Nitartha Digital Library
Tibetan
གླེགས་བམ་བརྒྱད་པ།


   
   
   
   
   
   
   
   
   
   
   
ས་མཐའི་རྣམ་གྲངས་མདོ་མཚོན།
   
   


 
previousས་མཐའི་རྣམ་གྲངས་མདོ་མཚོན།next

ས་མཐའི་རྣམ་གྲངས་མདོ་མཚོན།


MR08_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ས་མཐའི་རྣམ་གྲངས་མདོ་མཚོན་བཞུགས་སོ། །


MR08_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་དབྱངས་དང་དབྱངས་ཅན་ངག་གི་ལྷར། །བཏུད་ནས་ས་མཐའ་སྦྱོར་ཚུལ་མདོ་ཙམ་བརྗོད། །ན་ར་ལ་གསུམ་རྗེས་སུ་ད་དྲག་དང་། །དེ་ལྷག་ད་འ་ས་གསུམ་མ་གཏོགས་པའི། །ག་ང་བ་མ་བཞི་ཡི་རྗེས་རྣམས་ལ། །མི་ནོར་ཕྱིར་དུ་ས་མཐའ་འདི་ལྟར་མཛད། །དུས་ཀྱི་དབང་དུ་འདས་པའི་ཚིག་རྣམས་དང་། །སྐུལ་ཚིག་རྣམས་ལ་ས་མཐའ་རྟག་ཏུ་ཐོབ། །དཔེར་ན་གསུངས་སོ་གསུང་ངོ་གསུང་བར་འགྱུར། །ཟུངས་ཤིག་གཏོགས་ཤིག་ཅེས་སོགས་ཐམས་ཅད་བསྒྲེ། །བྱ་ཡུལ་བྱེད་པོ་བྱ་བའི་ཚིག་རྣམས་ལ། །དབྱེ་བ་འབྱེད་བྱེད་ཕྱེ་བ་ཞེས་དང་ནི། །གདེག་བྱ་འདེག་བྱེད་གཏེགས་པ་ལ་སོགས་པ། །བྱས་པ་རྣམས་ལ་ས་མཐའ་མི་ཐོབ་སྟེ། །ཕལ་ཆེར་སྔོན་འཇུག་ནུས་པས་འདས་པ་སྒྲུབ། །དེ་དག་བྱས་པ་ཟེར་ཡང་བྱ་ཚིག་གི། རང་བཞིན་ཡིན་ཕྱིར་ས་མཐའ་མི་དགོས་སོ། །བྱས་ཟིན་ཡིན་ན་བགྱིས་དང་བཏེགས་གྱེས་སོ། །ལ་སོགས་སྦྱར་བ་ཉིད་དུ་ཤེས་པར་བྱ། །མིང་ལ་དུས་གསུམ་དབྱེ་བས་མ་ཡིན་ཡང་། །མི་ནོར་སླད་དུ་འདི་ལྟར་ཁྱད་པར་མཛད། །སྔ་མ་ས་མཐའ་མེད་པའི་ཚུལ་དང་ནི། །ཕྱི་མ་ཡོད་པའི་ཤན་འབྱེད་འདི་ལྟར་བྱ། །ཕོ་མོ་འཁྲིག་དང་སྤྲིན་ཕུང་འཁྲིགས། །གཅན་གཟན་གཟིག་དང་སྤྱན་གྱིས་གཟིགས། །དོན་


MR08_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རིག་དང་རིགས་བརྒྱུད་སྤེལ། །རིག་པ་འཛིན་པ་འོས་ཤིང་རིགས། །རག་གི་རྐུད་པ་རགས་དང་ཕྲ། །རིམ་གྱིས་འཇུག་དང་རིམས་ནད་བྱང་། །ཐུག་རེག་མེད་དང་ཐུགས་ལ་མངའ་། །ཐབ་ཀ་བ་དང་ཐབས་ལ་མཁས། །རྡོད་སོགས་ཆག་དང་སྣོད་བཅུད་ཆགས། །ཆག་ཆག་གདབ་དང་འདོད་ཆགས་སྐྱེ། །མཚོན་ཆས་འཁྲུག་དང་གོ་རིམ་འཁྲུགས། །ལྕག་གིས་བཞུར་དང་ལྕགས་ཆ་མགར། །རྟོག་དཔྱོད་བགྱིས་དང་དོན་ཀུན་རྟོགས། །མི་རྟག་འཇིག་དང་འཇིགས་ཤིང་སྐྲག །རྟག་ཏུ་སྐྱིད་དང་རྟགས་སུ་བཀོད། །གདུག་པ་ཅན་དང་གདུགས་དཀར་ཅན། །ཐིག་རྩ་མཁས་དང་ཚིགས་པ་འཛགས། །སྣ་ཐག་གཏགས་དང་བར་ཐགས་རིང་། །ཁ་དོག་ནག་པོ་ནགས་ཀྱི་ཚུལ། །དབང་གིས་ཕྱུག་པ་ཕྱུགས་རྣམས་མཚོ། །དབུག་པར་བྱ་བ་དབུགས་སྣ་རིང་། །གོ་ཆ་ཚང་དང་ཚངས་པ་ཆེ། །སྣམ་བུ་ཕྲུག་དང་ལྔ་ཕྲུགས་གྲངས། །གྲང་བས་ཉེན་དང་གྲངས་སུ་བགྲང་། །ཕྱག་འཚལ་བ་དང་ཕྱགས་མས་ཕྱགས། །ལུག་གི་རྫི་དང་ལུགས་ཀྱི་ཆོས། །ཚིག་སྨྲ་བ་དང་ཚིགས་སུ་བཅད། །གཡོག་པོ་བྱེད་དང་གོས་ཀྱིས་གཡོགས། །ལག་བྲིས་བཟང་དང་བདེན་པ་ལགས། །ཡན་ལག་


MR08_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་དང་ཞེ་སའི་ལགས། །ལྷག་པར་གྲང་དང་གྲངས་ལྷགས་ཆེ། །རྣམ་པར་རྒྱལ་དང་འདི་རྣམས་སུ། །ཁོང་དུ་ཆུབ་དང་ཁོངས་སུ་གཏོགས། །ཁུང་བུར་འཛུལ་དང་འབྱུང་བའི་ཁུངས། །རྡོ་བའི་གཟེག་དང་གཟེགས་ཟན་པ། །ལོག་པར་ལྟ་དང་ལོགས་སུ་དགར། །གང་ཞིག་འདིས་དང་གངས་ཀྱི་རི། །སྣོད་གང་བ་དང་གངས་ཆེན་མཚོ། །རྒྱང་རིང་མཐོང་དང་རྒྱ་མཐོངས་ཕྱེ། །རེག་བྱ་ཡང་དང་ཁྱོན་ཡངས་པ། །ཁམ་གྱི་ཟས་དང་འདོད་པའི་ཁམས། །གསང་གྲོས་བྱེད་དང་སྐད་གསངས་མཐོ། །གསུང་རབ་ཆོས་དང་ཚེ་རབས་གཏན། །གོ་སྐབས་དོག་དང་རེ་དོགས་ཆེ། །རྡོ་ཡི་དྲེག་དང་དྲེགས་ལྡན་པ། །ཞལ་ཟས་སྟོབ་དང་སྟོབས་བཅུ་བ། །དགོང་ཀའི་དུས་དང་ཐུགས་ཀྱིས་དགོངས། །འཕག་འཕག་བྱེད་དང་ས་ཐོབ་འཕགས། །རང་གཞན་གཉིས་ག་རངས་བར་གྱུར། །རེང་བུ་བཞིན་དུ་རེངས་པ་རྣམས། །རིང་པོར་གནས་ཀྱང་རིངས་པར་ཁུག །ཞག་རྒྱ་སོང་ནས་འདུ་ལོང་ཞགས། །ཞག་སྣུམ་འཐུང་ནས་ཞགས་པ་ཐོགས། །ཐོག་རེག་མེད་ན་ཐོགས་པ་མེད། །ཐོག་པ་མེད་ནས་ད་བར་ཐོགས། །ཐོག་སེར་མི་འབྱུང་བསྲུང་བ་ཐོགས། །ཐོག་ཏུ་འབབ་ན་ཐོགས་སྡུག་མེད། །ཡོང་ཡེ་མི་མངའ་


MR08_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དག །མེ་ཡིས་ཚིག་དང་ས་ཚིགས་འདིར། །ལྕགས་སྒྲོག་དང་ནི་སྐད་སྒྲ་སྒྲོགས། །གཏམ་སྨྲ་བ་དང་བཅུད་ཀྱིས་གཏམས། །འདི་རྣམས་ནོར་ས་ཆེ་བའི་རིགས། །བྱ་བའི་མིང་ཅན་མིང་རྐྱང་རྣམས། །ཕལ་ཆེར་ས་མཐར་སྦྱར་བ་སྟེ། །བྱམས་པ་དམིགས་པ་སྐྱུགས་སོགས་བཞིན། །རུས་ཀྱི་མིང་ཅན་ཕལ་ཆེར་ལ། །གནུབས་གཉག་སོགས་བཞིན་ས་མཐར་བྱས། །རུས་མིན་སོགས་ལ་དེ་ལྡོག་ཤེས། །ཆོས་དབྱིངས་འཇམ་དབྱངས་ཕྱོགས་དང་ཁྱོགས། །དཀྲིགས་ཕྲག་རྒྱ་སྐྱེགས་གླེགས་བམ་མཁྲེགས། །རྡོ་སྐྱོགས་ལམ་རྒྱགས་འཇུག་ངོགས་སྔགས། །ཡིད་གཅུགས་མགོ་ལྕོགས་ཞབས་ལྗགས་སྙིགས། །ལྟོགས་ཕོང་སྟེགས་སུ་མུ་སྟེགས་དང་། །བླ་དྭགས་ཡི་དྭགས་རི་དྭགས་སོགས། །ས་མ ཐའ་ཅན་དུ་མཛད་པ་མང་། །ཉོན་མོངས་པ་དང་ཐུན་མོང་བ། །འདི་སོགས་ས་མཐའ་ཡོད་མེད་ཀྱི། །ཁྱད་པར་མཛད་ཀྱང་ཚིག་གྲོགས་ཀྱིས། །དབང་གིས་ནོར་ས་མི་ཆེ་བས། །བྱས་ཀྱང་རུང་ལ་མེད་ཀྱང་འདྲ། །དྲི་བཟང་སོགས་ལ་གང་ཡང་རུང་། །མང་དུ་སྤྲོས་ན་མཐའ་མེད་ཀྱང་། །འདིར་ནི་སྙིང་པོ་ཙམ་ཞིག་བསྡུས། །དགེ་བས་འགྲོ་བ་ཐམས་ཅད་ཀྱི། །འཇམ་དཔལ་ཤེས་རབ་ཐོབ་གྱུར་ཅིག །ཅེས་མི་ཕམ་པས་བྲིས་པའོ།། །།


MR08_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ས་མཐའ་མེད་སྨྲ་དགག་པ་ལེགས་བཤད་རིན་པོ་ཆེའི་གཏེར་ཞེས་བྱ་བ་བཞུགས། ཨོཾ་སྭ་སྟི་བི་ཛ་ཡནྟུ། ས་གཞི་མཐའ་ཡངས་འཇིག་རྟེན་འཛིན་པའི་སྣོད། །ས་ཐོབ་འཕགས་རྣམས་སེམས་ཅན་ཡོངས་ཀྱི་མགོན། །ས་མཐའི་རྣམ་གྲངས་སྨྲ་བ་རྣམ་དག་རྒྱན། །ས་སྐྱོང་བཞིན་དུ་འདི་གསུམ་བསྔགས་པའི་འོས། །ས་མཐའ་ཡོད་པའི་དཔེར་བརྗོད་འདིར་བཞུགས་སོ། །ས་མཐའ་མེད་པའི་དཔེ་ཡང་འདིར་བཞུག་གོ། གཟིགས་ཤིག་གཟིགས་ཤིག་ལུགས་འདི་གཉིས་ལ་གཟིགས། །གཟིག་ཅིག་གཟིག་ཅིག་ལུག་འདི་གཉིས་ལ་གཟིག །རྟོག་དཔྱོད་མཛོད་དང་གང་འཐད་རྟོགས་པར་འགྱུར། །རྟོག་དཔྱོད་མཛོད་དང་གང་འཐད་རྟོག་པར་འགྱུར། །ཐབས་ལ་མཁས་ན་རྒྱལ་པོའི་ཐབས་ཐོབ་འགྱུར། །ཐབ་ལ་མཁས་ན་རྒྱལ་པོའི་ཐབ་ཐོབ་འགྱུར། །བྱས་པ་རྟགས་སུ་བཀོད་ན་མི་རྟག་འགྲུབ། །བྱས་པ་རྟག་ཏུ་བཀོད་ན་མི་རྟག་འགྲུབ། །ལག་པ་ལུས་ཀྱི་ཡན་ལག་ལགས་པར་བརྗོད། །ལག་པ་ལུས་ཀྱི་ཡན་ལག་ལག་པར་བརྗོད། །ལེགས་སོ་ལེགས་སོ་ས་མཐའ་ཡོད་ན་ལེགས། །ལེག་གོ་ལེག་གོ་ས་མཐའ་མེད་ན་ལེག །གསུངས་སོ་གསུང་ངོ་གསུང་བར་འགྱུར་རོ་ཞེས། །གསུང་ངོ་གསུང་ངོ་གསུང་བར་འགྱུར་རོ་ཞེས། །གྲངས་ཅན་པ་དང་གྲང་ཅན་པ་ཐ་དད། །གྲང་ཅན་པ་དང་གྲང་ཅན་ཐ་མི་དད། །ཁུངས་མེད་


MR08_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཁོངས་ཆུད་སྨྲ་འཆལ་ལོགས་སུ་སྨྲ། །ཁུང་མེད་ཁོང་ཆུད་སྨྲ་འཆལ་ལོག་ཏུ་སྨྲ། །དྲང་པོའི་ངག་གིས་དྲངས་ན་སུ་ཡང་རུངས། །དྲང་པོའི་ངག་གིས་དྲང་ན་སུ་ཡང་རང་། །ཚིག་རྣམས་ཚིགས་སུ་བཅད་ལ་སྡེབ་སྦྱོར་ཡོད། །ཚིག་རྣམ་ཚིག་ཏུ་བཅད་ལ་སྡེབ་སྦྱོར་མེད། །ས་ཚིགས་ས་ཚིག་ཐ་དད་གོ་བ་ཡོད། །ས་ཚིག་ས་ཚིག་ཐ་དད་གོ་བ་མེད། །མི་འཇིགས་མི་འཇིག་གོ་དོན་ཐ་དད་ཡོད། །མི་འཇིག་མི་འཇིག་གོ་དོན་ཐ་དད་མེད། །རིགས་དང་རིག་ལ་གོ་རྒྱུ་ཐ་དད་ཡོད། །རིག་དང་རིག་ལ་གོ་རྒྱུ་ཐ་དད་མེད། །དེ་བཞིན་རྒྱལ་རྟགས་ཐོབ་དང་རྒྱལ་རྟག་ཐོབ། །སྣོད་ཆགས་སྣོད་ཆག་ཐུགས་བཞེད་ཐུག་བཞེད་སོགས། །དེ་དང་དེ་འདྲ་ཕ་མཐའ་ཡས་པ་ཡི། །དཔེར་བརྗོད་ཚུལ་འདིས་མཚོན་ནས་སྤྲོས་ཏེ་སྨྲོས། །གཞན་ཡང་ར་ལ་ས་ཡི་མགོ་ལྡན་སོགས། །སོ་སོར་མ་ཕྱེས་ནོར་སོ་ཅན་འགྱུར་བའི། །དཔེར་བརྗོད་རྣམས་ཀྱང་འདི་བཞིན་སྤྲོས་ཀྱིས་ལ། །གླུ་བརྒྱ་ངག་གཅིག་བྱེད་པའི་དག་ཡིག་སྤོངས། །ཡི་གེའི་ནོར་སོ་བསལ་ཕྱིར་ནོར་བའི་གཞུང་། །སྔོན་མེད་གསལ་སྤེལ་ཡ་མཚན་ཆེ་སྙམ་པ། །འབྲེལ་མེད་སྨྲ་བ་མི་མེད་ལྷ་དང་མཚུངས། །རྨ་བཡའ་ཟེར་དཔེ་བཤེགས་སླད་བཡག་ཚུལ་ཅིག །ཡི་གེའི་བརྡ་དག་ཙམ་ཡང་མི་ཤེས་པའི། །གཞུང་ལུགས་ཀུན་མཁྱེན་དཀའ་དང་རབ་འབྱམས་སུ། །གནས་


MR08_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ལྔར་མ་མཁས་ཀུན་མཁྱེན་མི་འགྱུར་ཞེས། །རྒྱལ་ཚབ་ཆེན་པོས་མདོ་སྡེ་རྒྱན་ལས་གསུངས། །དེ་བཞིན་དྲིན་ལན་བསབས་པའི་མདོ་སོགས་ནས། །གནས་ལྔ་རིག་པར་བྱང་སེམས་སློབ་ཅེས་གསུངས། །ཁྱོད་ཀྱིས་བརྡ་སྤྲོད་ལ་སོགས་རིག་གནས་རྣམས། །གྲོང་པ་རྣམས་ཀྱི་བསླབ་བྱ་ཡིན་ཅེས་བཤད། །ཞིང་རྨོས་ཡོས་འཐག་ལ་སོགས་གྲོང་པའི་ལས། །བསླབ་པ་རྣམས་ལ་རིག་གནས་ཅི་ཞིག་དགོས། །དེ་དག་གྲོང་པའི་རང་ཚིག་སྨྲ་བ་ལ། །སུམ་རྟགས་ལ་སོགས་གཞུང་གིས་ཅི་ཞིག་བགྱིད། །རྒྱལ་བའི་གསུང་རབ་ངེས་པའི་ཚིག་གིས་ནི། །སོ་སོ་ཡང་དག་རིག་པ་འཐོ་བའི་ཕྱིར། །བརྡ་སྤྲོད་ལ་སོགས་གཞུང་ལུགས་མཁས་པས་བརྩམས། །དེ་ཕྱིར་ལྔ་རིག་སྨྲ་རྣམས་འདི་ལ་དགྱེས། །དེ་ལྟར་ཉམས་མཚར་ཙམ་གྱི་བརྗོད་པ་ལས། །ནན་ཏན་དྲག་ཤུལ་མིན་ནོ་ཆོས་ཀྱི་གྲོགས། །གཞན་ཡང་ཕན་པའི་སེམས་ཀྱིས་འདི་སྐད་དུ། །ཁྱེད་ལ་སྦྲོན་པ་བརྩེ་བས་གསན་པར་མཛོད། །ས་དགེ་ཀར་རྙིང་ཀུན་ཀྱིས་མགྲིན་གཅིག་ཏུ། །ས་མཐའ་གཅོད་མཁན་འདི་ཀོ་སུ་ཞིག་ཡིན། །ས་ཟད་བསྟན་བཅོས་འདི་འདྲས་ཅི་བྱ་ཞེས། །ས་སྟེང་འུར་གྱིས་སྒྲོགས་པ་མང་འདུག་གི། ས་འདིར་སྔོན་བྱོན་ལོ་པཎ་ཆོས་རྒྱལ་དང་། །ས་སྟེང་མཛེས་པའི་རྒྱན་གྱུར་མཁས་རྣམས་ཀྱི། །ས་གཞི་ཁྱབ་པའི་བསྟན་བཅོས་ཐམས་ཅད་ན། །ས་མཐའ་ཡོད་པར་


MR08_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་ལུགས་སྐྱོངས་ཤིག །ཨ་མཚར་རྩེད་མོ་ལགས་ཏེ་བླ་མ་ཁོང་། །རྒྱུད་དྲང་བློ་གསལ་མང་ཐོས་ཚུལ་དང་ལྡན། །ཡོན་ཏན་ཆེ་ལྡན་ནོ་བུ་རིན་ཆེན་མཚུངས། །བསྟན་འཛིན་ཁྱེད་ཉིད་སྐུ་ཚེ་རིང་གྱུར་ཅིག །ཅེས་པའང་འགའ་ཞིག་གི་ངོར་བྱས་ཏེ་རྙིང་བཙུན་རིག་བྱེད་སྨྲ་བ་བློ་གྲོས་རབ་གསལ་པདྨ་བཞད་པས་ཤིང་སྦྲུལ་ཟླ་བ་བཅུ་པའི་ཚེས་ཉེར་བརྒྱད་ལ་ཕྲལ་དྲན་མཚར་མཚར་བྲིས་པ་དགེ་མངྒ་ལཾ།། །།


previousས་མཐའི་རྣམ་གྲངས་མདོ་མཚོན།next