Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནོར་ཕྱུགས་ཁ་ཚྭ་བཅོས་ཐབས།
   
   
   
   
   
   
   


 
previousནོར་ཕྱུགས་ཁ་ཚྭ་བཅོས་ཐབས།next

ནོར་ཕྱུགས་ཁ་ཚྭ་བཅོས་ཐབས།


MR07_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་དུས་ཀྱི་ཐ་མ་ལ། སྡེ་བརྒྱད་སྤྱི་དང་ཁྱད་པར་མོ་འདྲེའི་རྐྱེན་གྱིས་ནོར་ཕྱུགས་ལ་ཁ་ཚར་གྲགས་པས་འཚེ་བ་ན། དེའི་དུས་སུ་ཟབ་མོ་མདོས་ཀྱི་གདམས་པ་འདི་ལྟ་བུ་བྱས་ན་ཤིན་ཏུ་ཟབ་སྟེ། དེ་ཡང་མ་མོ་ནག་མོ་བུད་མེད་གསུམ་གྱིས་བསྐོར་བ་ལ། བཤོས་བུ། ཕྱུགས་གླུད། ནམ་རྒྱང་། མདའ་འཕང་རིས། ལེགས་པར་འཛོམས་པར་འདུ་བྱས་ནས། འདི་ལྟར་རང་ལྷའི་ང་རྒྱལ་གྱིས་མཆོད་པ་བྱིན་གྱིས་བརླབས། ཀྱཻ། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །སོགས་ཀྱིས་མདོས་མགྲོན་འགུགས་ལ། རིན་ཆེན་གླུད་མཆོག་འདོད་པའི་ཡོན་ཏན་ལྔ། །མི་ཟད་ནམ་མཁའ་མཛོད་ཀྱི་གཏེར་གྱུར་པ། །ཕན་བདེ་ཟག་པ་མེད་པའི་ལོངས་སྤྱོད་འདི། །ཐོག་མེད་འཁོར་བ་བུ་ལོན་ལན་ཆགས་བགེགས། །གདོན་རིགས་འབྱུང་པོ་སྤྱི་དང་ཁྱད་པར་དུ། །ནོར་ཕྱུགས་དཀར་ལ་རློམ་པ་མོ་འདྲེ་ནི། །མི་ལ་དངོས་སུ་བརྫུ་ཞིང་མཚན་ལ་རྒྱུ། །དྲི་ཟ་གཤེད་འཁྱམས་འགོང་པོ་རྣམས་ལ་བསྔོ། །ཐོག་མེད་འཁོར་བར་བསགས་པའི་བུ་ལོན་བྱང་། །དགའ་བདེ་ཚད་མེད་བྱམས་པའི་སེམས་དང་ལྡན། །པད་འབྱུང་བཻ་རོ་ཙཱ་ནའི་བཀའ་བཞིན་དུ། །འཁོར་འདིར་མ་གནོད་རང་རང་གནས་སུ་སོང་། །ཀྱཻ། བསད་བྱ་གསོད་བྱེད་བསད་བྱའི་སྦྱོར་བ་དང་། །མཐའ་མར་སྲོག་གི་དབང་པོ་འགགས་པ་ཡང་། །མི་བདེན་སྒྱུ་མ་རྨི་ལམ་ལྟ་བུ་སྟེ། །བདེན་པས་སྟོང་པ་སྤྲོས་བྲལ་ཆོས་ཀྱི་དབྱིངས། །བརྐུ་བྱ་རྐུ་བྱེད་བརྐུ་བའི་སྦྱོར་


MR07_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། །མཐའ་མར་བརྐུས་པའི་ནོར་རྫས་ཐོབ་པ་ཡང་། །མི་བདེན༴ བདེན་པས༴ གནོད་བྱ་གནོད་བྱེད་གནོད་པའི་སྦྱོར་བ་དང་། །མཐའ་མར་གནོད་པའི་ཟུག་རྔུ་འབབ་པ་ཡང་། །མི་བདེན་སྒྱུ་མ༴ བདེན་པས༴དེ་ལྟར་རྣམས་མང་སྲིད་དང་ཞི་བའི་ཆོས། །ཡུལ་དང་ཡུལ་ཅན་གཉིས་སུ་འཛིན་པའི་བློ། །མི་བདེན་སྒྱུ་མ༴ བདེན་པས་སྟོང་པ༴ དབྱིངས་ལ་ཡེ་ནས་འགྱུར་བ་མེད་ན་ཡང་། །རྣམ་རྟོག་རིག་པའི་རྩལ་ལ་ཅི་ཡང་སྲིད། །མི་སྲིད་སྲིད་པ་ཆགས་པའི་བསྐལ་པ་འདིར། །ཡང་དག་རྒྱལ་མཆོག་ཤཱཀྱའི་བསྟན་པ་འབྱུང་། །བསྟན་པ་དེ་ལ་ཆེ་བ་རིག་འཛིན་གཙོ། །རྒྱལ་མཆོག་རྡོ་རྗེ་ཐོད་ཕྲེང་རྫུ་འཕྲུལ་ངོམས། །གངས་ཆེན་བདེ་བ་བསྟན་པའི་སྒྲོན་མེ་སྦར། །རྒྱ་བོད་མཁས་དང་གྲུབ་པའི་ཉི་མ་ཤར། །དེ་ལས་ཁྱད་འཕགས་རྣམ་སྣང་ལོ་ཙ་བྱོན། །རིག་འཛིན་ཨོ་རྒྱན་བརྒྱུད་པར་བཅས་པ་ཡིས། །བརྩེ་བའི་ཐུགས་རྗེ་ཆེན་པོའི་དེད་དཔོན་གྱིས། །ནུས་མཐུའི་གྲུ་ལ་འགྲོ་ཀུན་མཉམ་པར་བཀོད། །དེ་དུས་སྣང་སྲིད་ལྷ་འདྲེ་དམ་ལ་བཏགས། །ཆོས་དབྱིངས་དྲི་མ་མེད་པའི་བདེན་པ་དང་། །ཆོས་ཅན་རྟེན་འབྲེལ་མི་བསླུའི་ཆོས་བཤད་དེ། །འཇིག་རྟེན་རྣམ་པར་རྒྱུ་བའི་འདྲེ་མོ་ཁྱོད། །ཡུལ་ཀུན་འགྲིམ་ཞིང་ནོར་ཕྱུགས་རྣམས་ལ་འཚེ། །དཀར་ལ་རློམ་ཞིང་མཚན་མོ་ཀུན་ཏུ་རྒྱུ། །ཇི་ལྟར་ཁྱོད་ལ་རྡོ་རྗེ་བཀའ་བཞིན་དུ། །ཐ་ཚིགས་བསྐུལ་བས་མདོས་དང་ཡས་འབུལ་ཏེ། །འཚེ་བའི་བསམ་ངན་འདོར་བའི་རྟེན་འབྲེལ་


MR07_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། །དེང་ནས་ཁྱོད་ཀྱིས་ཕྱུགས་ནད་སྤྱི་དང་ནི། །ཁ་ཚར་གྲགས་པའི་ནད་འདི་མྱུར་དུ་ཆོད། །ཕྱིན་ཆད་གཏན་ནས་འཚེ་བར་མ་བྱེད་ཅིག །གལ་ཏེ་བསྒོ་བའི་དམ་འདི་ལས་འདའ་ན། །དུས་གསུམ་ཁྲོ་བོའི་ཕྲིན་ལས་རྡོ་རྗེའི་མེ། །འབར་བའི་ཕུར་བུའི་རྣམ་པར་ཁྱོད་གཙུག་ཏུ། །ཤིན་ཏུ་བསྲེགས་ཤིང་ཉམས་པར་འགྱུར་བ་ཡིན། །དེ་བས་པད་འབྱུང་རྗེ་དང་བཻ་རོ་ཡིས། །བཀའ་བསྒོས་བཞིན་དུ་འདའ་བར་མ་བྱེད་ཅིག །ན་མཿསརྦ་ཏ་ཐ་ག་ཏ༴ དབྱིངས་ལས་སྤྲུལ་པ་སྒྱུ་མའི་རོལ་པ་ནི། །མི་ཟད་འདོད་འབྱུང་ཟས་ནོར་འདོད་དགུའི་དཔྱིད། །སྦྱིན་བདག་མི་ཕྱུགས་ཡུལ་གཞིའི་ལོངས་སྤྱོད་ལས། །འབུམ་ཕྲག་འཕགས་པ་མདོས་ཀྱི་ཡོ་བྱད་འདི། །ཁྱེར་ལ་རྒྱ་མཚོའི་ཕ་རོལ་འགྲོ་བར་གྱིས། །ཁྱོད་ཉིད་མཐོང་བའི་ཇི་བཞིན་ཡིད་ཀྱིས་བལྟས། །གནས་ལུགས་གསལ་བ་ཇི་བཞིན་སྨྲང་གིས་བཀྲོལ། །བཀའ་དང་བདེན་པ་ཆོ་གའི་མཐུ་རྫོགས་པས། །མྱུར་དུ་མ་འདུག་རང་རང་གནས་སུ་སོང་། །ཞེས་ཡས་ལམ་དུ་འཕང་། ཕྱི་ནས་ཡུངས་ཀར་བྲབ་སྟེ། བདག་ཉིད་ལས་ཀྱི་དབང་དྲག་ཆེ་མཆོག་ཀི་ལ་ཡར་གསལ་བའི་སྤྱི་གཙུག་ཏུ་བཻ་རོ་དང་པད་འབྱུང་བསྒོམ། མཆན། སྐུ་ལས་སྤྲོས་པའི་ཕུར་བུ་འབར་བའི་ཚོགས་འགྲིལ་བས། གང་དག་ཕྱི་འཁུན་ཀླད་པར་ཐེབ་ནས་མེ་འབར་བས་ལུས་བསྲེག་པར་བསམས་ལ། ཨོཾ་བཛྲ་ཀི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། མོ་འདྲེ་འབྱུང་པོ་ཐམས་ཅད་ལ་འབར་བའི་ཕུར་བུས་ཐོབ་ཅིག་མཱ་ར་ཡ་ཕཊ།


MR07_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བཟླའོ། །ཧཱུྃ། འབར་བའི་བཀའ་ལས་མདའ་བ་རྡོ་རྗེའི་མེས། །བསྲེག་ཅིང་གང་དག་འགྲོ་ན་དགྱེས་པར་སོང་། །ཆོས་ཉིད་དྲི་མེད་དབྱིངས་ནི་ཡེ་ཤེས་སྐུ། །ཆོས་ཅན་རྟེན་འབྲེལ་རོལ་པ་གཟུགས་ཀྱི་སྐུ། །སྐུ་གཉིས་ཟུང་དུ་འཇུག་པ་དཔའ་བོ་ཆེ། །མི་འདའ་རྡོ་རྗེ་ཐོད་ཕྲེང་འཁོར་བཅས་དང་། །རྣམ་སྣང་ལོ་ཙཱའི་བདེན་པ་ཆེན་པོ་ཡིས། །གནོད་པའི་འབྱུང་པོ་ལོག་པའི་བསམ་པ་ཤིག །སྦྱོར་ངན་ཕྱུགས་ཡམས་ད་ལྟ་ཉིད་དུ་ཆོད། །མི་ཕྱུགས་གཡང་ཆགས་འདོད་དགུའི་རྟེན་ཕུར་ཚུགས། །བཀྲ་ཤིས་རྡོ་རྗེའི་ར་བའི་གནས་འདིར་འཁོད། །འགྱུར་བ་མེད་པ་བྱིན་རླབས་ཕྱག་རྒྱས་ཐོབ། །མི་ཤིགས་ཚེ་གཡང་འདོད་རྒུའི་བཅུད་ཕོབ་ཅིག །སིདྡྷི་དང་བཀྲ་ཤིས་བརྗོད། ནས་ཀྱིས་ཕྱུགས་ཀྱི་ལྷ་གནས་སླས་མལ་སོགས་ཐམས་ཅད་ལ། འཐོར་བས་ཕྱུགས་ནད་ཁ་ཚ་ཆད་པར་འགྱུར་རོ། །ཟླ་དྲུག་ཚེས་གསུམ་ལ་རྨི་ལམ་ལྟར་བློ་གྲོས་དྲི་མེད་ཀྱིས་བྲིས་བ་མདྒ་ལཾ། །།དགེའོ། །དགེའོ། །དགེའོ། །། །།


previousནོར་ཕྱུགས་ཁ་ཚྭ་བཅོས་ཐབས།next