ་རྒྱལ་པོའི་བུ། །འདོད་ཆགས་གནོད་སྦྱིན་མོ་ཡི་བུ། །གཏི་མུག་ས་བདག་ཀླུ་ཡི་བུ། །སེར་སྣ་ཡི་དྭགས་འདྲེ་བཀྲེན་བུ། །ཐེའུ་རང་ཇ་ལ་མ་སོགས་ཀུན། །སྟོན་པས་གསུང་པའི་ལུང་ལ་ཉོན། །ཁྱོད་ནི་འདྲེ་བཀྲེན་ཡི་དྭགས་ཏེ། །ལོག་ལྟའི་སེམས་དང་ལྡན་པ་ཡིས། །ལས་ངན་དག་གིས་ལུས་ངན་བླངས། །མི་ཡི་འཇིག་རྟེན་ཁྱེད་གནས་ཏེ། །ཚེ་སྲོག་དབུགས་ལ་དབང་བྱས་པས། །མནར་མེད་པ་ཡི་དམྱལ་ཆེན་སྨིན། །ད་ནི་དག་པའི་སེམས་བསྐྱེད་དང་། །སེམས་ལས་མ་གཏོགས་སངས་རྒྱས་མེད། །དུག་ལྔ་ཉིད་ཀྱང་ཡེ་ཤེས་ན། །སེམས་ཟེར་དཔྱད། དེ་ནི་སངས་རྒྱས་སེམས་ཆེན་ནོ། །མ་


MR07_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་ས་ལ་དགོད་པ་ཡིན། །ལུང་ཉོན་གདུག་པ་ཞི་བར་གྱིས། །སྣང་བ་གསལ་བ་གླུད་དུ་བསྔོ། །དང་པོ་སེམས་ཀྱི་གླུད་དེ་བཞེས། །ཁ་དོག་ཕུང་པོ་ཁམས་ཀྱི་གླུད། །དུ་བ་དབུགས་ཀྱི་གླུད་ཡིན་ཏེ། །གསལ་བ་འདི་ནི་ལུས་ཀྱི་གླུད། །བདུད་དང་བཙན་དང་རྒྱལ་པོ་དང་། །མ་བདུད་མ་ཡམ་ཐེའུ་རང་དང་། །སུམ་བརྒྱ་དྲུག་ཅུའི་ཇ་མ་ལ། །ས་བདག་ཀླུ་ཚོགས་གཉན་པོ་ཀུན། ཡུལ་ལམ་ལྷ། སྣང་གསལ་གླུད་ཆེན་འདི་བཞེས་ལ། །ཞེ་སྡང་གདུག་པ་གྲོལ་བར་གྱིས། །ཞེས་སོ། །ལྷ་འདྲེ་སྟོང་དྲའི་རྒྱུད་ལས་སོ། ༈ །མདོས་བསྔོ་ནི། ཨོཾ་ཕྱི་སྣོད་འཇིག་རྟེན་མདོས་ཁང་དུ། །ཨཱཿནང་བཅུད་སེམས་ཅན་མདོས་སུ་བཤམས། །ཧཱུྃ། སྣང་སྲིད་འདོད་རྒུའི་སྤྲིན་ཕུང་འཕྲོ༔ ཧོཿའཁོར་འདས་མཉམ་པ་ཆེན་པོར་བསྐང་། མདོས་གང་ལའང་དེའི་གཞུང་བསྲངས་ལ་འདིའི་དོན་ལ་དམིགས་བཞིན་རྫས་ཁ་སབ་ལ་འདི་ཉིད་གྲངས་བསགས་པས། མདོས་ཀྱི་གྲངས་ཚང་བ་སོགས་དོན་ཆེའོ། །ཤིང་ལུག་ཟླ་ཚེས་ལ་དྷཱིས་སོ།། །།


previousམདོས་ཀྱི་བསྔོ་བའི་འཕྱོངས།next