Nitartha Digital Library
Tibetan
གླེགས་བམ་བརྒྱད་པ།


   
   
   
   
   
   
   
   
   
གསང་འདུས་རིམ་ལྔའི་མཆན་དཀྱུས་སུ་བཀོད་པའི་འགྲེལ་ཆུང་ཟུང་འཇུག་ནོར་བུའི་སྒྲོན་མེ།
   
   
   
   


 
previousགསང་འདུས་རིམ་ལྔའི་མཆན་དཀྱུས་སུ་བཀོད་པའི་འགྲེལ་ཆུང་ཟུང་འཇུག་ནོར་བུའི་སྒྲོན་མེ།next

གསང་འདུས་རིམ་ལྔའི་མཆན་དཀྱུས་སུ་བཀོད་པའི་འགྲེལ་ཆུང་ཟུང་འཇུག་ནོར་བུའི་སྒྲོན་མེ།


MR08_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འདུས་རིམ་ལྔའི་མཆན་དཀྱུས་སུ་བཀོད་པའི་འགྲེལ་ཆུང་ཟུང་འཇུག་ནོར་བུའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །


MR08_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། མཐའ་ཡས་དངོས་པོའི་སྲོག་ཏུ་རབ་ཞུགས་པ། །དཔལ་ལྡན་བྱང་ཆུབ་སེམས་གང་དེ་རྡོ་རྗེ། །སྤྲོས་དང་སྤྲོས་མིན་མཐའ་ལས་རྣམ་གྲོལ་བ། །ཀུན་ཁྱབ་རྡོ་རྗེ་སེམས་དཔར་ཕྱག་འཚལ་ལོ། །རྒྱུད་སྡེ་རྒྱ་མཚོའི་ཟབ་དོན་གསང་བ་འདུས། །རྡོ་རྗེ་རིན་ཆེན་ཟ་མ་ཏོག་གི་སྒྲོམ། །དཔལ་ལྡན་ཀླུ་ཡི་དབང་པོས་མན་ངག་ནི། །རིམ་པ་ལྔ་པས་ཟབ་མོའི་གཏེར་འདི་དབྱེ། །དེ་ཉིད་གསལ་བྱེད་ཀླུ་ཡི་བྱང་ཆུབ་ཀྱི། །ལེགས་བཤད་ནོར་བུའི་ཕྲེང་བ་ལ་བརྟེན་ནས། །བློ་མཆོག་འཇམ་དཔལ་དགྱེས་པའི་རྡོ་རྗེ་ཡིས། །མཆན་ཊཱིཀ་


MR08_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱུས་སུ་བཀོད་ལ་གནང་བ་སྩོལ། །དེ་ལ་འདིར་དཔལ་ལངྐར་གཤེགས་པའི་མདོ་ལས་ལུང་བསྟན་པ་གསང་སྔགས་ཀྱི་ཚུལ་ཆེན་པོ་ཐུགས་སུ་ཆུད་པ་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་ལ་འབད་པ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་རིམ་པ་ལྔ་པའི་གཞུང་འདི་འཆད་པར་བྱེད་པ་ལ། མཚན་དོན། འགྱུར་ཕྱག །གཞུང་དོན། མཇུག་གི་དོན་ནོ། །དང་པོ་ནི།རྒྱ་གར་སྐད་དུ། པཉྩ་ཀྲ་མ། བོད་སྐད་དུ། རིམ་པ་ལྔ་པ་དེའི་བརྗོད་བྱ་ལམ་གྱི་རིམ་པ་ལྔ་ཡོད་པས་རྗོད་བྱེད་གཞུང་ལ་ཡང་དེ་ཡི་མིང་གིས་


MR08_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་པའོ། །གཉིས་པ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་རང་གི་འདོད་པའི་ལྷ་ལ་ཕྱག་འཚལ་བའོ། །གསུམ་པ་གཞུང་དོན་ལ་བསྟན་བཅོས་ལ་འཇུག་པའི་རིམ་པ། བསྟན་བཅོས་དངོས། བསྟན་བཅོས་མཐར་ཕྱིན་པའི་བྱ་བ་སྟེ་གསུམ་ལས། དང་པོ་ནི། འགྲོ་བ་ཐམས་ཅད་ཀྱི་མགོན་པོ་སངས་རྒྱས་ཀུན་གྱི་བདག་ཉིད་དཔལ་ལྡན་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་བཏུད་དེ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པའི་རྗེས་སུ་འབྲངས་ནས་རླུང་སྔགས་མི་ཕྱེད་མི་ཤིགས་པ་རྡོ་རྗེ་བཟླས་པའི་རིམ་པར་བཤད་པར་བྱའོ། །གཉིས་པ་གཞུང་དོན་ལ། རིམ་པ་གཉིས་ཀྱི་ངེས་པ། རིམ་པ་ལྔ་པའི་ངེས་པ། དེ་ཉིད་བླ་མའི་མན་ངག་ལ་རག་ལས་པའི་ངེས་པ་སྟེ་གསུམ་ལས། དང་པོ་ནི། མདོར་བྱས་སོགས་བསྐྱེད་པའི་རིམ་པ་མཐར་ཕྱིན་པར་གྱུར་པ་ལ་ལེགས་པར་གནས་ཤིང་རྣལ་འབྱོར་པ་གལ་ཏེ་རྫོགས་པའི་རིམ་པ་ལྔ་པོ་འདོད་པ་རྣམས་ལ་རིམ་པ་ལྔ་ཡི་འཆད་འགྱུར་གྱི་ཐབས་འདི་ལྟ་བུ་རྫོགས་པའི་སངས་རྒྱས་ཀྱིས་སྐས་ཀྱི་རིམ་པ་ལྟ་བུར་སྔ་མ་ལ་བརྟེན་ནས་ཕྱི་མ་ལ་འཇུག་


MR08_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་ཏེ་སྐས་ལ་འཛེགས་པའི་སྐྱེས་བུ་ཁང་བཟང་སོགས་ཀུན་མཐོན་པོའི་རྩེར་ཕྱིན་པ་བཞིན་རྡོར་བཟླས་སོགས་ཀྱི་རིམ་གྱིས་རྟག་ཏུ་དགྱེས་པའི་རང་བཞིན་གྱི་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་འགྱུར་རོ། །གཉིས་པ་རིམ་པ་ལྔ་པའི་ངེས་པ་ནི། དེའང་རྡོ་རྗེའི་བཟླས་པའི་རྟེན་སྲོག་རླུང་སྙིང་གར་གནས་པ་མི་བསྐྱོད་པ། ཐུར་སེལ་བཤང་སྒོར་གནས་པ་རིན་འབྱུང་གི་ངོ་བོ། གྱེན་རྒྱུ་མགྲིན་པར་གནས་པ་སྣང་མཐའ། མེ་མཉམ་ལྟེ་བར་གནས་པ་དོན་གྲུབ། ཁྱབ་བྱེད་ལུས་ཀྱི་ཡན་ལག་གི་ཚིགས་ཀུན་ལ་གནས་པ་རྣམ་སྣང་སྟེ། རྩ་བའི་རླུང་ལྔའོ། །དེ་ལས་ཡན་ལག་གམ་ཉེ་བའི་རླུང་ལྔ་ནི། རྒྱུ་བ་མིག་གི་དབང་པོ་ལ་གནས་ཏེ་གཟུགས་མཐོང་། རྣམ་པར་རྒྱུ་བའི་རླུང་རྣ་བའི་དབང་པོར་གནས་ཏེ་སྒྲ་ཐོས། ཡང་དག་པར་རྒྱུ་བའི་རླུང་སྣ་དབང་ལ་གནས་ཏེ་དྲི་ཚོར། རབ་ཏུ་རྒྱུ་བའི་རླུང་ལྕེ་དབང་ལ་གནས་ཏེ་རོ་ཚོར། ངེས་པར་རྒྱུ་བའི་རླུང་ལུས་དབང་ལ་གནས་ཏེ་རེག་བྱ་འཛིན་ཏེ། དེ་དག་གི་མིང་། ཀླུའམ་གླང་པོ་དང་། རུས་སྦལ་དང་། རྩངས་པ་དང་། ལྷ་སྦྱིན་དང་། ནོར་ལས་རྒྱལ་ཞེས་པའི་མིང་གིས་བཤད་པའོ། །


MR08_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྙིང་ཁ་ན་གནས་པའི་སེམས་ཅན་རྣམས་ཀྱི་སྲོག་ཏུ་གྱུར་པའི་རླུང་ནི་འབྱུང་བ་ཆེན་པོའི་ངོ་བོ་འགྲོ་འོང་དང་བརྐྱང་བསྐུམ་གྱི་མཚན་ཉིད་ཅན་གྱི་རླུང་ཞེས་བྱ་བ་ཞི་སོགས་ལས་ཀུན་བྱེད་པའི་རླུང་འདི་ནི་རྣམ་པར་ཤེས་པ་བརྒྱད་ཀྱི་བཞོན་པ་ཏེ་བསྐྱེད་པར་བྱེད་ཅིང་རྟ་དང་རྟ་ལ་ཞོན་པ་བཞིན་ནོ། །རླུང་དེ་ནི་སྲོག་ཐུར་གྱེན་ཁྱབ་མཉམ་ལྔ་ཡི་བདག་ཉིད་དབང་པོ་ལྔར་རྒྱུ་བའི་ཀླུ། རུས་སྦལ། རྩངས་པ། ལྷས་བྱིན། ནོར་ལས་རྒྱས་ཏེ་ཡན་ལག་གིས་ལྔ་བཅས་བཅུ་མིང་ཅན་རྣམས་ཏེ་བཅུ་ཉིད་དུ་གྱུར་པ་ཡིན་ལ་གོ་རིམ་ནི་དང་པོ་རླུང་གི་དེ་ཉིད་ཤེས་པས་རིམ་གྱིས་ནི་རླུང་སྔགས་སུ་ཤེས་པས་སྔགས་ཀྱི་དེ་ཉིད་ཡང་དག་འཇུག་ཅིང་སྔགས་ཀྱི་དམིགས་པ་རྟོགས་ནས་ནི་རྡོ་རྗེ་བཟླས་པ་རྣམས་ལ་སློབ། རྡོ་རྗེ་བཟླས་པ་ལ་བསླབས་ནས་མཐར་མ་ནིང་གི་བཟླས་པས་རྣལ་འབྱོར་པ་སེམས་ཤེས་པ་གསུམ་གྱི་བདག་ཉིད་ཅན་ལ་དམིགས་པ་སྟེ་སེམས་དབེན་ཐོབ་པར་འགྱུར་ཞིང་། དེ་ཡང་སྔགས་ཀྱི་དོན། སྔགས་ཀྱི་བརྡ། སྔགས་བཏུབ། སྔགས་ཀྱི་དེ་ཉིད་བཞིའོ། །དང་པོ་ཕྱག་འཚལ་བ་ལ་སོགས་པས་སངས་རྒྱས་ལྔ་བརྗོད་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་སྟེ་སྤྱི་ཡི་མཚན་ཉིད། ཨོཾ་གྱི་


MR08_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྣང་། ཨཱཿའོད་དཔག །ཧཱུྃ་མི་བསྐྱོད། སྭཱ་ཧཱཿརིན་འབྱུང་དང་དོན་གྲུབ་དག་གོ། སྔགས་ཀྱི་བརྡ་ནི་དང་པོ་སྟེ་ཨོཾ་གྱི་དོན་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས་ཤེས་པར་བྱ་ཞིང་། དེ་ཡང་རེ་ཞིག་སྤྲུལ་སོགས་བཞི་སྟེ། སྤྲུལ་ནི་ཕྱག་འཚལ་བ་དང་སྭཱ་ཧཱ་ལྡན་པ། མགོ་མེད་ནི་ཕྱག་འཚལ་མེད་ཅིང་སྭཱ་ཧཱ་ལྡན་པ། མཐའ་མེད་ནི་ཕྱག་འཚལ་ལྡན་སྭཱ་ཧཱ་མེད་པ། གཉིས་ཀ་མེད་ན་ཕྱག་འཚལ་དང་སྭཱ་ཧཱ་བྲལ་བ། སྒྲུབ་བྱའི་མིང་ལྷའི་སྔགས་ཀྱི་དང་པོ་དང་བར་དང་ཐ་མར་སྤེལ་བ་སྙིང་པོ་དང་ཉེ་སྙིང་སྐུལ་བྱེད་དང་ས་བོན་ཕྲེང་སྔགས་སོགས་སོ། །ཡི་གེ་བཏུ་བ་ཡི་གེ་ཞེ་དགུ་པོ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་བརྒྱད་ལ་བསྡུ། བརྒྱད་པོ་ཨ་ཀ་ཡ་ཤ་བཞི་ལ་བསྡུ། བཞི་པོ་ཨོཾ་ཨཱཿཧཱུྃ་གསུམ་ཀུན་ལ་བསྡུ། སྔགས་ཀྱི་དེ་ཉིད་ནི་དེ་བཞིན་ཉིད་དམིགས་མེད་འོད་གསལ་ལ་སོགས་དོན་དམ་པའོ། །དེ་ལྟའི་དམིགས་པ་དེ་ལས་ལྡང་བའི་རྗེས་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་ཞེས་པ་སྟེ་དེ་ཡང་སྒྱུ་མའི་དཔེ་བཅུ་གཉིས་ནི། འཇའ་འདྲ་ཁ་དོག་ལྔ་ཡོད་ཀྱང་རགས་པར་མེད་པས་སོ། །རྨི་ལམ་ལྟར་མེད་ཀྱང་བྱ་བ་བྱེད་པར་སྣང་བ།


MR08_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ལ་སྣང་ཙམ་གྱིས་སྨིག་རྒྱུ། གར་ཡང་ཁྱབ་པ་ཆུའི་ཟླ་བ། ཆོས་སྟོན་ཀྱང་ངག་རང་བཞིན་གྱིས་མེད་པ་བྲག་ཆ། སོ་སོར་སྣང་བ་སྤྲུལ་པ། རྣམ་པ་སྣ་ཚོགས་སུ་སྣང་བ་དྲི་ཟའི་གྲོང་ཁྱེར། མེ་ལོང་གི་གཟུགས་བརྙན་ལྟར་དེ་ཉིད་དང་གཞན་ཉིད་དུ་མེད་པ། མཐོང་བ་ཙམ་གྱིས་འཛིན་པ་མིག་འཕྲུལ། གཅིག་དུ་མར་སྣང་བ་མགལ་མེའི་འཁོར་ལོ། །མཐོང་ཡང་སྙིང་པོ་མེད་པ་ཆུ་བུར། སྒྱུ་མ་ལྟར་སེམས་ཅན་གྱི་སྣང་ངོར་དོན་བྱེད་པ་ཞེས་ཁ་ཆེའི་མཁས་པ་ལཀྵིཾ་གསུངས། སྒྱུ་ཏིང་ངེ་ཉིད་ཡང་དག་མཐས་ཏེ་འོད་གསལ་བ་ནི་ཡང་ཡང་རྣམ་པར་སྦྱང་བའི་མི་སློབ་པའི་འོད་གསལ་ཡང་དག་མཐའ་ལས་ལངས་ནས་ནི་གཉིས་མེད་ཟུང་འཇུག་གི་ཡེ་ཤེས་འཐོབ་པར་འགྱུར་ལ་ཟུང་འཇུག་གི་ཏིང་ངེ་འཛིན་ལ་གནས་ནས་སེམས་ཅན་གྱི་དོན་བྱེད་ཅིང་ཆོས་དབྱིངས་ཡེ་ཤེས་ཐོབ་པ་དེ་ཉིད་སླར་ཞིང་གང་ལའང་མི་སློབ་བོ། །དེ་ཉིད་ཀྱི་ཕན་ཡོན་ཀྱང་རིམ་པ་ལྔ་པོ་འདི་ནི་རྫོགས་པའི་རྣལ་འབྱོར་པ་རྡོ་རྗེ་འཛིན་པ་ཆེན་པོའང་དེ་ཡིན་ཏེ་རྡོ་རྗེ་སེམས་དཔའ་རང་གི་ངོ་བོ་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་ལྷ་ཡི་རྣམ་པ་ཀུན་གྱི་མཆོག་ལྡན་པའི་ཐམས་ཅད་མཁྱེན་པར་དེ་ནས་འགྱུར་རོ། །


MR08_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཞར་ལས་བྱུང་བའི་འབྲས་བུ་ནི་དེ་ཡང་འདས་པ་དང་ནི་མ་འོངས་པ་དང་ད་ལྟར་བྱུང་བའི་སྲིད་གསུམ་ནི་འོད་གསལ་བས་ནི་སྦྱངས་ཏེ་རྣམ་པར་དག་པས་སྐད་ཅིག་དེ་ལ་སེམས་ཅན་གྱི་ཁམས་རྣམ་པ་བཞིའི་བྱེ་བྲག་མ་ལུས་མཐོང་ཏེ་ཐམས་ཅད་མཁྱེན་པར་འགྱུར་རོ། །གསུམ་པ་བླ་མའི་མན་ངག་གི་རིམ་པ་ནི། དཔལ་ལྡན་གསང་བ་འདུས་པའི་རྒྱུད་དུ་ནི་རྫོགས་རིམ་གྱི་དེ་ཁོ་ན་ཉིད་ལྔ་པོ་འདི་དག་རྒྱས་བཏབ་ནས་བཤད་པའི་རྡོར་ཕྲེང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལྷ་མོ་བཞིས་ཆོས་དབྱིངས་ཞུས་པ་དགོངས་པ་ལུང་བསྟན་བཞིའི་རྒྱུད་ཀྱི་རྗེས་འབྲངས་ནས་བླ་མའི་ཞལ་གྱི་སྒོ་ཏེ་ཁ་ལས་རྟོགས་པར་བྱ་དགོས་སོ། །མན་ངག་ཅན་གྱི་བླ་མས་མ་བསྟན་བར་དུ་བཤད་རྒྱུད་ཀྱི་དཔེ་ཀློག་པས་རང་གི་ཇི་བཞིན་གཏན་ལ་འབེབ་མི་ནུས་ལ་གལ་ཏེ་ཤེས་སུ་ཟིན་ཀྱང་བླ་མ་ལས་ཞུས་ནས་བཀའ་མ་ཐོབ་པས་གསང་སྔགས་རང་གི་ལེན་པར་གྱུར་ནས་དངོས་གྲུབ་མི་འབྱུང་ངོ་ཞེས་གསུངས། གསུམ་པ་གཞུང་འདི་ཉིད་ཀྱི་ཚིག་དོན་དང་འབྲེལ་པ་རྣམས་རྒྱས་པར་བཤད་པ་ལ། གཞུང་རིམ་པ་ལྔ་ཅན་དུ་ཡོད་པ་ལས། དང་པོ་རྡོ་རྗེའི་བཟླས་


MR08_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིམ་པ་དངོས་བཤད་དེ། འདི་ལ་ཡང་མདོར་བསྟན་པ་དང་། རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ་མོ། །དང་པོ་ལ་རྩ་བའི་རྒྱུད་ལས་གསུངས་ཚུལ། ལྷ་མོ་བཞིས་ཞུས་པ་ལས་གསུངས་ཚུལ། རྒྱུད་ཕྱི་མ་ལས་གསུངས་ཚུལ་ཏེ་གསུམ་ལས། དང་པོ་ནི། དེ་ལ་དང་པོ་ཁོ་ནར་རླུང་གི་དེ་ཁོ་ན་ཉིད་བསྟན་པའི་ཚིག་རྩ་བའི་རྒྱུད་ལ་འཇུག་པར་བྱ་སྟེ། རང་གི་སྣ་ཡི་རྩེ་མོར་ཏེ་གསང་གནས་སྙིང་ག་གདོང་གི་སྣ་རྩེ་གསུམ་དུ་ཡུངས་ཀར་ཏེ་རྩའི་འཁོར་ལོ་ཐམས་ཅད་ཀྱི་དྭངས་མ་ལྟ་བུའི་ནང་ནས་བྱུང་བ་ཐོ་རངས་སྐར་ཆེན་གྱི་རྣམ་པ་ལྟ་བུའི་རླུང་གི་ཐིག་ལེའམ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེ་བསམ། རླུང་རྒྱུ་བ་གཡོ་བས་ཙུད་འགྲོ་དང་མི་རྒྱུ་བ་བརྟན་པ་མི་འགྲོ་ཡུངས་ཀར་གྱི་ཚད་ཙམ་ལ་ཁམས་གསུམ་ཐམས་ཅད་འོད་ཟེར་གྱི་འཁོར་ལོ་དེར་བསྟིམ་ལ་དེ་ཐམས་ཅད་ཀྱི་ངོ་བོར་བསམ་སྟེ་སྣོད་མིན་ལ་སྦས་པའམ་གསང་བའི་སྔགས་ཀྱིས་ཨོཾ་ཨཱཿཧཱུྃ་གསུམ་དུ་བརྟགས་པ་ཡིས་ཡེ་ཤེས་མཆོག་གི་སངས་རྒྱས་དང་པོས་རྡོ་རྗེ་རྣམས་གནས་གཅིག་ཏུ་གྱུར་པ་བསྒོམ་མོ། །སེམས་ཅན་གྱི་ཁམས་ཆེན་པོ་སྤྲོ་བའི་རྣལ་འབྱོར་གྱི་བསམ་པ་ཐམས་ཅད་ཡོངས་སུ་


MR08_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་བྱེད་པ་ཡིན་པའི་ཕྱིར་རིན་ཆེན་དང་འདྲ་བས་རེ་སྐོང་དཀར་པོ་སོགས་ཁ་དོག་སྣ་ལྔ་པ་ཆེ་ཆུང་ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ་སྣ་ཡི་རྩེ་མོར་ནན་ཏན་དུ་བསྒོམ་སྟེ་འདི་ལ་འདོད་ཆགས་ཅན་གྱི་རྡོར་པད་སྦྱར་བའི་རྡོ་རྗེའམ་པདྨའི་སྣ་རྩེར་བྱང་ཆུབ་ཀྱི་སེམས་འདུས་པའི་ཐིག་ལེ་དང་། ཞེ་སྡང་གི་རིགས་ཅན་གྱི་སྙིང་གི་སྣར་ནི། ཨོཾ་དང་ངག་གི་དབང་ཕྱུག་གི་ས་བོན་དང་སེམས་ཀྱི་ས་བོན་ཡང་བསྡུས་པའི་སྔགས་ཀྱི་ཐིག་ལེའི་གཟུགས་སུ་བསྒོམ་པ་དང་། གཏི་མུག་ཅན་གྱི་གདོང་གི་སྣ་རྩེར་མེ་སོགས་དཀྱིལ་འཁོར་བཞིའི་འོད་ཀྱི་ཐིག་ལེ་བསྒོམ་ཞེས་གསུངས། གང་ལྟར་ཡང་ཇི་སྲིད་སེམས་རྩེ་གཅིག་མ་ཐོབ་ཀྱི་བར་དུ་རྣལ་འབྱོར་གྱི་ངོར་རིག་པས་རྟག་ཏུ་བསྒོམ་ཞེས་བྱ་བ་སྟེ་འདི་ནི་དགོངས་པས་བཤད་པའོ་ཅི་ལ་དགོངས་ན་རྡོར་བཟླས་ལའོ། །གཉིས་པ་ནི། རྡོ་རྗེའི་ཚིག་འདིའི་དོན་བཤད་པ་ལྷ་མོ་བཞིས་ཞུས་པ་ཞེས་བྱ་བའི་བཤད་པའི་རྒྱུད་ལས། བསྐྱེད་པའི་རིམ་པ་ལ་སྙིང་པོ་རྫོགས་རིམ་དེ་ལས་ཡང་ནི་སྙིང་པོ་མཆོག་རྡོ་རྗེ་བཟླས་པའི་རྣམ་གྲངས་རླུང་གི་དེ་ཁོ་ན་ཉིད་ནི་མཆོག་དམ་པའོ། །སངས་རྒྱས་ཀུན་གྱི་གསང་བ་ནི་ཐིག་ལེ་གང་


MR08_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕུང་པོ་ཡེ་ཤེས་ལ་སོགས་པ་ཐམས་ཅད་ཀྱི་བདག་ཉིད་གནས་པ་དེ་ནི་ལྷ་མོ་སྤྱན་མ་ལ་སོགས་ལ་བཤད་པར་བྱའོ། །སངས་རྒྱས་ལྔའི་རང་བཞིན་ཡེ་ཤེས་ལྔ་ཡི་དངོས་པོ་རླུང་གི་ཐིག་ལེ་དེ་ཉིད་ཡུངས་ཀར་ཕྲ་མོ་ཙམ་གྱི་ནི་འབྲུ་ཚད་ཙམ་གྱི་ཐིག་ལེ་དེ་ཡི་དབུས་ན་གནས་པའི་ལྷ་སངས་རྒྱས་ལྔ་ནི་ཡན་ལག་ཡོངས་རྫོགས་ཀྱི་རྣམ་པར་འབྲུ་གསུམ་མི་གསལ་ལ་ཟླ་བ་དང་ཀུནྡ་ལྟར་དཀར་བའི་ཐིག་ལེའི་རྣམ་པར་གསལ་བའི་བདག་ཉིད་ཅན་གྱི་གཟུགས་ཀྱི་གནས་པ་ཞེས་གསུངས་པ་དང་། གསུམ་པ་ནི། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས་ཀྱང་དོན་འདི་ཉིད་གསལ་བར་གསུངས་ཏེ་ཡེ་ཤེས་ལྔ་ཡི་རང་བཞིན་དབུགས་འབྱུང་བ་ལྔ་ཡི་ངོ་བོ་ཉིད་ཡུངས་ཀར་ལྟ་བའི་གོང་བུའི་གཟུགས་ཏེརྡུལ་ཕྲ་རབ་ཀྱི་གཟུགས་ཀྱིས་རྡོ་རྗེའི་ལམ་ནས་ཕྱུང་ནས་ནི་ལྷ་མོའི་པདྨའི་ཀུན་སྣ་ཡི་རྩེ་མོར་ཡོད་པར་རབ་ཏུ་བརྟག་པར་བྱ་ཞིང་དེ་བཞིན་གཤེགས་པ་མ་ལུས་པའི་རང་བཞིན་དུ་གཟུང་པར་བྱའོ། །བདེན་གཉིས་དབྱེར་མེད་ཀྱི་རང་བཞིན་རིན་ཆེན་དེ་བཞིན་གཤེགས་པའི་ཁ་དོག་སྣ་ལྔ་པོ་དེ་ཉིད་ལ་དམིགས་ནས་རླུང་འཛིན་པར་སྲོ༷ག་དང་ཡན་ལག་དྲུག་


MR08_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གི་ནང་ནས་སྟེང་འོག་ཏུ་སྤྲོ་བ་སྲོག་དང་རྩོལ་བ་ཞེས་བྱར་བཤད་དོ། །རང་སྔགས་ནི་གཞོམ་མེད་ཀྱི་ཡི་གེ་ཕྲ་མོའི་ཐིག་ལེའམ་སངས་རྒྱས་རྡོ་རྗེ་འཆང་ངོ་དེ་ཉིད་སྙིང་གར་ཐིག་ལེའི་དབུས་སུ་བསམས་ནས་ནི་སྲོ༷ག་རླུང་ནི་ཐིག་ལེར་སོན་པའམ་གནས་པར་བཞག་ཏེ་སེམས་དེར་ཟིན་པའོ། །ཞེས་གསུངས་པ་དང་། འདི་ཉིད་ཡང་སླར་བཤད་པ་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་བཤད་པའི་རྒྱུད་ལས། སྣ་རྩེར་ཡུངས་ཀར་ཞེས་བྱ་བ་སྟེ་ཡབ་ཡུམ་སྙོམ་པར་ཞུགས་པས་ཡན་ལག་ཐམས་ཅད་ཀྱི་ཚིགས་ལས་བསྡུས་པའི་བྱང་སེམས་ཀྱི་ཐིག་ལེ་སྔ་མ་བཞིན་སྲོག་དང་རྩོལ་བའི་སྒོ་ནས་དམིགས་པའམ་ཇི་ལྟར་འདོད་པ་བཞིན་དུ་བརྟག་པ་སྟེ་སྲོག་དང་རྩོལ་བ་དེ་ལ་གནས་པ་ནི། འོད་ཟེར་ལྔ་སངས་རྒྱས་ལྔ་ཡི་ངོ་བོ་རྣམས་སུ་བསྒོམ་པར་བྱ་སྟེ་དེ་རྣམས་རླུང་ལྔའི་ངོ་བོ་ཡིན་ནོ། །ལུས་ཀྱི་སྟེང་གི་སྣ་ལས་ཏེ་གདོང་གི་ཕྱོགས་ལས་ངེས་པར་འབྱུང་བ་སྣ་བུག་གཡོན་དང་གཡས་དང་གཉིས་ཀ་དང་དལ་བར་རྒྱུ་དང་རྣམ་བཞིར་འགྱུར་བ་བཞི་པོ་ནང་གི་དུས་བཞི་ནི་ཡིན་པར་བཤད་དེ་ནང་གི་དུས་འདི་ལ་ཉིན་ཞག་གཅིག་ལ་སྤྱིར་ཆུ་སྲང་དྲུག་ཅུ་རེ་


MR08_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆུ་ཚོད་གཅིག་ཏུ་བརྩིས་པའི་ཆུ་ཚོད་དྲུག་ཅུ་རེར་ངེས་ཏེ། དབུགས་ཡིན་ན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཁོ་ནར་ངེས་སོ། །འདིར་དབྱུག་གུ་དྲུག་ཅུ་རྩ་བཞི་འདོད་པ་ལྟར། ཉིན་ཞག་གཅིག་གི་ཆ་ཆུ་ཚོད་དྲུག་ཅུ་རེ་དྲུག་ཅུ་རེ་བཞིས་བགོས་པའི་ཆ་ཆུ་སྲང་བཅོ་ལྔ་ཙམ་རེ་དབྱུག་གུ་རེར་བརྩི་དགོས་པས་ཆུ་ཚོད་དྲུག་ཅུ་ཆུ་སྲང་དུ་ཕབ་པ་ ༣༦༠༠ སུམ་སྟོང་དྲུག་བརྒྱ་ལ་རེ་བཞིས་བགོས་པས་ཆུ་སྲང་ང་དྲུག་ཐོབ། ཆུ་སྲང་བཅུ་དྲུག་ལྷག་པ་དེ་བཞིས་བསྒྱུར་བས་རེ་བཞི་ཡིན་པས་ཆུ་སྲང་གཅིག་གི་བཞི་ཆ་རེ་དབྱུག་གུ་རེ་བཞི་ལ་སོ་སོ་ནས་འཕར་རྒྱུ་ཡོང་། ༥༡༤ ཆུ་སྲང་ང་དྲུག་རྐང་བཅས་ལ་ཆུ་ཚོད་དུ་བརྩི་བ་འདི་ཡིན་ལ། ༥ ༡ ༦༥ དུ་འཇུག་གི་རྩིས་སོགས་སྐབས་འགར་དུས་འཁོར་ལས་དེ་ལྟར་བཞེད་དོ། །འདིའི་ཆུ་ཚོད་དྲུག་ཅུ་ནི་སྤྱིའི་ཆུ་ཚོད་ང་དྲུག་ཡིན་པས་དེ་ལ་ཞག་གཅིག་བརྩིས་ན་སྤྱི་ལས་ཅུང་ཐུང་། དེ་སྟེང་ལྷ་མོ་བཞི་ཡི་གྲངས་བསྣན་པས་སྤྱི་ཡི་ཆུ་ཚོད་དྲུག་ཅུ་ལྷག་ཆད་མེད་པར་འཆར་རོ། །དེ་ཡང་ཉིན་ཐུན་ཆེན་བཞི་མཚན་བཞི་སྟེ་ཉིན་ཞག་གཅིག་ལ་ཐུན་བརྒྱད། དེ་ཕྱེད་དུ་བྱས་པས་ཐུན་ཕྱེད་བཅུ་དྲུག །དེ་ཕྱེད་བྱས་ ༣༢ ཡིན་ཏེ། ཉིན་མཚན་མཉམ་


MR08_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་དབང་དུ་ཉིན་ལ་དབྱུག་གུ་སོ་གཉིས་མཚན་ལ་སོ་གཉིས་ཡོད་པས་ཐུན་ཚོད་དམ་ཐུན་ནམ་མཚམས་ཞེས་པ་ཐུན་ཆེན་བཞི་སྟེ། དེ་རེ་རེའི་ཡུན་ལ་ཆུ་ཚོད་བརྒྱད་རེ་ཡོད། ཐུན་ཕྱེད་ཆུ་ཚོད་བཞི། དེའི་ཕྱེད་ཆུ་ཚོད་གཉིས་ཀྱི་ཡུན་ནམ་ཐུན་ཆེན་ཆུ་ཚོད་བརྒྱད་པའི་ཐུན་ལས་དབུགས་འབྱུང་རྔུབ་སུམ་ཅུའི་ཚོད་ཀྱི་ཆུ་ཀུན་ཚོད་ཕྱེད་ནི་འོད་གསལ་བའི་སྐད་ཅིག་གི་དུས་ཡིན་པས་ཉིན་ཐུན་བཞི་ལ་ཕྱེད་རེ་ཡོད་པ་བསྡོམས་པས་ཆུ་ཚོད་གཉིས། མཚན་ལའང་དེ་དང་འདྲ་བས་གཉིས་རེ་དབྱུག་གུ་བཞི་ནི་འོད་གསལ་ཉམས་སུ་མྱོང་བ་ནང་གི་དུས་ཞེས་བྱ་ལ། དེའི་ལྷག་མ་དབྱུག་གུ་དྲུག་ཅུ་ནི་འཇིག་རྟེན་ལ་གྲགས་པའི་ཉིན་ཞག་ཏུ་འདོད་དོ། །ལྐོག་མ་ལ་སོགས་བཞི་པོ་རྣམས་སུ་འབྱུང་ཆེན་བཞིའི་རང་བཞིན་ཅན་གྱི་དཀྱིལ་འཁོར་བཞི་རང་བཞིན་གྱིས་གྲུབ་པ་སྟེ་མེ་རླུང་གིས་དབང་། རླུང་གི་རླུང་གིས་དགུག་པ། སངས་རྒྱས་པ། ཆུས་ཞི་བའི་ལས་འགྲུབ་འདི་ལ་དམིགས་པ་བྱེད་ན་ས་བོན། ར་ལ་ཡ་ཝ་རྗེས་སུ་འཇུག་པའི་དབྱངས་དང་བཅས་པའི་ས་བོན་གྱིས་བསྐྱེད་པའི་སོ་སོའི་དབྱིབས་གྲུ་གསུམ་གཞུ་ལྟ་བུ་གྲུ་བཞི་ཟླུམ་པོ་དང་མདོག་


MR08_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

རང་མདོག་སོགས་ལའང་སྤྲོས་པས་བསྒྲུབ་པར་བསམ་པའོ། །འདིར་གཡས་ན་ཁུ་བ་གཡོན་ན་ཁྲག་གནས་པར་བཤད་ལ། དུས་འཁོར་སོགས་ལས་དེ་གོ་ཟློག་པ་འདི་མི་འགལ་ལོ་ཞེ་ན་མི་འགལ་ཏེ། ལྐོག་མ་ནས་ལྟེ་བའི་བར་དུ་གཡས་ཁུ་བ་གཡོན་ཁྲག་དང་། ལྟེ་འོག་ཏུ་དེ་ལས་བཟློག་སྟེ་འབབ་ཅེས་རྡོར་ཕྲེང་སོགས་ལས་གསུངས་སོ། །དེ་ཡང་ལྐོག་མ་སྙིང་ག་ལྟེ༷་བ་དང་གསང་བའི་པདྨ་གྱེན་དུ་འགྲོ་ཞིང་མར་འོང་བ་སྟོན་ལ་ཐུན་ཕྱེད་ཀྱི་ཚད་ནི་དུས་རྟག་ཏུ་འབྱུང་བ་བཞི་གོ་རིམས་ཇི་བཞིན་གནས་པར་བསྟན།དེ་གང་ཞེ་ན་སྣ་བུག་གཡས་པ་ནས་ནི་འབྱུང་བའི་ཁམས་མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ་ཁ་དོག་དམར་ཞིང་གསལ་བ་འདི་པདྨ་མགོན་པོ་སྣང་མཐའི་རྒྱུ་བའོ། །སྣ་བུག་གཡོན་པ་ལས་ནི་འབྱུང་བའི་ཁམས་རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ཁ་དོག་ལྗང་སེར་དག་ཏུ་སྣང་བ་སྟེ་ལས་ཀྱི་མགོན་པོ་དོན་གྲུབ་པའི་རང་བཞིན་དུ་རྒྱུ་བའོ། །སྣ་བུག་གཉི་ག་ལས་ནི་འབྱུང་བའི་ཁམས་མདངས་ཆེན་ཁ་དོག་སེར་པོ་སྟེ་དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད་རིན་ཆེན་མགོན་པོ་རིན་འབྱུང་རྒྱུ་བའོ། །དེ་བཞིན་དུ་སྣ་བུག་གཉིས་ཀ་ནས་རྒྱུ་བའང་


MR08_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དལ་ཞིང་རྒྱུ་བ་ཆེར་མེད་པའམ་མི་ཚོར་བའི་འཇམ་པའི་ཁམས་དག་ཅིང་ཤེལ་ལྟར་སྣང་བ་ནི་ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ་རྡོ་རྗེ་མགོན་པོ་མི་སྐྱོད་པའི་རྒྱུ་བའོ། །ལུས་ཀུན་ལ་ནི་གནས་པའི་རླུང་ཁྱབ་བྱེད་ནི་ཚིགས་མདུད་ཀུན་ཁྱབ་པས་འགྲོ་འོང་སོགས་བྱ་བ་ཀུན་ལ་འཇུག་པ་པོ་འདི་ནི་རྣམ་སྣང་ངོ་བོ་སྟེ་གསོན་དུས་ཕྱིར་མི་འབྱུང་ལ་འཆི་བའི་ཚེ་ན་ལུས་ལས་ཕྱིར་འབྱུང་བར་འགྱུར་ཏེ་ལུས་འདོར་བར་བྱེད་དོ། །རླུང་གི་དེ་ཉིད་གསལ་བ་ཉིད་དུ་བསྟན་པ་འདི་ཡེ་ཤེས་ལྔ་ཡི་ངོ་བོ་ཉིད་དུ་གནས་པ་ཡིན་ལ། དེ་ལྟར་ཡིན་ཡང་རྣལ་འབྱོར་བྱིས་པའི་ཚེ་ཐོས་སམ། བྱ་སྤྱོད་པའི་ཡུལ་མིན་ཞིང་མུ་སྟེག་དང་སོ་སྐྱེ་རྟོག་གེ་པ་ཡིས་མི་ཤེས་སོ། །གཉིས་པ་ཚིག་དོན་རྒྱས་པར་བཤད་པ་ལ་བཤད་བྱ་རྩ་རྒྱུད་ཀྱི་གཞུང་བཀོད། འཆད་བྱེད་རྒྱུད་གཞན་གྱི་ལུས་དྲངས་པ་སྟེ་གཉིས་ལས། དང་པོ་ནི། དེ་ལྟར་རླུང་གི་དེ་ཁོ་ན་ཉིད་བསྟན་ནས། ད་ནི་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་ཚིག་རྩ་བའི་རྒྱུད་ཉིད་ལ་འཇུག་པར་བྱ་སྟེ། དེ་བཞིན་གཤེགས་པ་ཀུན་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་འབྲུ་གསུམ་ཀུན་ཏུ་


MR08_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྐུལ་བར་བྱེད་པ་ཞེས་བྱ་བ་མཆོག་ཏུ་གསང་བ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ངག་ཏུ་བརྗོད་པའི་འབྲུ་གསུམ་ཚིག་གི་ལམ་ངེས་པར་བརྗོད་པས་སྔགས་བསྡུས་པ་འདི་ལྟ་བུ་གསུངས་སོ། །བཟླ་བྱ་ཨོཾ་ཨཱཿཧཱུྃ་འབྱུང་འཇུག་གནས་གསུམ་ཡི་གེ་གསུམ་གྱི་གདངས་སུ་གནས་པའི་དོན་རྟོགས་པ་ཡི་བཟླས་པ་ནི་ངོ་བོ་ཉིད་གཞོམ་དུ་མེད་པ་མཛེས་པའམ་བཟང་པོ་ནི་རྒྱུན་མ་ཆད་པ་ལས་དུས་གསུམ་སངས་རྒྱས་ཀྱིས་དེ་ལྟར་བརྟགས་པ་རྡོ་རྗེ་བཟླས་པར་དེ་བཤད་དོ། །རྡོར་བཟླས་ལ་དོན་རྟོགས་ཚུལ་དང་། དེའི་ཡོན་ཏན་ངོ་བོ་ཉིད་མེད་བཟང་པོ་ལ་ལུས་ངག་ཡིད་གསུམ་རང་བཞིན་མེད་པ་སོགས་ཀྱི་དབྱེ་སྒོ་བཅུ་གཉིས་ཞེས་ཀླུ་བྱང་གིས་གསུངས་ཏེ། མི་ཤིགས་པའི་རྡོར་བཟླས་ནི་རྣལ་འབྱོར་པས་མགོ་སོགས་སུ་ཡི་གེ་གསུམ་བཀོད་ནས། སྤྲོ་བར་བྱེད་པ་དང་གང་བར་བྱེད་པ་དང་བུམ་པ་ལྟ་བུའི་བྱ་བས་འཇུག་པ་སོགས་ཀྱི་ཡིད་ཀྱིས་རྩེ་གཅིག་པ་བྱས་ཏེ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་ཁོང་དུ་ཆུད་པ་ཡང་ཡང་གོམས་པ་ནི་འོད་གསལ་བའི་ངོ་བོས་ངོ་བོ་ཉིད་མེད་པ་བཟང་པོ་ནི་མི་ཤིགས་པའི་བཟླས་པའོ། །བདག་གཞན་མ་ལུས་རང་བཞིན་མེད་རྟོགས་


MR08_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྡོ་རྗེའི་བཟླས་པ་སྐུ། དེ་བཞིན་དུ་སྒྲ་ཚིག་རང་བཞིན་མེད་རྟོགས་གསུང་། བདག་གཞན་གྱི་ཡིད་རྟོག་དུས་གསུམ་རང་བཞིན་མེད་རྟོག་འོད་གསལ་པའི་ངོ་བོ་རྟོགས་པ་རྡོ་རྗེ་ཐུགས་ཀྱི་བཟླས་པ་སྟེ་གསུམ། དེ་བཞིན་དུ་ཆགས་སྡང་རྨོངས་གསུམ་དེ་དང་དེ་མིན་དུ་མ་གྲུབ་པའི་རང་བཞིན་མེད་པར་རྟོགས་པས་བཟླས་པ་རྡོ་རྗེ་འདོད་ཆགས་སོགས་ཀྱིས་བཟླས་པའོ། །ལྷ་སྔགས་དབྱེར་མེད་རྟོགས་པས་ཡང་ཡང་གོམས་པས་བཟླས་པ་ནི་མངོན་ཞེན་ངོ་བོ་ཉིད་མེད་པས་བཟང་པོ་སྟེ་སྤྲོ་བའི་རིམ་གྱིས་སེམས་ཅན་གྱི་དོན་བྱེད་པ་རིན་འབྱུང་གི་བཟླས་པ། འགྲོ་འོང་བྱེད་པ་བྱ་གྲུབ་ཡེ་ཤེས་ལ་གོམས་པས་བཟླས་པ་ནི་ངོ་བོ་ཉིད་མེད་འཁོར་གསུམ་ཡང་དག་པའི་བཟང་པོ་སྟེ་ཡོངས་སུ་འཛིན་པ་མེད་པ་སོགས་ཀྱིས་དོན་ཡོད་ཀྱི་བཟླས་པ། དོན་རྟོགས་པ་ནི་སངས་རྒྱས་བྱང་སེམས། དེ་ལྟོས་རྣམས་ཀྱི་ཐོབ་འདོད་ཀྱིས་སྔགས་ཚིག་ཤིན་ཏུ་གསལ་བར་འདོན་པ་ནི་དོན་རྟོགས་པའི་བཟླས་པ། ངོ་བོ་ཉིད་མེད་རྣམ་རྟོག་སྤོང་བའི་བཟང་པོ་སྟེ་སེམས་ཀྱིས་དུས་གསུམ་སངས་རྒྱས་བརྟགས་པ་དེ་རྣམས་ལ་དམིགས་ནས་བཟླས་པ་དེ་ནི་རྡོ་རྗེ་ལྟར་


MR08_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ཁྲོ་བོ་རྣམས་ཀྱི་བཟླས་པའོ། །དོན་རྟོགས་སྲོག་དང་རྩོལ་བ་དག་ཡུལ་དུས་ཁ་དོག་དང་དབྱིབས་སྤངས་ནས་བཟླས་པ་དེ་ནི་མ་ནིང་གི་རྡོར་བཟླས། དེ་ལྟར་བཅུ་གཉིས་པོ་གསུངས། དེ་ཉིད་ཀྱི་དབྱེ་བ་གཞན་ཡང་བཟླས་ཚུལ་དམན་པའི་ལས་ཅན་སློང་མོ་ཟ་ཞིང་མི་བཟླས་ཏེ་མ་བསླངས་པའམ་མ་རྙེད་པ་གཞན་ལའང་ཆགས་པར་མི་སློང་ལ་དགའ་བར་མི་བྱའོ་ཞེས་ཀྱང་འདུག །བྱ་སྟེ་ཆོག་ཤེས་བྱ་ཡི་འདོད་པ་ཀུན་ལ་ཅི་བདེར་ལོངས་སྤྱོད་ཅིང་སྔགས་ཀྱི་ཡན་ལག་ལྷར་གསལ་སོགས་ཇི་སྐད་བཤད་པ་ཀུན་ལྟར་སྔགས་ཀྱི་ཡན་ལག་མ་ཉམས་བཟླས་པར་བྱའོ། །གཉིས་པ་ལ། དགོངས་པ་ལུང་སྟོན་གྱི་ལུང་གིས་བཤད་པ་དང་། རྒྱུད་ཕྱི་མ་ལ་སོགས་པ་སྣ་ཚོགས་པའི་ལུང་གིས་བཤད་པ་དང་། གཉིས་མེད་རྣམ་རྒྱལ་ལ་སོགས་པའི་ལུང་གིས་བཤད་པའོ། །དང་པོ་ནི། བཤད་པ་འདི་ཉིད་སླར་བཤད་པ། དགོངས་པ་ལུང་བསྟན་པའི་རྒྱུད་ལས་གསུངས་པས་དེ་ལ་འཇུག་པར་བྱ་སྟེ། དེ་ནས་དཔལ་ལྡན་ཕྱག་ན་རྡོ་རྗེ་དང་སྣང་མཛད་ཆེ་སྟེ་རྡོ་རྗེ་འཆང་ཆེན་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྱབ་བདག་ལ་ནི་སླར་གསོལ་བ་འདིས་སེམས་ཅན་གྱི་རིགས་སྣ་ཚོགས་ཐམས་


MR08_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྐྱེད་པ་པོ་རྣམ་པ་སྣ་ཚོགས་སུ་སྣང་བའི་གཟུགས་ཅན་སེམས་འདི་ནི་ཇི་ལྟར་སྣང་བ་དེ་བས་སམ་དེ་ལྟར་དངོས་པོ་མེད་གྱུར་ཏེ་རང་བཞིན་མེད་རུང་ཆོས་ཐམས་ཅད་སྐྱེ་བར་འགྱུར་ཀྱང་རྒྱུ་རྐྱེན་ཕྲད་ནས་དངོས་པོ་སྲིད་པ་དག་ཏུ་རབ་ཏུ་གྲགས་པ་དེའི་རང་བཞིན་ནི་དོན་དམ་བྱང་ཆུབ་སེམས་ནི་མཁའ་དང་མཉམ་པ་ལེགས་པར་རྗེས་སུ་མྱོང་མཛད་པ་དེ་ལྟ་བུ་འགྲོ་བའི་དོན་ནི་མཛད་པ་པོ་སྐྱེ་བོ་མཆོག་ལ་དེ་བསྟན་གསོལ་ཏོ། །རྒྱུད་ཀྱི་སྒྲུབ་པ་ཡི་ནི་ཐབས་ཙམ་ཞིག་ཤེས་ནས་རྒྱུད་རྣམས་འཆད་པར་བྱེད་པ་འདི་ལྟར་བདག་ནི་རྡོ་རྗེ་སློབ་དཔོན་ཡིན་ཏེ་བླ་མ་ལས་ཐོས་ནས་རྒྱུད་ཤེས་སོ་ཞེས་མ་འོངས་པ་ན་སྨྲ་བར་འགྱུར་བ་དག་གི་ཚིག་ནི་འདི་ཉིད་དག་སངས་རྒྱས་ཀྱི་དགོངས་པ་ཡིན་ཞེས་སྨྲ་ཞིང་བྱིས་པ་རྣམས་འཇིག་སྟེ་ཆུད་ཟའོ། །སློབ་དཔོན་ངན་པ་དེ་ནི་སངས་རྒྱས་ཀྱིས་དགོངས་པའི་དོན་དམ་བྱང་ཆུབ་སེམས་ཇི་བཞིན་པའི་དོན་དུ་མི་ཤེས་སོ། །དེ་ནས་བདག་པོ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཐུབ་ཆེན་གྱིས་ལེགས་ཞེས་ལན་གསུམ་གསུངས་མཛད་ནས་ལག་ན་རྡོ་རྗེ་ལ་འདི་གསུངས་ཏེ་མི་རྟོག་པའི་དོན་གྱི་དེ་ཉིད་གཞན་གྱིས་མི་རྟོག་


MR08_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔགས་ཀྱི་དོན་གྱི་ཞེས་ཀྱང་ནི་རབ་ཏུ་ཕྱེ་ནས་བཤད་པར་བྱ་སྟེ་ངག་ཏུ་སྔགས་བརྗོད་པ་དང་སེམས་ཀྱིས་སངས་རྒྱས་སུ་དམིགས་པར་བཅས་པ་དང་། དེ་ཉིད་བརྡར་གྱུར་མིང་དང་ནི། དེའི་དེ་ཁོ་ན་ཉིད་དོན་དམ་མོ། །དེའི་དོན་བཤད་པ་ཚིག་གི་བརྗོད་པ་འཇིག་རྟེན་གྲགས་པ་ཐུན་མོང་སྟེ་ཡི་གེའི་ཕྱི་མོ་ལས་སྔགས་བཏུས་པ་དེ་ངག་ཏུ་བརྗོད་པའོ། །དམིགས་པར་བཅས་པ་སྔགས་ལས་བསྐྱེད་པའི་སངས་རྒྱས་ཉིད་དམ་སངས་རྒྱས་ཀྱི་ངོ་བོར་དམིགས་པའོ། །སྔགས་ཀྱི་དེ་ཉིད་འབྲུ་གསུམ་མམ་སྙིང་པོ་ཉེ་སྙིང་སོགས་མིང་གི་སྒོ་ནས་དོན་མཚོན་པའི་བརྡ་རུ་བཤད་པའི་རྡོར་བཟླས་སོ། །དོན་དམ་དེ་དག་གི་རང་བཞིན་སྟོང་པ་སྤྲོས་བྲལ་འོད་གསལ་དེ་བཞིན་ཉིད་ཡིན་ནོ། །སྔགས་བཏུ་བ་གསུངས་པ་དང་པོ་ཨ་གཅིག་ནི་སྡེ་ཚན་དགུ་ཡི་དབུས་ན་གནས་སོ། །གང་ཞིག་སྡེ་ཚན་བཅུ་ཡིས་མ་བཅིངས་པ། སྡེ་ཚན་ཨ་གཅིག་པུ་ཧ་དེ་ཉིད་སྡེ་ཚན་དུ་བསྡུས་པའོ། །བཅིང་མེད་ཅེས་ཡང་ན་དེའི་ཕ་རོལ་དུ་ཡི་གེ་གང་ཡང་མེད་པས་དེས་མ་བཅིང་པ་ཞེས་བྱ་སྟེ་དེ་ཤེས་པ་ནི་མཆོག་ཀུན་གི་གནས་ཏེ་རྟོགས་པའོ། །མདོར་ན་དབྱངས་དང་གསལ་བྱེད་ཡི་གེ་སྟེ་སྡེ་ཚན་གྱི་གྲངས་དགུ་ཡི་ནི་རྗེས་འཇུག་པ་དེ་དག་ཨ་གཅིག་པུས་བཅིངས་


MR08_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕན་ཚུན་ཡང་དག་སྦྱོར་བ་སྟེ་བརྗོད་བྱ་རྗོད་བྱེད་ཀྱི་དངོས་པོའམ་རང་གི་ངོ་བོ་ཉིད་དུ་གང་གིས་དེ་ལྟར་ཤེས་པ་དེ་ནི་འགྲོ་བའི་བླ་མའི་ས་ཐོབ་བོ། །དེས་ཨ་དོན་འོད་གསལ་ལོ། །འབྱུང་བའི་མཐའ་འབྱུང་བ་བཞིའི་མིང་དེའི་མཐའ་ནི་དབྱངས་བཞིའི་མཐའི་ཨུ་ཨཱུ་གཉིས་པོ་ཞེས་འཆད་པའང་ཡོད། ཧ་དང་ཡང་དག་ལྡན། དང་པོ་ཆ་ལ་སོགས་པ་དབྱངས་བཅུ་དྲུག་གནས་སོ། །བཅུ་དྲུག་ཆ་ནི་དང་པོར་གནས། ཞེས་ཀླུ་བྱང་འགྲེལ་ན་འདུག །ཨཱ་དིའི་སྒྲ་དང་པོ་སོགས་སྒྲ་གཉིས་ཀར་འཇུག་པའི་དང་པོ་ལ་འཇུག་པ་ལེགས་སོགས་སྒྲ་ལྟར་བཤད་དཀའོ། །ཀ་སོགས་སྡེ་ཚན་ལྔ་པོ་དེའི་དང་པོ་ལྔ། གཉིས་པ་ལྔ་སོགས་ལྔ་པ་ལྔ་དང་ཡང་དག་ལྡན་ཞེས་པའོ། །འབྱུང་བའི་མཐའ་སོགས་འདི་ལ་འཆད་ཚུལ་མང་སྟེ། སྔགས་བཏུ་གཞི་དབྱངས་གསལ་བཤད་པ། ཡི་གེ་ཐམས་ཅད་འབྱུང་བའི་གཞི་མཐར་ཐུག་ཨ་ཐུང་ངུ་དང་ཡང་དག་ལྡན་པའི་དབྱངས་དང་པོའི་ཆ་ལ་སོགས་བཅུ་དྲུག་ཏུ་གནས་པ་དང་། ཀ་ཙ་ཊ་ཏ་པའི་སྡེ་པ་ལྔ་པ་ནང་གསེས་ལྔ་རེ་དང་། ཡང་དག་ལྡན་མཐར་གནས་བཞི་ནི་དང་པོ་དཔྱོད་དྲོད་གསུམ་དུ་ངེས་པར་སྦྱར། ཡི་གེ་ཞེ་དགུ་ནི་སྔགས་བཏུ་བའི་གཞིའོ། །ཡང་ན་འབྱུང་བའི་མཐའ་ཧ་ལ་


MR08_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ནའང་ཞེ་དགུའོ། །ཀླུ་བྱང་གིས་འབྱུང་བའི་མཐའ་འབྱུང་བཞིའི་ས་བོན་མཐར་གནས་བཞིའི་མཐའ་ན་གནས་པ་ཤའོ། །ཡང་དག་ལྡན་དེ་རྣམས་ཀྱི་དང་པོ་ཡ། བཅུ་དྲུག་ཆ་དབྱངས་རྣམས་ཀྱི་དང་པོ་ཨ། ལྔ་པ་ལྔ་ནི་ཀ་སོགས་སྡེ་ལྔ། ཡང་དག་ལྡན་དེ་རྣམས་ཀྱི་དང་པོ་ཀ །དེ་ལྟར་ཨ་ཀ་ཡ་ཤ་སྟེ་འབྱུང་ཆེན་བཞི་དང་ལྷ་མོ་བཞི་ལས་བཞི་དང་། དགའ་བཞིའི་རང་བཞིན་ཅན་བཞི་ནི། ཡི་གེ་འབྲུ་གསུམ་དུ་ངེས་པར་སྦྱར་ཏེ། ཤེས་རབ་རང་བཞིན་ཨའི་སྡེ་ཚན་ཡི་གེ་ཨཱ་ཐབས་ཀྱི་རང་བཞིན་ཀ་སོགས་སྡེ་ཚན་ཡི་གེ་ཧཱུྃ། གཉིས་ཀའི་རང་བཞིན་གྱི་ཡ་དང་ཤ་དག་ནི་ཨོཾ་སྟེ། རྡོར་ཕྲེང་ལས། ཆ་གཉིས་པ་དང་དགུ་པ་ཉིད་དུ་བཤད། སུམ་ཅུ་བཅུ་པ་ལྔ་པ་ས་བོན་ཉིད། ཆ་གཉིས་པ་དང་ལྔ་པ་དྲུག་པར་ལྡན། རྣམ་བྱུང་དེ་ནི་ཐིག་ལེ་ཡིན་པར་བརྗོད། ཅེས་གསུངས་ཏེ་སྒྲ་ཇི་བཞིན་པའོ་གསུངས། ཡང་དབྱངས་གསལ་གྱི་ཡི་གེ་གང་ཞིག་སྔར་བཤད་པ་དེ་རྣམས་གང་ཡང་རང་རང་གི་མཚན་ཉིད་ལ་མངོན་པར་ཕྱོགས་པས་ཕོ་མོ་མ་ནིང་དུ་དབྱེ་བ་སོགས་སོ། །ཀླུ་བྱང་གིས། མངོན་པར་ཕྱོགས་པ་ཞི་སོགས་ལས་ཀྱི་ཚོགས་ལ་ནུས་པ་དང་ལྡན་པའི་མཐར་གནས་དང་དྲོ་བའི་ཡི་གེར་བཤད་


MR08_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཡིན་པའོ། །ཞེས་གསུངས། དབྱངས་ཀྱི་སྡེ་ཚན་ནི་བུད་མེད། གསལ་བྱེད་སྡེ་ལྔ་ནི་སྐྱེས་པ། མཐར་གནས་དང་དྲོ་བ་ནི་མ་ནིང་ཞེས་གསུངས།ཁམས་ལ་སོགས་པ་ནི། ཁམས་ནི་བྱིངས་དང་ལ་སོགས་པས་རྐྱེན་དང་རྟགས་དང་རྣམ་དབྱེ་དང་བྱེད་རྐྱེན་དེ་ཕན་དང་། བསྡུ་བ་དང་། བྱེད་པ་དང་། སྐྱེས་བུ་དང་། བདག་དོན་དང་། གཞན་དོན་དང་། བྱེད་པ་བྱ་བ། དུས་ཀུན་དང་འབྲེལ་པ་དང་། སྐྱེས་བུ་དང་། ཡི་གེ་དང་། ཚིག་ངག །ངག་ཆེན་པོ་སོགས་ཀྱི་བྱེ་བྲག་ཏུ་ཡོངས་སུ་བརྟགས་ཏེ་ཐ་སྙད་དུ་བྱས་ཞེས་སོ། །ཡང་བཤད་ཚུལ་གཅིག་ལ། དང་པོ་གཅིག་དགུ་དགུ་ཆ་དང་པོ་བཅུ་དྲུག་གི་གནས་ཨ་བཅུས་འབྱུང་བའི་མཐའ་དང་། མ་བཅིངས་པ་ཧ། ལྔ་པ་ལྔ་ནི་མ། བཞི་ནི་ཨ་ཧ་ཨུ་མ་བཞི། དེ་ལས་ཨོཾ་ཨཱཿཧཱུྃ་བསྒྲུབ་པའོ། །སྡེ་ཚན་དགུ་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་བཅུ་ནི་སྡེ་ཚན་དང་པོའོ། །ང་ཉ་ན་མ་གཉིས་པ། ཀ་ཁ་ག་གྷ་གསུམ་པ། ཙ་ཚ་ཛ་ཛྷ་བཞི་པ། ཊ་ཋ་ཌ་ཌྷ་ལྔ་པ། ཏ་ཐ་ད་དྷ་དྲུག་པ། པ་ཕ་བ་བྷ་བདུན་པ། ཡ་ར་ལ་ཝ་བརྒྱད་པ། ཤ་ཥ་ས་ཧ་དགུ་པའོ། །ཡང་ལུགས་གཅིག །དབྱངས་ལས་མ་ནིང་བཞི་དང་ཨཾ་ཨཿ


MR08_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ་དང་པོ། དེ་ནས་ཀ་ཙ་ཊ་ཏ་པ་ཡ་ཤའི་སྡེ་ཚན་བདུན་དང་བརྒྱད། དེ་སྟེང་མ་ནིང་གི་སྡེ་ཚན་དྲུག་བསྣན་པས་དགུར་བཤད་པའང་སྣང་། དང་པོའི་ཨ་གཅིག་ནི་སྡེ་ཚན་དགུའི་དབུས་ན་གནས་པ་སྟེ་ཀུན་ལ་ཁྱབ་དེ་ལྟར་ཡི་གེ ། ༤༩ འོ། ཨ་ཨུ་མ་གསུམ་ལས་ཨོཾ། ཧ་ཨཱུ་མ་ལས་ཧཱུྃ། ཨ་གཉིས་ཚེག་དྲག །མ་ལས་ཨཱཾཿ དེ་ལ་ཚེག་དྲག་བཞག་སྟེ་ཀླད་ཀོར་མ་དབྱི། ཡང་སྡེ་ཚན་དགུ་ནི། ཨ་ཨི་ཨུ་རྀ་ལྀ་ཨེ་ཨོ་ཨཾ། དབྱངས་ཐུང་ངུའི་སྡེ་ཚན། ཨཱ་ནས་ཨཻ་ཨཽ་ཨཱཿབར་རིང་མོའི་སྡེ་ཚན། ཀ་ཁ་ག་གྷ་ང་སོགས་སྡེ་ལྔ། ཡ་ར་ལ་ཝ། ཤ་ཥ་ས་ཧ་བར་སྡེ་བདུན་ནོ། །གང་ཞིག་བཅུས་མ་བཅིངས་པ་ནི། ཨ་རང་ལའང་གཞན་པའི་སྡེ་ཚན་དགུ་དང་རང་བཅས་བཅུའོ། །དེས་བཅིངས་པ་ནི་དེས་ཀུན་ལ་ཁྱབ་ཅིང་། དེ་ཉིད་ལ་བཅུས་མ་ཁྱབ་པ་དེ་ནི་སུས་ཀྱང་བཅིངས་མེད་ཅེས་གསུངས་ཏེ་ཡི་གེ་གཞན་ཐམས་ཅད་ཀྱི་ཁོང་ན་གནས་པ་སྲོག་གི་ཨའོ། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན།ཁོང་ནས་འབྱུང་བ་སྐྱེ་བ་མེད། ཅེས་པ་བཞིན་ནོ། །དེ་ཤེས་པ་སྔགས་ཀྱི་མཆོག་གི་ཚུལ་ལམ་གནས་ཡིན་ནོ། །འདིའི་སྦས་དོན་ཕུང་ལྔ་འབྱུང་ཆེན་བཞིའི་དབུས་ན་གནས་ཀྱང་དབང་ཡུལ་


MR08_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བཅུས་མ་བཅིངས་ཤིང་མ་བསྒྲིབ་པའི་སེམས་ཉིད་ཆོས་སྐུ་གནས་པ་ནི་ཡེ་ནས་བཅིང་མེད་རང་བཞིན་རྣམས་ཡིན་ལ། དེ་ཤེས་པ་ནི་མཆོག་གི་གནས་དོན་དམ་རྟོགས་པའོ། །ཞེས་སོ། །དེ་བཞིན་འོད་གསལ་སྒྱུ་ལུས་སོགས་དང་སྦྱར་སྤྱི་སྦས་སོགས་ཀྱི་བཤད་པ་མང་པོ་སྣང་ངོ་། །སྡེ་ཚན་དགུས་དེ་མ་བཅིངས་ལ་དེ་ཡི་གོང་ན་གཞན་མེད་པའི་ཕྱིར་བཅུས་མ་བཅིངས་པ་ཞེས་སོ། །ཡ་ར་ལ་ཝ་བཞི་ནི་ཤ་ཥ་ས་གསུམ་དུ་ངེས་པར་སྦྱར། སྦྱར་ཚུལ་ཡི་གེ་ཨོཾ་ཀྱང་ཨཱཾ་བཅས་ཞེས་ཐིག་ལེ་དང་བཅས་པ་དང་རིང་པོར་བཅས་ཨ་ཨུ་ལས་ཨོར་སོང་བ་ཡོན་ཏན་དང་དང་པོ་དང་གསུམ་པ་ལ་ཐིག་ལེ་སྦྱོར་བ་དང་ཧ་མ་ཨུ་སྦྱར་བ་སོགས་ཕྱིས་ཕྱོགས་དང་མཚུངས་པ་ཞེས་ཀྱང་འདུག །དང་ལྡན་ཞེས་བསྒྱུར་བའང་ཡོད། དེ་ལྟ་ན་ཡི་གེ་ཕྱིས་པའོ། །སོགས་སྒྲས་ཕྱིས་པ་བསྟན་ན་ཕྱིས་དང་ཞེས་པ་བདེའོ། །ཨ་ཐུང་ངུ་ནི་མ་ལུས་པའི་ངག་ཏུ་གྱུར་སྟེ་ངག་གིའོ། །ཅོག་གི་ངོ་བོའོ། །དེ་དག་གིས་དུ་མར་བརྗོད་པས་གཅིག་མིན་རང་གི་ལྡོག་པ་ནས་དུ་མའང་མ་ཡིན་ན། དབྱངས་གསལ་གྱི་ཡི་གེ་གང་ཞིག་སྔར་བཤད་པ་ཁ་ཚ་སོགས་དང་གང་ཡང་དེ་སྲོག་ཏུ་ཞུགས་ནས་སམ་མཐར་ཐུག་


MR08_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྔགས་ལ་མངོན་པར་ཕྱོགས་པ་ཀ་དང་ཙ་ལ་སོགས་པ་རྣམས་གསལ་བྱེད། དབྱངས་བུད་མེད་གསལ་བྱེད་སྐྱེས་པ་རྀ་ལྀ་སོགས་མ་ནིང་སྟེ་དེ་དག་རྐྱང་པ་སོགས་སམ་ཡང་ན་བྱིངས་དང་། རྣམ་དབྱེ་ཁམས་ལ་སོགས་པར་རབ་ཏུ་བརྟག་པར་བྱའོ། །མཐའ་མ་འོག་དང་ཡང་འོག་ཏུ་འཇུག་སྟེ་སྟེང་དུ་འབྱུང་བ་ལྡན་པ་གནས་པ་ཞེས་གསུངས། དང་པོ་སྟེང་དུ་བཅས་ལྡན་པར་ནི་ཤེས་ནས་ཞེས་པའི་ཤུགས་ཀྱིས་དབུས་ཀྱང་འབྱུང་ངོ་། །བློ་ཡིས་ཏེ་ཤེས་རབ་ཀྱིས་ནི་ངེས་པར་དང་པོ་ཨོཾ། དབུས་ན་ཨཱཿ ཐ་མ་ཧཱུྃ་སྦྱར་བས་དངོས་གྲུབ་ཐོབ་བོ། །དེ་ལྟར་བརྗོད་པ་ཡི་ནི་སྔགས་འདི་ནི་སྔགས་ཀྱི་བརྗོད་པ་སྟེ་ཞེས་འདི་དག་སྙིང་ག་ན་གནས་པའི་སྒྲ་གདངས་གཞོམ་མེད་ཀྱི་རང་བཞིན་ཡིན་པས་སྒྲ་རང་མཚན་པའི་དངོས་མེད་པའམ་ཡང་ན་ངོ་བོ་ཉིད་མེད་པའི་ངོ་བོ་ལས་བྱུང་བའོ། །སྔགས་སམ་ཡི་གེ་དེ་ནི་ཡོངས་སུ་གྱུར་པའི་གཟུགས་རྣམ་སྣང་སོགས་ལྷ་རུ་ཉེ་བར་མཚོན་པ་གང་དེ་ནི་ལྷར་ཉེ་བར་དམིགས་པའོ། །བརྡ་ནི་འབྲུ་གསུམ་དེ་ཉིད་རྡོ་རྗེ་གསུམ་ལུས་ངག་ཡིད་གསུམ་དུ་གནས་པ་རང་བཞིན་བཟླས་པའི་མཚན་ཉིད་དོ། །བརྡ་ཞེས་པ་ནི་ཡི་གེ་ཕན་ཚུན་འཚོགས་པའི་སྟབས་ཀྱིས་ཉེ་སྙིང་


MR08_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཕྲེང་བའི་སྔགས་སོགས་སྦྲུལ་ལྟ་བུར་འབྲེལ་བར་གནས་པ། མགོ་ཅན་མཐའ་རྟེན་ཅན་ལ་སོགས་པའི་སྔགས་དེ་དག་ལས་དེ་དང་དེ་མངོན་པར་བརྗོད་པའམ་བརྡར་གྱུར་པ་ཡིན་པ་སྤྱིར་བཤད་པ་དང་། སྔགས་ཐམས་ཅད་རྩ་བ་ཡི་གེ་གསུམ་ལ་བསྡུས་ཏེ། རླུང་འབྱིན་འཇུག་གསུམ་དང་སྦྱར་བ་སྲོག་གམ་རླུང་གི་དེ་ཉིད་གསུམ་དུ་རང་བཞིན་བཟླས་པའོ། །གཞི་གཞོམ་མེད་སྔགས་ཀྱི་དེ་ཁོ་ན་ཉིད་ནི་ཨ་ཡིག་གིས་མཚོན་པའོ་ཨ་འབའ་ཞིག་ལ་བརྟེན་པ་ཡེ་ཤེས་ནི་ཞེས་བཤད་པའི་ཡེ་ཤེས་མཐའ་གང་དུའང་མི་གནས་པའི་གཉུག་མའི་སེམས་ནི་སངས་རྒྱས་ཀུན་གྱི་སྙིང་པོར་གྱུར་པའོ། །དེ་ལས་སྤྲོས་པའི་ཨོཾ་འཇུག་པའི་རང་བཞིན་གྱིས་སེམས་ཅན་རྣམས་ནང་དུ་ཡང་དག་སྡུད་པར་བྱེད་ལ། སྔགས་དེ་ཉིད་སངས་རྒྱས་སྐུར་ནི་རབ་ཏུ་བརྟག །ཧཱུྃ་སྲོག་གིས་རང་བཞིན་གྱིས་སེམས་ཅན་ཡང་དག་སྤྲོ༷་ཞིང་། སངས་རྒྱས་ཐུགས་སུ་རབ་ཏུ་བརྟག །ཨཱཿནི་མཉམ་པའི་རང་བཞིན་གྱི་གནས་པར་གྱུར་པའོ། །སངས་རྒྱས་གསུང་དུ་རབ་ཏུ་བརྟག་སྟེ། དེ་ལྟར་དབུགས་འཇུག་པ་ཉིད་དང་གནས་པ་དང་ལྡང་བ་ཡི་ནི་རིམ་གྱིས་ཀྱང་།


MR08_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་སྟེ་དོན་དམ་ཤེས་རབ་སྟོང་པ་དང་ཐབས་ཀྱི་ཀུན་རྫོབ་སྣང་བ་ཉིད་ཐ་མི་དད་པའི་གཞིར་གནས་ཏེ་སྔགས་འབྲུ་གསུམ་པོ་ཉིད་ཀྱི་ཡན་ལག་དེ་ལྟ་བུ་རླུང་གདངས་སུ་ཤར་བ་དེ་ལྷ་དང་ཐ་མི་དད་པའི་ཚུལ་མ་ཉམས་བཟླས་པར་བྱའོ། །ཡང་ན་ཐབས་ཤེས་སྙོམས་ཞུགས་ཀྱི་རིམ་པས་ཀུན་རྫོབ་དང་དོན་དམ་ཐ་མི་དད་པར་བཟླས་ཤིང་ཉམས་སུ་མྱོང་བར་བྱའོ། །ད་ནི་རླུང་གི་གྲངས་ཀྱིས་བཟླས་པའི་གྲངས་བཤད་པ། འདིར་ལྐོག་མ་ལ་སོགས་གནས་བཞིར་མེ་སོགས་དལ་ལ་གོས་དཀར་སོགས་ལྷ་མོ་བཞིའི་ཀུན་རང་བཞིན་ཅན་བཞི་བསྒོམ་གསུང་། གོས་དཀར་ལ་སོགས་དཀྱིལ་འཁོར་བཞིར་བཟླས་བཤད་པ་དེ་ཡང་ནང་གསེས་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ཡིན་པས། འབྱུང་ཆུང་རེ་རེ་ལ་དབུགས་བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ་འབྱུང་ཆུང་བཞི་པོ་ལེགས་པར་བསྡུས་པ་ནི་སྦྱོར་བཞི་བསྡུས་པ་བརྒྱ་ཕྲག་དགུ་སྟེ་འབྱུང་ཆེན་ལའོ། །དེ་ལྟར་དབུགས་དགུ་བརྒྱ་དག་ཏུ་གང་བསྟན་པ་ཉིན་མཚན་མ་རིག་པ་སོགས་དུས་སྦྱོར་རྟེན་འབྲེལ་ཚན་གཉིས་ཉི་ཤུ་རྩ་བཞིའི་རིམ་གྱིས་ནི་དེ་ནི་སོ་སོར་འབྱུང་བ་ལས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུའོ། །དེ་ཡང་ཉིན་


MR08_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གཅིག་ལ་སྤྱིར་ཆུ་ཚོད་དྲུག་ཅུ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་ཅིང་ཉིན་ཐུན་བཞི་མཚན་ཐུན་བཞི་སྟེ་བརྒྱད་ཀྱི་ཐུན་རེ་རེ་ལ་ཆུ་ཚོད་ཕྱེད་བརྒྱད་ཡོད་པ་དེའི་ནང་དུ་དཀྱིལ་འཁོར་བཞི་ལ་རྡོར་བཟླས་ཉིས་སྟོང་བདུན་བརྒྱ་ཡོད་པས་ཉིན་ཐུན་བཞི་ལ་ཁྲི་བརྒྱད་བརྒྱ་དང་། མཚན་མོའང་དེ་འདྲ་བས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བཟླས་གྲངས་འགྲོའོ། །གཉིས་པ་རྒྱུད་ཕྱི་མའི་ལུང་ལ་སོགས་པ་སྣ་ཚོགས་པའི་ལུང་གིས་བཤད་པ་ནི་ནང་གི་དུས་འདི་ཉིད་གསལ་བར་བྱ་བའི་ཕྱིར་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རླུང་དཀྱིལ་འཁོར་བཞིའི་གདངས་སྔགས་ལྷ་མོ་བཞི་སོགས་སུ་ཤེས་པའམ་རིག་པའི་ཆོ་ག་འདི་ལྟ་བུ་ཡིས་ནི་ཉིན་མཚན་གྱི་ཐུན་མཚམས་བཞིར་ནི་རབ་སྦྱོར་བས་མཚོན་བྱ་དཀྱིལ་འཁོར་མཚོན་བྱེད་རླུང་གི་གྲངས་འབུམ་གྱི་ནི་མཚན་ཉིད་ཅན་གྱིས་འབྲུ་གསུམ་པོའི་སྔགས་ཀྱི་ཡན་ལག་ལྷ་སྔགས་ཐ་མི་དད་པས་མ་ཉམས་བཟླས་ཞེས་གསུངས་པ་དང་། རྡོ་རྗེ་བཟླས་པ་ཉིད་བླང་བྱ་ཡིན་པར་བསྟན་པ་ནི་ནང་གི་རྣལ་འབྱོར་ཟབ་མོའི་བསྒོམ་པ་ཡི་ནི་བར་ཆད་དུ་གྱུར་པ་ཅན་ཡིན་པས་རྣལ་འབྱོར་ཕྱི་རོལ་ངག་གི་བརྗོད་པ་ཕྲེང་བ་


MR08_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སུ་གྲངས་བཟུང་སྟེ་བཟླས་པ་སྤང་ངོ་། །སྔགས་དོན་སོགས་ཀྱི་འགྲེལ་ཚུལ་ངག་ཏུ་བརྗོད་པའི་སྔགས་བཟླ་བའི་དོན་ནི་བསྒྲུབ་བྱའི་ལྷ་བཅོམ་ལྡན་རྡོ་རྗེ་ཅན་འགྲུབ་པའི་ཆེད་ཡིན་ན། དེ་ནི་རང་གི་རླུང་འབྱིན་འཇུག་གསུམ་དང་དབྱེར་མེད་པའི་ཕྱིར་ལྷ་སྔགས་ཐ་མི་དད་རྡོ་རྗེ་ལྟ་བུའི་བདག་ཉིད་ཇི་ལྟ་བར་བཟླས་པ་བྱེད་པའི་ཚེ་གླང་པོ་རྙེད་ནས་གླང་རྗེས་ཚོལ་བ་ལྟར། སྔགས་ཀྱི་ལུས་ཏེ་ལྷ་སྔགས་དབྱེར་མེད་ཀྱི་དོན་སྔགས་པ་རང་ཉིད་ཀྱིས་མངོན་དུ་གྱུར་ནས། སྔགས་ཀྱི་སྒྲས་ལྷ་གཞན་ཐུགས་དམ་བསྐུལ་བའི་སྒྲ་ཡི་བརྗོད་པ་ངག་ཏུ་བཟླ་བའི་བཟླས་པ་ཇི་ག་ཚོལ་བར་བྱེད་དམ་ཞེས་འགྲེལ་ན་ལེགས་པར་སེམས། དེ་ལྟ་ན་བསྐྱེད་རིམ་པའང་སེམས་དཔའ་གསུམ་གྱི་རྣལ་འབྱོར་དང་ལྡན་པའི་སྤྱན་དྲངས་མཆོད་པ་སོགས་བྱེད་པའང་རྫོགས་རིམ་པ་ལ་མི་དགོས་སམ་སྙམ་ན། དེ་འབྱིན་འཇུག་གི་སྔགས་ཀྱིས་བྱེད་ཀྱིས་གཞན་མི་དགོས་ཞེས་འཆད་ན་ལེགས། དེའི་ཕྱིར་བསྐྱེད་རིམ་པའང་སྔགས་ཚེགས་ཆེན་པོ་བསྒྲུབ་པ་དེ་རྫོགས་རིམ་པས་འབད་རྩོལ་ཆེན་པོ་མི་དགོས་པར་འགྲུབ་བོ། །ཡང་འགྲེལ་ཚུལ་དཀྱུས་ལྟར་བཤད་ན་རྡོར་བཟླས་ཀྱིས་སྔགས་


MR08_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསྒྲུབ་བྱའམ་དོན་བཅོམ་ལྡན་རྡོ་ཀུན་རྗེ་ཅན་ཡིན་པ་རྡོ་རྗེ་འཆང་གི་བདག་ཉིད་དུ་གྱུར་ན་དེས་སྔགས་ཇི་ལྟར་བཟླས་དགོས་ཏེ་ཆུ་བརྒལ་ནས་གྲུ་མི་དགོས་པ་སྟེ། གླང་པོ་སྔོན་དུ་རྙེད་གྱུར་ནས་གླང་པོའི་རྗེས་ནི་ཚོལ་བྱེད་ལྟར་སྔགས་ཀྱི་ལུས་སམ་ཡེ་ཤེས་ཀྱི་ལུས་སུ་རང་ཉིད་མངོན་གྱུར་ནས་གླང་རྗེས་ལྟ་བུའི་རྡོར་བཟླས་གཞན་དག་ཇི་ག་འཚོལ་བྱེད་དམ། གཞན་ཡང་སངས་རྒྱས་རྡོ་རྗེ་འཛིན་གང་ཞིག་གིས་བསྐྱེད་པའི་རིམ་པའི་རྣལ་འབྱོར་པས་སྤྱན་དྲངས་གཞུག་པ་གཤེགས་སུ་གསོལ་བའི་སྔགས་ཀྱི་སྦྱོར་བ་གསུམ་དམ་ཡེ་ཏིང་འཛིན་སེམས་དཔའ་དང་ལྡན་པ་ཡིས་ལྷ་སྤྱན་དྲངས་པ་དང་གཤེགས་སུ་གསོལ་བར་གྱུར་དང་དེ་བཞིན་བཞུགས་སུ་གསོལ་བ་ཉིད་དང་རྫོགས་རིམ་རྡོར་བཟླས་ཀྱི་རྣལ་འབྱོར་པ་འཇུག་པའི་རླུང་གིས་གཞུགས་པ་ཡིས་ནི་ལྷ་སྔགས་དབྱེར་མེད་པའི་ངོ་བོའི་ལྷ་སྤྱན་དྲངས་ཏེ་མྱུར་བ་འབྱུང་བའི་རླུང་གི་ཡིས་ནི་གཤེགས་སུ་གསོལ་བ་དང་རང་བཞིན་གྱི་མཉམ་པའི་རླུང་གཉིས་ཀ་མིན་པ་ལ་བརྟེན་ནས་གནས་པ་དེ་ཡི་ཚེ་བཞུགས་སུ་གསོལ་བའོ། །དེ་ལྟ་ན་སྤྱན་དྲངས་མཆོད་རབ་


MR08_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སོགས་མི་རུང་ངོ་སྙམ་ན་རྫོགས་རིམ་བསྒོམ་པ་དེས་དངོས་གྲུབ་དམ་པ་སྣ་ཚོགས་ཀྱི་གནས་རྣམས་སྐད་ཅིག་ཙམ་གྱི་གྲུབ་པ་ཁམས་གསུམ་པ་ཡང་དེའི་རང་བཞིན་དུ་བྱེད་པའི་བླ་མེད་པའོ། །དབུགས་མེད་དངོས་གྲུབ་དམ་པའོ། །ཞེས་པའི་འགྱུར་ལྟར་ན་འབྱིན་འཇུག་སོགས་གཡེང་བ་དང་མཚུངས་པར་གོམས་ཚེ་འཇུག་པ་སོགས་བཀག་སྟེ་མ་ནིང་བཟླས་པ་གོམས་པའི་དབུགས་མེད་པའོ། །རླུང་གི་རྒྱུ་བ་དྷཱུ་ཏིར་འགག་པའི་དབུགས་མེད་དངོས་གྲུབ་དམ་པ་ཡེ་ཤེས་ཀྱི་སྐུ་འགྲུབ་པའོ་ཞེས་སུའང་བཤད་སྣང་། རླུང་ལ་དབང་ཐོབ་པས་ཕྱིར་འབྱུང་བ་མྱུར་བ་དང་ནི་ནང་དུ་རྣམ་བསྡུས་དང་ནང་དུ་དལ་བུར་གནས་པའམ་དལ་བ་ཅན་དང་གནས་པའི་རླུང་དང་ཨོཾ་སོགས་ཀྱི་སྔགས་སྦྱོར་བའི་ཚུལ་འདི་བླ་མས་སློབ་མའི་རྣ་དྲུང་དུ་རབ་ཏུ་འབད་དེ་བཤད་པར་བྱ་བའི་གསང་བ་ཡིན་གྱི་ཐམས་ཅད་དུ་བསྒྲག་བྱ་མིན་ནོ། །འདི་བཞི་དགའ་བཞི་ལ་སྦྱར་བའང་སྣང་ངོ་། །རྡོ་རྗེའི་བཟླས་པའི་བྱེ་བྲག་གཞན་ཡང་དེ་ནས་རྣལ་འབྱོར་དབང་ཕྱུག་རྫོགས་རིམ་པ་དག་གི་ཉམས་ལེན་ཐབས་ཀྱི་དམ་པ་བསྟན་པའི་ཕྱིར་རྣལ་འབྱོར་གྱི་འབྲས་བུ་


MR08_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་རབ་ཏུ་སྟེར་བའི་ཤིན་ཏུ་གསང་བའི་ཡི་གེ་བཤད་པར་བྱ་སྟེ་དེ་ཤེས་ན་བསྒོམ་པ་ལྟ་ཞོག་གི་གང་ཞིག་བསམས་པ་ཙམ་གྱིས་ནི་རྣལ་འབྱོར་ཅན་ལ་མཆོག་སྟེར་བར་འགྱུར་རོ། །གསང་བའི་ཡི་གེ་གསུམ་གྱི་ནང་ནས་ཀྱང་ཐུགས་ཀྱི་ངོ་བོ་ཧཱུྃ་ནི་གསང་བའོ། །ཆོས་དབྱིངས་ལས་མི་གཡོ་བས་ཡི་གེ། ནང་གི་བདག་ཉིད་ཅན་གྱི་དམ་པ། ཐབས་དཀྱིལ་འཁོར་གྱི་ཆ་ཤས་བཞིའི་དབྱེ་བས་དགོད་པ་སྟེ། འདི་བསྒོམ་པས་ལྟེ་དཀྱིལ་ལ་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་དབུས་སུ་ཡི་གེ་ཨ་བསྒོམ། དེ་ལ་སྐད་ཅིག་གིས་འོད་ཟེར་གྱི་སྒོ་ནས་ཡི་གེ་གསུམ་སྤྲོས་ནས་གནས་སྤྱི་བོ་སོགས་ཇི་ལྟ་བར་བཀོད། དེ་ནས་སྔ་མ་བཞིན་དུ་ཀུན་བསྡུས་ནས་ཧཱུྃ་འབའ་ཞིག་བསམས་ནས་དལ་བཞིར་ཆ་ཤས་རྣམས་རྣམ་པར་བསྒོམ་ནས་དེ་ཉིད་ལ་བརྟེན་ནས་དབུགས་གཏོང་བ་དང་རྡུབ་སོགས་གསུམ་བྱའོ་ཞེས་ཀླུ་བྱང་གིས་བཤད། དེས་དེ་ཡང་བསམ་པ་ཙམ་གྱི་མཆོག་སྟེར་དེ་གང་ཞེ་ན་དང་པོའི་ཡི་གེ་ཨ་སྦྱོ༷ར་བ་ཨོཾ་ཞེས་པ་ཡིས་ཏེ། དང་པོའི་ཡི་གེ་ཨོཾ་གྱིས་རྔུབ། ཧཱུྃ་གིས་འབྱིན་པ་གཉིས་ཁོ་ནར་བཤད་པའང་སྣང་། དང་པོའི་


MR08_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེ་ཨ་ནི་ལྟེ་བའི་འཁོར་ལོའི་དབུས་ན་གནས་པ་གཞོམ་མེད་ཀྱི་ཡི་གེ་ཨ་ལས། རྟག་རྒྱུ་དབུགས་ནི་རྔུབ་པར་སྤྲོ༷་བར་བྱ་ཞེས་པ་དེ་ལས་བྱུང་ནས་མགོ་བོ་ཧ་ཨཱུ་གསུང་འདྲ་ཞེས་སོ། །དེ་ཡང་ཡི་གེ་ཧཱུྃ་གི་སྒོ་ནས་དབུགས་ནི་དབྱུང་བ་དང་རྡུབ་པ་དང་གནས་པ་གསུམ་བྱའོ་ཞེས་གསུངས། མགོ་མེད་ཧ་སྙིང་ཁར་གནས། མགོ་བོ་ཡོད་པ་མགྲིན་པ། ཟླ་ཚེས་སྤྱི་བོར། སྒྲ་ཨཱ་ཡི་གདངས་ལྟེ་བ། སྒྲ་མཐའ་ཐིག་ལེ་གསང་བའི་པདྨ། སྡུད་པ་ལྟེ་བའི་མི་ཤིགས་པའི་ཐིག་ལེའོ། །ལྡང་བ་མགོ་བོ་མེད་པ། གནས་པ་མགོ་བོ་ཡོད་པ། འཇུག་པ་སྒྲ་དང་། ཐམས་ཅད་སྡུད་པ་སྒྲ་མཐའོ། །ཅི་དགའི་སྟེ་རང་མོས་པ་ལྟར་ཡི་གེ་གཅིག་གིས་བཟླས་ཞེས་སོ། །འབྱུང་འཇུག་གསུམ་ཡི་གེ་གཅིག་གིས་བྱེད་པར་བཟླ་ཚེ་ཡི་གེ་གཞན་གྱི་རྩོལ་བ་མེད་པས་ཅི་དགའི་བཟླས་པ་ཞེས་སོ། །དང་པོ་ཨོཾ་ཧཱུྃ་གིས་དགུག་གསུངས། ཨོཾ་གྱི་ཚད་ཐལ་མོ་བརྡབ་པ་ཕྱེད་གཉིས། ཨཱ་ཡང་ཐལ་མོ་བརྡབ་པ་ཕྱེད་གཉིས་ཀྱི་ཚད་ཧཱུྃ་གི་ཚད་ཕྱེད་བཞི་འདི་མན་ངག་གོ་གསུངས། ཨོཾ་ཡེ་ཤེས་སྙིང་པོ་སྟེ་ཨོཾ་བརྟན་པས་དབུགས་དབྱུང་། ཧཱུྃ་སྐུ་གསུང་ཐུགས་མཉམ་པ་སྟེ་དེས་རྔུབ་པའོ་ཞེས་གསུངས་


MR08_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད། བརྒྱད་པའི་མཐའ་ཧ་དང་ལྡན་པ་ཡི་ཡི་གེ་ཧ་ཨཱུ་ནི་ཐིག་ལེར་བཅས་ཞེས་ཧཱུྃ་བཏུ་བ་སྟེ་ཧཱུྃ་གིས་རྣལ་འབྱོར་པ་ནི། དབུགས་གཏོང་བྱེད་འདི་ནི་འདོད་པའི་བཟླས་པའམ་ཅི་དགའི་རང་བཞིན་རྣལ་མའི་བཟླས་པར་བཤད་ལ་འདོད་པ་ཡོངས་སུ་རྫོགས་བྱེད་ཀྱི་ཐུགས་རྡོ་རྗེ་འཆང་གི་ངོ་བོར་སྐུ་དང་གསུང་གཅིག་ཏུ་དབྱེར་མེད་འགྲུབ་བོ། །བཟླས་པའི་གྲངས་ཀྱང་ཁྲི་ཕྲག་གཉིས་དང་ཆིག་སྟོང་དང་དེ་བཞིན་དུ་ནི་བརྒྱ་ཕྲག་དྲུག་རྣལ་འབྱོར་དབང་པོ་ཉིན་མཚན་གྱི་བཟླས་བརྗོད་ཀྱི་ནི་གྲངས་བྱེད་དོ། །ལུང་གི་ཚད་མ་བསྟན་པའི་ཕྱིར་དེ་ནི་འདིར་རྒྱུད་ལ་ལར་གསང་ཞིང་རྡོ་རྗེའི་བཟླས་པར་དགོངས་པ་ཡིས་དགོངས་པ་ལུང་སྟོན་ལས་བཟླས་པ་ཕྲ་མོའི་སྦྱོར་བ་བཤད་པ་ཡིན་ཏེ་འདི་ལ་སྒྲར་ཀློག་དང་ཁ་ཏོན་བྱ་བ་མེད་མོད་ཀྱི་འོན་ཀྱང་རྣལ་འབྱོར་པའི་བཟླས་པར་བཤད་པ་ཡིན་ཏེ་སྔགས་ཀྱི་གདངས་དབུགས་ཀྱི་གྲངས་སུ་བཟླས་པ་སོགས་རྡོ་རྗེ་བཟླས་པ་འདི་ཡིས་ནི་ཆོ་ག་འབུམ་ཕྲག་དྲུག་གམ་ཇི་བཞིན་ལྷ་བསྙེན་པ་འམ་བསྟེན་བྱ་ཞིང་བསྐྱེད་རིམ་པ་དང་ཁྱད་ཅི་ཡོད་ཅེ་ན་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས་ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ་སྟེ་དངོས་པོ་ཐམས་ཅད་སྒྱུ་མའི་


MR08_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་བཅུ་གཉིས་ཀྱི་ཚུལ་དུ་མཐོང་བ་ལས་ཐམས་ཅད་བྱ་བ་ཡིན་ནོ། །གསུམ་པ་གཉིས་མེད་རྣམ་རྒྱལ་ལ་སོགས་པའི་ལུང་གིས་བཤད་པ་ནི། དེ་བས་ན་ཀུན་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་རླུང་སྔགས་དབྱེར་མེད་པའི་ཕྱིར་མཉམ་མེད་སྔགས་འབྲུ་གསུམ་ནི་བཟླས་ནས་སུ་སྒྱུ་མ་ལྟར་ཤེས་ནས་སྒྲུབ་པའི་བདག་ཉིད་ཅན་གྱིས་སྔགས་བསྒྲུབ་ན་ཚུལ་དེ་ཡིས་ཟླ་བ་གཅིག་གིས་ནི་ཁམས་གསུམ་གྱི་དངོས་གྲུབ་འགྲུབ་པར་གདོན་མི་ཟ་སྟེ་དེ་ཡང་ཞག་རེར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བཟླས་པས་ཞག་ལྔར་བཟླས་པ་འབུམ་རྩ་བརྒྱད་ནི་འབུམ་ཞེས་བགྲང་བར་བྱའོ། །དེ་ལྟར་ཟླ་བ་གཅིག་ལ་འབུམ་དྲུག་ཡོད་དེ་ཚད་དེས་འགྲུབ་བོ་གསུངས། རླུང་གི་བཞོན་པ་དང་ལྡན་པའི་རྣམ་ཤེས་ལས་ནི་འབྱུང་བའི་སྔགས་དེ་དག་མཚན་ཉིད་དྲུག་རིགས་དྲུག་གི་སངས་རྒྱས་དང་ལྡན་བཟླས་འབུམ་ཕྲག་དྲུག་ནི་བཟླས་བྱ་སྟེ་ཞེས་འགྱུར་སྣང་། ནས་ཀྱང་རྡོ་རྗེ་སེམས་དཔའ་ལ་རབ་ཏུ་དང་བས་ཕྱག་བྱས་ཏེ་བཟླས་ན་ཟླ་བ་ཉ་སྟེ་ཟླ་གཅིག་རྫོགས་པའི་མཐའ་ལ་རང་དོན་ཕྱག་ཆེན་གཞན་དོན་ལས་བཞིའང་རྡོ་རྗེ་སེམས་དཔའ་དེ་འགྲུབ་པར་འགྱུར་རོ། །


MR08_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་རྣལ་འབྱོར་པ་རྡོར་བཟླས་དེ་ཙམ་ལས་དལ་བ་སློང་མོ་སོགས་བརྟུལ་ཞུགས་མང་པོའི་བྱེ་བྲག་འཇིག་རྟེན་བཞད་གད་ཀྱི་རྒྱུ་བཤད་པ་མེད་དེ་བསྟན་པ་མེད་དོ། །དེ་བཞིན་དུ་འདི་ལ་ཤེལ་སོགས་ལས་གྲུབ་པའི་ཕྲེང་བ་མི་དགོས་སྔགས་བགྲང་ཀློག་པའི་གྲངས་ཡང་མི་དགོས། བསྙེན་གནས་སོགས་ཀྱི་སྡོམ་པ་གཟུང་དང་སྦྱིན་སྲེག་གི་ལས་རྣམས་དག་དང་དཀྱིལ་འཁོར་གྱི་ཆོ་ག་དང་མཆོད་པའི་བྱ་བ་གཞན་དང་གཞན་ཡང་དགོས་པ་མེད་ཅིང་གཅིག་ནས་གཅིག་ཏུ་ལྡོག་པར་འགྱུར་ཏེ་ཕྱི་ཡི་བྱ་བ་ལ་མི་ལྟོས་པའི་ནང་གི་ཡེ་ཤེས་ཀྱི་སྟོབས་ཀྱིས་གྲུབ་པའི་ཕྱིར་རོ། །དེ་ལྟར་སྤྲོས་བཅས་ཀྱི་ཡན་ལག་ཅི་ཡང་མི་དགོས་ན། རྣལ་འབྱོར་པ་དེས་སེམས་ཀྱི་ཞི་སོགས་ལས་ཅི་ཡང་མི་བྱེད་མི་སྒྲུབ་བོ་སྙམ་ན། དེ་བསྒྲུབ་ཀྱང་དལ་དང་ཡོད་བྱད་ཆ་སོགས་ལ་མི་ལྟོས་ཏེ་ཡི་གེ་ཡ་ཡི་དོན་ཅན་རླུང་དཀྱིལ་གྱིས་གཡོ་བསྐྱོད་སོགས་རླུང་གི་ལས་ཞི་རྒྱས་དབང་དྲག་གི་གང་ཅིའང་རུང་དངོས་གྲུབ་འདོད་པས་བྱ་བ་ནི་དེ་བཞིན་དུ་རྃ་མེ་ལ་ས་ཝ་ཆུ་སོགས་པ་གསུམ་ཉིད་ཀྱིས་ཀྱང་འགྲོ་བའི་དོན་ལ་ལས་བསྒྲུབ་པ་ལ་འཇུག་པར་བྱ་ཞིང་དེ་དག་བཞི་པོའི་དོན་ནི་མེ་དང་རླུང་དང་དབང་


MR08_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་དང་ཆུ་སྟེ་སོ་སོའི་དཀྱིལ་འཁོར་དུ་ཐུན་ནི་ཕྱེད་ཕྱེད་དུས་སུ་ནི་ལས་ནི་གཉིས་གཉིས་སྟེ་བཞི་པོ་རྣམས་གནས་པར་རམ་འགྲུབ་པར་འགྱུར་ལ་ཞི་སོགས་གང་བསྒྲུབ་འདོད་པས་འབྱུང་བའི་དཀྱིལ་འཁོར་གྱི་རླུང་གི་དུས་དང་བསྟུན་ཏེ་རྡོ་རྗེའི་བཟླས་པས་འོད་ཟེར་དཀར་པོ་སོགས་སྤྲོས་པའི་དམིགས་པས་ཐུན་ནི་ཕྱེད་ཕྱེད་དག་ཏུ་བཟླས་པས་འབད་མེད་དུ་འགྲུབ་བོ། །དེ་ཡང་རླུང་གིས་དྲག་པོ། མེས་དབང་། ཆུས་ཞི་བ། སས་རྒྱས་པའོ། །གང་ཞིག་མེ་ཏོག་སོགས་ཀྱིས་སངས་རྒྱས་མཆོད་པ་ལ་བརྩོན་པས་རྣལ་འབྱོར་དེ་སྐྱེ་བ་འདི་དང་གཞན་དུ་གཞན་གྱིས་མཆོད་པར་འགྱུར་ལ་སྔགས་ངག་ཏུ་བཟླས་པ་ལ་བརྩོན་པས་སྡིག་པ་རྣམ་པར་དག་མེ་ལ་སྦྱིན་སྲེག་བྱེད་པ་ལ་ཀུན་བརྩོན་པས་འབྱོར་པ་ཕུན་ཚོགས་ཐོབ་བོ། །མི་རྟོག་པ་དང་རྡོར་བཟླས་ཀྱིས་བསམ་གཏན་ལ་བརྩོན་པས་ཐར་པ་ཆེན་པོ་ཐོབ་བོ། །གཉིས་པ་ངག་དབེན་གྱི་རིམ་པ་ལ་གནས་པའི་སྤྱོད་པ་བཤད་པ་ནི། སྔགས་པས་དེ་ལྟར་རྡོར་བཟླས་དང་དེའི་དེ་ཉིད་མི་རྟོག་པའི་དོན་ཤེས་ནས་ནི་འགྲོ་བ་འདི་ན་དཔེར་ན་བྱིས་པ་ཅི་ཡང་མི་ཤེས་པ་ཆུང་ངུ་བཞིན་དུ་སྤྱོད་པ་ནི་སྨྱོན་པའི་སྤྱོད་པ་ལྟ་བུ་སོགས་སོ། །དེས་ནི་རྣམ་པར་མི་རྟོག་པའི་


MR08_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅན་དུ་གྱུར་པ་ཉིད་ཀྱིས་གསང་སྔགས་རྣམས་ནི་ཚེགས་མེད་པར་འགྲུབ་པར་འགྱུར་རོ། །རྩ་བའི་གསུམ་པ་དོན་བསྡུ་བ་ལ་གཉིས་དང་པོ་མཚམས་སྦྱོར་བ་ནི། འདི་ནི་གསུང་གི་རྡོ་རྗེ་སྒྲུབ་པ་བྱེད་པའི་སྟེ་འདི་ནི་སྔགས་ཀྱི་དེ་ཉིད་རབ་ཏུ་གསལ་སྔགས་ཀྱི་དེ་ཉིད་གསལ་བ་འདི་ཞེས་སྣང་། བའོ། །རྡོར་བཟླས་འདི་སྔོན་དུ་བཏང་ནས་འཆད་འགྱུར་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས་འོད་གསལ་བའི། སེམས་དབེན་ཙམ་ལ་ནི་ངེས་པར་སྦྱར་བ་སྟེ་འོད་གསལ་བའི་ཆོས་ཉིད་ལ་སྦྱར་བའི་ཕྱིར་འབད་པར་བྱའོ། །གཉིས་པ་སྣོད་ཀྱི་ཁྱད་པར་བཤད་པ་ནི། འདི་བསྟན་པའི་སྣོད་གསུངས་པ་བླ་མ་ལ་བརྙས་པ་དང་གཡོ་སྒྱུ་ཅན། དད་པ་མེད་པ་དང་། སྔགས་ཤེས་པ་ཙམ་གྱིས་རློམ་ཞིང་སྔགས་ཀྱི་གླེགས་བམ་མཐོང་བས་ཤེས་སོ་སྙམ་དུ་ཁེངས་ནས་བླ་མ་མི་བསྟེན་པའམ་དེ་ལ་དད་པ་མེད་ཅིང་སྔགས་ཀྱི་དབང་བསྐུར་མེད་པའམ་དམན་པ་ལ་རྡོ་རྗེ་བཟླས་པའི་གཏམ་གྱི་རིམ་པའང་གང་ཟག་དེ་ལ་བརྗོད་མི་བྱ་རིམ་པའི་གཏམ་ཡང་བསྟན་པར་མི་བྱའོ་ཞེས་འདུག །གང་ཞིག་བླ་མ་ལ་གུས་ཤིང་ཆོས་ལ་དད་པ་དང་ལྡན་ཞིང་བཀའ་དྲིན་དྲན་པའི་མོས་པས་བླ་མར་བསྙེན་


MR08_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པས་ཉོན་ལ་རྟག་ཏུ་མངོན་པར་བརྩོན། ཞེས་སྣང་ངོ་། །བཀུར་ལ་ནི་རྟག་ཏུ་བརྩོན་ཞིང་བརྩོན་འགྲུས་དང་ལྡན་པ་ཐོས་པ་ཕྱིན་ཅི་མ་ལོག་པ་འཛིན་ནུས་པ་གང་སློབ་མ་འདི་དམ་པ་ཡིས་དེ་ལ་བླ་མའི་རྗེས་སུ་བཟུང་བའི་དྲིན་སྦྱིན་དེ་ལ་བརྟག་པར་བྱ་མི་དགོས་སོ། །བླ་མ་སྐུ་དྲིན་ཆེ་བའི་བདག་ཉིད་གསལ་བར་བྱ་བའི་ཕྱིར། བླ་མའི་དྲིན་གྱིས་གྲོལ་བ་དཔེར་རི་དབང་རྩེ་ནས་རྡོག་འདྲེད་དེ་གང་ཟག་འགའ་ཞིག་ལྟུང་གྱུར་ན་འཆི་བར་མི་འདོད་པས་ལྟུང་བར་འདོད་ཀྱང་ནི་ཞེས་འདུག །མི་བྱ་སྙམ་ཡང་ལྟུང་བར་འགྱུར་ལ་དེ་བཞིན་བླ་མའི་དྲིན་གྱིས་རྡོ་རྗེ་ཐེག་པའི་མན་ངག་གང་ཞིག་རང་ལ་ཕན་པའི་ལུང་ཐོབ་ན་གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར་ཏེ་ངོ་བོའི་ཆོས་ཉིད་དོ། །རྡོ་རྗེ་བཟླས་པའི་རིམ་པ་སྟེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པའི་རིམ་པ་དང་པོའོ།། ༈ །།ད་ནི་རིམ་པ་གཉིས་པ་སེམས་དབེན་ནི་སེམས་རྣམ་དག་གི་རིམ་པའམ་སེམས་ལ་དམིགས་པའི་རིམ་པ་ནི། གཉིས་པ་དགོངས་པ་བླ་ན་མེད་པ་ཞེས་བྱ་བའི་སྐབས་ཀྱི་གཞུང་འདི་ཉིད་བཤད་པ་ལ། དང་པོར་གཞུང་ལ་འཇུག་པ། བར་དུ་གཞུང་དངོས་རྒྱས་པར་བཤད་པ། རྗེས་བཤད་ཟིན་གྱི་དོན་ཏེ་གསུམ་ལས། དང་པོ་ལ། ཕྱག་


MR08_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་བ་དང་། དོགས་པ་སྤོང་བ་སྟེ་གཉིས་སོ། །དང་པོ་ནི་ཀླུ་བྱང་ཀུན་གི་འགྲེལ་པར། ཁྱོད་ལ་ཕྱག་འཚལ་ཁྱོད་ལ་འདུད། །ཁྱོད་ལ་ཕྱག་འཚལ་ཕྱག་འཚལ་འདུད། །ཇི་ལྟར་བསྟོད་ཅིང་ཁྱོད་ཕྱག་འཚལ། །གང་ཞིག་བསྟོད་ཅིང་གང་ལ་བསྟོད་ཅེས་གསུངས་ཏེ། ཁྱོད་ཅེས་པ་ཀྱཻ་རྡོ་རྗེ་ཆེན་པོ་ཞེས་དོན་གྱི་ཤེས་པར་བྱ་སྟེ་ཇི་སྐད་དུ། ངོ་མཚར་གྱུར་དང་རྩོད་པ་དང་། །ཁྲོ་དང་ཞུམ་དང་ངེས་གཟུང་དང་། །དད་དང་རྗེས་སུ་ཡི་རངས་ལ། །ཚིག་གཅིག་ལན་གཉིས་བརྗོད་པར་བྱ། །ཞེས་དང་། དགའ་དང་འཇིགས་སོགས་དབང་བཅས་ཡིད་ཅན་གྱིས། སྨྲ་བ་པོ་རྣམས་དེ་བཞིན་བསྟོད་དང་སྨོད། ཚིག་ནི་ལན་གཅིག་མིན་པར་སྨྲ་བ་གང་། དེ་ལ་ཟློས་པའི་ཉེས་པ་ཡོད་མ་ཡིན། ཞེས་པ་ལྟར། ཕྱག་འཚལ་བཞི་སངས་རྒྱས་བཞི་དང་། ཇི་ལྟར་བསྟོད་ཅིང་རིགས་དྲུག་རྡོ་རྗེ་འཆང་ལ་བསྟོད་པའམ། སྟོང་པ་བཞི་དང་དེ་ལ་ཕྱག་འཚལ་ཚུལ་གཉིས་མེད་དུ་བསྟན་པའོ། །ཕྱག་འཚལ་སྒོ་གསུམ་འདུད་ཅིང་ཕྱག་འཚལ་འདུད་ཕྱག་འཚལ་ཕྱག་འཚལ་ཕྱག་འཚལ་འདུད་ཅེས་སྟོང་བཞི་ལའོ། །དེ་ཡང་ཇི་ལྟར་བསྟོད་ཅིང་ཕྱག་འཚལ་བ་དོན་དམ་དམིགས་པ་མེད་པའི་


MR08_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་ན་ཡུལ་གང་ལ་བསྟོད་ཅིང་ཡུལ་ཅན་གང་གིས་བསྟོད་དེ་ཇི་ལྟར་ཆུ་ལ་ཆུ་བཞག་དང་། ཇི་ལྟར་མར་ལ་མར་བཞིན་དུ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རང་གི་ཡེ་ཤེས་ཆོས་ཉིད་འོད་གསལ་རྡོ་རྗེ་ནི་ལེགས་མཐོང་གང་ཡིན་འདིར་དོན་དམ་པའི་ཕྱག་ཡིན་ནོ། །གཉིས་པ་ནི། འོན་ཀྱང་གནས་ལུགས་ལ་དེ་ལྟར་ཡིན་མོད་ཀུན་མཁྱེན་གྱིཡེ་ཤེས་མ་ཐོབ་པར་རམ་ཀུན་མཁྱེན་བླ་མ་དེ་ལས་མན་ངག་མ་ཐོབ་པར་ཆོས་ཉིད་དེ་བཞིན་ཉིད་དེ་ནི་ཉེ་བར་དམིགས་པར་མི་འགྱུར་དཔེར་ན་མུན་ནག་ཐིབ་པོའི་རབ་རིབ་ཀྱིས་ཁེབས་པ་ཡི་བུམ་སྣམ་ཚོགས་མི་མཐོང་བ་བཞིན་ནོ། །འོ་ན་མི་རྟོགས་སོ་སྙམ་ན་སེམས་ཅན་དག་གིས་བླ་མའི་དྲིན་གྱིས་འོད་གསལ་བའི་སྣང་བ་ཐོབ་པར་འགྱུར་རོ། །གཉིས་པ་བར་དུ་གཞུང་དངོས་བཤད་པ་ལ། མདོར་བསྟན་རྒྱས་བཤད་གཉིས་སོ། །དང་པོ་ནི། སྟོང་ཉིད་སྣང་བ་ཤིན་ཏུ་སྟོང་པ་སྣང་བ་མཆེད་པ་དང་། གསུམ་པ་ཆེན་པོ་སྟོང་པ་སྣང་བ་ཐོབ་པ་དང་། བཞི་པ་ཐམས་ཅད་སྟོང་པ་འོད་གསལ་ནི་རྒྱུ་དང་ཕྱི་མ་གཅིག་འབྲས་བུའི་བྱེ་བྲག་གོ། མི་མཐུན་པའི་ཕྱོགས་རྣམ་ཤེས་གསུམ་དང་དེ་ལས་བྱུང་བའི་རང་བཞིན་གསུམ་


MR08_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ་གཉེན་པོའི་ཕྱོགས་སྟོང་པ་གསུམ་ཡིན་ཞིང་དེའི་རྣམ་གྲངས་ཡེ་ཤེས་གསུམ་ཞེས་གསུངས་པའོ། །སེམས་དབེན་སྐབས་འདིར་སེམས་སེམས་བྱུང་མ་གཏོགས་པའི་རྣམ་རྟོག་གཞན་མི་དམིགས་ཏེ། མི་མཐུན་པའི་ཕྱོགས་རང་བཞིན་དང་བཅས་པ། གཉེན་པོར་གྱུར་པའི་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱིས་རྣམ་པར་དག་པར་བྱ་བ་ཡིན་ཕྱིར་དེའི་མིང་གིས་བསྟན་ཏེ་ཞེས་ཀླུ་བྱང་གསུངས། དེས་ན་རྣམ་པར་ཤེས་པ་ཙམ་དུ་སྣང་བའི་ཡེ་ཤེས་དང་སྟོང་པ་ཉིད་ཅེས་བརྗོད་པར་བྱའོ། །སྟོང་པ་ཉིད་ཅེས་བྱ་བ་ནི་སྣང་བའི་ཡེ་ཤེས་སྐྱེས་པ་ན་འཇུག་ཤེས་སྤོང་པའོ། །ཤིན་ཏུ་སྟོང་པ་སྣང་བ་མཆེད་པས་ནི་ཉོན་ཡིད་སྤོང་བའི་གཉེན་པོའོ། །ཆེན་པོ་སྟོང་པ་ཉེར་ཐོབ་ཀྱིས་ཀུན་གཞིའི་རྣམ་ཤེས་སྤོང་ངོ་། །ཐམས་ཅད་སྟོང་པ་འོད་གསལ་ཀྱི་དུས་སུ་ཡེ་ཤེས་གསུམ་དང་སྟོང་པ་ཉིད་གསུམ་སྤོང་བའི་ཕྱིར་འབྲས་བུའོ། །འཇུག་ཤེས་དྲུག་གི་ཤེས་རབ་སྣང་བ་ཉོན་ཡིད་འཁོར་བ་སྐྱེ་བའི་རྒྱུའམ་ཐབས་སུ་སྣང་བ་དང་མཆེད་པ་གཉིས་འདུས་པའམ་སྦྱོར་བ་ལས་རྫོགས་པ་སྣང་བ་ཐོབ་པ་ཀུན་གཞིའི་རྣམ་ཤེས་ཉེ་


MR08_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཐོབ་པར་འགྱུར་ལ་དེ་འདྲའི་ཀུན་གཞིའི་རྣམ་ཤེས་ཆེན་པོ་སྟོང་པ་སྤང་བ་རྫོགས་པ་ཉེ་བར་ཐོབ་གྱུར་ནས་དེའི་མཐར་རྣལ་འབྱོར་རྣམས་ཀྱིས་ཐམས་ཅད་སྟོང་པ་འོད་གསལ་བ་མཐོང་ངོ་། །གང་ཞིག་རྒྱུ་ཡི་རིམ་པ་རྣམ་པར་དག་པ་རྣམ་ཤེས་གསུམ་པོ་སྦྱོར་བ་དང་དེ་དང་ལྷན་ཅིག་སྟོང་པ་གསུམ་ནི་མཉམ་སྦྱོར་བས་འབྲས་བུ་བླ་མེད་གོ་འཕང་འོད་གསལ་ཉིད་ཐོབ་པར་འགྱུར་རོ། །རྣམ་ཤེས་ཚོགས་བརྒྱད་རྣམ་ཤེས་གསུམ་དུ་བསྡུས་ནས། དེ་སྔགས་ཀྱི་རིམ་པས་འདི་ལྟར་སྤང་བའམ་སྦྱང་བར་བྱའོ། །དང་པོ་ལྟེ་བར་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་རྩིབས་བརྒྱད་པད་ཟླའི་སྟེང་དུ་དབྱངས་དང་པོའི་ཐིག་ལེས་མཚན་པ་བཀོད་དེ་མགོ་བོ་སོགས་སུ་ཡི་གེ་གསུམ་བཀོད། དེ་ལས་བྱུང་བའི་འོད་ཀྱི་མགོ་བོ་ན་གནས་པའི་ཨོཾ་འཇུག་ཤེས་དྲུག་གི་བདག་ཉིད་བཀུག་སྟེ་དེ་ཉིད་དུ་གཞུག་པར་བྱ། དེའི་ཚེ་སྟོན་དུས་ཀྱི་ཟླ་ཟེར་ལྟ་བུའི་སྣང་བ་འགྱུར། དེའི་ཚེ་སྣང་བའི་ཡེ་ཤེས་སྐྱེ་བ་ན་སྟོང་པ་ཉིད་དེ་ཁོ་ན་ཉིད་ཐོབ་པས་འཇུག་ཤེས་ཀྱི་རང་བཞིན་སུམ་ཅུ་གསུམ་དང་ལྡན་པ་ནུབ་པར་འགྱུར་རོ། །དེ་རྗེས་ལ་དེ་ཉིད་དུ་ཉི་དཀྱིལ་སྟེང་དུ་རྡོ་རྗེ་ལ་གནས་པའི་ཚེག་དྲག་བཀོད། དེའི་འོད་ཀྱིས་ལྐོག་མའི་


MR08_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཨཿབཀུག་ནས་དེ་ཉིད་དུ་གཞུག་པས་ཉི་འོད་དང་མཚུངས་པ་སྣང་བ་གསལ་བའམ་མཆེད་པའི་ཡེ་ཤེས་འབྱུང་ངོ་། །དེའི་ཚེ་ཤིན་ཏུ་སྟོང་པའི་དེ་ཉིད་ཐོབ་པས་ཉོན་ཡིད་ཀྱི་རྣམ་ཤེས་རང་བཞིན་བཞི་བཅུ་དང་ལྡན་པ་ནུབ་པར་འགྱུར་རོ། །དེའི་རྗེས་ལ་འཁོར་ལོ་ས་བོན་ཟླ་ཉི་སོགས་བསྒོམ་པ་རྣམས་སྤངས་ནས། ཡི་གེ་ཧཱུྃ་ལྟེ་བའི་དབུས་སུ་གཞུག་པར་བྱའོ། །དེའི་མཚམས་ཀྱི་རབ་ཏུ་གསལ་བ་དང་མཚུངས་པའི་སྣང་བ་འབྱུང་སྟེ། ཀུན་གཞིའི་རྣམ་ཤེས་རང་བཞིན་བདུན་ལྡན་ནུབ་བོ། །དེ་ཆེན་པོ་སྟོང་པ་ཉིད་ཅེས་གསུངས་པའོ། །དེའི་རྗེས་ལ་རིམ་པས་མཚན་མ་ལྔ་བྱུང་བ་ན་རབ་ཏུ་གསལ་བར་དེ་རྣམས་མེད་པར་གྱུར་ནས་སྤྲིན་མེད་ནམ་མཁའི་སྣང་བ་ལྟ་བུ་བྱུང་བའི་ཚེ། ཡེ་ཤེས་གསུམ་འགགས་ནས་རང་བཞིན་གྱིས་འོད་གསལ་བའི་སྟོང་པ་ཐམས་ཅད་སྟོང་པ་ལས་བླ་མེད་གོ་འཕང་འོད་གསལ་བ་ཐོབ་པའི་བཞི་པ་རང་བཞིན་གནས་ལུགས་སོ། །དམ་ཡེ་གང་རུང་གི་ཕྱག་རྒྱ་དང་སྙོམས་པར་ཞུགས་ན་རྣམ་པ་སྣ་ཚོགས་པའི་སྐད་ཅིག་ལ་འཇུག་ཤེས་འགགས་ནས་སྣང་བའི་ཡེ་ཤེས་ཀྱི་རང་བཞིན་གྱི་དགའ་བ་སྐྱེ། རྣམ་པར་ཤེས་པའི་སྐད་ཅིག་


MR08_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉོན་ཡིད་འགག །སྣང་བ་མཆེད་པ་མཆོག་དགའ། རྣམ་པར་ཉིད་པའི་སྐད་ཅིག་ལ་ཀུན་གཞིའི་རྣམ་ཤེས་འགགས་ནས་ཉེར་ཐོབ་ཀྱི་རང་བཞིན་དགའ་བྲལ། བྲལ་བའི་རང་བཞིན་ཇི་ལྟར་སྣང་བ་ཉེར་ཐོབ་ཡིན་པ་བླ་མའི་ཞལ་ལས་རྟོགས་པར་བྱའོ། །དེའི་རྗེས་སུ་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་ཡང་ཡེ་ཤེས་གསུམ་འགགས་ནས་འོད་གསལ་བའི་རང་བཞིན་ལྷན་སྐྱེས་དགའ་བ་སྐྱེའོ། །ཕྱག་རྒྱ་མེད་ན་དཔེའི་དུས་སུ་ཉེ་བར་མཚོན་པའི་དེ་ཁོ་ན་ཉིད་དྲན་པར་བྱས་ནས་སྒོམ་པར་བྱའོ། །གཉིས་པ་རྒྱས་བཤད་ལ་སེམས་དབེན་འཕྲོས་དང་བཅས་པ་རྒྱས་པར་བསྟན། བདེན་གཉིས་ཟུང་འཇུག་དང་བཅས་པ་མདོ་ཙམ་སྨོས། ལམ་གྱིས་མཚམས་སྤྱི་དང་བོགས་འབྱིན་ཅུང་ཟད་བཤད་པ་སྟེ་གསུམ་ལས། དང་པོ་ལ་སེམས་དབེན་དངོས་བཤད་པ་དང་། འཕྲོས་དོན་ལས་ཀྱི་མཐའ་རྣམ་པར་འབྱེད་པ་དང་། དང་པོ་ལ་རང་བཞིན་དང་བཅས་པའི་སྣང་བའི་རྣམ་གྲངས་བཤད་པ་དང་། སྣང་གསུམ་གྱི་ངོ་བོ་ངོས་བཟུང་བ་དང་། ལམ་གྱི་སྣང་གསུམ་སྒྲུབ་པའི་ཐབས་བསྟན་པ་སྟེ་གསུམ་མོ། །དང་པོ་ནི། སྣང་བ་གསུམ་པ་དེའི་རྣམ་གྲངས་སྣང་བ་སྟོང་པ་ཤེས་རབ་


MR08_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཇུག་ཤེས་འགག་པའི་སྐབས་དེར་སྣང་བའི་ཡེ་ཤེས་ཀྱི་མིང་དུ་བཏགས་ཏེ་ཟླ་བ་ལྟར་སྣང་བའི་ཕྱིར་རོ། །རང་བཞིན་སོ་གསུམ་སྤང་ཕྱིར་སྟོང་པའོ། །འཇུག་ཤེས་དྲུག་གི་ངོ་བོ་ཉིད་ཡིན་ཕྱིར་སེམས་ཞེས་བཏགས་པའི་དོན་གྱིས་སོ། །དེ་ཉིད་ཡུལ་དྲུག་འཛིན་པ་ལས་བྱུང་བའི་ཕྱིར་གཞན་དབང་ཞེས་ཐ་སྙད་བྱས་པའོ། །སེམས་དང་གཞན་གྱི་དབང་དག་སྟེ་འཇུག་ཤེས་དེ་ཡི་རང་བཞིན་སེམས་བྱུང་གི་བདག་ཉིད་ཅན་དུ་འཕྲོ་རང་རིག་པས་གསལ་བ་ད་ནི་གྲངས་དང་དབྱེ་བའི་སྒོ་ནས་རབ་ཏུ་བཤད་པར་བྱའོ་ཞེས་དམ་བཅས་ནས། ཚོགས་བརྒྱད་རྣམ་ཤེས་གསུམ་དུ་བསྡུས་པ་དེ་དག་གསལ་པོར་དེ་དག་གི་སེམས་བྱུང་རྣམས་ཀྱིས་དེ་དང་དེའི་ངོ་བོར་རང་རིག་པས་ཉམས་སུ་མྱོང་བར་བྱ་བ་ཡིན་ནོ། །སྒོ་ལྔའི་ཤེས་པ་དང་ལྷན་ཅིག་འཇུག་པའི་ཡིད་མེད་པས་འཇུག་ཤེས་དྲུག་མེད་ལ། ནང་དུ་སེམས་ཀྱི་ཆོས་དམིགས་པ་ལས་བྱུང་བའི་ཡིད་ཕྲ་མོ་ཡོད་ཀྱང་བདག་འཛིན་མ་སྤང་ལ་ཕྱིའི་འཇུག་པ་མེད་ཕྱིར་ཉོན་ཡིད་ཅེས་བཞག་གོ་སྙམ་དུ་སེམས་སོ། །དེ་ལ་ཆགས་བྲལ་སོགས་རང་བཞིན་སུམ་ཅུ་རྩ་གསུམ་པོ་འདི་ལུས་ཅན་རྣམས་ཀྱིས་ནང་ཤེས་པ་རང་


MR08_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རིག་པར་བྱ་བ་སྟེ་རང་རིག་མངོན་སུམ་གྱིས་སོ། །འཇུག་ཤེས་རྣམས་ནི། ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག །རྩ་ཉོན་དྲུག །ཉེ་ཉོན་ཉི་ཤུ་དང་མཚུངས་པར་ལྡན་པས་ཆོས་བཞི་བཅུ་རྩ་བདུན་དང་ལྡན་པའི་སྒོ་ནས་མི་སྟོན་པར་སོ་གསུམ་དང་ལྡན་པས་ཅི་ཕྱིར་སྟོན་སྙམ་ན་བདེན་ཏེ། སྐབས་འདིར་འདི་དག་གི་ཁྱད་པར་ཐུན་མིན་ངེས་ཟིན་ཕྱིར་སོ་གསུམ་གྱིས་བསྟན་ཀྱང་། ཇི་ལྟར་རྩ་ཉོན་དྲུག་ལས་ཉེ་ཉོན་ཉི་ཤུར་ཕྱེ་བ་དེ་དག་རྣམས་ཀྱི་ངོ་བོ་ཉིད་དེར་འདུ་བ་བཞིན་དུ། འདི་རྣམས་ཉེ་ཉོན་སོགས་ཀྱི་བག་ཆགས་ཕྲ་མོའི་ངོ་བོ་ཡིན་པས་དེའི་ནང་དུ་འདུ་སྟེ། ཆགས་བྲལ་སོགས་གསུམ་ཉེ་ཉོན་འགྱོད་པའི་ནང་དུ་འདུ་དེ་དེའི་ཆར་གཏོགས་ཏེ། ཡིད་ལ་གཅིག་པའི་རང་བཞིན་ཡིན་ཕྱིར་ཞེས་སོགས་ཀླུ་བྱང་ཀུན་གསུངས་ཏེ། དེ་བཞིན་ཡིད་ཀྱི་འགྲོ་འོང་རྟོག་དཔྱོད་ཀྱི་ཕྲ་རགས་ཡིན་པའི་ཕྱིར་དང་། ཞི་བའི་རྣམ་རྟོག་ནི་རྣམ་པར་མི་འཚེ་བ་སྙིང་རྗེ། འཇིགས་པ་སོགས་གསུམ་པོ་མ་ཆགས་པ་སོགས་དགེ་བ་གསུམ་དུ་འདུ་སྟེ། འཇིགས་པ་ཡོད་ན་མ་ཆགས་པ་སོགས་རྗེས་སུ་གྲུབ་བོ། །སྲེད་སོགས་གསུམ་དང་ལེན་པ་འདོད་ཆགས་ལས་སོ། །མི་དགེ་བ་ནི། ཆགས་སྡང་དང་ཉེ་ཉོན་


MR08_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འཆབ་འཚིག་ཕྲག་དོག་སོགས་སུའོ། །ཚོར་སོགས་གསུམ་ཀུན་ཏུ་འགྲོ་བའི་ཚོར་བ་གསུམ་དུའོ། །བཀྲེས་སྐོམ་རེག་པ། རིག་པ་སོགས་གསུམ་ཡིད་ལ་བྱེད་པའི་ཕྱིར་རོ། །སོ་སོར་རྟོག་པ་དཔྱོད་པར་རོ། །ངོ་ཚ་ཤེས་པ་དགེ་བའི་སེམས་བྱུང་། སྙིང་རྗེ་མི་འཚེ་བ། བརྩེ་བ་གསུམ་ནི་འདོད་ཆགས་པའོ། །དོགས་དང་ཐེ་ཚོམ་རྩ་ཉོན་དྲུག་པར་རོ། །སེར་སྣ་ནི་སེར་སྣའམ་ཕྲག་དོག་དུའོ། །དེའི་ཕྱིར་དེ་རྣམས་དགེ་མི་དགེ་ཏེ་ལུང་མ་བསྟན་གྱི་སེམས་བྱུང་རྣམས་ཁོ་ནའོ། །སྣང་བ་མཆེད་པའི་མིང་དུ་ཀླུ་བྱང་འགྲེལ་པར། སྣང་བ་གསལ་བ་ཞེས་བརྗོད་ཅིང་། ཤིན་ཏུ་སྟོང་པ་ཐབས་ཉིད་དང་ཞེས་སོགས་གསུངས་ཏེ། ཉི་མ་ལྟར་སྣང་བ་གསལ་བས། སྣང་བ་མཆེད་པའམ་གསལ་བ། རང་བཞིན་བཞི་བཅུ་སྤངས་ཕྱིར་ཤིན་ཏུ་སྟོང་པ། རྩ་གཡས་པ་ན་འབྱུང་བས་ཐབས་ཀྱི་རང་བཞིན། བདག་ལྟ་སོགས་བཞི་དང་རེག་སོགས་ལྔ་ལས་བཏགས་པས་ཀུན་ཏུ་བཏགས་པ། སེམས་དང་སེམས་ལས་བྱུང་བ་དག་ཐ་དད་མེད་ཕྱིར་སེམས་བྱུང་ཞེས་བཏགས་སོ་ཉོན་ཡིད་ནི་བདག་ཏུ་ལྟ་བ། བདག་ཏུ་ང་རྒྱལ་བ་གཉིས། བདག་ཏུ་རྨོངས་པ་གཅིག །བདག་ལ་


MR08_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པ་བཞི་དང་། རེག་པ། ཡིད་བྱེད། ཚོར་བ། འདུ་ཤེས། སེམས་པ་སྟེ་ཀུན་འགྲོ་ལྔ་དང་ལྡན་པ་ཡིན་ཞིང་གཞན་དང་མི་ལྡན་པར་ཡང་མིན་ནོ། །ཇི་ལྟར་རང་བཞིན་བཞི་བཅུ་དང་ལྡན་ཞེ་ན་བདེན་ཏེ། ཉོན་མོངས་བཞིའི་ནང་དུ་རང་བཞིན་བཞི་བཅུ་འདུས་པར་འགྱུར་ཏེ། ཆགས་པ་ནས་འཚིག་པའི་བར་ཏུ་བདག་ཏུ་ལྟ་བར་རོ། །འཁྱུད་པ་ནས་སྤྲོ་བའི་བར་བདག་ཏུ་རྨོངས་པ། གྱ་ཚོམ་ནས་མི་བདེན་པའི་བར་ནི་བདག་ཏུ་ང་རྒྱལ་བར་རོ། །ངེས་པ་ནས་གྱ་གྱུའི་བར་བདག་ལ་ཆགས་པར་འདུ་སྟེ། འདུ་བྱེད་ང་གཅིག་བཞིན་ནོ། །ཞེས་ཀླུ་བྱང་གསུངས། དེ་རྣམས་སེམས་བྱུང་ཡིན་བཞིན་དུ་ཡང་རྩ་ཉོན་དུ་འདུ་ཞེས་གསུངས་སོ། །ཆགས་བྲལ་དང་ནི་ཆགས་པ་བར་མ་ཉིད་དེ་བཞིན་དུ་ནི་ཆགས་པ་ཆེན་པོ་དག་ཡིད་ལ་འགོ་ཞིང་འོང་བ་སྟེ་སེམས་རྣམ་པར་གཡེང་བ་དང་། མྱ་ངན་ལ་སོགས་ཆུང་འབྲིང་ཆེ་གསུམ་གསུམ་དེ་བཞིན། དེ་སྡུག་པ་དང་བྲལ་བ་སོགས་སེམས་ཤིང་ཡིད་གདུང་བའོ། །སེམས་པར་གནས་པ་ཞི་བ་དང་རྣམ་རྟོག་ནི་རྒོད་པ་འཇིགས་པ་དང་། སེམས་སྐྲག་པ་ཆུང་འབྲིང་ཆེ་འཇིགས་པ་བར་དང་ཤིན་ཏུ་འཇིགས་སྲེད་དང་སྲེད་པ་བར་ཡུལ་ལ་ཞེན་པ་ཆུང་འབྲིང་ཆེ་མ་དང་། ཤིན་ཏུ་སྲེད་པ་དང་


MR08_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ནོར་རམ་ཡུལ་རྣམས་ཉེར་ལེན་པ། དགེ་བའི་ལས་ལ་ཐེ་ཚོམ་པ་མི་དགེ བཀྲེས་དང་སྐོམ་ཉིད་དང་དེའོ། །ཚོར་དང་ཚོར་བ་བར་མ་དང་བདེ་སྡུག་བཏང་སྙོམས་གསུམ། དེ་ཀུན་ཡང་ཡུལ་གྱི་བྱེ་བྲག་གི་དབྱེ་ན་ཤིན་ཏུ་ཚོར་བའི་སྐད་ཅིག་དང་། རིག་པ་པོ་དང་བྱེད་པ་དང་བྱ་བ་དེ་རིག་འཛིན་རང་རིག་གཞི་གནས། ནི་དེ་དག་གིས་དམིགས་པའི་དངོས་རིགས་མི་རིགས་སོ་སོར་རྟོག་དང་ངོ་ཚ་ཤེས་ཤིང་མི་དགེ་འཛེམ། སྙིང་རྗེ་དང་ནི། དམིགས་བྱ་ལ་བརྩེ་བ་གསུམ་སྟེ་ཆུང་སོགས་གསུམ་མི་འགྲུབ་པ་དོགས་ཐེ་ཚོམ་པས་སེམས་མི་གནས་པ་དང་བ་སོགས་པ་ཡོ་བྱད་སྡུད་པ་བསམ་པ་ཉིད་དང་ནི་སེར་སྣ་དངོས་ཀྱང་། ཕྲག་དོག་ཅེས་ནི་བྱ་བར་གྲགས་རང་བཞིན་སུམ་ཅུ་རྩ་གསུམ་གང་ལུས་ཅན་རྣམས་ཀྱི་རང་རིག་སྟེ་ཉམས་སུ་མྱོང་བ་ལ་ཀུན་རྫོབ་ཡུལ་ཡུལ་ཅན་འདུས་པ་ལས་དེ་དེར་གསལ་བའི་གཟུགས་སམ་རང་བཞིན་གྱིས་ནི་དེ་ལྟར་བཏགས་སོ། །དུས་ཀྱི་ཆའི་དབང་དུ་ན། ཟླ་འོད་ལྟ་བུ་སྣང་བ་ཅུང་མི་གསལ་བའི་ཆ་ནས་མཚན་མོའི་མིང་དུ་ངེས་པར་བཤད། དེ་བཞིན་ཕོ་མོའི་ཆ་ལས་ཤེས་རབ་ཀྱི་ཆ་བུད་མེད་མིང་དུ་བརྗོད་རེག་བྱའི་དབང་དུ་ན་ཟླ་འོད་ལྟར་འཇམ་


MR08_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྟ་བུའང་དེ་བཞིན་ནོ། །ལུས་ཀྱི་ཆའི་རྩ་གཡོན་གྱི་རླུང་དང་ལྡན་ཕྱིར་འཇུག་ཤེས་སམ་གཡོན་པའི་མིང་ཡང་དེ་ཉིད་དེ་ཉི་ཟླ་གཉིས་ལས་པདྨའི་གདན་ལ་ཟླ་དཀྱིལ་བསྒོམ་ནས་དེ་དྲངས་ལ་ཟླ་བའི་དཀྱིལ་འཁོར་པདྨ་ཅན་སྣང་བའི་ཡེ་ཤེས། རང་རིག་བསྟན་པར་བྱ་བའི་རྒྱུར་གྱུར་པ་ཉིད་ཕྱིར་དང་པོའི་ཡི་གེ་ཨ་ཐིག་ཨཾ་ལེར་བཅས་པ་ཨོཾ་དང་ཐ་སྙད་དུ་བཏགས་པའི་མིང་གི་རྣམ་གྲངས་ནི་ཉམས་ཟླ་བའི་འོད་ཟེར་ལྟར་དཀར་ལམ་པར་སྣང་ཞིང་ཡེ་ཤེས་གསུམ་གྱི་ནང་ནས་སྣང་བའི་ཡེ་ཤེས་ཡང་དག་འབྱུང་ངོ་། །སྣང་བ་མཆེད་པ་བཤད་པ་ཤིན་ཏུ་རང་བཞིན་བཞི་བཅུ་སྤང་ཕྱིར་སྟོང་པ་ཐབས་ཀྱི་མིང་དང་ལྡན་པ་དེ་ནི་སྣང་བ་མཆེད་པ་ཞེས་བརྗོད་དེ་དེ་བཞིན་དུ་ནི་ཀུན་བརྟགས་དང་དེ་བཞིན་སེམས་ལས་བྱུང་བར་བཤད་དོ། །རང་བཞིན་བཞི་བཅུ་ནི་དེ་ཡང་ཆགས་ཡུལ་མ་ཐོབ་པར་ཆགས་དང་། ཐོབ་ཡུལ་ལ་ཞེན་དང་། དེ་བཞིན་ཡིད་འོང་མཐོང་ལ་དགའ། དམན་སོགས་དགའ་བ་བར་མ། ཤིན་ཏུ་དགའ་མངོན་འདོད་གྲུབ་པའི་རང་དང་། དེ་ལས་རབ་ཏུ་མགུ་བ་དང་། འདི་འདྲ་ཡིན་ནོ་སྙམ་དུ་ངོ་མཚར། དེ་བཞིན་ངོ་མཚར་མཐོང་བས་དགོད་པ་དང་། བདེ་བས་ཚིམ་དང་། དེ་བཞིན་ཆགས་ཡུལ་ལ་འཁྱུད་པ་དང་།


MR08_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

འོ་བྱེད་དེ་བཞིན་མཆུ་འཇིབ་པ་དང་། མི་གཡོ་བ་བརྟན་དང་། བརྩོན་དགེས་སྤྲོ་བ་དང་། ང་རྒྱལ་མཐོ་བའི་རྣམ་པ་དང་། ལས་ནི་རྟག་ཏུ་སྤྱོད་པའི་བྱ་བ་རྫོགས་པ་ཞེས་ཨ་བྷ་ཡས་གསུངས། ལས་བྱ་བའང་ཡིན་འདྲ། འཕྲོག་པ་གཞན་ནོར་འཕྲོག་པ། སྟོབས་འགྲན་པའམ་གཡུལ་འགྱེད་འདོད་པ། སྤྲོ་དགེ་ལས་གོམ་པ། གྱ་ཚོམ་ནི་ཚམ་ཚོམ་མེད་པར་དྲེགས་པའི་དབང་གིས་མི་དགེའི་ལས་སྤྱོད་པ། དེ་ཡང་དམན་སོགས་གསུམ། དྲག་པ་ནི་རྒྱུ་མེད་པར་ཡང་དམ་པ་རྣམས་དང་རྩོད་པར་སེམས་པ། སྒེག་པ་ཡིད་འོང་མཐོང་ནས་འགྱིང་བའི་སེམས་ཀྱིས་རྩེ་བར་འདོད་པ། ཞེ་འགྲས་པ་ཡིད་མི་འོང་སྤོང་འདོད། དགེ་ནི་དགེ་ལས་བརྩོན་པ། ཚིག་གསལ་བར་ཐོགས་མེད་ཀུན་བརྗོད་པ། བདེན་པ་མཐུན་པ་མེད་པའི་ངག །མི་བདེན་དེ་བཟློག །ངེས་པར་ཤིན་ཏུ་བརྟེན་པ་ཡི་དམ། ཉེ་བར་མི་བདེ་བ་དངོས་པོ་ཡོངས་སུ་འཛིན་པ་མི་འདོད་པ། སྦྱིན་པ་རང་གི་བདོག་པ་གཏོང་བྱེད་ཀྱི་ཡིད། སྐུལ་བ་ལེ་ལོ་ཅན་གྱི་སེམས་ཞུམ་པར་བྱེད། དཔའ་བོ་གནོད་པའི་དགྲ་ལས་རྒྱལ་འདོད། ངོ་ཚ་མེད་པ་སྤྱི་ལྟར། སྒྱུ་ནི་བཅོས་མ། གདུག་པ་ལྟ་ངན་ལ་མྱང་བ།


MR08_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྲུན་པའམ་གཡོ་ནི་རང་སྐྱོན་འཆབ་པའོ། །གྱ་གྱུ་དྲང་པོ་མིན་པ། བྱ་ལས་དང་ཆོས་དང་བ་དང་འཕྲོག་དང་སྟོབས་དང་ནི་སྤྲོ༷་དང་། ལྷན་ཅིག་སྐྱེས་ཚོམ་ཉིད་དང་། དེ་བཞིན་ལྷན་སྐྱེས་གྱ་ཚོམ་བར་མ་དང་། ཤིན་ཏུ་གྱ་ཚོམ་བར་མ་དྲག་པོ་དང་། ལྷན་ཅིག་སྐྱེས་དང་དྲག་པོ་དང་རྣམ་པར་སྒེག་དང་ཞེ་འགྲས་ཉིད་དགེ་དང་ཚིག་གསལ་བདེན་པ་དང་མི་བདེན་པ་དང་དེ་བཞིན་དེས། དངོས་པོ་ཡོངས་སུ་མི་འཛིན་པས་ཉེ་བར་མི་ལེན་རང་གི་དངོས་པོ་དག་སྦྱིན་ཉེར་ལེན་མིན་དང་སྦྱིན་པའོ། །ཞེས་ཀྱང་འདུག །པའོ། །ལེ་ལོ་ཅན་ལ་སྐུལ་དང་དེ་བཞིན་དཔའ་བོ་དང་། ངོ་ཚ་མེད་དང་སྒྱུ་དང་གདུག་མི་སྲུན་གཡོ་དང་། པ་དང་གྱ་གྱུ་དག་དང་། ཉིད། མཚན་རང་བཞིན། ཉིད་བཞི་བཅུ་གང་ཡིན་པ་ཤིན་ཏུ་སྟོང་པའི་སྐད་ཅིག་སྟེ་ཉི་མའི་ལྟར་སྣང་བ་ཉིན་མོ་སྐྱེས་པའི་ཐབས་ཀྱི་ཆ་ཡིན་པས། མིང་དང་ནི། ཉི་ཟླའི་དཀྱིལ་འཁོར་ལྟ་བུའི་སྣང་བ་དང་སྣང་བྱ་རྩུབ་མོ་བ་གཡས་པར་ཆ་ལས་བྱུང་བར་བསྟན་པ་ཡིན། ཉི་དཀྱིལ་རྡོ་རྗེ་ལ་དབྱངས་དང་པོ་ཐིག་ལེ་གཉིས་བརྒྱན་པ་བཀོད་པའི་ས་བོན་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་མིང་དང་ནི་དེ་བཞིན་དུ་ནི་རྡོ་རྗེའི་མིང་ཐིག་ལེ་གཉིས་ཀྱིས་བརྒྱན་པ་ཡི་ཨཿདབྱངས་ཆ་རུ་དེ་ཉིད་ཤེས་པར་བྱ། ཉམས་


MR08_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཉི་མའི་འོད་ཟེར་འདྲ་བ་ཡང་སྣང་བ་མཆེད་པའི་སྦྱོར་བ་ཉོན་ཡིད་ཀྱི་རྣམ་ཤེས་སུ་གྱུར་གསལ་བའི་ཡེ་ཤེས་འབྱུང་ཞེས་ཀྱང་འདུག །པ་ལས་བྱུང་། ཀུན་གཞིའི་རྣམ་ཤེས་ཀྱི་རྣམ་པར་དག་པ་ཟླ་ཉི་དང་འབྲེལ་བའི་སྣང་བ་གཉིས་ཐོབ་པས་སྣང་བ་ཐོབ་པ་ཞེས་གསུངས་པ་དང་། ཉི་ཟླའི་སྣང་བ་གང་རུང་ལྟ་བུ་མ་ཡིན་པར་ཉིན་མཚན་གྱི་མཚམས་ཀྱི་སྣང་བ་ལྟ་བུ་ཉེ་བར་ཐོབ་པ་ཞེས་གཞན་གཉིས་ལ་དེ་འདྲ་ལྡན་པ་རྣམ་པར་བཅད་པའོ། །ཡོངས་སུ་གྲུབ་པ་ནི་སེམས་ཀྱི་གཞིར་གྲུབ་པའམ་དེ་བསལ་ན་དགྲ་བཅོམ་པར་འགྱུར་ཕྱིར་དང་། མ་རིག་པ་ནི་དེ་ལྡོག་ན་མ་རིག་པར་གདགས་གཞི་མེད་ལ། དེ་ལུང་མ་བསྟན་ཙམ་ཡང་དག་པའི་དོན་མ་རིག་པའམ་རེག་སོགས་སུ་རིག་པར་མི་བྱེད་ཚོར་བ་བཏང་སྙོམས་དང་ལྡན་པས། འདུ་ཤེས་ལ་སོགས་སུ་མི་འབྱེད་པས་ཀྱང་ཟེར། ཀུན་གཞི་ནི་རེག་ཡིད་བྱེད་ཚོར་འདུ་སེམས་པ་ལྔ་དང་རྟག་ཏུ་ལྡན་པ་ཡིན་ཡང་། བདུན་པོ་འདི་དེ་རྣམས་ཀྱི་ཆར་འདུས་པ་ཤེས་པར་བྱ། སེམས་བྱུང་གཞན་རགས་པ་རྣམས་ལས་རྒྱུ་ཕྲ་ཞིང་མི་གསལ་བ་བཏང་སྙོམས་དང་རྗེས་སུ་མཐུན་པ་བདུན་པོ་འདིའོ། །ཉི་ཟླའི་བར་རམ་མཚམས་ཀྱི་སྣང་བ་ཐོབ་པ་དག་


MR08_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་སྔ་མའི་སྣང་བ་གཉིས་ལས་གཞན་པ་ཉེ་བར་ཐོབ་པ་དེ་བཞིན་ཏེ། ཡང་ན་ཤེས་པ་ཐམས་ཅད་གཞིར་ཡོངས་སུ་གྲུབ་དེ་གསལ་བས་དགྲ་བཅོམ་ཐོབ་པའོ།། པ་ཉིད་ཀུན་དང་ནི། ས་བོན་ཐམས་ཅད་པ་ཉིད་ཀྱི་འབྱུང་ཁུངས་ཏེ་མ་རིག་པ་ནི་ཉིད་ཅེས་བྱ་གཉེན་པོ་སྟོང་པ་ཆེན་པོའི་སྤང་བྱ་ཡིན་པའི་ཚིག་གིས་ནི་རྣམ་གྲངས་འདི་དག་བཅོམ་ལྡན་འདས་རྒྱལ་བས་གསུངས་སོ། །ཆགས་པ་བར་མའི་སྐད་ཅིག་དང་བརྗེད་ངེས་པ་དང་འཁྲུལ་གཡེང་བའི་སེམས། བ་དང་མི་སྨྲར་གྱུར་དང་སྐྱོ༷་བ་སེམས་དུབ་པ། དང་། སྙོམ་ལས། ལེ་ལོ་དེ་བཞིན་ཐེ་རྨུགས་པ། ཚོམ་སྟེ་ཐེ་ཚོམ་ནི་མ་ངེས་པའི་སེམས་བྱུང་། མ་རིག་པའི་དུས་ཀྱི་སྐད་ཅིག་བདུན་པོ་ནི་ཤེས་རབ་ཕྲ་མོའི་ཇི་བཞིན་དུ་རྟོགས་པའི་རྣལ་འབྱོར་པས་ཤེས་པར་བྱ་འདིའི་མཚོན་བྱེད་ཀྱི་མིང་དུ་ས་བོན་ཐིག་ལེ་སོགས་རྗེས་འབྲངས་དང་ལྡན་པ། སྒོམ་པ་མིན་ལ་རླུང་གི་སྒོ་ནས་སྲོག་འཚོ་བྱེད་སྣ་བུག་ཏུ་འབྱུང་བའང་མིན་གང་ཞིག་མཚམས་ཀྱི་སྣང་བ་ཐོབ་པ་སྨག་གིས་ཁྱབ་པ་ལྟ་བུ་ནི་སེམས་ཀུན་གྱི་གཞི་དང་པོའི་རྣམ་ཤེས་ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །ད་ནི་དོན་ཚན་དེ་ཉིད་ཀྱི་འཕྲོས་ལས་རང་བཞིན་དད་སྣང་བ་དེ་དག་དུས་ཇི་ཙམ་དུ་འབྱུང་བ་བཤད་པ་ནི། དེ་ལྟར་


MR08_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གསུམ་གྱི་གནས་སྐབས་ཅན་གྱི་རང་བཞིན་ཕྲ་བ་ཉིན་བརྒྱད་ཅུ་མཚན་བརྒྱད་ཅུ་སྟེ་བརྒྱ་དང་ནི་དྲུག་ཅུ་ཐམ་པ་འདི་དག་ཉིད་རྣམ་པར་ཤེས་པ་རླུང་གི་བཞོན་པའི་རྒྱུ་ཡིས་བསྐུལ་ནས་ནི་ཉིན་དང་མཚན་དུ་འབྱུང་བ་ཡིན་ཏེ་རྣམ་པར་ཤེས་པ་ཉེར་ལེན་གྱི་རྒྱུ་དང་། རླུང་ལྷན་ཅིག་བྱེད་རྐྱེན་གྱིས་རྒྱ་མཚོ་ལ་རླབས་ལྟར་འབྱུང་ཞིང་སྐྱེ་འགག་བྱེད་དེ། གཞན་དབང་ཕྱུག་སོགས་ཀྱི་རྒྱུ་ཅན་ནམ་རྒྱུ་མེད་པ་ཅན་ཡང་མིན་ནོ། །དེ་ལྟར་རྣམ་ཤེས་གསུམ་སེམས་ཡིན་ལ། རང་བཞིན་བརྒྱད་ཅུ་རྣམས་སེམས་བྱུང་ཡིན་ཏེ་དེ་ཉིད་འཁོར་བའི་འཁོར་ལོ་མ་ལུས་པའི་རང་བཞིན་ཏེ། བྱེད་པོ་སུས་ཀྱང་འཁོར་བར་བཅིངས་པ་མེད་ཀྱང་སེམས་རང་ཉིད་དེ་ལྟར་རྣམ་པར་རྟོག་པས་འཁོར་བར་འགྱུར་པས་ན་དེ་དགག་པའི་ཕྱིར་སྟོང་པ་ཉིད་ལ་སོགས་པའི་ལམ་གྱི་རིམ་པ་བསྒོམ་པར་བྱའོ། །ཞེས་སོ། །རང་བཞིན་འདི་དག་སྐད་ཅིག་ཐང་གཅིག་ལ་སོགས་པ་ཙམ་དུ་ཡུལ་དེ་དང་དེ་ཉམས་སུ་མྱོང་བའམ་འདས་པའི་ཡུལ་རྗེས་སུ་དྲན་པའི་ཚུལ་གྱིས་འབྱུང་སྟེ། ཤིན་ཏུ་ཕྲ་བའི་བློས་དེ་རྣམས་སྐད་ཅིག་སོགས་སུ་བྱུང་བ་རང་རིག་པས་ངོས་ཟིན་པར་བྱས་ན་


MR08_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་གསུམ་གྱི་ཁྱད་པར་ཤེས་ལ། གཞན་དུ་དེ་གསུམ་མ་འདྲེས་པར་འབྱེད་མི་ནུས་ཤིང་དེའི་ཕྱིར་རང་བཞིན་རྣམས་དགག་པའི་སེམས་རྣམ་པར་དག་པའང་མི་ཐོབ་བོ། །སྐད་ཅིག་ལ་སོགས་པའི་དུས་དེ་ཙམ་ལས་ཐུང་པའམ་རིང་པར་རང་བཞིན་རྣམས་མི་འབྱུང་སྟེ། དེ་རྣམས་ནི་ཤིན་ཏུ་ཕྲ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ཕྱིར་སྐད་ཅིག་ལ་སོགས་པའི་དུས་ཀྱི་དབྱེ་བས་རང་བཞིན་རྣམས་ངོ་ཤེས་པར་བྱས་ལ། དེ་དང་རྗེས་མཐུན་གྱི་གཉེན་པོ་བསྟེན་པར་བྱས་པས་སེམས་དབེན་པའམ་སེམས་རྣམ་པར་དག་པ་འཐོབ་པར་འགྱུར་རོ། །རང་རིག་ཙམ་གྱི་ཡེ་ཤེས་པ་གཟུང་འཛིན་དང་བྲལ་བ་རང་བཞིན་འོད་གསལ་བའི་སེམས་སོ་སོ་རང་རིག་པའི་རྣལ་འབྱོར་མངོན་སུམ་གྱིས་རྟོགས་བྱ་དེ་ཆོས་ཀྱི་སྐུའི་ཀུན་རང་བཞིན་ཡིན་པས། རྣམ་པར་ཤེས་པ་ཐམས་ཅད་ཀྱང་དེའི་རང་བཞིན་ལས་མ་འདས་པས། གནས་ལུགས་ཀྱི་དབང་དུ་ན་ནམ་མཁའ་ལྟ་བུར་སྐྱེ་རྒ་འཆི་བའི་མཚན་ཉིད་དང་བྲལ་བ་ཡིན་ནའང་། སེམས་ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ཀྱིས་གོས་པའི་ཕྱིར་གཟུང་བ་དང་འཛིན་པ་རགས་པའི་ངོ་བོ་ཉིད་དུ་གྱུར་ནས་མི་ཤེས་པའི་མུན་པས་རང་གི་ངོ་བོ་སྟོང་གསལ་ཆོས་སྐུ་མ་མཐོང་བར་བསྒྲིབས་ནས།


MR08_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་བདག་གིར་འཛིན་པའི་དབང་གི་རྣམ་ཤེས་ཚོགས་བརྒྱད་དུ་འབྱུང་ཞིང་། དེ་བསྡུས་ན་སེམས་གསུམ་གྱི་རྣམ་པས་ཡང་ཡང་འཁོར་བར་འཇུག་པ་ཡིན་ནོ། །རང་བཞིན་དེ་དག་ཡུན་ཇི་ཙམ་རེ་འབྱུང་ཞེ་ན་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དང་མིག་བཙུམས་པ་ཞེས་དང་དེ་བཞིན་ཐལ་མོ་བརྡབ་པ་སྟེ་དེ་ཙམ་གྱི་ཡུན་དུའོ། །དེ་ལ་སྐད་ཅིག་ནི་སེ་གོལ་གཏོགས་པའི་སྒྲ་ཇི་སྲིད་གནས་པའི་ཡུན་ཡིན་པར་བཤད། ཐང་ཅིག་ནི་ལག་པ་སོགས་ཀྱིས་ཡུངས་ཀར་གཅིག་ལག་མཐིལ་ལ་བསྐོར་བ་དང་། ཡུད་ཙམ་ནི་རང་གི་དབུགས་ནང་དུ་རྔུབ་པ་དང་ཕྱིར་འབྱུང་བ་ཡི་ཡུན་ཙམ། མིག་བཙུམས་པའི་མིག་ནི་བཙུམས་པའི་བྱ་བ་རྫོགས་པའི་བར་རོ། །ཐལ་མོ་ནི་ལག་གཉིས་བརྡབས་པ་ཡི་བྱ་བ་རྫོགས་པ་ཙམ་སྟེ། དེ་ལྟར་སྐད་ཅིག་ལ་སོགས་པའི་དུས་ཀྱི་མཚན་ཉིད་དོ། །གཉིས་པ་སྣང་བ་གསུམ་གྱི་ངོ་བོ་ངོས་གཟུང་བ་ནི་སོ་སོ་རང་རིག་ཙམ་གྱི་ཡེ་ཤེས་ནི་ནམ་མཁའ་ལྟ་བུར་མཚན་ཉིད་མེད་དེ་སྤྲོས་པ་ཀུན་དང་བྲལ་བའོ་འོན་ཀྱང་ཡེ་ཤེས་མ་རྟོགས་པར་ཚོགས་བརྒྱད་དུ་ཤར་བའི་ཚེ་སེམས་དེ་ཡི་དབྱེ་ལ་ཡོད་དེ་འཇུག་ཤེས་མཚན་མོ་དང་ཉོན་ཡིད་ཉིན་མོ་དང་ཀུན་གཞི་མཚམས་ཀྱི་


MR08_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ཅན་ལ་དེ་ཉིད་ལ་སྟོང་པ་སོགས་ཀྱིས་རྣམ་པར་དག་པའི་སྒོ་ནས་རིམ་བཞིན་སྣང་བ་དང་སྣང་བ་མཆེད་པ་དང་དེ་བཞིན་སྣང་བ་ཉེར་ཐོབ་དང་། གསུམ་པ་ལམ་གྱི་སྣང་གསུམ་སྒྲུབ་པའི་ཐབས་བསྟན་པ་ནི། སྣང་གསུམ་དང་བཅས་པའི་སེམས་ནི་རྣམ་པ་གསུམ་བཤད་ནས་སེམས་དེ་ཡི་སྲིད་པ་ཇི་ལྟར་སྒྲུབ་པ་བརྗོད་པར་བྱ་སྟེ། གང་དུ་སྐྱེ་བ་ལེན་པའི་ལས་ཀྱི་བག་ཆགས་ཀྱི་ཉེས་པས་བསྐུལ་བའི་དྲི་ཟའི་སེམས་ཅན་དབང་པོ་ཀུན་ལྡན་སྲིད་པ་བར་མའི་གནས་སྐབས་ན་གནས་པ་དེ། སྐྱེས་པ་བུད་མེད་སྦྱོར་བའི་སྐབས་སུ་ཆགས་སྡང་གིས་བསྐུལ་ནས་མངལ་དུ་འཇུག་ཅིང་ཁུ་ཁྲག་གི་ནང་དུ་ཐུམ་སྟེ་མེར་མེར། གོར་གོར། རྐང་ལག་འགྱུས་པ། རྒྱུས་པ་པགས་པ་སྤུ་སོགས་ཀྱི་དངོས་པོར་རིམ་པར་སྨིན་པས་ཟླ་བ་དགུ་དང་ངོ་བཅུའི་རིམ་པས་སྲོག་ཆགས་རྣམས་ཀྱི་དངོས་པོར་གྱུར་ནས་མའི་ལྟོ་བ་ནས་བྱུང་བ་སྟེ། ཡུལ་དྲུག་ཉམས་སུ་མྱོང་བར་བྱེད་ཅིང་། དེ་ནས་ཆགས་སྡང་སོགས་ཉོན་མོངས་དང་ཉེ་ཉོན་གྱི་དབང་དུ་འཁྱམས་ཞིང་ཡང་ནས་ཡང་དུ་དེ་ཁོ་ན་ལྟར་སྐྱེ་བར་འགྱུར་ཏེ། འཁོར་བའི་བཙོན་རའི་སྡུག་བསྔལ་མཐའ་ཡས་པ་དང་ལྡན་པའི་འགྲོ་བ་དྲུག་


MR08_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཟོ་ཆུན་ཀྱི་འཕྲུལ་འཁོར་བཞིན་དུ་འཁྱམས་པ་ནི་སེམས་ཅན་རྣམས་ཀྱི་སྐྱེ་བའི་ལམ་ཡིན་ནོ། །དེ་ཡང་སྐྱེ་བ་ལེན་པ་པོ་སེམས་དེ་ཀུན་ཉིད་སྐྱེ་གནས་སོགས་སུ་བསྡུས་པར་བྱེད་པ་རླུང་གི་ལྷན་ཅིག་བྱེད་རྐྱེན་བྱས་པའི་རྣམ་པར་རྟོག་པ་ཡིན་ཏེ། འདི་ལྟར་རླུང་རྣམས་པྲ་བའི་སོགས་ཏེ། དེའི་ཚེ་མིག་དང་གཟུགས་སོགས་ཡུལ་ཡུལ་ཅན་ལྡན་པའི་ཚེ། ཡིད་ལ་བྱེད་པའི་མཐུས་མིག་ཤེས་སོགས་སྐྱེ་བར་འགྱུར་རོ། །དེ་ཉིད་སྟོན་ཏེ་སྲོག་ལ་སོགས་པའི་རླུང་རྣམས་རང་བཞིན་གྱིས་སྟོང་པའི་གཟུགས་སམ། སེམས་དང་དབྱེར་མེད་པའི་བསྐྱོད་བྱེད། སྟོང་ཕྲ་བའི་གཟུགས་ཀྱིས་ནི་རྣམ་པར་ཤེས་པ་དང་། ཡང་དག་པར་འདྲེས་པར་གྱུར་ནས་དང་པོར་ལུས་ལེན་ལུས་རྫོགས་ནས་བཙས་ཏེ་མིག་སོགས་དབང་པོའི་ལམ་ནས་བྱུང་ནས་ནི་གཟུགས་སོགས་ཡུལ་དྲུག་པོ་རྣམས་ལ་ནི་དམིགས་པར་བྱེད་དོ། །གང་ཚེ་ཡུལ་གང་ཡིན་སྣང་བ་བདེ་སྡུག་བཏང་སྙོམས་ཀྱི་ལུས་ལྡན་གྱུར་ཅིང་རླུང་ནི་དེ་དག་གི་བཞོན་པ་ཉིད་དུ་གྱུར་པ་ཡོད་པ་དེ་ཚེ་རང་བཞིན་བརྒྱད་ཅུ་སོགས་སེམས་བྱུང་གི་རང་བཞིན་དེ་དག་ཀུན་མ་ལུས་ལུས་པ་མེད་པར་འབྱུང་ངོ་། །ཀླུ་བྱང་འགྲེལ་པར།


MR08_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ནི་བཞོན་པ་ཉིད་གྱུར་ནས། །གང་ཚེ་སྣང་བ་ལྡན་གྱུར་པ། །དེ་ཚེ་རང་བཞིན་དེ་དག་ཀུན། །ཅིག་ཆར་རམ་ནི་རིམ་གྱིས་འབྱུང་། །ཞེས་འདུག །སེམས་བྱུང་རྣམས་ཕལ་ཆེར་རིམ་གྱིས་འབྱུང་བ་མ་ཡིན་ནམ། ཇི་ལྟར་ཅིག་ཆར་ཞེ་ན། སེམས་བྱུང་ཐམས་ཅད་ལ་བསམ་ན་ཐམས་ཅད་ཅིག་ཆར་མིན་ཏེ་རིམ་གྱིས་ཐམས་ཅད་འབྱུང་ཡང་། གང་དུ་སེམས་བྱུང་གཅིག་གཙོ་བོར་བྱས་ནས་ཤར་ན། གཞན་དེ་དང་ལྷན་ཅིག་འབྱུང་རུང་བ་རྣམས་གཙོ་བོ་མ་ཡིན་པའི་ཚུལ་གྱིས་ཅིག་ཆར་འབྱུང་རུང་སྟེ་རོལ་མོ་དུ་མའི་སྒྲའི་ཅ་ཅོ་བཞིན་རྟོག་མེད་ཤེས་པར་རིགས་མི་མཐུན་དུ་མ་ལྷན་ཅིག་འབྱུང་བ་ཡོད། དེའི་ཕྱིར་རྩ་ལག་གི་རླུང་སོ་སོའི་གནས་སྙིང་ཁ་ལྐོག་མ་སོགས་དང་། ཁྱད་པར་ཆོས་ཀྱི་དབྱིངས་ཀྱི་འཁོར་ལོ་འོད་གསལ་བ་ལས་རླུང་བྱུང་སྟེ། གཡོན་གཡས་བར་མའི་རྩ་གསུམ་དུ་ལམ་བྱས་ཏེ་རྒྱུའོ། །དེའི་ཕྱིར་ལམ་གསུམ་གང་དང་གར་གནས་པའི་རླུང་དེས་སེམས་བྱུང་གི་རང་བཞིན་དེ་དང་དེ་རུ་སྐྱེད་དེ། སེམས་ཀྱི་དྲན་པ་སོགས་མིག་ཤེས་སོགས་བཞིན་ནོ། །རྩ་གཡོན་པའི་རླུང་གིས་ཤེས་རབ་ཀྱི་ངོ་བོའི་རང་བཞིན་རྣམས་སྐྱེ། གཡས་པས་ཐབས། དབུས་མ་མ་རིག་


MR08_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་སྐྱེད་མོད་ཀྱི། འོན་ཀྱང་དེ་དག་དམིགས་རྐྱེན་ཡུལ་གྱི་སྣང་བ་ལྟོས་ཏེ་བུམ་པ་སོགས་དེ་དེའི་རྣམ་ཅན་གྱི་ཤེས་པ་འབྱུང་ངོ་། །ཇི་སྲིད་རླུང་མི་འབྱུང་ཞིང་ཤེས་པ་མི་གཡོ་བར་གྱུར་པ་སྲིད་དུའོ། །རླུང་ནི་གནས་སྐབས་ཀྱི་སེམས་གང་དང་གར་གནས་པ་དེས་བསྐུལ་ནས་སེམས་བྱུང་གི་རང་བཞིན་དེ་དང་དེ་འབྱུང་བར་འགྱུར་ཇི་སྲིད་སྐྱོད་བྱེད་ཀྱི་རླུང་གིས་མ་བསྐྱོད་པ་ནི་མི་རྒྱུ་དང་སྣང་བ་མི་གཡོ་བར་མ་གྱུར་པ་གྱུར་པ་དེ་སྲིད་དུ་རླུང་རྒྱུའོ། །འགོག་པ་ནི་སྣང་བ་གཉིས་ཀྱི་རྒྱུར་གྱུར་པས་ཏེ། ཀླུ་བྱང་འགྲེལ་པ་ལས། སྣང་བ་གཉིས་ཀྱི་རྒྱུ་ཅན་ཏེ། །བདག་གི་དངོས་པོ་རྣམ་པར་བརྟན། །གཉིས་ཀའི་ཡན་ལག་ཅན་ཉིད་ཀྱི། །སྣང་བ་ཉེ་བར་ཐོབ་པར་འགྱུར། །ཞེས་གསུངས་དེའི་དོན། སྣང་བ་གཉིས་ཏེ་རང་བཞིན་རྣམས་དང་། རྣམ་ཤེས་ཀུན་དགག་པའི་དོན་དུ། ཨོཾ་དང་། ཨཱཿགཉིས་དབྱངས་དང་ཚེག་དྲག་ལ་གཞུག་པ་སྔོན་དུ་འགྲོ་བ་ཅན་གྱི་ཟླ་ཉིའི་སྣང་བ་དང་མཚུངས་པའི་སྣང་བ་དང་མཆེད་པ། དེའི་རྒྱུ་ཅན་དག་གི་དངོས་པོ་སྟེ་འཇུག་ཤེས་དང་ཉོན་ཡིད་གཉིས་རྣམ་པར་བརྟག་པ་ནི་འགོག་པ་སྒོམ་པའོ་ཞེས་གསུངས། དེའི་རྗེས་སུ་གཉིས་ཀའི་


MR08_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ཅན་ཏེ། སྣང་བ་གཉིས་སུ་མཐོང་བ་དང་བྲལ་ནས་རོ་གཅིག་ཏུ་གྱུར་པ་མཚམས་ཀྱི་སྣང་བ་ལྟ་བུའི་སྣང་བ་ཉེར་ཐོབ་ཀུན་གཞིའི་རྣམ་པར་ཤེས་པ་གྱུར་པའི་མཚན་ཉིད་ཀྱི་ཡེ་ཤེས་རྣལ་འབྱོར་པ་ལས་སྐྱེ་བར་འགྱུར་རོ་ཞེས་འགོག་པའི་རིམ་པ་སྟེ་སྦས་པའོ། །ཞེས་སོ། །དེ་ལྟར་སྔགས་ཀྱི་རིམ་པ་བསྟན་པ་དེའི་ལྷན་ཅིག་བྱེད་རྐྱེན་ཁྱད་པར་ཅན་ཕྱག་རྒྱའི་རིམ་པ་ནི། ཀླུ་བྱང་འགྲེལ་ལས། དགའ་བ། མཆོག་དགའ། དགའ་བྲལ་གྱི་ཡེ་ཤེས་གསུམ་གྱི་དབྱེ་བ་ཕྱག་རྒྱ་ལས་གསལ་བར་མཚོན་ནོ། །རྣམ་པ་སྣ་ཚོགས་པའི་སྐད་ཅིག་མའི་དུས་སུ་སྣང་བ་མཆེད་པ་སྟེ་མཆོག་གོ། རྣམ་པར་སྨིན་པའི་སྐད་ཅིག་གི་དུས་སུ་སྣང་བ་ཉེར་ཐོབ་ཀྱི་རང་བཞིན་བྲལ་བ་སྟེ་སྦས་པའོ། །སྣང་བ་ནི་འདོད་ཆགས་ཏེ་དགའ་བ། ཆགས་བྲལ་ནི་སྣང་བ་ཉེར་ཐོབ་སྟེ་བྲལ་བའོ། །དེ་དག་གི་བར་ན་གནས་པའི་གསུམ་པ་གང་ཡིན་དེ་ནི་སྣང་བ་མཆེད་པ་སྟེ་མཆོག་གོ། ཞེས་གསུངས་ཏེ་དེས་འཇུག་ཤེས་སོགས་རྣམ་ཤེས་ཚན་གསུམ་པོ་དེ་འགག་པར་འགྱུར་རོ་ཞེས་སྦས་པའོ། །ཇི་སྐད་བཤད་པའི་བྱ་བ་ནི་སྔགས་ཀྱི་རིམ་པས་ས་བོན་སོགས་ཀྱིས་སྤངས་པ་དང་། ཕྱག་རྒྱའི་རིམ་པས་དགའ་བ་གཉིས་སྤངས་པའི་


MR08_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་གིས་ཡེ་ཤེས་ཐོབ་པའང་ཡིན་པ་དེ་ནི་སྣང་བ་ཉེར་ཐོབ་སྟེ་སྦས་པས་བཤད་པའོ། །ཞེས་གསུངས། རྡོར་པད་སྦྱར་བ་ཕྱིའི་ཐབས་ཤེས་སྙོམས་འཇུག །ཐབས་ཆགས་པ་དང་། ཤེས་རབ་ཆགས་བྲལ་གཉིས་མེད་སྦྱོར་བ་ནང་གི་སྙོམས་འཇུག །དེ་གཉིས་ལ་བརྟེན་ནས་འབད་པས་ཐོབ་པའི་ཟུང་འཇུག་གི་ཡེ་ཤེས་གང་དུ་མི་གནས་པ་ཉེར་ཐོབ་ཅེས་ལྷན་སྐྱེས་སྦས་ཏེ་བཤད་པའོ་སེམས་སོ། །དེ་ཡང་སྣང་བ་གཉིས་ཀྱི་རྒྱུ་ཅན་བདག་གི་དངོས་པོ་རྣམ་པར་བརྟགས་པས་ཇི་ལྟར་སྣང་བ་ཐོབ་པ་ལྟར་གཉིས་ཀའི་ཡན་ལག་ཉིད་དུ་སྟེ་སྣང་བ་གཉིས་སུ་མཐོང་བ་དང་བྲལ་ནས་མཚམས་སྣང་ལྟ་བུའི་ཉེར་ཐོབ་ཀྱི་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཕྱག་རྒྱའི་རིམ་པ་ནི་སྨན་རྡེའུ་སྔགས་ལ་སོགས་པ་ལས་བྱུང་བའི་སྒྱུ་མ་དག་ནི་ཐམས་ཅད་ལས་བུད་མེད་སྒྱུ་མ་ནི་ཁྱད་པར་འཕགས་གང་གིས་ན་སྣང་བ་ལ་སོགས་པའི་ཡེ་ཤེས་གསུམ་གྱི་དབྱེ་བ་ནི་གསལ་བར་ཕྱག་རྒྱ་དང་སྙོམ་པར་ཞུགས་པ་འདི་ལས་མངོན་སུམ་གསལ་བའམ་མཚོན་པར་འགྱུར་བའི་ཕྱིར་རོ། །འདོད་ཆགས་སྣང་བ་སྟེ་དགའ་བ་དང་མཆོག་དགའ་གཉིས། སྣང་བ་མཆེད་པ་ཉིད་དང་ཆགས་བྲལ་ནི་དགའ་བྲལ་སྣང་བ་ཐོབ་པ་དང་། དེ་ཡི་བར་


MR08_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གསུམ་པོ་དབུས་སུ་ལྷན་ཅིག་སྐྱེས་དགའོ། །སྣང་བ་ཐོབ་པ་ནི་ཕོ་མོའི་དབང་པོ་གཉིས་ནི་མཉམ་སྦྱོར་བའི་ཐ་སྙད་ཅན་ཐབས་ཤེས་ཀྱི་རྡོ་རྗེ་པདྨ་འདུས་པ་ལས་རྟོགས་སོ། །ནང་གི་སྙོམས་འཇུག་ནི། ཕྱག་རྒྱ་ལ་བརྟེན་ཀུན་ནས་སྣང་བ་དང་མཆེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཁམས་དཀར་དམར་གྱིའམ་ཡེ་ཤེས་གཉིས་ནི་གཅིག་ཏུ་མཉམ་སྦྱོར་ལས་སྙོམས་པར་འཇུག་པར་བཤད་པ་ཡིན་ཏེ་སྣང་བའི་ཤེས་རབ། མཆེད་པའི་ཡེ་ཤེས་ཐབས་ཀྱི་ཆའོ། །དེ་དག་སྦྱར་བ་ཐབས་ཤེས་སྙོམས་པར་ཞུགས་པའོ། །ཡེ་ཤེས་གཉིས་ཀྱི་མཉམ་སྦྱོར་དང་ཇི་སྐད་བཤད་པའི་བྱ་བ་ཡིས་འབད་པས་ཡེ་ཤེས་གང་ཞིག་ཆགས་དང་ཆགས་བྲལ་ལས་འདས་པ་ཐོབ་པ་དེ་ནི་སྣང་བ་ཐོབ་པའོ་ཞེས་ཐ་སྙད་བྱས། རྣལ་འབྱོར་པ་གང་ཞིག་ཆུ་སྐྱེས་དང་རྡོ་རྗེ་སྦྱོར་བ་གྲགས་པའམ་ཀུན་རྫོབ་ཏུ་ཡང་མེད་གྱུར་ན་ཐབས་ཅི་བྱ་ཞེ་ན་སྔར་དབང་དུས་སུ་ཕྱག་རྒྱའི་བདེ་བ་དེའི་རྗེས་སུ་ཡིད་ཀྱི་ཕྱག་རྒྱ་ལ་བརྟེན། ལན་ཅིག་ཙམ་ཞིག་མྱང་ནས་ཀྱང་རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར་ཏེ་སྔར་གྱི་བདེ་བ་དྲན་ནས་དེ་འདྲར་དམིགས་པས་སོ། །རང་བཞིན་རྣམས་ཀྱི་རང་གི་ངོ་བོ་ཡོངས་སུ་ཤེས་པར་བྱ་བའི་དོན་དུ་སྣང་བ་གསུམ་གྱི་ཡེ་ཤེས་གསུམ་རང་བཞིན་རྣམས་


MR08_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒོ་ནས་འཇུག་པའི་ངོ་བོ་ཡི། དེ་གསུམ་གྱི་ཁྱད་པར་རམ་སྣང་གསུམ་མྱོང་བའི་ཐབས་ཀྱི་དབྱེ་བ་ཇི་བཞིན་རང་རིག་པས་ཤེས་པར་བྱས་ལ། ཐབས་ཤེས་མ་རིག་པའི་རྣམ་ཤེས་གསུམ་གྱི་རང་བཞིན་དེ་ཉིད་སླར་ཡང་ནི་རྟག་ཏུ་རྣལ་འབྱོར་པས་ཡང་ནས་ཡང་དུ་ཤེས་པའམ་མཚོན་པར་བྱ་བ་སྟེ་སྦས་པའོ། །གཉིས་པ་འཕྲོས་དོན་ལས་ཀྱི་མཐའ་རྣམ་པར་འབྱེད་པ་ནི། ཇི་ལྟར་སྤྲིན་ནི་མི་འདྲ་བ་སྣ་ཚོགས་ཤིང་མདོག་དང་དབྱིབས་ནི་ཐ་དད་པ་ནམ་མཁའི་དབྱིངས་སུ་བྱུང་ནས་ནི་ནམ་མཁའ་དེ་ཉིད་དུ་ནི་ཐིམ་པར་འགྱུར་བ་ལྟར་དེ་བཞིན་རང་བཞིན་ཐམས་ཅད་ནི་སྣང་བ་གསུམ་གྱི་ནི་རྒྱུ་ཅན་ཏེ་དེ་ལས་བྱུང་ནས་མ་ལུས་པའི་ཡུལ་ལ་ཞུགས་པའམ་རང་རང་གི་འདོད་པའི་ཡུལ་དཔྱད་ནས་ནི། དེ་ཐམས་ཅད་རང་གི་འབྱུང་ཁུངས་ཆོས་སྐུ་དེ་ཁོ་ན་ཉིད་བཞི་པ་འོད་གསལ་བར་ནི་ཞུགས་པར་འགྱུར་བ་དེ་ལྟ་ན་ཀུན་ཏུ་རྟོག་པའི་རྣམ་ཤེས་ཚོགས་བརྒྱད་པོ་འདི་དག་གི་རང་བཞིན་ནི་ཡེ་ནས་མ་སྐྱེས་པ་འོད་གསལ་བའི་རང་བཞིན་དུ་གནས་སོ། །འོད་གསལ་ནི་ནམ་ཡང་བསྡུ་བ་དང་སྤྲོ་བ་མེད་དེ། སྔར་བཞིན་ཕྱིས་ཀྱང་དེ་བཞིན་ནོ། །སེམས་སེམས་བྱུང་རྣམས་སྤྲོ་བའི་ཚེ་ནའང་དེ་ལས་གཞན་དུ་མེད་མོད་ཀྱི་དེ་ལྟར་སྣང་བ་


MR08_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགལ་ལ། འོད་གསལ་དུ་བསྡུས་ཀྱང་རང་གི་རང་བཞིན་ལ་ཞུགས་པ་ཡིན་གྱི་གཞན་དུ་འགྲོ་འོང་གང་ཡང་མེད་དོ། །དེའི་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་བུ་རམ་མངར་བ་དང་མེ་ཚ་བ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་འོད་གསལ་སྟོང་པ་ཉིད་དུ་གནས་སོ། །དེ་འདྲའི་ཆོས་རྣམས་ཀྱི་རང་བཞིན་འོད་གསལ་སྟོང་པ་ནི་མ་ཤེས་པས། དངོས་པོར་འཛིན་པའི་མི་ཤེས་མུན་པས་ཁེབས་པ་ནི་དགེ་དང་མི་དགེའི་ལས་བྱས་ནས་འགྲོ་བ་ལྔར་ནི་འཁོར་བར་འགྱུར་ཏེ་འདི་ལྟར་མཚམས་མེད་ལ་སོགས་པའི་ལས་བྱས་ནས་ནི་དམྱལ་ལ་སོགས་བར་འཚེད་པར་བྱེད་ཅིང་རེས་སྦྱིན་སོགས་དགེ་བ་བྱས་ནས་ནི་མཐོ་རིས་ལ་སོགས་དག་ཏུ་མཆོད་པ་ཀུན་ཐོབ་བོ། །རིགས་དྲུག་གི་སྐྱེ་བ་དཔག་མེད་སྟོང་ཕྲག་ནི་སྲིད་པ་འདིར་ནི་ཡང་དང་ཡང་འཐོབ་པ་དེའི་ཚེ་ན་འདི་ནི་སྔོན་ལས་ཀྱི་རྣམ་སྨིན་ཡིན་ནོ་ཞེས་རྨོངས་པ་རྣམས་ནི་མྱ་ངན་བྱེད་དེ་རང་བཞིན་རྣམས་ལས་བྱུང་བར་མི་ཤེས་སོ། །ལས་དེ་དག་ཀྱང་རང་བཞིན་རྣམས་དང་བཅས་པའི་སེམས་གསུམ་ལས་བྱུང་བར་མི་ཤེས་ཏེ། རང་ལས་བྱུང་བ་ལ་ལས་ལས་བྱུང་ངོ་ཞེས་རང་དབང་མེད་པ་སྐད་དུ་སྨྲའོ། །རང་བཞིན་རྣམས་ཀྱི་རང་གི་ངོ་བོ་ཡོངས་སུ་


MR08_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཁོ་ན་འཐད་དེ། རང་བཞིན་རྣམ་པ་གསུམ་གྱི་རྣམ་ཤེས་སྣང་བའི་ཚུལ་གྱིས་ནི་སེམས་གསུམ་གང་གིས་སྐྱེ་བོ་རྣམས་ཉོན་མོངས་པ་ཡིན་པའི་ཚུལ་དེ་ཉིད་ཤེས་ནས་ཡེ་ཤེས་ཅན་གྱི་རྣལ་འབྱོར་པ་རྣམས་སྲིད་པའི་གཟེབ་ལས་རྣམ་པར་གྲོལ་བར་འགྱུར་རོ། །གཉིས་པ་བདེན་པ་གཉིས་ཟུང་འཇུག་དང་བཅས་པ་མདོ་ཙམ་སྨོས་པ་ལ་དོན་དྲུག་སྟེ། དཔེ་བསྐྱེད་རིམ་གྱི་དག་པ་བཤད་པས་སྒྱུ་ལུས་ངོས་གཟུང་། སྒྱུ་ལུས་འོད་གསལ་དུ་འཇུག་པའི་རིམ་པ་བསྟན། བདག་བྱིན་བརླབ་པའི་ཡེ་ཤེས་ཇི་ལྟར་འཆར་བའི་ཚུལ། ཕར་ཕྱིན་ཐེག་པའི་ལམ་ཡོངས་སུ་རྫོགས་ཀྱང་སྔགས་ཀྱི་སྣོན་ཀ་དགོས་ཚུལ། སྔགས་ལམ་ལ་དང་པོར་ཞུགས་པ་ལམ་གཞན་ལ་མི་ལྟོས་པར་བསྟན། འོད་གསལ་མངོན་པར་བྱང་ཆུབ་ཆོས་ཐམས་ཅད་ཀྱི་སྙིང་པོར་བསྟན་པའོ། །དང་པོ་ནི། བསྐྱེད་རིམ་དང་སྦྱར་ན་དེ་ལྟར་རྫོགས་པའི་རིམ་པས་ཡེ་ཤེས་གསུམ་གྱི་རྣལ་འབྱོར་གྱིས་སེམས་རྣམ་པར་དག་པ་ལ་འཇུག་མི་ནུས་ཤིང་། དེའི་རྣམ་པར་བརྟག་པའི་རྣལ་འབྱོར་ཙམ། རྣལ་འབྱོར་གྱི་རྒྱུད་སོགས་སུ་གསུངས་པ་ནི། ཤེས་རབ་ངོ་བོ་འདི་ཉིད་ནི་སོགས་སོ་ཤེས་རབ་ངོ་བོ་ཉིད་འདི་ལྟ་བུ་ནི་ཨོཾ་དང་ལྡན་པ་ཟླ་བའི་དཀྱིལ་འཁོར་དག་ཏུ་སེམས་


MR08_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བརྟག་པ་དེ་ཉིད་དག་ཅིང་དྭངས་ལ་འོད་གསལ་བས་རང་གི་སེམས་ཉིད་ཀྱི་ངོ་བོ་རང་གིས་མཐོང་བར་འགྱུར་ཏེ་སེམས་རང་ཉིད་ཟླ་བའི་གཟུགས་བཞིན་དུ་དག་པར་གྱུར་པ་ཡིན་ནོ་དེ་ནས་ཟླ་བ་ལ་དམིགས་པ་ལ་སེམས་ཀྱི་སྣང་བ་སྐྱེས་པ་ནི་ཉི་དཀྱིལ་ལ་གནས་རྡོ་རྗེའི་སྟེང་གི་ཚེག་དྲག་གི་གཟུགས་དང་གཅིག་ཏུ་གྱུར་པའི་རྡོ་རྗེའི་མཚན་མར་རབ་ཏུ་བརྟག་པར་བྱ་སྟེ་དེའི་ཚེ་འདི་ནི་ཡེ་ཤེས་ལྔའི་ངོ་བོ་རྡོ་རྗེ་ལས་བྱུང་བའི་སེམས་ཡིན་པའི་ཕྱིར་ན། རྡོ་རྗེ་སེམས་ནི་བསྐྱེད་པ་ཡིས། རྣལ་འབྱོར་པ་ཡི་ཐབས་སུ་སྟོན་བྱེད་ཀྱང་བཤད་དོ། །ལྷ་ཡི་རྣམ་པའི་རྒྱུར་གྱུར་པ་ཉིད་ཡིན་པའི་ཕྱིར་དེ་ནས་ཅི་ཞིག་བྱ་ཞེ་ན་ཟླ་བ་རྡོ་རྗེ་སོགས་མཉམ་པར་སྦྱོར་ཏེ་གཅིག་ཏུ་འདྲེས་པ་དང་སེམས་དང་སེམས་བྱུང་འདུས་པ་སྟེ་དེ་བཞིན་ཤེས་རབ་དང་ཐབས་སུ་འདུས་པ་རོ་མཉམ་པ་ལས་རྡོ་རྗེ་འཆང་སོགས་ལྷ་ཡི་གཟུགས་ནི་འབྱུང་བར་འགྱུར་རོ། །དེའི་ཚེ་ཅི་ཞིག་བྱ་ཞེ་ན་ཕྱག་རྒྱ་བཞི་ཞེས་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་བཞིས་ཡེ་ཤེས་པ་དགུག་གཞུག་ཅིང་དབང་དུ་བྱ་བ་བཞིའམ་སྤྱན་མ་མཱ་ཀཱི་གོས་དཀར་སྒྲོལ་མ་སྟེ་ཕྱག་རྒྱ་ལྷ་མོ་བཞིས་རྒྱས་བཏབ་པ་ནི་འཁོར་གྱིས་བསྐོར་ནས་ཀུན་སམ། ཡང་ན་སྐུ་ཕྱག་ཆེན། གསུང་ཆོས། ཐུགས་དམ་ཚིག །ཕྲིན་ལས་ཀྱི་ཕྱག་རྒྱ་བཞིས་


MR08_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཏབ་ནས། དེ་ལྟ་བུའི་ཚུལ་དུ་ལྷའི་ང་རྒྱལ་འཛིན་པ་བསྐྱེད་རིམ་ཡིན་གྱི་རྫོགས་རིམ་མ་ཡིན་ནོ། །དེ་ལ་ལྷའི་རྣལ་འབྱོར་ནི་གཉིས་ཏེ། སྔགས་ཀྱི་སྐུའི་རྣལ་འབྱོར་དང་། ཡེ་ཤེས་སྐུའི་རྣལ་འབྱོར་རོ། །དེའི་དང་པོ་བསྐྱེད་པའི་རིམ་པས་བསྒོམ་པའི་སྐུའོ། །གཉིས་པ་སྔགས་ཀྱི་སྒྱུ་ལུས་སམ་རང་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་སྣང་བའི་སྐུའོ། །དེ་ཉེར་ཐོབ་སོགས་ཀྱི་རིམ་པའམ། འོད་གསལ་ལས་སྐད་ཅིག་གིས་ལྷའི་རྣམ་པར་འཛིན་པ་ཡང་རྫོགས་རིམ་ཁོ་ན་ཡིན་ནོ་ཞེས་པའི་ཕྱི་མ་འདི་སེམས་ཉིད་ཀྱི་རང་བཞིན་འོད་གསལ་བས་སྐད་ཅིག་དྲན་རྫོགས་ལ་གསུངས་པ་འདྲ་སྙམ་མོ། །ཕྱག་རྒྱ་བཞི་ཡང་དང་པོ་ཡེ་ཤེས་སེམས་དཔའ་ཕྱག་ཆེན་བསྒོམ། དེའི་ཐུགས་ཀར་ཟླ་དཀྱིལ་ས་བོན་དམ་ཚིག །སྣ་ཚོགས་རྡོ་རྗེ་སྙིང་པོ་གནས་པའི་ལག་པའི་ཕྱག་རྒྱ་བཅིངས་པ་ལས་ཀྱི་ཕྱག་རྒྱ། ལྕེ་ལ་རྡོ་རྗེ་བསྒོམས་ནས་བརྗོད་པ་ཆོས་ཀྱི་ཕྱག་རྒྱས་བཀུག་པར་ཡང་གསུངས་སོ། །དེ་ལྟར་ཕྱག་ཆེན། ཆོས། ལས། ཡེ་ཤེས་ཀྱི་ཕྱག་རྒྱ་བཞིས་ནི་རྒྱས་བཏབ་ཅིང་རང་འདོད་པའི་ལྷ་ཡི་ང་རྒྱལ་འཆད་བྱེད་དེ་བསྐྱེད་པའི་རིམ་དང་ལྡན་པར་ནི་སྔགས་པ་རྟག་ཏུ་དེ་ལ་སྤྱོད་པར་འགྱུར་བ་ནི་


MR08_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་དུ་དཔལ་ལྡན་འདུས་པ་ལ་སོགས་པར་རྣལ་འབྱོར་མཆོག་དང་། རྣལ་འབྱོར་ཆེན་པོའི་རྒྱུད་དེ་དང་དེར་ནི་ལྷ་བསྐྱེད་པའི་རིམ་པ་སྣ་ཚོགས་རྒྱས་པར་གསུངས་པའི་དོན་དེ་ལྟ་བུའི་ཇི་སྲིད་སྒོམ་ལ་སྤྱོད་གྱུར་པ་དེ་སྲིད་དང་པོའི་ལས་ཅན་ཡིན་ཏེ་རྫོགས་རིམ་མ་ཐོབ་པ་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་རོ། །གཉིས་པ་སྒྱུ་ལུས་འོད་གསལ་དུ་འཇུག་པའི་རིམ་པ་བསྟན་པ་ན། ད་ནི་ཡོངས་སུ་རྫོགས་པ་རྫོགས་རིམ་གྱི་རྣལ་འབྱོར་གྱི་དོན་ནམ་གསལ་བ་རུ་ནི་བཤད་བྱ་སྟེ། གང་ཞེ་ན་སྟོང་པ་གསུམ་གྱི་རིམ་པས་སེམས་རགས་པ་དང་ཕྲ་བ། སྣང་མཆེད་ཐོབ་གསུམ་རྣམ་པར་དག་པ་གང་འོད་གསལ་བར་ནི་རྫོགས་རིམ་གྱི་སྐབས་འདིར་བཤད་དོ་སྤྲོས་པ་ཐམས་ཅད་སྟོང་པར་དེ་ཉིད་བརྗོད་དེ་སྣང་བ་སོགས་ཡེ་ཤེས་གསུམ་ནི་རྣམ་པར་དག་པ་སྟེ་མེད་པ་ཡེ་ཤེས་གསུམ་པོ་དག་པའི་གནས་སམ་གཞི་འོད་གསལ་དོན་དམ་དེ་ཁོ་ན་ཉིད་རྟོགས་པའོ་ཐམས་ཅད་མཁྱེན་པ་བླ་ན་མེད་པ་རྡོ་རྗེ་འཆང་ས་བཅུ་གཉིས་ཀྱིས་བདག་ཉིད་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི་ངོ་བོ་དེ་ལ་དགའ་བ་སོགས་གསུམ་གྱིས་འགྱུར་བ་མེད་ཅིང་ཕྲ་བའི་རང་བཞིན་སྣང་བ་གསུམ་ཡང་མེད་པའོ། །ཀུན་རྫོབ་དོན་དམ་པའི་དབྱེ་བ་གཉིས་ཀྱང་མེད་ལ་རྣམ་རྟོག་གི་


MR08_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་པ་མཆོག་ཏུ་ཞི་བ་འོད་གསལ་བ་ཉིད་དེ་ནི་ཡོད་ཅེས་དང་དེ་བཞིན་མེད་པ་དང་དེ་ནི་ཡིན་མིན་སོགས་ཚིག་གི་སྤྱོད་ཡུལ་མིན་ཏེ་དམིགས་པ་ཐམས་ཅད་དང་བྲལ་བས་ཡོད་པ་མིན་ལ་སོ་སོ་རང་གི་རིག་པར་བྱ་བས་མེད་པ་ཁོ་ནའང་མ་ཡིན་ནོ། །གསུམ་པ་ཟུང་འཇུག་གི་ཡེ་ཤེས་ཇི་ལྟར་འཆར་བའི་ཚུལ་ནི། དེ་ནས་འོད་གསལ་བའི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་དག་ཅིང་རྙོག་ཀུན་པ་མེད་པ་ལས་ཡེ་ཤེས་གསུམ་ནི་འབྱུང་བར་འགྱུར་ཞིང་དེ་ཉིད་དུ་ཐིམ་པར་འགྱུར་ལ་ཐིམ་པ་འབའ་ཞིག་མ་ཡིན་ཏེ་དེ་ལས་སྒྱུ་མའི་སྐུ་སུམ་ཅུ་རྩ་གཉིས་ཀྱི་མཚན་བཟང་པོ་འཆར་ཞིང་དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན་གྱུར་རྣམ་པ་ཀུན་ཏུ་མཆོག་སྟེ་སྟོབས་བཅུ་སོགས་སངས་རྒྱས་ཀྱི་ཡོན་ཏན་ཀུན་ལྡན་པའི་ཐམས་ཅད་མཁྱེན་པར་དེ་ནས་འགྱུར་ཞིང་འགྲུབ་པའོ། །བཞི་པ་མདོ་ལམ་རྫོགས་ཀྱང་སྔགས་ལམ་གྱིས་སྣོན་ཀ་དགོས་ཚུལ་ནི། དེ་ཉིད་མདོའི་ལུང་གིས་བསྟན་པ། དེ་སྐད་དུ་རྒྱ་ཆེར་རོལ་པའི་མདོ་ལས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་མཐར་ཐུག་གི་མངོན་པར་བྱང་ཆུབ་འདི་བཞེད་ནས་མདོ་ལམ་གྱི་སྟོང་པ་ཆེན་པོ་དམིགས་པ་མེད་པས་སེམས་རྣམ་པར་དག་པའི་རིམ་གྱིས་གནས་གྱུར་པར་བྱས་པའི་སངས་རྒྱས་ཉིད་ཐོབ་པར་བྱའོ་ཞེས་མངོན་པར་


MR08_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ནས་དབེན་ས་བཙལ་བ་ལས་ནཻ་རཉྫ་ནའི་ཆུ་འགྲམ་དུ་སྟོང་པ་ཆེན་པོ་ལས་མི་གཡོའི་ཏིང་འཛིན་ལ་བཞུགས་པ་ལ་དུས་དེའི་ཚེ་སྔོན་གྱི་རྒྱལ་བ་རྣམས་མཁའ་ཡི་རྡོ་རྗེ་ཏིལ་གྱི་གང་བུ་གང་བཞིན་བཞུགས་ནས་རྒྱལ་བའི་སྲས་ལ་སེ་གོལ་གཏོགས་པས་བསླངས་ནས་དེ་ལ་དབྱངས་གཅིག་གིས་གསུངས་པ་ཁྱོད་ཀྱི་བསམ་གཏན་སྟོང་པ་ཆེན་པོ་དམིགས་པ་འདི་ནི་རྣམ་པར་དག་པ་མིན་འདིས་ནི་མཐར་ཐུག་སངས་རྒྱས་ཀྱིས་མི་འཐོབ་སྟེ། ཆགས་དང་ཆགས་བྲལ་ཆགས་པ་བར་མ་རིམ་གྱིས་སྤངས་པའི་ཐམས་ཅད་སྟོང་པ་འོད་གསལ་དེ་ལྟ་བུ་ལ་ཁྱོད་ཀྱིས་བསྟེན་པར་གྱིས་ཤིག །ཀླུ་བྱང་འགྲེལ་དུ་དེ་ཚེ་ཏིལ་གང་བཞིན་གང་བའི། མཁའ་དབྱིངས་གནས་པའི་རྒྱལ་བ་ཡིས། རྒྱལ་བ་ཡི་ནི་སྲས་དེ་ལ། གཡོ་སྒྱུ་མེད་པ་དྲང་པོ་གསུང་གཅིག་གིས་གསུངས་པ། ཞེས་སྣང་སྟེ། སྔར་གྲུབ་པའི་སངས་རྒྱས་མཁའ་དབྱིངས་གང་བས་སྐུ་ལས་འོད་ཟེར་སྤྲོས་པས་བྱང་ཆུབ་སེམས་དཔའི་ས་ལ་གནས་ཤིང་ཏིང་འཛིན་གསུམ་པ་སེམས་ཀྱིས་ལས་མ་འདས་པའི་སྟོང་པ་ཆེན་པོ་ལས་སངས་རྒྱས་སྒྲུབ་པར་འདོད་པ་དེ་ཙམ་གྱིས་སངས་རྒྱས་མི་ཐོབ་ལ། འོད་གསལ་ཐམས་ཅད་སྟོང་པ་འདི་ལ་བརྟེན་ན་སངས་རྒྱས་སུ་འགྱུར་རོ་ཞེས་དགོངས་ནས། སྒྱུ་


MR08_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་པའི་སེམས་རབ་ཏུ་དྭངས་པའི་བློ་དང་། དབྱངས་གཅིག་གིས་འདི་སྐད་དུ་ཞེས་སོ། །ཐམས་ཅད་སྟོང་པའི་འོད་གསལ་དེ་ཇི་ལྟ་བུ་ཞེ་ན། ནམ་མཁའི་ངོས་ལྟར་གློ་བུར་གྱི་དྲི་མའི་རྣམ་རྟོག་གིས་མ་གོས་པ་བསྟན་དུ་མེད་ཅིང་དཔེ་དང་བྲལ་བ་སྟོང་པ་ཐམས་ཅད་ཀྱི་མཆོག་གྱུར་པ་རྟོགས་བྱའི་མཆོག་འོད་གསལ་བ་ནི་དེ་མི་དམིགས་ཤིང་སྣང་གསུམ་མཐའི་བཞི་པ་འོད་གསལ་བ་ཡི་གནས་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཞེས་བྱ་བ་དེ་ལྟ་བུ་ཐོབ་ནས་རབ་དགའི་ཏེ་རང་དབང་ཅན་གྱི་གཟུགས་སུ་སྐྱེ་བར་འགྱུར་དེ་ཚེ་རབ་དགའི་ཡེ་ཤེས་ཀྱི་སྐུའམ་རྡོ་རྗེའི་སྐུ་ཚང་བ་སོགས་དང་ཉན་རང་སོགས་སེམས་ཅན་ཀུན་གྱི་མཆོག་ནི་ཐོབ་པར་འགྱུར་ཏེ་ཕྱིའི་མུར་མཐར་ཐུག་པར་སེམས་ཅན་གྱི་དོན་བྱེད་དོ། །འདི་ལྟར་སྒྲ་དེ་གསན་པ་དང་རགས་པའི་རང་བཞིན་མི་སྣང་ཡང་ཕྲ་བའི་བག་ཆགས་རྣམས་ཡོད་ཀུན་པའི་ཕྱིར་རོ། །དེ་ནས་སྟོང་པ་ཆེན་པོའི་ཏིང་འཛིན་མི་གཡོ་བ་འདི་ནི་དེ་ཁོ་ན་ཉིད་རྣམ་པར་དག་པའི་བདག་ཉིད་མིན་ནོ་སྙམ་ནས་བཏང་ཞིང་བོར་ནས་འདི་ལྟར་ནམ་ཕྱེད་དུས་སུ་ནི་རྒྱལ་བའི་སྲས་ཀྱིས་མན་ངག་བཞི་པའི་དེ་ཁོ་ན་ཉིད་དམིགས་པར་མཛད་དེ་སྐུ་ནི་དྲང་པོ་མ་ཡིན་ཞིང་མི་དྲང་བ་ཡང་མ་ཡིན་ལ་དབུགས་གཏོང་བ་དང་རྔུབ་


MR08_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིས་ཏེ། ཀླུ་བྱང་འགྲེལ་པར། ཀུན་གྱི་དབང་ཕྱུག་ཐོབ་གྱུར་ཏེ། རྡོ་རྗེའི་སྐུས་ནི་དགའ་བར་འགྱུར། ཞེས་འདུག་གཞན་ཡང་དབང་ཕྱུག་བརྒྱད་ནི། ལུས་དང་ངག་གི་དབང་ཕྱུག་དང་། །དེ་བཞིན་སེམས་ཀྱི་དབང་ཕྱུག་སྟེ། །རྫུ་འཕྲུལ་ཡོན་ཏན་ཀུན་དབང་ཕྱུག །སྨྲ་བྱེད་བྱེད་པོ་ཡོན་ཏན་བརྒྱད། །ཅེས་བྱ་བའི་དབང་ཕྱུག་དེ་ཀུན་ཐོབ་སྟེ་འཇིགས་མེད་རྡོ་རྗེ་ཡེ་ཤེས་ཀྱིས་སྐུར་གྱུར་ནས་འཁོར་བ་ཇི་སྲིད་དུ་གཞན་དོན་བྱེད་པས་དགའ་བར་འགྱུར་ཞེས་གསུངས། ནམ་ཕྱེད་དུས་སུ་བཞི་པ་དེ་ཉིད་དམིགས་ཞེས་གསུངས་པས། ནམ་མཁའི་ཁམས་ཀྱི་རྒྱལ་བ་རྣམས་ཀྱིས་དང་པོར་འོད་ཟེར་གྱི་འཁོར་ལོ་སྤྲོས་པས་དེའི་རྒྱུད་སྣོད་དུ་རུང་བར་བྱས་ཏེ། དེ་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་སྤྲོས་པ་དེ་ལ་གཏད་དེ་སྙོམ་པར་ཞུགས་པས། མཚམས་དང་མཚན་མོའི་རིམ་པས་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་མངོན་དུ་བྱས་ནས། མི་གཡོ་བ་སྤངས་ཏེ་བཞི་པ་འོད་གསལ་བའི་དེ་ཉིད་ལ་ཞུགས་པ་ཡིན་ཡང་། ཤེས་རབ་ཡེ་ཤེས་ཀྱིས་དབང་བསྐུར་བ་སྦས་ཏེ་མཚན་ཕྱེད་ན་བཞི་པ་དམིགས་ནས་ཐོབ་པར་གསུངས། དེའི་ཕྱིར་དེང་སང་ཡང་སློབ་མ་རྣམས་ལ་མཚན་ཕྱེད་ཀྱི་དུས་ཤེར་དབང་བསྐུར་བ་བླ་མ་བརྒྱུད་པའི་ཕྱག་ལེན་དེ་ཉིད་གནས་པ་ཡིན་ནོ་གསུངས། སྐུ་


MR08_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་པོ་ཞེས་པ་རྣལ་འབྱོར་པ་ཁ་ཅིག་ལུས་དྲང་པོར་བསྲང་ནས་སྒོམ་པར་བྱེད་དོ། །ཁ་ཅིག་པདྨའི་འདུག་སྟངས་སོགས་ཀྱིས་དྲང་པོ་མིན་པར་སྒོམ་མོ། །ཁ་ཅིག་གིས་མིག་ཕྱེ་བས་རས་བྲིས་སོགས་ལ་བལྟས་ནས་བསམ་པར་བྱེད་དོ། །ཁ་ཅིག་ནི་དང་པོའི་སྦྱོར་བ་ལ་སོགས་པ་མིག་བཙུམས་ནས་བསམ་གཏན་བྱེད་དོ། །ཤཱཀྱ་སེང་གེས་ནི་དེ་རྣམས་གང་ཡང་མི་མཛད་དེ། དེ་ཁོ་ན་ཉིད་ཁྱབ་པར་བྱེད་པ་ཐོབ་པས་ལུས་གཡོ་བ་སོགས་ཀྱི་སྤྱོད་ལམ་གཞན་གང་ཡང་མི་དགོས་ཏེ། ཕྱི་རོལ་གྱི་ལུས་ཀྱི་སྡོམ་པ་དང་ཕྱག་རྒྱ་སོགས་ནི་དེ་ཁོ་ན་ཉིད་ཐོབ་པར་བྱ་བ་དང་། སེམས་དབང་དུ་བྱ་བའི་ཕྱིར་བསྟེན་པར་བྱའོ་ཞེས་གྲགས་ན། གལ་ཏེ་བླ་མའི་དྲིན་གྱིས་དེ་ཁོ་ན་ཉིད་ཐོབ་པ་དེའི་ཚེ། སྒོ་གསུམ་སྡུག་བསྔལ་ཞིང་ཚེགས་ཀྱིས་དུབ་ལ་ཏིང་འཛིན་ཟབ་མོ་ལས་གཡེང་བར་བྱེད་པ་ལོག་པའི་སྤྲོས་པ་དེ་དག་གིས་ཅི་ཞིག་བྱ་སྟེ། སྔར་གླང་པོ་མོད་ལ་རྙེད་གྱུར་ན། །གླང་པོའི་རྗེས་ནི་འ ཚོལ་ལམ་ཅི། །ཞེས་སོགས་གསུངས་པའོ། །དབུགས་གཏོང་རྔུབ་ཀྱིས་ཆོས་གསུང་བ་མ་ཡིན་མི་གསུང་བའང་མིན་སྤྱན་བཟང་བཙུམས་པ་མ་ཡིན་ཞིང་སྤྱན་ཕྱེ་བ་ཡང་མ་ཡིན་པས་ཐམས་ཅད་སྟོང་པ་ངོ་མཚར་རྨད་བྱུང་སེམས་ཅན་རེ་བ་རྫོགས་བྱེད་ཆེན་པོ་ལྷན་ཅིག་


MR08_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་དེ་ཁོ་ན་ཉིད་གང་གིས། ཆགས་སོགས་ཀྱི་ཉེས་པ་སྤངས་པས་དང་ཞིང་དྲི་མ་ཀུན་མེད་པ་རང་རིག་གི་མངོན་སུམ་དུ་རྣམ་རྟོག་མེད་པར་གསལ་བའི་ཡེ་ཤེས་ཆེ་བླ་མ་སངས་རྒྱས་རྣམས་ཉིད་ཀྱི་སྐུ་དྲིན་གྱིས་ནི་སྟེ་སངས་རྒྱས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་ཀྱི་དྲིན་གྱིས་སོ། །དེ་ལ་བརྟེན་ནས་དེ་ཁོ་ན་ཉིད་དེ་ནི་གསལ་བར་ཡོངས་སུ་རྫོགས་པར་མཐོང་བར་གྱུར་ནས་ད་ལྟའང་སེམས་ཀྱི་དེ་ཉིད་སྟོན་པའི་བླ་མ་དང་སངས་རྒྱས་ཐ་དད་དུ་མི་བྱའོ། །ཞེས་སོ། །དེའི་སྟོབས་ལས་འོད་གསལ་བ་ནི་རྣམ་པར་དག་པ་མངོན་དུ་བྱས་པས་འདས་པ་དང་ནི་མ་འོངས་དང་ད་ལྟར་བྱུང་པའི་སྲིད་པ་གསུམ་སྐད་ཅིག་དེ་ལ་མ་ལུས་མཐོང་བ་སྟེ་གཟིགས་ནས་འོད་གསལ་བ་ནི་རྣམ་དག་འཆང་བ་སྟེ་དེ་ལས་མ་གཡོས་བཞིན་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་སྐྱ་རེངས་འཆར་བའི་དུས་སུ་ནི་ཆུ་ཟླ་དང་ནི་སྨིག་རྒྱུ་སོགས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་སྐུ་ཡི་ཡོན་ཏན་རྣམས་ཀྱིས་བརྒྱན་ཞིང་རྣམ་པར་སྤྲས་པ་ཉིད་བྱང་ཆུབ་སྙིང་པོར་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས་ནི་ཤཱཀྱ་སེངྒེ་དེ་ནི་བདུད་རྣམས་བཅོམ་པར་མཛད་པའི་ཚུལ་བསྟན་པ་དྲང་དོན། བདུད་བཞི་མཐར་ཐུག་རྣམ་རྟོག་བཞི་བཅོམ་པ་ངེས་དོན་ནོ། །ཤཱཀྱ་མགོན་པོས་ཡང་དག་པའི་ཡེ་ཤེས་བླ་མེད་དེ་ལྟ་བུ་ལེགས་


MR08_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྡོ་རྗེ་ལྟ་བུ་ཐོབ་ནས་འགྲོ་བ་ཁམས་གསུམ་ལ་ཕན་པའི་ཕྱིར་དེ་ཁོ་ན་ཉིད་བླ་མེད་ཀྱི་རྒྱུད་འདིར་ནི་སྟོན་པར་མཛད་ཅིང་མངོན་པར་བྱང་ཆུབ་སྟོན་གཟིགས་པ་ཞེས་པ་ནི་དེ་ཁོ་ན་ཉིད་ཀྱི་བཞི་པའི་ཡེ་ཤེས་བླ་ན་མེད་པ་ཞེས་བྱར་བཤད་དོ། །ལྔ་པ་སྔགས་ལམ་ལ་དང་པོར་ཞུགས་པ་ཕྱིས་ལམ་གཞན་ལ་མ་ལྟོས་པར་བསྟན་པ་ནི། ཕ་མ་གསོད་པ་སོགས་མཚམས་མེད་ལྔ་ཡི་ལས་བྱེད་པ་ཅན་དང་མི་གང་བསོད་ནམས་དམན་པ་སྟེ་རིགས་ཆད་པས་ཀྱང་ཞེས་ཀླུ་བྱང་གསུངས། ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་གཞན་དོན་བྱེད་ན་ནི་བླ་མའི་དྲིན་གྱིས་བཞི་བའི་ཡང་དག་བསྟན་པ་ལས་ཐོབ་པར་འགྱུར་བ་དེའི་ཚེ་སྤྱོད་པ་ཅི་དགར་སྤྱོད་བྱེད་དེ་བག་མེད་པར་གནས་ཀྱང་འདི་ནི་མ་འོངས་པ་ན་སེམས་ཅན་གྱི་དོན་བྱེད་པའི་རྫོགས་སངས་རྒྱས་སུ་འགྱུར་རོ། །དྲུག་པ་འོད་གསལ་ཆོས་ཐམས་ཅད་ཀྱི་སྙིང་པོར་བསྟན་པ་ནི་ཆགས་པར་སྣང་བའི་ཡེ་ཤེས་མིན་ཆགས་དང་བྲལ་བ་ཉེར་ཐོབ་པའི་ཡེ་ཤེས་མིན་ཞིང་དབུ་མ་སྟེ་སྣང་བ་མཆེད་པའི་ཡེ་ཤེས་ཡང་ནི་མི་དམིགས་སོ། །འཇུག་ཤེས་ཀྱི་གཉེན་པོར་ཀུན་ནས་སྟོང་པ་མ་ཡིན། མི་སྟོང་པ་ཉོན་ཡིད་ཀྱི་གཉེན་པོ་ཤིན་ཏུ་སྟོང་པ་མིན། དབུ་མར་ཏེ་ཀུན་གཞིའི་གཉེན་པོ་སྟོང་པ་ཆེན་


MR08_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ནི་མི་དམིགས་སོ། །རྒྱུད་སངས་རྒྱས་ཐམས་ཅད་ཀུན་གྱི་མཉམ་པར་སྦྱོ༷ར་བ་ལས་འདི་ཉིད་ལྟར་ནི་རབ་ཏུ་སྟོན་ཏེ་ཚིག་དེས་ཡེ་ཤེས་གསུམ་བྲལ་བའི་དེ་ཉིད་བཞི་པ་གང་ཡིན་པ་གནས་པ་ལྟར་སྣང་བའི་ཚིག་གིས་བཞི་པ་ལ་དགོངས་པ་ཡིས་ནི་གསུངས་པ་ཡིན་ནོ། །དེ་བཞིན་དཔལ་ལྡན་གསང་འདུས་ཀྱི། བྱང་ཆུབ་སེམས་ཀྱི་ལེའུ་ལས། དངོས་མེད་ལ་སོགས་ཚིགས་བཅད་ཀྱིས་མངོན་པར་བྱང་ཆུབ་བཞི་པའི་མཚན་ཉིད་གསུངས་སོ། །དངོས་པོ་མེད་ཀུན་པས་བསྒོམ་པ་མེད། བསྒོམ་པར་བྱ་བ་སྒོམ་པ་མིན། སོགས་ཀྱིས་བཞི་པ་འོད་གསལ་བའི་དོན་མངོན་པར་བྱང་ཆུབ་བསྟན་པ་ཡིན་ནོ། །དཔལ་མཆོག་དང་པོ་ལས། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །གསུམ་པོ་འདི་རྣམས་དུག་ཆེན་ཡིན། །དུག་ཉིད་ཀྱི་ནི་བརྟེན་བྱས་ན། །དུག་ཏུ་ཉེ་བར་འགྲོ་བ་ཉིད། །བདུད་རྩི་ཉིད་དུ་བ རྟེན་བྱས་ན། །བདུད་རྩི་ཉིད་དུ་འགྲོ་བར་འགྱུར། །ཞེས་གསུངས་ཏེ། འདོད་ཆགས་དགའ་བའི་རྣམ་གྲངས་དང་ལྡན་པའི་སྣང་བའོ། །ཞེ་སྡང་ནི་བྲལ་བའི་རྣམ་ལྡན་ཉེར་ཐོབ། གཏི་མུག་སྣང་བ་འགགས་པའི་རྣམ་ལྡན་ཏེ། དེ་རྣམས་བཞི་པ་འོད་གསལ་དེ་ཁོ་ན་ཉིད་མཐོང་བས་དུག་དང་འདྲ་བར་རྟོགས་ཏེ། རྣམ་རྟོག་གི་བག་ཆགས་དང་མངོན་གྱུར་གར་


MR08_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན་ནོ། །དུས་ནམ་གྱི་ཚེ་ཞེ་ན། གང་གི་ཚེ་དེ་རྣམས་དུག་ཉིད་ཀྱིས་ཏེ་རྣམ་རྟོག་གི་རྣམ་པར་ཉམས་སུ་མྱོང་བའི་ཚེ་དུག་ཉིད་དུ་འགྲོའོ། །བཞི་པའི་དེ་ཁོ་ན་ཉིད་རྟོགས་པས་དེའི་རང་བཞིན་དུ་བརྟེན་ཅིང་རོ་གཅིག་པར་བྱས་པས་དཔལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་རྒྱུར་གྱུར་པས་བདུད་རྩིར་འགྱུར་ཞེས་སམ། འདོད་ཆགས་ལ་སོགས་པ་རྣམ་པར་དག་པ་གང་ཡིན་པ་དཔལ་མཆོག་དང་པོ་ལས་ཀྱང་གསུངས་པ་ཡིན་དེ་ཉིད་ཀྱི་དོན་དེ་བཞིན་གཤེགས་པས་ཀྱང་བཞི་པ་ཐམས་ཅད་སྟོང་པར་གསུངས་པ་ཡིན་ཏེ་འདོད་ཆགས་སོགས་ཀྱི་དེ་ཉིད་ལ་དགོངས་པའོ། །ལུང་ཐམས་ཅད་ཀྱི་ཚད་མ་ཡང་ཤེར་ཕྱིན་སོགས་སྣ་ཚོགས་མདོ་དང་བྱ་སྤྱོད་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་ལས་ནི་དེ་ཁོ་ན་ཉིད་གང་ཞིག་སྟོང་ཉིད་དང་རང་བཞིན་མེད་པ་དང་། ཡང་དག་མཐའ་སོགས་ཀྱིས་ཚིག་གིས་ཉེ་བར་བསྟན་པ་དེ་ཐམས་ཅད་སྟོང་པ་འོད་གསལ་གྱི་གནས་འདི་ཉིད་ལས། མདོ་རྒྱུད་སྣ་ཚོགས་པ་དེར་ནི་གཞན་དག་མ་གསུང་སྟེ་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་ནས་གསུངས་པར་རིགས་སོ། །མདོ་དང་རྒྱུད་ཁ་ཅིག་ལས་རྣམ་བཅས་རྣམ་མེད། ལྷ་སྔགས་ཏིང་འཛིན། སྦྱོར་བ་དྲུག་ཕྱག་རྒྱ་བཞི་སོགས་གསུངས་པ་ཐམས་


MR08_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དེ་ཁོ་ན་ཉིད་ཡིན་ཞེ་ན་མིན་ཏེ། དེ་ཐམས་ཅད་ཐབས་ཀྱི་དབྱེ་བ་ཡིན་གྱི། མཐར་ཐུག་གི་དེ་ཁོ་ན་ཉིད་ནི་གཅིག་ལས་ཐ་དད་དུ་བྱར་མེད་དེ་ཐབས་སྣ་ཚོགས་བརྟེན་ནས་དེ་ཁོ་ན་ཉིད་གཅིག་ཐོབ་པར་འགྱུར་རོ། །འོན་ཀྱང་ཁམས་དང་མོས་པ་དབང་པོ་སོགས་ཀྱི་དབང་གིས་དེ་ཁོ་ན་ཉིད་མཐར་ཐུག་པ་ནི་མ་རྟོགས་ཤིང་། མཁའ་འགྲོ་དང་བླ་མ་སོགས་ཀྱི་རྐྱེན་ལས་དེ་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་པའི་འོད་གསལ་བའི་གནས་སུ་འཇུག་པར་རུང་ངོ་། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ནི་ཐུབ་པ་ཆེན་པོས་གསུངས་པ་ལས་འདི་ལྟ་བུའི་མངོན་པར་བྱང་ཆུབ་མཚན་ཉིད་ནི་སྙིང་པོ་ལས་ནི་སྙིང་པོར་བསྐྱེད་རིམ་སྙིང་པོ་དེ་ལ་རྫོགས་རིམ་སྙིང་པོར་གསུངས་སོ། །བརྟུལ་ཞུགས་ཀྱི་བྱེ་བྲག་གིས་དེ་ཉིད་དོན་དུ་གཉེར་བ་རལ་པ་དང་ལྡན་པའམ། གོས་མེད་གཅེར་བུ་མགོ་རེག་གམ་སྐྲ་ཁ་སྤུ་བྲེག་པ་རབ་བྱུང་རྣམས་སོ། །སྐྲ་ཡི་ཅོད་པན་ཙམ་ཀུན་བསྐུང་བ་དང་དགེ་སྦྱོང་ཆོས་བཅུ་གཉིས་སོགས་འདུས་པ་སྤོང་འཇུག་ཅེས་པ་འཇིག་རྟེན་གྱི་འདུས་པ་སྤངས་ཀྱང་ཡོན་ལ་འདུས་པ་ཉན་ཐོས་པ་སྟེ། གཞན་ཡང་སྔགས་ནས་གསུངས་པའི་རྟེན་འབྲེལ་བརྟུལ་ཞུགས་སོགས་སྣ་ཚོགས་པའི་རྟགས་འཆང་བ་ཅན་དེ་དག་ནི་མཐར་འབྲས་བུ་མངོན་པར་


MR08_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་འདོད་པ་རྣམས་སུ་གྱུར་ཀྱང་སེམས་ཀྱི་མངོན་པར་བྱང་ཆུབ་པའི་དེ་ཁོ་ན་ཉིད་དམན་པ་སྟེ་དེ་དང་མི་ལྡན་པ་དེ་རྣམས་ཀྱིས་ལུས་ཀྱི་བརྟུལ་ཞུགས་སྤྱོད་པ་ལ་སོགས་པའི་རིམ་པ་དེ་ཉིད་ཡེ་ཤེས་ཀྱིས་དམན་པས་ན་དེ་འདྲའི་བརྟུལ་ཞུགས་དེས་ནི་གྲོལ་བ་རྙེད་པར་མི་འགྱུར་རོ། །རྒྱས་བཤད་ཀྱི་རྩ་བའི་གསུམ་པ་ལམ་གྱིས་མཚམས་དང་བོགས་འབྱིན་བཤད་པ་ལ། ས་མཚམས་དང་བོགས་འབྱིན་གཉིས་སོ། །དང་པོ་ནི། དང་པོའི་ལས་ཀྱི་སྦྱོར་བ་ཡིས་ཏེ། དང་པོའི་རྣལ་འབྱོར་ཞེས་པ་བསྐྱེད་རིམ་གྱི་ཏིང་ངེ་འཛིན་དང་སྣང་བ་སོགས་ཡེ་ཤེས་གསུམ་གྱི་རིམ་པས་སྟོང་པ་ཆེན་པོའི་གནས་ཐོབ་པས་ས་བརྒྱད་པ་མི་གཡོ་བ་ཐོབ་པར་འགྱུར་ཏེ། བསྐྱེད་རིམ་པས་ལྷའི་རྣལ་འབྱོར་སྐྱེད་ནས་ཕྱིར་མི་ལྡོག་པའི་དབང་ཐོབ་པ་དང་། དབང་བསྐུར་ལྔ་རིག་པའི་དབང་ཡིན་པའི་ཕྱིར་ཀུན་གཞི་སོགས་རྣམ་པར་ཤེས་པ་ལོག་པར་གྱུར་པ་དང་། སྣང་བ་སོགས་ཡེ་ཤེས་གསུམ་གྱིས་ཀུན་གཞིའི་རྣམ་ཤེས་གནས་གྱུར་པ་བརྒྱད་པ་མི་གཡོ་བར་ཐོབ་པས་སོ། །ཁོ་བོས་འདི་རྗེས་ཐོབ་ཀྱི་སྐབས་ཀྱི་སེམས་མ་ལོག་པ་ཡིན་ནམ་སྙམ་དཔྱོད། ས་བཅུ་ཐོབ་པ་དེའི་རྗེས་ཐོགས་ལ་དཔེ་ལས་བྱུང་བའི་དེ་ཉིད་བརྟན་པར་གྱུར་ན། རྡོར་ཏིང་གིས་ཀུན་


MR08_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འོད་གསལ་ཐོབ་སྟེ། དེ་ཡང་མངོན་པར་བྱང་ཆུབ་པའི་རིམ་པ་ལས་འཆད་པར་འགྱུར་རོ། །དེ་ཉིད་ས་བཅུ་གཅིག་པ་ཡིན་ཞིང་། མོས་སྤྱོད་ནས་བརྩིས་ན་བཅུ་གཉིས་པ་སངས་རྒྱས་ཀྱི་ས་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་ས་བརྒྱད་པ་ནི་ཐོབ་པར་འགྱུར་བ་དེ་སྣང་བ་གསུམ་པོས་མཐའི་འོད་གསལ་མཐོང་བ་ཡི་མན་ངག་ཐོབ་པ་དག་ས་བཅུ་ཆོས་སྤྲིན་ལ་ནི་རབ་ཏུ་གནས་ཏེ་ཡེ་ཤེས་ལ་དབང་ཐོབ། མངོན་པར་བྱང་ཆུབ་ལེགས་པར་ཐོབ་ནས་གཟུགས་ཁམས་པའི་ཕྱོགས་གཅིག་གཙང་མའི་གནས་སུ་ཉེ་བར་འགྲོ་ཞིང་སངས་རྒྱས་ཀྱི་ཞིང་རྣམས་སུ་བཞུགས་ནས་དེ་ལས་མི་ལྡོག་པས་དེའི་ཚེ་འདི་ཉིད་ཀྱི་ཐམས་ཅད་མཁྱེན་པར་འགྱུར་རོ། །འདི་སྔར་སྨོས་ཤཱཀྱ་ཐུབ་པའི་གཏམ་རྒྱུད་ལྟར་ཡེ་ཤེས་ཀྱི་ལུས་ཀྱིས་འོག་མིན་དུ་སངས་རྒྱས་པར་བྱེད། ཡང་རྣལ་འབྱོར་པ་གང་རུང་ཞིག་གིས་དོན་གྱི་ཡེ་ཤེས་མངོན་དུ་བྱས་པ་དེ་ཡང་གནས་གཙང་མར་འདུག་སྟེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་སོང་ནས་ཆོས་བསྟན་པས་སེམས་ཅན་རྣམས་འདུལ་བར་བྱེད་དེ་རྟེན་གྱི་སྐུ་ཚེ་དེས་ཐམས་ཅད་མཁྱེན་པར་འགྱུར་ཞེས་སོ། །གཉིས་པ་བོགས་འདོན་ནི། མངོན་པར་བྱང་ཆུབ་པ་དོན་གྱི་ཡེ་ཤེས་མངོན་དུ་མཛད་པ་དེ་ཡང་མངོན་པར་བྱང་ཆུབ་


MR08_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་རིམ་པས་ཐོབ་ཚུལ་དང་། དེ་གསུམ་སྤྲོས་བཅས་སོགས་སྤྱོད་པ་གསུམ་དང་འབྲེལ་བའི་ཚུལ་གསུངས་ཀུན་པ་ལ། ཆོས་འབྱུང་གི་མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་དབྱིངས་ཀྱི་མངོན་པར་བྱང་ཆུབ་པ་དང་། བླ་ན་མེད་པའི་མངོན་པར་བྱང་ཆུབ་གསུམ་སྟེ་དེ་དག་རིམ་བཞིན་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་དང་འབྲེལ་བས་མངོན་པར་བྱང་ཆུབ་པ་བསྒྲུབ་པ་ཡིན་ནོ། །དང་པོ་ཆོས་འབྱུང་གི་མངོན་པར་བྱང་ཆུབ་པ་ནི། བསམ་གཏན་གྱི་ཁང་པ་སུམ་བརྩེགས་སུ་བཟའ་བཅའ་སོགས་འོག་ཁང་དུ་འཇོག་པ་དང་། རོལ་མོའི་བྱེ་བྲག་སོགས་བར་ཁང་། ཡང་ཐོག་དུ་སྒྲུབ་པོ་དབུས་ཀྱི་གཙོ་བོར་གྱུར་པ་འདུག་སྟེ། སངས་རྒྱས་སྤྱན་སོགས་དམ་ཚིག་གི་ཕྱག་རྒྱ་རྣམས་དང་། གཟུགས་རྡོ་རྗེ་ལ་སོགས་པའི་རང་བཞིན་ལྷ་མོ་ཡིད་འོང་རྒྱན་ཅན་རྣམས་ལྷའི་ངོ་བོར་བསྒོམ་པ་སྔོན་དུ་འགྲོ་བས་རིགས་ལྔ་དང་བསྲེ་བ་བྱས་ནས། རྡོ་རྗེའི་གླུ་གར་སོགས་འདོད་ཡོན་ལྔའི་རོལ་མོས་བདེ་བར་བྱེད་ཅིང་སྙོམས་འཇུག་གིས་ཇི་སྲིད་བདེ་བ་ཆེན་པོའི་དེ་ཁོ་ན་ཉིད་ཉམས་སུ་མྱོང་བ་དེ་སྲིད་དུ་སྤྱོད་པ་ནི་སྤྲོས་བཅས་ཀྱི་སྤྱོད་པས་ཆོས་འབྱུང་གི་མངོན་པར་བྱང་ཆུབ་པ་ཞེས་གསུངས་སྟེ་ཨིནྡྲ་བྷཱུ་ཏི་ལྟ་བུའོ། །རྙིང་མའི་ཚོགས་སྒྲུབ་ཀྱང་


MR08_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་འདྲའོ། །མངོན་བྱང་ཐམས་ཅད་དབྱིངས་ཤེར་ཕྱིན་ལས་བྱང་ཆུབ་པ་ཡིན་པས། འདིའི་རྐྱེན་ཕྱག་རྒྱའི་ཆོས་འབྱུང་ལ་གཙོ་བོར་བརྟེན་པ་འདྲ་སྙམ། གཉིས་པ་ནི། རྨི་ལམ་སོགས་སུ་སངས་རྒྱས་སོགས་ཀྱིས་ལུང་བསྟན་པའི་ཕྱག་རྒྱ་མ་རིགས་མཐུན་པ་རྒྱུད་སྦྱངས་ཏེ། འདོད་པའི་ལྷའི་ཆ་ལུགས་བཟུང་ནས་ཇི་ལྟར་རྙེད་པའི་འཚོ་ཆས་ཀྱིས་ཆོག་པར་བྱས་ནས། ཡུལ་ནས་ཡུལ་དུ་མ་ཆགས་པར་རྒྱུ་ཞིང་། ཕལ་པའི་ཚུལ་དུ་སུས་ཀྱང་མི་ཤེས་པར་སྦས་ཚུལ་གྱི་སྒོ་ནས་ཇི་སྲིད་མངོན་པར་བྱང་ཆུབ་གསལ་བ་དེ་སྲིད་དུ་བསྒོམ་སྟེ་འདི་ནི་དམ་ཚིག་གི་ཕྱག་རྒྱའོ། །ལྷའི་བུ་མོ་དཀུག་པ་སོགས་ཀྱི་སྒོ་ནས་ཕྱག་རྒྱ་མོ་ནི་གཙོ་བོར་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྟོགས་པའི་ཕྱག་རྒྱ་དང་ལྡན་པར་གྲུབ་པའོ། །གསུམ་པ་ནི་ཕྱི་རོལ་གྱི་བརྟག་པའི་ལུས་ལས་ཕྱག་རྒྱ་སོགས་སྤངས་ནས། རང་རིག་ཡེ་ཤེས་ཀྱི་ཕྱག་རྒྱ་བཟུང་ནས། ལྷའི་བརྟུལ་ཞུགས་བཅས་སམ་བརྟུལ་ཞུགས་མེད་པས་གནས་གང་བདེ་གང་ཡང་རུང་བར་གནས་ཤིང་། རྩ་བ་སྡོང་བུ་སོགས་གང་བྱུང་གི་ཟས་དང་། ཏིང་ངེ་འཛིན་གྱི་ཟས་དང་ལྡན་པས་ཡོ་བྱད་སོགས་གང་ཡང་ཡོངས་སུ་འཛིན་པ་མེད་པ་འདི་ནི་སྨྱོན་པའོ་སྙམ་དུ་འཇིག་རྟེན་པས་མཐོང་བ་དེ་ལྟར་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པས་ནང་གི་རྟོགས་པ་


MR08_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བླ་ན་མེད་པའི་མངོན་བྱང་བསྒྲུབ་པའོ། །འདི་ལ་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་གསུངས་ཀྱང་། སྟོང་གཟུགས་ཕྱག་ཆེན་དང་། རིག་སྟོང་གཉུག་མ་ཐབས་ཤེས་དབྱེར་མེད་ཀྱི་དབང་ལས་ཕྱིའི་ལས་རྒྱ་ལ་མི་ལྟོས་པའི་རྫོགས་པ་ཆེན་པོའི་རྣལ་འབྱོར་ཀྱང་དོན་གྱིས་བཟུང་ངོ་། །དེ་ལྟར་ཆོས་འབྱུང་གི་མངོན་པར་བྱང་ཆུབ་པའི་ཕྱག་རྒྱའི་རྗེས་ཆགས་སོགས་འདོད་ཡོན་ལྔའི་རོལ་མོ་རྒྱ་ཆེན་པོ་དང་བཅས་ཏེ་མངོན་བྱང་བསྒྲུབ་པའོ། །ཆོས་དབྱིངས་ཀྱི་མངོན་པར་བྱང་ཆུབ་པ་བཟའ་བཏུང་སོགས་ཇི་ལྟར་རྙེད་ཀུན་པའི་སྒོ་ནས་སྤྱོད་པས་མངོན་བྱང་བསྒྲུབ་པས་སོ། །དོན་གྱི་ཡེ་ཤེས་མངོན་པར་རྟོགས་པ་གང་འབྱུང་བ་ནི་བླ་ན་མེད་པའི་མངོན་པར་བྱང་ཆུབ་པའོ་དེ་དག་སྤྲོས་བཅས་ལ་སོགས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ཡིས་རྣལ་འབྱོར་པ་ནི་མངོན་བྱང་འདིར་སློབ་བོ། །ད་ནི་འོད་གསལ་བའི་ཆོས་ཉིད་ཡེ་ནས་ལྷུན་གྱི་གྲུབ་པའི་དེ་ཁོ་ན་ཉིད་ལ། རྣམ་པར་ཤེས་པའི་རིམ་པ་རྣམ་པར་དག་པའམ། སྤྱོད་པའི་རིམ་པས་བསྒྲུབ་ཏུ་ཅི་ཞིག་ཡོད་སྙམ་པའི་དོགས་པ་བསལ་བ། གཟོད་ནས་དག་པའི་རང་བཞིན་ཅན་འོད་གསལ་གཉུག་མའི་རང་བཞིན་ངོ་བོ་ཉིད་ཀྱིས་དེ་གྲུབ་པའམ་ལྷུན་གྱིས་གྲུབ་པ་ཡིན་ན་གཟོད་ནས་དག་པའི་རང་བཞིན་ཅན། །


MR08_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་རང་བཞིན་གྱིས་གྲུབ་ཅིང་། །རྟོག་པས་དེ་ཉིད་མི་སྐྱེ་ན། །བསླབ་པའི་སྦྱོར་བས་ཅི་ཞིག་བྱ། །ཞེས་ཀླུ་བྱང་འགྲེལ་ན་ཡོད་པ་འདི་གོ་བདེ་དེ་ལ་བསླབ་པའི་རིམ་པ་གོམས་པ་སྦྱོར་བས་ཅི་ཞིག་བྱ་སྟེ། འདི་ལྟར་དེ་ཁོ་ན་ཉིད་རང་གི་ངོ་བོ་རང་བཞིན་ལྷུན་གྱི་གྲུབ་པ་ཡིན་ལ་དེ་སེམས་ཐམས་ཅད་ཀྱི་གནས་ལུགས་སུ་གནས་པ་ཆོས་ཉིད་དང་། རྟག་པ་དང་། ལྷུན་གྱི་གྲུབ་པ་ཡིན་ནོ། །དེ་ཕྱིར་དེ་ཆོས་ཉིད་བབ་ཀྱིས་གནས་པ་ཡིན་ཞིང་། སྣང་བ་གསུམ་གྱི་ཡེ་ཤེས་དང་། རྣམ་ཤེས་དག་པའི་རིག་པའི་རྣམ་རྟོག་ལས་མི་སྐྱེ་སྟེ་རྟག་པ་ལྷུན་གྱི་གྲུབ་པ་ཡིན་པས་སོ། །སྐྱེ་ན་དེ་མི་རྟག་པར་རྒྱུ་མཐུན་གྱི་རྟོག་པའི་ངོ་བོར་ཡང་འགྱུར་རོ། །དེས་ན་གཟོད་ནས་གྲུབ་པའི་དེ་བཞིན་ཉིད་ལ་སློབ་པའི་སྦྱོར་བ་དང་རིམ་པར་བསྒོམ་པས་ཅི་ཞིག་བྱ་ཞེས་སོ། །རྣམ་པར་རྟོག་པ་ལས་དེ་བཞིན་ཉིད་མི་སྐྱེ་བས་སོ་ཞེ་ན།གང་ཞིག་གོམས་པའི་སྦྱོར་བ་མི་དགོས་པ་དེ་ལྟར་དོན་འདིར་རྟོགས་ཀླུ་བྱང་འགྲེལ་དུ། ཡེ་ཤེས་རིམ་པ་སྤངས་ནས་ནི། །གང་ཞིག་དེ་ལྟར་འདིར་རྟོག་པ་ཞེས་གསུངས། ན་དེས་ནི་རྣམ་ཤེས་གསུམ་ལས་ཐོབ་པའི་ཡེ་ཤེས་རིམ་པ་སྤངས་པ་ཉིད་ཡིན་པས་ཡེ་ཤེས་དེ་ཡི་དབྱེ་བ་མི་ཤེས་པས་གོམས་པའི་སྦྱོར་བ་མི་དགོས་ཞེས་པའི་ཚིག་ཙམ་གྱིས་མི་ཕན་པས་སླར་ཡང་སློབ་པར་འགྱུར་བ་ཡིན་ཏེ་མ་བསླབ་པར་མངོན་


MR08_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་མི་འབྱུང་ངོ་། །རང་བཞིན་བརྒྱད་ཅུ་དང་སྣང་བའི་ཡེ་ཤེས་གསུམ་པའི་དབྱེ་བ་ཤེས་ཤིང་དེ་ལས་དེ་ཉིད་བཞི་པ་ལ་འབྱུང་ཚུལ་གྱི་གོ་ཡུལ་ཙམ་ལ་བརྟེན་ཀྱང་གང་ཞིག་རྒྱུ་ཡེ་ཤེས་སྣང་བ་ལ་སོགས་ཡེ་ཤེས་རྣམ་གསུམ་ལ་གོམས་པ་མི་སློབ་ན་གང་ཟག་དེས་ནི་འབྲས་བུ་དོན་གྱི་ཡེ་ཤེས་ཐོབ་པར་མི་འགྱུར་ཀླུ་བྱང་འགྲེལ་ལས། རང་བཞིན་སྣང་བའི་དབྱེ་ཤིང་ཤིང་། །དེ་ཉིད་བཞི་པ་ལ་བརྟེན་ཡང་། །གང་ཞིག་རྣམ་གསུམ་སློབ་བྱེད་པ། །དེས་ནི་འབྲས་བུ་མྱུར་ཐོབ་འགྱུར། །ཞེས་འདུག །དཔེ་ཇི་ལྟར་ན་ཤིང་ལ་གང་ན་མེ་གནས་པ་མ་གཙུབས་པར་ནི་འབྱུང་བར་མི་འགྱུར་རོ། །དེ་བཞིན་མངོན་བྱང་ཡང་བྱང་ཆུབ་གོམས་པའི་རྣལ་འབྱོར་ལ་བསླབ་བྲལ་བས་ཚེ་འདི་ཉིད་ལ་འོད་གསལ་བ་མངོན་དུ་བྱེད་པར་འབྱུང་བར་མི་འགྱུར་རོ། །དེ་བཞིན་ཉིད་རང་བཞིན་གྱིས་གྲུབ་པ་ཡིན་མོད་ཀྱི། འོན་ཀྱང་གོམས་པར་བྱ་བ་གཙོ་བོ་ཡིན་ཏེ། གོམས་པ་མེད་ན་ཚེ་འདི་ལྟར་ཅི་སྨོས་ཏེ། ཕར་ཕྱིན་ཐེག་པའི་རྣལ་འབྱོར་པས་མཐོང་སྒོམ་ལམ་གྱིས་ཀུན་གོམས་པར་བྱེད་དུ་ཟིན་ཀྱང་བསྐལ་པ་གྲངས་མེད་གསུམ་གྱིས་བྱང་ཆུབ་ཐོབ་ལ། སྔགས་ལམ་གྱིས་ཚེ་འདི་ལ་ཐོབ་པ་ཁྱད་པར་ཡིན་ནོ། །དེའི་ཕྱིར་སེམས་ཀྱི་ཆོས་ཉིད་འོད་གསལ་བ་རྒྱུ་རྐྱེན་ལས་མ་བྱུང་སྟེ་རང་བཞིན་བབ་ཀྱིས་གྲུབ་པ་ཡིན་མོད་གློ་བུར་གྱི་དྲི་མས་བསྒྲིབས་ནས་རང་ངོར་མི་གསལ་བ་དེ་ཉིད་རྣལ་འབྱོར་པས་རྣལ་འབྱོར་ལ་གོམས་པར་བྱས་པས་གློ་བུར་བའི་དྲི་མ་རྣམས་སྤངས་


MR08_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ན་ཆོས་ཉིད་དེའི་རང་ཉིད་ཀྱིས་གསལ་བར་འགྱུར་ལ་དེ་ཙམ་གྱིས་དེ་རྒྱུ་ལས་བྱུང་བའི་མི་རྟག་པར་འགྱུར་བ་མ་ཡིན་ཏེ། དྲི་མ་བསལ་བ་དེའི་རྒྱུ་ཉིད་ཡིན་ཀྱང་གསལ་བྱེད་ཀྱི་རྒྱུ་མིན་ཏེ་མར་མེས་གཟུགས་གསལ་བ་བཞིན་ནོ། །ཞེས་ཀླུ་བྱང་གསུངས། རྩ་བའི་གསུམ་པ་བཤད་ཟིན་རྗེས་ཀྱི་དོན་ལ། སྣོད་བརྟག་པ་དང་། དགེ་བ་བསྔོ་བའོ། །དང་པོ་ནི། འདི་བསྟན་པའི་སྣོད་གང་ཟག་ལྔ་ལས་དང་པོ། ཙནྡན་ལྟ་བུ་ནི་གང་ཞིག་གཡོ་སྒྱུའི་བློ་ཅན་ལེ་ལོ་ཅན་དག་དང་། བླ་མ་ལ་སྟེ་དེའི་དྲིན་མིན་རང་གིས་ཤེས་ཞེས་སྨྲ་ཞིང་སྨོད་པ་དང་དབང་ལེགས་པར་མ་ཐོབ་ཀྱང་བདག་གིས་དབང་བསྐུར་བ་ཐོབ་ཅེས་རློམ་སེམས་སུ་འགྱུར་དང་། བློ་དམན་ཞིང་ཞུམ་པའི་སེམས་ལྡན་པས་ཀུན་མཁྱེན་ཡང་དག་ཐོབ་མི་འགྱུར་དང་སྙམ་དུ་ཞུམ་པ་དང་ཉོན་མོངས་བླ་མའི་སྐྱོན་རྣམས་མ་ཐོང་གི་ཡོན་ཏན་མཐོང་བ་མིན་པའོ། །དེ་སླར་ཡང་རྒྱས་པར་བཤད་པ་བསྙེན་བཀུར་བྱས་པ་མེད་པར་བླ་མ་ལ་མྱུར་དུ་ཐར་ལམ་གྱི་དེ་ཉིད་ཐོབ་པར་འདོད་པ་དང་། ཁྱོད་ཀྱི་དེ་ལྟ་བུ་ལ་ཡང་དག་ཚིག་མ་ཡིན་ཞེས་བླ་མས་བསྒོ་བ་བྱས་ནའང་ཁྲོ་བཅས་གཡོ་བའམ་འགྲོ་བར་འགྱུར། ཚོགས་ནང་བླ་མ་མཐོང་ན་རྒྱབ་ཀྱིས་ཕྱོགས་པར་བྱེད་དེ་བླ་མ་མིན་ཚུལ་བསྟེན་པ། དེ་ནས་དེ་དེ་དབེན་པར་སོང་ནས་བླ་མ་ལ་


MR08_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བྱེད་པར་འགྱུར་པ་དེ་ལྟར་རང་བཞིན་ངན་པར་འགྱུར་བ་དམན་པའི་སློབ་མ་ནི་ཙནྡན་ལྟ་བུ་རང་གི་སློབ་བུ་ཡིན་ཡང་སློབ་བུ་མ་ཡིན་པ་གཞན་བཞིན་ཡོངས་སུ་སྤངས་ཤིང་མིའི་ནང་ནས་རིགས་བཟང་པོ་རྒྱལ་རིགས་དང་རྗེའུ་རིགས་མཆོག་ལས་སྐྱེས་པར་གྱུར་པ་ཡང་། བརྟན་རྟག་པར་ནམ་ཡང་དེ་ལྟར་ཤེས་ནས་རང་གི་དྲུང་དུ་གཞག་པར་མི་བྱའོ། །གཉིས་པ་རིན་པོ་ཆེ་ལྟ་བུའི་གང་ཟག་ནི། ཚུལ་ཁྲིམས་སོགས་ཀྱི་ཡོན་ཏན་མཆོག་ལྡན་ཐོས་སོགས་ཀྱིས་རྟོགས་བྱ་དོན་གྱི་ཡེ་ཤེས་དང་དགེ་ཆོས་ལ་བརྩོན་པར་བཅས་པ་དང་ཡང་ནི་བླ་མ་ལ་གུས་ཤིང་དེ་སངས་རྒྱས་དང་མཉམ་པར་ལྟ་བ་དང་། རྒྱལ་བའི་ཆོས་མདོ་རྒྱུད་རྣམས་རྟོགས་ཤིང་རྒྱལ་བའི་བསྟན་ལ་ཡིད་ཆེས་ནས་ཤིན་ཏུ་དད་དེ་འདིར་སྣོད་གྱུར་ཡིན་ཕྱིར་དེ་ལ་བླ་མས་དྲིན་སྦྱིན་བྱའོ། །གསུམ་པ་ཨུཏྤལ་ལྟ་བུ་ནི། སྔགས་ཀྱི་རྒྱུད་མང་རབ་ཏུ་ཐོས་ཤིང་པད་དཀར་ནའང་འདི་ལྟར་གསུངས། སྡེ་སྣོད་གསུམ་གྱི་ལུང་ལ་ལེགས་པར་སྦྱངས་ཀྱང་བླ་མའི་བསྙེན་བཀུར་དམན་ཕྱིར་མན་ངག་ཟབ་མོའི་ལུང་ཐོབ་མ་གྱུར་པ་དེ་ནི་བདག་ཉིད་ལ་ཕན་པ་སྒྲུབ་པ་ཙམ་ལའང་དབང་མེད་དེ་མན་ངག་གིས་ཁོང་ལ་ཚིག་ཙམ་བཏོན་པ་ཡིན་པ་ཁ་ནས་བཤད་པའམ་


MR08_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་བསྟན་པའི་བསྟན་བཅོས་འབའ་ཞིག་གི་གྲགས་ཡོད་པ་ཙམ་སྟེ་བསྟན་བཅོས་གྲགས་ཞེས་ལུང་གི་ཚིག་ཙམ་སྨྲ་བས་བསྟན་བཅོས་ཀྱི་གྲགས་པ་ཐོབ་ཀྱང་། མཆུ་དེ་ཡི་བསྟན་བཅོས་མང་དུ་ཐོས་པ་ནི་སྐྱོ༷་བའི་རྒྱུ་ཙམ་འབའ་ཞིག་ཡིན་ཏེ་དོན་གྱི་སྙིང་པོ་སྟོང་པའི་ཕྱིར་འདིས་ནི་རྩོད་པ་སྨྲ་བ་ལས་སྒོམ་པའི་རོ་མ་རྙེད་པའི་ཕྱིར་རོ། །བཞི་པ་པད་དཀར་ལྟ་བུ་ནི། ལས་འཕྲོས་དབང་གིས་སྐལ་ལྡན་གྱུར་ཅིང་དེ་ཉིད་མན་ངག་ཐོབ་གྱུར་ཀྱང་གང་ཞིག་བློ་གྲོས་ཀྱང་བླུན་པོ་མིན་ལ་དོན་ནི་འདི་དང་འདི་ཞེས་སྦྱོར་ནུས་པ། ཀླུ་བྱང་འགྲེལ་དུ། སྐལ་ལྡན་གྱུར་ཅིང་དེ་ཉིད་མན་ངག་ཐོབ་གྱུར་ཀྱང་། གང་ཞིག་སྐྱེས་ཐོབ་ཀྱི་ཤེས་རབ་བྲལ་བ་བློ་གྲོས་བླུན་ཞིང་དོན་རྣམས་ཐོས་པའི་དོན་རིགས་པ་རྣམས་རིགས་པ་བཞིས་སྡུད་པར་མི་ནུས་པ། གཞན་ལ་ཕན་པར་བྱེད་པའི་བློ་གཞན་དོན་ལ་ལྡན་བསྟན་ལ་རབ་འཇུག་ཅིང་། ཚིག་གི་ཡོན་གཏན་ཚིགས་འགོད་པ་དང་དྲང་ངེས་སོགས་འབྱེད་པའི་ཏན་དམན་པ་དེ་ཡང་བརྙས་པར་འགྱུར་བ་ཡིན། ཞེས་སོ། །དེ་ནི་ལས་འཕྲོ་ཡོད་པས་སྐྱེ་བ་གཞན་དུ་དེ་ཉིད་ཐོབ་བོ་ཞེས་བཤད། གཞན་དོན་བྱ་བའི་བློ་ཡིས་ཆོས་སྟོན་ལ་རབ་ཏུ་འཇུག་ཀྱང་ཚིག་གི་ཡོན་ཏན་མེད་ན་དེ་ཡང་བརྙས་པ་དང་བཅས་འགྱུར་རོ། །ཐམས་ཅད་


MR08_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཆོག་གྱུར་རིན་པོ་ཆེ་ལྟ་བུའི་གང་ཟག་ནི། རྒྱུད་མང་ཐོས་ཤིང་ཤེས་རབ་དང་ལྡན། གནས་དྲུག་སྟེ་མཐའ་དྲུག་གི་དོན་ཤེས་པ་དང་། མི་བརྗེད་པའི་དྲན་དང་། རབ་ཏུ་འབྱེད་པའི་བློ་གྲོས། དོན་བཅས་འཛིན་པ་མི་འཕྲོག་པའི་བརྟན་བློ། བརྩོན་པ་ཕུན་ཚོགས་དཔལ་ལྡན་བླ་མའི་ཞབས་ལ་བཀུར་སྟི་བཅས་ཤིང་དེ་ཁོ་ན་ཉིད་ཀྱི་ལུང་ཐོབ་པ་རྒྱུད་རྒྱལ་གསང་འདུས་རིམ་ལྔའི་མན་ངག་གང་ཟག་དེ་ལ་བསྟན་པར་འོས་པ་ཡིན་ནོ། །གང་ཟག་ལྔ་ནི་ཙནྡན་གྱི་ཚལ་པ་ལའང་སྦྲུལ་གདུག་པས་དཀྲིས་པ་ལྟར། ཐོས་ཉུང་ང་རྒྱལ་ཅན་དོན་མེད་མང་དུ་སྨྲ་བའོ། །མ་ལུས་ཐོས་ནས་ཚིག་འཛིན་ཀྱང་ཡང་ཡང་བརྗོད་པ་དང་དོན་གྱི་མན་ངག་བྲལ་བ་ཨུཏྤལ་ལྟ་བུ། ལྷག་པར་མང་དུ་ཐོབ་ཀྱང་ཚིག་གི་སྒོ་ནས་གཞན་ལ་བསྟན་མི་ནུས་པ་པདྨ་ལྟ་པད་དཀར་མི་འདུག་པས་ཆད་པ་ཡིན་འདྲ། བུ། རིན་པོ་ཆེའི་ལྟ་བུ་ནི་ཚུལ་ལྡན་མཁས་དང་དྲང་རྒྱུད་ཀྱིས། ཐོས་ནས་ལེགས་རྟོན་རིན་ཆེན་ལྟ་བུའོ། །གསུངས། གཉིས་པ་དགེ་བ་བསྔོ་བ་ནི། འཕགས་པ་རྡོ་རྗེ་སྒྲ་གཅན་འཛིན་བཟང་པོའི་དྲིན་གྱིས་རྒྱུད་རྣམས་མང་པོ་ཐོས་ཤིང་དོན་མ་འདྲེས་པར་གསལ་བ་ཡིས་རྣམ་པ་སྤྲས་པའི་


MR08_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གིས་བྱང་ཆུབ་ལམ་ནི་སེམས་ཀྱི་རྣམ་པར་ཕྱེ་བས། ཀླུ་སྒྲུབ་རབ་ཏུ་བྱུང་བའི་མཚན་ནི་ཤཱཀྱ་བཤེས་གཉེན་གྱིས་ནི་དགེ་བ་གང་བསགས་དེས་བློ་གྲོས་མཁས་ཤིང་གསལ་བའི་རྣམ་པར་སྨིན་པའི་རྟེན་བྱང་ཆུབ་སྣོད་གྱུར་ཤོག །གཞན་ཡང་ཤཱཀྱ་བཤེས་གཉེན་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་ཡང་། དེ་ལ་བརྩེ་བས་རབ་བྱེད་འདིའི་ནང་དུ་མིང་བཅུག་པར་གྱུར་ཤིང་། བླ་མ་བརྩེ་ལྡན་ནམ་ཡོན་ཏན་ཅན་རང་གིས་བྱས་ཀྱང་སློབ་མས་བྱས་ཞེས་སྨྲ་བ་ནི་ལུགས་ཡིན་ནོ་ཞེས་ཀླུ་བྱང་གསུངས། ཀུན་རིམ་པ་འདིའི་མིང་གི་ཁྱད་པར་གཞན་ཡང་བླ་ན་མེད་པའི་དགོངས་པ་ཞེས་བྱ་བ་ཐམས་ཅད་དག་ཅིང་སེམས་ཤིན་ཏུ་རྣམ་པར་དག་པའི་རིམ་པ་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་སྟེ་རིམ་པ་གཉིས་པའོ།། ༈ །།རིམ་པ་གསུམ་པ་བདག་བྱིན་གྱིས་བརླབ་པའི་རིམ་པ་བཤད་པ་ལ། གཞུང་ལ་འཇུག་པ་དང་། གཞུང་དངོས་ཀྱི་དོན་ནོ། །དང་པོ་ལ་གཉིས་ལས་དང་པོ་ཕྱག་འཚལ་བ་ནི། རྡོ་རྗེ་ཅན་རྣམས་རིགས་ལྔ་པོ་ཀུན་གྱི་གཙོ་བོ་རིགས་དྲུག་པ་དང་པོའི་སངས་རྒྱས་རྡོ་རྗེ་འཆང་ངམ་རྡོ་རྗེ་ཆེ་ལ་ཕྱག་འཚལ་ཏེ། གཉིས་པ་བཤད་པར་དམ་བཅའ་བ་ནི། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་གཞན་ཡང་


MR08_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེ་བས་བདག་གིས་བཤད་པར་བྱས་སོ། །གཉིས་ལ་གཞུང་དངོས་ཀྱི་དོན་ལ། སྒྱུ་ལུས་ཀྱི་གདམས་ངག་སྟོན་པའི་སྔོན་དུ་བྱ་བའི་རིམ་པ་དང་། དངོས་གཞི་བདག་བྱིན་བརླབ་པའི་རིམ་པ་གསལ་བར་བཤད་པ་དང་། རྗེས་བླ་མ་མཆོད་ཅིང་བཀའ་རྒྱས་བཏབ་པའི་ཚུལ་ཏེ་གསུམ་མོ། །དེ་ལ་དང་པོ་ནི། དེ་ལ་དང་པོར་བསྐྱེད་པའི་རིམ་པའི་ཞེས་པ་ནས། དེ་ནས་བདག་ལ་བྱིན་རླབས་ཙམ་ཞེས་པའི་བར་ཏེ། འདི་ལ་དབྱེ་ན། སྒྱུ་ལུས་ཀྱི་གདམས་པའི་སྣོད་སློབ་མའི་མཚན་ཉིད། དེས་རྡོ་རྗེ་སློབ་དཔོན་མཉེས་པར་བྱེད་པའི་ཐབས། སློབ་དཔོན་གྱི་བྱ་བ་དབང་བསྐུར་བའི་རིམ་པ། བདག་བྱིན་རླབས་བཤད་པའི་དོན་དུ་བསྟོད་ཅིང་གསོལ་བ་འདེབས་པ་སྟེ་བཞིའོ། །དང་པོ་ནི། ཀླུ་བྱང་ལས་སྦས་བཤད་སོགས་མང་པོས་བསྟན་དེ་ལ་དང་པོར་བསྐྱེད་པའི་རིམ་པར་རྗེས་སུ་འབྲང་བས་དབང་བསྐུར་བ་ཐོབ་ཅིང་། བྱ་རྒྱུད་སོགས་རྒྱུད་རྣམ་པ་བཞིའི་དགོངས་པ་ཤེས་པ་ཡི་ཤེས་རབ་དང་ལྡན་ཞིང་ལུས་དང་། ངག་དང་། ཡིད་རྣམ་པར་དབེན་པའི་གདམས་ངག་གི་དོན་ཐོས་པ་འཛིན་པ། སྒྱུ་འོད་དེ་སྔགས་ཀྱི་བདེན་པ་རྣམ་པ་གཉིས་ལ་ལྷག་པར་སློབ་མ་མོས་པས་རྡོ་རྗེ་སློབ་དཔོན་ཡང་


MR08_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་སྒྱུ་མེད་པའི་བཀུར་སྟི་སོགས་ཀྱིས་མཉེས་པར་བྱས་ཏེ་ཞེས་སོ། །གཉིས་པ་རྡོ་རྗེ་སློབ་དཔོན་མཉེས་པར་བྱེད་པའི་ཐབས་ཁྱད་པར་ཅན་ལ་བསླབ་པ་ནི། དེའི་འོག་ཏུ་བདག་བྱིན་རླབས་པའི་རིམ་པ་གནང་བའི་གསོལ་བ་བཏབ་པས་སྣོད་དུ་གཟིགས་ཏེ་བླ་མ་མཉེས་པར་གྱུར་ནས་འདོད་ཡོན་གྱི་ཚོགས་ཀྱི་མཆོད་པ་ཆེན་པོ་བྱས་ལ་ལོ་བཅུ་དྲུག་མ་རྡོ་རྗེ་སློབ་དཔོན་ཆེན་པོ་ལ་ཕྱག་རྒྱར་ཕུལ་ཏེ་ཞེས་སོ། །གསུམ་པ་སློབ་དཔོན་གྱི་བྱ་བ་དབང་བསྐུར་བའི་རིམ་པ་ལ། དཀྱུས་ཀྱི་འགྱུར་ལས། དེའི་འོག་ཏུ་བླ་མའི་ཞལ་སྔ་ནས་ཡབ་ཡུམ་སྦྱོར་བའི་བྱང་སེམས་ཀྱི་དབང་བསྐུར་ཏེ། དེ་ལ་ཕྱག་རྒྱ་བྱིན་ནས་མཉམ་པར་སྦྱོར་བའི་འོད་གསལ་ཤེས་པར་བྱས་ལ་དེ་ལས་ལངས་ནས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པའི་མན་ངག་ཐོབ་པ་ཡིན་ལ། དེ་ཐོབ་ནས་དེའི་འོག་ཏུ་སྤྱི༷་བོར་མེ་ཏོག་གི་ཕྲེང་བའི་ཆུན་འཕྱངས་དཔྱངས་པ་དང་། བུམ་པའི་ཆུ་དང་རྫོགས་པའི་སངས་རྒྱས་ཅོད་པན་དང་རྡོ་རྗེ་དང་དྲིལ་བུ་སྦྱིན་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མིང་དང་སློབ་དཔོན་དང་ཀུན་རྗེས་སུ་གནང་བ་བཅས་ལུས་རྣམ་དག་སྟེ་དེ་དག་དང་བཅས་པར་གསང་བའི་དབང་བསྐུར་བ་ཐོབ་ནས། བཞི་པ་བསྟོད་ཅིང་གསོལ་བ་འདེབས་པ་ནི།


MR08_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ་འདིས་བླ་མ་ལ་བསྟོད་པར་བྱའོ། །ཀྱེ་བཅོམ་ལྡན་རྡོ་རྗེ་སློབ་དཔོན་ཁོང་སྟོང་སྐྱེ་བ་སོགས་ཁྱོད་ཀྱི་སྐུ་ལ་མེད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྐུ་ཇི་ལྟར་སྣང་ཞེ་ན་ཤ་དང་རུས་པ་ཁྲག་མེད་ཀྱང་ནམ་མཁའ་ལ་ནི་འཇའ་ཚོན་ལྟར་ཁྱོད་ཀྱི་སྐུ་ནི་སྟོན་པར་མཛད་པ་རྣམ་སྣང་གི་སྒོ་ནས་སོ། །སྐུ་ལ་བསྙུན་མེད་ཅིང་མི་གཙང་མེད་བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་ཡིན་ཕྱིར་འདོད་ཆགས་དག་ནས་ཁྱོད་ནི་འཇིག་རྟེན་རྣམས་དང་མཐུན་པར་རྗེས་སུ་འཇུག་ཕྱིར་འཇིག་རྟེན་བྱ་བ་སྟོན་པར་མཛད་པ་ནི་འོད་དཔག་མེད་པའི་སྒོ་ནས་སོ། །ཆུ་ཟླ་བཞིན་དུ་གཟུང་དུ་མེད་ཅིང་ཆོས་རྣམས་ཀུན་ལ་གནས་པ་རིས་ཆད་དམ་དམིགས་མེད་མཉམ་ཉིད་དུ་གནས་ཏེ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ཡིན་ཕྱིར། ང་རྒྱལ་མེད་ཅིང་རྨོངས་པ་མི་མངའ་དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ་རིན་འབྱུང་ངོ་། །སེམས་ཅན་གྱི་དོན་དུ་གཤེགས་དང་བཞུགས་དང་དེ་བཞིན་གཟིམས་པ་སྟེ་སྤྱོད་ལམ་དག་ནི་བྱ་གྲུབ་ཡེ་ཤེས་ངོ་བོ་ཡིན་ཕྱིར་མཛད་ཀྱང་དེ་ཐམས་ཅད་དུ་ཁྱེད་ནི་རྟག་ཏུ་མཉམ་འཇོག་པ་མི་དམིགས་ཁྱོད་ལ་ཕྱག་འཚལ་ལོ་དོན་གྲུབ་ཀྱིའོ། །སྒྱུ་


MR08_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལྟ་བུའི་ཏིང་འཛིན་གྱིས་འཕར་སྣང་སོགས་དང་ཡན་ལག་དྲུག་ཅུའི་ཆོས་བསྟན་རྫུ་འཕྲུལ་ཆེ་ལ་སྟེ་ཆོ་འཕྲུལ་ཆེན་པོ་རྣམ་འཕྲུལ་ཞིང་། ཐ་དད་མེད་ལ་སྣ་ཚོགས་མིན་ལ་སྙོམས་པར་འཇུག་པ་ཆོས་དབྱིངས་ཤིན་ཏུ་རྣམ་དག་གི་ཡེ་ཤེས་ཀྱི་ངོ་བོས་དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ་མི་བསྐྱོད་པའོ། །དེ་ལྟར་རྡོ་རྗེ་སློབ་དཔོན་ལ་ཡང་དག་པའི་བསྟོད་པས་བསྟོད་ནས་ཚིགས་སུ་བཅད་པ་འདིས་མཉན་པར་བྱ་བའི་ཕྱིར་གསོལ་བ་གདབ་པར་བྱའོ་འགྲོ་བའི་དཔའ་བོ་བླ་མ་རིན་པོ་ཆེ་ཁྱོད་ནི་ཀུན་མཁྱེན་པའི་ཡེ་ཤེས་ཀྱི་ཕུང་པོ་ཅན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྲིད་པའི་འཁོར་ལོ་རང་བཞིན་མེད་པར་མི་རྟོག་ཡེ་ཤེས་ཀྱི་རྣམ་པར་སྦྱོང་བ་དེ་རིང་བདག་བྱིན་རླབས་ཀྱི་མན་ངག་བཤད་པའི་རིན་ཆེན་གྱིས་ཀྱེ་གཙོ་བོ་བདག་ལ་བཀའ་དྲིན་གྱི་རྗེས་སུ་བཟུང་བར་སྩོལ། ཁྱོད་ཞབས་པདྨ་སྤངས་ནས་ནི་གཙོ་བོ་གཞན་ལ་བདག་སྐྱབས་སུ་འགྲོ་བ་མ་མཆིས་སོ། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། དེ་བས་བློ་མཆོག་བདག་པོ་མཉེས་པར་མཛོད། །ཅེས་པའོ། །གཉིས་པ་དངོས་གཞི་བདག་བྱིན་བརླབ་པའི་རིམ་པ་གསལ་བར་བཤད་པ་ལ་ལྔ་སྟེ་བདག་བྱིན་རླབས་གང་ལས་ཐོབ་པ་དང་། མ་ཐོབ་པའི་ཉེས་


MR08_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་དང་། ཐོབ་པའི་ཕན་ཡོན་དང་། བདེན་གཉིས་རྒྱུ་འབྲས་སུ་བསྟན་པ་དང་། རིམ་པ་དངོས་རྒྱས་པར་བཤད་པའོ། །དང་པོ་ནི། དེ་ལྟར་གསོལ་འདེབས་མཁས་པ་འཇིགས་པ་མེད་པར་གསོལ་བ་འདེབས་པའི་ཚིག་དག་ཐོས་པར་གྱུར་ནས་ནི་སྙིང་རྗེ་སློབ་མ་ལ་བསྐྱེད་དེ་དེ་ནས་བདག་ལ་བྱིན་རླབས་ཀུན་བརྩམས་པར་བྱའོ། །དེ་ཡང་བདག་བྱིན་བརླབ་པའི་རིམ་པ་ཞེས་པ་སྔགས་ཀྱི་ཀུན་རྫོབ་བདེན་པ་བསྟན་པ་སྟེ་སེམས་དབེན་ནམ་སེམས་རྣམ་པར་དག་པའི་དོན་གསལ་བ་ལ་སྐུ་མེད་དེ། སེམས་ནི་གཅིག་དུ་མའི་ཆ་ཤས་དང་བྲལ་ནས་དོན་དམ་པ་འབའ་ཞིག་ཡིན་པའི་ཕྱིར་རོ། །ངག་བདེན་ལའང་ལྷའི་སྐུ་མེད་དེ་རླུང་ལ་གཟུགས་མེད་པའི་ཕྱིར་རོ། །ལུས་རྣམ་པར་དབེན་པས་ལུས་ལའང་གཅིག་དུ་མ་མེད་ཕྱིར་ལྷའི་སྐུ་བསྒོམ་པ་མེད་དོ། །འདིར་སྐད་ཅིག་གིས་སམ། ཤེས་རབ་དང་ཐབས་དང་ཉེར་ཐོབ་ཀྱི་རིམ་པས་འོད་གསལ་བ་ལས་ལངས་ཏེ་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་རིམ་པས་བསྐྱེད་པ་ཡོད་ཀྱི་རང་བཞིན་ཅན་ཉིད་ཡེ་ཤེས་ཀྱི་སྐུར་མཐོང་ནས་ཕྱི་རོལ་གྱི་དངོས་པོ་རྣམས་ལའང་དེ་ཁོ་ན་ལྟར་བལྟ་བར་བྱའོ་ཞེས་པ་ནི་བདག་བྱིན་རླབས་པའི་རིམ་པའོ། །


MR08_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་ཀུན་རྫོབ་ཏུ་ལྷ་སྐུ་བསྒོམ་པ་དང་། གཟུགས་སྣང་སྣོད་བཅུད་དང་ཞི་སོགས་ལས་རྣམས་དང་སྔགས་ཕྱག་རྒྱ་ལ་སོགས་བྱ་བའི་ཚོགས་ཐམས་ཅད་ཀྱི་བདེན་པ་མཐོང་བ་སྟེ་སྒྱུ་མ་སོགས་དཔེ་བཅུ་གཉིས་ཨབྷ་ལ་སྒྱུ་མའི་དཔེ་བཅུ་གཉིས་སུ་ནམ་མཁའི་མེ་ཏོག །མོ་གཤམ་བུ། རི་བོང་རྭ་གསུམ་བགྲང་འདུག །དང་འདྲ་བར་མཐོང་བ་འདི་ནི་བདག་བྱིན་རླབས་པའི་རིམ་པའོ་ཞེས་བརྗོད་པར་བྱའོ། །དེ་ནི་བླ་མ་རྡོ་རྗེ་སློབ་དཔོན་གྱི་དྲིན་དག་གིས་འཐོབ་པར་འགྱུར་གྱི་གཞན་དུ་མིན་ནོ་ཞེས་གསང་བར་གདམས་སོ། །གཉིས་པ་ནི། བདག་ལ་བྱིན་གྱིས་བརླབ་པའི་རིམ་གང་གིས་རྙེད་པར་མ་གྱུར་པས་མདོ་སྡེ་དང་རྒྱུད་དང་རྟོག་པ་ལ་དེ་ཡི་ངལ་བ་དོན་མེད་འགྱུར་ཏེ་དེའི་སྙིང་པོའམ་རང་བཞིན་ཟུང་འཇུག་ལྟར་བཤད་དུ་མེད་པའི་ཕྱིར་རོ། །གསུམ་པ་ནི། བདག་ལ་བྱིན་རླབས་ཀྱི་རིམ་པ་ཐོབ་པའི་ཕྱིར་ན་འགྲོ་བའི་གཙོ་བོ་སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི་དམ་པར་ཡེ་ཤེས་ཀྱི་སྐུ་ཅན་དེར་ངེས་པར་ཚེ་འདི་ཉིད་དུ་སངས་རྒྱས་ནི་ཐེ་ཚོམ་མེད་པར་ཐོབ་པར་འགྱུར་རོ། །བཞི་པ་ནི། བདག་བྱིན་བརླབས་པའི་ཏིང་འཛིན་དང་དེ་བཞིན་འོད་གསལ་བ་ཡི་གནས་བདེན་པ་གཉིས་ནི་རྒྱུ་དང་འབྲས་བུའི་ཁྱད་པར་གྱིས་ཀུན་རྫོབ་དང་དོན་དམ་གྱི་བདེན་པ་གཉིས་


MR08_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྟན་པ་ཡིན་ཏེ་བདག་བྱིན་བརླབས་ཀྱི་རིམ་པ་གསུམ་པ་འདི། རིམ་པ་གཉིས་པའི་སེམས་དབེན་འོད་གསལ་ལས་བྱུང་བའི་རིམ་པ་གཉིས་པ་རྒྱུ་དང་གསུམ་པ་འབྲས་བུ་ཡིན་ནོ། །སླར་ཡང་བདག་བྱིན་བརླབས་པའི་རིམ་གྱིས་ས་གསུམ་པ་ཉིད་ནི་རིམ་པ་བཞི་པའི་འོད་གསལ་བ་ནི་ཐོབ་པར་འགྱུར་ལ་དེ་ལྟ་ན་བདག་བྱིན་བརླབ་རྒྱུ་དང་རིམ་པ་བཞི་པའི་འོད་གསལ་འབྲས་བུའོ། །རིམ་པ་གཉིས་པ་དང་བཞི་པ་འོད་གསལ་ཙམ་དུ་རིགས་གཅིག་པ་ཡིན་ཡང་། ཐབས་དང་སའི་བྱེ་བྲག་ལ་ཐ་དད་དུ་བཞག་ཏེ་དེའི་ཕྱིར་འོད་གསལ་བའི་རྒྱུའང་ཡིན་ལ་འབྲས་བུའང་ཡིན། བདག་བྱིན་བརླབས་ཀྱང་ཕྱི་མར་ལྟོས་ན་རྒྱུའང་ཡིན་ལ་འབྲས་བུའང་ཡིན་ནོ། །རིམ་པ་བཞི་པ་ལ་ལྟོས་ན་གསུམ་པ་རྒྱུ་གཉིས་པ་ལ་ལྟོས་ན་གསུམ་པ་འབྲས་བུ་གསུམ་པ་ལ་ལྟོས་ན་གཉིས་པ་རྒྱུ། བཞི་པ་ཀུན་འབྲས་བུ་སོགས་སོ། །ལྔ་པ་རིམ་པ་དངོས་རྒྱས་པར་བཤད་པ་ལ། གང་ལ་བསྒོམ་པའི་གཞི་རྟོགས་པའི་ཕྱིར་སྒྱུ་ལུས་ཀྱི་སྒྲུབ་གཞི་བསྟན་པ། བདག་བྱིན་བརླབས་པ་སྒྱུ་ལུས་ཀྱི་རིམ་པ་དངོས་གསལ་བར་ངོས་གཟུང་བ། སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱིན་པའི་ཚད། རིམ་པ་འདི་ཐོབ་པའི་གནས་སྐབས་ཀྱི་ཡོན་ཏན་ཏེ་བཞི་


MR08_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་ནི། འགྲོ་ཀུན་ལས་ཉོན་གྱིས་བཅིངས་པ་ལ་རང་དབང་མེད་པ་སྟེ་གཞན་དབང་ཅན་ཡིན་ལ་བསྐྱེད་རིམ་གྱི་སྔགས་ཀྱི་སྐུ་དེ་ཡང་ཟླ་བ་རྡོ་རྗེ་སོགས་ལས་བྱུང་བའི་གཞན་དབང་ཅན་ནོ་དེའི་ཕྱིར་རང་དབང་དུ་ནི་སྟེ་རང་གི་མཐུ་ལས་འབྱུང་བ་མ་ཡིན་ནོ། །རང་དབང་ཅན་གྱི་ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུ་དེ་ཡི་རྒྱུ་ནི་འོད་གསལ་བ་ཡིན་ཏེ་གཞན་མིན་ནོ་འོད་གསལ་བ་ནི་རྣམ་པ་ཐམས་ཅད་སྟོང་པའོ། །བསྐྱེད་རིམ་པས་ལྷར་བསྒོམ་པ་ནི། སྒྱུ་མ་ལྟ་བུའི་ཏིང་འཛིན་བདག་བྱིན་བརླབས་ཀྱི་རིམ་པ་འདི་མེད་པས་མ་དག་པའི་སངས་རྒྱས་ཉིད་ཡིན་ཏེ་དེའི་ཕྱིར་བཏགས་པའི་རྣལ་འབྱོར་དང་སྔགས་ཀྱི་སྐུ་ཞེས་གསུངས་པའོ། །འདིར་ནི་གཙོ་བོ་སྟེ་བརྟགས་པ་མིན་པར་ཡེ་ཤེས་སྐུ་འདི་ནི་ངེས་པ་ཁོ་ནར་སངས་རྒྱས་པའི་དག་པའི་སྐུ་སྟེ། སྒྱུ་མ་ལྟ་བུ་དེ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཀྱི་སྐུ་ཚེ་འདི་ཉིད་ལ་ཐོབ་བོ་ཞེས་གསུངས་སོ། །དེ་བས་རྡོ་རྗེ་སློབ་དཔོན་གྱིས་བདེན་པ་གཉིས་ཀྱི་དང་པོར་བདག་ལ་བྱིན་བརླབས་བསྟན་པར་བྱ་སྟེ་ཞེས་སོ། །འོད་གསལ་བ་ནི་གཅིག་ཉིད་ཡིན་ཏེ་རང་དབང་ཅན་དང་དེ་མ་ཡིན་པས་བྱས་པའི་ཐ་དད་ཡོད་ན་འོ་ན་དེ་ཁོ་ན་ཉིད་མ་ཡིན་པར་འགྱུར་རོ་སྙམ་ན། ཉེས་པ་དེ་བསལ་ཕྱིར་ལས་ཉོན་


MR08_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བཅིངས་པའི་སེམས་གང་གིས་ནི་བྱིས་པ་རྣམས་འཁོར་བར་འཆིང་བས་བཅིངས་གྱུར་པ་སེམས་དེ་ཉིད་ཀྱི་རང་བཞིན་དང་སྣང་བའི་དབྱེ་བ་ཤེས་པའི་ཁོ་ན་ཉིད་ཀྱིས་རྣལ་འབྱོར་པ་རྣམས་བདེ་གཤེགས་གནས་སུ་སྟེ་འོད་གསལ་བ་དེར་འགྲོ་བར་འགྱུར་རོ། །དེའི་ཕྱིར་འོད་གསལ་གཅིག་ཡིན་ཏེ་དོན་དམ་པར་བཅིངས་ཐར་སྐྱེ་འཇིག་སོགས་མེད་པར་བསྟན་ཕྱིར་འདིར་ནི་གང་ཡང་སྐྱེ་བ་མེད་ཅིང་གང་ཡང་འཆི་བ་ཡོད་པ་མ་ཡིན་ཀྱང་རྐྱེན་གཟུང་འཛིན་གྱི་སེམས་ཀྱི་རང་བཞིན་དུ་རྣམ་པར་གནས་པར་སྣང་བ་དེ་ནི་འཁོར་བ་ཉིད་ཅེས་ནི་ཤེས་པར་བྱའོ། །ཕ་མའི་ཁུ་ཁྲག་དང་དྲི་ཟའི་སེམས་འདྲེས་པ་དེའི་ནང་དུ་སྲོག་ཅེས་བྱ་བའི་རླུང་གི་སྦྱོར་བ་མེད་པར་ནི་ཚོགས་བརྒྱད་ཀྱི་སེམས་ཀྱི་རང་བཞིན་གཟུང་དུ་མེད་དེ་ཁུ་ཁྲག་གི་ནང་དུ་སྲོག་གི་རླུང་གནས་སོགས་བརྒྱད་འབྱུང་ཞིང་དེ་ལས་བསགས་པ་སོགས་ཀྱི་ལུས་ལེན་པ་དེས་ན་རླུང་མེད་ན་མི་འབྱུང་ངོ་། །དེའི་ཕྱིར་སེམས་ཀྱི་རང་བཞིན་དེ་ཉིད་རྒྱུར་གྱུར་པ་ལས་འཁོར་བའི་ལས་དང་སྲིད་པར་སྐྱེ་བ་ཀུན་དུ་འབྱུང་ངོ་། །གཉིས་པ་བདག་བྱིན་བརླབ་པ་སྒྱུ་ལུས་ཀྱི་རིམ་པ་དངོས་གསལ་བར་ངོས་གཟུང་བ་ལ། བདག་བྱིན་བརླབ་པའི་རིམ་པའི་ངོ་བོ། དཔེའི་སྒོ་ནས་དེ་ལ་ངེས་པ་བསྐྱེད་པ།


MR08_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་ལུས་དེ་སྒྲུབ་བྱེད་ཀྱི་ཐབས་བཤད་པ་སྟེ་གསུམ་མོ། །ཀུན་དང་པོ་ནི། དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་རླུང་དང་ཡང་དག་ལྡན་པའི་རྣམ་ཤེས་གསུམ་པོ་སླར་ཡང་ནི་རྣལ་འབྱོར་པ་ཡི་ལུས་སུ་འབྱུང་བ་ལ་སྒྱུ་མའི་ལུས་ཞེས་དེ་ལ་བཤད་དེ་འོད་གསལ་བའི་གནས་ལུགས་ཀྱི་དབང་དུ་བཅིངས་གྲོལ་མེད་དེ་ཡེ་ནས་མ་སྐྱེས་མི་འགག་པའོ། །དེ་བས་འདི་ལྟར་འགྲོ་བ་ཀུན་སྒྱུ་མ་ལྟ་བུར་འདིར་བཤད་དེ། ཡེ་ཤེས་ཀྱི་ལུས་སྒྱུ་མ་ལྟ་བུའི་ཏིང་འཛིན་ལ་གནས་ནས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་དེ་དང་འདྲ་བར་སྒྱུ་མར་མཐོང་ཏེ་ཇི་ལྟར་ན་གཟུགས་དང་ཚོར་བ་ཉིད་དང་ནི་འདུ་ཤེས་དང་ནི་འདུ་བྱེད་རྣམས་ལྔ་པ་རྣམ་པར་ཤེས་པ་དང་ལྔ་པོ་དེ་བཞིན་གཤེགས་པ་ལྔ། དེ་བཞིན་ས་ཆུ་མེ་རླུང་གི་ཁམས་ནི་བཞི་པོ་ཡུམ་བཞི་དང་། མིག་ལ་སོགས་དྲུག་དང་ཡུལ་དྲུག་རྣམས་སེམས་དཔའ་སེམས་མ་ཉིད་ཤེས་ཡེ་ཤེས། པ་ལྔ་པོ་ཉིད་དག་སྟེ་མདོར་ན་ཕྱི་དང་ནང་དུ་རྣམ་པར་ཕྱེ་བ་ཡི་ཆོས་ཐམས་ཅད་སྒྱུ་མ་ལས་གཞན་མིན་ཏེ་སྣང་ཡང་རང་བཞིན་མེད་པས་སོ། །གཉིས་པ་དཔེའི་སྒོ་ནས་དེ་ལ་ངེས་པ་བསྐྱེད་པ་ནི་ཇི་ལྟར་སྒྱུ་མ་འདྲ་ན་མེ་ལོང་ནང་གི་གཟུགས་བརྙན་གྱིས་སྒྱུ་མའི་ལུས་ཀྱི་ངོ་བོ་ནི་ཤེས་པར་བྱ་བ་དེའི་ཁ་


MR08_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དོག་རྣམས་ནི་སྣང་ཡང་འཇའ་ལྟ་བུ་ཐོགས་རེག་མེད་པ་དང་། གར་ཡང་ཁྱབ་པ་ཆུ་ཡི་ཟླ་བ་ཆུ་སྣོད་གཅིག་ལ་ཁྱབ་པ་ལྟར་ཆུ་སྣོད་ཇི་སྙེད་དུ་ཁྱབ་པས་སོ། །དངོས་པོ་ཡོད་པ་དང་དངོས་མིན་མི་སྣང་བ་ལས་གྲོལ་བ་ཡི་དཔེ་ནི། རྡོ་རྗེ་སེམས་དཔའ་ཡི་སྐུ་ལེགས་པར་བྲིས་པ་མེ་ལོང་དྲི་མ་མེད་པ་ལ་གཟུགས་བརྙན་གསལ་བར་སྣང་བ་དང་སྒྱུ་ལུས་མཚུངས་སྟེ། མཚན་དཔེ་དང་སྟོབས་སོགས་རྣམ་པ་ཀུན་གྱི་མཆོག་ལྡན་པའི་སངས་རྒྱས་ཀྱི་སྐུ་ནི་བལྟ་བས་མི་ངོམས་པ་ཡེ་ཤེས་ཀྱི་སྐུ་སྒྱུ་ལུས་ཀྱང་སློབ་མ་བཟང་པོ་དེ་ལ་བསྟན་པ་ལ་བདག་བྱིན་བརླབ་ཅེས་དེ་ལ་བཤད་དོ། །སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་སྒྱུ་མར་བསྟན་པའམ་བཤད་པའི་མཚན་ཉིད་ཀྱིས་སྒྱུ་མའི་སྐུ་འདི་ཉིད་ཉེ་བར་མཚོན་པ་སྟེ། གསུམ་པ་ལ་གཉིས། འཇུག་སྒོ་སྣ་ཚོགས་པའི་སྒོ་ནས་སྒྱུ་ལུས་སྒྲུབ་པའི་ཐབས་དང་། སྒྲུབ་ཐབས་ཀྱི་གཙོ་བོ་སྤྱོད་པ་ལ་ཇི་ལྟར་སྦྱོར་བའི་ཚུལ་ལོ། །དང་པོ་ནི། ཕུང་ཁམས་སྐྱེ་མཆེད་ལྷའི་བདག་ཉིད་དུ་གྱུར་པའི་སྔགས་ཀྱི་ཀུན་རྫོབ་བདེན་པའི་སྒྱུ་མ་ཉིད་འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡང་སྒྲས་སྤྲུལ་སྐུ་དེ་ཡིན་ལ་སྤྲུལ་པའི་སྐུའང་དེའོ། །དེ་ཉིད་དྲི་ཟའི་སེམས་ཅན་འཇིག་


MR08_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཀུན་ལ་ཁྱབ་པར་གྱུར་པ་དེ་ཉིད་ནི། ཇི་ལྟར་དྲི་ཟའི་སེམས་ཅན་ཞེས་གསུངས་པ་ལུས་ཀྱི་གདོས་པ་བོར་ཏེ། དབང་པོ་ཀུན་ཚང་ཡིད་ཀྱི་ལུས་ཡིན་པ་ལྟར། འདིར་སྒྱུ་མ་ལྟ་བུའི་ལུས་ལ་ཕུང་པོ་རང་བཞིན་གྱི་རྣམ་རྟོག་མེད་པས་དྲི་ཟའི་སེམས་ཅན་དང་སྒྱུ་མའི་ལུས་ལ་ཁྱད་པར་འགའ་ཡང་མེད་དེ་གཉིས་ཀ་སྒྱུ་མའོ། །ཡང་ན་སེམས་ཅན་ཐ་མལ་པ་རྣམས་ལུས་བོར་ནས་བར་དོའི་སྐབས་ན་དྲི་ཟའི་སེམས་ཅན་གྱི་ལུས་སྒྱུ་མ་ལྟ་བུ་འབྱུང་བ་བཞིན་དུ་འདི་ཉིད་དེ་དང་ཆ་འདྲ་ལ་དེ་ཡོངས་སུ་དག་པའམ་སྦྱངས་བའི་ཕྱིར་ན་ལོངས་སྤྱོད་རྫོགས་པའི་སྐུའི་རིགས་འདྲ་དྲི་ཟའི་སེམས་ཅན་དུ་ཀུན་གྱུར་པ་ཟེར་རམ་འདི་ལ་དཔྱད་དགོས་སོ། །མཐར་ཐུག་རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན་ཏེ་སྟོང་པ་དང་ཆོས་སྐུ་མི་ཕྱེད་པས་སྟོང་པ་ཉིད་རྡོ་རྗེ་སེམས་དཔའ་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་དོ། །གཉིས་པ་སྒྲུབ་ཐབས་ཀྱི་གཙོ་བོ་སྤྱོད་པ་ལ་ཇི་ལྟར་སྦྱོར་བའི་ཚུལ་ནི། དེ་བས་བདག་ཉིད་རྡོ་རྗེ་སེམས་དཔའ་མཆོད་པ་ལ་འཇུག་པར་བྱ་སྟེ་དེ་ལས་གཞན་སངས་རྒྱས་མཆོད་མི་དགོས་སོ། །དེ་ལྟ་ན་བདག་ཉིད་ཀྱི་ཕུང་ལྔ་སངས་རྒྱས་ཐམས་ཅད་དང་སྐྱེ་མཆེད་བྱང་ཆུབ་སེམས་དཔའ་ཐམས་ཅད་ཉིད་ཡིན་ཏེ་ཐ་དད་དུ་མེད་པ་དེ་བས་ཀུན་


MR08_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབད་པ་ཡིས་བདག་ཉིད་རྟག་ཏུ་འདོད་པའི་ཡོན་ཏན་ལྔས་མཆོད་པར་བྱ་ཞེས་དྲང་བའི་དོན་སངས་རྒྱས་བྱང་སེམས་ཐམས་ཅད་རང་བཞིན་འོད་གསལ་ལས་བྱུང་བའི་ཕྱིར་བདག་ལ་མཆོད་པ་བྱ་བ་ནི་ངེས་དོན་ནོ། །དེ་ནི་རང་དོན་དང་གཞན་དོན་དུ་སྔགས་དང་ཕྱག་རྒྱའི་སྦྱོར་བ་དང་སྐུ་སོགས་ཀྱི་དཀྱིལ་འཁོར་དང་ལ་སོགས་པའི་སྒྲས་དབང་བསྐུར་ལ་སོགས་པ་ཇི་སྙེད་ཀྱི་རྣམ་རྟོག་དང་སྦྱིན་སྲེག་དང་། གཏོར་མ་གཏོང་བ་ལ་སོགས་ཀུན་ཀྱང་རྟག་ཏུ་སྒྱུ་མ་བཞིན་དུ་བྱ། ཞི་བ་དང་ནི་རྒྱས་པ་དང་དེ་བཞིན་དབང་དང་མངོན་སྤྱོད་དང་དགུག་སོགས་བཅུད་ལེན་གསེར་འགྱུར་རིལ་བུ་སོགས་འདས་མ་འདས་ཀྱི་ལས་གང་ཅི་ཡང་རུང་བ་ཀུན་དབང་པོའི་གཞུང་དང་མཚུངས་པར་སྒྱུ་མའི་ཏིང་ངེ་འཛིན་གྱིས་བྱའོ་ཞེས་པ་ཕྱི་དང་ནང་གི་དུས་ལ་བརྟེན་ནས་ལས་བྱ་བ་རྣམས་ཀྱང་དེ་བཞིན་ནོ། །སྒེག་སོགས་གར་གྱི་ཉམས་དགུ་དང་ཉེ་བར་འདོད་ཡོན་ལ་ལོངས་སྤྱོད་དང་གླུ་དང་རོལ་མོ་རྩེད་མོ་སོགས་བསྟེན་པ་དང་། ལུས་ཀྱི་སྒྱུ་རྩལ་རྣམས་ལ་བཟོ་གསོ་འདོད་པའི་སྒྱུ་རྩལ་སོགས་རབ་ཏུ་འཇུག་པ་ཆུ་ཟླ་དག་དང་མཚུངས་པར་བྱའོ། །གཟུགས་དང་སྒྲ་དང་དེ་བཞིན་དྲི་


MR08_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རོ་དང་རེག་བྱ་ཉིད་དག་ལ་མིག་ལ་སོགས་པ་འཇུག་འགྱུར་བ་ཀུན་ཀྱང་སྒྱུ་མ་ལྟ་བུར་ཉེ་བར་བརྟག་པར་བྱའོ། །གསུམ་པ་སྒྱུ་ལུས་ཀྱི་རིམ་པ་མཐར་ཕྱིན་པའི་ཚད་ནི། མདོར་ན་རྡོ་རྗེ་ཐེག་པ་ཉམས་སུ་ལེན་པའི་དེ་ཉིད་དུ་ཀླུ་བྱང་འགྲེལ་དུ། འདིར་མང་བརྗོད་པས་ཅི་ཞིག་བྱ། །རྡོ་རྗེ་ཐེག་པས་ཡང་དག་ཏུ། །ཞེས་གསུངས། འདིར་ནི་མང་དུ་བཤད་ཅི་དགོས་རྣལ་འབྱོར་པས་ནི་ཆོས་གང་དང་གང་དམིགས་པ་དེ་དེ་སྒྱུ་མ་བཞིན་དུ་བརྟག་པར་བྱ་སྟེ་མེ་ལོང་གི་ནི་གཟུགས་བརྙན་དང་། རྨི་ལམ་དང་། སྒྱུ་མ་ཆུ་བུར་དང་མིག་འཕྲུལ་མཚུངས་པར་གང་གིས་མཐོང་དེ་ནི་གཙོ་བོ་རྡོ་རྗེ་འཆང་ཡིན་པར་བཤད་དོ་འདི་ལྔ་མིག་ཤེས་ནས་ལུས་ཤེས་བར་ལ་རིམ་པར་སྦྱར། དོན་བྱེད་པ་སྣང་བའི་ཤེས་པའི་རྣམ་པར་དག་པ་ནི་མིག་ཤེས་ཀྱིས་མཐོང་བ་དང་ནི་ལུས་ཤེས་ཀྱིས་རེག་པ་ཉིད་ཅེས་མཐོང་བསྒོམ་མྱོང་བ་དང་བཅས་པའི་འགྲོ་བ་འདི་དག་སྒྱུ་མ་ཇི་བཞིན་ཏེ་དོན་དམ་པར་དམིགས་སུ་མེད་ལ་ཀུན་རྫོབ་དག་ཏུ་ནི་སྒྱུ་མ་ལྟ་བུར་རབ་ཏུ་བཤད་པའོ། །རྣམ་པར་དག་པ་དེ་ཉིད་ཁྱད་པར་དུ་བསྟན་པ་ནི་དབང་པོ་གང་དང་གང་གི་ལམ་དུ་སྣང་བར་གྱུར་པ་སྒྱུ་ཀུན་མ་ལྟ་བུ་དེ་དང་དེ་ཡི་ངོ་བོར་བསྒོམ་པར་བྱ་བ་དང་


MR08_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་མ་གཞག་པའི་རྗེས་ཐོབ་ལའང་སྦྱོར་བ་ཡིས་སྣང་བ་ཐམས་ཅད་སངས་རྒྱས་ཀུན་དང་མཉམ་པར་སྦྱོར་ཏེ་དེ་བཞིན་གཤེགས་པའི་རང་བཞིན་དུ་བལྟའོ། །ཕྱོགས་ཀུན་ཏུ་ཀུན་ནས་དངོས་པོ་ཐམས་ཅད་དང་བདག་གི་ཕུང་ཁམས་སྐྱེ་མཆེད་སོགས་ཉིད་ཀྱང་རྟག་ཏུ་རྣམ་པ་ཀུན་ནས་སངས་རྒྱས་ཀུན་བདག་དུ་མཐོང་པ་ཡི་དངོས་གྲུབ་ནི་རྣལ་འབྱོར་རང་ཉིད་ཀྱིས་ནི་དེ་མཐོང་འགྱུར་བའོ། །བཞི་པ་རིམ་པ་འདི་ཐོབ་པའི་གནས་སྐབས་ཀྱི་ཡོན་ཏན་བསྟན་པ་ནི། ཆོས་ཀུན་གྱི་གཙོ་བོ་བདེ་བ་ཆེན་པོ་ལྷན་སྐྱེས་ཀྱི་དངོས་པོ་ཀུན་གྱི་རང་བཞིན་དང་མཉམ་པར་ཞུགས་པའི་སེམས་དཔའ་ཆེན་པོ་འགྲོ་དང་བཞུགས་པ་སོགས་སྤྱོད་ལམ་དང་གནས་དང་ཟས་དང་གོས་ལ་སོགས་པ་ཐམས་ཅད་སྤྱད་པར་སྣང་ཡང་མཁའ་ལ་སྐད་ཅིག་སྐད་ཅིག་དག་གིས་མཁའ་རུ་དམིགས་ཞེས་ནམ་མཁའ་ལྟར་དམིགས་སུ་མེད་པར་རྟོག་པ་ཀླུ་བྱང་གིས་བཤད་སྣང་། རྙེད་ཅེས་སྣང་བའམ་སྒྱུ་མའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་དེའི་སྲིད་པ་གཅོད་པར་འགྱུར་བ་དང་འགྲོ་ལ་རབ་དང་མཆོག་ཏུ་གྱུར་པ་དང་དམ་པའི་ཆོས་སྟོན་པར་འགྱུར་འཇིག་རྟེན་ལྷ་དང་བཅས་པ་ཀུན་གྱིས་མཆོད་ཅིང་ཡང་དང་ཡང་དུ་ཕྱག་བྱེད་པར་


MR08_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་ཞེས་ཕྱག་རྒྱ་ཆེན་པོ་འགྲུབ་པའི་ཡོན་ཏན་ཇི་ལྟར་སྟོན་པ་རྫོགས་སངས་རྒྱས་འཇིག་རྟེན་ཕན་པར་བཞེད་པས་འཇིག་རྟེན་འདི་དང་འཇིག་རྟེན་གཞན་དུ་གཤེགས་པ་དེ་བཞིན་ཕྱག་རྒྱ་ཆེན་པོ་གྲུབ་པའི་རྣལ་འབྱོར་ཆེན་པོ་ནི་སེམས་ཅན་ལ་ཕན་པ་ཀླུ་བྱང་འགྲེལ་དུ་རང་གི་ཤེས་རབ་བསྐྱེད་པའི་ཕྱིར་ཞེས་སྣང་། སྣ་ཚོགས་མི་རྟོག་ཡེ་ཤེས་སྐྱེས་པས་འཇིག་རྟེན་གྱི་དོན་སངས་རྒྱས་པའི་དུས་རྗེས་སུ་སྡུད་པར་མཛད་ཅིང་རྡོ་རྗེ་སེམས་དཔའ་དམིགས་ཀྱང་སྟེ་སྒྱུ་མའི་ཏིང་འཛིན་ཐོབ་པ་འདིས་རང་ཉིད་རྡོ་རྗེ་སེམས་དཔའ་དམིགས་པའམ་སྣང་བའམ་མཚོན་པས་ན་འདིས་ཕྱག་རྒྱ་དཀུག་ན་ཁུགས་པ་མི་རུང་པའམ་ལས་སུ་བྱ་བ་བསྒྲུབ་པར་མི་བྱ་ཅི་ཡང་མེད་ལ་བདེ་ཆེན་ཕྱག་རྒྱ་ཆེན་པོ་ནི་རང་ཉིད་ཀྱི་བློའི་སྟོབས་ཀྱིས་རྗེས་སུ་འགྲུབ་པར་འགྱུར་རོ། །དགེ་སོགས་ལས་དང་རྩ་ཉེའི་ཉོན་མོངས་ལས་ཅན་སེམས་ཅན་སྐྱེ་གནས་བཞིའི་ལུས་ཉོན་མོངས་ལས་ལམ་ལུས་དང་ནི་ཞེས་འདུག །ཀླུ་བྱང་འགྲེལ་ན། ཆོས་དང་ཆོས་མིན་སོགས་ཚིགས་བཅད་མང་པོ་དྲངས་བ་སྣང་། བྱེད་པ་པོ་ནི་རྒྱུ་དྲུག་དང་རྐྱེན་བཞི་དང་འབྲས་བུ་ཉིད་རྣམ་སྨིན་གྱི་འབྲས་བུ་སོགས་དེ་དེར་སྨིག་རྒྱུ་དང་རྨི་ལམ་ལྟ་བུ་དང་དྲི་ཟའི་གྲོང་ཁྱེར་དག་དང་མཚུངས་པར་ཤེས་པར་བྱའོ། །འདི་འདྲའི་སྒྱུ་མ་ལྟ་བུའི་ཏིང་འཛིན་མི་ཤེས་པས་


MR08_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ལ་ནི་ཉེ་བར་དམིགས་ཏེ་འདོད་ཆགས་སྣ་ཚོགས་སྐྱེས་པ་རྣམས་དེ་དག་སྒྱུ་མའི་སྨན་གྱིས་གསོ་བར་བྱེད་དོ། །སྒྲུབ་པ་པོ་གང་ཞིག་བདག་བྱིན་བརླབ་པའི་མན་ངག་དག་གང་གིས་བླ་མ་ལས་མ་བསྒྲུབ་པ་དེས་ནི་དངོས་པོ་ཡོད་པའི་རྟག་པ་དང་མེད་པའི་ཆད་པ་ལ་ལྷར་སྣང་སོགས་མངོན་ཞེན་གྱི་དམིགས་པས་ལམ་ལ་གོམས་པར་བྱས་པའི་མི་དེ་སོ་སྐྱེའི་སར་ཕྱིར་ལྡོག་འགྱུར་བ་ཡིན་ནོ། །གསུམ་པ་རྗེས་བླ་མ་མཆོད་ཅིང་བཀའ་ཀུན་རྒྱས་བཏབ་པ་ལ་གཉིས་ཀྱི་དང་པོ་བླ་མ་མཆོད་པ་ནི། མཆོད་པ་ཐམས་ཅད་དེ་རང་དང་གཞན་ལྟས་སོགས་སྤངས་ནས་ནི་བླ་མ་ལ་མཆོད་པ་ཡང་དག་བརྩམ་པར་བྱའོ། །བླ་མ་དེ་མཉེས་པས་ནི་རྣམ་ཀུན་མཁྱེན་པའི་ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར་རོ། །བླ་མེད་བླ་ན་མེད་པའི་ཞེས་སྣང་། ཀྱི་ཡོན་ཏན་བྱེད་པ་སློབ་དཔོན་གྱི་ངོ་བོ་རྡོ་རྗེ་སེམས་དཔའ་མཆོད་པ་བྱས་ནས་སྒྲུབ་པོ་དེ་ཡིས་བསོད་ནམས་མ་བྱས་ཅི་ཡོད་ལ་དཀའ་ཐུབ་མ་བསྟེན་གང་ཞིག་ཡོད་དེ་མེད་དོ། །དེ་ཁོ་ཉིད་ཀྱི་ཡོན་ཏན་མི་ཟད་ཐོབ་པར་འདོད་པ་ཡིས་རང་དངོས་པོའང་ཤིན་ཏུ་དགའ་གཅེས་པ། བ་གང་ཆུང་མ་སོགས། དང་གང་ཡིན་པ་དང་། ཤིན་ཏུ་ཁྱད་པར་ཅན་ནོར་བུ་སོགས་ཉིད་དེ་དེ་དང་དེ་ནི་བླ་


MR08_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

མར་སྦྱིན་པར་བྱའོ། །ཅིའི་ཕྱིར་ན་རྡོ་རྗེ་སློབ་དཔོན་གྱིས་ནི་བུམ་པ་སོགས་ཀྱིས་རང་རྒྱུད་ཀྱི་སྡིག་པ་འཕྲོག་སྟེ་དབང་བསྐུར་བས་སོ། །སློབ་དཔོན་གྱིས་ནི་གསང་དབང་གི་རྣམ་རྟོག་སོགས་ཀྱི་འཇིགས་པ་སེལ་ཞིང་སློབ་དཔོན་གྱིས་ནི་ཤེས་རབ་དབང་བསྐུར་བས་འཁོར་བའི་རྩ་སྲེད་ལས་བྱུང་སྡུག་བསྔལ་གྱི་རྒྱ་མཚོའི་འཇིགས་ལས་ཕ་རོལ་ཏུ་བསྒྲལ་བར་བྱེད་པའོ། །གཉིས་པ་བཀའ་རྒྱས་གདབ་པ་ནི། སློབ་མ་སྣོད་གྱུར་ཡིན་མིན་བརྟགས་པ་གང་གིས་ང་རྒྱལ་གྱིས་སྦགས་ཤིང་བླ་མ་མ་བསྟན་པའི་ཡང་དག་རིམ་པ་སུན་བདེན་མིན་རིམ་པ་སྟོན་པ་དང་ཞེས་སྣང་། འབྱིན་དང་དེ་ཉིད་ཟབ་མོའི་ཆོས་བླ་མས་བསྟན་པ་ལ་བརྙས་བཅོས་པ་དེ་ལས་དེ་ཉིད་བསྟན་མི་བྱ་བླ་མ་ལ་གུས་ཤིང་སྒྱུ་མེད་པས་བདེན་པར་སྨྲ་བ་དང་། རྣམ་པར་མཁས་བདེན་ཞིང་སྣང་། ཤིང་རྒྱུད་གཅིག་ལ་སྟེ་གཞལ་བྱ་ཀུན་གྱི་ཚིག་དོན་འཛིན་པ་མ་ནོར་བ་དང་། དམ་ཚིག་གི་སྤྱོད་པ་བསྲུང་བ་བརྩོན་འགྲུས་དང་ལྡན་པ་དག་བདག་བྱིན་བརླབ་ཀྱི་རིམ་པ་དེ་ལ་བསྟན་པར་བྱའོ། །བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་སྟེ་རིམ་པ་གསུམ་པའོ།། ༈ །།མངོན་པར་བྱང་ཆུབ་པའི་རིམ་པའམ་འོད་


MR08_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གྱི་རིམ་པ་འཆད་པ་ལ་གཞུང་ལ་འཇུག་པ་དང་། གཞུང་དངོས་རྒྱས་པར་བཤད་པ། རྗེས་བསྡུ་བའོ། །དང་པོ་ནི། ཐམས་ཅད་སྟོང་པ་ཡང་དག་དོན་གྱི་འོད་གསལ་ཉིད་སྟོན་པས་དཔལ་རྡོ་རྗེ་སེམས་དཔར་ཕྱག་བྱས་ཏེ་རིམ་པ་བཞི་པ་མངོན་པར་བྱང་ཆུབ་པའི་རིམ་པ་འདི་བདག་གིས་བཤད་པར་བྱའོ། །དེ་ལས་འཕྲོས་པ་ནི་མངོན་པར་བྱང་ཆུབ་པའི་ཆོས་ཉིད་འདི་ནི་རང་བྱུང་སྟེ་རྒྱུ་རྐྱེན་ལས་འདས་པ་བཅོམ་ལྡན་འདས་ཐ་དད་མེད་པས་གཅིག་པུ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཀུན་ལས་ཆེ་བའི་ལྷ་སྟེ་རང་བྱུང་གི་ཡེ་ཤེས་ཡེ་ཤེས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་རོ། །འོན་ཀྱང་འདིའི་མན་ངག་རྣམས་ནི་རབ་སྟེར་བས་རྡོ་རྗེ་སློབ་དཔོན་དྲུག་པ་རྡོ་རྗེ་འཆང་དེ་བས་ལྷག་སྟེ་སློབ་དཔོན་གྱི་མན་ངག་མེད་ན་ཆོས་ཉིད་ཡོད་ཀྱང་མི་རྟོགས་པའི་ཕྱིར་རོ། །གཉིས་པ་གཞུང་དངོས་རྒྱས་པར་བཤད་པ་ལ་གཉིས་སྔོན་འགྲོ་དང་། དངོས་གཞིའོ། །དང་པོ་འོད་གསལ་གྱི་རིམ་པ་འདི་འཆད་པ་ལ་སྔོན་འགྲོ་དབང་གི་དོན་ལ་དབྱེ་ན། དང་ཀུན་པོར་སློབ་དཔོན་མཉེས་པར་བྱ་བ། བར་དུ་དབང་བསྐུར་བ། མཐར་བསྟོད་ཅིང་གསོལ་བ་གདབ་པ་སྟེ་གསུམ་ལས། དང་པོ་ནི། དེའི་ཕྱིར་


MR08_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་དེ་ནི་ཡང་དག་པར་མཉེས་བྱས་ཏེ་བསྟེན་ནས་ལོའམ་ཡང་ན་ཟླ་བ་ལ་བླ་མ་དེ་ནི་མཉེས་བྱས་ལ་ཅི་ནུས་པས་ནི་མཆོད་པར་བྱ་ཅི་འབྱོར་པ་ཡི་ཕྱག་རྒྱ་མ་ནི་ཆོས་བཤད་པ་སོགས་ཀྱིས་ལེགས་པར་བསླབས་ལ་དབུལ་བྱ་ཞིང་ཚོགས་ཀྱི་དཀྱིལ་འཁོར་དབུས་སུ་ནི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཇི་བཞིན་མཆོད་པར་བྱ་སྟེ། དགེ་སློང་སོགས་ཀྱི་གྲལ་གྱི་གོང་དུ་རྣལ་འབྱོར་གྱི་ཚོགས་བཞག་པར་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་སོ། །དེ་ནས་འདོད་ཡོན་ལྔ་ལ་སྤྱོད་པས་རྣལ་འབྱོར་ཆེན་པོ་མཉེས་གྱུར་ཏེ། གཉིས་པ་བར་དུ་དབང་བསྐུར་བ་ནི། ཕྱག་རྒྱ་དང་སྙོམས་པར་འཇུག་པའི་ལྷར་བསྐྱེད། རྡོར་པད་བྱིན་རླབས་དེ་བཞིན་གཤེགས་པ་རྣམས་མཁའ་གསང་དུ་སྤྱན་དྲངས་བྱང་སེམས་དུ་ཞུ་བ་སོགས་ཀྱི་ཆོ་ག་ཡིས། བདེ་ཆགས་ཀྱིས་སྣང་བ་དག་ནི་བསྐྱེད་པར་འབྱུང་བ་ན། བྱས་ལ་སྲོད་ཀྱི་དུས་སུ་པདྨ་ལྟ་བུའི་བྱང་ཆུབ་སེམས་ནི་རབ་ཏུ་འབད་པས་ཀ་ལ་ཤ་བུམ་པ་སོགས་སྒྲས་ཉ་ཕྱིས་དང་། དུང་ཆོས་ཐོད་པ་དག་ཏུ་བཞག་གོ། སློབ་མ་བཟང་པོ་ལ་བླ་མ་ཡིས་བརྩེ་བས་ནམ་ཕྱེད་ཀྱི་དུས་སུ་གསང་དབང་བསྐུར་ནམ་ཕྱེད་གསང་དབང་བསྐུར་ནས་སློབ་མ་ལ་ཕྱག་རྒྱ་གཏད་ཕྱག་རྒྱ་དེས་ཀྱང་དེ་ལ་


MR08_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ལྔ་བདུད་རྩི་ལྔ་བཟའ་བ་དང་། བྷ་གའི་པདྨར་ཙུམ་པ་ན་བྱེད་རུང་ངམ་དྲི། དེས་ནུས་པའི་ལན་གདབ་དེ་ནས་ལྷ་མོ་དེས་ལག་གཉིས་ཀྱི་བྷ་གའི་ངོས་གཉིས་ནས་བཟུང་སྟེ་དབུས་ན་མིའི་སྣ་ལྟ་བུ་སྐྱེས་བུའི་ལིང་ག་གསུངས་པ་དེ་ནི་རྩ་དབུ་མ་ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ་ཀུན་ཏུ་བཟང་མོ་ཞེས་བྱ་བ་རྩ་སོ་གཉིས་ཀྱི་གཙོ་བོ་ཁམས་དཀར་པོ་སྡུད་པ་དེ་ཉིད་ལས་ཁམས་གསུམ་སྐྱེ་ཞིང་དེར་ཐིམ་པར་འགྱུར་རོ། །དེ་མི་བསྐྱོད་པའི་ངོ་བོ་ཡིན་པའི་ཕྱིར། ཤེར་ཕྱིན་མ་དང་། ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་དང་སེམས་ཅན་ཐམས་ཅད་སྐྱེ་སྡུད་བྱེད་པའོ། །རྩ་གཡོན་པ་བྱང་སེམས་འབབ་པ་དེ་ཉིད་ཐུར་སེལ་གྱི་རླུང་དང་འོད་དཔག་མེད་ཀྱི་ངོ་བོ་ཟླ་བ་ཇེ་རྒྱས་འགྲོ་ཀུན་སྐྱོད་བྱེད་དོ། །གཡས་ཀྱི་རྩ་རུས་སྦལ་ཞེས་བྱ་བ་རཀྟ་འབབ་པ་ཐབས། མདུན་རྩ་བྱང་སེམས་འབྱུང་བ་རྣམ་སྣང་། རྒྱབ་ཀྱི་རྩ་གཞུ་ལས་རྒྱལ་ཞེས་ཤ་འབྱུང་བ་དོན་གྲུབ་བོ། །དེའི་ཕྱི་རོལ་ན་རྩ་འདབ་བརྒྱད་དོ་ཞེས་སོགས་ཀྱི་བྷ་གའི་པདྨ་འདབ་བརྒྱད་དབུས་ཀྱི་ཟེའུ་འབྲུའི་རྩ་ལྔ་བཅས་བསྟན་ནས། ཀྱེ་མའོ་བདག་གི་པདྨ་འདི། བདེ་བ་ཀུན་དང་སོགས་ཀྱིས་ཚིག་ཕྱག་རྒྱས་བརྗོད་དོ། །


MR08_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་ལྷན་ཅིག་ཆགས་པའི་སྤྱོད་ལམ་སོགས་ཀྱིས་རྩ་བསླང་ནས་སྙོམས་པར་ཞུགས་བླ་མས་ཐུགས་ཀ་ནས་ཡུམ་བཞི་སྤྲོས་སློབ་མའི་ཁར་བཅུག་ནས་དཔེའི་ལྷན་སྐྱེས་ངོ་སྤྲད་དེ་མཐར་བྱང་སེམས་མི་ལྷུང་བར་གྱེན་དུ་སྤྱི་བོར་དྲངས་པར་བྱའོ། །གསུམ་པ་མཐར་བསྟོད་ཅིང་གསོལ་བ་གདབ་པ་ནི། དབང་བསྐུར་ཡང་དག་ཐོབ་ནས་ནི་ཐོ་རངས་ཀྱི་ནི་དུས་སུ་ཡང་སློབ་མས་ཐལ་སྦྱར་བླ་མ་ལ་ཀུན་མཆོད་ཅིང་བསྟོད་པས་མཉེས་པར་བྱ་ཞིང་གསོལ་བ་གདབ་པ་ནི། ཁམས་གསུམ་ལས་ནི་རྣམ་གྲོལ་ཞིང་ནམ་མཁའ་དང་ནི་མཉམ་གྱུར་ལ་འདོད་པ་རྣམས་ཀྱིས་མ་གོས་པ་དམིགས་མེད་ས་ཁམས་རྣམ་དག་ཁྱོད་ལ་ཕྱག་འཚལ་ལོ་ཞེས་སྣང་མཛད་སྐུ་རྡོ་རྗེའི་བསྟོད་པ། ཕུང་པོ་རྣམས་དང་ཁམས་རྣམས་དང་སྐྱེ་མཆེད་རྣམས་ལ་མི་མེ་ལོང་ཡེ་ཤེས་བརྟེན་ཅིང་མ་ཆགས་པ་ཕྱིན་ཅི་ལོག་ལས་རྣམ་གྲོལ་བ་དམིགས་མེ་ཁམས་དག་མེད་ཁྱོད་ལ་ཕྱག་འཚལ་ལོ་འོད་དཔག་མེད་གསུང་རྡོ་རྗེའི་སྒོ་ནས་བསྟོད། རྣམ་རྟོག་མེད་ཅིང་ཀུན་རྟོག་མེད་ཐུགས་ནི་རབ་ཏུ་མི་གནས་པ་བསམ་གྱི་མི་ཁྱབ་པ་ཡི་ཐུགས་དམིགས་མེད་ཁྱོད་ལ་ཕྱག་འཚལ་འདི་ཀླུ་བྱང་ན་མི་འདུག་གོ ། ལོ། །ཇི་ལྟར་ནམ་མཁའ་གནས་མེད་ཅིང་སྤྲོས་མེད་གོས་


MR08_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་ལྟར་མཁའ་དང་མཉམ་པའི་ཐུགས་མངའ་བ་དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ་མི་སྐྱོད་པ་ཐུགས་རྡོ་རྗེའི་བསྟོད་པ་ཐམས་ཅད་སྟོང་པའི་རང་བཞིན་ཅན་མངོན་པར་བྱང་ཆུབ་ལྟ་བར་འཚལ་ཞེས་དང་སློབ་མས་ཐལ་སྦྱར་བླ་མ་ལ་བསྟོད་ནས་ཆུ་ཁམས་དག་པ་སླར་ཡང་བསྐུལ་བར་བྱ། འཁོར་བའི་ལས་དང་སྐྱེ་ལས་རྣམ་གྲོལ་ཞིང་སྣང་བ་སྟེ་རྣམ་ཤེས་དང་ཡེ་ཤེས་གསུམ་པོ་སྤངས་པ་ཡི་མངོན་པར་བྱང་ཆུབ་མཐོང་བར་ནི་མགོན་པོ་ཆེན་པོ་བདག་འཚལ་ལོ་མི་སྐྱོད་པའི་སྒོ་ནས་གསོལ་བ་འདེབས་སོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ་དེ་བཞིན་གཤེགས་པ་ཀུན་གྱི་གནས་རྡོ་རྗེ་ཡེ་ཤེས་བླ་ན་མེད་སློབ་དཔོན་ཆེན་པོ་བདག་མཐོང་པར་འཚལ་ལོ་སེམས་ཅན་གྱི་ཁམས་ཆེན་པོ་ཚིག་གི་སྒོ་ནས་དག་པའི་འོད་དཔག་མེད་ཀྱིའོ། །ཐོག་ནི་དགའ་བ་དང་མཆོག་དགའ་མཐའ་མ་དགའ་བྲལ་མེད་ཅིང་ཞི་བ་དང་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་རང་བཞིན་དང་རྣམ་ཤེས་རྣམ་སྦྱོང་ཞིང་ལུས་དང་ངག་དང་སེམས་སྦྱོང་བ་རྡོ་རྗེ་ཆེན་པོ་བདག་འཚལ་ལོ་ཞེས་སྐུའི་སྒོ་ནས་གསོལ་འདེབས་སོ། །གཉིས་པ་དངོས་གཞི་འོད་གསལ་དངོས་ཀྱི་གདམས་ངག་བཤད་པ་ལ། མངོན་བྱང་གཉིས་ལ་བརྟེན་ནས་ངོ་སྤྲོད་ཚུལ། ཐམས་ཅད་


MR08_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་རང་བཞིན་བཤད་པ། རིམ་པ་འདི་ལ་གནས་པའི་གང་ཟག་གི་ཆེ་བ། འོད་གསལ་གྱི་སྒྲུབ་པ་རྣལ་འབྱོར་གཉིས་ངོས་བཟུང་། རིམ་པ་འདི་ལ་བསྟན་པ་ཐོབ་པའི་ཚད་བསྟན། རང་འབྲས་ཟུང་འཇུག་གི་སྐུ་འཆར་ཚུལ། འོད་གསལ་གྱི་རིམ་པའི་སྤྱོད་པ་བསྟན་པ་སྟེ་བདུན་ལས། དང་པོ་ནི། དེ་ལྟར་ཡོན་ཏན་ཡང་དག་པ་བརྗོད་པས་རྣལ་འབྱོར་པས་བླ་མ་མཉེས་བྱ་ཞིང་བླ་མ་དེས་སྙིང་རྗེ་སློབ་མ་ལ་བསྐྱེད་དེ་དེ་ནས་རིམ་པ་འདི་ཉིད་བརྩམ་པ་སྟེ་བཤད་པར་བྱའོ། །མཚན་མོ་སྣང་བའི་ཆ་སྟེ་གསལ་བ་ཉི་མའི་ཟེར་འགྱེད་སྣང་བ་མཆེད་པ་ཡིན་མཚམས་ནི་སྣང་བ་ཐོབ་པར་རང་གི་རང་བཞིན་རྣམས་ཀྱིས་ལན་ཅིག་མིན་པར་འགྲོ་མཚན་མིན་ཏེ་དགའ་བ་དང་སྣང་བའི་རང་བཞིན་མིན་པས་སོ། །ཉིན་པར་མ་ཡིན་མཆེད་པ་དང་མཆོག་དགའ་མིན་པས་སོ། །མཚམས་མིན་ཏེ་དགའ་བྲལ་དང་ཉེར་ཐོབ་གང་ཞིག་རང་བཞིན་དེ་རྣམས་ཀུན་དང་རྣམ་པར་བྲལ་བ་དྲི་མ་མེད་པ་དེ་ནི་བྱང་ཆུབ་ཀྱི་ཉམས་སུ་མྱོང་བའི་སྐད་ཅིག་ཡིན་པར་བླ་མ་མཆོག་རྡོ་རྗེ་སློབ་དཔོན་གྱིས་བཤད་པ་རྣལ་འབྱོར་པ་ཉིད་ཀྱི་ཡུལ་ཡིན་གྱི་ཕལ་པས་མིན་ནོ། །དང་པོ་ཕྱིའི་མངོན་པར་བྱང་ཆུབ་པ་ནི་མཚན་མོ་ཟླ་བའི་སྣང་བ་དང་ལྡན་པ་དང་ཉིན་མོ་ཉི་མ་དེ་གཉིས་


MR08_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཚམས་ཀྱི་སྣང་བ་གསུམ་ཡོད་པ་ལྟ་བུ་སྣང་བ་གསུམ། དེ་གསུམ་དང་མ་འདྲེས་པའི་ནམ་མཁའ་རྐྱེན་བྲལ་ལྟ་བུ་ནི་འོད་གསལ་བ་སྟེ་ཕྱིའི་དུས་ཀྱིས་མཚོན་ནས་བསྟན་པར་བྱ་སྟེ། ཀྱེ་རིགས་ཀྱི་བུ་ཁྱོད་ཀྱིས་སྙོམས་འཇུག་གི་དུས་སུ་དང་པོར་འདོད་ཆགས་ཀྱི་དགའ་བས་རང་བཞིན་ཉམས་སུ་མྱོང་བ་ནི་སྣང་བ་ཞེས་བྱ་བ་སྟེ་ཅུང་ཞིག་གསལ་བའི་བདེ་བ་འབྱུང་བ་མཚན་མོ་ཟླ་འོད་ཡོད་པས་ཅུང་ཞིག་གསལ་ཀྱང་ཐམས་ཅད་ཆེར་གསལ་བ་མིན་པ་ལྟ་བུའོ། །ཁྱོད་ཀྱིས་མཆོག་ཏུ་དགའ་བའི་རང་བཞིན་འདོད་ཆགས་བར་མའི་རང་བཞིན་ཉམས་སུ་མྱོང་བ་ནི་དགའ་བ་སྔར་ལས་འཕེལ་ཞིང་ཆེས་གསལ་བས། ཉིན་མོ་ཉི་འོད་དང་ལྡན་པ་ལྟ་བུ་སྣང་བ་གསལ་བའམ་མཆེད་པ་ཞེས་བྱའོ། །བྲལ་བ་སྟེ་འདོད་ཆགས་བྲལ་བ་གང་ཡིན་པ་དེ་ནི་ཟླ་ཉིའི་སྣང་བ་གང་ཡང་མེད་པ་ཡིད་བདེ་བ་དང་བྲལ་བའི་མཚན་ཉིད་ཀྱིས་སྣང་བ་ཉེ་བར་ཐོབ་པ་ཞེས་བྱ་སྟེ་ཟླ་སྣང་ཉི་སྣང་ནུབ་པའི་མཚམས་ཀྱི་དུས་ལྟ་བུའོ། །རིགས་ཀྱི་བུ་གསུམ་པོ་འདི་ནི་དེ་ཁོ་ན་ཉིད་མ་ཡིན་ཏེ། སྐད་ཅིག་དེ་རྣམས་རང་བཞིན་སེམས་བྱུང་རྣམས་དང་ལྡན་པའི་སེམས་གསུམ་ཡིན་པས་སོ། །དེས་ན་དེ་ཁོ་ན་ཉིད་ཀྱི་འོད་གསལ་མཆོག་ཏུ་མི་འགྱུར་བ་ནི་


MR08_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མིན་སོགས་ཀྱིས་བསྟན་ཏོ། །དེ་མཆོག་ཡིན་ཏེ་ཡེ་ནས་ཡོད་ཀྱང་མ་རིག་པས་བསྒྲིབས་ནས་མི་ཤེས་ལ་སྣང་གསུམ་གྱི་བསླད་པའི་བར་དུ་གློག་གི་སྐད་ཅིག་བཞིན་སྣང་ཡང་ཤེས་པར་དཀའ་བས་བླ་མ་མཉེས་པ་ལས་མཐོང་དགོས་སོ། །མཚན་མོའི་མུན་པ་མ་ལུས་དང་། མཚམས་ཀྱི་སྣང་བ་གང་དུ་ནུབ་པ་དང་། ཞེས་ཀླུ་བྱང་ལས་སྣང་བ་བདེ། མཚམས་ཀྱི་མཐའ་ནི་ཆགས་བྲལ་སྐད་ཅིག་གི་འཇིག་མིན་མུན་ནག་མཚན་མོ་འདོད་ཆགས་ཀྱི་སྐད་ཅིག་ཡིན་ལ་དེ་ལས་བྱུང་བའི་ཚོགས་ནི་མ་ལུས་དུས་གང་དུ་འདས་པ་སྟེ་ནུབ་ཅིང་ཞིག་པ་དང་། ཇི་སྲིད་སྣང་བ་མཆེད་པ་ཉི་མ་ཡི་སྣང་བ་ལྟ་བུ་མ་ཤར་བའི་སྐད་ཅིག་ཐོ་རངས་ནམ་མཁའ་དྲི་མེད་ལྟ་བུ་འདིར་ནི་དྲི་མེད་པའི་ཡང་དག་མཐའ་འོད་གསལ་བ་རུ་བཤད། སློབ་དཔོན་མཆོག་ནི་རབ་རིབ་བྲལ་བས་སློབ་མ་ལ་ནི་ཕྱི་རོལ་གྱི་དུས་ལ་དཔེར་བྱས་བྱང་ཆུབ་བསྟན་ཏེ་ཐོ་རངས་ཀྱི་འཚམས་ཀྱི་དུས་སུ་འོད་གསལ། ཉི་ཤར་མཆེད་པ། ཉི་ནུབ་ཉེར་ཐོབ། མཚན་མོ་སྣང་བའི་དཔེ་ཡིན་ནོ། །ནང་གི་བདེ་བ་རྙོག་པ་བྲལ་བའི་སངས་རྒྱས་ཀྱི་བྱང་ཆུབ་སྐད་ཅིག་དག་གིས་ཐོབ་པར་འགྱུར་རོ། །ནང་གི་བདེ་ཆེན་མངོན་བྱང་ནི། དང་པོ་འོད་ཟེར་ཁ་དོག་ལྔའི་ཚོགས་སུ་སྣང་བ་དང་། གཉིས་པ་སྨིག་རྒྱུ། གསུམ་པ་མེ་ཁྱེར། བཞི་


MR08_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པ་མར་མེ། ལྔ་པ་སྤྲིན་མེད་ནམ་མཁའ་ལྟ་བུ་སྣང་བ་དང་། དེ་ནས་ཟླ་ཉི་མུན་པ་སྟེ། སྣང་མཆེད་ཐོབ་གསུམ་དང་བཅས་ཀུན་པའི་རྗེས་ལ་རྐྱེན་བྲལ་རང་གནས་འོད་གསལ་བའི་གནས་ལུགས་འཆར་རོ། །ཕྱིའི་མངོན་བྱང་ནི་ཕྱག་རྒྱའི་སྒོ་ནས་དཔེའི་ལྷན་སྐྱེས་སོ། །ནང་གི་མངོན་བྱང་ནི་དཔེ་ལས་བྱུང་བའི་ལྷན་སྐྱེས་ཏེ་ཕྱིའི་ཐབས་ཀྱིས་ནང་གི་ལྷན་སྐྱེས་ཐོབ་བོ། །གཉིས་པ་ཐམས་ཅད་སྟོང་པའི་རང་བཞིན་བཤད་པ་ནི། ཐོག་མིན་གྱུར་དང་དེ་བཞིན་ཐོག་མར་གྱུར། །དབུས་མིན་གྱུར་དང་དེ་བཞིན་དབུས་གྱུར་དང་། །མཐའ་མིན་གྱུར་དང་དེ་བཞིན་མཐར་གྱུར་པ། །དེ་ནི་ཐམས་ཅད་སྟོང་པར་སངས་རྒྱས་གསུངས། །ཞེས་ཐོག་མ་དགའ་བ་དང་བྲལ་བའི་ཐོག་མིན་དང་། ཀུན་གྱི་འབྱུང་གནས་ཐོག་མར་གྱུར་པའམ་དགའ་བས་ཁྱབ་པའི་ཕྱིར་ཡང་ཐོག་མར་འབྱུང་བའོ། །དེ་བཞིན་སྣང་བ་གཉིས་བྲལ་ཆ་ནས་དབུས་མཐའ་མིན། དེ་དག་མ་ཁྱབ་པའི་ཆ་ནས་མཐར་གྱུར་ཅེས་གསུངས་སོ། །བཞི་པའི་ལྷན་སྐྱེས་དེ་ཡི་མཚན་ཉིད་ནི་སྣང་བ་ཀུན་གྱི་ཐ་མར་འབྱུང་དང་ཐ་མ་བསྐྱེད་པའི་གཞི་ཡིན་པས་ཐོག་མར་འབྱུང་བའམ་དབུས་མིན་ཏེ་ཀུན་ལ་ཁྱབ་པར་འབྱུང་བའམ་ཆགས་དང་ཆགས་བྲལ་གྱི་དབུས་སུ་འབྱུང་


MR08_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བའམ་ཀུན་གྱི་མཐའ་མིན་ཀྱང་འབྱུང་བའམ་སྣང་གསུམ་གྱི་མཐར་ནི་འབྱུང་བ་རྣམས་དེ་དག་ཐམས་ཅད་སྟོང་པར་དམ་པས་བཞི་པའི་རང་བཞིན་ཡིན་པར་སངས་རྒྱས་ཀྱིས་གསུངས་སོ། །བཞི་པའི་དེ་ཉིད་གང་དུ་འགྲོ་བ་སྟེ་འབྱུང་བའི་རིམ་གྱི་སྤྲོ་བ་དང་ནི་འོད་མེད་ཅིང་འབྱུང་སྡུད་དེའི་ཞུགས་ཐིམ་གནས་གསུམ་བྲལ་བ་རྡོར་བཟླས་མིན་པར་བསྟན། ཟད་པ་ནི་རྣམ་ཤེས་གསུམ་དང་། འཕེལ་བ་ནི་སྣང་བ་གསུམ་མེད་པ། དངོས་པོ་ནི་འོད་གསལ་དང་དངོས་མིན་ནི་རང་བཞིན་རྣམས་ཏེ་དེ་དག་མེད་པས་མིན་ཏེ་སེམས་དབེན་ཡིན་པའི་ཕྱིར་རོ། །ངོ་མཚར་གཟུགས་ཅན་ཏེ་དཀྱིལ་འཁོར་གྱི་འཁོར་ལོ་སྤྲོས་པའི་འོད་གསལ་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་ཚུལ་དེ་ཡིན་ཞིང་ངོ་མཚར་བ་མིན་ཏེ་སྤྲོས་བཅས་ཀྱི་དམིགས་ཤིང་དེ་སྒྱུ་ལུས་ཡིན་པས་འཁོར་འདས་ལ་གནས་པར་འགྱུར་རོ། །རྟག་ཏུ་གནས་མིན་མྱུར་དུ་འགྲོ་བ་སྟེ་མི་རྟག་པ་མིན་ཟུང་འཇུག་ཡིན་པའི་ཕྱིར་ན་གང་ཞིག་ཡོད་དོ་ཞེས་དང་མེད་དོ་ཞེས་པའི་ཐ་སྙད་རྣམས་དང་བྲལ་ཞིང་བསོད་ནམས་ཀྱི་འདུ་བྱེད་དད་སོགས་ཀྱིས་དགེ་བའི་གཟུགས་མིན་ཉོན་མོངས་ཆགས་སྡང་གིས་བྱས་པའི་སྡིག་པའི་གཟུགས་མ་ཡིན་བསོད་ནམས་དང་སྡིག་པ་གཉིས་འདྲེས་པ་ལ་བདག་ཉིད་མིན་ལ་སྤྲོས་པ་ཐམས་ཅད་ཀྱིས་སྟོང་པའི་


MR08_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

འོད་གསལ་མཆོག་གྱུར་པ་དེ་ནི་འོད་གསལ་ཐམས་ཅད་སྟོང་པར་སངས་རྒྱས་རྣམས་ཀྱིས་གསུངས་སོ། །གསུམ་པ་རིམ་པ་འདི་ལ་གནས་པའི་གང་ཟག་གི་ཆེ་བ་ནི། རྣལ་འབྱོར་པས་ནི་དེ་ལྟ་བུའི་དེ་ཉིད་ཐོབ་པ་ནི་རྒྱུ་དང་མི་རྒྱུའི་བདག་ཉིད་དེ་བརྟན་གཡོ་ཀུན་ལ་ཁྱབ་ཅིང་འགྲོ་བའི་གཉེན་གཅིག་ཏེ་ངན་པ་ལྷུར་ལེན་མཛད་པའི་ཕྱིར་རོ། །ཡེ་ཤེས་དོན་དམ་པའི་རང་བཞིན་མི་ཡི་སེང་གེ་གང་མི་ཟད་ལྷན་ཅིག་སྐྱེས་པའི་ལུས་ཐོབ་ཅིང་མ་ལུས་འགྲོ་ཀུན་གནས་ནས་མི་ཀུན་ཟད་དུས་ཏེ་ལྷན་སྐྱེས་ཀྱི་དུས་ཐོབ་པ་ཡིན་པས་འགྲོ་བའི་དོན་ཕྱིར་རྒྱུའོ། །རྣལ་འབྱོར་པ་དེ་ནི་ཡོན་པོའི་ལུས་ཀྱང་ཏེ་ཉལ་སྒོམ་བྱས་ནས་གནས་ཀྱང་དྲང་པོ་ཡིན་ཏེ་འཁྱོགས་པོ་ལས་འདས་པའི་ཕྱིར། སྟན་ལ་གནས་པ་མེད་དེ་འགྲོ་བར་གྱུར་ཀྱང་གནས་པ་བརྟན་ཞིང་མི་འགྲོ་བ་ཡིན། དེ་ནི་མིག་བཙུམས་གྱུར་ཀྱང་མིག་གདང་ཡིན་ལ་རྣམ་པར་རྒྱས་པའམ་སད་པ་ཡིན། དེ་ནི་མཉམ་པར་མ་བཞག་པའི་སྤྱོད་ལམ་བཞི་ཆར་ཀྱང་མཉམ་གཞག་ཡིན་ཏེ་དེ་ཁོ་ན་ཉིད་བརྟན་པའི་ཕྱིར་རོ། །དེ་ནི་ཚིག་སྨྲ་བ་དང་ལྡན་ཡང་དག་བསྡམ་པའམ་བརྗོད་བྲལ་ཡིན་ཏེ་སྨྲ་བ་མི་དམིགས་པའི་


MR08_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་དུ་གནས་པས་སོ། །དེ་ནི་འདོད་པའི་ལོངས་སྤྱོད་ལྡན་པར་རོལ་ཡང་གཟུང་བ་དང་བྲལ་ཡིན་ཏེ་ཡུལ་རྣམས་མི་དམིགས་པར་རྟོགས་པའི་ཕྱིར། དེ་ནི་འཇིག་རྟེན་ཐམས་ཅད་ཀྱི་མགོན་པོ་ཡང་ང་རྒྱལ་མེད་པ་གཞན་གྱི་བྲན་དུ་འགྱུར་རོ། །གང་ཞིག་དེ་ཁོ་ན་ཉིད་རྟོགས་ཤིང་འཁོར་བའི་ཉེས་པ་ཀུན་ཟད་པ་ཡིན་ནོ། །དེ་ལྟའི་འོད་གསལ་དེ་ཁོ་ན་ཉིད་དེ་རྒྱུའི་ཐེག་པས་བསྐལ་པ་གྲངས་མེད་གསུམ་ན་རྟོགས་འདིར་སྔགས་ཀྱི་ཐབས་ཀྱིས་སྐད་ཅིག་གིས་རྟོགས་བཞི་པ་ཐོབ་པ་དང་གྲོལ་བ་དུས་མཉམ་ཏེ་མི་ཡི་ལུས་སུ་གནས་ཀྱང་སངས་རྒྱས་ཀྱི་དགོངས་པ་ཤར་བའོ། །མི་རྣམས་ཀྱི་ནང་ན་སྲིད་པའི་ཀློང་འཇོམས་ཤིང་རང་དབང་ཆིག་རྐྱང་དུ་གནས་པའི་སེང་གེ་ཡིན་ཏེ་རང་གི་ཡེ་ཤེས་ཀྱིས་གཞན་གྱིས་ཤེས་པ་འཛིན་པའི་རོལ་བ་སེང་གེ་རྣམ་རོལ་ཕྱག་རྒྱ་དང་བརྟན་གཡོའི་འགྲོ་བ་ཀུན་གྱི་གནས་ནས་མི་ཟད་པ་ལྷན་ཅིག་སྐྱེས་པའི་དུས་ཐོབ་པ་ཡིན་ཞེས་སོ། །དེ་མིག་གདངས་ནས་བལྟས་ཀྱང་མིག་བཙུམས་ཡིན་ཏེ་ཕྱི་ནང་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་རང་བཞིན་དུ་མཐོང་བས་མིག་བཙུམས་ནས་བསམ་གཏན་ལ་གནས་ནས་ནང་དུ་མཉམ་པར་བཞག་པ་དང་


MR08_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའོ་ཞེས་ཀླུ་བྱང་འགྲེལ་དུ་གསུངས། ཡང་ན་མིག་བཙུམས་ནས་འདུག་གམ་གཉིད་ནས་འདུག་ཀྱང་ཐམས་ཅད་སྟོང་པའི་འོད་གསལ་ལ་གནས་པས་དངོས་པོ་ཐམས་ཅད་ཀྱི་དེ་ཉིད་མཐོང་བས་མིག་གདངས་པའམ་རྣམ་སད་ཡིན་ཞེས་བཤད་ཀྱང་ལེགས། དེ་ཁོ་ན་ཉིད་མཐོང་མེད་ཇི་འདྲ་བའི་སྤྲོས་བཅས་ཀྱི་སྤྱོད་པ་བྱེད་ཀྱང་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་བྱེད་པ་ཡིན་ནོ། །དེ་ལྟར་དེ་ཁོ་ན་ཉིད་རྟོགས་པ་ལས་མི་གཡོ་བས་གང་སྣང་གང་སྤྱོད་ཐམས་ཅད་སྒྱ྄ུ་མ་ལྟར་མཐོང་བའི་ཏིང་འཛིན་བརྟན་པའི་ཕྱིར་རོ། །བཞི་པ་འོད་གསལ་གྱི་སྒྲུབ་པ་རྣལ་འབྱོར་རྣམ་པ་གཉིས་ངོས་བཟུང་བ་ནི། དེ་ལྟར་མན་ངག་ཐོབ་པའི་སློབ་མ་ཡིས་དེ་ནས་རྣལ་འབྱོར་རྣམ་གཉིས་བསླབ་པར་བྱ་སྟེ་གང་ཞེ་ན་རིལ་པོར་འཛིན་པའི་རིམ་པ་དང་དེ་བཞིན་རྗེས་སུ་གཞིག་པའོ། །བརྟན་གཡོ་ཐམས་ཅད་རྡོ་རྗེ་འཆང་གི་སྐུ་གཅིག་གི་ངོ་བོ་ལ་རྟེན་མགོ་བོ་ནས་ནི་རྐང་པའི་བར་ལ་ཏེ་ཇི་སྲིད་སྙིང་གར་ཕྱིན་པའི་བར་དུ་བསམ་ཞིང་དེ་མི་དམིགས་པར་བསྡུས་པའི་སྒོ་ནས་རྣལ་འབྱོར་ཡང་དག་མཐའ་ལ་འཇུག་པ་ནི་རིལ་པོར་འཛིན་པ་ཞེས་བཤད་དོ། །ལྟེ་བར་ཆོས་འཁོར་རྩིབས་བརྒྱད་ཀུན་ལ་ཡི་གེ་ཨ་བཀོད་ནས་


MR08_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་བདག་མེད་པའི་བློས་དེ་ལས་འདི་སྤྲོས་ཏེ་སྟེང་འོག་ཏུ་ཞེས་མགོ་བོ་ནས་རྐང་པའི་བར་བསྲེགས་ནས་སམ་སྦྱང་ནས་སླར་སྙིང་གར་འདུས་ཤིང་ཡང་དེ་ལྟར་བསྡུས་པ་རིལ་འཛིན་དང་། ཆ་དྲུག་པའི་གོང་བུ་མི་དམིགས་པར་འཛིན་པའི་རིལ་འཛིན་ནོ། །རྒྱུ་བ་གཡོ་བ་དང་ནི་མི་རྒྱུ་བརྟན་པ་ཉིད་དང་པོ་རིམ་གྱིས་བསྡུས་ཏེ་འོད་གསལ་བར་བྱ་སྟེ་རང་གི་བ་སྤུའི་ཁུང་བུ་ནས་འོད་ཟེར་འབྱུང་བ་དེས་གསལ་བས་བརྟན་གཡོའི་དངོས་པོ་རྡུལ་ཕྲ་རབ་ཀྱི་བར་དུ་ཕྱེ་ཞིང་དཔྱད་ན་མི་དམིགས་པ་ལྟར་སྣང་བ་སྦྱངས་ནས་རང་ཉིད་ཀྱང་དེ་ལྟར་མི་དམིགས་པར་བསྡུའོ། །ཕྱི་ནས་དེ་བཞིན་བདག་ཉིད་སྡུད་པར་བྱེད་རྗེས་སུ་གཞིག་པའི་རིམ་པ་ཡིན་ཏེ། འདི་ལ་དཔེ་གཉིས་ཏེ་ཆུ་དྭངས་བར་ཟླ་གཟུགས་ཤར་བ་ལྟར་ངོ་བོ་མེད་པའི་སྣང་བ་ཡིན་པ་དང་མེ་ལོང་ལ་ཧས་བཏབ་པ་ཡལ་བ་ལྟར་སྣང་བ་དེ་ཡང་མི་དམིགས་པར་བསམ་མོ། །དེ་གཉིས་ཀའང་ཇི་ལྟར་དབུགས་ཀྱི་རླུང་གི་ནི་ཧས་བཏབ་པ་མེ་ལོང་ལ་ཇི་ལྟར་ཀུན་ཏུ་ཐིམ་གྱུར་པ་དེ་བཞིན་རྣལ་འབྱོར་རྣམས་ཡང་དག་པའི་མཐར་ཡང་དང་ཡང་དུ་འཇུག་པར་བྱེད་དེ་འོད་གསལ་གློག་འདྲ་སྐད་ཅིག་ཙམ་ཤར་བ་མིན་པར་རྒྱུན་དུ་བརྟན་དགོས་


MR08_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །མཉམ་གཞག་ཏུ་དེ་ཁོ་ན་ཉིད་འོད་གསལ་དང་སྒྱུ་མ་ལྟ་བུའི་རྗེས་ཐོབ་གཉིས་སློབ་ལམ་དུ་རེས་འཇོག་ཏུ་བསྒོམ་པ་དེ་དག་ནས་རེས་འཇོག་མིན་པར་ཅིག་ཆར་སྔགས་ཀྱི་བདེན་གཉིས་ཟུང་འཇུག་མཉམ་པ་ཤིན་ཏུ་རྣམ་དག་འབྲས་བུའི་དུས་ཀྱི་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པའི་ཕྱིར་སྒྱུ་མའི་སྣང་བ་རྣམས་འོད་གསལ་དུ་བསྡུས་ནས་ཡང་ཡང་སྦྱང་བས་འབྲས་བུ་ཟུང་འཇུག་ཐོབ་ནས་མི་སློབ་ལ་འཇུག་པའི་སླད་དུའོ། །ལྔ་པ་རིམ་པ་འདི་ལ་བརྟན་པ་ཐོབ་པའི་ཚད་ནི། འདི་ལྟར་འགྲོ་དང་འདུག་དང་ཉལ་དང་ཟ་བ་དང་མིག་བཙུམས་པ་དང་འབྱེད་དང་རྩེ་ཞིང་དགོད་པ་སོགས་སྤྱོད་ལམ་ཐམས་ཅད་ནི་བསམ་གཏན་སྦྱོར་བ་འདི་ལྟ་བུ་ཡིས་ནི་དེ་ཁོ་ཉིད་འོད་གསལ་གྱི་དོན་རིག་པ་རྟག་ཏུ་གནས་པར་བྱའོ། །དྲུག་པ་རང་འབྲས་ཟུང་འཇུག་གི་སྐུ་འཆར་ཚུལ་ནི། གལ་ཏེ་སེམས་ཅན་གྱི་དོན་བྱེད་ན་གཟུགས་དེ་དང་དེས་མཐུན་བཅས་རླུང་འོད་ཟེར་ལྔ་པ་དེ་དང་དེ་ཡི་ཚུལ་རྣམ་ཤེས་རླུང་དང་ལྡན་པ་ཡིས་བདག་བྱིན་བརླབ་པའི་རིམ་གྱིས་ཀྱང་སེམས་ཅན་དོན་དུའང་ལན་འགའ་འབྱུང་བར་འགྱུར་རོ་ཀླུ་བྱང་ལས། བརྒྱ་ལ་སེམས་ཅན་དོན་བྱེད་ན། །དེ་དང་དེ་མཐུན་


MR08_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དང་། །རྣམ་ཤེས་རླུང་དང་ལྡན་པར་ནི། །བདག་བྱིན་བརླབ་པའི་རིམ་པས་བྱ། །ཞེས་གསུངས། དོན་ལ་སེམས་ཀྱི་འཕེན་པས་གང་འདུས་ཀྱི་གཟུགས་རླུང་འོད་ཟེར་དང་ལྡན་པས་སྒྱུ་མ་ལྟར་སྟོན་ཅེས་པའོ། །ཡང་ན་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་གཙོ་བོར་བྱས་པའི་དེ་མཐུན་འོད་སྤྲོས་པ། རྣམ་ཤེས་རླུང་དང་ལྡན་པའི་ཡིད་ཀྱི་རང་བཞིན་གྱི་ལྷ་སྐུ་བཞེངས་པ་བདག་བྱིན་བརླབས་ལྟར་བྱས་ཏེ་སྐུ་དང་འོད་ཟེར་དཔག་མེད་ཀྱི་འགྲོ་བ་སྨིན་པར་བྱ་གསུངས། དེ་ཇི་ལྟར་ན་ཀུན་འོད་གསལ་བ་ནི་ཐམས་ཅད་འབྱུང་བའི་རྒྱུ་སྟེ་ཇི་ལྟར་དྭངས་བའི་ཆུ་ཀླུང་ལས་ཉ་དག་མྱུར་དུ་ལྡང་བ་ལྟར་དེ་བཞིན་ཐམས་ཅད་སྟོང་པའི་འོད་གསལ་ལས་རྣམ་པ་སྣ་ཚོགས་པའི་སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར་རོ། །མོས་པའི་དབང་གིས་གཙོ་བོར་རིགས་ལྔའི་སངས་རྒྱས་ལ་ལྟོས་པའི་ཞི་བ་སོགས་སྤྲོས་པའི་རྣམ་པ་ཀུན་ལྡན་ཡིན་ལ་ཕྱག་རྒྱ་འོད་གསལ་ལས་བྱུང་བའི་ཆེན་པོར་བརྟག་སྟེ་ཤེས་པ་ནི་འོད་ཟེར་ལྔ་ཡི་འབྱུང་བའམ་འཕྲོ་བ་དག་སྟེ་དཔེར་ན་ནམ་མཁའི་འཇའ་ཚོན་དག་དང་མཚུངས་སོ། །བདུན་པ་འོད་གསལ་གྱི་རིམ་པའི་སྤྱོད་པ་བསྟན་པ་ནི། རྣལ་འབྱོར་པ་དེ་བཅའ་བའི་ཕྱག་རྒྱ་འཆིང་བར་བྱེད་པའམ་གལ་ཏེ་གསང་སྔགས་


MR08_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བཟློས་པའམ་གང་གཞན་ལས་ཅི་ཡང་རུང་བ་ཐམས་ཅད་བྱེད་པ་ན་ཐམས་ཅད་སྟོང་པའི་འོད་གསལ་གྱི་གཞི་ལ་གནས་ཏེ་དེའི་ངང་དུ་བྱེད་དོ། །གང་བྱེད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ཏེ་གཞན་དུ་བསྐྱེད་རིམ་གྱི་རྣལ་འབྱོར་དང་མཚུངས་བསོད་ནམས་ཀྱི་ཚོགས་ཙམ་ལས་ཡེ་ཤེས་ཀྱི་ཚོགས་སུ་མི་འགྱུར་རོ་ཞེས་གསུངས་བཟའ་རུང་མི་རུང་ངམ་འགལ་མི་འགལ་ཐམས་ཅད་ཟ་ཞིང་ཐམས་ཅད་འཐུང་དངོས་པོ་ཀུན་ལ་ལྟ་སངས་རྒྱས་པར་ཀུན་ལ་ཕྱག་བྱེད་ཡུལ་ཀུན་ཏུ་འགྲོ་སྟེ་བྱ་བ་གང་ཅི་ཡང་རུང་བ་ཐམས་ཅད་བྱེད་པའི་མཚན་མ་ཅན་ཀུན་ཐམས་ཅད་སྟོང་པ་ལ་གནས་པས་འགྲུབ་པར་འགྱུར་ཏེ་ཉེས་པ་ཅི་ཡང་མེད་ལ་ཤིན་ཏུ་དག་ཅིང་བླ་ན་མེད་པའི་འབྲས་བུའི་རྒྱུར་འགྱུར་རོ། །གསུམ་པ་རྗེས་སེམས་བསྐྱེད་ཅིང་ཡོན་དབུལ་ནི། བྱང་ཆུབ་སེམས་ནི་སྔགས་དོན་དམ་ཞེས་བྱ་བ་སྐལ་བཟང་སློབ་མ་བཟང་པོས་མན་ངག་ཐོབ་པ་དེས་ཐལ་མོ་སྦྱར་ནས་མེ་ཏོག་གི་ཕྲེང་བ་འཛིན་པ་ཡི་བླ་མ་ལས་ནི་སླར་ཡང་བླང་བར་བྱ་སྟེ་བྱང་ཆུབ་སེམས་ཀྱི་སྔགས་དོན་དམ་པའམ་དོན་དམ་ནི་བྱང་ཆུབ་ཀྱི་སེམས། སེམས་ཀྱི་རང་བཞིན་འོད་གསལ་བ་གསང་སྔགས་


MR08_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དེ་ཁོ་ན་ཉིད་ཅེས་བྱ་བ་བླ་མ་ལས་ནི་བཤད་པའམ་བསྟན་པ་སླར་ཡང་བླང་བ་བྱའོ། །དངོས་པོ་ཞེས་ལྷ་སྐུ་གཙོ་འཁོར་མཐའ་ཡས་པ་དང་། འཁོར་བའི་འཁོར་ལོ་ཡང་དེ་ལས་བྱུང་མོད་ཀྱི་རྣལ་འབྱོར་པ་ནི་རང་བཞིན་ཡོངས་སུ་ཤེས་པ་དང་རང་དབང་ཅན་ཡིན་ལ་སོ་སྐྱེ་རྣམས་རང་བཞིན་ཡོངས་སུ་མི་ཤེས་པ་དང་རང་དབང་མེད་པ་སྟེ་ལས་ཉོན་གྱིས་སྐྱེ་བ་སོགས་རང་དབང་མེད་པར་འབྱུང་བའི་ཁྱད་དོ། །དེས་ན་བཅིང་གྲོལ་དུ་འགྱུར་པར་འཐད་ཀྱང་ཀུན་བྱང་གི་དངོས་པོ་རྣམས་ཀྱི་རྒྱུ་འབྱུང་གནས་ནི་གཅིག་པ་སྟེ་འོད་གསལ་བ་ལས་གཞན་མེད་ཅིང་དེ་ཉིད་དུ་ཐིམ་པར་འགྱུར་རོ་ཞེས་གསུངས། འདིའི་དོན་ཕྱི་རོལ་པས་བཏགས་པའི་བདག་དང་དབང་ཕྱུག་གམ། བསོད་ནམས་ལྟ་དང་སྐྱེས་བུ་དང་དུས་སོགས་ཚད་མས་གནོད་པར་གྱུར་པའི་ལམ་དང་བྲལ་ཞིང་། རང་སྡེས་གྲུབ་མཐའ་ཉན་ཐོས་དང་རྣམ་རིག་པ་སོགས་ཀྱི་བརྟགས་པའི་ཕུང་ཁམས་སོགས་དང་སྣང་བ་སེམས་སུ་འདོད་པ་སོགས་བྲལ་ཚུལ་རྫོགས་ཆེན་སེམས་སྡེ་དང་མཚུངས་སོ། །དེ་ཡང་གང་ཞེ་ན་གསང་འདུས་རྒྱུད་ལས། ཀུན་བདག་དང་སྐྱེས་བུ་གང་ཟག་དབང་ཕྱུག་སྲོག་དུས་སོགས་ཕྱི་རོལ་པའི་བདེན་པའི་


MR08_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཀུན་དང་རྣམ་བྲལ་ཞིང་བཅོམ་ལྡན་འདས་ཀྱི་ཉན་ཐོས་གཞུག་པའི་དོན་དུ་གསུངས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་དང་། རྣལ་འབྱོར་སྤྱོད་པ་རྣམས་སྣང་བའི་རྣམ་པར་རིག་པ་ཁོ་ན་ཡིན་ཞིང་ཐམས་ཅད་དེ་ཡི་རང་བཞིན་ནོ་ཞེས་དང་རྣམ་པ་ཤེས་པར་བྱེད་པས་ན་རྣམ་རིག་ཡིན་ནོ་ཞེས་སྨྲ་བ་སོགས་གཅིག་དང་དུ་མ་བྲལ་བས་གཟུང་དང་འཛིན་པ་རྣམས་སྤངས་པ་ཆོས་བདག་ཆོས་ཀུན་བདག་མེད་མཉམ་ཉིད་ལས། མེད་དང་མཉམ་མེད་པ་སྟེ་ཆོས་ཐམས་ཅད་རང་བཞིན་མཉམ་པ་ཆེན་པོ་དང་རྣམ་ཤེས་གསུམ་གྱི་རང་བཞིན་རང་སེམས་གཟོད་ནས་མ་སྐྱེས་པ་ཐམས་ཅད་སྟོང་པ་འོད་གསལ་བ་ཉིད་ཀྱི་ངོ་བོ་དེ་ཁོ་ན་བཞི་པ་ཉིད་ཡིན་ཏེ་དེ་ལྟ་བུའི་རང་བཞིན་བྱང་ཆུབ་ཀྱི་སེམས་བདག་གིས་བསྒོམ་པར་བྱའོ། །ཞེས་སོ། །དེ་ནས་རང་གི་ནུས་པ་དང་རྗེས་སུ་མཐུན་པའི་ཡོན་བླ་མ་ལ་ནི་དབུལ་བྱ་སྟེ་འདི་ལྟར་རིན་ཆེན་དང་ཁང་ཁྱིམ་དང་གླང་པོ་དང་རྟ་དང་ཡུལ་དང་། མལ་སྟན་དག་དང་ནི་བྲན་ཕོ་བྲན་ཆུང་མ་སྡུག་གུ་དང་བུ་མོ་ཤིན་ཏུ་ཡིད་འོང་དང་གང་གིས་བདག་ཀྱང་དབུལ་བྱ་ན་ལྷག་མ་རྣམས་དབུལ་བ་ལྟ་སྨོ༷ས་ཅི་དགོས་སོ། །རྩ་བའི་གཉིས་པ་དོན་དམ་གྱི་འོད་གསལ་ངོས་


MR08_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་ནི། སློབ་དཔོན་ལ་ནི་མངོན་པར་བྱང་ཆུབ་པའི་མན་ངག་གི་དྲིན་ཐོབ་དྲི་མ་མེད་པར་སྒོམ་པ་ཤིན་ཏུ་བརྟན་པའི་བློ་ལྡན་དེ་དངོས་པོ་ཀུན་བདག་ཉིད་དམ་རང་བཞིན་ཡིན་ལ་མེ་ལོང་ལྟ་བུའི་ཡེ་ཤེས། གསལ་ཞིང་དྲི་མས་དག་པ་མཉམ་པ་ཉིད་དང་ཤིན་ཏུ་ཕྲ་བ་སོར་རྟོག་གོ། ཡེ་ཤེས་མཆོག་ཞི་བའི་རང་བཞིན་བྱ་གྲུབ་ཡེ་ཤེས། སངས་རྒྱས་ཀྱི་མྱ་ངན་འདས་པའི་ཁམས་སྟེ་ཆོས་དབྱིངས་ཡེ་ཤེས། ཆགས་དང་ཆགས་བྲལ་སོགས་གཉིས་ཆོས་མེད་པས་རྣམ་རྟོག་ཀུན་བྲལ་དེའི་ཕྱིར་རྟག་ཏུ་འགྱུར་བ་མེད་ཅིང་ཀུན་ནས་བཟླུམ་པའི་ལྷན་སྐྱེས་བདེ་བའི་རང་བཞིན་དེ་ཉིད་ནི་རྣལ་འབྱོར་པས་བསྒོམ་བྱ་སྟེ་དེའི་འབྲས་བུ་བསོད་ནམས་དང་བསོད་ནམས་མིན་པ་གཉིས་ལས་གྲོལ་ནས་རང་ཉིད་འདིར་ནི་བཅོམ་ལྡན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མཐར་ཐུག་པ་དཔལ་རྡོ་རྗེ་སེམས་དཔར་འགྱུར་རོ། །མཆོག་ཏུ་གསང་བའི་བདེ་བ་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་སྟེ་རིམ་པ་བཞི་པའོ།། ༈ །།ལྔ་པ་ཟུང་འཇུག་གི་རིམ་པའམ་མི་གནས་པའི་མྱ་ངན་འདས་ཀྱི་རིམ་པ་ཞེས་བྱ་བ་


MR08_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཤད་པར་བྱའོ། །དེ་ལ་དང་པོར་གཞུང་ལ་འཇུག་པ་དང་གཞུང་དངོས་བཤད་པའོ། །དང་པོ་ནི། མགོན་པོ་རྒྱུ་བྱང་ཆུབ་སེམས་བསྐྱེད་ཀྱི་དབྱེ་བ་ཉི་ཤུ་རྩ་གཉིས་འབྲས་བུ་བྱང་ཆུབ་ཉིད་སངས་རྒྱས་ཀུན་གྱི་བདག་ཉིད་འཆད་འགྱུར་ལྟར་གཉིས་པ་ཡི་ཆོས་ཀྱི་རྣམ་རྟོག་ཐམས་ཅད་རྣམ་སྤངས་པ་གཉིས་མེད་ཡེ་ཤེས་ཀྱི་སྐུ་ལ་ཕྱག་འཚལ་ནས་ནི་ཟུང་དུ་འཇུག་པའི་རིམ་པ་ཐ་མ་བྲི་བར་བྱའོ། །ད་ནི་གཞུང་དངོས་ཀྱི་ཚིག་དོན་ལ་འཇུག་པར་བྱ་སྟེ། ཀུན་ཟུང་འཇུག་སྤྱིའི་མཚན་ཉིད་རྒྱས་པར་བཤད། སློབ་པ་དང་མི་སློབ་པའི་དབྱེ་བ་མདོ་ཙམ་བསྟན། ཟུང་འཇུག་གི་རིམ་པའི་མཚན་གྱི་རྣམ་གྲངས་བཤད། ཟུང་འཇུག་ལ་བརྟེན་པའི་སྤྱོད་པའི་རྣམ་གཞག་བསྟན་པ་སྟེ་བཞི་ལས། དང་པོ་ནི། འཁོར་བ་ལས་ཉོན་གྱིས་འཆིང་བ་དང་ནི་མྱ་ངན་འདས་པ་སྒྲིབ་གཉིས་དག་གི་རྟོག་པ་གཉིས་པོ་སྤངས་པས་ན་གང་དུ་འཁོར་འདས་དེ་གཉིས་དངོས་པོ་གཅིག་ཏུ་གྱུར་པ་ལ་ཟུང་དུ་འཇུག་ཅེས་དེ་ལ་བཤད་ཅེས་བསྟན། འཁོར་འདས་ལ་ཕྱི་རོལ་པའི་གྲུབ་མཐའ་དངོས་པོ་འདོད་ཚུལ་ནི་དོན་ལ་མི་གནས་པས་འདིར་མ་སྤྲོས་རང་སྡེ་སངས་རྒྱས་པའི་ལྟར་ན། ཐེག་དམན་ནི་ཟག་


MR08_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལས་ཉོན་རྣམ་སྨིན་གྱི་ངོ་བོར་གྱུར་པ་འཁོར་བ། ལས་ཉོན་རྣམ་སྨིན་ཟད་པའི་སོ་སོར་བརྟགས་འགོག་ཙམ་མྱང་འདས་ཟེར་འདིའི་མྱང་འདས་དངོས་མེད་དོ་ཐེག་ཆེན་པས་གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཟག་བཅས་སྡུག་ཀུན་གྱིས་བསྡུས་པ་འཁོར་བ། དེ་དང་བྲལ་ཏེ་མི་གནས་པའི་མྱང་འདས་ནི་མྱ་ངན་ལས་འདས་པའོ་ཞེས་འདོད། དེ་ལྟར་སྣང་ཚུལ་གཉིས་སུ་སྣང་ལ་བསྙོན་དུ་མེད་ཀྱང་གནས་ཚུལ་དོན་དམ་པར་གཉིས་ཆོས་ཀྱི་དབྱེ་བ་གང་ཡང་མེད་པས་ཆོས་ཉིད་ཇི་ལྟ་བ་བཞིན་མངོན་དུ་གྱུར་པའི་ཚེ་ན་དེ་གཉིས་ཐ་དད་དུ་རྟོག་པའི་རྟོག་པ་གཉིས་དང་བྲལ་ཏེ་ཐ་མི་དད་པར་འདོད་ནས་རང་བཞིན་རྣམ་དག་མངོན་དུ་གྱུར་པ་ནི་ཟུང་འཇུག་ཅེས་བྱའོ། །ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་གཉིས་ཀ་དོན་དམ་སྐྱེ་མེད་ཉིད་དུ་ཤེས་ནས་ནི་གང་གིས་གཅིག་ཏུ་སྟེ་ཐ་མི་དད་པར་ཤེས་གྱུར་པ་དེ་ཡིས་ཟུང་དུ་འཇུག་པ་ཤེས་ཤིང་མངོན་དུ་བྱས་པའོ། །དངོས་པོ་རྣམ་པ་བཅས་པ་བུམ་སོགས་ཕྱི་རོལ་ན་དངོས་པོ་གང་ཅི་སྣང་བ་དེ་རྣམས་རང་གི་ངོ་བོས་ཡོད་པ་མིན་ཏེ་རང་གསལ་ཉིད་ཡིན་པའི་ཕྱིར། རང་གསལ་གྱི་ངོ་བོ་ནི་ཡོད་དེ་རྣམ་རིག་བཞིན་གཞན་གསལ་ནི་མེད་པ་


MR08_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དབང་ངོ་། །གཞན་ལ་རག་ལས་དེ་ནི་རྣམ་རིག་ཁོ་ནས་གསལ་བ་ཉིད་ཡིན་ལ། དེས་ན་སྔོ་སེར་སོགས་ཀྱི་རྣམ་པ་དེ་ནི་རྣམ་རིག་ཏུ་རྣམ་པར་ཤེས་པ་རྣམས་བཅས་སྨྲ་བ་རྣམས་ཀྱི་དངོས་པོར་ཀུན་རྟོག་དེ་དང་བྲལ་བ་དངོས་པོ་མེད་པར་རྟོག་པ་ངག་རྣམ་མེད་པ་སྟེ་རྣམ་རྫུན་པ། རྣལ་འབྱོར་པས་ནི་ཅིག་ཆར་སྤྱོད་ཏེ་དེ་གཉིས་གང་ཡང་མེད་པར་དེ་ནི་ཟུང་འཇུག་ཤེས་པའོ། །དབུ་མའི་ལྟར་ན་འདི་གཟུང་བ་ཡུལ་ཞེས་དང་འདི་ནི་འཛིན་པ་ཞེས་རྣམ་གཉིས་ཀྱི་བློ་ནི་ཡོད་མིན་གྱི་གང་དུ་དབྱེར་མེད་པའམ་གཟུང་བ་མེད་པས་འཛིན་པའང་མེད་པའི་མི་ཕྱེད་བློ་ཡོད་པ་དེ་ནི་ཟུང་འཇུག་ཅེས་བྱར་བཤད་ལ་ལོག་རྟོག་རྣམས་ཀྱིས་བདག་སོགས་རྟག་པ་ཐེར་ཟུག་ཏུ་ཡོད་པ་དང་འགགས་པ་མཐར་ཐུག་མྱང་འདས་ཆད་པར་གནས་པའི་བློ་དག་ནི་འོད་གསལ་བའི་ཡེ་ཤེས་གང་གིས་སྤངས་ནས་གནས་པ་ཡིས་ཟུང་དུ་འཇུག་པའི་རིམ་པ་འདི་ཡི་དེ་ཉིད་ཤེས་ཏེ་རྣལ་འབྱོར་པ་མཁས་པ་ཡིན་ཞེས་རྣལ་འབྱོར་པ་སྤྱིའི་ཕྱོགས་ཀྱི་ངོ་བོའོ། །ཤེས་རབ་དོན་དམ་བྱང་སེམས་དང་ཀུན་རྫོབ་བྱང་སེམས་སྙིང་རྗེ་ཐ་དད་ཀུན་མེད་པར་གཅིག་པར་ནི་ཤེས་ནས་བདག་ཉིད་ནི་གང་རབ་ཏུ་དུ་འཇུག་


MR08_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ཟུང་འཇུག་ཅེས་བྱར་བཤད་པ་སྟེ་རིམ་པ་འདི་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ་ཞེས་དྲངས་པའོ། །ཡང་ན་ཤེས་རབ་ཡེ་ཤེས་ནི་ཕྱག་རྒྱ་སྙིང་རྗེ་ནི་རྡོ་རྗེ་འཆང་སྟེ་ཕྱག་ཆེན། དེ་གཉིས་ཟུང་དུ་ཞུགས་པས་མི་གནས་མྱང་འདས་ས་བཅུ་གཉིས་ཐོབ་པ་བྱ་བ་ཡིན་ཞེས་ངེས་དོན་ཡང་ཤེས་རབ་ནི་ཤེས་རབ་ཀྱི་ཕར་ཕྱིན། སྙིང་རྗེ་ནི་ཕ་རོལ་ཕྱིན་པ་གཞན་ལྔ་དེ་དག་དབྱེར་མེད་འཁོར་གསུམ་དག་པའི་སྒོ་ནས་བསྒྲུབ་པ་མཐར་ཕྱིན་པར་ཡང་བཤད་དོ། །ཐབས་བདེ་ཆེན་དང་ཤེས་རབ་སྟོང་པ་སྙོམས་འཇུག་པར་འདོད་ཆགས་སོགས་ཐམས་ཅད་བསྡུས་རང་བཞིན་ལས་ལྷན་སྐྱེས་སུ་ཤེས་པར་གྱུར་པ་སྟེ་རྟོགས་ནས་རྣལ་འབྱོར་ཆེན་པོ་གང་དུ་ལྷན་སྐྱེས་བདེ་ཆེན་ལ་གནས་དེ་ནི་ཟུང་དུ་འཇུག་པར་འགྱུར་རོ། །གང་དུ་ཉན་ཐོས་པ་ལྟར་ཕུང་པོ་ལྷག་མར་བཅས་པ་དང་དེ་བཞིན་ལྷག་མ་མེད་པ་ཞེས་འདི་ལྟའི་རྟོག་པ་མེད་གྱུར་པ་དེ་ནི་ཟུང་དུ་འཇུག་པའོ། །གང་དུ་གང་ཟག་ལ་བདག་མེད་དང་ཆོས་ལ་བདག་མེད་པ་དག་གི་རྟོག་པ་གཉིས་ལས་རྣམ་གྲོལ་པ་ཆོས་ཉིད་གཅིག་པུས་གནས་པ་ནི་ཟུང་དུ་འཇུག་པའི་མཚན་ཉིད་དོ། །དེ་ཉིད་ཤེས་པའི་ཏེ་མངོན་པར་བྱང་ཆུབ་སེམས་དབེན་གྱི་པའི་འོད་གསལ་རིམ་པ་ཤེས་


MR08_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བདག་བྱིན་བརླབ་པའི་སྐུར་ལྡང་པ་དང་འོད་གསལ་ལ་སྐུ་ནི་རང་བཞིན་དེ་ཉིད་ལ་ནི་འདུས་པ་སྟེ་ཐ་དད་དུ་མེད་པ་གང་ཀླུ་བྱང་འགྲེལ་པར། བདག་བྱིན་རླབས་དང་འོད་གསལ་དང་། །དེ་ཉིད་རིག་པས་རིམ་ཤེས་ནས། །དེ་དག་འདུས་པ་གང་ཡིན་པ། །དེ་ནི་ཟུང་འཇུག་རིག་པ་ཡིན། །ཞེས་བདག་བྱིན་རླབས་ལས་ཅིག་ཆར་ལྷའི་རྣམ་པར་སྤྲོས་པ་ནི་ཀུན་རྫོབ་བདེན་པའོ། །འོད་གསལ་ཞེས་བྱ་བ་ནི་ཡང་འོད་གསལ་དེ་ཉིད་དུ་རིམ་པ་གཉིས་པ་བཞི་པ་བདག་གིས་འཇུག་པའོ། །དེ་ཉིད་རིམ་པས་བདེན་པ་གཉིས་པོ་ཡི་རིམ་པ་དེ་གཉིས་ཤེས་ནས་རིམ་པ་ལྔ་པས་གཉིས་པོ་དེ་དག་གཅིག་ཏུ་གྱུར་ཅིང་ཐ་མི་དད་པར་བྱས་པ་ཟུང་འཇུག་གོ་ཞེས་གསུངས་འདི་ལེགས། ཟུང་དུ་འཇུག་པའི་རིམ་པ་ཞེས་པ་འདི་ཡིན་ནོ། །དེ་ལ་ཏིང་ངེ་འཛིན་གཉིས་ཏེ་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པ་དང་དེ་ལྟ་བུའི་ཏིང་ངེ་འཛིན་ལ་འཇུག་དང་དེ་བཞིན་གནས་པ་དང་དེ་ནས་འོད་གསལ་ལས་བདག་བྱིན་རླབས་གང་དུ་ལྡང་གྱུར་པ་དེ་དག་ཐ་དད་དུ་མེད་པ་མཉམ་པར་གྱུར་པ་དེ་ནི་ཟུང་དུ་འཇུག་པའོ། །བུམ་སོགས་ཀུན་རྫོབ་ཀྱི་ཆོས་རྣམས་དང་ནི་དེའི་རང་བཞིན་སྟོང་པའི་དོན་དམ་དག་སོ་སོའི་ཆར་ནི་


MR08_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་གྱུར་པ་དེ་ཡང་གང་དུ་ཡང་དག་འདྲེས་གྱུར་པ་སྟེ་དབྱེར་མེད་པ་ནི་ཟུང་དུ་འཇུག་པར་དེ་བཤད་དོ། །ཀུན་རྫོབ་ལས་ལོགས་ཤིག་ན་དོན་དམ་མེད་དེ་དེའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །དོན་དམ་ལས་ལོགས་ཤིག་ཏུ་ཆོས་ཅན་མི་དམིགས་ཏེ། བྱང་ཆུབ་སེམས་འགྲེལ་ལས། བུ་རམ་གྱི་ནི་མངར་དང་མེའི། །རང་བཞིན་ཚ་བ་ཡིན་པ་ལྟར། །དེ་བཞིན་ཁོ་ནར་ཆོས་རྣམས་ཀྱི། །སྟོང་པ་རང་བཞིན་ཡིན་པར་འདོད། །བྱས་པ་ཀུན་ཉིད་དང་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་པ་ཡིན། །ཞེས་དང་། གཟུགས་སྟོང་པའོ་སྟོང་པ་ཉིད་གཟུགས་སོ་ཞེས་གསུངས་པ་ལྟར་རོ་ཞེས་གསུངས་སོ། །རྫོགས་པའི་རིམ་པའི་སྒོ་ནས་དེ་བཞིན་ཉིད་ལ་དམིགས་བཞིན་དུ་གནས་པ་ཉིད་དང་ནི་དེ་བཞིན་ཉིད་ལ་དམིགས་པ་དང་། གང་དུ་ལྡང་བ་ཉིད་མེད་པ། དེ་ནི་ཟུང་དུ་འཇུག་པར་འགྱུར། རྣལ་འབྱོར་པ་ནི་མི་ཟད་གནས། ཞེས་ཀླུ་བྱང་ལས་སོ། །ཡང་དེ་བཞིན་ཉིད་ནི་འོད་གསལ་ལོ། །དེ་གནས་ཀྱང་འདི་དེ་བཞིན་ཉིད། ཅེས་པའང་འདུག །དེ་ལས་ལྡང་ཞེས་མི་རྟོག་པར་མཉམ་ཉིད་དུ་ཀླུ་བྱང་གིས་གསུངས། དེ་ལས་མ་གཡོས་པར་


MR08_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་བཞག །གང་དུ་ལྡང་པར་གྱུར་པ་ནི་ཟུང་དུ་འཇུག་པ་དེ་ཡིན་ཏེ་ནམ་ཡང་ཡོན་ཏན་མི་ཟད་པ་རྣལ་འབྱོར་པ་མཆོག་སངས་རྒྱས་པ་ཡི་གནས་སོ། །གཉིད་ལོག་དང་ནི་སད་པ་སྟེ་གནས་སྐབས་དེ་གཉིས་གང་ལ་སྤངས་པ་ནི་གཉིད་ལོག་སད་དང་རྣམ་བྲལ་བ་ཟུང་འཇུག་ཡིན་པར་སྟོན་པས་གསུངས་ཞེས་སོ། །དེ་ཉིད་ནི་བསྐྱེད་རྫོགས་ལ་མཉམ་པ་བཞག་པ་གང་ལ་འདི་དག་ཐམས་ཅད་མེད་དངོས་པོ་དང་དངོས་མེད་ཀྱི་རང་བཞིན་རྣམ་པར་སྤངས་པ་ཡི་རྣལ་འབྱོར་པ་ནི་ཟུང་འཇུག་ལ་གནས་པའོ། །འོད་གསལ་ལས་མཐོང་བའི་ཡེ་ཤེས་དྲན་དང་། རང་བཞིན་དང་རྣམ་ཤེས་གསུམ་འགགས་ནས་མི་དྲན་ལས་གྲོལ་ཞིང་དུས་རྟག་ཏུ་ཁྱད་པར་མི་འདྲ་བ་མེད་པར་ནམ་མཁའ་སྲིད་དུ་གནས་པའམ་འབྱུང་བའི་སྟེ་གནས་པའི་མཚན་ཉིད་ཅན་རྣལ་འབྱོར་པ་ནི་རང་དབང་དུ་ཇི་ལྟར་འདོད་བཞིན་པར་དེ་ནི་སྤྱོད་ལམ་བཞི་ཤུགས་འབྱུང་དུ་སྤྱོད་པའམ་སྟེ་ཟུང་འཇུག་རིམ་པ་ལ་གནས་པའོ། །ཆགས་པ་ནི་དགའ་དང་མཆོག་དགའ་དང་ཆགས་མིན་དགའ་བྲལ་ལས་གྲོལ་ཞིང་མཚན་ཉིད་དང་ཕྲལ་བའི་ལྷན་སྐྱེས་མཆོག་ཏུ་དགའ་ལྷན་སྐྱེས་ཡིན་གྱི་ལྟ་བ་མིན་གསུངས། བའི་ལུས་དང་ལྡན་པའི་ཡེ་ཤེས་ཀྱི་


MR08_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་འཁོར་བ་སྲིད་དུ་གནས་བྱེད་པ་ནི་ཟུང་འཇུག་རྣམ་པར་བསྒོམ་པའོ། །རང་གི་མཚན་ཉིད་ཀྱི་སྒོ་ནས་རིམ་པ་ལྔ་པ་བྱ་བ་འབྲས་བུ་དང་ནི་བྱེད་པ་རྒྱུ་དག་དང་མི་ཕྱེད་པ་ཡི་ངོ་བོ་ཉིད་ཀླུ་བྱང་དུ་རྒྱུ་དང་འབྲས་བུ་ཉིད་དང་ནི། རང་བཞིན་མི་ཕྱེད་བྱས་ནས་སུ། །རྣལ་འབྱོར་པ་ནི་གང་ཞིག་གནས། །དེ་ནི་ཟུང་འཇུག་སངས་རྒྱས་གསུངས། །ཞེས་རྒྱུ་ཀུན་གཞིའི་བག་ཆགས། འབྲས་བུ་ཁུ་ཁྲག་ལ་འབྱུང་བའི་ལུས། དེ་གཉིས་མི་ཕྱེད་དེ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའམ། ཡང་ན་རྒྱུ་དང་འབྲས་བུ་དག་ནི་ལྷན་ཅིག་སྐྱེས་པ་དང་ཤེས་རབ་པདྨ་དག་ནི་མི་ཕྱེད་པར་བྱས་ནས་སམ། རྒྱུ་ནི་རྡོ་རྗེའི་བཟླས་པ་སོགས་རིམ་པ་བཞི་འབྲས་བུ་ཟུང་འཇུག་སྟེ་དེ་རྣམས་རོ་གཅིག་གསུངས་ཀྱང་། རྒྱུ་སྐྱེད་བྱེད་ཀྱི་རིགས་སྤྱི་དང་། འབྲས་བུ་བསྐྱེད་བྱ་ཞེས་དོན་དམ་པར་སྐྱེ་བ་མེད་པའི་དབྱིངས་སུ་མི་ཕྱེད་པས་ཞེས་སྦྱར་ན་བདེ་འདྲ་སྙམ། དེ་ལྟར་མི་ཕྱེད་རོ་གཅིག་པར་བྱས་ནས་རྣལ་འབྱོར་པ་གནས་པ་གང་ཞིག་རྣལ་འབྱོར་པས་ཞེས་པ་ཟུང་དུ་འཇུག་པར་དེ་བཤད་དོ། །བསྐྱེད་པའི་རིམ་པ་འདི་ཕྱོགས་གཅིག་ཡིན་ལ་གཞན་ཡང་ཞུ་བདེ་སོགས་ཀུན་རྫོགས་པའི་རིམ་པ་དག་གཉིས་པོ་གང་དུ་གཅིག་པར་གྱུར་པ་ཡི་དོན་གྱི་ཡེ་ཤེས་དེ་


MR08_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཟུང་དུ་འཇུག་པར་བཤད། བསྐྱེད་རིམ་གྱི་ཕྱོགས་ནས་ཡོངས་སུ་དག་པའི་ཡེ་ཤེས་སྐུའམ་ལྷ་དང་ནི་འདིར་ནི་མ་དག་པར་གྱུར་སྔགས་ཀྱི་སྐུ་དང་ཐ་མལ་པ་ཞེས་གང་ཞིག་མི་ཕྱེད་པར་རྟོག་པ་སྟེ་དོན་དམ་པའི་དབྱིངས་སུ་ཚུལ་གཅིག་པ་གང་ཡིན་དེ་ནི་ཟུང་འཇུག་པའོ། །རྫོགས་རིམ་གྱི་ངོས་ནས་གཟུགས་ཅན་ཕུང་ཁམས་སྐྱེ་མཆེད་དང་ནི་གཟུགས་མེད་ཅེས་རྣམ་ཤེས་དང་ནམ་མཁའ་སོགས་རྟོག་པ་གཉིས་པོ་སྤངས་པས་ན་སྟེ་ཆོས་ཉིད་ལ་དེ་ཐ་དད་དུ་མེད་པས་སོ། །ཡང་ན་གཟུགས་མེད་རྣམ་མེད་འོད་གསལ་གཟུགས་ཅན་རྣམ་བཅས་འོད་གསལ་གྱི་སྣང་བ་དེ་གཉིས་ཐ་དད་མེད། ཅེས་སོ། །རྫོགས་པའི་རྣལ་འབྱོར་གྱི་འབྲས་བུ་ནི་གང་ཞིག་སྤྲོས་ཀུན་གདོད་ནས་ཞི་བར་རྟོགས་པའི་རྣལ་འབྱོར་དབང་པོ་དེ་ནི་ཟུང་འཇུག་ཐོབ་པའོ། །གཉིས་པ་སློབ་པ་དང་མི་སློབ་པའི་དབྱེ་བ་མདོ་ཙམ་བསྟན་པ་ནི། དེ་ལྟར་གང་གནས་རྣལ་འབྱོར་པའོ། །ཟུང་འཇུག་གི་རིམ་པ་ལ་གནས་པ་སྟེ་དེ་ནི་ཤེས་བྱ་ཀུན་མཁྱེན་དེ་ཁོ་ན་ཉིད་མཐར་ཐུག་མཐོང་བ་དང་ཁམས་གསུམ་འདུལ་བའི་ཕྲིན་ལས་ལ་ལོངས་སྤྱོད་པའམ་ཕན་བདེའི་ཆོས་སྣ་ཚོགས་སམ་སྐུ་གསུང་ཐུགས་རྣམ་པ་ཐམས་


MR08_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་པའམ་རྣམ་པ་སྣ་ཚོགས་འཆང་བ་ལ་འཛིན་ཅེས་བརྗོད་པ་ཡིན་ནོ། །གསུམ་པ་ཟུང་འཇུག་གི་རིམ་པའི་མཚན་གྱི་རྣམ་གྲངས་བཤད་པ་ནི། སྒྱུ་འཕྲུལ་དྲ་བས་མངོན་སངས་རྒྱས་པ་ནི་སྣང་སྲིད་ཐམས་ཅད་རྣམ་དག་ཡེ་ཤེས་ཀྱི་རོལ་པར་ཤར་བའོ། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ནི་ལམ་མཐར་ཕྱིན་པའི་བྱ་བ་བྱས་པའི་རྣལ་འབྱོར་ཆེ་མི་སློབ་པའོ། །དེའི་བདེན་པ་གཉིས་ཀྱི་ཚུལ་དབྱེར་མེད་པ་ལ་གནས་སོ། །དེ་ཉིད་གཟུང་འཛིན་སོགས་གཉིས་ཆོས་མེད་པའི་ཡེ་ཤེས་ཏེ་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ནོ། །སངས་རྒྱས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ཉིད་ཀྱང་སྟེ་དེ་བཞིན་འཁོར་འདས་ཀུན་གྱི་དབང་ཕྱུག་ཡིན་ཏེ་དབང་ཕྱུག་བརྒྱད་ལྡན་ནོ། །དེ་ཡང་ཆུང་ངུ་དང་ཆེན་པོ་སྟེ། ཕྲ་ཡངས་བདག་པོར་གྱུར་དང་གར་ཡང་ཕྱིན། འདོད་དགུར་ལྡན་དང་ཡང་བ་བདག་དབང་གྱུར། དགའ་མགུར་གནས་པའི་རྫུ་འཕྲུལ་འདི་བརྒྱད་དོ། །ཡང་ན་སྐུ་གསུང་ཐུགས་ཡོན་ཏན་གྱི་དབང་ཕྱུག་སོགས་སྔར་སྨོས་བརྒྱད་དེ་འཇིག་རྟེན་པའི་དབང་ཕྱུག་ལས་ནི་དེའི་ཆ་ཙམ་ཞིག་གིས་འཕགས་ལ་འདི་ནི་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས་པ་དང་ཕུང་བདུད་སོགས་ཀྱི་


MR08_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་བྱ་མ་ཡིན་པས་ཚད་མེད་མཐར་ཐུག་པའི་དབང་ཕྱུག་བརྒྱད་དོ། །སྤྲོས་པས་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་ཡང་འདི་ལ་མཐར་ཐུག་པ་ཡིན་ནོ། །རྫོགས་པའི་རིམ་པ་མཐར་ཐུག་པ་གནས་པའང་དེ་ཉིད་དེ་སྒྱུ་མ་ལྟ་བུའི་ཏིང་འཛིན་མཐར་ཐུག་པ་དང་འདི་ཡང་སྒྱུ་མ་ལྟ་བུའི་ཏིང་འཛིན་ཡིན་ན་རིམ་པ་གསུམ་དང་ཁྱད་ཅི་ཡོད་སྙམ་ན། རིམ་པ་གསུམ་པ་ནི་ཇི་སྲིད་དུ་རིམ་པ་བཞི་པས་དག་པར་མ་བྱས་དེ་སྲིད་དུ་ཡོངས་སུ་དག་པར་མི་འགྱུར་ལ། དེ་ཡང་དག་པར་བྱེད་པ་གཞན་མི་དགོས་ཏེ་མི་སློབ་པ་ཉིད་ཡིན་པའི་ཕྱིར་རོ། །རིམ་པ་གསུམ་པ་དེར་ནི་སྒྱུ་མ་ཉིད་དུ་བལྟ་བར་བྱེད་པ་ཡིན་ལ། འདིར་ནི་ལྷུན་གྱི་གྲུབ་པ་ཁོ་ན་ཡིན་ནོ་ཞེས་ཁྱད་པར་རོ། །རྒྱུད་ཐམས་ཅད་འདི་ཉིད་ཀྱི་ཚད་མ་ཡིན་ཏེ་འཁོར་འདས་སོགས་གཉིས་སུ་མེད་པར་ཟུང་འཇུག་དེ་བཤད་དོ་སྒྲ་གང་མདོ་དང་རྒྱུད་ལས་སྐྱེ་མེད་ལ་སོགས་པ་སྟེ་རྒྱུད་ཐམས་ཅད་ཀྱི་འདིར་མཐར་ཕྱིན་པའི་འདི་ཉིད་ཚད་མ་ཡིན་པར་གཟུང་དགོས་ཏེ་སྐྱེ་བ་མེད་པ་སོགས་ཀྱི་སྒྲ་སོགས་གསུངས་སོ། །དེ་ཡང་དེ་བཞིན་ཉིད། ཡང་དག་མཐའ། མཉམ་པ་ཉིད། སྟོང་པ་ཉིད། མི་རྟོག་ཡེ་ཤེས། དག་པ་འཇིག་རྟེན་པ། འཇིག་རྟེན་ལས་འདས་


MR08_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པ། རྣམ་པར་ཐར་པ། གྲོལ་བ། རྣམས་རིམ་པ་ཙམ་དང་། དབུ་མའི་ལམ་ཞེས་པ་ལ་སོགས་པ་གཉིས་སུ་མེད་པའི་ཡེ་ཤེས་མི་གནས་པའི་དབྱིངས་ཀྱི་རང་བཞིན་དེ་ཁོ་ན་ཉིད་སྟོན་ཅིང་བརྗོད་པར་བྱེད་པ་ཡིན་པར་གྱུར་པ་དེ་རྣམས་ཐམས་ཅད་ཟུང་འཇུག་གི་རིམ་པ་འདི་ཡི་དོན་ཅན་གྱི་ཚིག་ཡིན་ཏེ་མདོ་རྒྱུད་དེར་ནི་གཞུང་ཐ་དད་ཀྱང་དེ་ཁོ་ན་ཉིད་གཅིག་ལས་བརྗོད་བྱ་གཞན་དག་མེད་པར་བཤད་ཏེ་འདི་མ་གཏོགས་པར་དེའི་དོན་དམ་མཐར་ཐུག་མི་རྟོགས་པས་སོ། །རིམ་པ་འདིས་ནི་དུས་གསུམ་གྱི་སངས་རྒྱས་གྲུབ་པར་བྱེད་པ་ཡིན་ཏེ་གངྒཱ་ཀླུང་གི་བྱེ་སྙེད་ཀྱིས་སངས་རྒྱས་རྣམས་ཀྱིས་འདི་དག་ཉིད་ཐུགས་སུ་ཆུད་ནས་ཡོད་མེད་ཕྱོགས་སྤངས་པ་འདི་ཉིད་ཀྱིས་ཕྱག་རྒྱ་ཆེན་པོའི་བདག་ཉིད་སྒྲུབ་པ་ཡིན་ནོ། །བཞི་པ་ཟུང་འཇུག་གི་རིམ་པའི་བརྟུལ་ཞུགས་ཀྱི་སྤྱོད་པའི་རྣམ་གཞག་བསྟན་པ་ནི། ཟུང་འཇུག་གི་དོན་རྟོགས་པའི་གོ་འཕང་ལ་གནས་པའི་སློབ་བཞིན་པ་ཡི་རྣལ་འབྱོར་ཆེ་ཟུང་དུ་འཇུག་པ་བསྒོམས་པར་གྱུར་པས་ན་དེའི་སྤྱོད་པའང་དེ་དང་གཉིས་སུ་མེད་པར་སྤྱད་པར་བྱ་སྟེ་ཇི་ལྟར་ན་བདག་ཉིད་དེ་བཞིན་དགྲ་བོ་དང་ཆུང་མ་དེ་བཞིན་མནའ་མ་དང་། ཇི་ལྟར་སྨད་འཚོང་


MR08_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་མ་ཇི་ལྟར་བྲམ་ཟེ་དེ་བཞིན་གདོལ། ཇི་ལྟར་པགས་པ་དང་དེ་བཞིན་གོས་ཇི་ལྟར་རིན་ཆེན་དང་ཕུབ་མ་དང་ནས་སོ་དེས་ཀྱང་ཇི་ལྟར་ཆང་དང་དེ་བཞིན་གཅི་བ་ཇི་ལྟར་བཟའ་བ་དེ་བཞིན་བཤད་པ་ཇི་ལྟར་དྲི་བཟང་དང་ག་བུར་དང་། དེ་བཞིན་བཤད་ལས་བྱུང་བའི་དྲི་ཇི་ལྟར་བསྟོད་པ་བྱེད་པའི་ཚིག་དེ་བཞིན་དུ་ནི་སྨོད་པའི་ཚིག་ཕྱི་རོལ་པའི་ལྷ་དྲག་པོ་དབང་ཕྱུག་དང་རང་གི་ལྷ་རྡོ་རྗེ་ཅན་དེ་བཞིན་ཇི་ལྟར་ཉིན་མོ་དེ་བཞིན་མཚན་ཇི་ལྟར་རྨི་ལམ་དེ་བཞིན་སད་ཇི་ལྟར་འཇིག་པ་དང་དེ་བཞིན་གནས་པ་དང་། འཇིག་རྟེན་པའི་ཆོས་ཇི་ལྟར་བདེ་བ་དེ་བཞིན་སྡུག་བསྔལ་ཇི་ལྟར་སྡང་བ་དེ་བཞིན་དུ་མནར་མེད་དང་མཐོ་རིས་ཀྱང་དེ་བཞིན་ཏེ། དེ་བཞིན་སྡིག་དང་བསོད་ནམས་སོ་དེ་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་ཀྱི་ངོས་ནས་ཐ་དད་དུ་མེད་པ་ལྟར་བལྟ་བར་བྱའོ། །དེ་ལྟར་ཤེས་ནས་མཉམ་ཉིད་དུ་རྟོགས་པའི་ཡེ་ཤེས་ཅན་གྱིས་དེ་དང་དེར་རྣམ་པར་རྟོག་པ་མེད་པར་ལས་ཐམས་ཅད་བྱེད་དོ། །དེ་ཇི་ལྟ་ཞེ་ན་ཡོན་ཏན་ཐམས་ཅད་སྦས་པའི་མཉམ་ཀུན་པ་ཆེན་པོའི་བརྟུལ་ཞུགས་ཀྱིས་ཀུན་བསྒྲུབས་ན་འཇིག་རྟེན་འདས་པའི་རྡོ་རྗེ་འཆང་ཆེན་པོའི་བར་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །


MR08_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་གཞུང་མཐར་ཕྱིན་པའི་བྱ་བ་ནི། རིམ་པ་གཞན་ལས་མཆོག་གྱུར་རིམ་པ་ལྔ་པ་འདི་བཤད་པས་བསོད་ནམས་དགེ་བ་གང་ཐོབ་པས་སྐྱེ་གནས་བཞིས་བསྡུས་པའི་སྐྱེ་བོ་རྣམས་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་འདི་ཡིས་མི་གནས་པའི་མྱང་འདས་ཐོབ་ནས་འཇིག་རྟེན་རོལ་པར་ཐམས་ཅད་དོན་གཉིས་ལྷུན་གྱི་གྲུབ་པར་ཤོག་ཅིག་ཅེས་ཡོངས་སུ་བསྔོ་བར་བྱ་སྟེ་ཟོ་ཆུན་ཀྱི་འཁྲུལ་འཁོར་ལྟར་འགྲོ་བ་དྲུག་ཏུ་འཁོར་བའི་སེམས་ཅན་རྣམས་རྒྱུ་ནི་ཏིང་འཛིན་འདི་ཡིས་འབྲས་བུ་མི་གནས་པའི་མྱང་འདས་ཀྱིས་དབྱིངས་རྟོགས་ནས་རང་དོན་བྱས་ཏེ། གཞན་དོན་དུ་དཀྱིལ་འཁོར་མ་ལུས་པ་ཡོངས་སུ་བསྐོར་བའི་ལྷ་མོ་རྣམས་དང་ལྷན་ཅིག་འདོད་ཡོན་ལྔ་ལ་ཉེ་བར་ལོངས་སྤྱོད་ཅིང་བདེ་བ་ཆེན་པོའི་ཏིང་འཛིན་གྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་རོལ་ཞིང་རྣམ་པར་འཕྲུལ་པར་ཤོག་ཅིག་ཅེས་ཀླུ་བྱང་གིས་གསུངས་སོ། །ཟུང་དུ་འཇུག་པའི་རིམ་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ་སྟེ་རིམ་པ་ལྔ་པ་རྫོགས་སོ། །མཆན་འདི་ཀླུ་སྒྲུབ་ཀྱི་མན་ངག་ཐོབ་པ་སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་


MR08_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པ་རིམ་ལྔའི་བཤད་པ་ནོར་བུའི་ཕྲེང་བ་བཞིན་ནོ། །འཕགས་པས་མཛད་པའི་རྫོགས་ཚུལ་རིམ་པ་ལྔ། །ལམ་ལྔ་སྦྱང་ཕྱིར་བླ་མའི་བཀའ་བསྒྱུར་བས། །སྒྲིབ་པ་ལྔ་བྲལ་ཡེ་ཤེས་ལྔ་ཐོབ་སྟེ། །སྐུ་ལྔ་མངོན་ཤེས་ལྔར་ལྡན་སངས་རྒྱས་ཤོག །རྒྱ་གར་གྱི་མཁན་པོ་ཨཱ་ཙཪྻ་ཤྲདྡྷཱ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ༷་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ། སླད་ཀྱི་རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང་ལོ་ཙཱ་བ་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་དཔེ་དང་ཡང་གཏུགས་ཏེ་གཏན་ལ་ཕབ་པའོ། །སླར་ཡང་སྨྲས་པ། འདིར་འབད་དགེ་བ་གངས་རི་ལྟར་དཀར་བའི། །བསོད་ནམས་དཔག་ཡས་གྲུབ་ལས་འགྲོ་བ་རྣམས། །རིམ་པ་ལྔ་ཡི་བགྲོད་པ་མཐར་ཕྱིན་ཏེ། །ཟུང་འཇུག་དང་པོའི་མགོན་པོ་ཐོབ་གྱུར་ཅིག །དཔལ་ལྡན་བླ་མ་རྡོ་རྗེ་ཅན་ཉིད་ཀྱི། །དགོངས་པ་མཁའ་ལྟར་དག་པ་དེ་ཉིད་དང་། །བདག་ཡིད་དབྱེ་བ་མེད་པར་གྱུར་ནས་ཀྱང་། །ཟབ་མོའི་ལམ་གྱིས་བྱ་བ་བྱེད་པར་ཤོག །འདི་ཡང་སྲིད་པ་ཇི་སྲིད་གནས་ཀྱི་བར། །ནུབ་མེད་བཤད་དང་སྒྲུབ་པས་དར་ཤིང་རྒྱས། །བསྟན་པ་རིན་ཆེན་ཕྱོགས་བཅུར་འཕེལ་བ་དང་། །འགྲོ་རྣམས་བདེ་དགེའི་དཔལ་གྱིས་འཚོ་བར་ཤོག །ཅེས་པའང་ཀུན་གཟིགས་མ་ཧཱ་པཎྜི་ཏ་འཇམ་མགོན་མི་ཕམ་རིན་པོ་ཆེའི་རྩ་མཆན་དུ་གནང་བ་འཇམ་དབྱངས་བློ་གྲོས་རྒྱ་


MR08_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

མཚོས་དཀྱུས་སུ་བཀོད་ཀྱང་ཕྱག་བྲིས་འདོན་དཀའ་བས་གོང་འོག་འཁྲུགས་པ་དང་ཚིག་དོན་ནོར་འཁྲུལ་གྱི་ཉེས་པ་བླ་མ་དང་ལྷག་པའི་ལྷ་ལ་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་ཟུང་འཇུག་གི་གོ་འཕང་བདེ་བླག་ཏུ་བརྙེས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་སུ་ཤྲི་ཡོ་བྟ་ཀུན་ཝ་ཏུ། །ཨོཾ་སྭ་སྟི། གསང་རྒྱུད་བྱེ་བ་འབུམ་གྱི་གཙུག་ཏོར་ནི། །དཔལ་ལྡན་འདུས་པ་ནམ་མཁའི་མཐའ་མཉམ་པ། །དེ་བཞིན་གཤེགས་པ་ཐམས་ཅད་འབྱུང་བའི་གཞིར། །མཆོག་ཏུ་བསྔགས་པའི་པད་དཀར་སྤྱི་བོར་བཅིངས། ༡ །འཕགས་ཡུལ་གྲུབ་བརྒྱའི་མེས་པོ་བྲམ་ཟེ་ཆེས། །རྡོ་རྗེ་འཆང་གི་ཐུགས་ཀྱི་བཅུད་ཕྱུངས་ནས། །དཔལ་ལྡན་རབ་དགའི་བདེ་བའི་རོས་མྱོས་པ། །འཕགས་པ་ཀླུ་ཡི་དབང་པོས་དཔལ་བེར་བསྟིམ། ༢ །དེ་ཉིད་ཀྱིས་ནི་གཞན་ལ་ཕན་དགོངས་ཏེ། །སྙིང་རྗེ་ནོར་བུའི་སྤྲིན་ཆེན་སྟུག་པོ་ལས། །འདོད་རྒུའི་གྲུ་ཆར་རིམ་པ་ལྔ་འབེབས་པས། །ས་གསུམ་གྲུབ་གཉིས་དཔལ་གྱི་འབྱོར་པས་གཏམ། ༣ །ཟབ་དོན་མན་ངག་གསལ་བར་འབྱེད་པ་ལ། །ཀླུ་བྱང་གཉིས་པ་རྗེ་བཙུན་མི་ཕམ་པའི། །ལེགས་པར་བཤད་པ་གསེར་གྱི་མཆོད་སྡོང་འདི། །བསྟན་པའི་བཙས་སུ་སྤར་གྱི་འཕྲུལ་ཆེན་ཡང་། ༤ །འོད་གསལ་ལྷ་ཡི་རིགས་ཀྱི་ཐིག་ལེ་ལས། །ཉེ་བར་སྨིན་པ་སྡེ་བཞི་དགེ་བཅུའི་དབྱིག །ཚེ་ལ་དབང་བའི་


MR08_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་བདུད་ཚོགས་འདུལ། །འཇིགས་བྲལ་མི་ཡི་སེང་གེའི་སྟོབས་ལས་འཁྲུངས། ༥ །འདིར་དགེས་གྲུས་པ་ཟླ་ཞུན་ལྟར་དཀར་བའི། །བསོད་ནམས་ཕུང་པོ་གངྒཱའི་བྱེ་རྡུལ་གྱིས། །ཆབ་སྲིད་བརྟན་ཞིང་མཛད་ཕྲིན་སྐུ་ཚེ་འཕེལ། །འཁོར་ལོས་བསྒྱུར་རྒྱལ་སྲིད་ལ་དབང་འབྱོར་ནས། ༦ །འདོད་ཡོན་ཡེ་ཤེས་ལོངས་སྤྱོད་རྒྱན་དུ་འཆར། །གཟུང་འཛིན་རྟོག་པ་དྷཱུ་ཏིའི་དབྱིངས་སུ་བཅོམ། །སྲིད་ཞི་ལས་འདས་དཔལ་ལྡན་རྡོ་རྗེ་སེམས། །མཆོག་ཏུ་མི་འགྱུར་བདེ་བའི་བཀྲ་ཤིས་ཤོག ༧ །ཅེས་པའང་སྡེ་དགེ་ཆོས་རྒྱལ་ཆེན་པོས་ཆོས་སྦྱིན་སྤར་དུ་འདུ་འགོད་པའི་ཚེ་སྤར་བྱང་སྨོན་ཚིག་འདི་ཡང་འཇམ་དབྱངས་མཁྱེན་བརྩེའི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ་ཆོས་ཀྱི་བློ་གྲོས་པས་བྲིས་པ་སརྦ་མངྒ་ལཾ།། །།ཤུ་བྷཾ།།


previousགསང་འདུས་རིམ་ལྔའི་མཆན་དཀྱུས་སུ་བཀོད་པའི་འགྲེལ་ཆུང་ཟུང་འཇུག་ནོར་བུའི་སྒྲོན་མེ།next