Nitartha Digital Library
Tibetan
གླེགས་བམ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སངས་རྒྱས་བྱང་སེམས་ཀྱི་མཚན་སྣ་ཚོགས་པ་ནོར་བུའི་ཕྲེང་བ།
   
   
   
   
   


 
previousསངས་རྒྱས་བྱང་སེམས་ཀྱི་མཚན་སྣ་ཚོགས་པ་ནོར་བུའི་ཕྲེང་བ།next

སངས་རྒྱས་བྱང་སེམས་ཀྱི་མཚན་སྣ་ཚོགས་པ་ནོར་བུའི་ཕྲེང་བ།


MR07_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

མཎིམཱལནཱམབུདྡྷབོདྷིསཏྭཱཧྭཱབིཤྭབིཧརཏིསྨ། །
སངས་རྒྱས་བྱང་སེམས་ཀྱི་མཚན་སྣ་ཚོགས་པ་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།


MR07_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ལིཙྪ་བཱི་རིན་ཆེན་དྲྭ་བ་ཅན་གྱིས་ཞུས་པའི་མདོ་ལས། སངས་རྒྱས་གང་གི་མཚན་ཐོས་ན་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་སོགས་ཕན་ཡོན་ཚད་མེད་པར་གསུངས་པ་ནི་འདི་ལྟ་སྟེ། ཤར་ཕྱོགས་འཇིག་རྟེན་གྱི་ཁམས་མུ་ཏིག་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་ཟེར་ཟླ་བས་བརྒྱན་པ་མཁས་པའི་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་


MR07_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མཆིའོ། །ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་ཟླ་བས་བརྒྱན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་གི་འོད་ཀྱིས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ། །མདོ་ནས་བསྟན་པའི་སངས་རྒྱས་ཀྱི་མཚན་འདི་རྣམས་ཀྱི་རྗེས་སུ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ་ཞེས་ཁ་ཏོན་གྱི་དུས་སུ་སྦྱར་ན་ལེགས་པས་འདིར་ཁ་ཅིག་ལ་སྦྱར་བ་ལྟར་འོག་གི་གནས་སྐབས་རྣམས་སུ་ཡང་དེ་ལྟར་ཕྱག་འཚལ་ལོ་ཞེས་པའི་རྗེས་སུ་མཆོད་དོ་སོགས་སྦྱར་བར་བྱའོ། །ཕན་ཡོན་རྣམས་ནི་སྤྲོ་བ་བསྐྱེད་པའི་ཕྱིར་བྲིས་པས་མ་བཏོན་ཀྱང་རུང་ལ། མཚན་རྣམས་སེར་པོའི་ཚོན་གྱིས་ཕྱེས་ན་ལེགས་སོ་མཆན། ནུབ་ཕྱོགས་འཇིག་རྟེན་གྱི་ཁམས་རིན་ཆེན་བཀྲ་བ་ཞེས་བྱ་བ་ན། དེ་


MR07_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་རྒྱས་པ་སཱ་ལའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་འཇིག་རྟེན་གྱི་ཁམས་རིན་ཆེན་དྲྭ་བས་གཡོགས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་དཀྱིལ་འཁོར་རྣམ་དག་ལ་ཕྱག་འཚལ་ལོ། །འོག་ཕྱོགས་འཇིག་རྟེན་གྱི་ཁམས་རྒྱལ་མཚན་མཆོག་གི་བདག་པོ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་ཞི་བ་མཁས་པའི་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་ཕྱེ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་གྲངས་མེད་པས་ཡང་དག་པར་རབ་ཏུ་གནས་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ད་ལྟར་བཞུགས་པའི་སངས་རྒྱས་འདི་དག་གི་མཚན་ཐོས་ནས་ཡིད་ཆེས་ན། ཚེ་བརྗེས་པའི་འོག་ཏུ་དུས་རྟག་ཏུ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་ཅིང་། སངས་རྒྱས་ཚད་མེད་པ་ལ་མཆོད་པ་བྱེད་པ་དང་། དེའི་ཆོས་འཛིན་པ་དང་། བསྙེན་བཀུར་བྱེད་པ་དང་། ཚངས་པར་སྤྱོད་པར་འགྱུར་བ་དང་། ནམ་ཡང་སོམ་ཉི་དང་སེར་སྣའི་སེམས་དང་རྨོངས་པ་མ་མཆིས་


MR07_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་དང་། ཚེ་རབས་དྲན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་ཤིང་བྱིན་གྱིས་རློབས་པ་དང་། བདུད་ཚར་གཅོད་པ་དང་། ཉན་རང་གི་ས་ལས་འདའ་བ་དང་། སངས་རྒྱས་ཀྱི་ཞིང་སྦྱོང་བ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་དྲི་མ་སེལ་ཞིང་ཆོས་ལ་འགོད་པ་དང་། ནམ་དུ་ཡང་སངས་རྒྱས་རྣམས་དང་མི་འབྲལ་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཁོར་བ་ཕྱིར་བསྙིལ་བ་དང་། སྒྲིབ་པ་ཐམས་ཅད་བྱང་བ་དང་། ལུས་མཚན་བཟང་པོ་དང་ལྡན་ཞིང་རྡོ་རྗེ་ལྟར་མཁྲེགས་པ་དང་། འོད་མཐའ་ཡས་པ་དང་ལྡན་ཞིང་ཁ་ནས་དྲི་ཞིམ་པོ་འབྱུང་བ་དང་། གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་། ཚངས་པའི་དབྱངས་སོགས་སྒྲ་དབྱངས་ཐམས་ཅད་པས་འཇིག་རྟེན་ཀུན་ཏུ་མཐུན་པར་སྒྲོགས་པ་དང་། ལྷ་ལ་སོགས་པ་ཐམས་ཅད་དགའ་ཞིང་སྲུང་བ་དང་། མངོན་ཤེས་དང་ཏིང་ངེ་འཛིན་དང་གཟུངས་ཚད་མེད་པ་ཐོབ་པ་དང་། འཆི་བའི་ཚེ་སངས་རྒྱས་བྱེ་བ་མང་པོ་མཐོང་ནས་དེ་དག་གིས་ཆོས་བསྟན་པ་བྱང་ཆུབ་སྙིང་པོའི་བར་དུ་འཛིན་པ་དང་། ནམ་ཡང་བརྩོན་འགྲུས་སོགས་དགེ་བའི་ཆོས་ལས་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བ་དང་། མི་ཁོམས་པའི་གནས་དང་མི་སྙན་


MR07_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་རྩོད་པ་དང་འཇིགས་པ་དང་ཡིད་མི་བདེ་བ་དང་སྡུག་བསྔལ་བ་ཐམས་ཅད་མི་འབྱུང་བ་དང་། ནད་ཐམས་ཅད་མེད་པ་དང་། དབང་པོ་ཚང་ཤིང་བུད་མེད་ཀྱི་དངོས་པོ་ལས་ལྡོག་པ་དང་། མིག་ལྔ་རྣམ་པར་དག་པས་སངས་རྒྱས་ཚད་མེད་པ་མཐོང་བ་དང་། རང་ཉིད་བླ་མེད་བྱང་ཆུབ་ཀྱི་ལམ་ལས་ཕྱིར་མི་ལྡོག་ལ་སེམས་ཅན་ཚད་མེད་པ་དེ་ལ་འགོད་པ་སོགས་ཕན་ཡོན་གྲངས་མེད་པ་གསུངས་སོ། །སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་བ་བསྟན་པའི་མདོ་ལས། རྒྱལ་པོ་གསལ་རྒྱལ་གྱིས་དེ་བཞིན་གཤེགས་པ་གང་གི་མཚན་ཐོས་པ་ཙམ་གྱིས་ངན་འགྲོ་ལས་ཐར་ཞིང་བདེ་འགྲོར་འགྱུར་བ་གང་ལགས་ཞེས་འཇམ་དཔལ་ལ་དྲིས་པ་ན། ངན་འགྲོར་མི་སྐྱེ་བ་དང་སྐྱེས་པ་རྣམས་གྲོལ་བའི་ཕྱིར་བཤད་པ། འཇིག་རྟེན་གྱི་ཁམས་བཻ་ཌཱུརྱ་སྣང་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །འཇིག་རྟེན་གྱི་ཁམས་གཙུག་ཕུད་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་གཙུག་ཕུད་ཅན་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་


MR07_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དྲི་མ་མེད་པར་འབྱུང་བ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ཞི་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་ཞི་བར་བཀོད་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་པདྨོའི་བླ་མ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོ་འབྱུང་བ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་རྡོ་རྗེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་མཁྲེགས་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་བྲལ་བ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་འཇིགས་པ་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་མཛད་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་རྟོགས་པ་དང་བློ་གྲོས་སུ་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འགྲོ་བ་ཐམས་ཅད་ཡོངས་


MR07_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྦྱོང་བ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ངན་འགྲོ་དང་བྲལ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཞི་བར་མཛད་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བློ་གྲོས་རྣམ་པར་དག་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་དབང་པོ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་བློ་གྲོས་ལ་ཕྱག་འཚལ་ལོ། །འདིའི་མཚན་བཟུང་བས་ལྷའི་དབང་པོར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཟླ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་རྒྱས་པ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །འདིའི་མཚན་བཟུང་བས་ཉོན་མོངས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཁྱད་པར་ཐོབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་འགྲོ་ཐམས་ཅད་ཞི་བར་མཛད་པ་ལ་ཕྱག་འཚལ་ལོ། །འདིའི་མཚན་བཟུང་བས་ངན་འགྲོ་ཀུན་ལས་ཐར་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ལེགས་པར་སྣང་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་


MR07_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སེམས་ཅན་ཐམས་ཅད་སྡུག་པར་མཐོང་བ་ལ་ཕྱག་འཚལ་ལོ། །འདིའི་མཚན་བཟུང་བས་འཇིག་རྟེན་པ་ཐམས་ཅད་མངོན་པར་དགའོ། །དེ་བཞིན་གཤེགས་པ་དགའ་བའི་དཔལ་དང་། དེ་བཞིན་གཤེགས་པ་ཙནྡན་གྱི་དཔལ་དང་། དེ་བཞིན་གཤེགས་པ་དཔའ་བོ་དང་། དེ་བཞིན་གཤེགས་པ་བདུད་ཐམས་ཅད་ཀྱི་སྟོབས་རབ་ཏུ་འཇོམས་པ་དང་། དེ་བཞིན་གཤེགས་པ་གཙུག་ཕུད་ཅན་དང་། དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབས་དང་། དེ་བཞིན་གཤེགས་པ་ལོག་པར་དད་སེལ་དང་། དེ་བཞིན་གཤེགས་པ་གསེར་ཐུབ་དང་། དེ་བཞིན་གཤེགས་པ་འོད་སྲུང་ལ་ཕྱག་འཚལ་ལོ། །ཇི་སྐད་བསྟན་པའི་སངས་རྒྱས་འདི་དག་གི་མཚན་བཟུང་བ་དང་མཆོད་པ་སོགས་བྱས་པས་ངན་སོང་ངན་འགྲོ་ཐམས་ཅད་ལས་གྲོལ་ཞིང་། བསྐལ་པར་གནས་པའི་ལས་ཀྱི་སྒྲིབ་པ་མཚམས་མེད་ལྔ་ལ་སོགས་པ་ཡང་ཡོངས་སུ་དག་པར་འགྱུར་ལ། བདེ་འགྲོར་སྐྱེ་ཞིང་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། གལ་ཏེ་དད་པ་དང་དྲན་པ་ཉམས་པས་སྡིག་པ་བྱེད་པ་དམ་པའི་ཆོས་སྤངས་པ་འཕགས་པ་ལ་སྐུར་བ་འདེབས་པ། མཚམས་མེད་པ་ལྔ་བྱེད་པ། སྲོག་གཅོད་པ། དཀོན་མཆོག་གསུམ་གྱི་ནོར་རྐུ་བ་དང་། སེམས་ཅན་མནར་མེད་


MR07_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ངན་སོང་གསུམ་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་དོན་དང་། གྲོགས་པོ་དང་གཉེན་རྣམས་ཡོངས་སུ་ཐར་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་གི་སྐུ་གཟུགས་རི་མོའམ་འཇིམ་པ་ལས་བྱས་ལ་མཆོད་པས་མཆོད་དེ་སེམས་ཅན་དེ་དག་ཐར་པའི་སླད་དུ་གསོལ་བ་བཏབ་ཅིང་དགེ་བའི་རྩ་བ་དེ་དག་གི་ཆེད་དུ་བསྔོ་བ་བྱས་པས་ངན་འགྲོ་ལས་ཐར་བར་འགྱུར་བ་སོགས་ཕན་ཡོན་ཚད་མེད་པ་གསུངས་སོ། ༈ །སྤྲིན་ཆེན་པོའི་མདོ་ལས། ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་མངོན་པར་དྭངས་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བློ་གྲོས་མི་ཟད་པ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་ཐམས་ཅད་མཉམ་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རྒྱལ་མཚན་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་ཡིད་བདེ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དྲི་མ་མེད་པའི་སྙིང་པོ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་རབ་ཏུ་དགའ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་འཕྲུལ་བས་དྭངས་བར་བྱེད་པའི་གྲགས་པ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་འཇིག་རྟེན་གྱི་


MR07_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དམ་པའི་ཆོས་ལ་དགའ་མོས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་བསྲུང་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་མུ་སྟེགས་ཐམས་ཅད་ཀྱི་གནས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེ་རྣམ་པར་རོལ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་མེ་ཏོག་གི་རྒྱལ་མཚན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷུན་པོའི་རྒྱལ་པོ་མངོན་པར་འཕགས་པ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་རིན་ཆེན་སྐྱོང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དམ་པའི་ཆོས་ཀུན་ཏུ་སྲུང་བའི་ཏོག་ཏུ་གྱུར་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདི་དག་གི་ཞིང་ནི་ཡོངས་སུ་དག་སྟེ། སྙིགས་མ་ལྔ་དང་བུད་མེད་དང་ཉན་རང་གི་མིང་མེད་ལ་ཐམས་ཅད་ཐེག་ཆེན་ལ་དགའ་བའོ། །སངས་རྒྱས་དེ་དག་གི་མཚན་རྣམས་ཐོས་ནས་འཛིན་འཆང་ཀློག་ཅིང་གཞན་ལ་སྟོན་པའི་རིགས་ཀྱི་བུའམ་བུ་མོ་དེ་དག་དམྱལ་བའམ་དུད་འགྲོའི་སྐྱེས་གནས་དང་ལྷ་མིན་གྱི་རིས་སུ་སྐྱེ་བ་སྐབས་མེད་གནས་མེད་ལ། སངས་རྒྱས་དེ་དག་གི་མཚན་འཆང་བ་དེ་ལ། དུག་མཚོན་མེ་


MR07_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་རྒྱལ་པོ་ཆོམ་རྐུན་མི་མི་མིན་ཀླུ་གནོད་སྦྱིན་སེང་གེ་སྲོག་ཆགས་གདུག་པ་སྟག་ཁྱི་སྤྱང་སྦྲུལ་སྡིགས་པ་རྣམས་ཀྱིས་བར་ཆད་བྱ་བ་དང་། དེའི་ཚངས་སྤྱོད་དང་ཁ་ཐོན་བྱེད་པ་དང་ལྷུང་བཟེད་དང་ཆོས་གོས་ལ་བར་ཆད་བྱ་བ་སྐབས་མེད་ཅིང་ལས་ཀྱི་རྣམ་སྨིན་ནི་མ་གཏོགས་སོ། །གཞན་ལ་དཔྱ་བའམ་བཀུར་སྟི་སོགས་ཀྱི་ཆེད་དུ་སངས་རྒྱས་འདི་དག་གི་མཚན་ཐོས་ན་ཡང་ངན་འགྲོར་སྐྱེ་བ་དེ་ནི་གནས་མེད་དོ། །མཚན་འདི་དག་འཆང་བ་དེ་ཡི་ཁྱིམ་ན་སངས་རྒྱས་བཞུགས་ཤིང་ཡིད་ཆེས་པར་བྱེད་པ་དེ་དག་རྡོ་རྗེའི་རང་བཞིན་དུ་འགྱུར་ཞིང་། དེ་དག་ལ་འཇིགས་པ་ཐམས་ཅད་དེ་ཉིད་དུ་ཞི་བར་འགྱུར་བ་དང་། ལྷ་ཀླུ་གནོད་སྦྱིན་སོགས་ནས་དེ་བཞིན་གཤེགས་པའི་བར་གྱིས་དེ་དག་སྲུང་བར་མཛད་དོ། །ཞེས་གསུངས་སོ། ༈ །ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་སོགས་ལས་ཡང་ནས་ཡང་དུ་གསུངས་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་འདིའི་མཚན་ཐོས་པ་དེ་དག་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ན། དེ་བཞིན་གཤེགས་པ་དང་དེའི་རིང་བསྲེལ་ཅན་གྱི་མཆོད་རྟེན་ལ་མེ་ཏོག་གཅིག་འཐོར་བ་ལྟ་ཅི་སྨོས། དུད་འགྲོའི་སྐྱེ་གནས་སུ་གྱུར་པས་སྒྲ་ཙམ་ཐོས་པ་དེ་དག་ཀྱང་བྱང་ཆུབ་བླ་ན་མེད་པའི་ས་བོན་དུ་འགྱུར་ཏེ་རིམ་གྱིས་སངས་རྒྱ་བར་


MR07_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ནི་དེ་བཞིན་གཤེགས་པ་འདིའི་སྔོན་གྱི་སྨོན་ལམ་དང་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཀྱིའང་ཡིན་ནོ། །ཞེས་གསུངས་སོ། ༈ །སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་གསུམ་པ་ལས། དེ་བཞིན་གཤེགས་པ་ཟླ་འོད་ལ་ཕྱག་འཚལ་ལོ། །དེའི་མཚན་བརྗོད་པ་འཆང་ཞིང་རྟག་ཏུ་རྒྱུན་པར་ནངས་པར་ལངས་ཤིང་ཡིད་ལ་བྱེད་ན་བསྐལ་པ་སྟོང་ཕྲག་བཞི་བཅུར་ཚེ་རབས་དྲན་པ་དང་ནམ་དུའང་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་འགྲོ་བ་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདིའི་མཚན་རྟག་ཏུ་ཡིད་ལ་བྱས་ན་ད་ལྟར་གྱི་ཚེ་འདིར་ལས་དང་སྡིག་པ་ཐམས་ཅད་ཡོངས་སུ་འབྱང་ཞིང་མཐར་ཕྱིན་པ་དང་། ལོ་བྱེ་བ་ཕྲག་བཅུ་བཞིའི་བར་དུ་ཚེ་རབས་དྲན་པ་དང་། མཐར་བྱང་ཆུབ་ཀྱི་བར་དུ་དགེ་བའི་རྩ་བ་ཟད་པར་མི་འགྱུར་རོ། །དེ་བཞིན་གཤེགས་པ་མིག་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཙཀྵུ་ཙཀྵུ་ཛྙཱ་ན་ཙཀྵུ་སྭཱ་ཧཱ། འདིའི་མཚན་འཛིན་ན་དེ་ལྷ་དང་འཇིག་རྟེན་དུ་བཅས་པའི་མིག་ལྟ་བུར་འགྱུར་ཏེ་བསྐལ་པ་བཞི་བཅུར་ཚེ་རབས་དྲན་པར་འགྱུར། དགེ་བའི་རྩ་བ་བྱང་ཆུབ་ལ་ཐུག་གི་བར་དུ་མི་ཟད་པར་འགྱུར་རོ། །དེ་བཞིན་གཤེགས་པ་བལ་གླང་དྲི་འོད་གསལ་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདིའི་


MR07_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བརྗོད་ན་དེའི་ལུས་ལས་ལོ་བརྒྱ་ཕྲག་བཅུ་གསུམ་གྱི་བར་དུ་དྲི་འབྱུང་བར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་ནམ་ཡང་བརྗེད་པར་མི་འགྱུར་རོ། །དེ་བཞིན་གཤེགས་པ་མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པུཥྤེ་པུཥྤེ་སུ་པུཥྤེ་སྭཱ་ཧཱ། འདིའི་ཆོ་ག་ནི་མེ་ཏོག་ཇི་ལྟར་བཤམས་པ་ལ་ལན་ཉེར་གཅིག་བསྔགས་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གཏོར་ན་དེའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །དེ་བཞིན་གཤེགས་པ་ས་འཛིན་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། དྷ་རེ་དྷ་རེ། དྷ་ར་ཎི་བནྡྷེ་སྭཱ་ཧཱ། གང་གིས་དེ་བཞིན་གཤེགས་པ་འདིའི་མཚན་དང་གཟུངས་སྔགས་ཀྱི་ཚིག་འདི་འཛིན་ན་དེའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་སོ། ༈ །དམ་ཆོས་ཐར་པ་ཆེན་པོའི་མདོ་ལས། བཅོམ་ལྡན་འདས་མར་མེ་རི་རབ་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རིན་ཆེན་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རིན་ཆེན་གཙུག་ཕུད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རིན་ཆེན་མང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་


MR07_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་སྡུད་ཅིང་འཛིན་པ་ལ་ཕྱག་འཚལ་ལོ། །བརྗོད་དཔག་འདས་ལ་ཕྱག་འཚལ་ལོ། །དཔེ་ཟླ་མེད་ལ་ཕྱག་འཚལ་ལོ། །མུ་མེད་ཆོས་ལ་ཕྱག་འཚལ་ལོ། །བསམ་ཁྱབ་དཀའ་ལ་ཕྱག་འཚལ་ལོ། །སྟོབས་ལ་གནས་པའི་སྟོབས་ཀྱི་སྟོབས་ལ་ཕྱག་འཚལ་ལོ། །འཇིགས་པ་མེད་པའི་སྟོབས་བཅུ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱི་གཙོ་ལ་ཕྱག་འཚལ་ལོ། །ཐམས་ཅད་འདྲེན་པའི་སྟོན་པ་ཆེན་པོ་ལ་ཕྱག་འཚལ་ལོ། །འཆིང་བ་ཀུན་གཅོད་ལ་ཕྱག་འཚལ་ལོ། །ཕ་རོལ་མཐར་ཕྱིན་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཀུན་ལས་འདས་ཟིན་པ་ལ་ཕྱག་འཚལ་ལོ། །འཁོར་བའི་རྒྱུད་དང་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ཏིང་ངེ་འཛིན་རྣམ་པར་གྲོལ་བ་ལ་ཕྱག་འཚལ་ལོ། །ནམ་མཁའ་ལྟར་དམིགས་སུ་མེད་པ་ལ་ཕྱག་འཚལ་ལོ། །མང་པོའི་ནང་ན་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བདུད་བཞིའི་ཚོགས་འཇོམས་པ་ལ་ཕྱག་འཚལ་ལོ། །བུ་གཅིག་པའི་ཕ་ལྟར་བྱམས་པ་ཆེན་པོ་ལ་ཕྱག་འཚལ་ལོ། །ཚེ་རབས་འཆི་འཕོས་གར་འབྱུང་གར་སྐྱེས་ཀྱང་སངས་རྒྱས་ཀྱི་ཞལ་རྟག་ཏུ་མཐོང་ཞིང་སངས་རྒྱས་ཀྱི་བདག་ཉིད་མངོན་པར་རྟོགས་ལ་མྱ་ངན་ལས་འདས་པ་ཆེན་པོར་ཕྱིན་པར་


MR07_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །འདི་དག་གིས་སྡོམ་པའི་རྩ་བ་ཡོངས་སུ་ཉམས་པ་དང་ཉོན་མོངས་པས་འཁྲུལ་པའི་སེམས་ཅན་རྣམས་གྲོལ་ཞིང་ཕན་པ་དང་བདེ་བ་དང་བསོད་ནམས་དཔག་ཏུ་མེད་པ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། སངས་རྒྱས་ཀྱི་བདག་ཉིད་ཀྱང་མངོན་སུམ་དུ་རྟོགས་པར་འགྱུར་རོ། །ཞེས་དང་། ཡང་འཆི་ཀར་དགེ་བའི་བཤེས་གཉེན་འགའ་ཞིག་གིས་དཀོན་མཆོག་གསུམ་གྱི་མཚན་ལན་གསུམ་དུ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མོཿསཾ་གྷཱ་ཡ། ཞེས་དེ་སྐད་དུ་བརྗོད་དུ་བཅུག་ན་མི་འདི་འཆི་འཕོས་ནས་ངན་སོང་གསུམ་དུ་མི་འགྲོ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་ནས་གང་དུ་དད་པ་དེ་དང་དེར་སྐྱེ་བར་འགྱུར་རོ། །སངས་རྒྱས་ཐམས་ཅད་ལ་མཐར་གྱིས་རིམ་གྲོ་བྱེད་པར་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་བར་འགྱུར། འཇམ་དཔལ་དང་ཀུན་ཏུ་བཟང་པོས་ཐེག་པ་ཆེན་པོའི་ཆོས་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པར་བཤད་པའང་ཐོས་པར་འགྱུར། ཐོས་ནས་ཀྱང་དེ་མ་ཐག་ཏུ་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་གང་ཟག་དེ་ཡང་བསྐལ་པ་གྲངས་མེད་པ་ནས་དགེ་བའི་རྩ་བ་ཤིན་ཏུ་བསགས་པས་གདོད་དཀོན་མཆོག་གསུམ་གྱི་མཚན་ཐོས་པ་ཡིན་ནོ། །ཞེས་དང་ཡང་། བཅོམ་ལྡན་འདས་དེ་བཞིན་


MR07_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །སངས་རྒྱས་འདིའི་མཚན་ལན་གཅིག་ཐོས་པ་ཙམ་གྱིས་ཀྱང་ལྷར་སྐྱེ་བ་ཐོབ་སྟེ་ངན་སོང་ཐམས་ཅད་ལས་ཐར་བར་འགྱུར་ཏེ་སྔོན་གྱི་ཚོང་དཔོན་གྱི་བུ་ཆུ་འབེབས་ཞེས་བགྱི་བས་ལུམ་ཆེན་པོའི་ཆབ་སྐམ་སྟེ་ཉ་སྟོང་ཕྲག་བཅུ་ཞིག་ཉི་མས་གདུངས་ནས་འགུམ་པར་ཉེ་བ་ལ་ཆབ་དང་ཟས་སྩལ་ནས། སྙིང་རྗེའི་སེམས་ཀྱིས་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ལན་གསུམ་བརྗོད་པས་ཉ་དེ་དག་ཚེ་འཕོས་མ་ཐག་ཏུ་སུམ་ཅུ་རྩ་གསུམ་གནམ་གྱི་ལྷར་སྐྱེས་སོ། །ཞེས་དང་། ཡང་། སྔ་མ་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲངས་མེད་པ་རྣམས་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཉི་ཟླ་མར་མེ་སྣང་སྟོང་ཕྲག་ཉི་ཤུ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མར་མེ་མཛད་སྟོང་ཕྲག་སུམ་ཅུ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྒྱལ་བུ་བཅུ་དྲུག་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གདོན་མི་ཟ་བའི་འོད་འབུམ་ཕྲག་བརྒྱ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་གྲངས་མེད་པ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་བ་སྤྲུལ་པའི་


MR07_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཐམས་ཅད་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོན་ཏན་ཉི་ཟླ་ལྟར་དང་ཞིང་སྣང་བ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འབྲུག་སྒྲའི་སྤྲིན་གྱི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་སྣང་རྣམ་དག་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རི་རབ་ལྷའི་དབུ་རྒྱན་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲི་མ་མེད་པ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བློ་གྲོས་རྒྱ་མཚོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆགས་པ་མེད་པ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐྱོ་ཡིད་སྤངས་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཆོག་དམ་པ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བྱང་ཆུབ་མེ་ཏོག་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐེ་ཚོམ་རྨུགས་སེལ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མོས་པ་རྣམ་པར་དག་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡོངས་སུ་དགེ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བྱིན་གྱིས་རློབས་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་


MR07_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་དཔག་ཏུ་མེད་པ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་མེད་སྟོབས་ཀྱི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡིད་བཞིན་རྒྱལ་མཚན་མར་མེའི་འོད་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྡོ་རྗེ་སྲ་བརྟན་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐུགས་རྗེའི་སྟོབས་ཀྱི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བྱམས་པའི་སྙིང་པོའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བཀོད་པའི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་མདོག་ཀུན་ཏུ་སྟོན་པའི་འོད་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡེ་ཤེས་འོད་མི་གཡོ་བ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བདུད་ཀྱི་རྒྱལ་པོ་རྣམས་བཏུལ་བ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤེས་རབ་སྟོབས་ཀྱི་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རབ་དགའ་འཁྲུགས་མེད་འོད་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསུང་དབྱངས་ཚད་མེད་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཐོགས་མེད་རྒྱལ་པོ་ལ་གུས་པར་ཕྱག་འཚལ་ལོ། །འདས་པའི་སངས་རྒྱས་གཅིག་


MR07_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཅུ་དང་བརྒྱ་དང་སྟོང་དང་ཁྲི་དང་འབུམ་དང་འབུམ་བཅུ་དང་འབུམ་བརྒྱ་དང་འབུམ་སྟོང་དང་འབུམ་ཁྲི་དང་འབུམ་ཕྲག་ཁྲག་ཁྲིག་བྱེ་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་བགྲང་བ་ལས་འདས་པ་རྣམས་ལ་གུས་པར་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ན་བསྐལ་པ་གྲངས་མེད་པ་ནས་འཁོར་བའི་སྡིག་པ་མི་དགེ་བ་མ་ལུས་པ་འབྱང་བར་འགྱུར་ཞིང་། བསྐལ་པ་ཁྲི་བརྒྱད་ཀྱི་བར་དུ་དམྱལ་བར་མི་ལྷུང་། མི་དགེ་བཅུ་དང་མཚམས་མེད་ལྔ་ལ་ཕྱིན་ཆད་མི་སྤྱོད་ཅིང་། །ཆོས་ཐོས་པ་རྒྱུན་མི་འཆད་ལ་ཐེག་པ་ཆེན་པོའི་ཚུལ་ཁྲིམས་རྫོགས་པ་སོགས་ཕན་ཡོན་ཚད་མེད་པར་གསུངས་སོ། །འདི་ཐར་མདོའི་མཚན་མདོ་ལས་བཏུས་པའོ། །འཕགས་པ་མེ་ཏོག་གི་ཚོགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ཤཱ་རིའི་བུས་ད་ལྟར་བཞུགས་པའི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཞེས་ཞུས་པ་ལས། འདི་ནས་ཤར་ཕྱོགས་སུ་མར་མེ་ཅན་ཞེས་བྱ་བའི་འཇིག་རྟེན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས་ལ་ཕྱག་འཚལ་ལོ། །སངས་རྒྱས་འདིའི་མཚན་ཉན་པ་དང་དད་པ་བྱེད་པ་དེ་དག་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་བདུན་རྣམས་འཛིན་པ་དང་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། བསྐལ་པ་དྲུག་ཅུར་འཁོར་བ་ལ་རྒྱབ་ཀྱིས་


MR07_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་པར་འགྱུར་རོ། །དེའི་མཚན་ཐོས་པར་དགའ་བ་ནི་བསྐལ་པ་དྲུག་ཅུར་འཁོར་བར་མི་འགྱུར་རོ། །སངས་རྒྱས་དེ་ལ་སོགས་པ་ཤར་གྱི་ཕྱོགས་ན་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཚན་རིན་ཆེན་འབྱུང་གནས་ཞེས་བྱ་བ་འཚོ་ཞིང་གཞེས་ལ་ཆོས་སྟོན་པ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དམ་པ་ལ་ཕྱག་འཚལ་ལོ། །འདིའི་མཚན་ཉན་ཞིང་དད་པ་སྐྱེད་ཅིང་ཐལ་མོ་སྦྱར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་ཆེན་སྣ་བདུན་གྱིས་བཀང་སྟེ་སངས་རྒྱས་ལ་ཉིན་གཅིག་བཞིན་དུ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཕུལ་བའི་བསོད་ནམས་དེས་སྔ་མའི་བརྒྱའི་ཆ་དང་གྲངས་སམ་དཔེ་དང་རྒྱུར་ཡང་མི་འགྲོའོ། །འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ན། སངས་རྒྱས་རིན་ཆེན་དམ་པ་གཙོ་བོ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་པས་འདིར་སངས་རྒྱས་འབྱུང་བ་ཡིན་ནོ། །འཇིག་རྟེན་གྱི་ཁམས་སྤོས་ལྡན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་བ་ལ་ཕྱག་འཚལ་ལོ། །འདིའི་མཚན་ཐོས་པ་དག་ནི་བསྐལ་པ་བཅོ་ལྔར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་


MR07_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་སྣང་བ་ལ་ཕྱག་འཚལ་ལོ། །འདིའི་མཚན་ཐོས་ནས་དད་པར་བྱེད་པ་དེ་ངན་སོང་གསུམ་དུ་འགྲོ་བར་མི་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཏོག་གི་རྒྱལ་མཚན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཏོག་ལ་ཕྱག་འཚལ་ལོ། །འདིའི་མཚན་ཐོས་ནས་དད་ན་དེ་དཀོན་མཆོག་དང་འདྲ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་རབ་ཏུ་སྣང་བ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རབ་སྣང་ལ་ཕྱག་འཚལ་ལོ། །འདིའི་མཚན་ཐོས་ནས་ལྷག་པའི་བསམ་པས་མོས་ཤིང་ཕྱག་འཚལ་ན་བསྐལ་པ་ཉི་ཤུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདིའི་མཚན་ཐོས་པ་དང་དད་པ་དེ་དག་ཐམས་ཅད་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་བདུད་སྡིག་ཅན་རྣམས་ཀྱིས་ཀྱང་མི་འཁྲུགས་པར་འགྱུར་རོ། །མི་འཁྲུགས་པ་དེའི་མཚན་དང་ཡོན་ཏན་བརྗོད་པ་ན་བདུད་སྡིག་


MR07_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱིས་ཐོས་ནས་དཔུང་གི་ཚོགས་དང་བཅས་ཏེ་སངས་རྒྱས་ཀྱི་དྲུང་དུ་འོངས་ནས་འདི་སྐད་དུ་སངས་རྒྱས་སྟོང་གི་མཚན་བརྗོད་པ་ནི་མི་མངོན་གྱི་མི་འཁྲུགས་པའི་མཚན་ནི་དེ་ལྟ་མ་ལགས་སོ། །ཅིའི་ཕྱིར་ན་དེ་བདག་གི་ཡུལ་དུ་འགྱུར་བ་མ་ལགས་པས་སོ། །དེས་ན་མཚན་ཉན་པ་དེ་ལ་བདག་གིས་བར་ཆད་བགྱིའོ་ཞེས་གསོལ་པ་ན། སངས་རྒྱས་ཀྱིས་སྡིག་ཅན་ཁྱོད་ཀྱིས་དེ་ལ་བར་ཆད་མི་ནུས་ཏེ་ངས་དེ་བཞིན་གཤེགས་པ་མི་འཁྲུགས་པ་དང་དེ་བཞིན་གཤེགས་པ་གཞན་ལ་གཏད་པས་སངས་རྒྱས་དེ་དག་གིས་དགོངས་ཤིང་བྱིན་གྱིས་རློབ་པར་འགྱུར་རོ། །ཤཱ་རིའི་བུ་ལ་སངས་རྒྱས་ཀྱིས་བཀའ་སྩལ་པ། མི་འཁྲུགས་པ་དེའི་ཡོན་ཏན་ཐོས་ནས་སྤོང་བར་བྱེད་པ་དེ་དག་ནི་དམྱལ་བར་འགྱུར་བའི་ཆོས་དམ་དུ་འཛིན་པ་ཡིན་ནོ། །དེའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་མཐར་གྱིས་བྱང་ཕྱོགས་སུ་ཐེག་པ་ཆེན་པོ་ལ་ཞུགས་པ་དག་གིས་རྒྱས་པར་བྱེད་པར་འགྱུར་བ་ན། སྤོང་བར་བྱེད་པ་དུ་མ་ཡོད་པ་ཡུལ་ཕྱོགས་དང་གང་ཟག་གི་གྲངས་དང་བཅས་པར་ལུང་བསྟན་པར་མཛད་དོ། །སངས་རྒྱས་དང་དེའི་ཆོས་རྣམས་བསམ་གྱིས་མི་ཁྱབ་པས་བདག་གིས་མི་ཤེས་སོ་སྙམ་དུ་ཆོས་ཟབ་མོ་སྤང་བར་མི་བྱ་སྟེ། ཆོས་སྤང་བའི་བསོད་ནམས་ཀྱི་ཕུང་པོ་མ་ཡིན་པ་ཐོབ་པ་དང་། དད་པ་དེ་དག་


MR07_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་ཚད་མེད་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་དཔག་མེད་ལྡན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཆེན་པོ་ལ་ཕྱག་འཚལ་ལོ། །འདིའི་མཚན་ཉན་ཞིང་དད་པ་དེ་དག་སངས་རྒྱས་དང་མི་འབྲལ་ལ་རྫོགས་པའི་བྱང་ཆུབ་ལས་མི་ལྡོག་གོ །འཇིག་རྟེན་གྱི་ཁམས་མེ་ཏོག་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་དཔག་མེད་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་ནས་དད་དེ་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་མཚན་ནས་ལན་གསུམ་བརྗོད་པ་དེ་དག་སངས་རྒྱས་ཀྱི་གསུངས་དབྱངས་དཔག་ཏུ་མེད་པའི་དབྱངས་འཛིན་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་རྡུལ་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རྩི་དབྱངས་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་ནས་མོས་ན་བསྐལ་པ་བཅུ་གཉིས་ཀྱི་བར་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་འདུལ་དཀའ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲགས་པ་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདིའི་མཚན་ཉན་ཅིང་བསྒྲགས་ཤིང་


MR07_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ན་བདུད་སྡིག་ཅན་གྱིས་མི་ཐུབ་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲགས་པ་མཐའ་ཡས་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་ནས་ཐལ་མོ་སྦྱར་ཞིང་ཕྱག་འཚལ་ལོ་ཞེས་སྨྲས་ན་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་ཞིང་རིན་པོ་ཆེའི་ཕུང་པོ་རི་རབ་མཉམ་པ་ལོ་བརྒྱར་བྱིན་པ་བས་བསོད་ནམས་ཆེས་ཁྱད་པར་དུ་འཕགས་སོ། །འཇིག་རྟེན་གྱི་ཁམས་མན་ཤེལ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་སྣང་བ་ལ་ཕྱག་འཚལ་ལོ། །མཚན་འདི་འཛིན་པས་བསྐལ་པ་བཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་ཞིང་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གང་མི་དད་པ་དེ་དག་ནི་མཚམས་མེད་པའི་ལས་བཟུང་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་འོད་གསལ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བ་ཆེན་པོ་ཐོབ་པ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་པས་སེམས་ཅན་ཐམས་ཅད་བདེ་བར་སྒྲོལ་བར་བྱེད་པ་དང་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་འཛིན་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ནོར་བུ་


MR07_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐར་མ་མར་མེ་སྣང་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདིའི་མཚན་ཉན་ནས་དད་པ་དེ་དག་གིས་དེ་བཞིན་གཤེགས་པའི་སྟོབས་རབ་ཏུ་འཛིན་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་བདེ་ལྡན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེན་པའི་དབྱངས་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་པ་ཐམས་ཅད་བླ་མེད་བྱང་ཆུབ་ཐོབ་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་གསེར་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མེད་མཐའ་ཡས་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་ནས་དད་པ་སྐྱེས་པས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་ཆེན་སྣ་བདུན་གྱིས་བཀང་སྟེ་སྦྱིན་པ་བྱིན་པ་བས་བསོད་ནམས་མང་དུ་འཕེལ་ལོ། །བསོད་ནམས་ཆུང་ངུས་མཚན་འདི་ཐོས་པར་མི་ནུས་ཏེ། སངས་རྒྱས་བརྒྱ་ལ་དགེ་བའི་རྩ་བ་བསྐྱེད་པས་ཐོས་པ་ཡིན་ཞིང་། བསྐལ་པ་ལྔ་བཅུ་རྩ་བརྒྱད་ཀྱི་བར་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དབྱངས་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་


MR07_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ལྟར་དཀར་བ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་པ་ཐམས་ཅད་ཀྱི་ཆོས་དཀར་པོ་ཡང་ཟླ་བ་ལྟ་བུར་འགྱུར་ཞིང་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཉི་མ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་འོད་ལ་ཕྱག་འཚལ་ལོ། །ཟླ་འོད་ཀྱི་མཚན་ཉན་ཅིང་ཐོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་དེ་བཞིན་གཤེགས་པ་ཟླ་འོད་ལ་ཕྱག་འཚལ་ལོ་ཞེས་ལན་གསུམ་བརྗོད་པ་དང་གང་གི་ཆེད་དུ་རྗོད་པར་བྱེད་ན་མྱུར་དུ་བླ་མེད་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པའི་འོད་ལ་ཕྱག་འཚལ་ལོ། །མཚན་འདི་ལྷ་ཀླུ་མི་གང་དག་ཉན་པ་དེ་དག་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་དག་ལོག་པར་ལྟུང་བའི་འཇིགས་པར་དོགས་པར་མི་བྱའོ། །འཇིག་རྟེན་གྱི་ཁམས་བཻཌཱུརྱའི་སྣང་བ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དག་པ་


MR07_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་ལོ། །མཚན་འདི་ལྷ་ཀླུ་མི་དང་དྲི་ཟ་ལ་སོགས་པས་ཉན་པ་དེ་ཐམས་ཅད་མིར་འགྱུར་བ་ཐོབ་པར་བྱེད་དོ། །ཆགས་སྡང་གཏི་མུག་སྦྱོང་བར་འགྱུར་ལ། མཚན་ཐོས་པའི་དགེ་རྩ་ལ་མ་དད་པས་དེ་ལྟར་ག་ལ་འགྱུར་ཞེས་སྨྲ་ན། ལོ་སྟོང་ཕྲག་དྲུག་ཅུར་དམྱལ་བ་འོ་དོད་འབོད་པ་ཞེས་བྱ་བར་བཙོ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ལེགས་པར་ཐོབ་པ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་འདི་རྗེས་སུ་དྲན་ན་དེ་དག་གི་ཆོས་དཀར་པོ་ཉི་མའི་དཀྱིལ་འཁོར་ལྟ་བུར་འགྱུར་ཏེ། བདུད་ཀྱི་སྡེ་དང་མུ་སྟེགས་ཐམས་ཅད་ཀྱང་རྣམ་པར་འཇིགས་པར་བྱེད་ཅིང་། བསྐལ་པ་སུམ་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་བྱང་ཆུབ་ཡན་ལག་རབ་ཏུ་བརྒྱན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མཐའ་ཡས་ལ་ཕྱག་འཚལ་ལོ། །སངས་རྒྱས་འདིའི་མཚན་ཉན་པས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཐོབ་པ་དང་། སེམས་ཅན་ཡང་དཀོན་མཆོག་དམ་པ་ལ་འགོད་


MR07_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་ཅིང་། དེ་ཉིན་མཚན་དུ་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་པདྨོ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདིའི་མཚན་ཉན་ཅིང་དད་པ་སྐྱེད་ན་འཇིག་རྟེན་དེ་དག་པདྨོ་དང་འདྲ་བར་འགྱུར་ཏེ། དགེ་བའི་ཆོས་ཀྱིས་མངོན་པར་འཕགས་པར་འགྱུར་རོ། །པདྨོ་ལ་ཆུ་མི་ཆགས་པ་བཞིན་དུ་བསྐལ་པ་ལྔ་བཅུ་རྩ་ལྔར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་མྱ་ངན་དང་གནོད་པ་ཐམས་ཅད་ལས་འདས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡན་ལག་བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདིའི་མཚན་ཉན་པ་དེ་ཐམས་ཅད་ཀྱིས་སྲིད་པའི་ཆུའི་རྒྱ་མཚོ་ཆེན་པོ་ལས་འཇིག་རྟེན་གྱི་ཁམས་མྱ་ངན་དང་གནོད་པ་ཐམས་ཅད་ལས་སྒྲོལ་བ་ཞེས་བྱ་བར་སྒྲོལ་བར་བྱེད་ཅིང་། འཇིག་རྟེན་ཐམས་ཅད་ཀྱི་སྦྱིན་གནས་སུ་འགྱུར་བར་བྱེད། ཐོས་ནས་དད་པ་དེ་དག་མེ་ཏོག་དང་འདྲ་བར་འགྱུར་ཏེ་འཇིག་


MR07_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཐམས་ཅད་ཀྱི་སློབ་དཔོན་དུ་འགྱུར་རོ། །མཐུ་བོ་ཆེའི་ལུས་ལྟར་མཁྲེགས་པ་དང་། བླ་མེད་བྱང་ཆུབ་ལས་མི་ལྡོག་པ་དང་། བུད་མེད་གང་གིས་ཐོས་ནས་དད་ན་བུད་མེད་ལས་འགྱུར་བས་རིགས་ཀྱི་བུའམ་བུ་མོས་སེམས་བསྐྱེད་དེ་མཚན་འདི་ཉན་པར་བྱའོ། །འཇིག་རྟེན་གྱི་ཁམས་སྙིང་པོ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འོད་དམ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདིའི་མཚན་ཉན་ཞིང་དད་པས་སངས་རྒྱས་ཀྱི་འོད་དང་སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཕན་ཡོན་རྣམས་ཀྱང་ཐོབ་པར་འགྱུར། བསྐལ་པ་བཅུ་གཉིས་སུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ལ་དད་པ་དང་བསོད་ནམས་རྒྱ་ཆེ་ཞིང་དེ་བཞིན་གཤེགས་པའི་བསྟན་པར་བྱང་ཆུབ་ཏུ་སེམས་བསྐྱེད་པས་མཚན་འདི་ཐོས་པར་འགྱུར་གྱི་བསོད་ནམས་ཆུང་ངུས་འདི་ཐོས་པར་མི་ནུས་སོ། །འཇིག་རྟེན་གྱི་ཁམས་མུ་ཏིག་གི་དྲྭ་བ་ཡོངས་སུ་དག་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པའི་


MR07_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདིའི་མཚན་ཐོས་ཤིང་དད་པས་ཐལ་མོ་སྦྱར་བ་དེ་དག་སངས་རྒྱས་དང་མི་འབྲལ་ཞིང་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱེད་པར་འགྱུར་ཏེ་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ །འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ལྟར་སྣང་བ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་པ་དེ་དག་ཐ་ན་རྨི་ལམ་ན་ཡང་ཆོས་ཀྱི་རང་བཞིན་མིག་ཡོར་དང་འདྲ་བར་རྒྱ་ཆེར་སྟོན་པར་འགྱུར་རོ། །ལོག་པར་མི་ལྟུང་། བསོད་ནམས་ཆེན་པོ་དང་ལྡན། སེམས་ཅན་ཚད་མེད་པ་རྣམས་ལ་ཡང་བདེ་བ་དང་ཡིད་བདེ་བ་བྱེད་པར་འགྱུར། འཇིག་རྟེན་འཛིན་པར་བྱེད། ཐེག་པ་ཆེན་པོས་ངེས་པར་འབྱུང་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་མེ་སྒྲོན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་འབྱུང་གནས་ལ་ཕྱག་འཚལ་ལོ། །སངས་རྒྱས་འདིའི་སྔོན་བདག་སངས་རྒྱས་པའི་ཞིང་དུ་སྐྱེ་བར་འགྱུར་བ་དང་། འཇིག་རྟེན་ཁམས་གཞན་གྱི་སེམས་ཅན་གང་གིས་བདག་


MR07_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གི་མིང་ཐོས་པ་དེ་ཐམས་ཅད་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱའོ་ཞེས་དམ་བཅས་པ་རྫོགས་པའི་ཕྱིར་རོ། །འཇིག་རྟེན་གྱི་ཁམས་སྦྲང་རྩི་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུའི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་པས་ཀླུའི་ལྕེ་འབབ་པའམ་སེར་བའམ་ནད་དང་གནོད་པ་ནད་འགོ་བ་སོགས་ཐམས་ཅད་ཞི་བ་དང་། ཀླུའི་སྐྱེ་གནས་ལས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་དང་བླ་མེད་བྱང་ཆུབ་ལས་མི་ལྡོག་ཅིང་བསོད་ནམས་ཀྱི་ཕུང་པོ་དཔག་མེད་ལྡན་ཞིང་སངས་རྒྱས་ཀྱི་ཡེ་ཤེས་རྙེད་མི་དཀའོ། །འཇིག་རྟེན་གྱི་ཁམས་ཟླ་བ་ལྟ་བུ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཐམས་ཅད་ཀྱི་དྲིའི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདིའི་མཚན་ཐོས་པས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཚུལ་ཁྲིམས་ཀྱི་སྤོས་ཀྱི་ངད་ལྡང་བར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་ཏེ་སངས་རྒྱས་དེའི་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཡིན་ནོ། །དེའི་ཕྱིར་ལྷག་པའི་བསམ་པས་དད་པར་བྱ་སྟེ། དད་པ་དེ་ནི་དོན་ཆེན་པོ་དང་ལྡན་ཞིང་


MR07_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དད་པ་གཅིག་གིས་གང་འདོད་པ་ཐོབ་པར་འགྱུར་ལ། དད་པས་ཐལ་མོ་སྦྱར་ཏེ་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་སྨྲས་ནས་བྱམས་པ་ལ་གནས་པར་བྱས་པས་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་ལ། བསྐལ་པ་བཅུ་བཞིར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་སྐར་མའི་རྒྱལ་པོ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་ནས་མ་དད་པས་འཕྱ་བ་དང་སྟིང་བ་དེ་དག་ནི་ལོ་སྟོང་ཕྲག་དྲུག་ཅུར་དམྱལ་བ་བསྡུས་གཞོམ་དུ་བཙོ་བར་འགྱུར། མ་དད་དོ་ཞེས་ཚིག་ཏུ་སྨྲས་པས་ལོ་སྟོང་ཕྲག་བདུན་དུ་ཡི་དྭགས་མེ་འདག་ཟ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་སྟོབས་ལྡན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆས་ཉོན་མོངས་པ་སེལ་བ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་པ་ཐ་ན་རྨི་ལམ་གྱི་ཚེ་ན་ཡང་རྡོ་རྗེ་ལྟ་བུར་འགྱུར། བདུད་དང་བདུད་ཀྱི་འཁོར་གྱིས་གདུལ་དཀའ་བར་འགྱུར། གཡུལ་ཆེན་པོ་ལས་


MR07_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྒྲོལ་བར་བྱེད། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་བོ། །རིགས་ཀྱི་བུ་གང་དག་མཚན་འདི་དྲན་པ་ཙམ་གྱིས་དད་པ་བསྐྱེད་པ་དང་དགའ་བར་བྱེད་པ་དེ་དག་བྱང་ཆུབ་ཀྱི་ཕྱིར་སྤྱད་པ་སྤྱོད་པ་ན། དེས་དེ་བཞིན་གཤེགས་པ་མཐོང་བ་དང་མཐར་ཕྱིན་པ་ཤེས་པར་བྱ་སྟེ། བྱང་ཆུབ་ལས་མི་ལྡོག་པར་བྱ་བ་དང་། རྒྱ་ཆེར་རབ་ཏུ་དགའ་བར་བྱའོ། །མཚན་འདི་རྣ་ལམ་དུ་གྲགས་ཤིང་དགའ་བ་བསྐྱེད་ན། སེམས་ཅན་མང་པོའི་དོན་བྱེད་པར་འགྱུར་ཏེ་དེ་ལྟར་རྫུ་འཕྲུལ་ཆེའོ། །དེ་བཞིན་གཤེགས་པའི་མཚན་ཉན་ཅིང་ཐོས་ནས་མོས་པར་བྱེད་པའི་བསོད་ནམས་ཕྱོགས་ཙམ་བཤད་ན། འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེས་བཀང་སྟེ་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་ཉིན་རེ་ཞིང་ཕུལ་བ་དེ་ལྟར་གངྒཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་བསྐལ་བར་ཕུལ་བའི་བསོད་ནམས་དེས་མཚན་ཐོས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོའི་འདིའི་ཆ་འགའ་ཙམ་དུ་ཡང་བརྗོད་པར་མི་བྱའོ། །གང་ལ་ལ་ཞིག་གིས་མཚན་འདི་མཉན་པའི་ཕྱིར་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་བྱིན་ཀྱང་བསོད་ནམས་དེས་འདི་ཐོས་པར་མི་ནུས་ཏེ། ཅི་ཡི་ཕྱིར་ན་བསོད་ནམས་མ་བྱས་


MR07_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་ཐོས་ན། དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་པ་རྣམས་དང་། ལྷ་ཚེ་རིང་པོ་རྣམས་ཀྱིས་ཀྱང་ཐོས་པ་དང་ཡོན་ཏན་བརྗོད་ཤེས་པར་འགྱུར་ཏེ། དེ་དག་བསོད་ནམས་དེ་སྙེད་དང་ལྡན་པར་འགྱུར་བས་སོ། །འཇིག་རྟེན་གྱི་ཁམས་དཔལ་ལྡན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོར་སྣང་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་དེའི་མཚན་ཉན་པ་དང་། ལྷག་པའི་བསམ་པས་མོས་པ་ཐམས་ཅད་བསོད་ནམས་དཔག་ཏུ་མེད་པ་འཛིན་པ་དང་། ངན་སོང་གིས་མི་འཇིགས། སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་སངས་རྒྱས་ཀྱི་ཐེག་པས་བླ་མེད་བྱང་ཆུབ་ཏུ་མྱ་ངན་ལས་འདའ་ཞིང་ཐེག་པ་ཆེན་པོའི་བདེ་བ་དང་ཡིད་བདེ་བ་དང་ལྡན་པར་འགྱུར་ལ། ལྷ་མིར་འཁོར་བ་ན་ཡང་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཆེན་པོས་མྱ་ངན་ལས་འདའ་བར་འགྱུར། བསྐལ་པ་གངྒཱའི་ཀླུང་གི་བྱེ་སྙེད་དུ་ལོག་པར་མི་ལྟུང་། སངས་རྒྱས་ལ་དགེ་རྩ་བསྐྱེད་པ་ནི་བསམ་གྱིས་མི་ཁྱབ་སྟེ། མཚམས་མེད་བྱེད་པ་དང་འཕགས་པ་ལ་སྐུར་པ་འདེབས་པ་མ་གཏོགས་སོ། །


MR07_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཀྱང་ཡུན་རིང་པོ་འདས་ནས་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྡོང་དུམ་ལའང་གནོད་སེམས་བསྐྱེད་པར་མི་བྱ་ན་མིར་གྱུར་པ་ལ་ལྟ་ཅི་སྨོས། དེ་ལ་ཞེ་སྡང་བས་དམྱལ་བ་ཆེན་པོའི་སྡུག་བསྔལ་དུ་མ་ཐོབ་ན། སངས་རྒྱས་ཀྱི་བསྟན་པར་མོས་པ་ལ་ལྟ་ཅི་སྨོས། དེ་བཞིན་གཤེགས་པ་ཡེ་ཤེས་མཐའ་ཡས་པ་དང་ལྡན་པ་ལ་ཞེ་སྡང་བསྐྱེད་པའི་སྐྱེས་བུ་གླེན་པ་དེ་བསྐལ་པ་བྱེ་བ་བརྒྱ་སྟོང་དུ་ཡང་དེ་ལས་ལྡང་བ་མེད་ཅིང་སྡུག་བསྔལ་བར་འགྱུར་རོ། །གཉིས་མེད་གསུང་པའི་ཆོས་ཚུལ་རྣམ་པར་དག་པ་སྤོང་བར་མི་བྱེད་པ་དེ་ཐམས་ཅད་ཕྱིར་མི་ལྡོག་པར་བྱས་ནས་གདོད་སངས་རྒྱས་ཀྱི་ཡེ་ཤེས་སུ་འགྱུར་རོ་ཞེས་དེ་ལྟར་སེམས་བསྐྱེད་པར་བྱའོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོའི་སྤོས་ཀྱིས་བདུགས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་དཔག་མེད་སྣང་བ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་ནས་ལྷག་པའི་བསམ་པས་དད་ན་བླ་མེད་བྱང་ཆུབ་ལས་མི་ལྡོག་སངས་རྒྱས་ཐོབ་ནས་ཀྱང་བ་སྤུའི་གསེབ་ཐམས་ཅད་ནས་དྲི་ཡིད་དུ་འོང་བ་ཕྱོགས་སུ་སྣང་བར་བྱེད་དོ། །ཤེས་རབ་དམན་པས་ཡེ་ཤེས་


MR07_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འདི་ལ་སྨོན་མི་ནུས་ལ་ཤེས་རབ་རྒྱ་ཆེ་བ་དག་གིས་ཐོས་ནས་དད་པར་འགྱུར་ཏེ། སངས་རྒྱས་གཞན་དག་ལས་བསྐལ་པ་དུ་མར་ཤེས་རབ་ཡང་དག་པར་བསྒྲུབ་པར་འགྱུར་རོ། །བསྐལ་པ་བཞི་བཅུ་རྩ་ལྔར་འཁོར་བར་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཞིང་། འདི་ལ་དད་པ་དེ་དག་ཤེས་རབ་ཟླ་བ་ལྟ་བུ་དང་ལྡན་པ་དང་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་གནས་སུ་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཀླུ་དང་ལྡན་པ་སྣང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་འདིའི་མཚན་ཐོས་ཤིང་ཚུལ་ཁྲིམས་རྗེས་སུ་དྲན་པ་དང་མོས་པ་དང་ཡིད་ཆེས་པར་བྱེད་ན། དེ་ཐམས་ཅད་དགེ་བའི་ཆོས་རྣམས་ལས་མི་བསྐྱོད་པ་དང་། བསྐལ་པ་ཉི་ཤུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །བུད་མེད་གང་གིས་ཐོས་པ་དེ་མཚན་འགྱུར་ཞིང་འཇིག་རྟེན་ན་མཆོད་རྟེན་དང་འདྲ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཡང་གར་བ་ཏི་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐུ་ཆེན་པོའི་བརྩོན་འགྲུས་ཀྱིས་ངེས་པར་


MR07_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་ཅིང་དད་པས་ཐལ་མོ་སྦྱོར་ན། འཁོར་བར་ཚེ་རབས་གཞན་དུ་དེ་དག་མི་རྨོངས་པ་དང་། བདུད་དང་མུ་སྟེགས་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ལ་མཚོན་ཆ་སྲ་བར་འགྱུར་རོ། །བསྐལ་པ་ཉི་ཤུ་རྩ་ལྔར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་རྒྱ་མཚོ་རབ་ཏུ་གནས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྙིང་པོ་ཟིལ་གྱིས་གནོན་པ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་ཞིང་དད་པ་དེ་ཐམས་ཅད་སྙིང་པོ་ལ་རབ་ཏུ་གནས་པ་དང་ཐེག་པ་མཆོག་ཐོབ་པར་འགྱུར་ཞིང་། འདི་ལྟར་ཆོས་སྦྱིན་ཐོབ་པའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་སྣང་བ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྔ་དབྱངས་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་ཞིང་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ་ཞེས་ཟེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་ཆེན་སྣ་བདུན་གྱིས་བཀང་སྟེ་རང་སངས་རྒྱས་ལ་ཉིན་བཞིན་བསྐལ་པ་


MR07_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

གངྒཱའི་ཀླུང་གི་བྱེ་སྙེད་དུ་བྱིན་པའི་བསོད་ནམས་ཀྱི་ཕུང་པོའི་ཆ་ཙམ་བསྒྲུན་དུ་མེད་དོ། །འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་བླ་མ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་པས་ལྷ་ཀླུ་གནོད་སྦྱིན་མི་ལ་སོགས་པ་ཐམས་ཅད་མི་དགེ་བའི་ཆོས་ཀྱིས་མི་གོས་ཤིང་འཇིག་རྟེན་ན་པདྨ་ལྟ་བུར་འགྱུར་རོ། །བུད་མེད་གང་དག་ཉན་པ་དང་དད་པ་དང་ལྷག་པའི་བསམ་པས་མོས་པར་བྱེད་ན་བུད་མེད་ཀྱི་ལུས་ཀྱི་ཐ་མར་འགྱུར་རོ། །གང་ཡིད་མི་ཆེས་ཤིང་སྡོང་ན་དེས་སངས་རྒྱས་ཀྱི་སྟོབས་སྤངས་པར་འགྱུར་ཏེ་བསྐལ་པ་ཉི་ཤུར་མཚམས་མེད་པའི་དམྱལ་བར་བཙོ་བར་འགྱུར་རོ། །སངས་རྒྱས་ཀྱི་བསམ་མི་ཁྱབ་ལ་དད་མོས་བྱེད་ན། དེ་ཉིད་ཀྱིས་བསྐལ་པ་བཅུ་དགུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཙནྡན་གྱི་ཀ་བ་རབ་ཏུ་གནས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཟིལ་གྱིས་གནོན་པ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་ཞིང་དད་པ་སྐྱེད་ན་འཇིག་རྟེན་ན་ངོ་མཚར་དུ་འགྱུར་ཏེ། སངས་རྒྱས་པ་ན་སངས་རྒྱས་ཀྱི་ཞིང་དག་ཅིང་མི་ཁོམས་པ་བརྒྱད་མེད་པར་སེམས་ཅན་རྣམས་ཤིན་ཏུ་བདེ་བ་དང་


MR07_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཏེ། སངས་རྒྱས་དེའི་སྔོན་བྱང་ཆུབ་སེམས་དཔའི་དུས་ཀྱི་སྨོན་ལམ་གྱི་དབང་གིས་ཡིན་ནོ། །འཇིག་རྟེན་གྱི་ཁམས་འཛམ་བུའི་ཆུ་བོ་རབ་ཏུ་གནས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་སྒྲོན་མ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་ན་མཚམས་མེད་པའི་ལས་དང་འཕགས་པ་ལ་སྐུར་པ་འདེབས་པ་མ་གཏོགས་བར་དེ་ཐམས་ཅད་ངན་སོང་གི་གཞི་ལས་ཐར་བར་འགྱུར་ཞིང་དཀོན་མཆོག་དམ་པ་ཐོབ་པའི་རྒྱུར་འགྱུར་རོ། །གང་དག་མཚམས་མེད་པའི་ལས་བྱེད་པ་དང་། འཕགས་པ་ལ་སྐུར་པ་འདེབས་པས་ཐོས་ན་ཡང་དེའི་ལས་ཟད་ནས་མཐར་གྱིས་སངས་རྒྱས་སུ་འགྱུར་ཞིང་བསྐལ་པ་ཉི་ཤུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་འོད་གསལ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་མེ་ཞེས་བྱ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱི་ཞིང་དེ་ནི་ལག་མཐིལ་ལྟར་མཉམ་ལ་པདྨོ་ལྟར་སྣང་བས་འོད་གསལ་ཞེས་བྱ་ལ། འཇིག་རྟེན་ན་མུན་པའི་ནང་ན་མེའི་ཕུང་པོ་ལྟར་གཟི་བརྗིད་འབར་ཞིང་ལྷང་ངེར་ཆོས་སྟོན་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དབྱངས་ཀྱིས་གོ་བར་མཛད་དེ། གང་ཡང་


MR07_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གསེར་གྱི་སྤང་ལེབ་ཀྱིས་གཡོགས་པ། ཤིང་ཐམས་ཅད་གོས་ཀྱིས་བརྒྱན་ནས་སངས་རྒྱས་གངྒཱའི་ཀླུང་གི་བྱེ་སྙེད་གྲངས་མེད་ལ་ཉིན་རེ་ཞིང་བསྐལ་པ་གངྒཱའི་ཀླུང་གི་བྱེ་སྙེད་དུ་ཕུལ་བའི་བསོད་ནམས་ཀྱིས་མཚན་འདི་ཐོས་པའི་བསོད་ནམས་ཀྱི་ཕུང་པོའི་ཆ་ཙམ་ཡང་འགྲན་དུ་མེད་དོ། །ཐོས་ནས་དགའ་བས་ནན་ཏན་བྱས་པས་བསྐལ་པ་དྲུག་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །བླ་ན་མེད་པའི་སངས་རྒྱས་ཀྱི་ཞིང་ཡང་འཛིན་པར་འགྱུར་རོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་ཀུན་ཏུ་བཀོད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་རྨད་ཞེས་བྱ་བ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་སངས་རྒྱས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟག་པར་ཡོངས་སུ་མྱ་ངན་ལས་འདས་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་རི་རབ་ཀྱི་ངོས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟུག་རྔུ་མེད་པའི་བློ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ཕོངས་པ་དང་བྲལ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པ་ཚད་མེད་པར་སྣང་བ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་གོས་ཀ་ཙ་ལིན་ད་


MR07_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རེག་ན་འཇམ་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་མཉམ་པ་དམ་པའི་དཔལ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་གླང་པོ་དམ་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་རིན་པོ་ཆེ་འབྱུང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་འདུས་པའི་དཔལ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་རྣམ་པར་མ་དག་པ་དང་བྲལ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱིར་མི་ལྡོག་པའི་འཁོར་ལོ་རིན་པོ་ཆེ་རྟག་ཏུ་དོན་དཔལ་ཞེས་བྱ་བ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་གནས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་རྣམ་པར་སྣང་མཛད་རྣམ་པར་དག་པ་ཐོབ་པ་ལ་ཕྱག་འཚལ་ལོ། །དེ་ལྟར་ཤར་ཕྱོགས་ན་དེ་ལ་སོགས་པ་ཚད་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །སོར་བཅུའི་ཐལ་མོ་སྦྱར་ཏེ་དེ་རྣམས་ཀྱི་མཚན་བཟུང་ཞིང་། དེ་དག་ལ་ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་བརྗོད་པར་བྱའོ། །ཤར་ཕྱོགས་


MR07_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སངས་རྒྱས་དེ་དག་གི་མཚན་བརྗོད་པས་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པར་འགྱུར་རོ། །ལྷོ་ཡི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གྲོལ་བ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་སྒྲོན་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་དེའི་མཚན་ཉན་ཞིང་དད་པས་སྤུ་ཟིང་བྱེད་པ་དང་མཆི་མ་བླགས་ན་དེ་དག་གིས་སངས་རྒྱས་དེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་གིས་མཐོང་ངོ་སྙམ་དུ་རྟོགས་པར་བྱའོ། །བུད་མེད་ཀྱིས་ཀྱང་ཐོས་ན་བདག་བུད་མེད་ཀྱི་ལུས་ཀྱི་ཐ་མར་འགྱུར་རོ་སྙམ་དུ་དགའ་བར་བྱ་སྟེ། དེ་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། །སེམས་ཅན་ཇི་སྙེད་ཀྱིས་ཐོས་པ་དེ་ཐམས་ཅད་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག །སེམས་ཅན་འདི་དག་ལ་ཇི་ལྟ་བ་བཞིན་དུ་སེམས་ཅན་དེ་དག་ལ་སྒྲིབ་པར་མི་འགྱུར་ཏེ། མི་མཇེད་འདི་ན་གང་ཡོད་པ་དེ་དག་ཀྱང་རྩིས་པ་ཆེན་པོ་སུས་ཀྱང་རྩི་བར་བྱ་སླ་བ་མ་ཡིན་ནོ། །འཇིག་རྟེན་གྱི་ཁམས་ཇི་སྙེད་དུ་དེའི་མཚན་གྲགས་པ་དེར་བདུད་སྡིག་ཅན་བར་ཆད་བྱེད་པར་མི་འགྱུར་ཏེ། མཚན་འདི་ཐོས་ཤིང་དད་པ་དེ་དག་གི་མཐའ་རྟོགས་པར་བྱ་སླ་བ་མ་ཡིན་ནོ། །དུས་ཕྱི་མར་མཚན་འདི་བརྗོད་པའི་


MR07_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ལ་མོས་པའི་སེམས་ཅན་ནི་ཨུ་དུམ་ཝཱ་རའི་མེ་ཏོག་དང་འདྲ་སྟེ། འཇིག་རྟེན་གྱི་སྦྱིན་པར་འོས་པར་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་དཔག་མེད་དང་ལྡན་ཞིང་རྣམ་པར་ལྟུང་བའི་འཇིགས་པ་མི་འབྱུང་སངས་རྒྱས་དང་མི་འབྲལ། འཇིག་རྟེན་ཐམས་ཅད་ལས་བྱེ་བྲག་ཏུ་འཕགས་ཤིང་སངས་རྒྱས་ཀྱིས་ཆོས་སྟོན་ལ་སེམས་ཅན་མང་པོའི་དོན་བྱེད་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་བསམ་པ་ཐག་པ་ནས་འཛིན་ཅིང་བསྐལ་པ་བརྒྱར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །གང་མ་དད་པ་དེ་དག་ལ་བྱེ་བ་དྲུག་ཅུར་དམྱལ་བ་ཆེན་པོའི་ཚོར་བ་མྱོང་བར་འགྱུར་ཏེ། གང་དུ་བསྟན་པ་འབར་བ་དེ་ན་དམ་ཆོས་སྤོང་བའི་བླུན་པོ་མང་ངོ་། །དེ་བས་ན་ཆོས་འདི་མི་སྤོང་བ་དེ་དག་གིས་བདག་ངན་སོང་ཐམས་ཅད་ལས་ཐར་སྙམ་ནས་དགའ་བར་བྱ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་འདི་རིན་པོ་ཆེས་གང་བར་བྱས་ནས་མཚན་འདི་མཉན་པར་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་གནས་པར་འདོད་པས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་གྲངས་མེད་པ་རིན་པོ་ཆེས་གང་བར་བྱས་ནས་ཀྱང་མཉན་པར་བྱའོ། །འཇིག་རྟེན་གྱི་ཁམས་ཚུལ་ཁྲིམས་ཀྱི་འོད་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་


MR07_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་པས་ཐ་ན་རྨི་ལམ་ན་ཡང་འཕགས་པ་ལ་སྐུར་བ་འདེབས་པར་མི་འགྱུར། ལྷག་པའི་བསམ་པ་ཡང་དག་པར་འགྱུར། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། རྨི་ལམ་ལྟ་བུར་མྱུར་དུ་རབ་ཏུ་ཤེས་པ་དང་། བསྐལ་པ་བརྒྱད་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་གཟུགས་གསེར་མདོག་བཟང་པོ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་མངོན་པ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་པ་དང་རྒྱུན་མི་འཆད་པར་འཛིན་པ་དེ་དག་བསྐལ་པ་བཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་སྣང་བ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་འདྲ་བ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་ནས་ཐ་ན་སེ་གོལ་གཏོགས་པ་ཙམ་ཡང་རི་མོར་བསྐྱེད་ནས་ཡིད་ལ་བྱེད་ན། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འཛམ་བུ་ཆུ་བོའི་གསེར་གྱི་སྤང་ལེབ་བཏིང་ནས་སྦྱིན་པ་བྱིན་པ་བས་བསོད་ནམས་ཀྱི་


MR07_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་ཁྱད་པར་འཕགས་སོ། །དེ་ལྟར་སངས་རྒྱས་ཀྱི་སྒྲ་ནི་མཐུ་ཆེན་པོ་ཡིན་ཏེ། སངས་རྒྱས་བཞུགས་པའམ་འདས་ནས་སྐུ་གདུང་ལ་མཆོད་པར་བྱེད་པ་ལྟ་ཅི་སྨྲོས། འཇིག་རྟེན་གྱི་ཁམས་སྟོབས་ཀྱི་ཤུགས་ཐམས་ཅད་ཐོབ་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་སྤོས་ཞེས་བྱ་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདིའི་བ་སྤུའི་ཁུང་བུ་ཐམས་ཅད་ནས་དྲི་ཡིད་དུ་འོང་བས་ཕྱོགས་བཅུའི་འཇིག་རྟེན་གངྒཱའི་ཀླུང་གི་བྱེ་སྙེད་ཁྱབ་ཅིང་དྲི་སྣོམས་པ་དང་མཚན་ཐོས་པ་དེ་ཐམས་ཅད་བྱང་ཆུབ་ཐོབ་པའི་ཚེ་སྤུའི་ཁུང་བུ་ནས་དྲི་ཡིད་འོང་འབྱུང་བར་སྔོན་སྨོན་ལམ་བཏབ་བོ། །གང་གིས་ཞག་བདུན་དུ་ཟས་མ་ཟོས་ཀྱང་མཚན་ཉན་པ་དེ་ལྟ་བུ་ནི་ཡོན་ཏན་ཡོངས་སུ་བརྗོད་པར་འགྱུར་རོ། །དེ་ཙམ་ན་དེ་ཐོས་མ་ཐག་ཏུ་བསོད་ནམས་ཚད་མེད་པ་ཡོངས་སུ་འཛིན་པར་འགྱུར་རོ། །མཚན་འདིར་དགའ་བ་དེ་དག་ལ་བདུད་ཀྱིས་གླགས་མི་རྙེད་དེ་སངས་རྒྱས་ཀྱིས་དགོངས་པའི་ཕྱིར་ཏེ་རྫོགས་པའི་བྱང་ཆུབ་མ་སྤངས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེའི་བསོད་ནམས་ཀྱི་ཚོགས་གང་ཡོད་བཤད་ན་སེམས་ཅན་རྣམས་མྱོས་པར་འགྱུར་ཏེ་མོས་པར་དཀའོ། །མཚན་ཐོས་ནས་


MR07_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་དེ་དག་ཡེ་ཤེས་དང་ལྡན་པས་དགོངས་ཏེ་གསུང་བ་ལ་འཇུག་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་བཅུ་རིན་ཆེན་སྣ་བདུན་གྱིས་གང་བར་བྱས་ཏེ། ཚད་མེད་པའི་སངས་རྒྱས་ལ་བསྐལ་པ་ཚད་མེད་པར་ཕུལ་བའི་བསོད་ནམས་ཀྱི་ཕུང་པོ་ནི་བརྗོད་དུ་མེད་ཀྱང་། གང་གིས་ཚད་མེད་པའི་དེ་བཞིན་གཤེགས་པ་རྗེས་སུ་དྲན་ནས་ཡན་ལག་ལྔས་ཕྱག་བྱས་པའི་བསོད་ནམས་ཀྱི་ཕུང་པོ་ནི་དེ་བས་ཆེས་ཚད་མེད་དོ། །བསྐལ་པ་བརྒྱར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དྲི་མ་མེད་པའི་འོད་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་ཡོངས་སུ་དག་པ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་ནས་སེ་གོལ་གཏོགས་པ་ཙམ་དུ་བྱམས་པ་བསྒོམ་ཞིང་དགེ་རྩ་དེས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་དང་ལྡན་པར་སྨོན་ན། དེའི་བསོད་ནམས་ནི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་སྙེད་རིན་ཆེན་སྣ་བདུན་གྱིས་བཀང་སྟེ། གངྒཱའི་ཀླུང་གི་བྱེ་སྙེད་ཀྱི་སངས་རྒྱས་ལ་ཉིན་རེ་ཞིང་བསྐལ་པ་གངྒཱའི་ཀླུང་གི་བྱེ་སྙེད་དུ་ཕུལ་བའི་བསོད་ནམས་ལས་ཆེས་ཁྱད་པར་དུ་འཕགས་པར་འགྱུར་ཏེ་བསོད་ནམས་སྔ་མས་


MR07_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཐོབ་པའི་ཕྱིར་རོ། །ཆོས་ཀྱི་སྦྱིན་པ་ནི་བླ་མེད་བྱང་ཆུབ་དང་ཉེ་བར་གྱུར་པ་ཡིན་པས་ཆོས་ཀྱི་སྦྱིན་པ་ལ་གཟུང་བར་བྱ་ཡི་ཟང་ཟིང་ལ་མ་ཡིན་ནོ། །བསྐལ་པ་བརྒྱད་ཅུའི་བར་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཆོས་ལྡན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་བླ་མ་ལ་ཕྱག་འཚལ་ལོ། །དེའི་མཚན་ཉན་ཞིང་དད་པ་དང་ཐལ་མོ་སྦྱོར་བ་ཐམས་ཅད་སངས་རྒྱས་ཀྱི་ཆོས་འདི་ལ་གྲུབ་བར་བྱ་བའི་ཕྱིར་སློབ་པར་འགྱུར་རོ། །ཕན་ཡོན་འདི་དག་འདོད་པས་རི་མོར་བྱས་ཏེ་མོས་པར་བྱ། སངས་རྒྱས་ཀྱི་ཡོན་ཏན་བརྗོད་པ་ལ་སོ་སོའི་སྐྱེ་བོའི་ཤེས་པས་སངས་རྒྱས་ཀྱི་ཡེ་ཤེས་ལ་ཚད་གཟུང་བར་མི་བྱ་སྟེ། དེ་ཉན་རང་གི་ཡུལ་ལས་ཀྱང་འདས་ན་གཞན་པས་ལྟ་ཅི་སྨོས། དེས་ན་སེམས་བསྐྱེད་པ་གཅིག་གམ་ངག་གི་ལས་གཅིག་གིས་དམྱལ་བ་ཆེན་པོའི་ལུས་དུ་མར་འགྱུར་བའི་ལས་ཡོངས་སུ་གཟུང་བར་མི་བྱ་སྟེ། སངས་རྒྱས་འབྱུང་བ་དང་མིར་གྱུར་པ་དང་དལ་བ་ཕུན་ཚོགས་རྙེད་པར་དཀའ། རྒྱ་མཚོ་ལས་རུས་སྦལ་དང་གཉའ་ཤིང་ཕྲད་པའི་དཔེས་མིར་གྱུར་པ་རྙེད་པར་དཀའ་འོ། །མིར་གྱུར་པས་སངས་རྒྱས་མཉེས་པར་


MR07_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་མི་ཉིད་ལེགས་པར་ཐོབ་པའི་ཕྱིར། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སེམས་བསྐྱེད་པ་གཅིག་ཙམ་ཡང་མོས་པར་བྱའོ་སྙམ་ནས་བདག་ཉིད་ཡང་དག་པར་དགའ་བར་བྱའོ། །དེས་བསྐལ་པ་སུམ་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་རྒྱུ་བའི་དབང་པོ་ན། དེ་བཞིན་གཤེགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་ཀྱི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་ཞིང་དད་པས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ་ཟེར་ན་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་ཐོབ་སྟེ། སྟོང་ཆེན་པོའི་འཇིག་རྟེན་རིན་ཆེན་སྣ་བདུན་གྱིས་བཀང་སྟེ་སངས་རྒྱས་ལ་ཉིན་རེ་ཞིང་ལོ་སྟོང་དུ་ཕུལ་བ་བས་བསོད་ནམས་རྒྱ་ཆེའོ། །བསྐལ་པ་སུམ་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་བདེན་པ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་ཆེན་པོ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་པས་ངེས་པ་ལ་ཞུགས་པ་མ་གཏོགས་པར་དེ་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་གྲུབ་པར་བྱེད་པར་འགྱུར་རོ། །འཇིག་རྟེན་གྱི་


MR07_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་རྒྱན་ཆེན་པོ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་འདིའི་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པ་ན། བདག་སངས་རྒྱས་པའི་མིང་ཐོས་པ་དང་མོས་པ་ཐམས་ཅད་བླ་མེད་བྱང་ཆུབ་ལས་མི་ལྡོག་པ་དང་། ཕྱི་མར་ངན་སོང་དུ་མི་འགྲོ་བར་སྨོན་ལམ་བཏབ་པ་ཡིན་ནོ། །མཚན་འདི་ཐོས་ནས་ལྷག་པའི་བསམ་པས་མོས་ན་སྨོན་ལམ་དེས་དེ་ཐམས་ཅད་བླ་མེད་བྱང་ཆུབ་ལས་མི་ལྡོག་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་འཕྲོ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་པ་ཉུང་སྟེ་ཐོས་ནས་དད་པ་དེ་དག་གི་བསོད་ནམས་ཚད་མེད་དོ། །ཉན་པར་མི་བྱེད་པས་བསོད་ནམས་མ་ཡིན་པའི་ཕུང་པོ་ཚད་མེད་པ་འཛིན་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཀུན་ཏུ་དགའ་བ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཚད་མེད་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་ནས་ལྷག་པའི་བསམ་པས་དད་པར་བྱེད་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་དེའི་འོད་


MR07_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་འགྱུར་ཞིང་། མ་དད་པས་བསྐལ་པ་ཉི་ཤུར་ཚ་བའི་དམྱལ་བར་བཙོ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་སྙིང་པོ་དང་ལྡན་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་བཏང་བ་ཞེས་བྱ་བ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་ཞིང་དད་པ་ཐམས་ཅད་བདུད་སྡིག་ཅན་གྱིས་མི་ཐུབ་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་སྤུག་གི་ཤིང་ཏོག་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་སྒྲོན་མ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་པ་དེ་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་གནས་སུ་འགྱུར། དེ་གང་དུ་གནས་པའི་ཡུལ་དེ་ཡང་མཆོད་རྟེན་དུ་འགྱུར་ཏེ་མཚན་ཉན་པའི་སྐྱེས་བུ་དམ་པ་དེ་ནི་ཕྱི་མའི་དུས་ན་དཀོན་ནོ། །འཇིག་རྟེན་གྱི་ཁམས་དྲི་མཆོག་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་འོད་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་པའམ་ཐ་ན་རྨི་ལམ་དུ་ཐོས་ནས་དད་པ་དེ་དག་བསོད་ནམས་ཚད་མེད་ཐོབ་ཅིང་། རི་དང་འདྲ་བར་བདུད་ཀྱིས་མི་བསྐྱོད་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཉི་མ་དང་ལྡན་པ་ན། དེ་བཞིན་


MR07_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་སྣང་བ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་པ་ངན་སོང་གི་གཞི་མེད་ལ་སངས་རྒྱས་དེའི་སྔོན་གྱི་སྨོན་ལམ་བཞིན་དུ། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། སངས་རྒྱས་དེའི་ཞིང་གི་བཀོད་པ་དེ་འདྲ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་གསེར་གྱི་ནོར་བུ་སྣང་བ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་འོད་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་པས་ཆོས་ཀྱི་སྒྲོན་མ་ཐོགས་པར་འགྱུར། སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་འགྱུར། སེམས་ཅན་རྣམས་ལ་ཕན་འདོགས་པས་ཉིན་མཚན་འདའ་བར་འགྱུར་རོ། །ཆོས་ཀྱི་སྦྱིན་པ་གཏོང་ཞིང་བདུད་དང་མུ་སྟེགས་གཞན་གྱིས་མི་ཐུབ་བོ། །འཇིག་རྟེན་གྱི་ཁམས་གཟུགས་སྣང་བ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་རྒྱལ་བའི་དབྱངས་ལ་ཕྱག་འཚལ་ལོ། །འཇིག་རྟེན་དེའི་སེམས་ཅན་རྣམས་མིའི་མདོག་ལས་འདས་པའི་གཟུགས་བཟང་ཞིང་མཛེས་པའི་ཕྱི་གཟུགས་སྣང་བ་དང་ལྡན་པ་ཞེས་བྱ་ལ། སངས་རྒྱས་འདིའི་


MR07_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉན་པ་དེ་ཐམས་ཅད་བླ་མེད་སངས་རྒྱས་ཀྱི་ཆོས་ཀྱི་གཟུགས་བཟང་པོར་འགྱུར་རོ། །འཇིག་རྟེན་གྱི་ཁམས་རྣམ་པར་རྒྱལ་བ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཆོག་མཛད་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་ཞིང་དད་པས་ལྷ་མིར་བཅས་པའི་འཇིག་རྟེན་གྱི་མཆོག་ཏུ་འགྱུར། བསྐལ་པ་ཉི་ཤུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་གཡུལ་ལས་རྣམ་པར་རྒྱལ་ཏེ་རྒལ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོའི་བླ་མ་ལ་ཕྱག་འཚལ་ལོ། །མཚན་འདི་ལྷ་ཀླུ་གནོད་སྦྱིན་མི་དང་མི་མ་ཡིན་པས་ཉན་པ་དེ་དག་དེ་ཐམས་ཅད་ཀྱི་བླ་མེད་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ། །དེས་བསྐལ་པ་སུམ་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །མཚན་འདིར་མི་དད་པ་དེ་ནི་བསྐལ་བ་ཉི་ཤུ་དང་ལོ་སྟོང་དུ་དམྱལ་བར་བཙོ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་སྡེ་ལ་ཕྱག་འཚལ་ལོ། །


MR07_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་བཀང་སྟེ་སངས་རྒྱས་ལ་ཉིན་རེ་ཞིང་བསྐལ་པ་གངྒཱའི་བྱེ་སྙེད་དུ་ཕུལ་བའི་བསོད་ནམས་ཀྱིས་མཚན་འདི་ཐོས་པར་བསྔོས་པ་དང་སངས་རྒྱས་མཐོང་བ་དེ་དག་གིས་ཐོས་པར་ནུས་སོ། །སངས་རྒྱས་དེའི་སྤྱོད་པ་བསམ་མི་ཁྱབ་ལས་བྱུང་བ་དེའི་མཚན་ཉན་ཞིང་དད་པ་དེ་དག་ཆུ་ཡི་པདྨ་བཞིན་དུ་ཁམས་གསུམ་ཐམས་ཅད་ལས་མངོན་པར་འཕགས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོའི་དབྱངས་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་ཞིང་དད་པས་ཕྱག་འཚལ་ལོ་ཞེས་ཚིག་སྨྲ་ན། མཚམས་མེད་བྱེད་པ་དང་འཕགས་པ་ལ་སྐུར་པ་བྱེད་པ་མ་གཏོགས་པར་ལོག་པར་མི་ལྟུང་ངོ་། །འཇིག་རྟེན་གྱི་ཁམས་མཐུ་བོ་ཆེ་དང་ལྡན་པའི་ས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་ལ་ཕྱག་འཚལ་ལོ། །ཞིང་དེར་ཐེག་ཆེན་གྱི་བྱང་སེམས་ཤིན་ཏུ་མང་ཞིང་དེའི་བསྟན་པ་ཚད་མེད་པར་བྱུང་བས་རིན་ཆེན་མང་ཞེས་བྱའོ། །གང་གིས་ཐལ་མོ་སྦྱར་ནས་རིན་ཆེན་མང་ལ་ཕྱག་འཚལ་ལོ་ཞེས་བརྗོད་ན་སྔོན་གྱི་སྨོན་ལམ་གྱིས་གཡོག་རིན་པོ་ཆེ་དང་ལྡན་པར་


MR07_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །འཇིག་རྟེན་གྱི་ཁམས་མེ་ཏོག་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་ང་རོ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་པ་དང་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་བརྗོད་ན། དེ་དག་གིས་སེམས་ཅན་ཐམས་ཅད་དགྲོལ་བའི་ཕྱིར་འཇིག་རྟེན་གསུམ་ཟིལ་གྱིས་མནན་ནས་སེང་གེའི་སྒྲ་སྒྲོགས་སོ། །བསྐལ་པ་ལྔར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དགོན་པ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་འདི་རྗེས་སུ་དྲན་ནས་ཐ་ན་ནམ་མཁའ་ལ་མེ་ཏོག་གིས་འཐོར་བ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་བཙུགས་ནས་སྦྱིན་པ་གཏོང་བས་དེ་བཞིན་གཤེགས་པ་དེ་ལ་མཆོད་པར་གྱུར་ཅིག་ཅེས་མོས་པ་ལྟ་ཅི་སྨོས་ཏེ། དེ་ཐམས་ཅད་འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་རོ། །སངས་རྒྱས་ཀྱི་གསུང་དབྱངས་དེ་ཐོས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ན། དེ་བཞིན་གཤེགས་པ་


MR07_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་ཅིང་ལྷག་པའི་བསམ་པས་དད་ལ་ཞིང་དེར་མོས་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཆོས་སྟོན་པ་མཐོང་ངོ་། །དེ་ནི་སངས་རྒྱས་དེའི་སྔོན་གྱི་སྨོན་ལམ་གྱིས་ཏེ། བདག་གི་མིང་ཐོས་པ་དག་ཤི་འཕོས་ནས་བདག་གི་ཞིང་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའོ། །མཚན་འདི་ཐོས་ནས་མི་ཉན་མི་དད་པ་དེ་དག་ལོ་བྱེ་བ་སྙེད་དུ་དམྱལ་བའི་ལས་བཟུང་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་འཇམ་དབྱངས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡང་དག་པར་བླངས་པ་ཐམས་ཅད་ལས་རྒལ་བ་ཐེ་ཚོམ་གཅོད་པ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་ཞིང་དད་པ་དེ་དག་ཡང་དག་པར་བླངས་ནས་ཚིག་ཏུ་སྨྲ་བ་དེ་ལ་ཇི་ལྟར་སྨྲས་པ་དེ་བཞིན་བྱེད་པར་འགྱུར། བདུད་དང་ཕས་རྒོལ་ཐམས་ཅད་བཅོམ་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་དང་སངས་རྒྱས་སུ་འགྱུར་རོ། །འཇིག་རྟེན་གྱི་ཁམས་མེ་ཏོག་གི་དྲིས་བསྒོས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་


MR07_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་རིན་པོ་ཆེ་དང་མེ་ལྟ་བུ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་ཞིང་དད་པ་དེ་དག་འཁོར་རིན་པོ་ཆེ་དང་མེ་ལྟ་བུར་འགྱུར་ཞིང་། འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་མྱུར་དུ་བསྐོར་བར་འགྱུར་རོ། །དེ་ལྟར་སངས་རྒྱས་ལ་དད་པ་འདི་ནི་རྫུ་འཕྲུལ་ཆེ་སྟེ། ཐེག་པ་གསུམ་དུ་ཇི་ལྟར་བསྔོས་པ་ལྟར་འགྲུབ་སྟེ། གང་དག་ཤེས་རབ་ཆེ་བས་སངས་རྒྱས་སུ་འགྲུབ་པའི་ཕྱིར་བླ་མེད་ཐེག་པ་ཆེན་པོ་འཛིན་ནོ། །སངས་རྒྱས་ལ་ཡོན་ཕུལ་བས་མོས་པ་བྱས་ནས་བྱང་ཆུབ་ཏུ་སེམས་སྐྱེད་ཅིང་བསོད་ནམས་དེ་དག་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཡོངས་སུ་བསྔོ་བ་འདི་ནི་ངོ་མཚར་དུ་རིག་པར་བྱའོ། །སངས་རྒྱས་དེའམ་གཞན་གྱི་ཡོན་ཏན་བརྗོད་པར་མི་དད་པ་དེ་དག་ལོ་སྟོང་ཕྲག་བཞི་བཅུར་དམྱལ་བ་ཐིག་ནག་ཏུ་གནས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དགའ་བ་དང་བཅས་པར་སྐྱེད་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་པ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་ཙམ་གྱིས་དགའ་བ་དེ་དག་ཉེ་བའི་ཉོན་མོངས་པས་མི་གོས་ཤིང་མྱ་ངན་མེད་པར་འགྱུར་རོ། །བྱང་ཆུབ་ཐོབ་ནས་སེམས་ཅན་མང་


MR07_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མྱ་ངན་མེད་པར་བྱེད། སངས་རྒྱས་དེ་བཞུགས་སམ་མྱ་ངན་ལས་འདས་ཀྱང་རུང་སྟེ་དེ་ལ་དད་པར་བྱེད་པ་དེ་དག་འཇིག་རྟེན་ཀུན་གྱི་མཆོག་ངོ་མཚར་དུ་འགྱུར་ཏེ། དེའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་ལ་སངས་རྒྱས་རྣམས་དང་མི་འབྲལ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་འཚོ་བ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དམ་པའི་དགའ་ལྡན་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་ནས་དགའ་བས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ་ཞེས་སྨྲ་བ་དེ་དག་ཐེག་པ་དམ་པ་ཐོབ་པ་དང་སེམས་ཅན་མང་པོའི་དོན་བྱེད་པ་དང་ལོག་པར་ལྟུང་བའི་འཇིགས་པ་མི་འབྱུང་ངོ་། །འཇིག་རྟེན་གྱི་ཁམས་ཟླ་བ་སྣང་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་འབྱུང་གནས་ལ་ཕྱག་འཚལ་ལོ། །མཚན་འདི་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་ཀྱང་ཉན་པ་དེ་དག་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་ཡོངས་སུ་འཛིན། མཚན་བསྒྲགས་པ་ལྷ་ཀླུ་མི་ལ་སོགས་པས་ཉན་པ་དེ་ཐམས་ཅད་ཡེ་ཤེས་ཆེན་པོ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་སིལ་སྙན་ཐམས་ཅད་ཀུན་ནས་མཐོ་བ་ན། དེ་བཞིན་


MR07_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་ཚད་མེད་པ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་ཞིང་དགེ་བའི་རྩ་བ་འདིས་ཡེ་ཤེས་དམ་པ་ཐོབ་པར་གྱུར་ཅིག་ཅེས་སེམས་པ་དེ་དག་བླ་མེད་བྱང་ཆུབ་ཏུ་འགྱུར་རོ། །འདི་ལ་མ་དད་པས་སངས་རྒྱས་མི་མཉེས་པར་བྱས་པའི་རྣམ་སྨིན་དེས་དམྱལ་བར་ལྟུང་ངོ་། །སངས་རྒྱས་དེ་དགའ་ལྡན་ནས་འཕོ་བ་ནས་མྱ་ངན་ལས་འདས་བའི་བར་དུ་སྟོང་ཆེན་པོའི་ཁམས་དེའི་ལྷ་མི་རྣམས་ཀྱིས་སིལ་སྙན་དེ་དག་རབ་ཏུ་དཀྲོལ་ཞིང་བླང་བའི་ཕྱིར་ཞིང་དེའི་མིང་དེ་སྐད་དུ་བྱའོ། །སངས་རྒྱས་དེ་ཆོས་སྟོན་པ་ན་འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་ཉི་ཤུ་སྙེད་དུ་དབྱངས་ཀྱིས་གོ་བར་མཛད་པས་དབྱངས་ཚད་མེད་ཅེས་བྱའོ། །འཇིག་རྟེན་གྱི་ཁམས་རྣམ་པར་རྒྱལ་བའི་འོད་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལ་ཕྱག་འཚལ་ལོ། །སངས་རྒྱས་དེའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་དུ་འོད་ཀྱིས་ཁྱབ་པས་ན་མར་མེ་མཛད་ཅེས་བྱའོ། །སངས་རྒྱས་དེའི་མཚན་ཐོས་ནས་དད་ཅིང་དགའ་བ་ལ་གཡོ་དང་ལྡན་པར་མི་འགྱུར་དེ་ཐམས་ཅད་ཀྱིས་འོད་དེ་ཐོབ་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་སྤྲོས་


MR07_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྣང་བ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་སྣང་བ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་ཞིང་ལྷག་པའི་བསམ་པས་དད་ན་དེ་དག་རིན་པོ་ཆེ་ལྟ་བུར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པ་དང་། སངས་རྒྱས་དང་མི་འབྲལ་བ་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བསྐལ་པ་ཁྲིར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །སྐྱེས་བུ་དམ་པ་དང་མེ་ཏོག་གི་ཚོགས་ལ་ཐ་བའི་སེམས་བསྐྱེད་པས་བྱང་ཆུབ་ལ་ཉེ་བ་ཡང་རིང་དུ་བྱེད་ཅིང་མི་བཟད་པའི་དམྱལ་བར་འགྲོ་བའི་ཕྱིར་ཅི་ནས་སྤོང་བར་བྱའོ། །བྱང་ཆུབ་མཆོག་ཏུ་སེམས་བརྟན་ཞིང་ཆོས་སྦྱིན་བྱིན་པ་དེ་དག་ཨུ་དུམ་ཝཱ་ར་དང་འདྲའོ། །དེ་ལ་སོགས་པ་ལྷོ་ཡི་ཕྱོགས་ན་སངས་རྒྱས་ཚད་མེད་པ་ད་ལྟར་འཚོ་ཞིང་གཞེས་ལ་ཆོས་སྟོན་པའི་ཕྱོགས་སུ་ཕྱག་འཚལ་ཏེ་མཆོད་ལ་མཚན་བསྟན་པ་ཉན་ཞིང་ཡོན་ཏན་བསྒྲགས་པ་ཡིད་ལ་བྱས་ན་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་ཡོངས་སུ་འཛིན་པར་འགྱུར་རོ། །ནུབ་ཕྱོགས་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ལ་


MR07_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །མཚན་འདི་ཐོས་པ་ཙམ་གྱིས་དགའ་ཞིང་རྣམ་པ་བརྒྱ་སྟོང་དུ་མོས་པ་དེ་དག་བསོད་ནམས་ཚད་མེད་པ་ཐོབ་ཅིང་ལོག་པར་ལྟུང་བའི་འཇིགས་པ་མེད་པར་འདི་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །རྒྱུན་དུ་ཡིད་ལ་བྱས་ན་འཆི་བའི་ཚེ་སངས་རྒྱས་འོད་དཔག་མེད་འཁོར་བཅས་མཐོང་ནས་ཞིང་དེར་སྐྱེ་ཞིང་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་ཏེ་སངས་རྒྱས་དེའི་སྔོན་གྱི་སྨོན་ལམ་གྱི་དབང་གིས་སོ། །གལ་ཏེ་མ་དད་ཅིང་འཕྱ་ཞིང་སྤོང་ན་བསྐལ་པ་ལྔར་དམྱལ་བར་ལྟུང་ངོ་། །འཇིག་རྟེན་གྱི་ཁམས་བདུད་ཐམས་ཅད་རབ་ཏུ་བཅོམ་པ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་རྒྱལ་བ་མངའ་བ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་པས་བདུད་ཀྱི་ཞགས་པ་ཐམས་ཅད་གཅོད་ཅིང་བསྐལ་པ་དྲུག་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་བདུད་ཐམས་ཅད་རབ་ཏུ་འཇོམས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་རྒྱལ་བའི་དབྱངས་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་པས་སྒྲ་དབྱངས་ཐམས་


MR07_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་སྨྲ་བ་དང་ལྡན་པར་འགྱུར། བདུད་སྡིག་ཅན་རྒྱང་རིང་དུ་སྤོང་བར་བྱེད། བསྐལ་པ་བརྒྱད་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །བྱང་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་དཔལ་བརྩེགས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མ་ཕམ་པས་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་གང་ལགས་ཞུས་པའི་ལན་དུ་བཀའ་སྩལ་པ། སངས་རྒྱས་འདིའི་མཚན་ཉན་པ་དེ་དག་ཆོས་གཅིག་པོ་དེས་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མྱུར་དུ་འཚང་རྒྱ་བར་འགྱུར་རོ། །བསྐལ་པ་བྱེ་བ་ཚང་བར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །མཚན་འདི་ཉན་པ་ནི་སངས་རྒྱས་ལྔ་བཅུའི་དྲུང་དུ་སྤྱད་པ་སྤྱོད་པ་ཡིན་ཏེ་དེ་ཤི་འཕོས་ནས་ཀྱང་ནམ་དུའང་རྫུ་འཕྲུལ་དང་འབྲལ་བར་མི་འགྱུར་རོ། །མྱ་ངན་ལས་མ་འདས་ཀྱི་བར་དུ་ནམ་ཡང་རྣ་བ་དང་མི་འབྲལ། དེ་བཞིན་དུ་གཟུགས་ཕུན་སུམ་ཚོགས་པ་དང་མི་འབྲལ། བསད་པ་དང་བཅིངས་པ་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཀྱི་ནད་


MR07_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྱུང་། ནམ་དུའང་སངས་རྒྱས་མེད་པར་མི་སྐྱེ་སངས་རྒྱས་དང་མི་འབྲལ་ཆོས་དང་མི་འབྲལ་མི་ཁོམ་པར་སྐྱེ་བ་དང་བསླབ་པ་བྲལ་བ་དང་དྲན་པ་བྲལ་བར་མྱ་ངན་ལས་འདས་ཀྱི་བར་དུ་མི་འགྱུར་ལ་ནམ་དུའང་ཡེ་ཤེས་དང་བྲལ་བར་མི་འགྱུར་རོ། །འཇིག་རྟེན་ཐམས་ཅད་ཀྱི་མཆོག་རབ་དམ་པར་འདོད་པས། དེ་བཞིན་གཤེགས་པ་འཇིག་རྟེན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་མཚན་ཉན་པར་བྱ། ཐོས་ནས་ཕྱག་འཚལ་ལོ་ཞེས་ཕྱག་བྱའོ། །ཞེས་དང་གཞན་ཡང་བྱང་ཕྱོགས་སུ་འཇིག་རྟེན་གྱི་ཁམས་རྡོ་རྗེའི་སྙིང་པོ་ཅན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་ན་ཆོས་གཅིག་པོ་དེས་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་མྱུར་དུ་འཚང་རྒྱ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །སྟོན་པ་ཤཱཀྱའི་རྒྱལ་པོ་མར་མེ་མཛད་ལས་སངས་རྒྱས་འདིའི་མཚན་ཐོས་པས་སངས་རྒྱས་པ་ཡིན་ཏེ་མ་ཐོས་ན་དེ་ལྟར་མི་འགྱུར་བར་གསུངས། རྡོ་རྗེས་རྡོ་བ་སོགས་འཇོམས་པ་བཞིན་དུ་འདིའི་མཚན་ཉན་པ་དང་བྱིན་རླབས་དང་ཐམས་


MR07_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པའི་ཡེ་ཤེས་ལ་དད་པ་དེ་དག་སོ་སྐྱེ་དང་རང་སངས་རྒྱས་ཀྱིས་ཐམས་ཅད་རྣམ་པར་བཤིག་ནས་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་པའི་ཕྱིར་མཚན་དེ་ལྟར་བྱའོ་ཞེས་སོ། །འཇིག་རྟེན་གྱི་ཁམས་ནོར་བུ་སྣང་བ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ལ་ཕྱག་འཚལ་ལོ། །མཚན་འདི་ཉན་ན་ངེས་པ་ལ་ཞུགས་པ་དེ་དག་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ །ཞིང་དེར་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའ་ཁོ་ན་བཞུགས་པ་ཡིན་ནོ། །འཇིག་རྟེན་གྱི་ཁམས་ཨ་ག་རུའི་དྲི་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་འོད་ཅེས་བྱ་བ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་པས་སྐྱེ་བ་ལས་རྣམ་པར་ལོག་པའི་བྱིན་གྱིས་བརླབས་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་སྟེ་དེ་ལ་གནས་ན་གངྒཱའི་ཀླུང་གི་བྱེ་སྙེད་ཀྱི་སངས་རྒྱས་གྲངས་མེད་མཐོང་བ་དང་། དེ་དག་གིས་བཤད་པ་ཀུན་འཛིན་པ་དང་། ཆོས་ཅི་འདྲ་བ་ཉན་ཅིང་སྨྲ་བར་འདོད་པ་དེ་འདྲ་བར་ཐོས་ཤིང་སྨྲ་བར་འགྱུར་ཏེ། དེ་ནི་སངས་རྒྱས་དེའི་སྨོན་ལམ་གྱི་སྟོབས་ལས་ཡིན་ནོ། །མཚན་ཐོས་པ་དེ་དག་སྐྱེ་བ་གཅིག་གིས་ཐོགས་པར་འགྱུར་ཞིང་ཆོས་སྟོན་པར་འགྱུར་རོ།


MR07_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་རབ་ཏུ་དགའ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཟང་པོ་དམ་པའི་དཔལ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་ན་ཕྱིར་མི་ལྡོག་ཅིང་སྐྱེ་བོ་ཐམས་ཅད་ལ་སྡུག་པ་དང་འདུ་བ་དང་ཚིག་འཛིན་པར་འགྱུར་རོ། །སྤོབས་པ་ཟབ་མོར་འགྱུར་རོ། །སེམས་ཅན་ལ་ཆོས་བསྟན་པས་དེ་དག་ཆོས་དེ་ལ་མོས་པར་འགྱུར་རོ། །བུད་མེད་ཀྱིས་ཐོས་ན་དེ་བུད་མེད་ཀྱི་དངོས་པོའི་ཐ་མར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ལེགས་པར་འཇུག་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨོ་ལ་བཞུད་པ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་པ་ཚེ་འཕོས་ནས་གཟུགས་བཟང་ཞིང་མཛེས་པ་དང་། སེམས་ཅན་རྣམས་ཀྱིས་མཐོང་ན་དགའ་བ་དང་སྡུག་ཅིང་ཡིད་དུ་འོང་བར་འགྱུར་རོ། །བསྐལ་པ་གྲངས་མེད་རྗེས་སུ་དྲན་ཅིང་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །འགྲོ་བ་ཐམས་ཅད་དང་སྐྱེ་བ་ཐམས་ཅད་དུ་བླ་ན་མེད་པའི་སྤོབས་པ་དང་ལྡན་ཞིང་རྟག་ཏུ་རྒྱུན་མི་འཆད་པར་ཆོས་སྟོན་ཏོ། །དེའི་སྨོན་ལམ་དང་མིག་རྣམ་པར་དག་པར་འགྱུར་རོ། །སངས་རྒྱས་འདི་ཀུན་གྱི་མཚན་


MR07_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བུད་མེད་ཀྱི་དངོས་པོའི་ཐ་མར་འགྱུར་རོ། །དེ་ལྟར་སངས་རྒྱས་ཀྱི་མཚན་རྣམས་ནི་ཕན་ཡོན་ཚད་མེད་ལ་ཆོས་བཞི་དང་ལྡན་པའི་དགེ་སློང་ནི་མཚན་འདི་དག་ལ་མོས་པར་འགྱུར་རོ། །བཞི་གང་ཞེ་ན། དེས་སྔོན་སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་པ་ཡིན། ཟབ་མོ་ལ་མོས་པ་ཡིན། དབེན་པར་མོས་པ་ཡིན། དགེ་བའི་བཤེས་གཉེན་ལ་བསྟེན་ཅིང་དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མ་བྱས་མ་བསགས་པ་ཡིན་ནོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཟླ་བའི་བླ་མ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་སྣང་བས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་རྩོད་པ་ལ་དགའ་བ་མདོག་ངན་བརྩེགས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཕམ་པའི་དཔལ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་སློབ་དཔོན་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་པའི་བླ་མ་བདེ་བར་གཤེགས་པ་རྒྱལ་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་རི་རབ་རྒྱལ་མཚན་ན། དེ་བཞིན་གཤེགས་པ་དགྲ་


MR07_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་རླན་པའི་གླང་པོ་དམ་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ཤིན་ཏུ་མཛེས་པ་རྟོགས་པའི་བྱང་ཆུབ་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་གྲངས་མེད་པ་ལ་ཞུགས་པའི་དཔལ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ཡོངས་སུ་འཛིན་པ་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགོངས་པ་བརྗོད་ཀྱིས་མི་ལངས་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ཚངས་པར་སྤྱོད་པས་བརྒྱན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཏི་མུག་མེད་པའི་སྤོས་དཔལ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ཉི་མ་སྣང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་དཔལ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ཆོས་མཆོག་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་མི་རྟོག་པའི་འོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ཆོས་སྤྱོད་ཅེས་བྱ་བ་


MR07_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་སྣང་བ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་དགེ་བ་སོགས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱོད་པ་ཡོངས་སུ་དག་པའི་ཏོག་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་རྣམ་པར་རྒྱལ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཏེར་ལེགས་པར་གནས་པ་ཞི་བ་རྒྱལ་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་བརྩོན་འགྲུས་སྐྱེས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་སྨོན་ལམ་གྱི་སྟོབས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་རབ་ཀྱིས་སྦེད་པའི་དཔལ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་མདངས་དགའ་བའི་ཕྱོགས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཏམ་ཤིན་ཏུ་ཡོངས་སུ་དག་པར་མཛད་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ཙནྡན་གྱི་


MR07_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

དྲིའི་ཕུག་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཻཌཱུརྱའི་སྙིང་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་ཡོན་ཏན་རིན་པོ་ཆེས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ཡོན་ཏན་ཚད་མེད་དཔལ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་ཤིན་ཏུ་ཡོངས་སུ་དག་པ་རབ་ཏུ་གནས་པ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་ཉན་ཐོས་མ་འོངས་པ་ཞེས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་སྣང་བས་རྣམ་པར་གནོན་པའི་མཆོད་རྟེན་ལ་ཕྱག་འཚལ་ལོ། །འཇིག་རྟེན་གྱི་ཁམས་གཉིད་མེད་པའི་མིག་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་པའི་ཁྲེལ་ཡོད་པ་གསེར་དམ་པའི་དཔལ་ལ་ཕྱག་འཚལ་ལོ། །སྟེང་ཕྱོགས་ཀྱི་སངས་རྒྱས་དེ་དག་གི་མཚན་གང་གིས་ཐོས་ནས་དད་པ་དེ་དག་སངས་རྒྱས་སུ་འགྱུར་རོ། །སྟེང་ཕྱོགས་འཇིག་རྟེན་གྱི་


MR07_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཤིན་ཏུ་མཛེས་པའི་པདྨ་ཞེས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨ་དམ་པ་རྣམ་པར་འཕྲུལ་པའི་དཔལ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་ངན་སོང་གསུམ་གྱི་སྒོ་བཅད་པར་འགྱུར། སངས་རྒྱས་ཀྱི་ཆོས་ཀྱི་མེ་ཏོག་ཀྱང་ལེགས་པར་རྒྱས་པར་འགྱུར་རོ། །བསྐལ་པ་སུམ་ཅུ་རྩ་དྲུག་ཏུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ཞ་ལོང་དང་བླུན་པོར་མི་འགྱུར། འཇིག་རྟེན་ཀུན་ན་རྣམ་པར་དག་ཅིང་ཤེས་རབ་དང་བསོད་ནམས་ཤིན་ཏུ་འཕེལ། གསོད་པ་དང་སྡིག་གྲོགས་ཕྱིར་རྒོལ་བ་མེད་པར་དགེ་བའི་བཤེས་གཉེན་རྙེད་ཅིང་བྱང་ཆུབ་ལ་ནེམ་ནུར་མེད་པར་འགྱུར་རོ། །སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྒྲོལ་མ་ཞེས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དག་པ་འབྱུང་བའི་དཔལ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་ན་བྱང་ཆུབ་ཀྱི་ཡན་ལག་རིན་ཆེན་བདུན་ཐོབ་པར་འགྱུར་རོ། །བསྐལ་པ་སུམ་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་གློག་གི་འོད་ཅེས་བྱ་བ་ན། དེ་བཞིན་གཤེགས་


MR07_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གློག་གི་སྒྲོན་མ་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་པས་མི་ཁོམ་པ་ཐམས་ཅད་སྤངས་ནས་བསྐལ་པ་ཉི་ཤུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་གསེར་གྱི་ཤིང་ཏ་ལ་རབ་ཏུ་བརྒྱན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏ་ལའི་རྒྱལ་པོ་མངོན་པར་འཕགས་པའི་དཔལ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་ན་སེམས་ཅན་ཐམས་ཅད་ལས་མངོན་པར་འཕགས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཏ་ལ་ནམ་མཁའ་ལ་ཉེ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ནམ་མཁའི་སྒྲོན་མ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་ནས་སྐལ་པ་དྲུག་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡང་དག་པར་འགྲོ་བ་ལས་ཀྱང་ཕྱིར་མི་ལྡོག་ལ། ཚེ་འདི་ལ་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །ཐ་ན་རྨི་ལམ་དུ་སངས་རྒྱས་དེ་ལ་ཕྱག་འཚལ་བ་མཐོང་བ་དང་། སངས་རྒྱས་རྣམས་ལ་ལྷག་པའི་བསམ་པས་བསྙེན་བཀུར་བྱ་བའི་ཕྱིར་བླ་མེད་


MR07_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་དང་ལྡན་པའི་སེམས་ཅན་ཡང་རྙེད་པར་འགྱུར་རོ། །ཚེ་འདི་ལ་ཡོན་ཏན་འདི་དག་ཐོབ་སྟེ་ཕན་ཡོན་ཚད་མེད་དོ། །ཤིན་ཏུ་རྣམ་པར་ཕྱེ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་ཐམས་ཅད་འབྱུང་བ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་ན་དབང་པོ་ཐམས་ཅད་རབ་ཏུ་རྣམ་པར་ཕྱེ་བ་ཡོངས་སུ་འཛིན་ཏོ། །སངས་རྒྱས་ཀྱི་ཆོས་རབ་ཏུ་རྣམ་པར་ཕྱེ་བ་ཡོངས་སུ་འཛིན་ཏོ། །བསྐལ་པ་བརྒྱད་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་ཡང་བྱས་པར་འགྱུར་རོ། །ཡན་ལག་ཐམས་ཅད་མཛེས་ཤིང་བྱད་བཞིན་བཟང་ལ་ལྟ་ན་སྡུག་པ། གཟུགས་མཛེས་པ་མཐོང་ན་དགའ་བ་ཤིན་ཏུ་ཕྱེ་བའི་ལུས་སུ་འགྱུར་རོ། །དཔལ་གྱིས་ཤིན་ཏུ་འབར་ཞིང་སངས་རྒྱས་ཀྱི་ཞིང་དུ་འགྲོའོ། །འཇིག་རྟེན་གྱི་ཁམས་བཟང་པོའི་མཆོག་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཟང་པོའི་ཏོག་གི་རྒྱལ་མཚན་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་ན་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །བསྐལ་པ་ལྔ་བཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་


MR07_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་གཟུགས་འཛིན་པ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་པས་བསྐལ་པ་བརྒྱར་འཁོར་བར་མི་འཁོར་ཞིང་ཕྱིར་མི་ལྡོག་པར་འགྱུར། ཆོས་ཀྱི་སྤྱན་རྣམ་པར་དག་པར་འགྱུར་རོ། །དེས་ན་སླད་མའི་དུས་ན་བསོད་ནམས་ཆུང་ངུས་མཚན་འདི་དག་ཐོས་པ་དང་དད་པར་མི་ནུས་ལ། ཤེས་རབ་དང་བསོད་ནམས་རྒྱ་ཆེན་པོ་དང་ལྡན་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་མཚན་འདི་དག་བཟུང་བར་བྱའོ། །ཞེས་གསུངས་སོ། །། འཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བའི་མདོ་ལས། ཤཱཀྱ་གཞོན་ནུ་བཞིན་རབ་གསལ་གྱིས་ཞུས་པ་ན་དེ་བཞིན་གཤེགས་པས་བཀའ་སྩལ་པ། ཤར་ཕྱོགས་འཇིག་རྟེན་གྱི་ཁམས་ཉོན་མོངས་པ་ཐམས་ཅད་བསྐྱོབ་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རྗེས་སྐྱོབ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་མུན་པ་དང་མུན་ནག་གི་ཚོགས་བཅོམ་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་


MR07_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སངས་རྒྱས་སེམས་དང་པོ་བསྐྱེད་པ་ཡིད་ལ་མཛད་པ་རྣམ་གྲངས་བསྙེངས་པ་དང་བག་ཚ་བ་དང་བྲལ་བས་མངོན་པར་འཕགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་སུ་འཇིག་རྟེན་གྱི་ཁམས་ཡུལ་ཕེབས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁོན་དང་རྒྱགས་པ་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་སུ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་སྤོབས་པ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཟུགས་བཀོད་འོད་གནོན་ལ་ཕྱག་འཚལ་ལོ། །བྱང་ཤར་གྱི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བདུད་ཀྱི་སྡེ་བཅོམ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་དང་ཡིད་གཉིས་ཀུན་འཇོམས་རྣམ་གནོན་ལ་ཕྱག་འཚལ་ལོ། །ཤར་ལྷོའི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་རྟག་ཏུ་སྣང་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་དང་པོ་བསྐྱེད་པས་ཕྱིར་མི་ལྡོག་པའི་འཁོར་ལོ་འབྱུང་བའི་དཔལ་ལ་ཕྱག་འཚལ་ལོ། །ལྷོ་ནུབ་ཀྱི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གསེར་གྱི་དྲ་བས་གཡོགས་པ་ཞེས་བྱ་བ་ན།


MR07_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གདུགས་འཕགས་སྣང་ལ་ཕྱག་འཚལ་ལོ། །ནུབ་བྱང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཡང་དག་རབ་གནས་མངོན་པར་འཕགས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་འདུལ་བ་ལ་ཕྱག་འཚལ་ལོ། །སྟེང་ཕྱོགས་ན་འཇིག་རྟེན་གྱི་ཁམས་དམིགས་པ་མེད་པ་ཡིད་ལ་བྱེད་པ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐྲག་མེད་མུན་བྲལ་ཏིང་ངེ་འཛིན་མངོན་འཕགས་རྒྱལ་པོ་ལ་ཕྱག་འཚལ་ལོ། །འོག་གི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་པོ་སེམས་བསྐྱེད་ཐེ་ཚོམ་གཅོད་མཛད་ཉོན་མོངས་བསྐྱོད་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅུ་པོ་འདི་དག་ད་ལྟ་འཚོ་ཞིང་གཞེས་ལ་ཆོས་སྟོན་ཏེ། ཤར་ལ་སོགས་པ་ཕྱོགས་གང་དུ་འགྲོ་བ་ན་ཕྱོགས་དེའི་སངས་རྒྱས་དེ་ལ་ཕྱག་འཚལ་ཏེ་དྲན་པར་བྱས་མདུན་དུ་བྱས་སེམས་ཀྱི་རྒྱུན་གྱིས་དེ་མངོན་དུ་བྱེད་


MR07_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སོང་ན་འཇིགས་པ་འབྱུང་བར་མི་འགྱུར་རོ། །དེའི་ཚེ་མི་གཡེང་བར་ཡིད་ལ་བྱས་ན་གང་གི་ཕྱིར་འགྲོ་བའི་བྱ་བ་དེ་འགྲུབ་པར་འགྱུར་རོ། །སྲོག་ཆགས་སྟོང་གིས་སངས་རྒྱས་འདི་རྣམས་ཀྱི་མཚན་བཟུང་བའི་དགེ་བའི་རྩ་བ་འདིས་རེ་རེས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་གངྒཱའི་ཀླུང་གི་བྱེ་སྙེད་བྱས་ནས་ལུས་ཐ་མ་ལ་བྱང་ཆུབ་ཀྱི་ཚོགས་ཐམས་ཅད་རྫོགས་པར་བྱས་ཏེ། དེ་བཞིན་གཤེགས་པར་ལུང་བསྟན་པ་ཐོབ་བོ། །མཚན་འདི་དག་འཛིན་པ་དེ་ནི་བླ་མེད་བྱང་ཆུབ་འཛིན་ཅིང་སངས་རྒྱས་སུ་འགྱུར་བ་དང་། སངས་རྒྱས་ལ་མཆོད་པ་དང་བཀུར་སྟིར་བྱས་པར་འགྱུར་ཞིང་། དེ་གཉིད་ལོག་པའམ་མ་ལོག་པ་ཀུན་ཏུ་མི་དང་མི་མིན་གྱི་འཚེ་བ་དང་། ཕ་རོལ་གྱི་གནོད་པ་མི་འབྱུང་ལ་ལྷ་རྣམས་ཀྱིས་ཀྱང་སྲུང་བར་འགྱུར་རོ། །དེ་དག་སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་ཡིན་པར་རིག་པར་བྱའོ། །འདི་འཛིན་པ་དེ་དག་འཇིགས་པ་དང་གཤིས་ངན་དུ་འཆི་བ་དང་ཆོམ་རྐུན་དུག་དང་ཆུ་དང་མཚོན་གྱིས་མི་འཇིགས་པར་ཡིད་ཆེས་སོ། །སངས་རྒྱས་ལ་ཇི་སྲིད་འཚོ་ཡི་བར་དུ་བསྙེན་བཀུར་བྱས་པ་བས་ཆོས་འདི་འཛིན་པ་ཕན་ཡོན་ཆེ་བར་གསུངས་སོ། །སངས་རྒྱས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་


MR07_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས། འདི་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གཞན་གྱིས་མི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་ཡོངས་བསྒྲགས་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་ཡིད་འོང་དགའ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་སྡུག་དགའ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤིན་ཏུ་རྣམ་པར་གནོན་པ་གྲགས་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་སྒོ་ཀུན་ནས་འཇུག་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བའི་རྩལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་རྣམ་དག་བརྩེགས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་བཀོད་པའི་དཔལ་ཀུན་ཏུ་སྣང་བ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་


MR07_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་འགྱུར་མེད་ལྡན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་རྒྱལ་པོ་དཔལ་ཐོགས་པ་མེད་པ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་སྤོབས་པ་བརྩེགས་པ་གང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལས་རྣམ་པར་གནོན་པས་བཞུད་པ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་སྒྲ་དབྱངས་སྙན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་རབ་ཏུ་གནས་པ་སཱ་ལའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདི་དག་ད་ལྟ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་སྟེ། དེ་དག་གི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་སྟེ་སྙིགས་མ་ལྔ་མེད་ལ་ཡ་མཚན་ཅན་དང་གསེག་མ་དང་གྱོ་མོ་དང་ཉེ་བའི་ཉོན་མོངས་པ་དང་བུད་མེད་དང་དུད་འགྲོ་དང་གཤིན་རྗེའི་འཇིག་རྟེན་དང་སྦྲང་བུ་ཤ་སྦྲང་སྡིག་སྦྲུལ་གྱིས་རེག་པ་རྣམས་མེད་དོ། །རིགས་ཀྱི་བུའམ་བུ་མོ་གང་གིས་མཚན་འདི་དག་ཉན་འཛིན་འཆང་ཀློག་སྟོན་ཅིང་འདོན་པ་དང་ཀུན་ཆུབ་པར་བྱེད་པ་དེ་དག་ངན་


MR07_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སོང་གསུམ་དུ་འགྲོ་བ་གནས་མེད་ལ། མཚམས་མེད་བྱེད་པ་དང་དམ་ཆོས་སྤོང་བ་ནི་མ་གཏོགས་སོ། །དེ་ཡང་ཆུང་ངུ་མྱོང་ཞིང་མང་དུ་མི་མྱོང་ངོ་། །མཚན་འཛིན་པ་དེ་དག་བྱང་ཆུབ་སྙིང་པོ་མཐར་ཐུག་གི་བར་དུ་ནམ་ཡང་མངོན་ཤེས་དང་མི་འབྲལ། དེ་བཞིན་དུ་གཟུངས་དང་མཚན་དང་དབང་པོ་ཚང་བ་དང་། སྒྲ་དབྱངས་ཤིན་ཏུ་རྒྱས་པ་དང་། རྔ་སྒྲའི་དབྱངས་དང་། སྦྱིན་གནས་དང་། ཕྱིར་མི་ལྡོག་པ་དང་། བྱང་ཆུབ་ཡན་ལག་གི་མེ་ཏོག་དང་། ཐེག་ཆེན་གྱི་མདོ་སྡེ་ཤིན་ཏུ་རྒྱས་པ་དང་འབྲལ་བ་ནི་གནས་མེད་ཅིང་སྐབས་མེད་དོ། །འདི་ཉན་ཅིང་འཛིན་པ་ལ་སོགས་པས་བུད་མེད་དེས་བུད་མེད་ཀྱི་དངོས་པོ་ལན་གཉིས་ཐོབ་པར་འགྱུར་བ་གནས་མེད་ལ་སྨོན་ལམ་གྱི་དབང་གིས་ལེན་པ་ནི་མ་གཏོགས་སོ། །མཚན་འདི་ཐོས་པ་ལ་རྒྱལ་པོ་ཆོམ་རྐུན་མེ་ཆུ་དུག་མཚོན་མ་རུངས་པ་ཀླུ་དང་གནོད་སྦྱིན་མི་དང་མི་མིན་ལ་སོགས་པ་གང་གིས་ཀྱང་འཇིགས་པ་དང་གླགས་རྙེད་པ་གནས་མེད་དོ། །ལས་ཀྱི་རྣམ་སྨིན་དྲག་པོ་ནི་མ་གཏོགས་སོ། །དེ་ཆུང་ངུར་མྱོང་བས་ཐར་རོ། །དེས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་གང་ཅི་རྩོམ་ཡང་རུང་སྟེ། དེ་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་དུ་


MR07_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གྱི་འགྲིབ་པར་མི་འགྱུར་རོ། །མི་ཁོམས་པ་སྤངས་ནས་བཟང་འགྲོར་སྐྱེ་ཞིང་སངས་རྒྱས་མཉེས་པར་བྱེད་ལ་བསྐལ་པ་བྱེ་བ་གྲངས་མེད་པའི་འཁོར་བ་རྣམ་པར་སྤོང་ཞིང་མིག་དྲི་མ་མེད་པར་ཐོབ་པ་དང་། གང་དུ་སྐྱེས་པ་ཐམས་ཅད་དུ་ཕྱག་བྱ་བའི་འོས་སུ་འགྱུར་བ་དང་། དཔའ་ཞིང་སྦྱིན་པ་དག་ཏུ་འགྱུར་བ་དང་། ཁ་ནས་ལྷ་ཡི་ཙནྡན་དམར་པོའི་དྲི་འབྱུང་བ་དང་། ཕ་མ་དང་སྤུན་དང་མཛའ་བཤེས་ཉེ་དུའི་ཚོགས་ཀྱིས་སྡུག་བསྔལ་ནམ་ཡང་མི་མཐོང་བ་དང་། འདབ་མ་སྟོང་དང་ལྡན་པའི་རིན་པོ་ཆེའི་པདྨ་ལས་སྐྱེ་ཞིང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ནམ་མཁའ་ལ་འགྲོ་ཞིང་སངས་རྒྱས་ཀྱི་ཞིང་རྣམ་དག་མཐོང་བ་དང་། སངས་རྒྱས་ཀྱི་དྲུང་དུ་ཆོས་ཉན་ཞིང་ཐོས་པ་ཆུད་མི་གསོན་པ་དང་། བདུད་སྡིག་ཅན་ནག་པོའི་རྩ་ལག་སྡེ་དང་བཅས་པས་ནམ་ཡང་གླགས་མི་རྙེད་པ་དང་། ཕན་ཡོན་ཚད་མེད་པ་ཐོབ་པར་གསུངས་སོ། ༈ །འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ཤར་ཕྱོགས་འཇིག་རྟེན་གྱི་ཁམས་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་


MR07_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཤིན་ཏུ་ཡོངས་བསྒྲགས་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་མཐོང་དགའ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་སྣང་བ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་མེད་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་དག་པའི་ཚོགས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་རྡུལ་བྲལ་ཚོགས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་མཐའ་ཡས་པ་སྣང་བའི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་བསླུ་བ་མེད་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོགས་པ་མེད་པར་སྟོན་པའི་དཔལ་ལ་ཕྱག་འཚལ་


MR07_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་གསེར་གྱི་ཚོགས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་རྣམ་པར་གནོན་པས་བཞུད་པ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་སྒྲ་དབྱངས་སྙན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨ་ལ་རབ་ཏུ་གནས་པའི་རི་དབང་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདི་དག་ད་ལྟ་འཚོ་ཞིང་གཞེས་ལ་ཆོས་སྟོན་པ་དེ་དག་གི་ཞིང་ནི་ཡོངས་སུ་དག་ལ་སྙིགས་མ་ལྔ་མེད་དོ། །སངས་རྒྱས་བརྒྱད་པོ་འདིའི་མཚན་ཐོས་ནས་འཛིན་ཅིང་ཀློག་ལ་ཀུན་ཆུབ་པར་བྱས་ཏེ་གཞན་ལའང་སྟོན་ན། ངན་སོང་གསུམ་དང་ལྷ་མིན་གྱི་ནང་དུ་འགྲོ་བ་གནས་མེད་ཅིང་མི་ཁོམ་པར་མི་སྐྱེ་བུད་མེད་ཀྱི་དངོས་པོ་ལན་གཉིས་ལེན་པ་གནས་མེད་དོ། །ལྷ་ཀླུ་གནོད་སྦྱིན་མི་དང་མི་མིན་སྲིན་པོ་ལ་སོགས་པ་དང་། རྒྱལ་པོ་ཆོམ་རྐུན་མེ་ཆུ་དུག་མཚོན་གྱི་འཇིགས་པ་མི་འབྱུང་། ཐེག་ཆེན་ལ་ཞུགས་པ་གང་གིས་མཚན་འདི་དག་བརྗོད་དེ་སྲོད་ལ་ཉལ་ན་བདེ་བར་གཉིད་ཀྱིས་ལོག་པར་འགྱུར་བདེ་བར་སད་པར་འགྱུར་ཞིང་སྡིག་པ་ཅན་གྱི་རྨི་


MR07_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་རྨི་བར་ལྷ་རྣམས་སྲུང་བར་འགྱུར་རོ། །འཇིག་རྟེན་པའི་བྱ་བ་རྩོམ་ན་འཕེལ་བ་ཉིད་དུ་འགྱུར་གྱི་འགྲིབ་པར་མི་འགྱུར། མཚན་འཛིན་པ་དེ་དག་འདི་ནས་བཟུང་སྟེ་བྱང་ཆུབ་ཀྱི་བར་དུ་ནམ་ཡང་མངོན་ཤེས་དང་གཟུངས་དང་དབང་པོ་ཚང་བ་དང་མཚན་དང་ཤེས་རབ་རྒྱས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་ཉན་ཐོས་དང་བྲལ་བར་མི་འགྱུར་རོ། །སངས་རྒྱས་ལ་བསྙེན་བཀུར་བྱེད་པ་དང་། བསྐལ་པ་བྱེ་བ་བརྒྱ་ཕྲག་མང་པོར་ཁ་ནས་དྲི་བསུང་ཞིམ་པོ་འབྱུང་བར་འགྱུར་རོ། །རྫུ་འཕྲུལ་ཆེ་ཞིང་ཡིད་གཞུངས་ལ་པདྨ་ལས་སྐྱེ་བ་དང་ཕ་མ་རྩ་ལག་སྤུན་རྣམས་ཀྱི་ཡིད་དུ་འོང་ཞིང་ནམ་ཡང་མི་ཕོངས་ལ་སངས་རྒྱས་རྣམས་ལ་ལུང་བསྟན་པ་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །འཕགས་པ་བཀྲ་ཤིས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ལི་ཙྪ་བཱིའི་བུ་རྩལ་རབ་ཀྱིས་བཅོམ་ལྡན་འདས་ལ་སངས་རྒྱས་གང་ལ་ལ་སྔོན་གྱི་སྨོན་ལམ་ཕུན་སུམ་ཚོགས་པ་དག་བཞུགས་པ་ཐོས་ན་མི་དང་མི་མིན་གྱི་འཇིགས་པ་དང་འཚེ་བ་མེད་པ་དང་། གང་གིས་ཀྱང་སྨྲ་བ་ལ་མི་བཟློག་ཅིང་ཟིལ་གྱིས་མི་ནོན་པ་དང་། མཚན་འཛིན་པ་དེ་གཉིད་ལོག་ན་ཡང་སྡིག་པའི་རྨི་


MR07_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མི་རྨི་བ་དང་། གཡུལ་དུ་ལུས་ལ་མཚོན་གྱིས་མི་ཕོག་པ་དང་། དེ་ལས་བདེ་བར་ཐར་བར་འགྱུར་བ་བསྟན་དུ་གསོལ་ཞེས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་མཚན་འདི་དག་བཀའ་སྩལ་ཏོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་གྲགས་ལྡན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོན་མེའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་སྐྱོ་བ་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྩལ་བརྟན་དོན་གྲུབ་དགོངས་པ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་བདེ་ལྡན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་བགེགས་མེད་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པའི་རྒྱན་གྱི་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་ཆད་པ་སྤང་བ་ཞེས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་བར་གྲགས་པའི་


MR07_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དམ་པ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་སྣ་ཚོགས་ལྡན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷུན་པོ་ལྟར་འཕགས་པ་རྩལ་གྲགས་པའི་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་དཔལ་འབར་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་ཅན་ཐམས་ཅད་ལ་དགོངས་པ་གྲགས་པའི་དཔལ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་རྡོ་རྗེ་གྲགས་པ་དགའ་བ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིད་ཚིམ་པར་མཛད་པ་རྩལ་རབ་གྲགས་པའི་དཔལ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདི་དག་གི་མཚན་ལེགས་པར་བཟུང་ཞིང་ཀུན་ཆུབ་པར་བྱས་ན་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ལ། སངས་རྒྱས་དེ་དག་གི་ཞིང་ནི་དག་སྟེ་སྙིགས་མ་དང་བྲལ་བ་ཡིན་ནོ། །སངས་རྒྱས་འདི་དག་སྔོན་གྱི་སྨོན་ལམ་དང་ལྡན་པ་ཡིན་པའི་ཕྱིར་རོ། །སྲོད་ལ་ཉལ་ན་དང་ལྡང་བ་ནའང་བསམ་པར་བྱ། འཇིག་རྟེན་གྱི་བྱ་བ་གང་ཅི་ཡང་རུང་བརྩོམ་པ་


MR07_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་མཚན་འདི་དག་བསམས་ནས་དེའི་འོག་ཏུ་བརྩམས་ན་དེར་ཡང་ཁྱེད་ལ་འཕེལ་བ་ཉིད་དུ་འགྱུར་གྱི་འགྲིབ་པ་ནི་མ་ཡིན་པར་ཤེས་པར་བྱ་སྟེ། བཀྲ་ཤིས་བརྒྱད་པའི་ཆོས་ཀྱི་རྣམ་གྲངས་འདི་བརྗོད་པས་ལྷ་རྣམས་ལྷ་མིན་གྱི་གཡུལ་ལས་རྒྱལ་བར་འགྱུར་ཏེ། མཚན་འདི་དག་བརྗོད་པ་ནི་བདེ་ཞིང་འཇིགས་པ་མེད་པ་དང་། ཀུན་ནས་ལྡང་བ་མེད་པ་དང་ཡང་དག་པའི་མཚན་ཀུན་ནས་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཡུལ་ལས་འདས་པ་དང་། ཟིལ་གྱིས་མི་ནོན་པ་དང་ཞི་བ་དང་ཡོངས་སུ་གདུང་བ་མེད་པ་དང་འཇིགས་པ་མེད་པར་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །སངས་རྒྱས་བཅུ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་ཆེན་མེ་ཏོག་རྒྱས་པས་བཅོམ་ལྡན་འདས་ལ་ད་ལྟར་འཚོ་ཞིང་གཞེས་པའི་སངས་རྒྱས་གང་དག་གི་མཚན་བཟུང་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་འཚང་རྒྱ་བ་མཆི་འམ་ཞེས་ཞུས་པ་ན། བཀའ་སྩལ་པ། ཤར་ཕྱོགས་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་རྣམ་པར་དག་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་


MR07_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་བསྐལ་པ་དཔག་ཏུ་མེད་པ་ལས་འདས་པ་ལ་ཕྱག་འཚལ་ལོ། །འདིའི་མཚན་བཟུང་བས་བསྐལ་པ་སྟོང་ཕྲག་དྲུག་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་བྱེད་དོ། །ཤི་འཕོས་ནས་ཀྱང་སྒྲིབ་པ་མེད་པའི་གཟུངས་ཞེས་བྱ་བ་འཐོབ་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་སྤོབས་པ་ཡང་དག་པར་བསྐྱེད་དོ། །ཆོས་སྟོན་པ་ན་ཡང་ཁེངས་པར་མི་འགྱུར་རོ། །ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་ཡོན་ཏན་རིན་ཆེན་བཀོད་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་རིན་ཆེན་བཀོད་པའི་དཔལ་གཟི་བརྗིད་ཀྱི་ཕུང་པོའི་བསྐལ་པ་ལ་ཕྱག་འཚལ་ལོ། །འདིའི་མཚན་བཟུང་ན་ཤི་འཕོས་ནས་ཉི་མའི་དཀྱིལ་འཁོར་འོད་ཀྱིས་མཐའ་ཀླས་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར། སངས་རྒྱས་ཀྱི་ཞིང་བཀོད་པ་དཔག་ཏུ་མེད་པ་འཛིན་པ་དང་། སངས་རྒྱས་ཀྱི་ཞིང་གང་དུ་སྨོན་ལམ་བཏབ་པ་དེར་སྐྱེ་བ་དང་། བླ་མེད་བྱང་ཆུབ་ཀྱང་སྐྱེ་བ་གཅིག་གིས་ཐོགས་པར་ཐོབ་བོ། །ཤི་འཕོས་ནས་ཀྱང་མཚན་སུམ་ཅུ་རྩ་གཉིས་འཐོབ་པར་འགྱུར་རོ། །


MR07_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཕྱོགས་འཇིག་རྟེན་གྱི་ཁམས་སྦྱོར་བས་མུན་པ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ལ་སྤོབས་པ་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ། །འདིའི་མཚན་བཟུང་ན་མེ་ཆུ་དུག་མཚོན་གྱིས་འཆི་བའི་དུས་མི་བྱེད། ཤི་འཕོས་ནས་ཤུགས་བརྒྱ་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། །མངལ་དུ་མི་སྐྱེ་ཞིང་གཟུངས་རྣམས་ཐོབ་པར་འགྱུར་རོ། །བྱང་ཕྱོགས་འཇིག་རྟེན་གྱི་ཁམས་མུན་པ་དང་རྡུལ་དང་བྲལ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པ་དཔག་ཏུ་མེད་པ་བཀོད་པ་ཡང་དག་པར་སྤྱོད་པ་ལ་ཕྱག་འཚལ་ལོ། །དེའི་མཚན་བཟུང་ན་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུ་མཉེས་པར་བྱེད་དོ། །ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བའི་གསུང་ཐོབ་པར་འགྱུར་རོ། །སྒྱུ་མ་ལྟ་བུ་ལས་ངེས་པར་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །མི་ཟད་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། །ནམ་སངས་རྒྱས་སུ་མ་གྱུར་གྱི་བར་དུ་ངན་སོང་གསུམ་དུ་མི་སྐྱེ་ཞིང་མི་སྤྱོད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གང་དང་


MR07_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་སྐྱེས་པ་དེར་སེམས་ཅན་ངན་སོང་དུ་སོང་བ་ཐམས་ཅད་ཡོངས་སུ་གྲོལ་བར་བྱེད་ཅིང་དེ་ཐམས་ཅད་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱེད་དོ། །ཤར་ལྷོའི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཡུན་རིང་པོར་བདེ་བ་བཀོད་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་འབྲུག་སྒྲ་སྒྲ་དབྱངས་སྟོང་པ་ལ་ཕྱག་འཚལ་ལོ། །དེའི་མཚན་བཟུང་ན་ཤི་འཕོས་ནས་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པར་འགྱུར་རོ། །མི་འཇིགས་པ་བཞི་དང་བྱམས་པ་དང་སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འཐོབ་པར་འགྱུར་རོ། །བདེ་བ་ཅན་འདྲ་བའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་རྣམས་འཐོབ་པར་འགྱུར་རོ། །བུད་མེད་ཀྱང་ཤི་འཕོས་ནས་སྐྱེས་པའི་དངོས་པོ་འཐོབ་ཅིང་སངས་རྒྱས་ཀྱི་ཞལ་མཐོང་བར་སྐྱེ་བར་འགྱུར་རོ། །ལྷོ་ནུབ་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་བཀོད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་འོད་དམ་པའི་དཔལ་གྱི་གཟི་བརྗིད་འབྱུང་བ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་པ་ཙམ་གྱིས་སངས་རྒྱས་བྱེ་བ་མཉེས་


MR07_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །ཐམས་ཅད་དུ་མདངས་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་ཞིང་། མཚན་དེ་དག་རྒྱུན་དུ་བཟུང་ན་ཤི་འཕོས་ནས་སེམས་ཅན་ཐམས་ཅད་ཀྱང་ཏིང་འཛིན་དེ་ལ་འཇོག་པར་བྱེད་ཅིང་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །ཏིང་འཛིན་འདི་ལ་གནས་པས་ཆོས་བསྟན་ན་ཏིང་འཛིན་འདི་ཐོབ་ལ་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་ཐམས་ཅད་ཀྱང་བདེ་བར་འགྱུར་རོ། །ནུབ་བྱང་ཕྱོགས་ཀྱི་འཇིག་རྟེན་ངན་སོང་སྤོང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པ་མང་པོའི་གཟི་བརྗིད་ཀྱི་རྒྱལ་པོ་དཔལ་འབྱུང་བ་ལ་ཕྱག་འཚལ་ལོ། །འདིའི་མཚན་བཟུང་ན་ཤི་འཕོས་ནས་སྤོབས་པ་དཔག་ཏུ་མེད་པ་བཀོད་པ་ཞེས་བྱ་བའི་གཟུངས་ཐོབ་པ་དང་། ཚེགས་ཆུང་ངུས་འོད་དཔག་མེད་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པར་འགྱུར་བ་དང་། སྐྱེ་བ་གཅིག་གིས་བླ་མེད་བྱང་ཆུབ་ཏུ་འགྲུབ་པ་དང་། སངས་རྒྱས་བྱེ་བ་ཕྲག་དགུ་བཅུས་ཆོས་བསྟན་པ་ཡང་ཐོས་པར་འགྱུར་རོ། །བྱང་ཤར་ཕྱོགས་ཀྱི་འཇིག་རྟེན་ཁམས་མྱ་ངན་གྱི་གནོད་པ་ཐམས་


MR07_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང་བྲལ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་བྱེ་བ་གྲངས་མེད་པར་ཀུན་ཏུ་འབྱུང་བ་ལ་ཕྱག་འཚལ་ལོ། །དེའི་མཚན་བཟུང་ན་ཤི་འཕོས་ནས་སྒྲ་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་སྤོབས་པ་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་རོ། །སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །སྟེང་གི་ཕྱོགས་འཇིག་རྟེན་གྱི་ཁམས་གཟི་བརྗེད་དཔག་ཏུ་མེད་པ་བཀོད་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགེ་བ་གསེར་གྱི་ནམ་མཁའ་ངེས་པར་སྒྲོགས་པ་བཀོད་པ་དཔལ་གྱི་གཟི་བརྗིད་འབྱུང་བ་ལ་ཕྱག་འཚལ་ལོ། །དེའི་མཚན་བཟུང་ན་ཚུལ་ཁྲིམས་ཀྱི་ཕུང་པོ་དཔག་མེད་ཡོངས་སུ་དག་པ་དང་། དེ་བཞིན་དུ་ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་གྲོལ་ཡེ་ཤེས་མཐོང་བའི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་དག་པར་བྱེད་དོ། །ས་ནས་ས་ཐོབ་པ་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མཆོག་ཐོབ་པར་འགྱུར་རོ། །གཉེན་གྱི་སྟོབས་དང་རྒྱལ་སྲིད་དང་སྤོབས་པ་མི་བུལ་


MR07_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐོབ་པར་འགྱུར་རོ། །མྱུར་དུ་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བ་དང་། སེམས་ཅན་ཐམས་ཅད་ཀྱང་འཆི་འཕོ་དང་སྔོན་གནས་རྗེས་སུ་དྲན་པ་དང་། བརྡ་སྐད་ཤེས་པ་དང་། སྤོབས་པ་རྒྱུན་མི་འཆད་པ་དང་རིགས་མཐོན་པོ་ཆེན་པོ་དང་ཚེ་རབས་དྲན་པ་དང་། མངོན་ཤེས་ལྔ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འཐོབ་པར་འགྱུར་རོ། །འོག་ཕྱོགས་འཇིག་རྟེན་གྱི་ཁམས་རྡུལ་ཐམས་ཅད་འདུས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཚུལ་རྣམ་པར་འཕྲུལ་པའི་གཟི་བརྗིད་འབྱུང་བ་ལ་ཕྱག་འཚལ་ལོ། །དེའི་མཚན་བཟུང་ན་ཟླ་བའི་གཟུངས་ཞེས་བྱ་བ་ཐོབ་པ་དང་། སྐྱེ་བ་གཅིག་གིས་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་བ་དང་། སངས་རྒྱས་བྱེ་བ་ཕྲག་དགུ་བཅུས་ཆོས་བསྟན་པ་ཐོས་ནས་ཐམས་ཅད་ཀུན་ཏུ་འཛིན་པར་འགྱུར་རོ། །སངས་རྒྱས་འདི་ཐམས་ཅད་ད་ལྟ་འཚོ་ཞིང་གཞེས་ལ་ཆོས་སྟོན་པ་ཤ་སྟག་གོ །ཞེས་གསུངས་སོ། །འཕགས་པ་སངས་རྒྱས་བཅུ་གཉིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ཤར་ཕྱོགས་འཇིག་རྟེན་གྱི་ཁམས་མུ་ཏིག་ཅན་ཞེས་བྱ་བ་ན།


MR07_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའི་དཔལ་དྲི་མེད་རྡུལ་སེལ་རབ་མཛེས་ཡོན་ཏན་གྱི་ཏོག་གི་འོད་མེ་ཏོག་པདྨ་བཻཌཱུརྱའི་འོད་ཟེར་རིན་པོ་ཆེའི་གཟུགས་ལྟ་བུའི་སྐུ་དང་ལྡན་པ་སྤོས་མཆོག་དམ་པས་མཆོད་པ་སྐུ་རྣམ་པར་སྤྲས་ཤིང་ལེགས་པར་བརྒྱན་པ་གཙུག་ཏོར་གྱི་གཙུག་ནས་ཉི་མའི་འོད་ཟེར་དཔག་མེད་ཟླ་འོད་སྨོན་ལམ་གྱིས་བརྒྱན་པ་རབ་སྤྲུལ་བཀོད་པ་ཆེན་པོ་ཆོས་ཀྱི་དབྱིངས་ལས་མངོན་འཕགས་ཆགས་མེད་རིན་ཆེན་རྒྱལ་པོ་ལ་ཕྱག་འཚལ་ལོ། །སུ་རྒྱལ་བའི་མཚན་འཛིན་པ་དེ་བསྐལ་པ་ཆེན་པོའི་འཛམ་བུ་གླིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བསྐལ་པར་འཁོར་བ་ལས་ལྡོག་གོ །བཤད་མ་ཐག་པའི་སངས་རྒྱས་དེས་སེམས་དཔའ་ཆེན་པོ་དྲི་མེད་ཅེས་བྱ་བ་ལུང་བསྟན་ནས་སངས་རྒྱས་དེ་མྱ་ངན་ལས་འདས་ཤིང་དམ་པའི་ཆོས་ནུབ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་དེ་འཚང་རྒྱ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཆུ་ལྷ་གཞོན་ནུ་ཉི་མའི་སྒྲོན་མ་ཟླ་བའི་མེ་ཏོག་རིན་ཆེན་པདྨ་གསེར་སྡུག་ནམ་མཁའ་ལྟ་བུའི་སྐུ་ལྡན་རྣམ་པར་སྣང་མཛད་འོད་ཟེར་


MR07_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བརྒྱན་ཐོགས་མེད་འཁོར་ལོའི་དཀྱིལ་འཁོར་ཕྱོགས་བཅུར་འོད་ཟེར་རབ་འབྱིན་འཇིག་རྟེན་ཁམས་ཀུན་ཏུ་སྣང་བྱེད་ཏོག་གི་རྒྱལ་མཚན་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་དེ་ཉིད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཀོད་པ་ཐམས་ཅད་དྲི་མེད་འོད་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོབས་པའི་རྒྱན་ལ་དགོངས་པ་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དྲི་མེད་ཟླ་བའི་ཏོག་གི་རྒྱལ་པོ་གྲགས་ལྡན་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་མེ་ཏོག་གི་བཀོད་པ་སྣང་བར་མཛད་པ་ལ་ཕྱག་འཚལ་ལོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་འོད་མཛད་ལ་ཕྱག་འཚལ་ལོ། །ལྷོ་ནུབ་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་རིན་ཆེན་མཆོག་གི་ཏོག་གྲགས་ལྡན་ལ་ཕྱག་འཚལ་ལོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་འཇིགས་མེད་རྣམ་པར་གཟིགས་པ་ལ་ཕྱག་འཚལ་ལོ། །བྱང་ཤར་ཕྱོགས་མཚམས་ཀྱི་དེ་བཞིན་གཤེགས་པ་འཇིགས་བྲལ་བག་ཚ་བ་མི་མངའ་སྤུ་ཟིང་མི་བྱེད་


MR07_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཕྱག་འཚལ་ལོ། །འོག་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་སེང་གེ་བསྒྱིངས་བའི་མིང་པ་ལ་ཕྱག་འཚལ་ལོ། །སྟེང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་གསེར་འོད་གཟི་བརྗིད་འཇིགས་བྲལ་རྒྱལ་པོ་ལ་ཕྱག་འཚལ་ལོ། །དད་པའི་རིགས་ཀྱི་བུའམ་བུ་མོ་གང་གིས་སངས་རྒྱས་བཅུ་གཉིས་པོ་འདིའི་མཚན་བརྗོད་ལ་ཉི་མ་བཅུར་སྡིག་པ་ཐམས་ཅད་བཤགས་པར་བྱ། དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རངས་བར་བྱ། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་པ་དང་། དགེ་རྩ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་བསྔོ་བས་བསྔོ་བར་བྱ། དེས་སྡིག་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བ་དང་། དེའི་འོག་ཏུ་བསམ་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་དང་མི་འཇིགས་པ་དང་། མཚན་ཕུན་སུམ་ཚོགས་པ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཕུན་སུམ་ཚོགས་པ་དང་། གཟུངས་དང་ཏིང་འཛིན་ཕུན་སུམ་ཚོགས་པ་དང་། དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པ་ཡང་མྱུར་དུ་འཐོབ་བོ། །བླ་མེད་བྱང་ཆུབ་ལས་ཡོངས་སུ་མི་ཉམས་པ་དང་། འཁོར་བ་ན་འཁོར་བའི་ཚེ་ཡང་ཀུན་ཏུ་མཛེས་པ་དང་། དེའི་ལོངས་སྤྱོད་


MR07_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་དང་། རིགས་དང་སྐྱེ་བ་རུས་དང་གཟུགས་དང་མཐུ་ཕུན་སུམ་ཚོགས་པ་དང་། རིས་འདྲ་བའི་སྐྱེ་བོའི་འཁོར་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་འཛིན་ནོ། །ཞིང་བྱེ་བ་ཕྲག་སྟོང་གསེར་གྱིས་བཀང་སྟེ་བྱིན་པ་བས་མཚན་འདི་རྣམས་བཟུང་བའི་བསོད་ནམས་ཆེས་མང་ལ། རྟག་ཏུ་ཚེ་རབས་དྲན་པ་དང་། མི་ཁོམ་པ་སྤངས་ནས་བཟང་འགྲོར་སངས་རྒྱས་ལ་དད་པས་མཆོད་པ་དང་མཉེས་པ་དང་། སངས་རྒྱས་མཐོང་བའི་མིག་སྦྱང་བ་དང་། འཇིག་རྟེན་ན་བཀུར་སྟི་དང་གྲགས་པ་ཐོབ་པ་དང་། ཁ་ནས་སྤོས་ཀྱི་ངད་ལྡང་བ་དང་། ཤེས་རབ་མི་འཆལ་བ་དང་། གཡོ་དང་སྒྱུ་སྤང་བ་དང་དཔའ་ཞིང་གཏོང་ཕོད་དང་ཚངས་པའི་དབྱངས་དང་ལྡན་པ་རིན་པོ་ཆེའི་པདྨ་ལས་རྫུས་ཏེ་སྐྱེ་བ་དང་། ཕ་མ་སྤུན་སོགས་སྡུག་པའི་སྐྱེ་བོ་དང་འབྲལ་བར་མི་འགྱུར། བུད་མེད་ཀྱི་ལུས་སྤངས་ནས་སྐྱེས་པ་བློ་གྲོས་ཆེན་པོར་འགྱུར་རོ། །བདུད་ལ་སོགས་པ་གང་གིས་ཀྱང་གླགས་མི་རྙེད་པ་དང་། དུག་མཚོན་མེ་དང་རྒྱལ་པོ་གཡོན་ཅན་གྱིས་མི་ཚུགས་པ་དང་། ཞིང་བྱེ་བར་མཁའ་ལ་འགྲོ་ཞིང་སངས་རྒྱས་ཀྱི་ཆོས་རྣམས་འཛིན་ཞིང་ལུང་བསྟན་པ་ཐོབ་ནས་ཕར་ཕྱིན་དང་མི་འཇིགས་པ་དང་སྟོབས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་ལུས་པ་


MR07_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་འགྱུར་རོ། །ཞེས་གསུངས་སོ། ༈ །སངས་རྒྱས་ཀྱི་དབུ་རྒྱན་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ཤར་ཕྱོགས་འཇིག་རྟེན་གྱི་ཁམས་ཏིང་ངེ་འཛིན་གྱིས་བརྒྱན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་གླང་པོ་དམ་པའི་དཔལ་ལ་ཕྱག་འཚལ་ལོ། །སངས་རྒྱས་དེ་ད་ལྟ་འཚོ་ཞིང་གཞེས་ལ་དེ་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རྡུལ་མེད་རྣམ་པར་གནོན་པ་ཞེས་བྱ་བ་དེ་དེ་བཞིན་གཤེགས་པ་དེ་འདས་པ་དང་། བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་སྟེ། སངས་རྒྱས་རྟག་ཏུ་ཏིང་ངེ་འཛིན་གླང་པོ་དམ་པའི་དཔལ་ཞེས་བྱའོ། །ཐེག་ཆེན་ལ་ཡང་དག་པར་ཞུགས་པ་གང་གིས་སངས་རྒྱས་ཏིང་ངེ་འཛིན་གླང་པོ་དམ་པའི་དཔལ་དང་། བྱང་སེམས་རྡུལ་མེད་རྣམ་གནོན་དེའི་མཚན་འཛིན་པར་བྱེད་པ་དེ་དག་སྲིད་པར་སྐྱེས་བ་ན་ཚེ་རབས་དྲན་པ་དང་། བསྐལ་པ་བརྒྱར་འཁོར་བ་ལས་ཕྱིར་ཕྱོགས་པ་དང་། བསོད་ནམས་ཀྱི་ཕུང་པོ་དཔག་མེད་འཛིན་ཞིང་བླ་མེད་རྫོགས་བྱང་དང་ཉེ་བར་འགྱུར་རོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ལེགས་མཛེས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་


MR07_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པའི་སངས་རྒྱས་པདྨ་དམ་པའི་དཔལ་ལ་ཕྱག་འཚལ་ལོ། །སངས་རྒྱས་དེ་ད་ལྟ་འཚོ་ཞིང་གཞེས་སོ། །ཞིང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་པདྨ་ཞེས་བྱ་བ་དེ་བཞིན་གཤེགས་པ་དེ་འདས་པའི་འོག་ཏུ་སངས་རྒྱས་པདྨ་དམ་པའི་གདུགས་ཀྱི་རྒྱལ་པོ་ཞེས་པར་འཚང་རྒྱའོ། །སངས་རྒྱས་དེ་དང་བྱང་སེམས་དེའི་མཚན་འཛིན་པ། དེ་དག་སྲིད་པར་སྐྱེས་པ་ན་ཚེ་རབས་དྲན་པ་དང་། པདྨ་དང་འདྲ་བར་འཇིག་རྟེན་ཐམས་ཅད་ཀྱི་མི་དགེ་བའི་ཆོས་རྣམས་ཀྱིས་མི་གོས་པར་མངོན་པར་འཕགས་པར་འགྱུར་རོ། །བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། བསྐལ་པ་སུམ་ཅུ་འཁོར་བ་ལས་ཕྱིར་ཕྱོགས་པ་དང་། བླ་མེད་བྱང་ཆུབ་དང་ཉེ་བ་སྟེ་བསོད་ནམས་ཀྱི་ཕུང་པོ་དཔག་མེད་འཛིན་པར་འགྱུར་རོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་རྡུལ་བྲལ་


MR07_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་ལ་ཕྱག་འཚལ་ལོ། །སངས་རྒྱས་དེ་ད་ལྟ་འཚོ་ཞིང་གཞེས་སོ། །ཞིང་དེ་ན་བྱང་སེམས་ཆེན་པོ་ཉི་འོད་ཅེས་བྱ་བ་དེ་བཞིན་གཤེགས་པ་དེ་འདས་ནས་འཚང་རྒྱ་སྟེ་སངས་རྒྱས་འཕགས་པའི་དཔལ་ཐམས་ཅད་རྫོགས་པ་མཚན་དམ་པའི་ལུས་ཀྱི་སྐུ་ཅན་ཞེས་བྱའོ། །ཐེག་ཆེན་ལ་ཞུགས་པ་གང་སུ་དག་སངས་རྒྱས་དང་བྱང་སེམས་དེའི་མཚན་འཛིན་ན་སྲིད་པར་ཚེ་རབས་དྲན་ཞིང་དགེ་བའི་ཆོས་ཐམས་ཅད་ལ་ཉི་མའི་དཀྱིལ་འཁོར་ལྟར་སྣང་བ་ཐོབ་པར་འགྱུར་རོ། །ངན་སོང་གསུམ་དུ་ལྟུང་བའི་འཇིགས་པ་མེད་ལ་བླ་མེད་བྱང་ཆུབ་ཏུ་ཉེ་བ་དང་བསྐལ་པ་སྟོང་དུ་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་རོ། །བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ །ཤར་ཕྱོགས་


MR07_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་དབང་དུ་གྱུར་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་གདུགས་གཅིག་པ་དམ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དེ་ད་ལྟ་འཚོ་ཞིང་གཞེས་ལ། དེའི་མཚན་བཟུང་བས་ཐེག་པ་ཆེན་པོ་ལ་ཞུགས་པ་དེ་སྲིད་པར་སྐྱེ་བ་ན་ཚེ་རབས་དྲན་པ་དང་རིགས་ངན་དང་དབུལ་པོར་མི་སྐྱེ། ནམ་ཡང་ཕའམ་མས་མི་ཕོངས། ལོངས་སྤྱོད་ཀྱིས་མི་ཕོངས། ནད་ཀྱིས་མི་གཟིར། སྐྱེ་བ་ཐམས་ཅད་དུ་རྒྱལ་པོའི་རིགས་སུ་སྐྱེ། བླ་མེད་བྱང་ཆུབ་དང་ཉེ་ཞིང་བསྐལ་པ་སྟོང་ཕྲག་སུམ་ཅུར་འཁོར་བ་ལས་ཕྱིར་ཕྱོགས་པ་དང་བླ་མེད་བྱང་ཆུབ་ལས་མི་ལྡོག་པར་འགྱུར་རོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་བསགས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏིང་ངེ་འཛིན་དམ་པ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ། །སངས་རྒྱས་དེའི་སྔོན་གྱི་


MR07_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་ནི་ཐེག་ཆེན་ལ་ཞུགས་པ་སུ་དག་བདག་གི་མིང་འཛིན་པ་དེ་དག་སྲིད་པར་སྐྱེས་ཤིང་སྐྱེས་པ་ཐམས་ཅད་དུ་རབ་ཏུ་བྱུང་བ་ཐོབ་པ་དང་། རབ་ཏུ་བྱུང་བ་ཐོབ་ནས་ཏིང་ངེ་འཛིན་སྟོང་ཐོབ་པ་དང་། ཏིང་ངེ་འཛིན་གཅིག་ཁོ་ནས་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མངོན་པར་བསྒྲུབ་པ་དང་། ཏིང་འཛིན་དེ་དག་ལས་ཀྱང་རྣམ་པར་མི་ཉམས་པ་དང་། འདས་པའི་སངས་རྒྱས་མྱ་ངན་ལས་འདས་པ་ཁྲི་པོ་གང་དག་དང་ཆོས་སྟོན་པ་ལ་ལྟ་བར་བྱེད་པ་དང་། འདས་པ་ཇི་ལྟ་བ་བཞིན་དུ་ད་ལྟར་བྱུང་བ་རྣམས་ལའང་དེ་བཞིན་དུ་འབྱུང་བ་དང་། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་སྐྱེས་ཤིང་སྐྱེས་པ་ཐམས་ཅད་དུ་བསྐལ་པ་སྟོང་སྟོང་དུ་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་བ་དང་། བླ་མེད་རྫོགས་པའི་བྱང་ཆུབ་དང་ཉེ་བ་ཐོབ་པར་འགྱུར་བར་བཏབ་བོ། །ཐེག་ཆེན་ལ་ཞུགས་པ་གང་སུ་དག་སངས་རྒྱས་འདིའི་མཚན་འཛིན་པ་དེ་དག་ཚེ་རབས་དྲན་པ་དང་། ཏིང་འཛིན་གཅིག་གིས་ཏིང་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཐོབ་པར་འགྱུར་རོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་རྣམ་པར་བཀྲ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་དཀྱིལ་འཁོར་གཟི་བརྗིད་ཀྱིས་


MR07_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་འཕགས་པའི་རྒྱལ་པོའི་དཔལ་ལ་ཕྱག་འཚལ་ལོ། །ཐེག་ཆེན་ལ་ཞུགས་པ་གང་གིས་མཚན་འཛིན་པ་དེ་དག་སྲིད་པར་སྐྱེས་པ་ན་ཚེ་རབས་དྲན་པ་དང་། བློ་གྲོས་དང་ཤེས་རབ་དང་གཟི་བརྗིད་དང་། མཚན་དང་ལྡན་པར་མི་སྤྲོ་བ་དེ་ལྟ་བུའི་ཚིག་དང་སྤོབས་པ་མི་ཟློག་པ་དང་ལྡན་པ་དང་། དེ་དག་གིས་ཆོས་སྟོན་པ་ན་མདུན་ན་སངས་རྒྱས་ཀྱི་གཟུགས་གནས་པ་དང་། མ་ཐོས་ཤིང་ལུང་མ་ཕོག་པར་བྱེ་བ་ཁྲག་ཁྲིག་གྲངས་མེད་པར་སྤྲོ་བར་མི་འགྱུར་བ་དེ་ལྟ་བུའི་ཚིག་དང་སྤོབས་པ་མི་བཟློག་པར་འགྱུར་རོ། །ཅི་ནས་བླ་མེད་བྱང་ཆུབ་ལས་མི་ལྡོག་པ་དེ་ལྟར་ཆོས་སྟོན་པ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་རོ། །དེ་དག་གིས་བསོད་ནམས་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་འཛིན་ནོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་རིན་ཆེན་ལྡན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་ཀུན་ཏུ་སྣང་བའི་དཔལ་ལ་ཕྱག་འཚལ་ལོ། །ཐེག་ཆེན་ལ་ཞུགས་པ་གང་དག་མཚན་འདི་འཛིན་ན་སྲིད་པར་སྐྱེས་པ་ན་འདུག་སྟེ་ཆོས་སྟོན་པར་འགྱུར། འདོད་ན་འཛམ་བུའི་གླིང་འདི་སྐད་ཀྱིས་གོ་བར་བྱེད། འདོད་ན་སྟོང་ཆེན་པོའི་འཇིག་


MR07_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཁམས་འདི་སྐད་ཀྱིས་གོ་བར་བྱེད། ཆོས་འཆད་པ་ན་སེམས་ཅན་གང་དག་ཇི་ལྟར་མོས་པ་དང་ཅི་ནས་བླ་མེད་བྱང་ཆུབ་ལས་མི་ལྡོག་པ་དེ་ལྟ་བུར་ཆོས་སྟོན་པར་འགྱུར་རོ། །བསྐལ་པ་སྟོང་ཕྲག་དྲུག་ཅུར་འཁོར་བ་ལས་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་ལ་ཕྱག་འཚལ་ལོ། །དེའི་མཚན་བཟུང་བས་ཚེ་རབས་དྲན་པ་དང་། བྱང་ཆུབ་ཡན་ལག་གི་རིན་པོ་ཆེ་བདུན་ཐོབ་པར་འགྱུར་རོ། །ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་སྒྲ་ཡིད་དུ་འོང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གོ་འཕང་མཐའ་ཡས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །དེའི་མཚན་བཟུང་བས་སྲིད་པར་ཚེ་རབས་དྲན་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཟླ་བའི་དཀྱིལ་འཁོར་རྣམ་པར་དག་པ་ཞེས་བྱ་བ་ཐོབ་པར་འགྱུར་ཏེ། དེ་ལ་གནས་ན་ཕྱོགས་བཅུ་རེ་རེར་ཡང་ཆུ་བོ་གངྒཱའི་བྱེ་སྙེད་ཀྱི་སངས་རྒྱས་མཐོང་བ་དང་། དེ་རྣམས་ཀྱིས་ཆོས་བསྟན་པ་ཡང་ཡང་དག་པར་ཤེས་པར་འགྱུར་བ་དང་། རྟག་ཏུ་སངས་རྒྱས་མཉེས་པར་བྱེད་པ་དང་།


MR07_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སངས་རྒྱས་རྣམས་དང་མི་འབྲལ་བ་དང་། བླ་མེད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། བསྐལ་པ་སྟོང་ཕྲག་སུམ་ཅུ་རྩ་ལྔར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར་ལ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་བཟུང་བར་འགྱུར་རོ། །ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་སྤོས་མཆོག་དྲི་ཞིམ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་མཆོག་མཐའ་ཡས་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདིའི་སྔོན་སྨོན་ལམ་བཏབ་པ། རིགས་ཀྱི་བུའམ་བུ་མོ་ཐེག་ཆེན་ལ་ཞུགས་པས་བདག་གི་མིང་འཛིན་པ་དེ་དག་སྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་ཞིང་ཚངས་པར་སྤྱོད་པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལུས་ལེགས་པར་བརྒྱན་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་འགྲོ་ཞིང་སྣང་བར་བྱེད་པ་དང་། བདག་གིས་དེ་དག་སངས་རྒྱས་ཀྱི་བྱང་ཆུབ་རྫོགས་པར་བྱ་ཞིང་། གལ་ཏེ་ས་ཆེན་པོ་འདི་མེས་གང་ན་མེ་ཞི་ནས་རིན་པོ་ཆེ་འབྱུང་བ་དང་། སློང་བར་བྱུང་བའི་སེམས་ཅན་གྱི་ཡིད་མི་བཅད་པ་དང་། བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། བསྐལ་པ་སྟོང་ཕྲག་སུམ་ཅུར་འཁོར་བ་ལས་ཕྱིར་ཕྱོགས་པ་དང་།


MR07_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་འདི་དག་ཐོབ་པར་གསོལ་བ་བཏབ་པས་ད་ལྟ་མཚན་འཛིན་པ་ལ་ཡོན་ཏན་དེ་བཞིན་དུ་འབྱུང་ངོ་། །ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་གང་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དམ་པ་ལ་ཕྱག་འཚལ་ལོ། །ཐེག་ཆེན་ལ་ཞུགས་པ་གང་གིས་མཚན་འདི་འཛིན་པས་ཚེ་རབས་དྲན་པ་དང་། མངལ་ན་འདུག་བཞིན་དུ་སངས་རྒྱས་རྣམས་ཀྱིས་གཟིགས་པ་དང་། སངས་རྒྱས་རྣམས་མཐོང་བ་དང་མཉེས་པར་བྱེད་པ་དང་། སངས་རྒྱས་དེ་དག་གི་ཞལ་ནས་རིགས་ཀྱི་བུ་ཁྱོད་བླ་མེད་བྱང་ཆུབ་ཏུ་ངེས་པར་བྱུང་བ་དང་ཕྱིར་མི་ལྡོག་པ་དང་། ཁྱོད་མངལ་ན་འདུག་བཞིན་དུ་ལྷ་ཀླུ་གནོད་སྦྱིན་གཞན་དག་ཀྱང་བླ་མེད་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པ་དང་། བསྐལ་པ་སྟོང་དུ་འཁོར་བ་ལས་ཕྱིར་ཕྱོགས་པ་བྱེད་པར་འགྱུར་རོ་ཞེས་གསུང་ངོ་། །དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་མེད་བཟུང་བར་འགྱུར་རོ། །ནུབ་ཕྱོགས་འཇིག་རྟེན་གྱི་ཁམས་ལེགས་པར་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐུ་སྣང་ཆེ་ལ་ཕྱག་


MR07_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །ཐེག་ཆེན་ལ་ཞུགས་པ་གང་དག་མཚན་དེ་བཟུང་བས་ཚེ་རབས་དྲན་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ་ཞེས་བྱ་བ་ཐོབ་པར་འགྱུར་ཏེ། དེ་ལ་གནས་ནས་སངས་རྒྱས་ཀྱི་ཞིང་ཆུ་བོ་གངྒཱའི་བྱེ་སྙེད་ཀྱི་སངས་རྒྱས་རྣམས་མཐོང་བ་དང་། མི་ཕམ་པ་དང་འདྲ་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གང་ཡིན་པའི་ཡོན་ཏན་གྱི་ཕན་ཡོན་དེ་དག་ལ་ཡང་འབྱུང་བར་འགྱུར་ལ་བུད་མེད་གང་གིས་མཚན་དེ་འཛིན་ན་དེ་བུད་མེད་ཀྱི་དངོས་པོ་ཐ་མ་ཡིན་ཏེ། ཤི་འཕོས་ནས་སྐྱེས་པའི་དངོས་པོ་འཐོབ་པར་འགྱུར་རོ། །བསྐལ་པ་གྲངས་མེད་པར་འཁོར་བ་ལས་ཕྱིར་ཕྱོགས་པ་དང་། དེ་དག་ལ་བསོད་ནམས་ཀྱི་ཕུང་པོ་དཔག་མེད་འབྱུང་བ་དང་། བྱང་ཆུབ་བླ་མེད་དང་ཉེ་བ་ཐོབ་པར་འགྱུར་རོ། །བྱང་ཕྱོགས་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དམ་པ་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོ་ལ་ཞུགས་པ་གང་གིས་མཚན་དེ་འཛིན་པར་བྱེད་པས་བསོད་ནམས་ཆེན་པོ་སྐྱེད་དེ། ཐེག་ཆེན་ལ་ཞུགས་པ་གང་གིས་སངས་རྒྱས་རྣམས་ལ་ལོ་བྱེ་བ་ཁྲག་ཁྲིག་


MR07_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་སྟོང་དུ་རིའི་རྒྱལ་པོ་རི་རབ་ལྟ་བུའི་གསེར་གྱི་ཕུང་པོ་ཡང་དང་ཡང་དུ་ཕུལ་བ་བས་སངས་རྒྱས་ཀྱི་མཚན་བཟུང་བའི་ཕན་ཡོན་ཆེས་མཆོག་ཏུ་འགྱུར་རོ། །སངས་རྒྱས་འདི་རྣམས་ད་ལྟ་འཚོ་ཞིང་གཞེས་པ་སྟེ་སངས་རྒྱས་འདི་དག་གི་མཚན་བཟུང་བས་ཕན་ཡོན་ཚད་མེད་པ་འཐོབ་པས། བྱང་ཆུབ་སེམས་དཔའ་གང་ཞིག་སངས་རྒྱས་ཀྱི་ཡེ་ཤེས་བསམ་ཡས་འདོད་པ་དང་། སེམས་ཅན་དུ་མ་སྲིད་པ་ལས་དགྲོལ་བར་འདོད་པ་དང་། རྐང་པའི་མཐེ་བོང་གིས་ཞིང་བྱེ་བ་བསྒུལ་བའི་མཐུ་འདོད་པ་དང་། སངས་རྒྱས་རྣམས་ལ་མཆོད་པ་བསམ་ཡས་བྱེད་པར་འདོད་པས་མཚན་འདི་དག་བཟུང་ནས་གཞན་ལ་ཡང་བསྟན་པར་བྱའོ། །གངྒཱའི་བྱེ་མ་སྙེད་ཀྱི་ཞིང་རིན་ཆེན་གསེར་གྱིས་བཀང་སྟེ་སངས་རྒྱས་རྣམས་ལ་ཕུལ་བ་བས་མཚན་འདི་དག་ཐོས་པའི་ཕན་ཡོན་བརྒྱ་ཡི་ཆར་ཡང་མི་ཕོད་ལ། མཚན་འདི་འཛིན་པ་དེ་དག་མིར་གྱུར་པ་ལེགས་པར་རྙེད་པ་དང་། དེ་མིའི་འཇིག་རྟེན་དབྱངས་ཀྱི་ཡན་ལག་དང་ལྡན་པ་དང་། རབ་ཏུ་འབྱུང་བ་ལེགས་པར་རྙེད་པ་དང་། ཟས་ལེགས་པར་སྤྱད་པར་འགྱུར་རོ། །ཞེས་གསུངས་སོ། ༈ ། རིན་ཆེན་ཟླ་བས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་


MR07_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ལས་གསུངས་པ། ཤར་ཕྱོགས་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་བཟང་པོ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་ན་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་དགའ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙནྡན་དཔལ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་པས་བླ་མེད་བྱང་ཆུབ་ལས་མི་ལྡོག་གོ །ནུབ་ཕྱོགས་འཇིག་རྟེན་གྱི་ཁམས་བཟང་པོ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་པ་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་འོད་དེ་ཡང་ཉམས་སུ་མྱོང་ངོ་། །བྱང་ཕྱོགས་འཇིག་རྟེན་གྱི་ཁམས་འཁྲུག་མེད་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་གི་དཔལ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་པས་བླ་མེད་ལས་ཕྱིར་མི་ལྡོག་ཅིང་ལྷ་དང་བཅས་པའི་འཇིག་རྟེན་གྱི་རྒྱལ་མཚན་ལྟ་བུར་འགྱུར་རོ། །ཤར་ལྷོའི་ཕྱོགས་ཀྱི་འཇིག་རྟེན་ཟླ་བ་སྣང་བ་ན། དེ་བཞིན་གཤེགས་པ་


MR07_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་པ་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ལྷོ་ནུབ་ཕྱོགས་ཀྱི་འཇིག་རྟེན་ཏོག་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་མཆོད་སྡོང་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་ན་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་འཇིག་རྟེན་ན་རིན་པོ་ཆེ་ལྟར་མངོན་པར་འཕགས་པར་འགྱུར་རོ། །ནུབ་བྱང་གི་ཕྱོགས་ཀྱི་འཇིག་རྟེན་སྒྲ་ལྡན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་དཔལ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་པས་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་མེ་ཏོག་ལྟར་མི་དགེ་བའི་ཆོས་རྣམས་ཀྱིས་གོས་པར་མི་འགྱུར་རོ། །བྱང་ཤར་གྱི་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བདེ་ལྡན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པ་ཆུང་ངུ་དང་འབྲིང་དང་ཆེན་པོས་རྣམ་པར་རོལ་པ་ལ་ཕྱག་འཚལ་ལོ། །མཚན་འདི་ཐོས་ན་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་བྱང་ཆུབ་སེམས་


MR07_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སྤྱོད་པ་དང་ཚུལ་ཐམས་ཅད་ལ་མཁས་ཤིང་ཕ་རོལ་ཏུ་ཕྱིན་པའི་ཤེས་པ་ཡང་ཡོངས་སུ་འཛིན་པར་འགྱུར་རོ། །འོག་ཕྱོགས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བའི་དཔལ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་ན་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་ཉེ་བར་ལེན་པའི་ཉོན་མོངས་པ་ཐམས་ཅད་ཟད་པར་ཡང་རྗེས་སུ་འཛིན་པར་འགྱུར་རོ། །སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནོར་དཔལ་ལ་ཕྱག་འཚལ་ལོ། །དེའི་མཚན་ཐོས་ན་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་ཆོས་རིན་པོ་ཆེ་བླ་ན་མེད་པ་ཡང་ཐོབ་པར་འགྱུར་རོ། །དེ་ལྟར་ཡེ་ཤེས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་སངས་རྒྱས་འདི་རྣམས་ད་ལྟ་འཚོ་ཞིང་གཞེས་ལ་ཆོས་སྟོན་ཏོ། །འདི་དག་གིས་སྔོན་རིན་ཆེན་འབྱུང་གནས་ཞེས་བྱ་བའི་བསྐལ་པ་ལ། བཅོམ་ལྡན་འདས་རྒྱ་མཚོའི་དཔལ་ཞེས་པའི་དྲུང་དུ་བཅུ་པོ་འདིས་ལྷན་ཅིག་དགེ་རྩ་བསྐྱེད་དེ་མཆོད་པ་ཚད་མེད་པ་བྱས་ནས་ལྷན་ཅིག་མཐུན་པར་རྫོགས་


MR07_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཐམས་ཅད་ཀྱི་ཉི་མ་གཅིག་ཏུ་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་དག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས་བྱང་ཆུབ་ཕྱོགས་ཀྱི་ཆོས་རྫོགས་པར་བྱས་ཏེ། སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་སུ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཐམས་ཅད་སྐུ་ཚེའི་ཚད་མཉམ་ལ་དུས་གཅིག་ཏུ་མྱ་ངན་ལས་འདའ་བར་མཛད་དོ། །དེ་དག་གི་ཞིང་ཤིན་ཏུ་ལེགས་པར་བརྒྱན་ཅིང་ཡིད་དུ་འོང་བ་ཡོངས་སུ་དག་པ། ཆོས་བསྟན་པ་རེ་རེས་ཀྱང་སེམས་ཅན་ཚད་མེད་པ་ཡོངས་སུ་གྲོལ་བར་མཛད་པའོ། །ཞིང་དེ་དག་དང་མི་མཇེད་འདིའི་བར་ན་ཞིང་ཚད་མེད་པ་ཡོད་དེ། སྟོང་ཆེན་པོའི་འཇིག་རྟེན་འདི་སྲིད་རྩེའི་བར་དུ་བྱེ་མས་ཡོངས་སུ་གང་བའི་བྱེ་མའི་འབྲུ་རེ་རེ་དག་ཞིང་རེ་རེར་བཞག་པའི་ཚུལ་གྱིས་བྱེ་མ་དེ་སྙེད་ཟད་ཀྱང་བར་ན་གནས་པའི་ཞིང་དེའི་མཐའ་མི་འཛད་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་པ་གྲངས་མེད་པ་འདས་པ་ན་ཡོད་དོ། །དེ་དག་སངས་རྒྱས་ནས་


MR07_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་བྱེ་བ་ཕྲག་དྲུག་ཅུ་ལོན་ནོ། །དེ་བཞིན་གཤེགས་པ་དེ་དག་སེམས་ཅན་ལ་ཐུགས་བརྩེ་བའི་སླད་དུ་སྐུ་ཚེའི་ཚད་རིང་པོར་གཞེས་པ་སྟེ། གང་གིས་སྟོང་ཆེན་པོའི་འཇིག་རྟེན་འདི་དང་། དེ་བཞིན་གཤེགས་པ་བཅུ་པོ་དག་གི་ཞིང་དེ་དང་། སངས་རྒྱས་ཀྱི་ཞིང་བཅུ་པོ་རྣམས་ལྷའི་རིན་པོ་སྣ་བདུན་གྱིས་བཀང་ནས་སངས་རྒྱས་རྣམས་ལ་ཉིན་རེ་བཞིན་བསྐལ་པ་གྲངས་མེད་པར་ཕུལ་བ་བས། མཚན་འདི་རྣམས་དང་སྐུ་ཚེའི་ཚད་འདི་རྣམས་ཐོས་ནས་དེ་བཞིན་འཛིན་ཅིང་ཡིད་ཆེས་པ་མི་སྤོང་ཞིང་དད་པར་བྱེད་ན་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་འདི་ལ་བརྒྱ་སྟོང་གི་ཆ་དང་དཔེའི་བར་དུ་ཡང་མི་བཟོད་དོ། །མཚན་འདི་རྣམས་འཛིན་པ་ཕྱིར་མི་ལྡོག་པར་སངས་རྒྱས་སུ་འགྱུར་བས་ཕྱག་བྱ་བའི་འོས་ཏེ་བདུད་ཀྱི་དབང་དུ་མི་འགྱུར་བ་དང་། ཚེ་བསྐལ་པ་བྱེ་བ་བསམ་ཡས་སུ་འགྱུར་བ་དང་། མེ་དང་ཆོམ་རྐུན་དུག་མཚོན་གྱིས་མི་ཚུགས་པ་དང་། རྒྱལ་པོ་དང་ཆུའི་གནོད་པ་མི་འབྱུང་བ་དང་། ཆོས་མི་སྤོང་ཞིང་རྨི་ལམ་བཟང་པོ་མཐོང་བ་དང་ཡོན་ཏན་ཚད་མེད་པ་ཐོབ་བོ། །དེ་བས་ན་སངས་རྒྱས་དེ་དག་གི་མཚན་བསྒྲགས་ཤིང་སྡིག་པ་བཤགས་པ་དང་ཕྱག་དང་


MR07_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ་རྒྱལ་བ་རྣམས་ཀྱི་དགེ་རྩ་ལ་ཡི་རངས་པར་བྱས་པས་ཕ་རོལ་ཏུ་ཕྱིན་པ་མ་ལུས་པ་མྱུར་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་གསུངས་སོ། ༈ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། དེ་བཞིན་གཤེགས་པ་ཚེ་དཔག་མེད་དང་། དེ་བཞིན་གཤེགས་པ་རྡོ་རྗེ་རབ་ཏུ་འཇོམས་པ་དང་། དེ་བཞིན་གཤེགས་པ་འོད་ཟེར་ཤིན་ཏུ་སྡུག་པོ་པདྨ་རབ་ཏུ་རྒྱས་པའི་སྐུ་དང་། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་མཚན་དང་། དེ་བཞིན་གཤེགས་པ་སེང་གེ་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། དེ་བཞིན་གཤེགས་པ་ཆོས་ཀྱི་འོད་ཟེར་མེ་ཏོག་རབ་ཏུ་རྒྱས་པའི་སྐུ་དང་། དེ་བཞིན་གཤེགས་པ་ཡེ་ཤེས་འོད་ཟེར་རྒྱས་པོ་དང་། དེ་བཞིན་གཤེགས་པ་ཟླ་བའི་བློ་གྲོས་དང་། དེ་བཞིན་གཤེགས་པ་རྒྱལ་བ་བཟང་པོའི་དཔལ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་བསམ་གྱིས་མི་ཁྱབ་པའི་རྒྱལ་པོའི་མདོ་ལས། སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་འདིའི་བསྐལ་པ་གཅིག་གང་ཡིན་པ་དེ་ནི་སངས་རྒྱས་ཚེ་དཔག་ཏུ་མེད་པའི་ཞིང་ཁམས་བདེ་བ་ཅན་


MR07_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཉིན་ཞག་གཅིག་གོ །བདེ་བ་ཅན་གྱི་བསྐལ་པ་གཅིག་ནི་རྡོ་རྗེ་རབ་འཇོམས་ཀྱི་ཞིང་གི་ཉིན་ཞག་གཅིག་ཡིན་པ་སོགས་གོང་ནས་གོང་དུ་སྔ་མའི་ཞིང་གི་བསྐལ་པར་ཕྱི་མའི་ཞིང་གི་ཉིན་ཞག་གཅིག་ཡིན་པ་ཟླ་བའི་བློ་གྲོས་ཀྱི་ཞིང་གི་བར་དུ་བསྒྲེ་ལ། ཚུལ་དེ་ལྟ་བུར་གོང་ནས་གོང་དུ་བསྒྲེས་པའི་སངས་རྒྱས་ཀྱི་ཞིང་ཁམས། སངས་རྒྱས་ཀྱི་ཞིང་བཅུའི་རྒྱ་མཚོའི་རྡུལ་ཕྲ་རབ་སྙེད་ཀྱི་ཞིང་འདས་པའི་ཐ་མ་དེའི་བསྐལ་པ་གཅིག་ནི། འཇིག་རྟེན་གྱི་ཁམས་པདྨའི་དཔལ་ཞེས་བྱ་བ་ན། རྫོགས་པའི་སངས་རྒྱས་རྒྱལ་བ་བཟང་པོའི་དཔལ་ཞེས་བྱ་བ་བཞུགས་པའི་ཞིང་གི་ཉིན་ཞག་གཅིག་གི་ཚད་དུ་གསུངས་སོ། །སངས་རྒྱས་འདི་རྣམས་ཀྱི་མཚན་འདི་དག་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྤྱོད་པ་ཅན། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་རྣམས་ཀྱིས་ཐོས་པར་འགྱུར་གྱི། གཞན་དག་གིས་ཐོས་པར་མི་འགྱུར་རོ། །ཞེས་གསུངས་སོ། ༈ །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ་ལས། མཚན་


MR07_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་དགེ་བ་བཅུ་དང་ལྡན་པ་དང་ཕ་རོལ་ཕྱིན་པ་བཅུ་ལ་མོས་པ་དང་། སེམས་ཅན་བསམ་པ་ངེས་པ་རྣམས་དང་། ཕྱིར་མི་ལྡོག་པའི་ཡོན་ཏན་མང་པོ་ལ་མངོན་པར་འདོད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟེན་པའི་སེམས་ཅན་རྣམས་ཀྱི་རྣ་ལམ་དུ་ཐོས་པར་འགྱུར་གྱི། སེམས་ཅན་ཕལ་པ་མ་རབས་རྣམས་ཀྱི་ནི་མ་ཡིན་ནོ། །མཚན་འདི་ཐོས་པས་ངན་སོང་དང་དུས་མ་ཡིན་པར་འཆི་བ་ལ་སོགས་པའི་འཇིགས་པ་མི་འབྱུང་ཞིང་། དེ་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཕྱག་བྱ་བའི་འོས་ཡིན་པས། འཇིག་རྟེན་སྐྱོང་བ་དང་འཁོར་ཐམས་ཅད་ཀྱིས་རྟག་ཏུ་སྲུང་བར་བྱེད་པ་ལ་སོགས་པ་ཕན་ཡོན་རྒྱ་ཆེར་གསུངས་སོ། ༈ །འཕགས་པ་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་ལས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱིས་གསོལ་པ། གང་ཐོས་པས་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། སྡིག་པ་དང་ལས་སྒྲིབ་ཐམས་ཅད་ཡོངས་སུ་བྱང་ཞིང་ཟད་པ་དང་། བདུད་སྡིག་ཅན་གྱིས་མི་བརྫི་བར་འགྱུར་བའི་དེ་བཞིན་གཤེགས་པ་དེ་དག་གི་མཚན་དང་། སྔོན་གྱི་སྨོན་ལམ་གྱི་ཁྱད་


MR07_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྒྱས་པ་དང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བཤད་པར་ཞུས་པ་ན། བཀའ་སྩལ་པའི་དོན་ནི་འདི་ལྟ་སྟེ། ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་གཞན་གྱིས་མི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདི་ནི་ད་ལྟར་འཚོ་ཞིང་གཞེས་ལ་ཆོས་སྟོན་ཏོ། །དེའི་ཞིང་ནི་ཡོངས་སུ་དག་ཅིང་བྱང་ཆུབ་སེམས་དཔའ་རྣམས་རིན་ཆེན་བདུན་གྱི་པདྨོ་ལས་རྫུས་ཏེ་སྐྱེ་བའོ། །སངས་རྒྱས་དེའི་ཐུགས་བསྐྱེད་པ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན་སྨོན་ལམ་བརྒྱད་རྒྱུན་མ་ཆད་པར་བཏབ་སྟེ། བདག་མ་འོངས་པར་སངས་རྒྱས་པ་ན་སེམས་ཅན་གང་དག་ནད་སྣ་ཚོགས་དང་། རིམས་དང་གཤེད་བྱེད་དང་བྱད་དང་རོ་ལངས་དང་འཇིགས་པ་རྣམས་ཀྱིས་གཙེས་པ་དག་གིས། བདག་གི་མིང་ཡིད་ལ་གནས་ཤིང་མིང་ལན་བདུན་བརྗོད་པས་ནད་ཐམས་ཅད་རབ་ཏུ་ཞི་ཞིང་། བླ་ན་མེད་པའི་བྱང་ཆུབ་མཐར་ཐུག་གི་བར་དུ་རིམས་དང་སྡིག་པ་ཅན་གྱི་གདོན་རྣམས་མེད་ཅིང་རབ་ཏུ་ཞི་བར་གྱུར་ཅིག་ཅེས་པ་དང་པོ་དང་། དེ་བཞིན་དུ་ལོང་བ་


MR07_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

དང་འོན་པ་དང་སྨྱོན་པ་དང་ཤ་བཀྲ་ཅན་དང་ནད་ཚབས་ཆེན་པོས་བཏབ་པས་མཚན་བཟུང་ཞིང་ལན་བདུན་བརྗོད་པས་བྱང་ཆུབ་མཐར་ཐུག་གི་བར་དུ་དབང་པོ་ཐམས་ཅད་ཚོང་ཞིང་ནད་དང་སྡུག་བསྔལ་ཐམས་ཅད་རྒྱུན་འཆད་པ་ནི་གཉིས་པ་དང་། དུག་གསུམ་གྱིས་བསྒྲིབས་པ། མཚམས་མེད་ལྔ་བྱེད་པ། བྱ་བ་མིན་པ་བྱེད་ཅིང་དམ་ཆོས་སྤོང་བ། མི་དགེའི་ལས་སྣ་ཚོགས་བྱེད་པ། ངན་སོང་གསུམ་དང་ཁྱད་པར་དམྱལ་བར་འགྲོ་བ་གང་དག་དམྱལ་བ་ཆེན་པོར་སྐྱེས་ནས་སྡུག་བསྔལ་མྱོང་བ་དེ་རྣམས། བདག་གི་མཐུས་བདག་གི་མིང་ཡིད་ཀྱིས་བརྗོད་པས་མཚམས་མེད་ལྔ་སོགས་ལས་སྒྲིབ་ཐམས་ཅད་བྱང་ཞིང་ཟད་ནས། བླ་མེད་བྱང་ཆུབ་མཐར་ཐུག་གི་བར་དུ་སུ་ཡང་དམྱལ་བ་དང་ངན་འགྲོར་མི་འགྲོ་བར་ལྷ་མིའི་བདེ་བ་མྱོང་བ་གསུམ་པ་དང་། དབུལ་པོ་གང་དག་ཟས་དང་སྐོམ་དང་གོས་ལ་སོགས་པ་མི་བདོག་པ་དེ་དག་གིས། བདག་གི་མིང་ཡིད་ཀྱིས་བརྗོད་པས་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབྱིག་དང་གོས་ལ་སོགས་པའི་ཡོ་བྱད་འཕེལ་བར་འགྱུར་བ་ནི་བཞི་པ་དང་། གང་བཅིངས་པ་དང་བརྡེག་པ་དང་གོ་རར་གཞུག་པ་དང་མཚོན་ཆའི་ཚོགས་ཀྱིས་ལུས་


MR07_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གཟིར་བ་དེ་དག་གིས་མཚན་བཟུང་ཞིང་ཡིད་ཀྱིས་བརྗོད་པས་བྱང་ཆུབ་མཐར་ཐུག་གི་བར་དུ་བཅིངས་པ་དང་བརྡེག་པ་ཐམས་ཅད་ལས་ཐར་ཞིང་ལུས་ཀྱི་གདུང་བ་ཐམས་ཅད་རྒྱུན་འཆད་པ་ནི་ལྔ་པ་དང་། གང་ལུས་ལ་གདུང་བའི་མེ་འབར་བ་དང་། སྟག་སེང་དོམ་དྲེད་སྦྲུལ་གདུག་པའི་ནང་དུ་ཚུད་དེ་སྲོག་ལ་བབས་ནས་མགོན་མེད་པར་སྐྲགས་ཤིང་སྨྲེ་སྔགས་འདོན་པ་དེ་དག་གིས་མཚན་བཟུང་ཞིང་ལན་བདུན་ཡིད་ཀྱིས་བརྗོད་པས། དེ་དག་བྱང་ཆུབ་མཐར་ཐུག་གི་བར་དུ་གདུང་བའི་མེ་ཞི་བ་དང་། སེང་གེ་ལ་སོགས་པ་གདུག་པ་དེ་དག་ཀྱང་བྱམས་པ་ལ་གནས་ཤིང་འཇིགས་པ་མེད་པར་ཞི་བའི་གནས་ལ་གནས་པ་ནི་དྲུག་པ་དང་། སེམས་ཅན་གང་དག་ཕན་ཚུན་འཐབ་རྩོད་འབྱེད་ཅིང་འཁྲུག་པས་སྐྲགས་ཤིང་དངངས་པ་དེ་དག་གིས་མཚན་ལན་བདུན་ཡིད་ཀྱིས་བརྗོད་པས། དེ་དག་བྱང་ཆུབ་མཐར་ཐུག་གི་བར་དུ་འཐབ་པ་སོགས་ཞི་ཞིང་ཕན་ཚུན་བྱམས་པ་ལ་གནས་པ་ནི་བདུན་པ་དང་། གང་དག་ཆུའི་ནང་དུ་གྲུར་ཞུགས་པ་ཆུ་ཀླུང་དང་རྒྱ་མཚོའི་ནང་དུ་སོན་ཏེ་གླིང་མེད་པར་ཕྱིན་ནས་སྲོག་གི་འཇིགས་པས་སྨྲེ་སྔགས་འདོན་པ་དག་གིས་མཚན་ཡིད་ཀྱི་ལན་བདུན་


MR07_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ན། དེ་དག་བྱང་ཆུབ་མཐར་ཐུག་གི་བར་དུ་ཆུ་ཡི་འཇིགས་པ་ལས་དབུགས་འབྱིན་ཅིང་བདེ་བར་བརྒལ་བ་ནི་བརྒྱད་པ་སྟེ། དེ་ལྟར་སངས་རྒྱས་དེའི་མཚན་བཟུང་བས་ནད་དང་སྡིག་སྒྲིབ་ཐམས་ཅད་ཞི་ཞིང་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པ་དང་སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདི་ནི་ད་ལྟར་འཚོ་ཞིང་གཞེས་ལ་ཐེག་པ་ཆེན་པོའི་གཏམ་འབའ་ཞིག་སྟོན་པའོ། །དེས་སྔོན་སྨོན་ལམ་ཆེན་པོ་བརྒྱད་བཏབ་སྟེ་བདག་སངས་རྒྱས་པའི་ཚེ་སེམས་ཅན་གང་དག་ཞིང་ལས་དང་ཚོང་ལ་དགའ་བས་གཡེང་བ་སྣ་ཚོགས་མང་བས་ཆོས་དང་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཉམས་ཏེ། འཁོར་བ་ལས་མ་ཐར་བར་ན་བ་སོགས་ཀྱི་སྡུག་བསྔལ་མྱོང་བ་དེ་དག་བདག་གི་མཐུས། བདག་གི་མིང་ཡིད་ལ་གནས་ཤིང་ཡིད་ཀྱིས་བརྗོད་པས། དེ་དག་


MR07_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མེད་བྱང་ཆུབ་ཀྱི་བར་དུ་བསམ་མ་ཐག་ཏུ་ཟས་གོས་སོགས་ལོངས་སྤྱོད་ཐམས་ཅད་འབྱུང་ཞིང་དགེ་བའི་ཆོས་དང་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ལ། ངན་སོང་དང་དམྱལ་བའི་སྡུག་བསྔལ་ཀུན་ལས་ཡོངས་སུ་ཐར་བར་གྱུར་ཅིག་ཅེས་པ་དང་པོ་དང་། དེ་བཞིན་དུ་མཚན་ཐོས་ཤིང་བརྗོད་པས་སེམས་ཅན་སྐྱེ་གནས་བཞིས་བསྡུས་པ་གང་དག་ཚ་གྲང་དང་བཀྲེས་སྐོམ་གྱིས་ལུས་གདུང་ཞིང་ཉམ་ཐག་པ་དེ་དག་གི་སྒྲིབ་པ་ཡོངས་སུ་བྱང་ཞིང་སྐྱེ་བ་དེ་ཐ་མར་གྱུར་པ་དང་། བླ་མེད་བྱང་ཆུབ་ཀྱི་བར་དུ་སྐྱེ་བའི་སྡུག་བསྔལ་ལས་ཐར་ཞིང་ལྷའི་བདེ་བ་མྱོང་བར་འགྱུར་བ་ནི་གཉིས་པའོ། །བུད་མེད་གང་དག་ཉོན་མོངས་པ་སྣ་ཚོགས་ཀྱིས་ལུས་གང་ཞིང་བུད་མེད་ཀྱི་སྐྱེ་གནས་ལ་སྨོད་པ་དང་བཙའ་བའི་སྡུག་བསྔལ་མྱོང་བ་དག་གིས་མཚན་ཐོས་ཤིང་བརྗོད་པས་ཚོར་བ་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་ཅིང་སྐྱེ་བ་དེ་ཡང་ཐ་མར་འགྱུར་བ་དང་། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པ་ཉིད་འཐོབ་པ་ནི་གསུམ་པ་དང་། གང་དག་འཆི་བ་དང་དགྲ་དང་དགོན་པས་གཙེས་པ་དང་། ཕན་ཚུན་དུ་ཕ་མ་དང་སྲིང་མོ་དང་མཛའ་བཤེས་དང་ཉེ་དུའི་སྡུག་


MR07_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དང་མྱ་ངན་གྱི་ཟུག་རྔུས་ཟུག་པ་དེ་དག་གིས་མཚན་བརྗོད་པས། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཆི་བ་དང་དགྲ་དང་དགོན་པའི་གནོད་པ་ཐམས་ཅད་ཞི་བ་དང་། མྱ་ངན་སྡུག་བསྔལ་ཐམས་ཅད་དང་བྲལ་བར་འགྱུར་བ་ནི་བཞི་པའོ། །གང་མཚན་མོ་མུན་པ་མུན་ནག་ཏུ་རྒྱུ་བ། ལས་ཀྱི་མཐའ་སྣ་ཚོགས་ལ་ཞུགས་པ་སྡིག་པ་ཅན་གྱི་གདོན་སྣ་ཚོགས་ཀྱིས་གཙེས་པས་འཇིགས་ནས་སྨྲེ་སྔགས་འདོན་པ་དེ་དག་གིས། མཚན་ཡིད་ཀྱིས་བརྗོད་པས་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་མུན་པ་ཐམས་ཅད་མེད་པ་དང་གདོན་ཐམས་ཅད་བྱམས་པ་ལ་གནས་པ་དང་མཆོད་པ་དང་རིམ་གྲོ་སྣ་ཚོགས་བྱ་བ་ལ་བརྩོན་པར་འགྱུར་བ་ནི་ལྔ་པའོ། །གང་དག་དམན་པར་མོས་ཤིང་ཤེས་རབ་ཆུང་ལ་དྲན་པ་རྨོངས་པས་དགེ་བའི་ཆོས་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་གཟུངས་དང་ཏིང་ངེ་འཛིན་དང་དཀོན་མཆོག་གསུམ་རྗེས་སུ་དྲན་པ་ལས་ཉམས་པ་དེ་དག་གིས། མཚན་ཡིད་ཀྱིས་བརྗོད་པས་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ལ་སོགས་པ་མངོན་དུ་འགྱུར་བ་དང་ཤེས་རབ་ཆེན་པོའི་རྗེས་སུ་རྒྱུ་བ་ནི་དྲུག་པའོ། །གང་དག་དམན་པ་ཉན་


MR07_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཐེག་པ་ལ་དགའ་ཞིང་བླ་མེད་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པ་དེ་དག་གིས་མཚན་བརྗོད་པས། བླ་མེད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཉན་རང་གི་ས་ལ་རྒྱབ་ཀྱིས་ཕྱོགས་པ་དང་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བ་ནི་བདུན་པའོ། །གང་བསྐལ་པ་ཆེན་པོ་ཟད་པའི་ཚེ་འཛམ་བུའི་གླིང་ཀུན་ཏུ་འབར་ཞིང་རབ་ཏུ་འབར་བས་འཁྲུགས་པར་འགྱུར་ཏེ། མྱ་ངན་བྱེད་ལ་སྔོན་གྱི་མི་དགེ་བའི་ལས་ཀྱིས་མགོན་དང་སྐྱབས་མེད་པར་སྡུག་བསྔལ་མྱོང་བ་དེ་དག་གིས་མཚན་བརྗོད་པས། སྡུག་བསྔལ་དང་མྱ་ངན་ཐམས་ཅད་བྲལ་ཏེ་བསིལ་བའི་དངོས་པོ་ཐོབ་པ་དང་། ཤི་འཕོས་ནས་ཀྱང་རང་གི་སངས་རྒྱས་ཀྱི་ཞིང་དུ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་བར་འགྱུར་བ་ནི་བརྒྱད་པ་སྟེ། སངས་རྒྱས་དེའི་ཞིང་དག་ཅིང་བརྫུས་ཏེ་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པ་ཙམ་གྱིས་ལོངས་སྤྱོད་ཐམས་ཅད་འབྱུང་བ་ཡིན་ནོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་སྤོས་ཀྱིས་ཡོངས་སུ་གང་བ་རིན་ཆེན་བརྩེགས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་


MR07_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདིའི་ཞིང་ནི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་ཤིང་ད་ལྟ་འཚོ་ཞིང་གཞེས་ལ་ཆོས་སྟོན་ཏོ། །སངས་རྒྱས་དེའི་སྔོན་གྱི་སྨོན་ལམ་ཆེན་པོ་བཞི་སྟེ། དང་པོ་ནི། སེམས་ཅན་གང་དག་སྲོག་གཅོད་པའི་ལས་མང་པོ་བྱས་པས་ཚེ་ཐུང་ཞིང་ནད་མང་བ་མེ་ཆུ་དུག་མཚོན་གྱིས་འཆི་བ་དག་གིས། མཚན་བཟུང་ཞིང་མཆོད་པས་ལས་སྒྲིབ་དེ་བྱང་ནས་ཚེ་རིང་ལ་ནད་མེད་ཅིང་དུས་མིན་གྱི་འཆི་བ་མི་འབྱུང་བ་དང་པོའོ། །ཡང་གང་དག་གིས་མི་དགེ་བའི་ལས་སྣ་ཚོགས་བྱས་ཏེ་གཞན་གྱི་རྫས་ཕྲོགས་པས་དབུལ་པོར་སྐྱེས་ནས། སྒྲེན་མོ་དང་བཀྲེས་སྐོམ་གྱིས་ལུས་གདུང་ཞིང་སྡུག་བསྔལ་བ་དག་གིས་མཚན་བཟུང་བས། བླ་མེད་བྱང་ཆུབ་ཀྱི་བར་དུ་སྡིག་པ་ཐམས་ཅད་བྱང་ཞིང་དབང་ཕྱུག་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ཐོབ་པར་འགྱུར་བ་ནི་གཉིས་པའོ། །སེམས་ཅན་གང་དག་གནོད་སེམས་ཀྱིས་ཕན་ཚུན་སྲོག་གཅོད་པ་དང་འཐབ་པ་དག་གིས་མཚན་བཟུང་བས། བླ་མེད་བྱང་ཆུབ་ཀྱི་བར་དུ་ཕན་ཚུན་ཕ་མ་ལྟར་བྱམས་པ་ལ་གནས་པ་ནི་གསུམ་པའོ། །གང་དག་དུག་གསུམ་གྱིས་བསྒྲིབས་


MR07_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཚུལ་ཁྲིམས་འཆལ་བ་དག་སྡིག་པ་སྤྱོད་ཅིང་བསླབ་པ་དྲལ་བས་ངན་སོང་དང་དམྱལ་བར་འགྲོ་བ་དག་གིས་མཚན་ཐོས་ན། བླ་མེད་བྱང་ཆུབ་ཀྱི་བར་དུ་ལས་སྒྲིབ་ཐམས་ཅད་བྱང་ཞིང་ཉེ་ཉོན་རྣམས་བྲལ་ཏེ་ཚུལ་ཁྲིམས་ཡང་དག་པར་འཛིན་པ་དང་། ལུས་ངག་ཡིད་གསུམ་སྡོམ་པ་ལ་གནས་པ་དང་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ་ནི་བཞི་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པ་དེས་དགོངས་ཤིང་རེ་བ་ཡོངས་སུ་རྫོགས་པར་མཛད་དོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདི་ད་ལྟར་འཚོ་ཞིང་གཞེས་ལ་དེའི་ཞིང་ནི་བདེ་བ་ཅན་དང་མཚུངས་སོ། །སངས་རྒྱས་དེའི་སྨོན་ལམ་ཆེན་པོ་ནི་བཞི་སྟེ། སེམས་ཅན་གང་དག་མྱ་ངན་དང་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུག་པ་མང་བ་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བ་དེ་དག་གིས་མཚན་ཐོས་ནས་ཡིད་ལ་བྱས་པས། མྱ་ངན་ལ་སོགས་པ་དེ་དག་རབ་ཏུ་ཞི་ནས་སུ་ཡང་སྡུག་པ་དང་བྲལ་བའི་སྡུག་བསྔལ་མི་མྱོང་ལ་ཚེ་རིང་པོར་འགྱུར་བ་ནི་དང་པོའོ། །


MR07_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གང་སྡིག་པ་སྣ་ཚོགས་བྱས་པས་དམྱལ་བ་མནར་མེད་པར་སྐྱེས་པ་དེ་དག་ལ་སངས་རྒྱས་དེའི་སྐུའི་འོད་ཀྱིས་རེག་པས་སྡིག་པ་ཐམས་ཅད་བྱང་ནས། སྡུག་བསྔལ་དེ་ལས་ཐར་ཞིང་བླ་མེད་བྱང་ཆུབ་ཀྱི་བར་དུ་ལྷ་མིའི་བདེ་བ་མྱོང་བ་ནི་གཉིས་པའོ། །གང་དག་མི་དགེ་བ་བྱས་ཏེ་གཞན་གྱི་རྫས་ཕྲོགས་པས་དབུལ་པོར་སྐྱེས་ནས་ཟས་གོས་སོགས་མི་བདོག་པས་ཚ་གྲང་བཀྲེས་སྐོམ་གྱི་ལུས་གཟིར་ཞིང་མདོག་ངན་པ་དག་གིས། མཚན་ཐོས་ནས་བརྗོད་པས་བླ་མེད་བྱང་ཆུབ་ཀྱི་བར་དུ་ཟས་གོས་མལ་ཆ་སོགས་ཐམས་ཅད་ལ་ལོངས་སྤྱོད་པ་དང་ལུས་ལ་ལྷའི་ཁ་དོག་གིས་བརྒྱན་པར་འགྱུར་བ་ནི་གསུམ་པའོ། །གང་དག་གནོད་སྦྱིན་དང་ཤ་ཟ་སྲིན་པོ་འབྱུང་པོ་དག་གིས་གཙེས་ཤིང་མདངས་ཕྲོགས་ཏེ་ནད་ཀྱི་སྡུག་བསྔལ་སྣ་ཚོགས་མྱོང་བ་དག་གིས་མཚན་ཐོས་ན། བླ་མེད་བྱང་ཆུབ་ཀྱི་བར་དུ་གནོད་སྦྱིན་སོགས་ཀྱིས་མདངས་འཕྲོག་པ་ཞི་ཞིང་བྱམས་པ་ལ་གནས་པ་དང་ནད་སྣ་ཚོགས་ལས་ཐར་བ་ནི་བཞི་པའོ། །སངས་རྒྱས་དེའི་མཚན་ཐོས་ཤིང་མཆོད་པ་དེ་དག་ནི་སྡུག་བསྔལ་ཐམས་ཅད་ལས་ཐར་ཞིང་། བྱང་ཆུབ་ཀྱི་མཐར་ཐུག་གི་བར་


MR07_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ངན་འགྲོར་མི་ལྟུང་ལ་སྐྱེ་བ་དྲན་པ་དང་། སངས་རྒྱས་དེའི་ཞིང་དུ་སྐྱེ་བ་དང་ལྷ་ཐམས་ཅད་ཀྱིས་སྲུང་བར་འགྱུར་རོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་ཆོས་ཀྱི་རྒྱལ་མཚན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །སངས་རྒྱས་འདི་ནི་ད་ལྟར་འཚོ་ཞིང་གཞེས་ལ་དེའི་ཞིང་ནི་ཡོངས་སུ་དག་གོ །སངས་རྒྱས་དེའི་སྔོན་གྱི་སྨོན་ལམ་ཆེན་པོ་ནི་བཞི་སྟེ། སེམས་ཅན་གང་དག་ལོག་ལྟ་ཅན་གྱི་ཁྱིམ་དུ་སྐྱེས་ནས་དཀོན་མཆོག་གསུམ་ལ་མ་དད་པ། བྱང་ཆུབ་ཀྱི་སེམས་ཡིད་ལ་མི་བྱེད་པ་དེ་དག་གིས་མཚན་ཐོས་ན་ལས་སྒྲིབ་དེ་ཟད་ནས་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཡང་དག་པའི་ལྟ་བ་ཅན་དུ་གྱུར་ཏེ། མཆོག་གསུམ་ལ་མི་ཕྱེད་པའི་དད་པ་ཐོབ་པ་དང་། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཕྱིར་མི་ལྡོག་པ་ནི་དང་པོའོ། །གང་དག་མཆོག་གསུམ་གྱི་སྒྲ་མི་གྲགས་པ་ཡུལ་མཐའ་ཁོབ་ཏུ་སྐྱེས་ཏེ་མི་དགེ་བའི་བཤེས་གཉེན་གྱི་རྒྱུས་སྡིག་པའི་ལས་བྱེད་པ་དག་ཤི་འཕོས་ནས་ངན་སོང་གསུམ་དུ་ལྟུང་ཞིང་དགེ་བའི་ཆོས་རྣམས་ལས་ཡོངས་སུ་ཉམས་པ་དེ་དག་


MR07_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྣ་ལམ་དུ་སངས་རྒྱས་དེའི་མཚན་གྱི་སྒྲ་གྲགས་ཅིང་ཆོས་ཀྱི་སྒྲིན་རྒྱ་མཚོའི་སྒྲ་འབྱུང་བ་དང་། སྒྲ་དེ་ཐོས་ནས་སྔོན་གྱི་ལས་ཟད་དེ་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་འགྱུར་བ་ནི་གཉིས་པའོ། །གང་དག་གོས་རྒྱན་ཕྲེང་བ་སོགས་དང་བྲལ་བའི་དབང་གིས་སྡུག་བསྔལ་ཞིང་སྡིག་པ་བྱེད་པ་དེ་དག་སངས་རྒྱས་ཀྱི་མཐུས་གོས་སོགས་ལོངས་སྤྱོད་ཐམས་ཅད་བསམ་མ་ཐག་ཏུ་འབྱུང་ཞིང་མི་ལྡན་པ་མེད་པ་དང་། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སུ་ཡང་ཅི་དང་ཡང་མི་ལྡན་པ་མེད་པ་ནི་གསུམ་པའོ། །གང་དག་སྔོན་གྱི་ལས་ཀྱིས་ཕན་ཚུན་འཐབ་རྩོད་འགྱེད་ཅིང་གནོད་པ་དང་གསད་པའི་ཕྱིར་མཚོན་དང་དབྱུག་པ་སོགས་ཀྱིས་བསྣུན་པ་དེ་ན། གང་དག་གིས་མཚན་ཐོས་ཤིང་ཡིད་ལ་གཟུང་བ་དེ་མདའ་མཚོན་དབྱུག་པ་སོགས་ལས་སླར་ལྡོག་ཅིང་ཕྱིར་ཕྱོགས་པ་དང་། དགྲ་ཐམས་ཅད་བྱམས་པ་ལ་གནས་པ་དང་སུ་ཡང་སྲོག་གི་དབང་པོ་མི་འགག་ལ། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རང་རང་གི་རྫས་དང་ལོངས་སྤྱོད་དང་དབང་ཕྱུག་གིས་ཆོག་ཤེས་པར་འགྱུར་བ་ནི་བཞི་པའོ། །


MR07_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་དེ་བཞིན་གཤེགས་པ་དེའི་མཚན་བཟུང་ན་སྡིག་པ་ཐམས་ཅད་བྱང་བ་དང་། ཚེ་རབས་དྲན་པ་དང་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་སྐྱེ་བ་ཐམས་ཅད་དུ་སངས་རྒྱས་དང་འཕྲད་པ་དང་། རྟག་ཏུ་ཚེ་རིང་ལ་ནད་མེད་པ་དང་ཤི་འཕོས་ནས་སངས་རྒྱས་དེའི་ཞིང་དུ་སྐྱེ་བ་དང་། ལོག་པར་ལྟུང་བར་མི་འགྱུར་ལ་གང་དུ་སྐྱེས་པར་བསམ་མ་ཐག་ཏུ་གོས་རྒྱན་སོགས་ལོངས་སྤྱོད་དང་དབང་ཕྱུག་ཐམས་ཅད་དང་ལྡན་པར་འགྱུར་རོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་རྒྱ་མཚོར་ལེགས་པར་གནས་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློ་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་འདི་ནི་ད་ལྟ་འཚོ་ཞིང་གཞེས་ལ་ཆོས་སྟོན་ཏེ་དེའི་ཞིང་ནི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཇི་འདྲ་བ་དེ་འདྲའོ། །སངས་རྒྱས་དེའི་སྔོན་གྱི་སྨོན་ལམ་ཆེན་པོ་ནི་བཞི་སྟེ། སེམས་ཅན་སུ་དག་ཞིང་ལས་དང་ཚོང་དང་འཐབ་རྩོད་ལ་སྤྲོ་བ་དང་སྡིག་པའི་ལས་བྱེད་པ་དེ་ཐམས་ཅད་ཀྱིས་མཚན་བཟུང་བས་བསམ་མ་ཐག་ཏུ་འཚོགས་ཆས་


MR07_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འབྱོར་པ་དང་། གནོད་སེམས་ཞི་བ་དང་རྟག་ཏུ་དགེ་བའི་ཆོས་སྤྱོད་པར་བྱེད་པ་ནི་དང་པོའོ། །གང་དག་མི་དགེ་བཅུའི་ལས་ལམ་བླངས་ཏེ་དམྱལ་བར་གཞོལ་བ་དེ་དག་གིས་མཚན་ཐོས་ན། དགེ་བ་བཅུའི་ལས་ལམ་དང་ལྡན་ཞིང་སུ་ཡང་དམྱལ་བར་མི་འགྲོ་བ་ནི་གཉིས་པའོ། །གང་གཞན་དབང་དུ་སོང་སྟེ་ཆད་པས་བཅད་པ་དང་བརྡེག་པ་དང་གོ་རར་གཞུག་པ་དང་གསད་བར་འོས་པ་དེ་དག་གིས་མཚན་ཐོས་ན། སངས་རྒྱས་ཀྱི་འོད་ཀྱིས་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིངས་པ་དང་བརྡེག་པ་དེ་དག་རྒྱུན་འཆད་པར་བྱེད་པ་ནི་གསུམ་པའོ། །སེམས་ཅན་གང་ཚེ་ཐུང་བར་འགྱུར་བའི་མི་དགེ་བའི་ལས་སྣ་ཚོགས་བྱས་ཏེ་འཆི་བའི་དུས་ཀྱི་ཚེ་མཚན་ཐོས་ན་བདེ་འགྲོའི་འཇིག་རྟེན་དུ་སྐྱེ་ཞིང་། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལྷ་མིའི་བདེ་བ་མྱོང་བ་དང་སྡིག་པའི་ལས་ཐམས་ཅད་ཡོངས་སུ་བྱང་བ་ནི་བཞི་པའོ། །ཤར་ཕྱོགས་འཇིག་རྟེན་གྱི་ཁམས་བཻ་ཌཱུརྱར་སྣང་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་


MR07_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ད་ལྟར་འཚོ་ཞིང་གཞེས་ལ་དེའི་ཞིང་ནི་ཡོངས་སུ་དག་སྟེ། སངས་རྒྱས་འདིའི་སྨོན་ལམ་དང་ཞིང་གི་ཡོན་ཏན་བཀོད་པ་བསྐལ་པའམ་བསྐལ་པ་ལས་ལྷག་པར་བརྗོད་ཀྱང་ཟད་མི་ནུས་སོ། །བདེ་བར་གཤེགས་པ་འདིའི་སྔོན་གྱི་སྨོན་ལམ་ཆེན་པོ་བཅུ་གཉིས་ཏེ། གང་སངས་རྒྱས་པ་ན་དེའི་སྐུའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་མེད་བརྗོད་ཀྱིས་མི་ལོངས་པ་དག་ལྷམ་མེར་སྣང་ལ། སེམས་ཅན་ཐམས་ཅད་མཚན་དཔེས་ལེགས་པར་བརྒྱན་པའི་སངས་རྒྱས་ཀྱི་སྐུ་ཇི་འདྲ་བར་འགྱུར་བ་ནི་དང་པོའོ། །སངས་རྒྱས་དེའི་སྐུ་ནོར་བུ་བཻཌཱུརྱ་ལྟར་ཕྱི་ནང་ཡོངས་སུ་དག་ཅིང་དྲི་མ་མེད་ལ་འོད་གསལ་བ་ཁོ་ལག་ཡངས་ཤིང་ལེགས་པར་གནས་པ། དཔལ་དང་གཟི་བརྗིད་འབར་བ་ཉི་ཟླ་ལས་ལྷག་པའི་འོད་ཟེར་གྱི་དྲྭ་བ་རྣམས་ཀྱིས་བརྒྱན་པར་གྱུར་ནས། སེམས་ཅན་གང་དག་འཇིག་རྟེན་གྱི་བར་དག་དང་མིའི་འཇིག་རྟེན་དུ་ཡང་མཚན་མོ་མུན་ནག་གི་ནང་ན་འགྲོ་བ་དེ་དག་བདག་གི་འོད་ཀྱིས་ཕྱོགས་རྣམས་སུ་དགའ་མགུར་འགྲོ་ཞིང་དགེ་བའི་ལས་རྣམས་ཀྱང་བྱེད་པར་འགྱུར་བ་ནི་གཉིས་པའོ། །སངས་རྒྱས་དེའི་ཐབས་དང་ཤེས་རབ་དཔག་


MR07_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མེད་པས་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པ་དག་ལོངས་སྤྱོད་མི་ཟད་པ་དང་ལྡན་ཏེ་སུ་ཡང་ཅིས་ཀྱང་བྲེལ་བ་མེད་པར་འགྱུར་བ་ནི་གསུམ་པའོ། །གང་དག་ལམ་ངན་པར་ཞུགས་པ་དག་བྱང་ཆུབ་ཀྱི་ལམ་ལ་འགོད་པ་དང་ཉན་རང་གི་ལམ་ལ་ཞུགས་པ་དེ་དག་ཐེག་པ་ཆེན་པོ་ལ་གཟུད་པར་བྱེད་པ་ནི་བཞི་པའོ། །དེ་བཞིན་གཤེགས་པ་དེའི་གན་ན་ཚངས་པར་སྤྱོད་པ་དང་སེམས་ཅན་གཞན་དཔག་གིས་མི་ལོངས་པ་དག་གིས་ཀྱང་མཚན་ཐོས་པ་ན། སྡོམ་པ་གསུམ་གྱིས་སྡོམ་ཞིང་ཚུལ་ཁྲིམས་ཉམས་པ་མེད་པ་དང་སུ་ཡང་ཚུལ་ཁྲིམས་ལོག་པར་ཞུགས་པས་ངན་འགྲོར་འགྲོ་བར་མི་འགྱུར་བ་ནི་ལྔ་པའོ། །སེམས་ཅན་གང་དག་ལུས་ངན་པ་དབང་པོ་མ་ཚང་བ་མདོག་མི་སྡུག་པ་སྒུར་པོ་ཤ་བཀྲ་ཞར་ལོང་འོན་པ་སོགས་ཡན་ལག་སྐྱོན་ཅན་དང་། སྨྱོན་པ་དང་ལུས་ལ་ནད་ཀྱིས་བཏབ་པ་དེ་དག་གིས་མཚན་ཐོས་ན་དབང་པོ་ཐམས་ཅད་ཚང་ཞིང་ཡན་ལག་ཡོངས་སུ་རྫོགས་པར་འགྱུར་བ་ནི་དྲུག་པའོ། །གང་དག་ནད་སྣ་ཚོགས་ཀྱིས་གཟིར་བ་སྐྱབས་མེད་པ་དབུལ་བ་འཚོགས་ཆས་མི་བདོག་པ་


MR07_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་བ་དག་གིས་མཚན་ཐོས་པས། དེ་ཐམས་ཅད་ཞི་ཞིང་བྱང་ཆུབ་མཐར་ཐུག་གི་བར་དུ་ནད་དང་གནོད་པ་མི་འབྱུང་བ་ནི་བདུན་པའོ། །བུད་མེད་གང་དག་བུད་མེད་ཀྱི་སྐྱོན་གྱིས་ཡིད་བྱུང་ནས་སྐྱེ་གནས་དེ་ལས་ཐར་བར་འདོད་པ་དེ་དག་བུད་མེད་ཀྱི་དངོས་པོ་ལས་སླར་ལོག་སྟེ་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པའི་དབང་པོ་འཐོབ་པ་ནི་བརྒྱད་པའོ། །སེམས་ཅན་ཐམས་ཅད་བདུད་ཀྱི་ཞགས་པ་ལས་ཐར་བ་དང་། ལྟ་བ་ཐ་དད་མི་མཐུན་པས་གཟེངས་པ་ཀུན་ཡང་དག་པའི་ལྟ་བ་ལ་འགོད་ཅིང་མཐར་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པར་བྱེད་པ་ནི་དགུ་པའོ། །སེམས་ཅན་གང་དག་རྒྱལ་པོའི་འཇིགས་པས་སྐྲག་པ་དང་། བཅིངས་པ་དང་བརྡེག་པ་དང་གོ་རར་གཞུག་པ་དང་། གསད་པར་འོས་པ་རྒྱུ་དུ་མས་གཙེས་པ་ཞུམ་པ་སྒོ་གསུམ་སྡུག་བསྔལ་གྱིས་ཉེན་པ་དེ་དག་སངས་རྒྱས་ཀྱི་བསོད་ནམས་ཀྱི་མཐུས། གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བྱེད་པ་ནི་བཅུ་པའོ། །གང་སུ་དག་བཀྲེས་སྐོམ་གྱི་མེ་འབར་བ་ཁ་ཟས་ཚོལ་ཞིང་སྡིག་པའི་ལས་བྱེད་པ་དེ་དག་ཁ་དོག་དང་དྲི་རོར་ལྡན་པའི་ཟས་


MR07_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལུས་ཚིམ་པར་བྱས་ཏེ། ཕྱིས་ཆོས་ཀྱི་རོས་ཤིན་ཏུ་བདེ་བ་ལ་དགོད་པར་བྱེད་པ་ནི་བཅུ་གཅིག་པའོ། །གང་དག་སྒྲེན་མོ་བགོ་བ་མེད་པ་དབུལ་ཞིང་སྡུག་བསྔལ་བ་ཚ་གྲང་སྦྲང་བུ་ཤ་སྦྲང་དག་གིས་ཉེན་པ། ཉིན་མཚན་དུ་སྡུག་བསྔལ་མྱོང་བ་དག་ལ་གོས་སྣ་ཚོགས་དང་ཇི་ལྟར་འདོད་པའི་ནོར་བུའི་རྒྱན་ཕྲེང་དང་སྤོས་དང་བྱུག་པ་རོལ་མོ་སིལ་སྙན་ལ་སོགས་པས་སེམས་ཅན་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ནི་བཅུ་གཉིས་པའོ། །དེ་ལྟར་སངས་རྒྱས་དེའི་མཚན་བཟུང་བ་ནི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་ཏེ། སེམས་ཅན་གང་དག་སེར་སྣ་ལ་སོགས་པའི་ཉོན་མོངས་པ་ཤས་ཆེ་བས་མི་དགེ་བའི་ལས་ལམ་བླངས་པས་ངན་སོང་གསུམ་དུ་གཞོལ་བ་དེ་དག་གིས། སྔོན་མིར་གྱུར་པ་ན་མཚན་ཐོས་པ་དག་དེར་སངས་རྒྱས་ཀྱི་མཐུས་དྲན་པ་ཙམ་ནས་གནས་དེ་ལས་ཐར་ཞིང་མིའི་འཇིག་རྟེན་དུ་སྐྱེས་ནས། ཡང་དག་པའི་ལྟ་བ་དང་མ་ཆགས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་ཐོབ་སྟེ་དེ་བཞིན་གཤེགས་པའི་བསྟན་པ་ལ་ལེགས་པར་ཞུགས་


MR07_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བླ་མེད་བྱང་ཆུབ་ཐོབ་པའི་བར་དུ་འགྱུར་རོ། །མཚན་འཛིན་པ་དེ་དག་ལ་བར་ཆད་དང་གདོན་ཐམས་ཅད་མི་འབྱུང་ཞིང་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་མངོན་དུ་འགྱུར་བ་དང་། འཆི་བའི་ཚེ་བྱང་ཆུབ་སེམས་དཔའ་བརྒྱད་རྫུ་འཕྲུལ་གྱིས་ལྷགས་ནས་ལམ་སྟོན་ཅིང་དག་པའི་ཞིང་དུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་ནི་ཤིན་ཏུ་རྙེད་པར་དཀའོ། །ཞེས་དང་། སྙིགས་མ་ལྔ་དང་ལྡན་པའི་དུས་ཀྱི་མཐའ་ལ་དམ་པའི་ཆོས་ལྟར་བཅོས་པ་བྱུང་བ་ན། སེམས་ཅན་རྣམས་མྱ་ངན་དང་སྡུག་བསྔལ་དང་ནད་སྣ་ཚོགས་ཀྱིས་གཙེ་ཞིང་ཤིན་ཏུ་ཉམ་ཐག་ཅིང་ཕོངས་པའི་ཚེ་སངས་རྒྱས་འདི་དག་གི་ཐུགས་རྗེས་སྐྱོབས་པར་འགྱུར་བ་སོགས་ཕན་ཡོན་གྱི་བསྔགས་པ་རྒྱ་ཆེར་སྨན་མདོ་ཉིད་དུ་རྟོགས་པར་བྱ་ཞིང་འདི་ལ་མཆོག་ཏུ་གུས་པར་བྱའོ། ༈ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །


MR07_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དོ་སྐྱབས་སུ་མཆིའོ། །འོད་དཔག་མེད་པའི་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་གི་བཀོད་པ་ཐམས་ཅད་བསྡོམས་པའི་སྟེང་དུ་དེ་ལས་ཆེས་འཕགས་པའི་ཡོན་ཏན་གྱི་ཁྱད་པར་བསམ་གྱིས་མི་ཁྱབ་པ་དག་པའི་ཞིང་ཁམས་བདེ་བ་ཅན་དུ། སངས་རྒྱས་འདི་ཉིད་ད་ལྟ་འཚོ་ཞིང་གཞེས་ལ་སྐུ་ཚེའི་ཚད་བསྐལ་པ་མཐའ་ཡས་པར་བཞུགས་པར་མཛད་དེ། དེའི་མཚན་འཛིན་ཅིང་དད་པ་བྱེད་པ་ཐམས་ཅད་ཕྱིར་མི་ལྡོག་པའི་ཞིང་དེར་སྐྱེ་བ་དང་། བདེ་བ་ཅན་དང་འོད་དཔག་ཏུ་མེད་པའི་མཚན་ཐོས་ནས་ཐལ་མོ་སྦྱར་ན། ཞིང་གི་རྡུལ་ཕྲ་རབ་ཇི་སྙེད་ཀྱི་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རྡུལ་དུ་བསིལ་བའི་གྲངས་ལས་ཀྱང་ཆེས་མང་བའི་ཞིང་ཁམས་ཐམས་ཅད་རིན་པོ་ཆེས་བཀང་སྟེ་སྦྱིན་པ་བྱིན་པ་བས་བསོད་ནམས་ཆེས་འཕགས་པ་དང་། སངས་རྒྱས་དེའི་མཚན་ཐོས་ནས་དད་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་། འཆི་བའི་ཚེ་འདྲེན་པ་འོད་དཔག་ཏུ་མེད་པ་མཐོང་ནས་བདེ་བ་ཅན་དུ་སྐྱེ་བ་དང་། མཚན་ཐོས་པ་ཐམས་ཅད་བྱང་


MR07_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཀྱི་མཐར་ཐུག་གི་བར་དུ་རིགས་བཟང་པོར་སྐྱེ་བ་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་དགེ་བའི་རྩ་བ་རྒྱ་ཆེན་པོ་དང་ཕྲད་པ་དང་། ཀུན་གྱི་རྗེས་སུ་སོང་བ་སོགས་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དུ་མ་ཐོབ་པ་དང་། དབང་པོ་ཚང་བ་དང་། བུད་མེད་དུ་མི་སྐྱེ་བ་དང་། ཚངས་པར་སྤྱོད་པ་རྣམ་པར་དག་པ་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྟི་སྟང་དུ་འགྱུར་བ་སོགས་རྒྱ་ཆེར་བསྔགས་པ་མདོ་དེ་ཉིད་དུ་བལྟ་བར་བྱའོ། ༈ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །མི་འཁྲུགས་པའི་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས། འདི་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོན་ཏན་མཆོག་ཏུ་འཕགས་པ་ན་སངས་རྒྱས་འདི་ད་ལྟར་འཚོ་ཞིང་ཡུན་རིང་དུ་གཞེས་པར་མཛད་དེ་ཚད་མེད་པའི་ཆོས་ཀྱི་རྣམ་གྲངས་སྟོན་པར་མཛད་ལ། ཞིང་དེར་སྐྱེས་པ་རྣམས་ཕྱིར་མི་ལྡོག་ཅིང་ཡོན་ཏན་རྨད་དུ་བྱུང་བ་དང་ལྡན་ནོ། །གང་སུ་ཞིག་སངས་རྒྱས་འདིའི་མཚན་བཟུང་བ་དེ་ལ་དེ་བཞིན་གཤེགས་པ་


MR07_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

དེས་དགོངས་པར་མཛད་པས་བདུད་ཐམས་ཅད་ཀྱིས་གླགས་མི་རྙེད་པ་དང་། སེར་བ་དྲག་པོ་དང་ཡམས་དང་གནོད་པ་སོགས་འཇིགས་པ་ཐམས་ཅད་མེད་པ་དང་གང་གིས་ཞིང་དེར་སྐྱེས་པར་སེམས་བསྐྱེད་ན་དེ་མ་ཐག་ཏུ་བྱང་སེམས་ཕྱིར་མི་ལྡོག་པ་ཇི་འདྲ་བ་དེ་འདྲར་འགྱུར་བ་སོགས་རྒྱལ་བའི་ཐུགས་བསྐྱེད་ཀྱི་བསྔགས་པ་རླབས་པོ་ཆེ་རྒྱས་པར་གསུངས་སོ། ༈ །འཇམ་དཔལ་རྩ་རྒྱུད་ལས་གསུངས་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྣམ་པར་ངེས་པའི་དབང་པོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་འདི་གང་གིས་དྲན་པ་ཙམ་མམ་མཚན་འཛིན་པས་ཀྱང་མཚམས་མེད་པ་ལྔའི་ལས་ཟད་པར་འགྱུར་རོ། །མཚན་ཐོས་པ་ཙམ་གྱིས་སེམས་ཅན་མང་པོ་ངེས་པར་བྱང་ཆུབ་ལ་གཞོལ་བར་འགྱུར་ན་སྔགས་འགྲུབ་པ་ལྟ་ཅི་སྨོས་སྔགས་ཟློས་པ་ཀུན་གྱིས་སངས་རྒྱས་འདི་ལ་དང་པོར་ངག་གིས་ཕྱག་བྱ་ཞིང་། དེ་བཞིན་དུ་འོད་དཔག་མེད་དང་། རིན་ཆེན་ཏོག་ལ་ཕྱག་བྱའོ། །དེ་ནས་སངས་རྒྱས་ཐམས་ཅད་


MR07_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་བྱས་ནས་ཅི་འདོད་པའི་སྔགས་བཟླས་ན་མྱུར་དུ་གྲུབ་པ་སྩོལ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་གསུམ་གྱི་མཚན་བསྒྲགས་པ་དང་ཕྱག་འཚལ་བས་ནི་བསོད་ནམས་ཆེན་པོ་འཕེལ་བའི་ཕྱིར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་ཕྱག་འཚལ་བས་ངེས་པར་བྱང་ཆུབ་ལ་གཞོལ་ཞིང་དགེ་བའི་ཚོགས་རྫོགས་ཏེ་བྱང་ཆུབ་སེམས་དཔའི་གྲངས་སུ་འགྲོ་ཞིང་དེའི་སྔགས་ཀྱང་མྱུར་དུ་འགྲུབ་པ་བསྩོལ་བར་འགྱུར་རོ། །ཞེས་གསུངས་སོ། ༈ །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་རྒྱལ་པོ་འོད་ཆེན་སྣང་མཛད་ལ་ཕྱག་འཚལ་ལོ། །འཕགས་པ་གསེར་འོད་དམ་པ་ལས། སངས་རྒྱས་འདིའི་མཚན་ཐོས་པས་བྱང་ཆུབ་སེམས་དཔའི་ས་ལས་མི་ལྡོག་ཅིང་མྱང་འདས་ཆེན་པོ་ཐོབ་པ་དང་། བུད་མེད་གང་དག་གིས་ཐོས་ན་འཆི་བའི་ཚེ་དེ་བཞིན་གཤེགས་པ་དེ་མཐོང་ཞིང་ནམ་ཡང་བུད་མེད་ཀྱི་ལུས་མི་ལེན་ནོ། །ཞེས་གསུངས་སོ། ༈ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །


MR07_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཕལ་པོ་ཆེ་ལས། དེ་བཞིན་གཤེགས་པ་འདིའི་སྐུའི་བ་སྤུའི་བུ་ག་གཅིག་ལའང་ནམ་མཁའི་མཐའ་གཏུགས་པའི་ཞིང་ཁམས་རབ་འབྱམས་སྣང་བ་དང་། དེར་མ་ཟད་ཞིང་གི་རྒྱན་མེ་ཏོག་གཅིག་ལའང་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་རྣམ་ཐར་རྒྱ་མཚོ་མ་ལུས་པ་སྣང་བའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རབ་འབྱམས་རྒྱ་མཚོའི་ཚུལ་བསྔགས་པའི་རྗེས་སུ་བསམས་ཏེ་གུས་པས་མཚན་ནས་བརྗོད་པར་བྱའོ། ༈ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །འཕགས་པ་དཀོན་མཆོག་འབྱུང་གནས་ཞེས་བྱ་བའི་མདོ་ལས། སངས་རྒྱས་འདིའི་ཞིང་ནི་ཤིན་ཏུ་རྒྱ་ཆེ་ཞིང་ཡོན་ཏན་གྱི་བཀོད་པ་རྨད་བྱུང་བསམ་གྱིས་མི་ཁྱབ་པ་དང་ལྡན་ལ། གང་ཞིག་དེའི་མཚན་ཐོས་པ་རྣམས་ཀྱང་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སྔོན་སྨོན་ལམ་བཏབ་པ་སོགས་བསྔགས་པའི་ཚུལ་རྒྱ་ཆེར་འབྱུང་ངོ་། ༈ །གཞན་ཡང་མར་མེ་མཛད་ལ་སོགས་པ་དུས་གསུམ་གྱི་སངས་རྒྱས་


MR07_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་ཕྱག་འཚལ་ལོ། །མི་འཁྲུགས་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཤཱཀྱ་ཐུབ་པ་ལ་སོགས་པ་བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པ་ཐམས་ཅད་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་དང་། གསེར་འོད་དམ་པ་སོགས་མདོ་སྣ་ཚོགས་ནས་གསུངས་པའི་སངས་རྒྱས་ཀྱི་མཚན་ཅི་རིགས་ཚིགས་བཅད་དུ་བསྡེབས་པ་ནི། །ཤཱཀྱ་ཐུབ་པ་མི་འཁྲུགས་རིན་ཆེན་ཏོག །ཚེ་དཔག་མེད་དང་ལྷ་ཡི་རྔ་སྒྲའི་རྒྱལ། །ལེགས་འོད་དྲི་མེད་གྲགས་རྒྱལ་སྣང་བའི་རྒྱལ། །རྣམ་དག་ཟླ་བའི་འོད་ཟེར་མཚན་གྲགས་རྒྱལ། །མཆོག་ཏུ་རྣམ་པར་རྒྱལ་བའི་རྒྱལ་པོ་དང་། །ཚངས་པ་རྣམ་པར་དག་པའི་རྒྱལ་པོ་དང་། །བཀྲ་ཤིས་བླ་མའི་རྒྱལ་པོ་ཞེས་བྱ་དང་། བདེ་གཤེགས་རྣམ་པར་སྣང་མཛད་གངས་ཆེན་མཚོ། །ཆོས་ཀྱི་ཆུ་བོ་རྣམ་པར་སངས་རྒྱས་པ། །ནམ་མཁའ་མཐའ་ཡས་རྒྱལ་པོ་ཞེས་བྱ་དང་། །ཀུན་མཁྱེན་འོད་དཔལ་


MR07_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོའི་རྒྱལ་པོ་དང་། །སྤོས་མངོན་སྣང་བ་ཡོན་ཏན་རིན་ཆེན་བརྒྱན། །ཡེ་ཤེས་ཀྱི་དཔལ་ཀུན་དབྱངས་རྒྱལ་པོ་དང་། །ཐམས་ཅད་ཆོས་ལ་མི་འཇིགས་སྒྲོན་མ་ནི། །ཀུན་ཏུ་དགའ་བའི་ཤུགས་དཔལ་རྒྱལ་པོ་དང་། །སྒོ་ཀུན་ནས་ནི་ཡེ་ཤེས་རྣམ་སྣང་དབྱངས། །ཡོན་ཏན་རྒྱ་མཚོ་ཚད་མེད་པ་ཡི་འོད། །ཆོས་དབྱིངས་སྣང་བར་མཛད་པའི་འོད་ཟེར་ཅན། །ཡོན་ཏན་གྲགས་པ་ཐོགས་མེད་རྣམ་སྣང་རྒྱལ། །དཔལ་སྙིང་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ། །ཡོན་ཏན་མཐའ་ཡས་རང་གསལ་དབང་ཕྱུག་རྒྱལ། །དབང་པོའི་ཏོག་གི་རྒྱལ་མཚན་རྒྱལ་པོ་དང་། །རིན་ཆེན་པདྨ་རབ་གནས་རི་དབང་རྒྱལ། །དཔལ་བརྩེགས་རྒྱལ་པོ་ནོར་བུ་བརྩེགས་པའི་རྒྱལ། །སཱ་ལའི་དབང་པོའི་རྒྱལ་དང་ཡེ་ཤེས་རྒྱལ། །ཀུན་ནས་འོད་ཟེར་ཡོན་ཏན་རྟག་ཏུ་ནི། །མང་བ་རྒྱ་མཚོའི་རྒྱལ་པོ་ཞེས་བྱ་དང་། །འཕགས་འོད་དམ་པའི་འོད་དང་ལེགས་པའི་འོད། །སེང་གེའི་འོད་དང་འོད་བརྒྱ་དྲན་པའི་འོད། །འབར་བའི་འོད་དང་རྒྱས་པར་འབར་བའི་འོད། །འོད་ཟེར་ཀུན་སྣང་མེ་ཏོག་བཀོད་པའི་འོད། །ཀུན་ཏུ་འོད་དང་དྲི་མ་མེད་པའི་འོད། །གསེར་འོད་ཏོག་དང་གསེར་བརྒྱའི་འོད་སྙིང་པོ། །རིན་ཆེན་འོད་དང་སེང་གེའི་འོད་ཟེར་དང་། །མཆོག་གི་འོད་དང་རྡོ་རྗེའི་འོད་ཟེར་དང་། །སྤོས་ཀྱི་


MR07_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དགའ་བའི་སྟོབས་རྒྱ་མཚོ། །ཀུན་ཏུ་སྣང་བའི་འོད་ཀྱི་དབང་པོའི་དཔལ། །དགའ་ཤུགས་ཡོན་ཏན་གྲགས་པའི་དབང་འོད་ཟེར། །ཆགས་མེད་ཡེ་ཤེས་ཕྱོགས་ཀུན་རྣམ་སྣང་འོད། །ཆོས་དབྱིངས་ནམ་མཁའ་ཀུན་ཏུ་སྣང་བའི་འོད། །དཔལ་ལྡན་རྣམ་པར་སྣང་བའི་མཛོད་སྤུའི་འོད། །མངོན་པར་མཁྱེན་པ་ཐམས་ཅད་ཀྱི་འོད་ཟེར། །གསེར་འོད་དམ་པ་གསེར་གདུགས་རིན་ཆེན་བརྩེགས། །རིན་ཆེན་སྙིང་པོ་རིན་ཆེན་གཙུག་ཕུད་དང་། །རིན་ཆེན་ཅན་དང་རིན་ཆེན་འབར་དང་ནི། །རིན་ཆེན་རྩལ་གྱིས་རྣམ་པར་གནོན་པ་དང་། །གཡུལ་ལས་རྣམ་པར་རྒྱལ་བའི་དཔལ་དང་ནི། །མྱ་ངན་མེད་པའི་དཔལ་དང་དཔལ་བཟང་པོ། །འོད་ཀྱི་དཔལ་དང་ནོར་དཔལ་དྲན་པའི་དཔལ། །དྲི་མ་མེད་འོད་ཡེ་ཤེས་དཔལ་གྱི་དཔལ། །ཚངས་པའི་དབང་པོའི་དཔལ་དང་དཔལ་དགྱེས་དང་། །ཆོས་ཀྱི་དབྱིངས་ནི་ཤིན་ཏུ་འཕགས་པའི་དཔལ། །སྟོབས་ལ་ཐུབ་པ་མེད་པའི་ཀུན་སྣང་དཔལ། །ཆོས་མཆོག་རྣམ་པར་ངེས་དང་ཆོས་རྒྱལ་མཚན། །ཆོས་ཀྱི་འོད་ཟེར་སྐུ་ཡི་པདྨོ་རྒྱས། །ཡངས་པའི་ཡོན་ཏན་མང་པོ་ཡོན་ཏན་སྣང་། །སྤོབས་བརྩེགས་རྒྱལ་པོ་སྤོབས་པས་རབ་ཏུ་དགོངས། །རྟོགས་པས་འཇིགས་མེད་དབང་ཕྱུག་ཅེས་བྱ་དང་། །བསྙེངས་པ་མི་མངའ་བ་ཡི་གྲགས་པ་དང་། །མངོན་


MR07_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

པར་དགའ་བའི་གཟུགས་སྐུ་བཀོད་པའི་མཆོག །རྡོ་རྗེ་སྙིང་པོས་རབ་འཇོམས་དམ་པའི་སྒྲ། །རྣམ་པར་རྒྱལ་བའི་པདྨ་རྣམ་པར་གཟིགས། །སྣང་བའི་སྙིང་པོ་བླ་མ་འཕགས་པའི་སྐུ། །ཤེས་རབ་བརྩེགས་པ་སངས་རྒྱས་མཐུ་བོ་ཆེ། །སྨོན་ལམ་ཀུན་འབྱུང་རིན་ཆེན་གཟི་བརྗིད་འཕགས། །ཟླ་འོད་དང་ནི་མཛེས་ཆེན་ཀུན་ཏུ་བཟང་། །གང་ཞིག་དྲན་པས་མཆོག་རྣམས་ལེགས་སྩོལ་བ། །ཕྱོགས་བཅུའི་སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཡོན་ཏན་རྗེས་སུ་དྲན་པའི་ཚུལ་གྱིས་སངས་རྒྱས་སྤྱིའི་མཚན་བརྗོད་པ་ནི། ཆོས་ཀུན་མཉམ་པ་ཉིད་དུ་སངས་རྒྱས་པས། །མཁའ་ལྟར་མི་གཡོ་ཡེ་ཤེས་སྐུ་མངའ་བ། །ཡོན་ཏན་ཀུན་གྱི་ཕ་རོལ་བྱོན་པ་ཡི། །སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ལ། །རྒྱལ་བ་རང་བྱུང་ཀུན་མཁྱེན་བདེར་གཤེགས་སོགས། །མཚན་གྱི་སྙན་པ་སྲིད་མཐར་རབ་གྲགས་པ། །ཐོས་དང་དྲན་པས་དོན་ཀུན་གྲུབ་མཛད་པའི། །རྫོགས་པའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །དེ་ལྟར་སངས་རྒྱས་ཀྱི་གསུང་རབ་རིན་པོ་ཆེ་རྣམས་ལས་ཕན་ཡོན་གྱི་བསྔགས་པ་བརྗོད་པའི་མཚན་ཅི་རིགས་པར་བཏུས་ནས་བཀོད་པ་སྟེ། གཞན་དུ་མདོ་སྡེ་བསྐལ་བཟང་ལས་དེ་བཞིན་གཤེགས་པ་སྟོང་གི་མཚན་དང་།


MR07_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་མཚན་ལྔ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་གསུམ་པ་དང་། དམ་ཆོས་ཐར་པ་རིན་པོ་ཆེའི་མདོ་དང་། དཔང་སྐོང་ཕྱག་བརྒྱ་བ་དང་། ཕུང་པོ་གསུམ་པའི་མདོ་ལ་སོགས་པ་དང་། གཞན་ཡང་མདོ་སྡེ་རྣམས་ཀྱི་གླེང་གཞི་དང་གཞུང་ནས་བསྟན་པའི་སངས་རྒྱས་རྣམས་ཀྱི་མཚན་ཤིན་ཏུ་མང་པོ་བཞུགས་པ་ནི་དེ་དང་དེར་ཤེས་པར་བྱའོ། །དེ་ལྟར་སངས་རྒྱས་དེ་དག་གི་མཚན་གཅིག་ཙམ་ཐོས་པ་ཡང་ཕན་ཡོན་ཚད་མེད་པ་དང་ལྡན་པའི་ཕྱིར་གུས་པ་ཆེན་པོས་ཇི་ནུས་སུ་གཟུང་བར་བྱ་སྟེ། དཀོན་མཆོག་བརྩེགས་པའི་སྒོ་མཐའ་ཡས་པའི་གཟུངས་ཀྱི་ལེའུ་ལས། སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ་ཞེས་བརྗོད་པ་དེ་ཡང་སྒྲོན་མ་ཆེན་པོ་ཡིན་ཏེ། ཉོན་མོངས་པ་རྣམས་ངེས་པར་བསྲེགས་པར་འགྱུར་བ་ཡིན་ནོ། །གང་དག་གིས་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཐོས་པ་དེ་ཡང་དེ་དག་གི་མྱ་ངན་ལས་འདས་པའི་རྒྱུ་ཆེན་པོར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་བརྗོད་པ་ཡང་མུན་པ་དང་འབྲལ་བར་འགྱུར་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཐོས་པ་ཡང་མུན་པ་དང་འབྲལ་བར་འགྱུར་རོ་ཞེས་དང་། སངས་རྒྱས་ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་


MR07_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་མཐོང་བ་དང་ཐོས་པ་དང་། དེ་དག་དང་འགྲོགས་པའི་དགེ་བ་སྐྱེ་བར་འགྱུར་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མི་ཟད་པ་མངོན་པར་སྒྲུབ་པའི་བློས་དོན་ཡོད་པ་དང་། བགེགས་མེད་པ་དང་། ཤིན་ཏུ་མཐར་ཐུག་པར་གྲུབ་པ་དང་། མི་སླུ་བ་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། འདུས་བྱས་ཐམས་ཅད་ལ་སྤྱོད་པའི་རྒྱུན་མི་ཟད་པ་དང་། འདུས་མ་བྱས་པའི་ཡེ་ཤེས་ཐོབ་པར་འགྱུར་བ་དང་། ཕྱི་མའི་མཐའི་མུ་མཐའ་ཡས་པའི་མཐར་ཐུག་པར་འགྱུར་བ་དང་། རང་བྱུང་གི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སྐུ་འཐོབ་པར་འགྱུར་བ་ཁོང་དུ་ཆུད་པར་བྱའོ། །ཀྱེ། རྒྱལ་བའི་སྲས་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་གིས་རྡོ་རྗེའི་ཁམས་ཞིག་ཟོས་པར་གྱུར་ན། དེ་ཇི་ཙམ་དུ་ཆུང་ངུ་ཟིན་ཀྱང་རྡོ་རྗེའི་ཁམས་དེ་ཞུ་བར་མི་ནུས་ཏེ། དེ་ནི་གདོན་མི་ཟ་བར་གནས་ཐམས་ཅད་ལས་འདས་ནས་འོག་གི་ཕྱོགས་སུ་ལྟུང་བར་འགྱུར་རོ། །ཀྱེ་རྒྱལ་བའི་སྲས་དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྡོ་རྗེའི་ཆོས་མ་འདྲེས་པ་ཡིན་པའི་ཕྱིར་རོ། །ཀྱེ་རྒྱལ་བའི་སྲས་དེ་བཞིན་དུ། དེ་བཞིན་གཤེགས་པ་ལ་བསྐྱེད་པའི་དགེ་བའི་རྩ་བ་ནི་ཅི་ཙམ་དུ་ཆུང་ངུ་ཟིན་ཀྱང་། འདུས་བྱས་ལ་


MR07_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པའི་གནས་ཐམས་ཅད་ལས་མངོན་པར་འདས་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་འདུས་མ་བྱས་པའི་མཐར་ཐུག་པར་འགྱུར་རོ། །ཀྱེ རྒྱལ་བའི་སྲས། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ་བསྐྱེད་པའི་དགེ་བའི་རྩ་བའི་ཆོས་མ་འདྲེས་པ་ཡིན་པའི་ཕྱིར་རོ། །ཞེས་དང་། གཞན་ཡང་རྩ་ནང་དུ་མེ་ཕྲ་མོ་ལྟུང་བའི་དཔེ་སོགས་ཀྱི་སྒོ་ནས་ཀྱང་དེ་ལྟར་གསུངས་ཤིང་། ཡང་མདོ་དེ་ལས། སངས་རྒྱས་རྣམས་ཀྱི་མཚན་གྱིས་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ཕྲིན་ལས་སྒྲུབ་བོ། །ཞེས་དང་། ཀྱེ་རྒྱལ་བའི་སྲས། ཁྱོད་ཀྱིས་ཡིད་ཆེས་པ་དང་། ཁོང་དུ་ཆུད་པར་བྱ་ན། སེམས་ཅན་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་མཐོང་ངམ་ཐོས་ཀྱང་ལས་ཀྱི་སྒྲིབ་པས་ཀུན་ནས་བསྐོར་བའི་ཕྱིར། དེ་བཞིན་གཤེགས་པ་ལ་མ་དད་པ་ཞིག་བྱས་ན་ཡང་། དེ་དག་གིས་མཐོང་བའི་དགེ་བའི་རྩ་བ་དེ་ནི་ཡོངས་སུ་མྱ་ངན་འདས་པའི་བར་དུ་དོན་ཡོད་དོ་ཞེས་བདག་སྨྲའོ། །ཞེས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཡོངས་སུ་མྱ་ངན་ལས་འདས་ནས་བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཞིག་ལོན་ཡང་། མཚན་གྱི་ཚིག་ཐོས་པ་ཙམ་གྱིས་བཞུགས་པ་དང་འདྲ་བར་སེམས་ཅན་རྣམས་ཀྱི་ཡོན་ཤིན་ཏུ་


MR07_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་ཞིང་མྱ་ངན་ལས་འདས་ནས་དེ་སྲིད་ཀྱི་ཡུན་རིང་པོ་འདས་ཀྱང་སངས་རྒྱས་ལ་བསྐྱེད་པའི་ཡོན་ཏན་ཟད་པར་མི་འགྱུར་བས་སངས་རྒྱས་ཀྱི་བདག་ཉིད་ཆེ་བ་ནི་རྣམ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། །ཞེས་དང་། དེ་བཞིན་དུ་ཕྱོགས་མཐའ་ཡས་པ་ན་བཞུགས་ཀྱང་འདི་ན་དངོས་སུ་བཞུགས་པ་དང་འདྲ་བར་གསུངས་ཤིང་། ཡང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐར་ཆོས་ཀྱི་དབྱིངས་ལ་གནས་པའི། མཉམ་པའི་བསོད་ནམས་མི་ཟད་པ་དང་ལྡན་པས་མི་ཟད་པའི་བསོད་ནམས་མངའ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བདག་ཉིད་ཆེ་བ་ནི་རྣམ་པ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ། །ཞེས་སོགས་གསུངས་ཏེ། སངས་རྒྱས་ལ་དུས་དང་ཕྱོགས་ཀྱི་ཉེ་རིང་དུ་འཛིན་པ་ནི། རང་གི་རྣམ་པར་རྟོག་པས་བཟུང་བ་ཙམ་ལས། ཡང་དག་པར་ན་སངས་རྒྱས་ཡེ་ཤེས་ཆོས་ཀྱི་སྐུ་ནམ་མཁའ་ལྟར་མ་སྐྱེས་མ་འགགས་ལ་ཐམས་ཅད་དུ་ཁྱབ་པ་ཡིན་ཞིང་། དེའི་རྒྱུ་མཐུན་པ་སྤྲུལ་པའི་སྐུ་ནི་གདུལ་བྱའི་དབང་གིས་ཉེ་བ་དང་རིང་བ་སྐྱེ་བ་དང་འཇིག་པ་ལྟར་སྣང་བ་ཙམ་ཡིན་པའི་ཕྱིར། སངས་རྒྱས་ཀྱི་མཚན་བཟུང་བ་དང་ཡིད་ལ་དྲན་པའི་མོད་ལ། མདུན་ན་མངོན་


MR07_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བཞུགས་པ་དང་འདྲ་བར་སངས་རྒྱས་ཀྱི་བྱིན་གྱིས་བས་ཐོགས་པ་མེད་ཅིང་ཆུད་མི་ཟ་བར་གྱུར་པས་རྗེས་སུ་འཛིན་པར་འགྱུར་བ་ལ་ཡིད་ཆེས་གཏིང་ཚུགས་པར་བྱའོ། །ངེས་པ་དང་མ་ངེས་པར་འགྲོ་བའི་ཕྱག་རྒྱ་ལ་འཇུག་པའི་མདོ་ལས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་ཁ་ཟས་བྱེད་དུ་བཅུག་པ། སྟོང་གསུམ་གྱི་སྟོང་ཆེན་པོ་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་རྣམས་ཀྱི་གནས་འཛམ་བུ་ཆུ་བོའི་གསེར་ལས་བྱས་པ། ནོར་བུ་རིན་པོ་ཆེ་གློག་གི་སྒྲོན་མས་སྤྲས་པ། ནོར་བུ་རིན་པོ་ཆེ་སྣང་བ་ཐམས་ཅད་བརྩེགས་པའི་སྟེགས་བུས་བསྐོར་བ། ནོར་བུ་དང་མུ་ཏིག་དང་རིན་པོ་ཆེའི་ཆུན་པོས་མཛེས་པར་བྱས་པ། གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་བ། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་དྲ་བས་བཀབ་པ། དྲིལ་བུ་གཡེར་ཁའི་བླ་རེ་བྲེས་པ། ཙནྡན་སྦྲུལ་གྱི་སྙིང་པོས་བྱུག་པ། མེ་ཏོག་མནྡར་བ་དང་། མནྡར་བ་ཆེན་པོ་དང་། མན་ཛུ་ཥ་ཀ་དང་། མན་ཛུ་ཥ་ཀ་ཆེན་པོ་དང་། སྣ་མའི་མེ་ཏོག་དང་། ཀླུ་ཤིང་གི་མེ་ཏོག་དང་། ཏར་ནི་བ་ར་ན་དང་། གོ་ཏ་ར་ནི་དང་། དྲི་མཆོག་དང་། དྷ་ནུ་སྐ་རི་དང་། ལྷའི་


MR07_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་མའི་མེ་ཏོག་དང་། ཨུཏྤལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། མེ་ཏོག་ཆེན་པོ་རྣམས་བཀྲམ་པ་བྱེད་དུ་བཅུག་སྟེ། རང་སངས་རྒྱས་དེ་དག་ལ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་ཅིང་ལྷའི་གོས་དག་ཀྱང་བྱིན་ཏེ། དེ་ལྟར་སྦྱིན་པ་བསྐལ་པ་གངྒའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་གིས་ནི། སངས་རྒྱས་ཞེས་བྱ་བའམ། ཐམས་ཅད་མཁྱེན་པ་ཞེས་བྱ་བའམ། འཇིག་རྟེན་གྱི་མགོན་པོ་ཞེས་བྱ་བའི་སྒྲ་ཐོས་སམ། རི་མོར་བྲིས་པ་མཐོང་ངམ། གཟུགས་སུ་བྱས་པ་མཐོང་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་བར་འགྱུར་ན། གང་སོར་མོ་བཅུའི་ཐལ་མོ་སྦྱར་བ་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ། །གང་མར་མེའམ། བདུག་པའམ། མེ་ཏོག་གམ། སྤོས་འབུལ་བ་ལྟ་ཅི་སྨོས་ཏེ། ཐ་ན་དེའི་ཡོན་ཏན་བསྔགས་པ་གཅིག་ཙམ་བརྗོད་ན་ཡང་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དོ། །ལོངས་སྤྱོད་ཆེན་པོ་འགྲུབ་པར་བྱེད་ཅིང་མཐར་གྱིས་ཐམས་ཅད་མཁྱེན་པ་ཉིད་དུ་འགྲོ་བར་འགྱུར་རོ། །འཇམ་དཔལ་དཔེར་ན་ཆུའི་ཐིགས་པ་ཆུང་ངུ་རྒྱ་མཚོ་ཆེན་པོར་སོང་བ་ཡང་སྲེག་པའི་བསྐལ་པའི་མེ་མ་


MR07_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པར་མི་འགྱུར་རོ། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་ཇི་ལྟར་ཆུང་བ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མེ་མ་བྱུང་གི་བར་དུ་བར་མ་དོར་ཡོངས་སུ་ཟད་པའམ་མཐར་ཐུག་པར་མི་འགྱུར་རོ། །འཇམ་དཔལ་དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་ཇི་ལྟར་ཆུང་ཡང་འདི་ལྟ་སྟེ། བོང་དང་ཁྱོན་དང་ཆེ་བས་སྐར་མའི་ཚོགས་ཐམས་ཅད་ཟིལ་གྱིས་མནན་ནས་ལྷང་ངེར་འདུག་ཅིང་ཀུན་དུ་ལྷང་ངེར་འདུག་གོ །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པ་ཇི་ལྟར་ཆུང་བ་ཡང་འདི་ལྟ་སྟེ། མཐོ་བ་དང་ཡངས་པ་དང་ཆེ་བས་དགེ་བའི་རྩ་བ་ཐམས་ཅད་ཟིལ་གྱིས་མནན་ནས་ལྷང་ངེར་འདུག་གོ །འཇམ་དཔལ་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །ཞེས་དང་། སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས། མཆོད་རྟེན་དང་ནི་རི་མོ་དང་། །སྐུ་གཟུགས་བྱེད་དུ་གཞུག་པ་དང་། །མཆོད་དང་བཀུར་སྟི་བྱ་བའི་ཕྱིར། །གང་དག་མཚན་ནི་དྲན་བྱེད་པ། །བྱང་ཆུབ་ཕྱིར་ནི་གནས་པ་


MR07_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས། །ཐམས་ཅད་ཐར་པ་ཐོབ་པར་འགྱུར། །ཞེས་དང་། སྙིང་རྗེ་ཆེན་པོའི་པདྨ་དཀར་པོ་ལས། །དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་ན། །དེ་ཡི་རྣམ་སྨིན་བསམ་མི་ཁྱབ། །ཅེས་གསུངས་སོ། །ཁང་བུ་བརྩེགས་པའི་མདོ་ལས། ཀུན་དགའ་བོ་གང་ལ་ལ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཕྱག་འཚལ་ལོ་ཞེས་ཕྱག་འཚལ་བར་བྱེད་ན་སེམས་ཅན་དེ་དག་ངས་ཡོངས་སུ་མྱ་ངན་ལས་བཟླས་པ་ཡིན་ནོ། །སེམས་ཅན་དེ་རྣམས་ལ་ནི་ང་ཐུགས་ཁྲལ་ཆུང་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདི་ལྟར་དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་ནི་ཤིན་ཏུ་རབ་ཏུ་གནས་པ་ཡིན་ནོ། །དེ་ཤིན་ཏུ་རབ་ཏུ་གནས་པའི་ཕྱིར་ཐལ་མོ་སྦྱར་བ་ཡང་ཆུད་ཟ་བར་མི་འགྱུར་ན་སྦྱིན་པ་ལ་སོགས་པ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། ཞེས་དང་། ཀུན་དགའ་བོ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་གསུམ་པོ་འདི་ནི་འཁོར་བར་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ། ཟད་མི་ཤེས་པའི་མྱ་


MR07_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པ་ཐོབ་པར་འགྱུར་བར་བྱེད་པ་ཡིན་ནོ། །ཞེས་སོགས་མདོ་སྡེ་རྣམས་ལས་ཡང་ནས་ཡང་དུ་རྒྱ་ཆེར་གསུངས་ཤིང་། དཔེར་ན་ཟུང་གི་ཆོས་ཀྱི་རྣམ་གྲངས་ལས་གསུངས་པ། སྔོན་མི་ཞིག་མཆོད་སྦྱིན་ལ་བསད་པའི་ཚེ། དེས་འཆི་ཁར་སངས་རྒྱས་ལ་དད་པས་ཕྱག་འཚལ་ལོ་ཞེས་ལན་གཅིག་སྨྲས་པས་དགེ་རྩ་དེ་དག་གིས་བསྐལ་པ་དྲུག་ཅུའི་བར་དུ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས། བསྐལ་པ་བརྒྱད་ཅུའི་བར་དུ་ཚེ་རབས་དྲན། སྐྱེ་བ་དང་སྐྱེ་བར་མྱ་ངན་གྱི་ཟུག་རྔུ་ཐམས་ཅད་བྲལ་ལ། སྐྱེས་མ་ཐག་ཏུ་སྡུག་བསྔལ་ཐམས་ཅད་ཟློག་པར་བྱེད་དོ། །ཞེས་དང་། རྒྱ་མཚོའི་ཆུ་སྲིན་གདུག་བའི་ཁ་གདངས་པས་འཇིགས་ནས་ཚོང་པ་དག་གིས་སངས་རྒྱས་ཀྱི་མཚན་བརྗོད་པའི་སྒྲ་ཙམ་ཐོས་པས་ཉ་མིད་དེ་ཁ་ཟུམ་ནས་བདེ་བར་ཚེ་འཕོས་ཏེ། དགྲ་བཅོམ་ཆོས་སྲེད་དུ་སྐྱེས་པ་དང་། སངས་རྒྱས་ལ་དད་པ་བུ་མོ་མུ་ཏིག་ཅན་དུ་སྐྱེས་ནས་རྟེན་དེ་ལ་བདེན་པར་མཐོང་བའི་ལོ་རྒྱུས་མདོ་ལས་གསུངས་པ་ལ་སོགས་པ་བཞིན་དུ་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའི་མཚན་ཅི་རིགས་མདོ་ལས་བཏུས་ཏེ་བཀོད་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། སྤྱན་རས་གཟིགས་དབང་


MR07_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་དང་། ཕྱག་ན་རྡོ་རྗེ་དང་བྱམས་པ་དང་ནམ་མཁའི་སྙིང་པོ་དང་། ས་ཡི་སྙིང་པོ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཀུན་ཏུ་བཟང་པོ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །འཇམ་དཔལ་ལ་སོགས་པ་དཔེ་མེད་པའི་སེམས་དཔའ་དྲུག་ཅུ་ལ་ཕྱག་འཚལ་ལོ། །བཟང་སྐྱོང་ལ་སོགས་པའི་སྐྱེས་བུ་དམ་པ་བཅུ་དྲུག་ལ་ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུ་པོ་དག་ལ་བཞུགས་པ་གང་ཇི་སྙེད་ཡོད་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་ལས། དེའི་ཚེ་རི་ཞིག་གི་བང་རིམ་གྱི་ངོས་ལ་འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་གནས་པའི་སྐྱེས་བུ་དམ་པ་ཉི་ཤུ་རྩ་ལྔ་གསུང་པ་དེ་དག་གི་མཚན་ཚིགས་བཅད་དུ་བསྡེབས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། །ཀླུ་དཔལ་ཀླུས་བྱིན་དཔལ་འབྱུང་དཔལ་གྱི་སྙིང་། །པདྨ་བླ་མའི་དཔལ་ཞེས་བྱ་བ་དང་། །པདྨ་དཔལ་འབྱུང་དང་ནི་སྐྱེ་བོ་འཛིན། །ས་འཛིན་དང་ནི་ལག་ན་རིན་ཆེན་དང་། །ལག་ན་རིན་ཆེན་ཕྱག་རྒྱ་སེང་གེའི་བློ། །སེང་གེའི་འགྲོས་བསྒྲགས་


MR07_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་དང་ནམ་མཁའ་མཛོད། །སེམས་བསྐྱེད་མོད་ལ་ཆོས་ཀྱི་འཁོར་ལོས་སྒྱུར། །ཚིག་རབ་ཐ་དད་ཐམས་ཅད་སྤོབས་པ་དང་། །སྤོབས་པའི་ཕུང་པོ་བློ་གྲོས་རྒྱ་མཚོ་དང་། །ལྷུན་པོ་ཆེན་པོ་དང་ནི་མཐོང་ན་དགའ། །རབ་ཏུ་དགའ་བའི་རྒྱལ་པོ་མཐའ་ཡས་མཐོང་། །མཐའ་ཡས་དམིགས་པར་གནས་པ་ཞེས་བྱ་དང་། །བདུད་ཀྱི་ལྟ་བ་ཡང་དག་འཇོམས་པ་དང་། །མྱ་ངན་མེད་བྱིན་དོན་རྣམས་ཐམས་ཅད་གྲུབ། །དེ་དག་རྣམས་ལ་གུས་པས་ཕྱག་འཚལ་ལོ། །དེའི་ཚེ་འཇམ་དཔལ་གྱི་དྲུང་ན་འདུག་པ་དགའ་ལྡན་གྱི་ལྷའི་བུ་བཞིའི་མཚན་ནི། །ལྷའི་བུ་ཀུན་ནས་མེ་ཏོག་ཅེས་བྱ་དང་། །མེ་ཏོག་མནྡ་ར་བའི་དྲི་དང་ནི། །ཆོས་ལ་གནས་པར་རྟག་ཏུ་བརྩོན་པ་དང་། །མེ་ཏོག་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །དྲིན་ལན་བསབ་པའི་མདོ་ལས་གསུངས་པ། དེ་བཞིན་གཤེགས་པའི་འོད་ཟེར་ཆེན་པོས་ཕོག་པ་ལས་འཁོར་དེར་འདུས་པའི་བྱང་ཆུབ་སེམས་དཔའ་བདུན་ཅུའི་མཚན་ཚིགས་བཅད་དུ་བསྡེབས་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། །བསམ་གྱིས་མི་ཁྱབ་པ་དང་རྟོག་མེད་དབྱིངས། །བདེ་བ་འབའ་ཞིག་སེམས་དང་དྲི་མེད་གྲགས། །ཚད་མེད་དབྱངས་དང་གྲགས་པ་ཆེན་པོ་དང་། །གཙུག་ཕུད་འོད་དང་བརྟན་པའི་སེང་གེ་དང་། །འབའ་


MR07_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་རོལ་དང་རྟོག་པ་སྤོང་བ་དང་། །ཡེ་ཤེས་བརྩེགས་དང་དགེ་གནས་བློ་གྲོས་དང་། །རབ་ཏུ་མཚན་མེད་བློ་གྲོས་འོད་ཟེར་དང་། །ཁྲོ་ཞི་བློ་གྲོས་ཀུན་ཏུ་བསྲུང་འགྱུར་དང་། །དད་པ་བཙན་དང་མེ་ཏོག་འཕགས་པར་ནི། །འཕགས་པའི་ཤེས་རབ་ལས་དང་ཀུན་ཏུ་བདེ། །ངོ་འཕྲལ་འཆང་དང་བསམ་དུ་མེད་པ་དང་། །ཚངས་པ་སྦྱིན་དང་རིན་ཆེན་ལས་དང་ནི། །ལྷ་ཡི་མེ་ཏོག་གནས་དང་ཤིན་ཏུ་སེམས། །དཔག་མེད་ཆོས་ཞེས་བྱ་དང་གྲགས་པའི་ཡིད། །སྤོབས་པ་བརྩེགས་པ་དང་ནི་དབང་ཕྱུག་སྒོ། །སྟོབས་བཅུ་དང་ནི་སྟོབས་བཅུ་འཆང་བ་དང་། །འདས་པ་མེད་དང་འཕགས་པ་ཆེན་པོས་སྐྱོང་། །ཞི་བ་རོལ་ཞེས་བྱ་དང་དེ་ན་གནས། །གྲངས་མེད་ལྷ་དང་རི་རབ་འོད་དང་ནི། །རབ་ཏུ་ཞི་བའི་སྡོང་པོ་རྒྱུ་ལས་འཕགས། །གཅིག་པུ་འགྲོ་དང་གཟི་བརྗིད་འཕགས་པ་དང་། །སྡེ་ཆེན་མཁས་པ་དང་ནི་རིས་སྐྱོབ་དང་། །ངོ་འཕྲལ་ཡོད་དང་འཇིག་རྟེན་གསུམ་འཛིན་དང་། །གྲགས་པ་བརྗོད་དང་ཉི་འོད་གསལ་བ་དང་། །སེང་གེ་བཙན་དང་དུས་ཚོད་རྒྱལ་པོ་དང་། །སེང་གེའི་སྙིང་པོ་དང་ནི་སྲིད་མངོན་སྟོན། །འོད་རྒྱང་གསལ་ཞེས་བྱ་དང་སེང་གེའི་རི། །སྲིད་ལེན་སྦྱིན་དང་རྒྱལ་བ་སྦྱིན་པ་དང་། །རྒྱལ་མཚན་མཆོག་


MR07_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

དང་དགའ་མགུ་རངས་དང་ནི། །བརྩོན་འགྲུས་བརྟན་ཞེས་བྱ་དང་འགྲིབ་མེད་དང་། །གྲགས་ལྡན་དང་ནི་འཇིགས་པ་མེད་པ་དང་། །མ་ཆགས་ལྷ་དང་སྒྲོན་མ་ཆེན་པོ་དང་། །འཇིག་རྟེན་འོད་ཅེས་བྱ་དང་དམ་པའི་དབྱངས། །ཐབས་ཆེན་སྟོབས་དང་མུན་ནག་སེལ་བ་དང་། །མཉམ་མེད་ཕྱོགས་ལ་སོགས་པར་གུས་ཕྱག་འཚལ། །མདོ་དེ་ལས། བྱང་ཆུབ་སེམས་དཔའ་བདུན་ཅུ་པོ་འདི་དག་བསྐལ་པ་གྲངས་མེད་ཚད་མེད་པ་ནས་སངས་རྒྱས་ཚད་མེད་པ་བསྙེན་བཀུར་བྱས་གཅིག་མ་དཔེར་མ་ཚང་མཆན། ཏེ་དེ་དག་ལས་ཚངས་པར་སྤྱོད་ཅིང་མཉེས་པར་བྱས་ནས། སངས་རྒྱས་ཀྱི་ཆོས་འཛིན་ཅིང་སྙིང་རྗེ་ཆེན་པོས་ཕྱོགས་བཅུར་ཐམས་ཅད་ལ་ཕན་བདེ་བྱེད་དོ། །སེམས་ཅན་གང་ཞིག་ཐ་མ་ཤི་ཁར་བྱང་ཆུབ་སེམས་དཔའ་དེ་དག་གཅིག་གམ་གཉིས་སམ་གསུམ་མམ་བཞི་ནས་བདུན་ཅུའི་བར་དུ་རྫོགས་པར་ཐོས་ཏེ། དེ་ལ་སྲོག་ཕྱོགས་ཤིང་སྐྱབས་སུ་སོང་ན་ཚེ་འཕོས་མ་ཐག་ཏུ་སངས་རྒྱས་བཞུགས་པའི་ཞིང་དུ་པདྨོ་ལས་བརྫུས་ཏེ་སྐྱེ་ཞིང་འདོད་ཆགས་དང་བྲལ་བ་དང་། མངལ་དུ་མི་སྐྱེ་བ་དང་། མནམ་ཞིང་བརྩོག་པ་དང་བྲལ་ཏེ་ལུས་ཡོངས་སུ་དག་ཅིང་དྲི་ཞིམ་པ་དང་། ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་བཀུར་སྟི་བྱེད་པར་འགྱུར་ཞིང་དེས་སེམས་རབ་ཏུ་དགའ་ཞིང་བླ་མེད་བྱང་ཆུབ་ཏུ་


MR07_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་པ་དང་། ཚུལ་དེས་བྱམས་པ་དང་སྙིང་རྗེ་ཆེན་པོའི་སེམས་དང་། འགྲོ་བ་མ་ལུས་པ་མི་གཏོང་བའི་སེམས་དང་། སེམས་ཅན་ཐམས་ཅད་ཕན་བདེར་འགྱུར་བའི་སེམས་དང་། བདག་གཞན་གྱི་དོན་བྱེད་པའི་སེམས་དང་། སྒྲིབ་པ་དང་བར་ཆད་དུ་འགྱུར་བ་བསལ་བའི་སེམས་དང་། ཉོན་མོངས་པ་ཞི་བར་བྱེད་པའི་སེམས་དང་། དགེ་བའི་བཤེས་གཉེན་ལ་རྟག་ཏུ་བསྙེན་བཀུར་བྱེད་པའི་སེམས་དང་། འདུན་པའི་ཡིད་ཀྱི་ཆོས་ཉན་པའི་སེམས་དང་། མི་བརྗེད་པར་ཡིད་ལ་བྱེད་ཅིང་དོན་བཟང་པོ་གཟུངས་སུ་འཛིན་པའི་སེམས་དང་། ཉུང་ངུ་ཐོས་ལ་དོན་མང་དུ་ཤེས་པའི་སེམས་དང་། མང་དུ་ཐོས་ལ་དོན་མི་ཤེས་པ་མི་འདོད་པའི་སེམས་དང་། ཡང་དག་པ་དང་དེ་བཞིན་ཉིད་ཀྱི་དོན་བདེན་པ་ལ་དད་པའི་སེམས་དང་། སེམས་དེས་ཇི་ལྟར་བསྟན་པ་བཞིན་དུ་རྣལ་འབྱོར་སྤྱོད་པའི་སེམས་དང་། དེས་ཕྱིར་མི་ལྡོག་པའི་སེམས་དང་། སེམས་ཅན་ཐམས་ཅད་ལ་མཉམ་སྙོམས་པ་གཉེན་པོའི་སེམས་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། །མདོ་སྣ་ཚོགས་ནས་གསུངས་པའི་བྱང་ཆུབ་སེམས་དཔའི་མཚན་ཅི་རིགས་པ་ཚིགས་བཅད་དུ་བསྡེབས་པ་ནི། བྱང་ཆུབ་སེམས་


MR07_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་ནི། །འཇམ་དཔལ་སངས་རྒྱས་དཔལ་དང་ཆོས་དཔལ་དང་། །ནོར་དཔལ་རིན་ཆེན་དཔལ་དང་ཡེ་ཤེས་དཔལ། །མིག་དཔལ་བརྩོན་འགྲུས་དཔལ་དང་བཟང་པོའི་དཔལ། །མཆོག་རབ་དཔལ་དང་ཆོས་འཕགས་དཔལ་དང་ནི། །འོད་དཔལ་པདྨའི་དཔལ་དང་བསོད་ནམས་དཔལ། །རྡོ་རྗེ་དཔལ་དང་རྣམ་པར་སྣང་བའི་དཔལ། །ཟླ་དཔལ་ནམ་མཁའ་དཔལ་དང་ཏོག་གི་དཔལ། །དེ་བཞིན་གཤེགས་པའི་རིགས་སུ་བྱུང་བའི་དཔལ། །མངོན་པར་ཤེས་པའི་དཔལ་དང་མེ་ཏོག་དཔལ། །ཚངས་དཔལ་ཡོན་ཏན་དཔལ་དང་བྱང་ཆུབ་དཔལ། །ཀུན་ནས་སྣང་དཔལ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡོན་ཏན་ལྡན་པ་བློ་དང་ལྡན། །དགའ་ལྡན་ཁྲེལ་ལྡན་སྟོབས་ལྡན་བརྩོན་འགྲུས་ལྡན། །རིག་པ་དང་ལྡན་བློ་གྲོས་ལྡན་པ་དང་། །ཡེ་ཤེས་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། །ཀུན་ཏུ་བཟང་པོ་ཀུན་སྣང་ཀུན་ཏུ་མིག །ཀུན་ཏུ་བློ་དང་ཀུན་ཏུ་མི་སྐྱོ་བ། །ཀུན་ཏུ་འཕྲུལ་དང་ཀུན་ཏུ་འོད་དང་ནི། །ཀུན་ཏུ་དཔའ་བ་དང་ནི་ཀུན་ཏུ་མཐོང་། །ཀུན་ཏུ་ཤེས་རབ་དང་ནི་ཀུན་ཏུ་དཔལ། །ཀུན་ཏུ་མེ་ཏོག་རྣམས་ལ་ཕྱག་འཚལ་ལོ། །ལག་བཟང་ཡིད་བཟང་དཔལ་བཟང་དབང་པོ་བཟང་། །


MR07_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

མིག་བཟང་ནོར་བཟང་བློ་གྲོས་བཟང་པོ་དང་། །ཚུལ་བཟང་སེམས་བཟང་དེད་དཔོན་བཟང་པོ་དང་། །ཟླ་བ་བཟང་པོ་ཙནྡན་བཟང་པོ་དང་། །ཡིད་འོང་བཟང་པོ་བརྟུལ་ཞུགས་བཟང་པོ་དང་། །རིན་ཆེན་བཟང་པོ་རྣམས་ལ་ཕྱག་འཚལ་ལོ། །གཡུལ་ལས་རྒྱལ་བ་རྣམ་རྒྱལ་སྤོབས་པ་དང་། །རྣམ་རྒྱལ་ཕུང་པོ་དང་ནི་རྒྱལ་བས་བྱིན། །བདུད་ཀྱི་སྒྲིབ་པ་ཀུན་ལས་རྣམ་རྒྱལ་དང་། །རྣམ་རྒྱལ་གཙུག་ཏོར་རྣམས་ལ་ཕྱག་འཚལ་ལོ། །རིན་ཆེན་མཆོག་དང་མཆོག་ཏུ་གྱུར་པ་དང་། །རིག་པ་མཆོག་དང་ཟླ་བའི་མཆོག་དང་ནི། །བདེ་བའི་མཆོག་དང་འཛིན་མཆོག་ཀུན་གྱི་མཆོག །སེམས་ཅན་ཀུན་མཆོག་རྣམས་ལ་ཕྱག་འཚལ་ལོ། །བློ་གྲོས་ཆེན་པོ་མཐུ་ཆེན་ཐོབ་པ་དང་། །སྤྲོ་བ་ཆེན་པོ་རི་རབ་ཆེན་པོ་དང་། །སྤོབས་པ་ཆེན་པོ་སྤོས་ཀྱི་གླང་པོ་ཆེ། །བརྩོན་འགྲུས་ཆེན་པོ་སྒྲོན་མ་ཆེན་པོ་དང་། །དད་པ་ཆེན་པོ་དང་ནི་སྟོབས་པོ་ཆེ། །གཟི་བརྗིད་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །ཡེ་ཤེས་བླ་མའི་ཡེ་ཤེས་ཅན་དང་ནི། །རིན་ཆེན་བླ་མའི་ཡེ་ཤེས་ཅན་ཞེས་དང་། །ཐམས་ཅད་སྐད་ཤེས་པ་ཡི་ཡེ་ཤེས་ཅན། །ཐོགས་མེད་ཡེ་ཤེས་རྡོ་རྗེའི་ཡེ་ཤེས་ཅན། །རྡུལ་མེད་ཡེ་ཤེས་རྣམ་སྣང་ཡེ་


MR07_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཅན། །ཉི་མའི་བླ་མའི་ཡེ་ཤེས་ཅན་དང་ནི། །དེ་བཞིན་ཟླ་བའི་བླ་མའི་ཡེ་ཤེས་ཅན། །དྲི་མེད་བླ་མའི་ཡེ་ཤེས་ཅན་དང་ནི། །མེ་ཏོག་བླ་མའི་ཡེ་ཤེས་ཞེས་བྱ་དང་། །ཡེ་ཤེས་འོད་ཟེར་རྣམས་ལ་ཕྱག་འཚལ་ལོ། །ནམ་མཁའི་སྙིང་པོ་ས་ཡི་སྙིང་པོ་དང་། །ཉི་མའི་སྙིང་པོ་ཟླ་བའི་སྙིང་པོ་དང་། །རྡོ་རྗེ་སྙིང་པོ་རི་ཡི་སྙིང་པོ་དང་། །ལྷ་ཡི་སྙིང་པོ་ཡིད་འོང་དཔལ་སྙིང་པོ། །པདྨའི་སྙིང་པོ་ཨུཏྤལ་སྙིང་པོ་དང་། །བདེ་གཤེགས་སྙིང་པོ་ཡེ་ཤེས་སྙིང་པོ་དང་། །བསོད་ནམས་དཔལ་གྱི་སྙིང་པོ་དཔལ་ལྷའི་སྙིང་། །ཆོས་ཀྱི་ཕྱག་རྒྱའི་སྙིང་པོ་ཀུན་སྙིང་པོ། །ཏིང་འཛིན་སྙིང་པོ་སྤྲིན་ཆེན་སྙིང་པོ་དང་། །སྣང་བའི་སྙིང་པོ་རིན་ཆེན་སྙིང་པོ་དང་། །པདྨོ་དཔལ་སྙིང་དཔལ་གྱི་སྙིང་པོ་དང་། །གཙང་མའི་སྙིང་པོ་དྲི་མེད་སྙིང་པོ་དང་། །ཙནྡན་དཔལ་སྙིང་ཡོན་ཏན་དཔལ་སྙིང་པོ། །མེ་ཏོག་རྒྱས་པའི་དཔལ་གྱི་སྙིང་པོ་དང་། །སྒྲིབ་མེད་རྣམ་དག་ཡེ་ཤེས་དཔལ་སྙིང་པོ། །སྤོབས་པ་སྣ་ཚོགས་རྒྱན་ཆའི་སྙིང་པོ་དང་། །འོད་ཟེར་དྲ་བ་ཆེན་པོ་རབ་སྣང་སྙིང་། །དྲི་མེད་དཔལ་གཟི་བཟང་པོའི་སྙིང་པོ་དང་། །སྐར་མའི་རྒྱལ་པོ་འོད་རབ་སྣང་སྙིང་པོ། །མཁའ་མཛོད་ཡེ་ཤེས་སྒྲིབ་མེད་སྙིང་པོ་དང་། །ཡོན་ཏན་ཐམས་ཅད་


MR07_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་སྙིང་པོ་དང་། །རྣམ་པར་སྣང་བར་མཛད་པའི་སྙིང་པོ་དང་། །སེམས་ཅན་སྙིང་པོ་མཐུ་ཆེན་དཔལ་གྱི་སྙིང་། །དེ་བཞིན་གཤེགས་པའི་སྙིང་པོ་རྣམས་ཕྱག་འཚལ། །བློ་གྲོས་མི་ཟད་བློ་གྲོས་རྒྱ་མཚོ་དང་། །མཐའ་ཡས་བློ་གྲོས་ནོར་གྱི་བློ་གྲོས་དང་། །ཁྱད་པར་བློ་གྲོས་འཕེལ་བའི་བློ་གྲོས་དང་། །དོན་གྲུབ་བློ་གྲོས་སྨོན་ལམ་བློ་གྲོས་དང་། །ཞི་བའི་བློ་གྲོས་བློ་གྲོས་རྣམ་དག་དང་། །རྡོ་རྗེ་བློ་གྲོས་དམིགས་མེད་བློ་གྲོས་དང་། །བློ་གྲོས་རབ་བརྟན་ཆོས་ཀྱི་བློ་གྲོས་དང་། །ཐམས་ཅད་བློ་གྲོས་དཔལ་གྱི་བློ་གྲོས་དང་། །ཡོན་ཏན་བློ་གྲོས་བརྩོན་འགྲུས་བློ་གྲོས་དང་། །དགེ་བའི་བློ་གྲོས་ཡེ་ཤེས་བློ་གྲོས་དང་། །ལེགས་གནས་བློ་གྲོས་དཔེ་མེད་བློ་གྲོས་དང་། །བློ་གྲོས་རབ་གནས་ནམ་མཁའི་བློ་གྲོས་དང་། །སྤྱོད་པའི་བློ་གྲོས་བློ་གྲོས་རྒྱུན་མི་འཆད། །བདེན་པའི་བློ་གྲོས་མཆོག་གི་བློ་གྲོས་དང་། །དམ་པའི་བློ་གྲོས་དོན་དམིགས་བློ་གྲོས་དང་། །བློ་གྲོས་ཚད་མེད་རྣམས་ལ་ཕྱག་འཚལ་ལོ། །སྤོབས་པ་མི་ཟད་པ་དང་མཛོད་མི་ཟད། །བསོད་ནམས་མི་ཟད་ཡེ་ཤེས་མི་ཟད་པ། །ཆོས་དབྱིངས་མི་ཟད་དམ་པ་མཆོག་དང་ནི། །ཡོན་ཏན་མི་ཟད་རྣམས་ལ་ཕྱག་འཚལ་ལོ། །དྲི་མེད་གྲགས་


MR07_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྤྲིན་ཆེན་གྲགས་དགའ་དང་། །སྤྲིན་ཆེན་གྲགས་པ་མཐའ་མེད་སྟོན་དང་ནི། །གྲགས་བཟང་འཇིག་རྟེན་གྲགས་པ་ཀུན་ནས་གྲགས། །གྲགས་ཆེན་གྲགས་པ་མཐའ་ཡས་གྲགས་པའི་འགྲོ། གྲགས་པའི་དྲི་བྲལ་དང་ནི་གྲགས་པ་འདྲེན། །གྲགས་ལྡན་རྣམས་ལ་གུས་པས་ཕྱག་འཚལ་ལོ། །སེང་གེ་ཡེ་ཤེས་སེང་གེའི་རྩལ་གྱིས་འགྲོ། སེང་གེའི་འགྲོས་སུ་འགྲོ་དང་སེང་གེའི་བློ། །སེང་གེའི་ང་རོ་སེང་གེ་རྣམ་པར་བསྒྱིངས། །སེང་གེ་རྣམ་པར་རྩེ་བ་སེང་གེའི་སྒྲ། །སེང་གེ་བྱེད་དང་སེང་གེ་རྣམ་རོལ་དང། །སེང་གེ་སྒྲ་སྒྲོགས་རྣམས་ལ་ཕྱག་འཚལ་ལོ། །ཞི་བའི་སྒྲ་དང་ཆགས་པ་མེད་པའི་སྒྲ། །ས་ཡི་དབྱངས་སྒྲ་རྒྱ་མཚོའི་དབྱངས་སྒྲ་དང་། །སྤྲིན་གྱི་དབྱངས་སྒྲ་ཆོས་སྣང་བ་ཡི་སྒྲ། །དགེ་རྩ་ཐམས་ཅད་ངེས་པར་བསྒྲགས་པའི་སྒྲ། །སྔོན་གྱི་སྨོན་ལམ་ཡང་དག་བསྐུལ་བའི་སྒྲ། །བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་དབྱངས་སྒྲ། །སེང་གེའི་རྩལ་གྱིས་མངོན་པར་བསྒྲགས་པའི་སྒྲ། །ནམ་མཁའི་དབྱངས་སྒྲ་རྣམས་ལ་ཕྱག་འཚལ་ལོ། །ཚངས་དབྱངས་རྒྱ་མཚོའི་དབྱངས་དང་འཇམ་པའི་དབྱངས། །འཇིག་རྟེན་དཔའ་བོའི་དབྱངས་དང་རི་དབང་དབྱངས། །


MR07_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

རི་དབང་རྒྱལ་པོ་ཀུན་ཏུ་རྡོབ་པའི་དབྱངས། །ས་ངེས་སྒྲོགས་པའི་དབྱངས་དང་དབྱངས་ཟབ་དང་། །ཆོས་དབྱིངས་རྒྱས་པར་འགེངས་པའི་དབྱངས་དང་ནི། །ཆོས་ཀྱི་རྒྱ་མཚོ་ཐམས་ཅད་བསྒྲགས་པའི་དབྱངས། །བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རབ་འཇོམས་དབྱངས། །བརྩེ་ཆེན་ཚུལ་གྱིས་འབྲུག་སྒྲ་ངེས་བསྒྲགས་དབྱངས། །འགྲོ་ཀུན་སྡུག་བསྔལ་རབ་ཞིའི་སྒྲ་དབྱངས་དང་། །སང་སང་པོ་ཡི་དབྱངས་དང་སྒྲ་དབྱངས་བསྒྲགས། །སེང་གེ་ལྟ་བུར་རྣམ་གནོན་མངོན་བསྒྲགས་དབྱངས། །ཆོས་ཀྱི་རྔ་སྒྲའི་དབྱངས་ལ་ཕྱག་འཚལ་ལོ། །སེམས་མཆོག་བསྐྱེད་མ་ཐག་ཏུ་ཆོས་འཁོར་བསྐོར། །སྒྲིབ་པ་མེད་པར་ཆོས་ཀྱི་འཁོར་ལོ་བསྐོར། །ཐོགས་པ་མེད་པར་ཆོས་ཀྱི་འཁོར་ལོ་བསྐོར། །རྟག་ཏུ་ཆོས་འཁོར་བསྐོར་ལ་ཕྱག་འཚལ་ལོ། །དྲྭ་བ་ཅན་འོད་གཞོན་ནུར་གྱུར་པ་དང་། །ལྷུན་པོའི་རྩེ་འཛིན་གཞོན་ནུར་གྱུར་པ་དང་། །ཆུ་ལྷའི་བློ་གྲོས་གཞོན་ནུར་གྱུར་པ་དང་། །བཟང་པོའི་བློ་གྲོས་གཞོན་ནུར་གྱུར་པ་དང་། །རྒྱལ་བའི་བློ་གྲོས་གཞོན་ནུར་གྱུར་པ་དང་། །འོད་ཀྱི་བློ་གྲོས་གཞོན་ནུར་གྱུར་པ་དང་། །ནམ་མཁའི་བློ་གྲོས་གཞོན་ནུར་གྱུར་པ་དང་། །གློག་གི་བློ་གྲོས་་


MR07_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུར་གྱུར་པ་དང་། །ཐུབ་པར་དཀའ་བ་གཞོན་ནུར་གྱུར་པ་དང་། །ཆུ་ལྷ་གཞོན་ནུ་དྲི་མེད་གཞོན་ནུ་དང་། །ཤིན་ཏུ་རྣམ་ཕྱེ་བློ་གྲོས་གཞོན་ནུ་དང་། །ཟླ་འོད་གཞོན་ནུར་གྱུར་པ་ཞེས་བྱ་དང་། །གཞོན་ནུར་གནས་དང་གཞོན་ནུ་བཟང་པོ་དང་། །རྟག་པར་གཞོན་ནུ་རྣམས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ནོར་བུ་སྣང་བའི་ཅོད་པན་དང་། །བྱང་ཆུབ་སྙིང་པོའི་ནོར་བུའི་ཅོད་པན་དང་། །སངས་རྒྱས་ཀུན་འབྱུང་སྙིང་པོའི་ཅོད་པན་དང་། །ཀུན་ནས་རྣམ་པར་སྣང་བའི་ཅོད་པན་དང་། །རྒྱལ་ཀུན་སེང་གེའི་གདན་གཡོགས་ཅོད་པན་དང་། །མཁའ་ལྟར་ཆོས་དབྱིངས་ཀུན་སྣང་ཅོད་པན་དང་། །ལྷ་ཡི་ཅོད་པན་ཟིལ་མི་གནོན་ཅོད་པན། །འཇིག་རྟེན་ཀུན་འཕགས་ཅོད་པན་རྣམས་ཕྱག་འཚལ། །ཚངས་དབང་གཙུག་ཕུད་ཀླུ་དབང་གཙུག་ཕུད་དང་། །སངས་རྒྱས་ཀུན་གྱི་སྤྲུལ་སྣང་གཙུག་ཕུད་དང་། །བྱང་ཆུབ་སྙིང་པོའི་གཙུག་ཕུད་ཅེས་བྱ་དང་། །དུས་གསུམ་ཀུན་གྱི་འཁོར་ལོའི་དབྱངས་གཙུག་ཕུད། །སྨོན་ལམ་ཀུན་གྱི་རྒྱ་མཚོའི་དབྱངས་ཀྱི་ནི། །ནོར་བུའི་རྒྱལ་པོའི་གཙུག་ཕུད་ཅེས་བྱ་དང་། །བདེ་གཤེགས་ཀུན་གྱི་འོད་ཀྱི་དཀྱིལ་འཁོར་གྱིས། །འགྲོལ་བའི་ནོར་བུ་རིན་ཆེན་བསྒྲགས་གཙུག་ཕུད། །མཁའ་དཀྱིལ་ཐམས་ཅད་


MR07_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་རྣམ་རིག་པའི། །ནོར་བུ་རིན་ཆེན་བརྒྱན་པའི་གཙུག་ཕུད་དང་། །པདྨོ་རྣམ་གནོན་འོད་ཟེར་གཙུག་ཕུད་དང་། །པདྨོ་སྣ་ཚོགས་གཙུག་ཕུད་རྣམས་ཕྱག་འཚལ། །ལེགས་པར་སྐྱེས་དང་ལེགས་པར་འགྲོ་བ་དང་། །ལེགས་པར་ཕྱིན་དང་ལེགས་པར་མཆོད་པ་དང་། །ལེགས་གཟིགས་དབང་ཕྱུག་དང་ནི་ལེགས་པ་བརྩེགས། །ལེགས་པའི་བློ་གྲོས་རྣམས་ལ་ཕྱག་འཚལ་ལོ། །ལག་ན་རྡོ་རྗེ་ལག་ན་པདྨ་དང་། །ལག་ན་རིན་ཆེན་ལག་ན་སྒྲོན་མེ་དང་། །ལག་ན་ནོར་བུ་ལག་ན་མེ་ཏོག་དང་། །ལག་ན་རིན་ཆེན་ཕྱག་རྒྱ་ལག་བཏེགས་དང་། །ལག་བརྐྱང་པ་དང་ཕྱག་མཉམ་ནམ་མཁའི་ཕྱག །ས་ཡི་ཕྱག་དང་མཐའ་ཡས་ཕྱག་དང་ནི། །ཀུན་ནས་ཕྱག་དང་དྲི་ལྡན་ཕྱག་དང་ནི། །སྣང་བའི་ཕྱག་དེ་རྣམས་ལ་ཕྱག་འཚལ་ལོ། །རིན་ཆེན་སེམས་དང་རིན་ཆེན་འཕགས་པ་དང་། །རིན་ཆེན་བཀྲ་ལྡན་རིན་ཆེན་ཟེ་བ་ཅན། །རིན་ཆེན་ཟླ་བ་རིན་ཆེན་མེ་ཏོག་དང་། །རིན་ཆེན་འཛིན་དང་གཙུག་ན་རིན་པོ་ཆེ། །རིན་ཆེན་དམ་པ་རིན་ཆེན་ཡོན་ཏན་དང་། །རིན་ཆེན་བཀོད་པ་རྣམས་ལ་ཕྱག་འཚལ་ལོ། །ཡིད་བཞིན་རིན་ཆེན་འོད་འཕྲོ་ཞེས་བྱ་དང་། །ཡིད་བཞིན་དང་ནི་ཡིད་བཞིན་ནོར་བུ་འཆང་། །ཡིད་བཞིན་


MR07_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་འཕྲུལ་པ་སྣ་ཚོགས་པ། །ཡིད་བཞིན་རེ་སྐོང་རྣམས་ལ་ཕྱག་འཚལ་ལོ། །ནོར་བུ་དང་ནི་ནོར་བུ་བཟང་པོ་དང་། །ནོར་བུ་རིན་ཆེན་གདུགས་ཞེས་བྱ་བ་དང་། །གཙུག་ན་ནོར་བུ་ནོར་བུའི་འོད་དང་ནི། །ནོར་བུ་འཛིན་པ་རྣམས་ལ་ཕྱག་འཚལ་ལོ། །འགྲོ་བ་འཛིན་དང་ས་འཛིན་ཤུགས་ཆེན་འཛིན། །གཟུགས་འཛིན་ལམ་འཛིན་ཡེ་ཤེས་སྒྲོན་མ་འཛིན། །འཇིག་རྟེན་འཛིན་དང་བདུད་རྩི་འཛིན་སྟོབས་འཛིན། །སྤྲིན་ཆེན་ཆོས་འཛིན་རྣམས་ལ་ཕྱག་འཚལ་ལོ། །པདྨ་བཀོད་པ་དང་ནི་པདྨའི་མིག །པདྨོ་དམ་པ་མེ་ཏོག་པདྨའི་འོད། །པདྨ་དང་ནི་པདྨ་ལ་གནས་པ། །པདྨ་དཔལ་འབྱུང་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་དབང་ཕྱུག་དངོས་མེད་དབང་ཕྱུག་དང་། །རྣམ་འཇིག་དབང་ཕྱུག་སྒྲ་སྒྲོགས་དབང་ཕྱུག་དང་། །རྔ་ཆེན་དབང་ཕྱུག་སྣ་ཚོགས་སྒྲའི་དབང་ཕྱུག །རྣམ་གཟིགས་དབང་ཕྱུག་རྣམས་ལ་ཕྱག་འཚལ་ལོ། །ཡོན་ཏན་གཙོ་བོ་ཡོན་ཏན་རིན་ཆེན་འོད། །ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་བློ་གྲོས། །ཡོན་ཏན་རིན་ཆེན་བཀོད་པ་རྒྱ་མཚོའི་བློ། །ཡོན་ཏན་ཟླ་བ་རྣམས་ལ་ཕྱག་འཚལ་ལོ། །དཀོན་མཆོག་འབྱུང་གནས་རིན་ཆེན་འབྱུང་གནས་དང་། །ཡེ་ཤེས་འབྱུང་གནས་ཆོས་ཀྱི་འབྱུང་གནས་དང་། །ཡོན་ཏན་འབྱུང་གནས་དཔལ་གྱི་འབྱུང་གནས་དང་། །བདེ་བའི་འབྱུང་


MR07_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམས་ལ་ཕྱག་འཚལ་ལོ། །ནམ་མཁའ་མཛོད་དང་གསེར་གྱི་མཛོད་དང་ནི། །ཡོན་ཏན་མི་ཟད་མཛོད་དང་གཟི་བརྗིད་མཛོད། །བསོད་ནམས་མི་ཟད་མཛོད་དང་ཡེ་ཤེས་མཛོད། །ཆོས་ཀྱི་མཛོད་འཆང་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་མངོན་ཤེས་རྡོ་རྗེའི་སྡེ་དང་ནི། །རྡོ་རྗེ་བྱེད་པ་རྡོ་རྗེ་མཐར་བྱེད་དང་། །རྡོ་རྗེ་དཔུང་བ་རྡོ་རྗེ་བ་དན་དང་། །རྡོ་རྗེ་རྩེ་མོ་རྡོ་རྗེ་བརྩེ་བ་དང་། །རྡོ་རྗེ་མཁྲེགས་པ་རྡོ་རྗེ་ལྟེ་བ་དང་། །རྡོ་རྗེ་མཚོན་ཆ་རྣམས་ལ་ཕྱག་འཚལ་ལོ། །སྣང་བའི་རྒྱལ་མཚན་ལྷུན་པོའི་རྒྱལ་མཚན་དང་། །རིན་ཆེན་རྒྱལ་མཚན་མ་ཆགས་རྒྱལ་མཚན་དང་། །མེ་ཏོག་རྒྱལ་མཚན་དྲི་མེད་རྒྱལ་མཚན་དང་། །ཉི་མའི་རྒྱལ་མཚན་མཛེས་པའི་རྒྱལ་མཚན་དང་། །རྡུལ་མེད་རྒྱལ་མཚན་རྣམ་སྣང་རྒྱལ་མཚན་དང་། །སྐར་མའི་རྒྱལ་མཚན་རྡོ་རྗེ་རྒྱལ་མཚན་དང་། །ཡེ་ཤེས་རྒྱལ་མཚན་དམ་པའི་རྒྱལ་མཚན་དང་། །དཔའ་བའི་རྒྱལ་མཚན་ཆོས་ཀྱི་རྒྱལ་མཚན་དང་། །དཔལ་གྱི་རྒྱལ་མཚན་མར་མེའི་རྒྱལ་མཚན་དང་། །འོད་བཟང་རྒྱལ་མཚན་རྣམས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཏོག་དང་བསོད་ནམས་ཏོག་དང་ནི། །ཆོས་ཀྱི་ཏོག་དག་འོད་ཏོག་མངོན་ཤེས་ཏོག །སེང་གེའི་ཏོག་དང་བློའི་ཚངས་པའི་ཏོག །མེ་ཏོག་ཏོག་དང་ནོར་བུའི་ཏོག་དང་ནི། །དྲི་མེད་


MR07_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་དང་ཉི་མའི་ཏོག་དང་ནི། །ཟླ་བའི་ཏོག་དང་རིན་པོ་ཆེའི་ཏོག །མཛེས་པའི་ཏོག་དང་རི་བོང་ཅན་གྱི་ཏོག །ཀུན་ནས་སྣང་བའི་ཏོག་ལ་ཕྱག་འཚལ་ལོ། །ཆོས་འཕགས་ཁྱད་པར་འཕགས་དང་ཡེ་ཤེས་འཕགས། །བསོད་ནམས་རི་རབ་འཕགས་དང་གྲགས་པ་འཕགས། །ཡོན་ཏན་མཆོག་རབ་འཕགས་དང་ཀུན་སྣང་འཕགས། །བྱམས་ཆེན་འཕགས་དང་ཡེ་ཤེས་སྣང་བ་འཕགས། །དེ་བཞིན་གཤེགས་པའི་གདུང་རིགས་འཕགས་པ་དང་། །སྨན་ནི་ཡང་དག་འཕགས་དང་ཆོས་མངོན་འཕགས། །སྨོན་ལམ་འཕགས་དང་ཁམས་གསུམ་འཕགས་པ་དང་། །ཐམས་ཅད་དུ་འཕགས་རྣམས་ལ་ཕྱག་འཚལ་ལོ། །བློ་གྲོས་རྣམ་གནོན་ཕུང་པོ་རྣམ་པར་གནོན། །སྐྱེ་མཆེད་རྣམ་གནོན་ཁམས་རྣམས་རྣམ་པར་གནོན། །ཆོས་ཀུན་རྣམ་གནོན་རྡོ་རྗེས་རྣམ་པར་གནོན། །མཐའ་ཡས་རྣམ་གནོན་དཔག་མེད་རྣམ་པར་གནོན། །མི་གཡོ་གནས་ཀྱིས་རྣམ་པར་གནོན་པ་དང་། །སྣང་བ་ཐོབ་པས་རྣམ་པར་གནོན་པ་དང་། །རྣམ་གནོན་ཆེན་པོ་རྣམ་གནོན་དཔག་མེད་དང་། །རབ་རྩལ་རྣམ་གནོན་རྣམས་ལ་ཕྱག་འཚལ་ལོ། །ཡེ་ཤེས་རྡོ་རྗེའི་གཟི་བརྗིད་བློ་ཆེན་གཟི། །རིན་ཆེན་གཟི་བརྗིད་ཉི་མའི་གཟི་བརྗིད་དང་། །


MR07_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བའི་གཟི་བརྗིད་ས་ཡི་གཟི་བརྗིད་དང་། །ཀུན་དཔལ་གཟི་བརྗིད་བསོད་ནམས་རིའི་གཟི་བརྗིད། །ཡེ་ཤེས་སྣང་བའི་གཟི་བརྗིད་གཟི་བརྗིད་སྟོབས། །གཟི་བརྗིད་ཕུང་པོ་དྲི་མེད་གཟི་བརྗིད་དང་། །དགེ་བ་དྲི་མེད་ཡིད་འོང་གཟི་བརྗིད་དང་། །ཀུན་འཕགས་གཟི་བརྗིད་རྣམས་ལ་ཕྱག་འཚལ་ལོ། །གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་སྨན་གྱི་རྒྱལ། །ཚོགས་ཅན་རབ་མཆོག་རྒྱལ་པོ་རི་འཇོམས་རྒྱལ། །སྤོབས་པའི་རྒྱལ་པོ་སྤོབས་པའི་རྒྱན་བཀོད་རྒྱལ། །སཱ་ལའི་དབང་རྒྱལ་ཆོས་ཀྱི་དབང་པོའི་རྒྱལ། །གླང་ཆེན་དབང་པོའི་རྒྱལ་དང་ཚངས་དབང་རྒྱལ། །བཀོད་པའི་རྒྱལ་པོ་མངོན་ཤེས་རྒྱལ་པོ་དང་། །དཔལ་བརྩེགས་རྒྱལ་པོ་གསེར་གྱི་རིའི་རྒྱལ་པོ། །རི་དབང་རྒྱལ་པོ་ཚོགས་ཀྱི་དབང་པོའི་རྒྱལ། །ལྷ་དབང་རྒྱལ་པོ་ཞི་དབང་རྒྱལ་པོ་དང་། །ཁྱུ་མཆོག་དབང་རྒྱལ་མཆོག་གི་དབང་པོའི་རྒྱལ། །མི་གཡོ་དབང་རྒྱལ་འབྲུག་སྒྲའི་རྒྱལ་པོ་དང་། །ཆོས་ཀྱི་རྒྱལ་པོ་དུས་ཀྱི་རྒྱལ་པོ་དང་། །མཆོག་ཏུ་དགའ་བའི་རྒྱལ་པོ་རྣམ་འཕྲུལ་རྒྱལ། །མཚན་གྱིས་བརྒྱན་པ་སྐར་མའི་རྒྱལ་པོ་དང་། །བརྩོན་ཤུགས་ཐུབ་པར་དཀའ་བའི་རྒྱལ་པོ་དང་། །འགྲོ་དབང་རྒྱལ་པོ་རྣམས་ལ་ཕྱག་འཚལ་ལོ། །འོད་ཟེར་


MR07_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་མེད་དང་ནི་འོད་མཐའ་ཡས། །འོད་ཆེན་དྲི་མེད་འོད་དང་རིན་ཆེན་འོད། །རྡུལ་མེད་འོད་དང་སྐར་འོད་ཆོས་ཀྱི་འོད། །ཞི་འོད་ཉི་འོད་རྣམ་པར་སྤྲུལ་པའི་འོད། །ལྷ་འོད་གསེར་འོད་ཟླ་འོད་རྡོ་རྗེའི་འོད། །དྲ་བ་ཅན་འོད་རིན་ཆེན་ཟླ་བའི་འོད། །གློག་གི་འོད་དང་འོད་ཀྱི་ཕྲེང་བ་དང་། །བསོད་ནམས་འོད་ཟེར་དང་ནི་གཞོན་ནུ་འོད། །ཉི་ཟླའི་འོད་ཟེར་མོག་པོར་བྱེད་པའི་འོད། །སྤོས་ཀྱི་འོད་ཟེར་རབ་ཏུ་འགྱེད་པ་དང་། །དཔལ་གྱི་འོད་ཟེར་ཀུན་ཏུ་འོད་འཕྲོ་དང་། །འོད་ཟེར་ཀུན་འབྱུང་རྣམས་ལ་ཕྱག་འཚལ་ལོ། །ཤེས་རབ་བརྩེགས་པ་སྤོབས་པ་བརྩེགས་པ་དང་། །ལྷུན་པོ་བརྩེགས་དང་ནོར་བུ་བརྩེགས་པ་དང་། །དཔལ་བརྩེགས་ཆགས་མེད་མི་འཇིགས་བརྩེགས་པ་དང་། །རིན་ཆེན་བརྩེགས་པ་རྣམས་ལ་ཕྱག་འཚལ་ལོ། །བརྩོན་འགྲུས་འབར་དང་གཟི་བརྗིད་འོད་འབར་དང་། །འོད་འཕྲོ་དཔལ་མངོན་འབར་དང་ལག་འོད་འབར། །ཤིན་ཏུ་སྦྱངས་པའི་འོད་ཀྱི་གཟི་བརྗིད་འབར། །རྒྱ་ཆེན་འོད་འབར་རྣམས་ལ་ཕྱག་འཚལ་ལོ། །གཟུགས་མཛེས་བཀོད་པ་དང་ནི་སྤྱན་མཛེས་དང་། །མཛེས་པའི་འགྲོས་དང་སྐུ་མཛེས་སྐྲ་མཛེས་དང་། །དུས་ཀྱི་མེ་ཏོག་རྣམ་པར་འཛེས་པའི་འོད། །བལྟ་ན་


MR07_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་མིག་དང་ཀུན་ཏུ་ལྟ་བའི་མིག །ནམ་མཁའི་མིག་དང་ཉི་མའི་མིག་དང་ནི། །ཀུན་ནས་མིག་དང་དྲི་མ་མེད་པའི་མིག །རྣམ་པར་དག་པའི་མིག་དང་མ་ཆགས་མིག །རྣམ་པར་ལྟ་བའི་མིག་དང་རིན་ཆེན་མིག །ཡེ་ཤེས་ཤིན་ཏུ་རྣོ་བའི་མིག་དང་ནི། །མིག་འཕྲུལ་ཅན་ཞེས་བྱ་དང་ཆོས་ཀྱི་མིག །རྣམ་པར་སངས་པའི་མིག་ཅེས་བྱ་བ་དང་། །སྤྱན་རས་གཟིགས་དང་སྤྱན་ནི་རྣམ་པར་དག །སྤྱན་བཟང་འོད་ཟེར་རྣམས་ལ་ཕྱག་འཚལ་ལོ། །ཤིན་ཏུ་མཐོ་གསལ་དང་ནི་བློ་གསལ་དང་། །ཉི་འོད་གསལ་དང་འོད་རྒྱང་གསལ་བ་དང་། །ཀུན་ནས་གསལ་བ་དང་ནི་གསལ་བ་ཆེ། །གཟི་བརྗིད་འོད་གསལ་རྣམས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་བྱེད་བཀོད་པའི་རྒྱལ་པོ་སྣང་། །ཡོན་ཏན་རྒྱལ་པོ་སྣང་དང་རབ་ཏུ་སྣང་། །ཉི་ལྟར་སྣང་བྱེད་ཟླ་ལྟར་སྣང་བྱེད་དང་། །ཉི་མ་རབ་སྣང་དང་ནི་སྣང་འཛིན་དང་། །ཟླ་བ་ཀུན་སྣང་རྣམས་ལ་ཕྱག་འཚལ་ལོ། །མཐོང་བ་དོན་ཡོད་གོམ་པ་འདོར་དོན་ཡོད། །རྣམ་གནོན་དོན་ཡོད་དོན་ཡོད་ཞགས་པ་དང་། །ཀུན་ཏུ་དོན་ཡོད་པ་དང་དོན་ཡོད་སྟོབས། །དོན་ཡོད་གྲགས་པ་རྣམས་ལ་ཕྱག་འཚལ་ལོ། །མི་གཡོ་མི་འཇིགས་


MR07_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་མཛད་རྣམ་མི་རྟོག །ཐམས་ཅད་མི་ལེན་མི་འདོར་བསམ་མི་ཁྱབ། །རྣམ་ཐར་བསམ་མི་ཁྱབ་ལ་ཡང་དག་ཞུགས། །ཕྱིར་མི་ལྡོག་པ་རྣམས་ལ་ཕྱག་འཚལ་ལོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། །འཇིགས་པ་ཀུན་སེལ་དང་ནི་ངན་སོང་སེལ། །མུན་པ་ཐམས་ཅད་རྣམ་པར་སེལ་བ་དང་། །ཉོན་མོངས་ནད་སེལ་རྣམས་ལ་ཕྱག་འཚལ་ལོ། །དཔེ་མེད་ཉོན་མོངས་མེད་དང་རྩོམ་པ་མེད། །ཐོགས་མེད་བརྗོད་མེད་གནས་མེད་དམིགས་མེད་དང་། །བག་ཚ་མེད་པར་གནས་དང་འོད་ཐོགས་མེད། །བླ་མེད་མཉམ་མེད་རྣམས་ལ་ཕྱག་འཚལ་ལོ། །གཟུངས་ཀྱི་སྙིང་པོ་གཟུངས་ཀྱི་རྒྱལ་པོ་དང་། །གཟུངས་ཀྱི་བློ་གྲོས་མཐའ་ཡས་གཟུངས་དང་ནི། །སྣ་ཚོགས་གཟུངས་ཀྱི་སྒོ་དང་ལྡན་པ་ཡི། །གཟུངས་ཀྱི་མངའ་བདག་རྣམས་ལ་ཕྱག་འཚལ་ལོ། །མྱུར་སྤོབས་སྤོབས་པ་ཐོགས་མེད་སྤོབས་པ་བཞད། །སྤོབས་པ་རྣོན་པོ་སྤོབས་པ་ཟབ་མོ་དང་། །སྤོབས་པ་མཐའ་ཡས་སྤོབས་པ་དཔག་མེད་དང་། །སྤོབས་པ་དཔའ་བོ་རྣམས་ལ་ཕྱག་འཚལ་ལོ། །ཆགས་མེད་བློ་དང་ཡེ་ཤེས་ལྷུན་པོའི་བློ། །དྲི་མེད་བློ་དང་ཡངས་བློ་ཀུན་སྣང་བློ། །སད་པའི་བློ་དང་དུས་གསུམ་སྣང་བའི་བློ། །བླ་མའི་བློ་


MR07_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆོས་དབྱིངས་ཚུལ་སྣང་བློ། །སྨོན་ལམ་ཁྱད་པར་བློ་དང་རིན་ཆེན་བློ། །རྣམ་སངས་རྒྱས་བློ་རྣམས་ལ་ཕྱག་འཚལ་ལོ། །གྲུབ་པ་དང་ནི་དོན་ཀུན་གྲུབ་པ་དང་། །འགྲོ་བ་གྲུབ་དང་གྲུབ་པ་བཟང་པོ་དང་། །གྲུབ་པའི་བློ་གྲོས་སྨོན་ལམ་གྲུབ་པ་དང་། །ཡང་དག་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །སྨོན་ལམ་སྤྱོད་པ་ཕུན་སུམ་ཚོགས་པ་དང་། །ཕུན་སུམ་ཚོགས་དང་ཕུན་ཚོགས་བློ་གྲོས་དང་། །ཡེ་ཤེས་ཕུན་སུམ་ཚོགས་པའི་སྙིང་པོ་དང་། །ཕུན་ཚོགས་འབྱུང་གནས་རྣམས་ལ་ཕྱག་འཚལ་ལོ། །ཤིན་ཏུ་བདེ་བར་གནས་དང་བདེ་བྱེད་དང་། །བདེ་བའི་མུ་ཁྱུད་བདེ་བ་སྦྱིན་པ་དང་། །ཀུན་ཏུ་བདེ་དང་བདེ་བ་འབའ་ཞིག་སེམས། །དགའ་བདེ་ཀུན་འབྱུང་རྣམས་ལ་ཕྱག་འཚལ་ལོ། །མཉམ་ཉིད་གནས་དང་མཐའ་ཡས་དམིགས་པར་གནས། །ལྷའི་མེ་ཏོག་གནས་དང་དེ་ན་གནས། །ཇི་སྐད་སྨྲས་པ་དེ་བཞིན་བྱེད་ལ་གནས། །རྟག་ཏུ་བརྩོན་པས་ཆོས་ལ་གནས་པ་དང་། །ཐམས་ཅད་ཆོས་ལ་བག་ཚ་མེད་པར་གནས། །མཉམ་པར་གནས་པ་རྣམས་ལ་ཕྱག་འཚལ་ལོ། །བཀོད་པ་མཐའ་ཡས་ཤིན་ཏུ་འོད་བཀོད་དང་། །གསེར་འོད་ཆེ་བཀོད་ཆོས་བཀོད་བཀོད་པའི་རྒྱལ། །དབྱངས་བཀོད་དམ་པའི་མཚན་བཀོད་རྒྱལ་པོའི་བློ། །བཀོད་ཆེན་བློ་གྲོས་


MR07_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཕྱག་འཚལ་ལོ། །ཚངས་པ་ཁྱད་པར་སེམས་དང་དོན་རབ་སེམས། །བསམ་པ་ལེགས་སེམས་སེམས་པའི་བློ་གྲོས་དང་། །སེམས་མཉམ་སེམས་དཔའ་བ་དང་སེམས་མཁའ་འདྲ། །ཡོངས་སུ་མི་སྐྱོ་སེམས་ལ་ཕྱག་འཚལ་ལོ། །དགའ་བྱེད་མཐོང་ན་དགའ་དང་ཀླུ་དགའ་དང་། །རྟག་ཏུ་རབ་དགའ་དང་ནི་དགའ་སྲེད་དང་། །དགའ་བས་བྱིན་དང་དགའ་མགུ་རངས་བ་དང་། །རྟག་ཏུ་དགོད་ཅིང་རབ་དགའི་དབང་པོ་དང་། །དགའ་བའི་སྟོབས་དང་འཕགས་པར་དགའ་བ་དང་། །དགའ་དང་སྤྱོད་ལམ་སྟོན་ལ་ཕྱག་འཚལ་ལོ། །གདུང་བ་ཐམས་ཅད་རབ་ཏུ་ཞི་ལྡན་དང་། །མྱ་ངན་མུན་པ་ཐམས་ཅད་འཇོམས་པ་དང་། །ཀུན་ནས་སྡང་བ་ཐམས་ཅད་སེལ་བ་དང་། །ཐམས་ཅད་ཆོས་ཀྱིས་ཚིམ་བྱེད་རྣམས་ཕྱག་འཚལ། །ཐམས་ཅད་ཆོས་ལ་དབང་བསྒྱུར་ཆོས་ཀྱི་ཆར། །ཆོས་ཀྱི་ཉི་མ་དང་ནི་ཆོས་འབྱུང་དང་། །ཆོས་ཀྱི་སྒྲོན་མ་དང་ནི་ཆོས་ཀྱི་སྤྲིན། །ཆོས་ཀྱི་དབང་ཕྱུག་རྣམས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་སྨོན་ལམ་གཞི་རབ་རྟོགས་པ་དང་། །རྟོགས་པ་དང་ནི་རྟོགས་པ་དྲི་མ་མེད། །རྟོགས་པའི་དཔལ་དང་ཡང་དག་རྟོགས་པ་དང་། །ཆོས་ཀུན་རྟོགས་པ་རྣམས་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དང་ནི་


MR07_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་ཆེན་བཀྲ་ཤིས་དང་། །བཀྲ་ཤིས་བྱེད་དང་བཀྲ་ཤིས་གྲུབ་པ་དང་། །དགའ་བྱེད་བཀྲ་ཤིས་ཐམས་ཅད་འཛིན་པ་དང་། །བཀྲ་ཤིས་འབྱུང་བ་རྣམས་ལ་ཕྱག་འཚལ་ལོ། །དགེ་གནས་བློ་གྲོས་དགེ་བའི་ཚོགས་དང་ནི། །དགེ་རྩ་རྒྱ་མཚོ་ཡང་དག་འཕེལ་བ་དང་། །དགེ་བ་རྒྱས་པའི་འོད་དང་སྣ་ཚོགས་དགེ། དགེ་ལེགས་ཀུན་འབྱུང་རྣམས་ལ་ཕྱག་འཚལ་ལོ། །དེ་དག་ནི་མཚན་གྱི་ཆ་མཐུན་པ་རྣམས་སྡེ་ཚན་དུ་བསྡེབས་པའོ། །སྡེ་ཚན་དུ་མ་ངེས་པ་ཅི་རིགས་བསྡེབས་པ་ནི། །རྒྱལ་ཚབ་བྱམས་པ་བཟང་སྐྱོང་ངན་སོང་སྤོང་། །ཕུག་སྦས་མེས་བྱིན་ཚངས་བྱིན་ལྟ་ན་སྡུག །སྨན་ནི་ཡང་དག་བྱུང་དང་སྨན་སྦྱིན་དང་། །སྨན་གྱི་སྡེ་དང་དཔའ་བོའི་སྡེ་དང་ནི། །དཔལ་སྦས་དཔལ་འབྱུང་མངོན་པར་འབྱུང་དཀའ་དང་། །བདུད་ཆེན་ཕམ་བྱེད་དང་ནི་ལྟད་མོ་ཅན། །ཚོགས་ཆེན་དེས་པ་དེད་དཔོན་སེམས་ཅན་འགྲོལ། །བདེན་སྨྲ་ཡིད་གཉིས་རྣམ་འཇོམས་སྐྱབས་གྲོལ་དང་། །མྱ་ངན་མུན་པ་ཀུན་འཇོམས་སྲེད་མེད་བུ། །ཆུས་བྱིན་དབང་པོས་བྱིན་དང་སའི་སྤྱན་མཆོག །དབུགས་འབྱིན་ཕྱག་དང་གསང་སྤེན་ཡེ་ཤེས་མཐོང་། །གྲོལ་ཐར་རྣམ་གྲོལ་ཟླ་བ་སྨོན་ལམ་རྫོགས། །ཡིད་གཉིས་ཡང་དག་འཇོམས་དང་གོ་ཆ་དང་། །བུད་མེད་


MR07_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྒྱུར་རྡུལ་བྲལ་འཁོར་གསུམ་དང་། །སྤོས་ཀྱི་གླང་པོའི་བལ་གླང་དོན་ཀུན་མཐོང་། །ཞི་བའི་དབང་པོ་ཟབ་མོ་སྤྱོད་པ་དང་། །ལྷ་ཡི་ཕུང་པོ་དྲི་མེད་དྲི་མེད་བཟང་། །སེམས་ཀྱི་རྒྱལ་པོ་མནྡ་ར་བའི་དྲི། །ལྟེ་བའི་སྙིང་པོ་རྟག་ཏུ་ངུ་བ་དང་། །དམིགས་པ་མེད་པའི་བསམ་གཏན་མུན་པ་བྲལ། །བདུད་ཀྱི་སྤྱོད་པའི་ཡུལ་གྱིས་མི་གོས་པ། །གཟི་བརྗིད་གཞན་གྱིས་མི་འཕམ་པ་དང་ནི། །མངོན་ཤེས་མེ་ཏོག་ཀུན་ཏུ་རྒྱས་པ་དང་། །མཚན་གྱི་ཀུན་ཏུ་བརྒྱན་པ་ཞེས་བྱ་དང་། །སྙིང་རྗེ་ཅན་དང་རྟག་ཏུ་སྙིང་བརྩེ་དང་། །ལྷག་བསམ་ཕན་བྱེད་དད་པ་རྣམ་དག་དང་། །དད་པ་དྲི་མེད་བརྩོན་འགྲུས་སྤྲོ་བ་བརྟན། །བརྩོན་མོས་མཁས་བརྩོན་རྟག་ཏུ་བརྩོན་པ་དང་། །དྲན་པའི་རྒྱན་དང་དྲན་པ་མི་ཉམས་པ། །རྟག་ཏུ་ཏིང་འཛིན་ཤེས་རབ་སྤྲོ་བ་དང་། །བྱང་ཆུབ་ཡན་ལག་མངོན་ཤེས་མ་ཉམས་པ། །རབ་ཏུ་ཞི་བར་གནས་དང་དོན་གྱི་བློ། །དོན་རྣམས་དམིགས་བློ་དོན་ངེས་བརྟགས་ཏེ་སྨྲ། །སོ་སོ་ཡང་དག་རིག་པ་ལ་སྤོབས་པ། །དད་ལྡན་དང་མཆོག་བསོད་ནམས་ཀྱིས་བརྒྱན་པ། །ཡེ་ཤེས་ཚོགས་དང་རབ་ཏུ་སྦྱིན་པ་དང་། །ཚུལ་ཁྲིམས་རྣམ་དག་བཟོད་པར་སྨྲ་བ་དང་། །བརྩོན་འགྲུས་བླ་མེད་བསམ་གཏན་དབང་པོ་དང་། །


MR07_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཆེན་པོ་ཡེ་ཤེས་མཆོག་ལ་སོགས། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཕྱག་འཚལ་ལོ། །མི་ཟད་པ་བརྒྱད་ཅུ་དང་ལྡན་པའི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་སྤྱིའི་མཚན་བརྗོད་པ་ནི། བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བསམ་པ་རྣམ་དག་སྦྱོར་བ་ཕུན་སུམ་ཚོགས། །ལྷག་བསམ་ཁུར་ཁྱེར་ཕ་རོལ་ཕྱིན་དྲུག་སྤྱོད། །ཚད་མེད་བཞི་ལྡན་མངོན་ཤེས་ལྔ་མངའ་བ། །བསྡུ་དངོས་བཞི་ཡིས་སེམས་ཅན་དོན་མཛད་ཅིང་། །སོ་སོ་ཡང་དག་རིག་པ་བཞི་ཡིས་མཛེས། །རྟོན་པ་བཞི་ལྡན་ཚོགས་གཉིས་ལེགས་བསགས་ཏེ། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་བདུན་ལ་བསླབས། །ཞི་ལྷག་ཟུང་འབྲེལ་གཟུངས་དང་སྤོབས་པའི་མཛོད། །སྡོམ་བཞིའི་ཆོས་ཆར་འཇིག་རྟེན་ཁམས་སུ་འབེབས། །བགྲོད་གཅིག་ལམ་ཞུགས་ཐབས་མཁས་ཚད་མེད་པས། །རྫོགས་སྨིན་སྦྱང་བ་མཐའ་རུ་ཕྱིན་མཛད་པ། །རྒྱལ་སྲས་རྒྱལ་བའི་མྱུ་གུ་རྒྱལ་བའི་གཞི། །རྒྱལ་བྱེད་རྩལ་ལྡན་བློ་ལྡན་འཕགས་མཆོག་སོགས། །མཚན་གྱི་གྲགས་པས་ཕྱོགས་ཀུན་གསལ་གྱུར་པའི། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དེ་ལྟར་བྱང་


MR07_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འདི་དག་གི་མཚན་ཐོས་ན་ཕན་ཡོན་ཚད་མེད་དེ། དཔེར་ན་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཐ་དད་པ་ནས་འདུས་པ། གངྒཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ། མངོན་པར་ཤེས་པ་ཆེན་པོ་དང་སྟོབས་དང་མི་འཇིགས་པ་ཐོབ་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་ལ་བསྙེན་བཀུར་བྱས་པ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ། གང་དག་གི་མིང་ཐོས་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པའི་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་ཤ་སྟག་ལ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་བློ་གྲོས་དང་། སེང་གེའི་བློ་གྲོས་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཞེས་སོགས་གསུང་བ་དང་། འཕགས་པ་དཀོན་མཆོག་བརྩེགས་པའི་སྡོམ་པ་གསུམ་བསྟན་པའི་མདོ་ལས། ཀུན་ཏུ་བཟང་པོ་དང་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་དང་ཐབས་གཅིག་པ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཡེ་ཤེས་བླ་མའི་ཡེ་ཤེས་ཅན་དང་སོགས་


MR07_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་ཚན་དུ་བསྟན་ནས་མཐར། ཐམས་ཅད་ཀྱང་ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ལས་ངེས་པར་བྱུང་བ། སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པའི་སྤྱོད་ཡུལ་ཐོགས་པ་མེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐད་དུ་འགྲོ་བ་ལ་ལུས་མཐའ་ཡས་པར་བྱིན་གྱིས་རློབས་པ། སངས་རྒྱས་ཀྱི་རྣམ་འཕྲུལ་ཐམས་ཅད་རྣམ་པར་རིག་པ་མཐའ་ཡས་པ་ལ་དམིགས་པའི་མིག་གི་དཀྱིལ་འཁོར་རྣམ་པར་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་བྱང་ཆུབ་པའི་སྒོར་འགྲོ་བ་རྒྱུན་མི་གཅོད་པས་འགྲོ་བ་ཚད་མེད་པ། ཆོས་རྒྱ་མཚོ་ཐམས་ཅད་ཀྱི་ཚུལ་ཤེས་པའི་སྣང་བ་ནོད་པས་སྣང་བ་མཐའ་ཡས་པ། སོ་སོ་ཡང་དག་རིག་པ་རྣམ་པར་དག་པའི་བསྐལ་པ་མཐའ་ཡས་པར་ཡོན་ཏན་མི་ཟད་པ་སྟོན་པ། ཡེ་ཤེས་ཀྱི་སྤྱོད་ཡུལ་རྣམ་པར་དག་པས་ནམ་མཁའི་དབྱིངས་ཀྱིས་ཀླས་པ། བསམ་པ་ཇི་ལྟ་བ་བཞིན་དུ་འགྲོ་བའི་ལུས་གཟུགས་ཀུན་ཏུ་སྟོན་པས་གནས་པ་མེད་པ། སེམས་ཅན་མེད་པ་དང་ལྡན་པའི་དབྱིངས་ཡོངས་སུ་ཤེས་པས་རབ་རིབ་མེད་པ། ཆོས་ཀྱི་དབྱིངས་ཐམས་ཅད་འོད་ཟེར་གྱི་དྲྭ་བས་རྒྱས་པར་འགེངས་པས་ཤེས་རབ་ནམ་མཁའ་ལྟ་བུ། སེམས་ཤིན་ཏུ་ཞི་ཞིང་རབ་ཏུ་ཞི་བ།


MR07_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཀྱི་རིགས་ཐམས་ཅད་ཤེས་པའི་ཡུལ་དང་ལྡན་པ། ཏིང་ངེ་འཛིན་གྱིས་ཕ་རོལ་གནོན་པ་ལ་འཇིགས་པ་མེད་པ། ཆོས་ཀྱི་དབྱིངས་གནས་པའི་མཐར་ཐུག་པའི་སྤྱན་ཅན་ཆོས་ཐམས་ཅད་མི་དམིགས་པར་གནས་པ་ཐོབ་པ། ཤེས་རབ་རྒྱ་མཚོ་མཐའ་ཡས་པས་རྣམ་པར་རྒྱུ་བ། ཡེ་ཤེས་དམ་པའི་ཕ་རོལ་ཏུ་སོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ། རྫུ་འཕྲུལ་གྱི་ཕ་རོལ་ཏུ་ཕྱིན་པས་འགྲོ་བ་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ། ཏིང་ངེ་འཛིན་མཆོག་ལ་དབང་ཐོབ་པ་ཤ་སྟག་གོ །ཞེས་དང་། ཕལ་པོ་ཆེ་ལས་ཀྱང་འདིར་བསྟན་པའི་བྱང་ཆུབ་སེམས་དཔའ་ཕལ་པོ་ཆེ་སྨོས་པའི་རྗེས་སུ། ཀུན་ཀྱང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྨོན་ལམ་གྱིས་བྱུང་བ། སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པས་ཆགས་པ་མེད་པའི་སྤྱོད་ཡུལ་ཅན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲུང་དུ་འདོང་བའི་ལུས་མཐའ་ཡས་པར་བྱིན་གྱིས་རླབས་དང་ལྡན་པ། ཞེས་སོགས་མང་དུ་གསུངས་པས་མཚོན། མདོ་སྡེ་རྣམས་ནས་བྱང་ཆུབ་སེམས་དཔའ་འདི་དག་གི་བསྔགས་པ་བསམ་གྱིས་མི་ཁྱབ་པ་རྒྱ་ཆེར་འབྱུང་ངོ་། །ཟུང་གི་ཆོས་ཀྱི་རྣམ་གྲངས་ལས། །ཞི་བ་སངས་རྒྱས་སྲས་རྣམས་ལ། །གང་དག་གུས་དང་


MR07_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་གྱུར་པ། །དེ་དག་ཀྱང་ནི་སེམས་ཅན་ཀུན། །ཐར་བྱེད་འཇིག་རྟེན་མགོན་དུ་འགྱུར། །ཞེས་གསུངས་སོ། །དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་གྱི་རྣམ་གྲངས་བརྗོད་པ་འདི་ཡང་ལྷག་བསམ་བཟང་པོས་གསུང་རབ་རིན་པོ་ཆེ་རྣམས་ལས་བཏུས་ནས་མི་ཕམ་རྣམ་པར་རྒྱལ་བས་སྦྱར་བ་སྟེ། འདི་ལྟར་སངས་རྒྱས་བྱང་སེམས་ཀྱི་མཚན་འཛིན་པ་ནི་ཕན་ཡོན་རྒྱ་ཆེ་ལ། དེང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གནས་པའི་དབང་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཚན་ཡིད་བཞིན་གྱི་ནོར་བུ་འབུམ་གྱིས་བསྒྲུན་དུ་མི་ནུས་པ་འདི་དག་ཐོས་ཀྱི། གཞན་དུ་བསྐལ་པ་བྱེ་བར་ཡང་རྙེད་དཀའ་བའི་འདུ་ཤེས་དང་། ཡུད་ཙམ་གྱི་དལ་འབྱོར་ཐོབ་ནས་སངས་རྒྱས་ཀྱི་བསྟན་པ་དང་མཇལ་བ་དོན་ཡོད་པར་བྱ་བའི་འདུ་ཤེས་དང་། སངས་རྒྱས་ཀྱི་ཕྲིན་ལས་སེམས་ཅན་གྱི་ཡུལ་ལ་སྤེལ་བའི་འདུ་ཤེས་དང་། ཡུན་གྱི་དོན་ཆེན་པོ་བསྒྲུབ་པར་བྱ་བའི་འདུ་ཤེས་དང་། ཚེགས་ཆུང་ངུས་བགྱི་བ་རླབས་པོ་ཆེ་སྒྲུབ་པའི་འདུ་ཤེས་དང་། རང་དབང་མེད་པར་འཁོར་བ་ན་རྒྱུ་བའི་སེམས་ཅན་སྡུག་བསྔལ་གྱི་མུན་པར་ལག་སྟོང་དུ་འཁྱམས་པ་རྣམས་ལ་སྙིང་རྗེ་ཆེན་པོའི་འདུ་ཤེས་ལྷག་པར་བསྐྱེད་ལ། སངས་རྒྱས་སྲས་བཅས་ཀྱི་


MR07_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་འདི་དག་རང་གི་འཛིན་ཅིང་གཞན་ལ་འཛིན་དུ་འཇུག་པ་དང་སངས་རྒྱས་བྱང་སེམས་ཀྱི་བསྔགས་པ་ཡང་དག་པར་བརྗོད་པ་རྒྱ་ཆེར་བསྒྲགས་པ་སོགས་ཅི་ནུས་སུ་འབད་དེ་བྱ་བ་དང་། རང་ལ་དྲིན་ཆེ་བའི་ཕ་མ་སོགས་དང་བྱམས་པས་ལྟོས་ཤིང་གཅེས་པར་བཟུང་བའི་ཉེ་འབྲེལ་སོགས་ལའང་སངས་རྒྱས་ཀྱི་མཚན་འདི་དག་ལས་རང་གང་ལ་མོས་པའི་མཚན་རེ་རེའམ། གཉིས་སམ་གསུམ་ལ་སོགས་པ་བློ་ལ་འཛིན་དུ་བཅུག་ནས་རྒྱུན་པར་ཁ་ཏོན་དུ་གྱིས་ཤིག །སངས་རྒྱས་ཡིད་ལ་གྱིས་ཤིག་ཅེས་ནན་ཏན་དུ་བསྐུལ་བ་དང་། རང་ལ་རེ་ལྟོས་འཆའ་བའི་སེམས་ཅན་གང་དག་གིས་ཁོ་བོས་སྡིག་པ་སྣ་ཚོགས་བགྱིས་ན་ད་ཅི་ལྟར་བྱ་ཞེས་འདྲི་བ་ལ་ཡང་དེ་ལྟར་འདོམས་པ་དང་། ཕྱོགས་སུ་འགྲོ་བ་ན་དོན་གྲུབ་ཅིང་བདེ་བར་འཁོར་བའི་སླད་དུ་ཕྱོགས་བཅུའི་མུན་པ་ཐམས་ཅད་སེལ་བའི་མདོ་ལས་གསུངས་པའི་སངས་རྒྱས་ཀྱི་མཚན་བརྗོད་པ་དང་། བྱ་བ་གང་ཞིག་རྩོམ་པ་ལ་བགེགས་མེད་ཅིང་བཀྲ་ཤིས་པར་བྱ་བའི་སླད་དུ་འཕགས་པ་བཀྲ་ཤིས་བརྒྱད་པའི་མདོ་ནས་གསུངས་པའི་སངས་རྒྱས་རྣམས་ཀྱི་མཚན་བརྗོད་པས་མཚོན་ཏེ། ནད་དང་དབུལ་ཕོངས་སྡིག་ལྟུང་སོགས་ཞི་བ་དང་། གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་པའི་སླད་དུ་འདི་ལྟར།


MR07_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གང་ལ་བྱས་པ་བཟོ་བའི་སེམས་དང་། ཕངས་པའི་སེམས་ཀྱིས་ཕན་འདོགས་པའི་སེམས་དང་། སྙིང་རྗེའི་སེམས་ཀྱིས་གནོད་པ་ལས་བསྐྱབས་པར་སེམས་པ་དང་། བྱམས་པའི་སེམས་ཀྱིས་བདེ་བ་ལ་རེག་པར་བྱ་བར་འདོད་པ་དེས་སེམས་ཅན་དེ་དག་རྣམས་ལ་སངས་རྒྱས་བྱང་སེམས་ཀྱི་མཚན་ནས་བརྗོད་ལ་དད་པ་བསྐྱེད་པར་གྱིས་ཞེས་གདམས་ན། སེམས་ཅན་ཤིན་ཏུ་སྐལ་པ་ཆུང་བ་ཀློག་སོགས་མི་ཤེས་པ་གཡེངས་བ་ཆེ་བ་སོགས་དམ་པའི་ཆོས་རྒྱ་ཆེན་པོ་ལ་འཇུག་མི་ནུས་པས་ཀྱང་དེ་ཙམ་ལ་མི་ནུས་པ་མེད་ཅིང་། མཚན་རྣ་བར་གྲགས་པ་ཙམ་ཡང་འབྲས་བུ་ཚད་མེད་པའི་ཕན་ཡོན་དང་ལྡན་པས་ན། ཚུལ་འདི་ལ་བསམས་ནས་བདག་གི་དོན་ཤེས་པ་རྣམས་ཀྱིས་བདག་ཀྱང་འདི་ལ་འཇུག་གཞན་ཡང་ཚུལ་འདི་ལྟ་བུ་ལ་འགོད། གཞན་ལ་ཡང་ཁྱེད་ཀྱིས་གཞན་དག་ལ་ཚུལ་འདི་བཞིན་བསྐུལ་མ་གྱིས་ཞེས་ཅི་ནུས་སུ་འདོམས་པར་བྱ་སྟེ། དེ་ཡང་རྒྱས་པར་གསོ་སྦྱོང་དང་ལྡན་པས་གནས་ཁང་གཙང་མར་མེ་ཏོག་གི་སིལ་མ་བཀྲམ་པའི་མཎྜལ་ལ་སངས་རྒྱས་ཀྱི་སྐུ་གཟུགས་སོགས་བཞུགས་སུ་གསོལ་ལ། དེའི་མདུན་དུ་ཅི་འབྱོར་བའི་མཆོད་པ་གཙང་མར་བཤམས་ཤིང་བདག་ཉིད་གཙང་སྦྲ་དང་ལྡན་པས་འཁོད་


MR07_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ནས། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་ཡིད་ལ་བྱས་ཏེ། ས་གཞི་སོགས་བྱིན་གྱིས་བརླབ་པ་རྒྱས་བསྡུས་ཅི་རིགས་བྱས་ནས། དེར་དེ་བཞིན་གཤེགས་པ་སྲས་དང་བཅས་པ་སྤྱན་དྲངས་ལ་མཆོད་པ་སོགས་ཇི་ལྟར་རིགས་པ་འཕུལ། ཀུན་ཏུ་བཟང་པོའི་སྨོན་ལམ་ལ་རྗེས་སུ་སློབ་པའི་བློས་མཆོད་པའི་སྤྲིན་རྒྱ་མཚོ་དང་བཅས་པའི་ལུས་ཞིང་གི་རྡུལ་སྙེད་ཀྱིས་མངོན་པར་བཏུད་པར་མོས་ལ། གུས་པ་རྩེ་གཅིག་པའི་ཡིད་ཀྱིས། སངས་རྒྱས་ཀྱི་མཚན་མང་པོའམ་གང་འདོད་པ་ཅི་ནུས་སུ་བརྗོད། མཐར་སྡིག་པ་བཤགས་པ་སོགས་ཡན་ལག་བདུན་པ་ཚུལ་བཞིན་བྱས་རྗེས། སངས་རྒྱས་ཀྱི་ཐུགས་དམ་ཆེན་པོའི་སྨོན་ལམ་རྗེས་སུ་དྲན་པའི་སྒོ་ནས་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ། སྐྱབས་ཡུལ་རྣམས་རང་གནས་སུ་གཤེགས་ཤིང་དགེ་བ་བསྔོ་བ་སོགས་སྨོན་ལམ་རྒྱ་ཆེར་གདབ་པ་ནི་སྨན་མདོ་སོགས་མདོ་སྡེ་འགའ་ཞིག་གིས་བསྟན་དོན་ལྟར་ལ། བསྡུ་ན་སྐྱབས་སེམས་ཙམ་གྱིས་རྗེས་སུ་སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་དེ་དང་དེ་དག་ཏུ་སངས་རྒྱས་སྲས་བཅས་ཡིད་ཀྱི་དམིགས་ལ། དེའི་ཞབས་ཀྱི་དྲུང་དུ་གུས་པས་ཕྱག་འཚལ་བ་སོགས་དམིགས་པའི་སྒོ་ནས་མཚན་ཅི་ནུས་སུ་བརྗོད་ལ།


MR07_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཇི་སྙེད་སུ་དག་མའི་ཡན་ལག་བདུན་པ་བྱ་ཞིང་སྨོན་ལམ་གདབ་པ་དང་། ཤིན་ཏུ་བསྡུ་ན་འགྲོ་འཆག་ཉལ་འདུག་གི་སྐབས་ནམ་དྲན་པར་དང་བའི་སྒོ་ནས་མཚན་བརྗོད་པ་ཁོ་ནས་དོན་ཐམས་ཅད་གྲུབ་སྟེ། མདོ་ཏིང་འཛིན་རྒྱལ་པོ་ལས། འཆག་ཅིང་འདུག་དང་འགྲེང་ཞིང་ཉལ་བ་ན། །མི་གང་ཐུབ་པའི་ཟླ་བ་དྲན་བྱེད་པ། །དེ་ཡི་མདུན་ན་རྟག་ཏུ་སྟོན་པ་བཞུགས། །དེ་ནི་རྒྱ་ཆེར་མྱ་ངན་འདས་པར་འགྱུར། །ཞེས་གསུངས་པ་ལ་སོགས་པ་བཞིན་ནོ། །དེ་ལྟར་བདག་ནི་ཕན་པའི་བློས་འཇིག་རྟེན་འདི་ན་གང་དག་འཁོད་པ་རྣམས་ལ་ཐལ་མོ་སྦྱར་ཏེ། གདངས་མཐོན་པོའི་དབྱངས་ཀྱི་ཡི་གེས་སྐུལ་བར་བྱེད་ན། ཚུལ་འདི་མཐོང་བ་དང་ཐོས་པ་དེ་དག་གིས་དོན་དེ་མཐོང་ནས་བགྱི་བ་དེ་ལ་ནན་ཏན་ཆེན་པོས་ཕྱི་མའི་མུ་མཐར་ཐུག་གི་བར་དུ་སྤྲོ་བར་འགྱུར་བ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ་ལོ། །འདི་ལྟར་དད་པའི་སེམས་དང་ཕན་པའི་བློས། །རྒྱལ་དང་རྒྱལ་བའི་སྲས་ཀྱི་མཚན་བརྗོད་པའི། །དགེ་ཚོགས་ཕ་མ་དང་ནི་འབྲེལ་ཐོགས་ཀྱིས། །ཐོག་དྲངས་མཁའ་མཉམ་སེམས་ཅན་ཀུན་ལ་བསྔོ། །བདེར་གཤེགས་སྲས་བཅས་ཀུན་གྱི་ཐུགས་བསྐྱེད་དང་། །མཛད་པ་


MR07_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་འགྲོ་ཀུན་འགྱུར་བར་ཤོག །ཅེས་ཀྱང་སྨྲས་སོ། ༈ ། ཨོཾ་སྭ་སྟི། ལྷར་བཅས་རབ་འབྱམས་འགྲོ་བའི་མགོན་པོ་མཆོག །སྒྲིབ་གཉིས་དབྱིངས་ཡེ་གཉིས་མེད་ངང་དུ་བཅོམ། །ཡོན་ཏན་འཛད་མེད་རྒྱན་གྱི་འཁོར་ལོར་རྫོགས། །དུས་གསུམ་རྒྱལ་བ་ཀུན་གྱིས་ཤིས་པ་སྩོལ། ༡། གང་མཚན་བདུད་རྩིའི་ཟེག་མ་ཙམ། །སུ་ཞིག་རྣ་བའི་ལམ་དུ་ཞུགས། །མནར་མེད་མེ་ཡང་བསིལ་མཛད་གང་། །སྨོན་ལམ་གྲུབ་པའི་མཐུ་ལས་བྱུང་། ༢། དེ་ཕྱིར་མཁས་གྲུབ་ཟླ་མེད་པ། །མི་ཕམ་རྣམ་རྒྱལ་རྒྱ་མཚོ་ཡིས། །མདོ་སྡེ་ལས་བཏུས་མཚན་ཕྲེང་འདི། །འགྲོ་རྣམས་ཐར་ལམ་སྣ་ཁྲིད་ཡིན། ༣། ངན་སོང་དངོས་སུ་འཆིང་བྱེད་པའི། །སྡིག་ཅན་སྒྲིབ་ཚོགས་ལྷག་མེད་དུ། །གཞིལ་བྱེད་བསྐལ་པའི་ཞུགས་མཚུངས་པ། །གང་གི་ཆོས་སྦྱིན་སྤར་གྱི་འཕྲུལ། ༤། ཕན་བདེའི་གཞི་མ་རྒྱལ་བསྟན་གྱི། །བཙས་གྱུར་ཆོས་མཛོད་ལས་འཛིན་མཆོག །བླ་མ་བསྟན་འཛིན་ཆོས་གྲགས་ཀྱི། །ཐུགས་བསྐྱེད་འོ་མའི་མཚོ་


MR07_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཕྱུང་། ༥། དེ་ལྟའི་དགེ་ཁམས་ཟླ་བ་ཡིས། །རྒྱལ་བསྟན་ཀུ་མུ་དཱ་ཚལ་རྒྱས། །ཕན་བདེའི་སྣང་བ་རབ་མཛེས་པའི། །རྫོགས་ལྡན་གསར་པ་འཆར་གྱུར་ཅིག༦། གཞན་ཡང་མྱུར་བ་ཉིད་དག་ལ། །རང་གཞན་ཀུན་གྱི་སྒྲིབ་པ་རྣམས། །མིང་གི་ལྷག་མར་སྟོངས་བྱས་ཏེ། །སྐུ་གསུམ་རྒྱལ་བའི་ས་ཐོབ་ཤོག༧། ཅེས་པའང་ལྷག་བསམ་དཀར་ནས་མནྡཱས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་གུ། མངྒ་ལཾ།། །།།


previousསངས་རྒྱས་བྱང་སེམས་ཀྱི་མཚན་སྣ་ཚོགས་པ་ནོར་བུའི་ཕྲེང་བ།next