Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏོ་སྒྲོམ་གྱི་ལག་ལེན་བཀྲ་ཤིས་འདོད་འཇོའི་སྤར་ཁ་དུར་བཅོས།
   
   
   
   
   
   
   
   
   
   
   


 
previousགཏོ་སྒྲོམ་གྱི་ལག་ལེན་བཀྲ་ཤིས་འདོད་འཇོའི་སྤར་ཁ་དུར་བཅོས།next

གཏོ་སྒྲོམ་གྱི་ལག་ལེན་བཀྲ་ཤིས་འདོད་འཇོའི་སྤར་ཁ་དུར་བཅོས།


MR07_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །གཏོ་སྒྲོམ་གྱི་ལག་ལེན་བཀྲ་ཤིས་འདོད་འཇོའི་སྤར་ཁའི་སྤྱི་གཏོ་ལ་དམིགས་བསལ་མདེའུ་ཁ་སྦྱར་བའི་གཏོ་ཕྲན་འགའ་ཞིག་གཏོ་རྒྱུད་འབུམ་ཊིཀ་ལས་གསུངས་པ་སོགས་ཀྱིས་ཁ་སྐོང་ཉེར་མཁོ་ལ། ཀོང་ཚེའི་ཞལ་ནས་སྲོག་དུར་མིག་འདོན་པའི་གཏོ་འདི་གསུངས་པ། དེ་ལ་ཕྱི་ལྟར་ལོ་བཅུ་གཉིས་ཀྱི་དབང་དུ་བྱས་ན་སྲོག་ཤིང་ཁམས་པའི་དུར་ཞུགས་ལུག །མེ་དུར་ཁྱི། ལྕགས་དུར་གླང་། ས་ཆུ་ལོ་དྲུག་གི་དུར་མིག་འབྲུག་ཡིན་པས། ཁྱི་འབྲུག་གླང་ལུག་བཞི་ལ་གཤེད་བཞི་བྱ་སྟེ། སོ་སོའི་ལོ་ཁམས་ཅན་དེ་ཀུན་ལ་ངན་ཅིང་ནག་པས་དུར་མིག་ཅེས་བྱ། ཁྱད་པར་དུ་འབྲུག་བོན་པོའི་གཤེད། ལུག་རྩི་ཐོག་གི་གཤེད། ཁྱི་བག་མའི་གཤེད། གླང་དུར་གྱི་གཤེད་ཡིན་པས་ངན། ནང་སྤར་ཁའི་དབང་དུ་བྱས་ན། ས་ཆུ་ལོ་དྲུག་ཟོན་ཐོག་དུར་དུ་ཞུགས། དེ་བཞིན་ཤིང་ཁོན་ཐོག །མེ་ཁེན་ཐོག་ལྕགས་གིང་ཐོག་དུར་དུ་ཞུགས་པ་ཡིན་ལ། ཕྱི་ལོ་ཡི་དུར་ཞུགས་དང་། ནང་སྤར་ཁའི་དུར་མིག་ཏུ་ཚུད་པ་འདོམས་ན་སྐག་ཆེ་བས་དེ་ལ་དུར་མིག་ནས་གདོན་པའི་གཏོ་བྱ་བ་ལ། རྟེན་འབྲེལ་སྔགས་དང་བཅའ་གཏོ་གསུམ་ལས། དང་པོ་སྲོག་དུར་མིག་ཏུ་ཞུགས་པ་དེའི་ལོ་དེ་ཡི་དུས་སུ་སོ་སོའི་སྲོག་གི་མ་མདོག་གི་གོས་བགོ །གཉིས་པ་སྔགས་ནི། ཨོཾ་ཧཱུྃ་སྲོག་ཐ་ཏྲི་ཡ་བསྐྱེད། ཡ་མ་ཇུ་པ་ཁྲི་ལ་བསྐྱེད། སྲོག་ཕམ་ལྷ་ཡིས་བསྐྱེད། ཅེས་པ་སོ་སོའི་སྲོག་ཁམས་ཀྱི་མ་མདོག་གི་དར་ལ་བྲིས་པ་མགུལ་དུ་བཏགས་སོ། །གསུམ་པ་བཅའ་གཏོ་ནི། དུར་མིག་ཏུ་ཞུགས་པ་དེའི་ལུས་ཀྱི་དྲི་


MR07_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

མར་བསྒྲེས་པའི་ཟན་ལན་ངར་མི་འབྲུག་གི་མགོ་ཅན་བཅུ་གསུམ་བྱ། བཤོས་བུ་ལོ་གྲངས་སམ་གང་འབྱོར་ཀྱིས་བསྐོར། རིན་པོ་ཆེ་བརྡར་བའི་ཕུད་ཀྱི་བརྔན་ཆ་བཅས་བཤམས། བྱིན་བརླབ་བྱ། དེ་ནས་གྱེར་ནི། ཀྱཻཿ ཀོང་ཙེ་རྒྱལ་པོའི་ཞལ་ན་རེ། །ཉི་མ་ཤར་ལྷོ་མཚམས་ཤེད་ན། །ས་ཆུ་གཉིས་ཀྱི་དུར་གཤེད་ནི། །མི་ལུས་འབྲུག་གི་མགོ་བོ་ཅན། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །གཡས་ན་བདུད་ཀྱི་ཁྲམ་བམ་དང་། །གཡོན་ན་ནད་ཀྱི་རྐྱལ་པ་བསྣམས། །ས་ཆུ་གཉིས་ཀྱི་དུར་ཀྱང་གཅོད། །བདུད་གཅོད་གནམ་ནས་འབེབ་པར་བྱེད། །གནམ་ནས་ན་དུས་འཆི་དུས་འདེབས། །ཁྱོད་ལ་མཐུན་པའི་གཏོ་གླུད་འབུལ། །གསེར་སྐྱེམས་བཅས་པའི་གཏོ་གླུད་བཞེས། །མི་འདི་བཟུང་བ་བཏང་དུ་གསོལ། །ཕོ་སྲོག་དུར་ནས་འདོན་དུ་གསོལ། །ཞེས་བྱ་ལ་ཉི་མ་ཤར་ལྷོ་མཚམས་སུ་བསྒྲུབ་བྱའི་ལོ་གྲངས་དུ་ལོན་གྱི་གོམ་བརྩིས་བར་གཏོ་གླུད་བསྐྱལ། དེ་ནས་ཁྱིམ་དུ་ལོག་ལ་བདེན་བརྗོད་མཐར། མི་འདི་ཞེས་བྱ་བའི་སྲོག་དུར་མིག་ནས་ཐར་རོ་ན་སྐག་འཆི་སྐག་མི་མཐུན་བར་ཆད་ཐམས་ཅད་ལས་ཐར་རོ། །ཞེས་བྱས་ལ་བཀྲ་ཤིས་བརྗོད་པར་བྱའོ། །ཤིང་ཁམས་པ་སྟག་ཡོས་ལོ་བ་ལུག་དང་ཁེན་ཐོག་སླེབས་པ་ལ། སྣོད་གཙང་མར་ངར་མི་སེར་པོ་ལུག་གི་མགོ་ཅན་གཅིག་དང་། བཤོས་བུ་ལྔ། གསེར་སྐྱེམས་བཅས་བཤམས་བྱིན་རླབས་སོགས་གོང་བཞིན་ལ། གྱེར་གྱི་


MR07_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བསྒྱུར་ནི། ཀྱེ། ཀོང་ཙེ་འཕྲུལ་རྒྱལ་ཞལ་ན་རེ། །ལྷོ་ནུབ་མཚམས་ཀྱི་དུར་གཤེད་ནི། །མི་ལུས་ལུག་གི་མགོ་བོ་ཅན། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །གཡས་ན་གནམ་ལྕགས་སྟ་རེ་དང་། །གཡོན་ན་ལྕགས་ཀྱི་འཁོར་ལོ་བསྣམས། །ཕ་ཁུ་རྒན་པོའི་སྲོག་ཀྱང་གཅོད། །བུ་ཚ་གཞོན་པའི་ཚེ་ཡང་འཕྲོག །འབྱུང་བ་ཤིང་ལ་དུར་གཤེད་འབེབས། །ནད་ནི་འཐིབ་ནད་གཟེར་ནད་གཏོང་། །ཉི་མ་གཏོ་གླུད་འདི་འབུལ་ལོ། །དུར་གཤེད་མ་འབེབ་བཟུང་བ་ཐོང་། །གླུད་འདི་ཉིད་དང་མཐུན་པར་འབུལ། །མཉམ་གཉིས་བརྗེས་ལ་མཚུངས་གཉིས་བསོལ། །བཟུང་བ་དུར་མིག་འདོན་དུ་གསོལ། །དེ་སྐད་བརྗོད་ལ་ལྷོ་ནུབ་མཚམས་སུ་གོམ་པ་ལོ་གྲངས་སར་བསྐྱལ། ཐར་ཐར་དང་བཀྲ་ཤིས་བྱ་བ་གོང་བཞིན་ནོ། །རྟ་སྦྲུལ་ཁྱི་དང་ཁེན་ཐོག་བབ་པ་ལ། ངར་མི་སེར་པོ་ཁྱི་མགོ་ཅན་ཉི་ཤུ་རྩ་ལྔ་དང་། བཤོས་བུ་གྲུ་བཞི་བ་གསུམ། གསེར་སྐྱེམས་བཅས་བཤམས། བྱིན་བརླབས་བྱས་ནས། ཀྱེ། ཀོང་ཙེ་འཕྲུལ་རྒྱལ་ཞལ་ན་རེ། །འབྱུང་བ་མེ་ཡི་དུར་གཤེད་ནི། །ཉི་མ་ནུབ་བྱང་མཚམས་ན་གནས། །མི་ལུས་ཁྱི་ཡི་མགོ་བོ་ཅན། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །ལག་པ་བྱ་ཡི་སྡེར་མོ་ཅན། །གཡས་ན་ནད་ཀྱི་རྐྱལ་པ་བསྣམས། །གཡོན་ན་བདུད་ཀྱི་ཁྲམ་ཤིང་བསྣམས། །ནད་དུ་ཚ་གྲང་ནད་རྣམས་


MR07_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་། །ཁྱོད་ཀྱི་ཐོག་ཏུ་མི་ཕྱིན་ན། །གནམ་ལས་དུར་གཤེད་འབེབ་པར་བྱེད། །ས་ལས་དལ་ཡམས་ཐམས་ཅད་འབེབས། །མི་ནད་སྣ་དགུ་བཏང་བར་བྱེད། །དུག་ནད་མཚེར་བཅུ་གཏོང་བར་བྱེད། །གླུད་འདི་ཉིད་དང་མཐུན་པར་འབུལ། །གསེར་ཆ་རིན་ཆེན་འབྲུ་སྣ་དང་། །ངར་མི་ཁྱི་ཡི་མགོ་ཅན་འབུལ། །བཟུངས་པ་ཐོངས་ལ་བཅིངས་པ་ཁྲོལ། །མི་སྲོག་དུར་ནས་འདོན་པར་མཛོད། །ཅེས་ནུབ་བྱང་ལོ་གྲངས་གོམ་པ་བོར་བར་བསྐྱལ། ཐར་ཐར་དང་བཀྲ་ཤིས་བྱའོ། །བྱ་སྤྲེལ་གླང་དང་གིན་ལ་བབ་པ་ལྕགས་མིག་དུ་ཚུད་པ་ལ་། ངར་གླུད་སེར་པོ་གླང་གི་མགོ་ཅན་བཅུ་གསུམ། བཤོས་བུ་དཀར་སེར་དགུ། ཤ་སྣ་དང་། གསེར་སྐྱེམས་འབྲུ་སྣ་བླུགས་ལ་བྱིན་བརླབ་བྱ། ཀྱེ། ཀོང་ཙེ་འཕྲུལ་རྒྱལ་ཞལ་ན་རེ། །བྱང་ཤར་མཚམས་ཀྱི་དུར་གཤེད་ནི། །མི་ལུས་གླང་གི་མགོ་བོ་ཅན། །རོ་སྟོད་མི་ལ་རོ་སྨད་སྦྲུལ། །ལག་པ་བྱ་ཡི་སྡེར་མོ་ཅན། །གཡས་ན་མེ་ཡི་འཁོར་ལོ་བསྣམས། །གཡོན་ན་བདུད་རྩི་བུམ་པ་འཛིན། །འབྱུང་བ་ལྕགས་ཀྱི་གཤེད་ཀྱང་བྱེད། །སེམས་ཅན་ནད་རྣམས་རྩི་ཡིས་གསོ། །སྤྲུལ་པ་ས་བདག་མང་པོ་འགྱེད། །ཞ་གྲུམ་ཡུན་རིང་ནད་ཀྱང་གཏོང་། །ཁྱེད་ལ་མཐུན་པའི་ཡས་འབུལ་གྱི། །སེམས་ཅན་སྲོག་འདི་དུར་ནས་འདོན་དུ་གསོལ། །བཟུང་བ་ཐོངས་ལ་བཅིངས་པ་


MR07_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོལ། །ཞེས་བྱས་བྱང་ཤར་ཕྱོགས་སུ་གོམ་པ་ལོ་གྲངས་མཚམས་སུ་བསྐྱལ། དེ་ནས་བསྒྲུབ་བྱ་དེ་གོས་མ་མདོག་ཏུ་བསྒྱུར། མིང་རྗེ། སྲོག་བསྐྱེད་སྔགས་བཏགས། ཐར་ཐར་དང་བཀྲ་ཤིས་བརྗོད་པར་བྱ། དེ་ལྟར་བྱས་པས་སྲོག་གི་འབྱུང་བ་དུར་དུ་ཞུགས་པའི་སྐྱོན་ལས་ཐར་བའི་གཏོ་ཁྱད་པར་ཅན་འཇམ་དཔལ་གྱི་སྤྲུལ་པ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་གདམས་པའོ།། །།


previousགཏོ་སྒྲོམ་གྱི་ལག་ལེན་བཀྲ་ཤིས་འདོད་འཇོའི་སྤར་ཁ་དུར་བཅོས།next