Nitartha Digital Library
Tibetan
གླེགས་བམ་བཅུ་པ།


   
   
   
   
   
   
   
   
   
   
སྨན་སྦྱོར་བདུད་རྩིའི་ཐིག་ལེ།


 
previousསྨན་སྦྱོར་བདུད་རྩིའི་ཐིག་ལེ།no next

སྨན་སྦྱོར་བདུད་རྩིའི་ཐིག་ལེ།


MR10_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་སྦྱོར་བདུད་རྩིའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །


MR10_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་བཛྲ་ཏིཀྵྞ་ཡ། རང་བྱུང་ཡེ་ཤེས་བདུད་རྩིའི་ཐིག་ལེ་ནི། །ཕན་བདེའི་འོད་ཟེར་སྟོང་གིས་རབ་མཛེས་པས། །ལུས་ཅན་ཡིད་ཀྱི་ཀུན་དགའ་འཕེལ་མཛད་པ། །སྨན་རྒྱལ་གུ་ཎའི་ཞབས་ལ་གུས་བཏུད་ནས། །ཤིན་ཏུ་རྣོ་ལ་མྱུར་བའི་སྨན་གྱི་སྡེབ། །འབད་མེད་རྙེད་པར་སླ་བའི་ནོར་བུ་འདི། །འོ་མཚོར་ངང་མོ་རྒྱུ་བ་ཇི་བཞིན་དུ། །ལྷག་བསམ་དྲང་སྲོང་ཡིད་ཀྱི་ངོས་ན་འཕྱོ། །གང་ཞིག་གཞན་ཕན་ལྷག་བསམ་གྱིས། །རང་དང་གཞན་གྱི་དོན་སྒྲུབ་པའི། །དྲང་སྲོང་གཞོན་ནུ་དེ་དག་ལ། །བྱམས་པའི་སེམས་ཀྱིས་འདི་སྐད་ཞུ། །སྙིང་གི་ཚལ་པ་བཞིན་དུ་བདག་ཉིད་ལ། །ཤིན་ཏུ་བརྩེ་ཞིང་བྱམས་པ་གཅེས་དགུའི་མ། །ལས་ཀྱིས་འཕང་པའི་གཞན་དབང་སྐྱེ་བའི་ལུས། །སྣ་ཚོགས་སྡུག་བསྔལ་ནད་ཀྱིས་རྣམ་པར་བཅོམ། །འདི་ལ་


MR10_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཕན་པར་གྱུར་ན་ཡང་། །དབྱིངས་ནས་སྲས་བཅས་རྒྱལ་བའི་འཇམ་མཉེན་ཕྱག །རིང་དུ་བསྐྱང་བཞིན་དགྱེས་པའི་མེ་ཏོག་ཆར། །རྣམ་པར་བཀྲམ་པས་ཀུན་དགའ་ཉིད་དུ་བྱེད། །དེ་སླད་འཚོ་བྱེད་སྐལ་བཟང་རྣམས། །རྒྱུད་ལ་མཁས་ཤིང་མན་ངག་ཤེས། །མཐོང་ཚད་སྨན་དུ་བཀོལ་བཏུབ་པ། །འདིར་ཡང་བདེ་ལ་ཕྱི་མར་བདེ། །དྲང་སྲོང་ཐུགས་རྗེ་ཆེན་པོ་དེས། །མཐའ་འཁོབ་དབུལ་པོའི་ནད་གསལ་ཕྱིར། །རྙེད་སླ་སྔོ་སྦྱོར་གང་གསུང་པ། །ཅུང་ཟད་རྒྱས་པའི་ཚུལ་དུ་ཕྱེ། །ཚད་པའི་ནད་རིགས་མཐའ་དག་ལ། །སྔོ་ཡི་ནུས་པ་ཁྱད་པར་འཕགས། །གྲང་བ་རླུང་ལ་སོགས་པའི་རིགས། །རྩི་སྨན་རྣམས་ཀྱིས་གདུལ་བ་ཡིན། །དེ་ཕྱིར་ནད་ཆེན་གཏིང་ཟབ་མོ། །ཕལ་ཆེར་རྩི་ཡིས་འདུལ་དགོས་ཀྱང་། །གློ་བུར་ནད་ཀྱི་ཐུགས་ཕྲད་ལ། །སྔོ་ཡི་སྦྱོར་བ་འགའ་ཞིག་བྲི། །དགོས་འབྱུང་ཡིད་


MR10_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོར་བུའི་སྨན། །ས་ལ་ཡང་དག་སྐྱེ་བ་གང་། །གཅེས་པ་བདུན་གྱི་ཤིང་རྟ་ལ། །དྲང་ནས་རྣམ་པར་བཅང་བྱ་སྟེ། །འདིར་བཤད་ཇི་བཞིན་གཞུང་རྣོ་འདོན། །ཁ་བསྒྱུར་གང་ལ་གང་དགོས་སྦྱར། །རོ་ནུས་ཞུ་རྗེས་མི་འགལ་བར། །རིགས་མཐུན་མང་སྣ་སྤྲད་ཀྱང་རུང་། །ལེགས་པར་སྦྱར་ལ་བྱིན་གྱིས་བརླབས། །ཕུད་ཀྱིས་དྲང་སྲོང་རིག་འཛིན་མཆོད། །འགྲོ་ལ་ཕྱོགས་ལྷུང་མེད་པར་སྦྱིན། །སྙིང་རྗེས་སེམས་ཅན་རྟག་ཏུ་བཟུང་། །རྟེན་འབྲེལ་སྒྱུ་མའི་དོན་ལ་བལྟ། །ལྷ་དང་བླ་མར་གསོལ་བ་གདབ། །རྒྱུད་དང་མན་ངག་ཉམས་མྱོང་བསྟུན། །རང་བཞན་དོན་གཉིས་གྲུབ་པར་མཛོད། ༈ །རྒྱལ་བའི་སྤྱན་ཅན་སྟོང་རི་ཟིལ། །གྲེས་མ་ཆུ་རྩ་ལྕུམ་རྩ་རྣམས། །རྒྱལ་བ་ལྔ་ཞེས་ཨ་རུ་རས། །རྣོ་བཏོན་གཉན་ཚད་བད་མཁྲིས་རླུང་། །བཞི་བརྒྱ་རྩ་བཞིའི་ནད་རིགས་སེལ། །ས་སྟེང་འདི་ན་ནད་ཀྱི་རིགས། །གང་ལ་འཕྲད་ཀྱང་མི་གནོད་ཕན། །ཁ་བསྒྱུར་རླུང་ལ་སྒོག་ཐལ་ཏེ། །མཁྲིས་པ་ལ་ནི་ཏིག་ཏས་བསྒྱུར། །བད་ཀན་སྐྱ་བར་དབྱི་མོང་སྟེ། །འདུས་པར་ད་ལིའི་མེ་ཏོག་བསྡེབ། །བྱིས་པའི་ནད་ལ་པྲི་ཡང་ཀུ། །མོ་ནད་ཀུན་ལ་འོལ་མོ་སེ། །གདོན་ལ་མིང་ཅན་ནག་པོ་བཏང་། །གཉན་དང་རྨ་རིགས་སྟག་ཤ་པ། །དུག་རིགས་ཀུན་ལ་ཨ་བོ་སྟེ། །བཅུད་ལེན་ར་མོ་ཤག་གིས་བསྒྱུར། །རོ་ཙར་དབང་པོ་ལག་པས་བསྐྱེད། །དབང་པོ་གསལ་འདོད་རྩ་ཨ་བ། །ཚེ་འཕེལ་བཀྲ་ཤིས་དུར་བ་སོགས། །ཁ་བསྒྱུར་ཤེས་ན་ཅི་ཡང་བྱེད། །ནད་བརྒྱ་སྨན་གཅིག་ངོ་མཚར་ཅན། །དྲང་སྲོང་སྨོན་ལམ་མཚོ་ལས་འཁྲུངས། ༈ །རུ་རྟ་


MR10_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་སྤོས་སྤང་སྤོས་དང་། །ལྕུམ་རྩ་ཆུ་རྩ་ཉེས་མེད་ལྔ། །ཅོང་ཞི་ཡི་ནི་རྣོ་བཏོན་པས། །མི་ཕྱུགས་དུག་ཐབས་ན་བ་སོགས། །ཐམས་ཅད་ཀུན་ལ་འཕྲོད་ཅིང་འཇམ། །རྟ་ཟོག་དུག་ན་ཐང་ཕྲོམ་བསྣན། །ངོས་མ་ཟིན་པ་ཀུན་ལ་འགྲོ། ༈ །ཨ་ཤོ་གནྡྷ་ལྕ་བ་དང་། །ཏང་ཀུན་གོ་སྙོད་སྒོག་སྐྱ་ལྔ། །ཨ་ཤོ་ལྔ་པ་ཞེས་སུ་གྲགས། །ཛཱ་ཏི་དག་གིས་རྣོ་འདོན་བྱས། །རླུང་ནད་དྲུག་ཅུ་རྩ་གསུམ་འཇོམས། །ཚད་རླུང་འཐབ་པའི་སྐབས་དག་ཏུ། །སྒོག་སྐྱ་བསྲེག་ཐལ་བྱས་པ་ལ། །ཨ་གར་གྱི་ནི་རྣོ་འདོན་བྱ། །སྲོག་རླུང་རྣོ་འདོན་ལི་ཤི་སྟེ། །མགོ་རླུང་སྲིན་ལ་ཤིང་ཀུན་ནོ། །ཁ་བསྒྱུར་མཁྲིས་པར་སེ་མེ་ཏོག །བད་རླུང་གྲང་བར་ཟས་འབྲུམ་སྦྱར། ༈ །ཏིག་ཏ་རྩ་མཁྲིས་གཡའ་ཀྱི་མ། །ཟངས་རྩི་ཀྱི་ལྕེ་ཏིག་ཏ་ལྔ། །རྣོ་འདོན་གསེར་གྱི་མེ་ཏོག་ཡིན། །ཚ་མཁྲིས་མེ་ལྟར་འབར་བ་ཞི། །ཁ་ཤོར་དོམ་སོགས་མཁྲིས་པས་བསྒྱུར། །རྒྱུ་མར་སྤང་རྩི་ངོ་བོ་སྟེ། །རིམས་ལ་དེ་བ་རླུང་ལྡན་ཚེ། །ཁ་བསྒྱུར་སེ་བའི་མེ་ཏོག་ཡིན། །མཁྲིས་སྐྲན་མིའམ་ཕག་བྲུན་ནི། །བསྲེགས་ཐལ་བུང་མཉམ་བྱས་པས་ཕན། ༈ །ས་རྫི་ཀ་དང་དབྱི་མོང་དང་། །ལྕེ་ཚ་ཟ་འབྲུ་སྲུབ་ཀ་བ། །ས་རྫི་ལྔ་བ་འདི་ལ་ནི། །སེ་འབྲུ་ཡིས་ནི་རྣོ་འདོན་བྱ། །མ་ཞུ་ལ་སོགས་གྲང་ནད་སྟོང་། །སེལ་ཞིང་ཕོ་བའི་མེ་དྲོད་བསྐྱེད། །སྨད་ཀྱི་གྲང་བར་ལྕ་བ་ཡིས། །ཁ་བསྒྱུར་གྲང་མཁྲིས་སེ་མེ་བསྣན། །རླུང་དང་ལྡན་ན་གོ་སྙོད་བསྲེ། །སྤོས་ཀར་ཨུག་ཆོས་འབྲུ་དང་ནི། །སྐྲན་ལ་རྡོ་ཐལ་ཚད་ལྡན་སྦྱར། །གྲང་ཆུར་འུག་སྒྲོའི་ཐལ་བ་སྦྱར། །མ་ཞུ་སྤྱི་ལ་ཁ་རུ་ཚྭ། །


MR10_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་རྒྱམ་ཚྭ་བསྲེས་པའམ། །ལན་ཚྭ་བརྔོས་བས་ཀྱང་རུང་ངོ་། །རྩམ་པ་མ་ཞུ་བུལ་ཏོག་སྟེ། །ཤ་མ་ཞུ་ན་སོག་ཡུའི་ཐང་། །སྔོ་ངད་མ་ཞུ་ཟ་ལོ་སྡེབས། །ཆང་མ་ཞུ་ན་ཕབས་ཆང་བསྐོལ། །ཡང་ན་སོག་ཚིག་ཐང་དང་སྦྱར། །ཟ་མ་ཞུ་ན་ལན་ཚྭ་བསྣན། །ཞོ་དར་འོ་མ་མ་ཞུ་ན། །སྨན་དང་ལྟག་སྤྲད་ཕྱུར་ཁུ་བཏུང་། །མར་ཚིལ་{མ་ཞུན་ཞེས་སོ་མཆན།} ཅོང་ཞི་རྒོད་བཏུལ་བསྣན། །འབྲུ་མར་མ་ཞུ་སྲན་མའི་ཕྱེ། །སྨན་དང་ལྟག་པ་སྤྲད་ལ་ཟ། །རྡོ་མ་ཞུ་ན་མཚུར་ཟེ་ཚྭ། །གང་རིགས་རྩ་བའི་སྨན་ལ་བསྣན། །སྨན་མ་ཞུ་ན་དུག་རིལ་དང་། །ལྟག་སྤྲོད་པའམ་རྒྱམ་ཚྭ་བསྣན། །དོན་སྣོད་སོ་སོའི་གྲང་བ་ལ། །སོ་སོའི་ཁ་འཛིན་གཉེན་པོས་བསྒྱུར། །དྭངས་མ་མ་ཞུ་བ་ལ་ནི། །བྲག་ཞུན་ནམ་ནི་སྤྲི་ཡང་ཀུས། །ཁ་བསྒྱུར་མ་ཞུ་དྲུངས་ནས་འབྱིན། །ཡང་ན་སྨན་ལྔ་ནུས་བསྲེག་ལ། །པི་ལིང་རྣོ་བཏོན་རྒོད་བརྟུལ་གྱི། །ཅོང་ཞིས་ཁ་བསྒྱུར་གྲང་སྐྲན་བརླག །པི་ལིང་ཚབ་ཏུ་མགྲོན་ཐལ་དང་། །ཅོང་ཞིའི་ཚབ་ཏུ་སྟར་བུ་བྱས། །ཚ་སྐྲན་ཁྲག་སྐྲན་ཐལ་བར་བརླག ༈ །ཚ་བ་གསུམ་དང་བ་ལུ་དང་། །ལན་ཚྭ་ལྔ་པོ་བསྲེག་ཐལ་ལ། །ན་ལེ་ཤམ་གྱིས་རྣོ་བཏོན་པས། །བད་ཀན་སྐྱ་བོ་བེ་སྣབས་སེལ། །རྡོ་ཐལ་སྦྱར་བས་ཕོ་ཐོག་ནི། །གྲང་བ་དག་དང་སྐྲན་རིགས་སེལ། །ཁ་བསྒྱུར་ས་རྫི་ལྔ་པ་བཞིན། ༈ །ཚེར་སྔོན་རུ་རྟ་བ་ཤ་ཀ །ཏང་ཀུན་དྲེས་མ་ཚེར་སྔོན་ལྔ། །ཨ་གར་གྱིས་ནི་རྣོ་བཏོན་པ། །བདུད་རྩི་ཆང་དང་སྦྱར་ལ་བཏང་། །རླུང་ཁྲག་སྟོད་དུ་འཚང་བ་འདེབས། །འབམ་ལ་སྟག་ཤས་ཁ་བསྒྱུར་ན། །སྨད་དུ་འབེབས་པར་ངེས་པ་ཡིན། །གཞན་ཡང་ཁ་བསྒྱུར་


MR10_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པས་འགྲེ། །ནད་རིགས་གཞན་དག་ཕབས་ན་ཡང་། །སྨན་འདི་ངེས་པར་ཟབ་པ་སྟེ། །རང་རང་ནད་ཀྱི་ཁ་བསྒྱུར་དང་། །གླང་ཆེན་གི་ཝཾ་བུང་ཆེར་བསྡེབ། ༈ །ཡུ་མོ་སྲོལ་གོང་བ་ལུ་དང་། །འབྲི་ཏ་ས་འཛིན་རུ་རྟ་དང་། །མ་ནུ་སྲོལ་གོང་ལྔ་པ་ཞེས། །གོ་བོའི་གྲེ་བས་རྣོ་འདོན་བྱ། །གྲེ་ཐོག་ནད་རིགས་དགུ་པོ་འཇོམས། །ཚ་ཤས་ཆེ་ན་གི་ཝཾ་བསྣན། །གྲང་ཤས་ཆེ་ན་རྡོ་ཐལ་བསྲེ། །གྲེ་བ་འཛེར་ལ་སྤང་རྒྱན་ཏེ། །གཉན་ཤས་ཆེ་ན་སྟག་ཤ་གཏོང་། །ཨ་རུ་ནག་ཆུང་བོང་བསྐྱེད་ནས། །ཡུན་རིང་ཟོས་ན་ནད་མཐའ་བརླག ༈ །བ་ལུའི་མེ་ཏོག་རུ་རྟ་དང་། །པྲི་ཡང་ཀུ་དང་ལུག་ཆུང་བ། །མ་ནུ་སྦྱར་བའི་བ་ལུ་ལྔ། །ཅོང་ཞི་འདམ་བཏགས་ཀྱིས་རྣོ་འདོན། །གལ་ཏེ་མ་ནུ་མ་རྙེད་ན། །ཚབ་ཏུ་བྲག་ཞུན་གཏོང་བར་བྱ། །འདས་ནད་སྨུག་པོའི་རིགས་ཀུན་འཇོམས། །མཆོག་ཏུ་ཚ་གྲང་འཐབ་པ་སེལ། །ཁྲག་ཤས་ཆེ་ན་སྐྱུ་རུ་ར། །རླུང་ཤས་ཆེ་ན་ཛཱ་ཏི་དང་། །མཁྲིས་པ་ཤས་ཆེ་གསེར་མེ་ཏོག །གྲང་ཤས་ཆེ་ན་ན་ལེ་ཤམས། །འགྱིང་འདྲིལ་ནད་ལ་སྟར་བུ་དང་། །བྱེར་རྒྱས་ཞི་དཀའ་ཕག་ཁྲག་སྟེ། །རྩིབ་གཟེར་པུས་དཀར་མུ་ལ་བཏང་། ༈ །སྡོ་ཡི་མཆན། ཚ་བ་གསུམ་པོ་བསྲེག་ཐལ་ལ། །གོ་ཐལ་རྡོ་ཐལ་ཐལ་བ་ལྔ། །ཟེ་ཚ་ཆུ་བཅད་ཅུང་ཟད་ཀྱིས། །རྣོ་འདོན་སྐྲན་རིགས་མཐའ་དག་ཀུན། །འབིགས་བྱེད་མདུང་ཐུང་ངར་མ་ཡིན། །ཡང་ན་ཅོང་ཞིའི་འཕྲུལ་ཐལ་སྦྱར། །ཁྲག་སྐྲན་ལ་ནི་སྟར་བུས་བསྒྱུར། །འདྲིལ་བ་བཤིག་ལ་སྦྲུལ་གྱི་ཤ །གྲང་སྐྲན་ཀུན་ལ་པི་པི་ལིང་། །མཁྲིས་སྐྲན་མི་དང་ཕག་བྲུན་སྦྱར། ༈ །ད་ལི་ཧོང་ལེན་གཉིས་ཐལ་བ། །ཏིག་


MR10_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་རུ་རྟ་བོང་དཀར་ལྔ། །མགྲོན་ཐལ་གྱིས་ནི་རྣོ་འདོན་བྱ། །ཚ་སྐྲན་ཕྱི་ནང་བར་གསུམ་འཇོམས། །ཁ་བསྒྱུར་སྤྱི་ལྟར་རིགས་པས་འཕྲུལ། ༈ །ད་ལི་གོ་སྙོད་གླ་སྒང་བ། །སྟག་ཚེར་སྐྱེར་ཤུན་ལྕགས་ཕྱེ་ཡིས། །རྣོ་བཏོན་མདར་གསུམ་ཏིང་ཁྲོལ་སྦྱར། །སྐྱ་རྦབ་ནད་རིགས་ལྔ་པོ་འཇོམས། ༈ །ཐང་ཤིང་བོང་དཀར་བ་སྦྲུ་བ། །སྲད་དཀར་སེང་ལྡེང་སྤོས་དཀར་གྱིས། །རྣོ་བཏོན་འོར་ནད་དྲུག་པོ་འཇོམས། ༈ །ག་དུར་བྱིའུ་སྲད་པྲི་ཡང་ཀུ། །སྔོ་སྨན་སྤྱི་བཞུར་ཆུ་མ་རྩི། །འདི་རྣམས་དུས་བཏུས་དག་ལས་ཉན། དེ་ལྔ་སྐྱུ་རུས་རྣོ་བཏོན་པ། །ཚ་གྲང་དམུ་ཆུའི་སྤྱི་སྨན་ཟབ། །བྱེ་བྲག་ཚ་ཤས་ཆེ་བ་ན། །གུར་གུམ་གྱི་ནི་ཁ་ཚར་གདབ། །གྲང་ན་དབྱི་མོང་བསྣན་པར་བྱ། ༈ །ལྕམ་འབྲས་སྲུབ་འབྲས་དབྱི་མོང་འབྲུ། །པྲི་ཡང་ཀུ་དང་གཟེ་མ་ལྔ། །སྐྱུ་རུས་རྣོ་བཏོན་གྲང་ཆུ་སྐེམ། །ཁ་བསྒྱུར་རྣམ་དཔྱོད་སྟོབས་ཀྱིས་འཕྲུལ། །ཤིན་ཏུ་ཞི་བར་དཀའ་བ་ན། །གཟེ་ལྕམ་སྔོན་བུ་ཁྲོན་བུ་དང་། །ཆུ་མ་རྩི་ལྔ་ཆུ་སྦུར་གྱིས། །རྣོ་བཏོན་དམུ་ཆུའི་རྒྱ་མཚོ་ནི། །ཆང་རྫའི་ཐེམ་པུ་བཞིན་དུ་བརྡོལ། ༈ །ད་ལིའི་ཐལ་བ་ཀྱི་ལྕེ་བ། །གཟེ་མ་གོ་སྙོད་བྱི་ཚེར་ལྔ། །སེ་འབྲུས་རྣོ་འདོན་མར་ཁུ་ལ། །བརྔོས་པའི་ཤ་དང་བསྲེས་ཏེ་ཟ། །གཅོད་ཆེན་ཟད་བྱེད་ཐལ་བར་བརླག ༈ །ད་ལི་དྲེས་མ་ལུག་མིག་པ། །ཁུར་མོང་ག་བྲ་དག་ལ་ནི། །ཨ་རུས་རྣོ་བཏོན་བདུད་རྩི་ནི། །ལྔ་ཐང་ཞེས་བྱ་ཚ་གྲང་ནད། །མ་སྨིན་ལ་སོགས་ཀུན་ལ་ཕན། ༈ །གཡའ་ཀྱི་ཧོང་ལེན་སུམ་ཅུ་ཏིག །བོང་དཀར་སྤང་རྩི་དོ་བོ་ལྔ། །གི་ཝཾ་གྱིས་ནི་རྣོ་འདོན་བྱ། །མ་རྙེད་བྲག་ཞུན་གྱི་ཡང་རུང་། །ཟླ་ཟེར་ལྔ་པ་ཞེས་བྱ་བ། །ཚད་རིགས་ཀུན་སེལ་བདུད་རྩི་དངོས། །རྒྱས་


MR10_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཕྱེ་མ་ཆུ་བསིལ་དབུལ། །མ་སྨིན་པ་དང་རྙོགས་ཚད་ལ། །མྱང་རྩི་སྤྲས་སྦྱར་བསྡུས་ཐང་བྱ། །སྟོད་ཚད་བསྡུས་འཇམ་གོ་རྙོད་བསྣན། །གབ་ཚད་སྟོང་རི་ཟིལ་པ་བསྣན། །རྙིང་ཚད་སྤང་སྤོས་ཨ་བི་ཥ། །གང་རུང་ཁ་བསྒྱུར་བསྡུས་འཇམ་བཏང་། །འགྲམ་ཚད་ལ་ནི་སྤྱི་བཞུར་སྦྱར། །འཁྲུགས་དང་གློ་ཚད་སྲེ་ལོས་བསྒྱུར། །ཁྲག་ལ་བ་ཤ་ཀ་ཡིས་བསྒྱུར། །རིམས་ལ་པར་པ་ཏ་ཡིས་སོ། །སྙིང་གི་ཚད་པར་ཏང་ཀུན་སྟེ། །གློ་ལ་སུག་འདྲ་ཨ་ཀྲོང་བསྒྱུར། །མཆིན་པའི་ཚད་པར་པྲི་ཡང་ཀུ། །རྒོད་སྤོས་བྱི་ཚེར་ཁྲག་རྐང་གསུམ། །གང་རིགས་བསྣན་པས་མཚེར་ཚད་སེལ། །ཤུག་ཚེར་ཉི་དགའ་གང་རུང་གིས། །མཁལ་མར་བབ་པའི་ཚ་བ་སེལ། །ཁུར་རྩ་སྙ་ལོ་འཇིབ་རྩི་གསུམ། །གང་རིགས་བསྣན་པས་ཕོ་ཚད་སེལ། །རྒྱུ་ལོང་ཚད་པར་སྙ་ལོ་སྟེ། །བྲག་སྐྱ་ཧ་བོས་ཁ་བསྒྱུར་ན། །དུག་ཚད་རིགས་ལ་བདུད་རྩི་འདྲ། །གཡེར་ཤིང་བསྣན་པས་འབྲུམ་ཚད་སེལ། །སྟག་ཤ་བསྣན་པས་གག་ལྷོག་སེལ། །སྤྲུ་རྩ་བསྣན་པས་གཉན་གཟེར་འཇོམས། །ཁུར་རྩ་ལུག་ཆུང་རེ་རྐོན་གསུམ། །གང་རུང་ཁ་བསྒྱུར་བཏང་བ་ཡིས། །སྨུག་པོ་ཚ་བ་རྒྱས་པ་སེལ། །སྟབ་སེང་ཨ་བྱག་སྲོལ་གོང་གསུམ། །གང་རུང་བསྣན་པས་མགོ་གཟེར་ཞི། །རྣམ་པར་ཁྲག་རྐང་འབམ་བོ་གསུམ། །གང་རིགས་ཁ་བསྒྱུར་ཡན་ལག་གི། །ཆུ་འཐུད་ཚ་བ་གཅོག་པར་བྱེད། །རྩ་མཁྲིས་སྐྱེར་པ་གང་རིགས་བསྣན། །མཁྲིས་ཚད་དག་ལ་བདུད་རྩི་འདྲ། །ཚད་བས་འཁྲུ་ལ་གང་ག་ཆུང་། །ཡང་ན་བྱ་རྐང་བསྣན་པས་གཅོད། །གྲེ་བ་ཚ་ན་ཚར་བོང་བསྒྱུར། །འོམ་བུ་བྱེའུ་སྒོང་ཐོག་གསུམ། །གང་རུང་སྦྱར་བས་ཤ་


MR10_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གིས། །ཚ་དབལ་གྲེ་བར་འཁྱིལ་པ་སེལ། །སྲིན་ལྡན་ལང་ཐང་རྩེ་སྦྱར་རོ། །སེ་རྒོད་སྐྱེར་པ་སྤ་མའི་འབྲུ། །གང་རུང་བསྣན་པས་ཆུ་སེར་གཞིལ། །དེ་བ་སྐྱེར་ཤུན་གང་རིགས་ཀྱིས། །ཤ་ཡི་ཚད་པ་སེལ་བར་བྱེད། །གསེར་སྐུང་རྩ་ཚད་དུག་ཚད་འཇོམས། །ལུག་རུ་བྲག་སྤོས་སྙི་བ་གསུམ། །གང་རུང་གིས་བསྒྱུར་རྩ་ཆད་འཇོམས། །སྟབ་སེང་སེ་རྒོད་གང་ག་ཆུང་། །གང་རུང་བསྣན་པས་རུས་ཚད་སེལ། །དེ་ལ་སོགས་པ་འཕྲུལ་ཤེས་ན། །ས་སྟེང་ནད་ཀུན་ཕྱེད་འདིས་འཇོམས། ༈ །བ་ཤ་ཀ་དང་ཧོང་ལེན་དང་། །རེ་རྐོན་སེང་ལྡེང་མཛོ་མོ་ཤིང་། །ཁྲག་འཐུག་ལྔ་པ་ཞེས་བྱ་འདིར། །སྐྱུ་རུ་ཡིས་ནི་རྣོ་འདོན་བྱ། །ཁྲག་གི་ནད་རིགས་མཐའ་དག་ཀུན། །ཞི་བྱེད་བདུད་རྩི་མངོན་སུམ་པ། །གཏར་དགོས་གཏར་གྱི་ནུས་མཚུངས་ཉིད། །མཛོ་མོ་ཤིང་ངམ་སེང་ལྡེང་ནི། །གང་རུང་ཚབ་ཏུ་འབྲི་མོག་རུང་། །འཁྲུག་ལ་ཙནྡ་དཀར་པོ་དང་། །རིམས་ལ་པར་པ་ཏ་ཡིས་བསྒྱུར། །སྟོད་གཟེར་རུ་རྟ་བསྣན་ཏེ་བཏང་། །ཁྲག་གི་སྐྲན་ལ་སྟར་བུ་སྟེ། །སྨུག་པོ་ལ་ནི་པྲི་ཡང་ཀུ། །གཉན་གཟེར་ཁྲག་འཐུང་སྟག་ཤ་པ། །ཆུ་འབམ་རྐང་ནད་ཁང་ཕྲུག་བསྣན། །དྲེག་གྲུམ་ཀླུ་གདོན་ཀླུ་བདུད་སྦྱར། །ཀླད་གཟེར་སྟོད་འཁྲུག་ཚེར་སྔོན་སྦྱར། །དེ་ལ་སོགས་པ་མཐའ་ལས་འདས། ༈ །དེ་བ་སྤང་རྩི་པར་པ་ཏ། །རྒྱལ་བའི་སྤྱན་ཅན་ག་བྲ་ལྔ། །རིམས་འཇོམས་བདུད་རྩི་ལྔ་པ་ཟེར། །ཨ་རུ་ར་ཡིས་རྣོ་འདོན་བྱ། །རིམ་གྱི་ནད་ཀུན་དྲུངས་ནས་འབྱིན། །ཡང་ན་ག་པྲའི་ཚབ་ཏུ་ནི། །ཀྱི་ལྕེ་རེ་རྐོན་གང་རུང་བཏང་། །འབྲུམ་པར་གཡེར་ཤིང་ལྕམ་པ་དང་། །སྤང་རྒྱན་ནག་པོ་གང་རུང་བསྣན། །ཁྱད་པར་སྤང་རྒྱན་ནག་པོ་བཟང་། །གུ་གུལ་ཁ་ཚར་


MR10_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པར་བྱ། །རྒྱུ་གཟེར་རྒུ་དྲུས་ཆོས་སྨན་སྦྱར། །དམར་བཤལ་གཅོད་ན་བྱ་རྐང་བ། །ཆམ་པ་ལམ་ལྡོག་གླ་སྒང་དང་། །སེང་གེ་སྤར་མོ་གང་རིགས་བསྣན། །བྲང་ཚ་ལུག་མུར་བསྣན་བྱ་སྟེ། །གྲེ་བ་ཚ་ན་སྤང་རྒྱན་དཀར། །ཁྲག་དང་ཆུ་སེར་གཉན་བསྡོང་ན། །བདུད་རྩི་སྟག་ཤ་བཏང་བ་ཟབ། །འཐིབ་ན་འབྲི་ཏ་ས་འཛིན་བསྡེབ། །སྲིན་དང་བསྡོང་ན་ལང་ཐང་རྩེ། །རླུང་རིམས་སྒོག་ཐལ་ཁ་བསྒྱུར་བྱ། །མཁྲིས་རིམས་མགོ་ནད་ཏིས་ཏས་བསྒྱུར། །སྟོད་བརྒྱངས་གཟེར་ན་བ་ཤ་ཀ །དེ་ལ་སོགས་པ་མཐའ་ལས་འདས། ༈ །ཕུར་ནག་སྟག་ཤ་མིང་ཅན་ནག །དཀར་པོ་ཆིག་ཐུབ་སྤྲུ་ནག་ལྔ། །གཉན་འཇོམས་དཔའ་པོ་མཆེད་ལྔ་ཞེས། །གཉན་གྱི་གྲོང་ཁྱེར་ཟས་སུ་ཟ། །རྣོ་འདོན་གླ་རྩི་བྱ་བ་སྟེ། །ས་སྟེང་གཉན་ནད་འདི་ཡིས་འཇོམས། །ཁོང་ལྷོག་ལ་ནི་ཤ་ཆེན་བསྒྱུར། །ཡང་ན་དཀར་མོ་ལུག་དུག་བསྣན། །དེ་གཉིས་ལྡན་པར་བཏང་ན་རབ། །གག་པར་ངང་བ་གསེར་སྒོང་བསྣན། །ཡང་ན་སྤྱང་ཀིའི་ལྕེ་ཡང་བསྲེ། །ལྷོག་པར་འཛིན་པ་བུང་ཆེར་བསྐྱེད། །ཡང་ན་བྱ་རྒོད་སུག་པ་གཏོང་། །དྲེག་གྲུམ་ལ་སོགས་ཀླུ་ནད་རིགས། །གཟེར་དྲག་གཉན་དང་བསྡོང་བ་ན། །ཀླུ་བདུད་རྡོ་རྗེའི་ཁ་བསྒྱུར་བྱ། །སྲིན་ལ་བྱི་ཏང་ཀ་དང་ནི། །ཡང་ན་མ་རུ་རྩེ་ཡིས་བསྒྱུར། །སྐྲང་འབྲས་འདུལ་ལ་འབམ་པོ་གཏོང་། །མིང་ཅན་ནག་པོ་ཤུ་དག་བཅས། །བསྔགས་ཤིང་བཅིང་ན་ནད་རིགས་སྲུངས། །གནས་དུས་ཁ་བསྒྱུར་དབྱེ་བ་མང་། །སྲོག་འཕྲོག་ནད་རིགས་ཕལ་ཆེར་གསོ། ༈ །ལུག་རུ་ཏྲེས་མ་གཉིས་ཐལ་བ། །རུ་རྟ་སྟག་ཚེར་རྒྱ་སྤོས་ལྔ། །བྱུག་པས་སྐྲ་དཀར་ཀླད་ནད་སེལ། ༈ །


MR10_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བ་གོ་སྙོད་རྟག་ངུ་དང་། །བ་ལུ་གྲེས་མའི་མེ་ཏོག་ལྔ། །གསལ་བྱེད་མེ་ཏོག་ལྔ་པ་འདིར། །གུར་གུམ་ཤིང་མངར་གང་རིགས་ཀྱིས། །རྣོ་བཏོན་དབང་པོ་ཀུན་གསལ་བྱེད། །རང་རང་དབང་པོ་དང་འབྲེལ་བའི། །དོན་གྱི་བཟང་པོས་ཁ་བསྒྱུར་ན། །དབང་པོའི་ནུས་པ་ཁྱད་པར་འཕེལ། །མདུང་རྩེ་བསྣན་པས་མིག་དབང་གསལ། །རྣ་བར་ཨུག་ཆོས་མེ་ཏོག་སྟེ། །པགས་མདང་གསལ་ཕྱིར་སྦྲང་རྩི་བསྣན། །ལུས་ཀྱི་ཁམས་རྣམས་ཀུན་ལ་ཡང་། །བདུད་རྩི་ལྟ་བུར་ཤིན་ཏུ་འཕྲོད། །ཞུན་མར་སྦྱར་ཏེ་བཏང་བར་བྱ། ༈ །སྐྱེར་ཤུན་ཞིམ་ཐིག་བུལ་ཏོག་དང་། །གླ་རྩི་ཉ་མཁྲིས་ལྔ་པོ་ལ། །ནིར་མ་ལེ་སྦྱར་ར་འོ་འམ། །རིགས་བཟང་ནུ་ཞོར་སྦྱར་བ་ནི། །མིག་ཏུ་བླུག་པས་ཚག་འགྲིབ་སོགས། །མིག་ནད་མ་ལུས་ངེས་པར་སེལ། ༈ །རུ་རྟ་སུག་ཐལ་སྤྲུ་རྩ་དང་། །བ་བླ་སྡོང་རོས་ལྔ་པོ་རྣམས། །རྟ་སྤང་ཁུ་བས་སྦག་པའི་ཕྱེས། །སྣ་ལས་སྣ་ནང་བླུག་གོ་མཆན། བྱུང་བའི་ནད་ཀུན་སེལ། ༈ །ཨུག་ཆོས་སྒོག་སྐྱ་ལ་ཕུག་དང་། །རུ་རྟ་ཤུ་ཏི་ལྔ་པོ་ལ། །ཨ་རུའི་རྣོ་བཏོན་ཁུ་བ་གང་། །རྣ་བར་གཏིགས་པས་རྣ་བའི་ནང་། །ཟུག་རྔུ་རྣག་ཁྲག་བཅས་པ་སེལ། །འོན་པར་ར་ཐུག་གཅིན་སྦྱར་བླུག །རླུང་ལ་ཞུན་མར་སྦྱར་ཏེ་དགང་། །སྲིན་ལ་ཕུར་མོང་ཁུ་བར་སྦྱར། ༈ །རུ་རྟ་སྤྲུ་རྩ་སྐྱེར་པ་དང་། །ས་རྫི་ཀ་དང་བ་ཤ་ཀ །སྦྲང་རྩིའི་ཁུ་བས་མཁུར་བཀང་བྱ། །ཁ་ནང་ནད་རིགས་མཐའ་དག་སེལ། ༈ །ཨུཏྤལ་ཏིག་ཏ་བ་ཤ་ཀ །རུ་རྟ་སྤང་རྒྱན་ལྔ་པོ་ལ། །ཨོལ་མདུད་སྣ་ཚོགས་ཁུ་བ་ཡིས། །རྣོ་བཏོན་མགུལ་ལྦ་ཐམས་ཅད་སེལ། །ཏེ་འཕྱིས་ཞེས་པའི་སྨན་དང་སྦྱར། །ལུས་གནས་གཞན་གྱི་ལྦ་བའང་འཇོམས། ༈ །།


MR10_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་རྒྱན་སྲོ་ལོ་ལི་ག་དུར། །རུ་རྟ་ཏང་ཀུན་ལྔ་པོ་ལ། །ལི་ཤིས་རྣོ་བཏོན་གྲེ་བའི་ནད། །མཐའ་དག་ཚ་གྲངས་མེད་པར་འཇོམས། །དབྱངས་སྙན་མགྲིན་པ་བདེ་བར་བྱེད། །གྲེ་བ་ཚ་ན་ཚར་བོང་དང་། །བྲང་ཚ་ལུག་མུར་སྦྱར་བ་ཡི། །སྐད་འགགས་ནད་རིགས་ཀུན་སེལ་བས། །ཐོར་ནད་ཐོག་མའི་སྐབས་སུའང་སྦྱར། ༈ །རུ་རྟ་གོ་སྙོད་ར་མཉེ་དང་། །སྒོག་སྐྱ་རྟག་ངུ་བདེ་སྐྱིད་ལྔ། །འདི་ལ་ཛཱ་ཏིས་རྣོ་བཏོན་པས། །སྙིང་གི་ནད་སེལ་ཡིད་བདེར་འགྱུར། །ཚ་གྲང་ཆུ་སེར་ལ་སོགས་པ། །གང་ལ་གང་ཕན་ཁ་བསྒྱུར་རམ། །མ་བསྒྱུར་ན་ཡང་ཅི་ལའང་ཕན། ༈ །པྲི་ཡང་ཀུ་དང་ཏིག་ཏ་དང་། །གླ་སྒང་ཧོང་ལེན་ད་ལི་སྦྱར། །གུར་གུམ་རྣོ་བཏོན་མཆིན་ནད་སེལ། །ཨ་ཀྲོང་སྲོ་ལོ་གསེར་སྐུད་དང་། །འདམ་བུ་ཀ་ར་གོང་ཤམས་པ། །ཅུ་གང་རྣོ་བཏོན་གློ་བ་ཡི། །ནད་བརྒྱ་སྨན་གཅིག་ངོ་མཚར་ཆེ། ༈ །དབང་ལག་བ་སྤུ་བྱི་ཚེར་དང་། །ཁྲག་རྐང་ད་ལི་ཀ་ཀོ་ལས། །ཁ་བསྒྱུར་མཆེར་ནད་ཀུན་ལ་ཕན། ༈ །བྲེ་ག་གཟེ་ལྕམ་སེང་ལྡེང་དང་། །བ་ལུ་སུག་སྨེལ་རྣོ་ལྡན་པ། །མཁལ་མའི་ནད་རིགས་མ་ལུས་སེལ། །སེང་ལྡེང་ཚབ་ཏུ་སྐྱེར་པའང་རུང་། །གཡེར་ཤིང་བྱུང་ན་ཕུལ་དུ་འགྱུར། །དྭ་རྒན་ནད་རུ་རྟ་གྲུམ་མཁལ་གྲུབ་སྟེ་མ་ཟངས་རྩི། །ཆུ་ཤོར་ཤུག་ཚེར་སོགས་བསྒྱུར་རུང་། ༈ །ལ་ལ་ཕུད་དང་ས་རྫི་ཀ །གོ་སྙོད་ལྕུམ་རྩ་ད་ལི་ལྔ། །སེ་འབྲུས་རྣོ་བཏོན་ཕོ་ནད་ཀུན། །སེལ་ཞིང་ཤིན་ཏུ་འཕྲོད་པར་འགྱུར། ༈ །སྙ་ལོ་གོ་སྙོད་ཏིག་ཏ་དང་། །འཇིབ་རྩི་ད་ལི་དུག་ཉུང་གིས། །རྣོ་ལྡན་རྒྱུ་མའི་ནད་རིགས་སེལ། ༈ །སྟར་བུ་ལྕུམ་རྩ་ཀྱི་ལྕེ་དང་། །གོ་སྙོད་ད་ལིར་ཁ་རུ་ཚྭས། །རྣོ་ལྡན་ལོང་གི་ནད་རིགས་འཇོམས།


MR10_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

༈ །སེད་ཕྲོམ་རུ་རྟ་སྐྱེར་ཁན་དང་། །སྲོ་ལོ་གོ་སྙོད་གླ་རྩི་ཡིས། །རྣོ་ལྡན་བྱུག་པས་ཕོ་མཚན་གྱི། །ནད་རིགས་མཐའ་དག་རྣམ་པར་འཇོམས། ༈ །གོ་སྙོད་ནས་ཚིག་ཐལ་བ་དག །གཟེ་མ་བ་ཤ་ཀ་རུ་རྟ། །རྒྱ་སྤོས་ཀྱི་ནི་ཆ་བསྐྱེད་པའི། །སྨན་མར་འཐུང་པས་མངལ་གྱི་ནད། །ཀུན་སེལ་བུ་ཚའི་དཔལ་ཡང་འཛིན། ༈ །རྒྱ་ཤུག་གོ་སྙོད་སྟར་བུ་དང་། །སྲུབ་ཀ་དབྱི་མོང་ལྔ་པོ་ལ། །སེ་འབྲུས་རྣོ་བཏོན་དང་ག་འབྱེད། །ཚད་པར་གུར་གུམ་དག་གིས་བསྒྱུར། ༈ །ལྕམ་པ་འུ་སུ་སྐྱེར་བ་དང་། །སོ་ཕག་བསྲེགས་ཁུ་སྐྱུར་རྩབ་ལྔ། །སྦྲང་རྩི་དག་གིས་ཁ་བསྒྱུར་བཏང་། །སྐོམ་དད་ནད་རིགས་མཐའ་དག་སེལ། ༈ །ནས་ཟན་བྲུན་དང་སྦྲང་རྩི་དང་། །ཤུག་དམར་ཤོག་ཤིང་མིང་ཅན་ལྔ། །སྤོས་དཀར་ཨ་གར་གང་རུང་གིས། །རྣོ་བཏོན་དུ་བ་སྣ་རུ་རྔུབ། །སྐྱིགས་བུ་ལ་སོགས་སྟོད་རླུང་འཁྱིམ། །དུད་ཁུང་ཕྱེས་པ་ལྟ་བུར་སངས། ༈ །སྒོང་ཐོག་སྲོ་ལོ་རུ་རྟ་དང་། །ཨ་ཀྲོད་རྟའམ་བའི་ལྕི་བ། །ཆུར་སྦྱང་ཁུ་བས་འཕུལ་བྱས་ན། །དབུགས་མི་བདེ་བ་མཐའ་དག་སེལ། ༈ །སྤྲུ་ནག་ཐང་ཕྲོམ་བྱི་རུག་པ། །གྲེས་འབྲུ་སྲིན་ཤིང་སྣ་མའི་འབྲས། །གེ་སར་ལྔ་པ་བྱིང་ཏང་ངམ། །མ་རུ་རྩེ་ཡིས་རྣོ་འདོན་བྱ། །ཚ་གྲང་སྲིན་གྱི་ནད་བརྒྱ་འཇོམས། །མགོ་སྲིན་ལྕགས་ཏིག་ཁ་བསྒྱུར་ལ། །མར་གསར་ཁུ་བ་ཉུང་ངུས་དབུལ། །གཞང་སྲིན་ལ་ནི་མས་བཏང་བྱ། །ཕོ་ལོང་སྲིན་གླང་འཁྱུག་པ་ལ། །ཟས་དང་སྤེལ་ལ་ཐུན་འགའ་གཏོང་། །ཕྱི་ཚིལ་སྦྱར་ལ་སྣ་ནས་བདུག །དེ་ལ་སོགས་པ་རིགས་པས་འགྲེ། །བསེ་སྤུར་སྦྱར་བས་གླང་ཐབས་འཇོམས། །རྐྱང་པའང་ཡང་གླང་ཐབས་སྨན་དུ་བཟང་། ༈ །ཚེར་སྔོན་སོག་ཁ་པ་དང་ནི། །འདི་གཉིས་མི་བསྲེག །ཐར་ནུ་སྲུབ་ཀ་དབྱི་མོང་གསུམ། །


MR10_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག་ཐལ་འབྲས་ཡོས་རྣོ་བཏོན་པས། །སྐྱུག་པ་མཐའ་དག་གཅོད་པར་བྱེད། ༈ །ཐ་རམ་ན་རམ་བྱ་རྐང་དང་། །འབྲས་ཡོས་དུག་ཉུང་ལྔ་པོ་ལ། །དྭ་ཏྲིག་བཏབ་བཏང་འཁྲུ་བ་གཅོད། ༈ །ཆུ་རྩ་ལྕུམ་རྩ་སྟག་ཤ་བ། །ཤུ་ཏི་ཨུག་ཆོས་ལྔ་པོ་ལ། །བུལ་ཏོག་དག་གིས་རྣོ་བཏོན་པས། །དྲི་མ་འགག་པ་མ་ལུས་སེལ། ༈ །ཉི་དགའ་གཟེག་ལེར་ཏྲེས་མ་དང་། །སེ་ར་རུས་ལྔར་རྒྱ་ཚྭའམ། །གསེར་ཕྱེས་རྣོ་བཏོན་ཆུ་འགགས་འབིག ༈ །བྱི་ཚེར་སེང་ལྡེང་སྐྱེར་པ་དང་། །གླ་སྒང་གཟེ་མ་ལྔ་པོ་ལ། །སྦྲང་གིས་རྣོ་བཏོན་གཅིན་སྙིའི་ནད། །ཟ་ཁུའི་རིགས་གྱུར་ཐམས་ཅད་སེལ། །བསྲེག་ཐལ་དགོས། ཡང་ན་སྐྱུ་རུའི་ཁ་ཚར་གདགས། ༈ །སྤང་སྤོས་རུ་རྟ་ཀླུ་བདུད་དང་། །སྲུབ་ཀ་བ་ཤ་ཀ་ལྔ་པོར། །སླེ་ཏྲེས་རྣོ་བཏོན་དྲེག་ཀུན་སེལ། །གཉན་དང་ཟུག་ཆེ་སྟག་ཤ་བསྣན། ༈ །གཟེ་མ་བ་སྤྲུ་གཡེར་མ་དང་། །རུ་རྟ་སླེ་ཏྲེས་གཟེ་མ་ལྔ། །བོང་ཁྲག་རྣོ་བཏོན་གྲུམ་བུ་འཇོམས། ༈ །སེང་ལྡེང་རམ་ཉེ་ཉེ་ཤིང་དང་། །བ་སྤྲུ་ལྕ་བ་སེང་ལྡེང་ལྔ། །སྤོས་དཀར་གྱིས་ནི་རྣོ་བཏོན་པས། །ཆུ་སེར་ཐམས་ཅད་སེལ་བའི་མཆོག །ཆུ་སེར་ནག་པོར་སྤང་རྒྱན་སྔོན། །དཀར་པོར་སྲུབ་ཀ་བོང་ཆེར་བསྐྱེད། །མགོ་ལ་ཨ་ཕྱག་གཟེར་འཇོམས་དང་། །བྱང་ཁོག་འབྲི་རྟ་ས་འཛིན་བསྒྱུར། །དེ་སོགས་ཁ་བསྒྱུར་སྦྱར་ཤེས་ན། །བཅོས་སྡུག་ཕལ་ཆེར་འདི་ཡིས་འཚོ། ༈ །རྒུ་དྲུས་ས་འཛིན་ལྕམ་པ་དང་། །རྡོ་དྲེག་རུ་རྟ་ལྔ་པོ་ལ། །གུར་གུམ་རྣོ་བཏོན་རྩ་དཀར་གྱི། །ནད་རྣམས་མ་ལུས་ངེས་པར་འཇོམས། །གཉན་རིམས་རྩ་ལ་བབ་པ་ལ། །སྟག་ཤས་ཁ་བསྒྱུར་བྱེད་པ་ཟབ། །དེ་ལ་བྲག་ཞུན་བསྣན་པ་དག །ཁོང་དུ་བཏང་བས་ཞ་གྲུམ་རིགས། །ཆུ་རྒྱུས་ཉམས་


MR10_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐའ་དག་སེལ། །ཕྱི་ནས་ཚད་ལྡན་བདུད་རྩི་ལྔ། །མི་རུས་བསྣན་པ་སོགས་ཀྱིས་གདུལ། ༈ །སྐྱེར་ཁན་བྲག་ཞུན་སྒྲོན་ཤིང་དང་། །དབྱི་མོང་ཧོང་ལེན་ལྔ་པོ་ནི། །སྦྲང་རྩིའི་ཆུས་འཕུལ་ཚོ་ཆེས་པའི། །ནད་ཀུན་ངེས་པར་རླག་པར་བྱེད། ༈ །རུ་རྟ་དུག་ཉུང་བ་བླ་དང་། །ལྡོང་རོས་དུད་པའི་ལྡེ་གུ་ཡིས། །ཤ་བཀྲ་ཤུ་ཐོར་གཡན་པ་སོགས། །པགས་པའི་ནད་རིགས་མཐའ་དག་སེལ། །ཤུག་པའི་མར་ཁུ་ཕབ་བྱས་ལ། །ནིམ་པ་ནག་མཚུར་ཏིལ་གི་ཝཾ། །རྩབ་སྦྱར་བྱུག་པས་ཟ་འཕྲུག་སོགས། །པགས་ནད་འགའ་ལ་ཤིན་ཏུ་ཕན། ༈ །རྟ་དཀར་རྨིག་པ་སྐྱེར་བ་དང་། །དྲ་བའི་རྩ་བ་སེང་ཕྲོམ་བཞི། །བསྲེག་ཐལ་ཆུ་རྩ་དང་ལྔའོ། །སྦྲང་སྦྱར་བ་ཆུས་བྱུག་པ་ཡིས། །སྨེ་བ་དོ་ཁབ་ཁྱེ་མ་སེལ། །གདོང་པ་པད་ཟླ་ལྟ་བུར་མཛེས། །པགས་པའི་ཆུ་སེར་རིགས་ཀྱང་འཇོམས། ༈ །སྔོན་བུ་ཁྲོན་བུ་ཆུ་རྩ་དང་། །སྟར་བུ་ཏིག་ཏ་རྣམ་པ་ལྔ། །སོ་མ་རཱ་ཛས་རྣོ་བཏོན་པ། །བསྡུས་འཇམ་ཐང་གི་ཚུལ་དུ་འཐུང་། །པགས་ནད་ཤུ་ཐོར་རིགས་དང་ནི། །ཁྱད་པར་ཟ་འཕྲུག་ཆེར་རྒྱས་པ། །ཕྲུག་པས་མི་ཕན་པ་དང་ནི། །ཡང་ན་ཕྲུག་ཤུལ་གཟེར་འབྱུང་བ། །དེ་འདྲའི་རིགས་ལ་ཤིན་ཏུ་ཟབ། ༈ །ཆུ་རུག་ཆུ་རྩ་ཆུ་བལ་དང་། །གསོར་ལྡེམ་བྲག་སྤོས་སིནྡྷུ་རས། །རྣོ་བཏོན་མེས་ཚིག་རྨ་ལ་ཕན། །ཡང་ན་ཉ་མཁྲིས་བུལ་ཏོག་བསྣན། ༈ །ཟངས་རྩི་མཛེར་ལྡུམ་བྱུག་པས་མཛེར་པ་སེལ། །གྲེ་བར་གྲ་མ་ཟུག་ན་སྦྲུལ་ཚིལ་བྱུག །སྣེའུ་ལྷག་པར་རང་གི་དྲི་ཆུ་བྱུག །གཉའ་རེངས་ལྟག་དགྱེ་ཚྭ་མར་བྱུག་ལ་མཉེ། །རྐང་ལག་ཁ་བས་ཕྱིད་ན་ཆུ་ཡིས་བསྒྲེང་། །གློ་བུར་མིག་སྣད་ནུ་ཞོ་རྡོ་དྲེག་ནི། །དཀར་པོ་སྦྱར་བྱུག་རླུང་གིས་མཆུ་གས་ན། །སྤྱི་བོར་མར་བྱུག་སེན་སྐྱི་གས་པ་ལ། །


MR10_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་མར་བྱུག་དེ་ལ་སོགས་པ་ཡི། །ཕྲན་བུའི་ནད་བཅོས་སྣ་ཚོགས་གཞན་དུ་བལྟ། ༈ །ཀྱི་ལྕེ་ལྕམ་པ་བ་ཤ་ཀ །དཔྱི་རུས་སྤེན་མ་གཉིས་བསྲེག་ཐལ། །ཨ་རུ་དང་བཅས་བཏང་བ་ཡིས། །ནུ་མའི་ནད་རིགས་སྐྲང་སོགས་སེལ། ༈ །ཀྱི་ལྕེ་ཏིག་ཏ་བྱི་ཚེར་བ། །ལྕ་བ་ར་མཉེ་འབམ་པོ་ཡིས། །ཆ་བསྐྱེད་འབྲས་འདུལ་ཁོང་སྨན་མཆོག ༈ །སྤྲུ་རྩ་རེ་ལྕགས་འབམ་པོ་དང་། །ཉ་ཤ་བྱ་བྲུན་འབྱར་གྱིས་ནི། །འབྲས་ཀུན་འདུལ་ཞིང་རྣག་ཏུ་འགུགས། །ཤིན་ཏུ་རྒྱས་འདྲིལ་ཞི་དཀའ་ན། །བདུད་རྩི་ལྔ་ལ་འདི་བསྣན་ཏེ། །རླངས་ལུམས་བྱན་ལུམས་སྤེལ་མ་རུ། །ཞག་བདུན་བྱས་ན་ངེས་པར་རྡོལ། ༈ །ཐང་ཤིང་གཟེ་མ་བ་སྤྲུ་བ། །དུག་ཉུང་དབྱི་མོང་ལྔ་པོ་ལ། །ཙི་ཏྲ་ཀའམ་བྱི་ཏང་ཀས། །རྣོ་བཏོན་དར་བས་ཕུལ་བ་ན། །གཞང་འབྲུམ་མ་ལུས་ངེས་པར་འཇོམས། ༈ །ཀྱི་ལྕེ་ཧོང་ལེན་སྐྱེར་དུག་ཉུང་། །སྲན་ཆུང་བཟའ་བྱུག་མེ་དབལ་ཞི། ༈ །བ་ཤ་ཀ་དང་སེང་ཕྲོམ་དང་། །སྟག་ཤ་སྤྲ་ཐང་ག་དུར་ལྔ། །སླེ་ཏྲེས་བསྣན་བཏང་སུརྱ་ཡི། །ནད་རིགས་ཀུན་ལ་མཆོག་ཏུ་ཕན། ༈ །སེང་ཕྲོམ་ཧོང་ལེན་སྐྱེར་སྤྲ་ཐོག །སྟག་ཤ་དྲི་ཆུར་སྦྱར་བ་ཡིས། །རྨེན་བུའི་ནད་རིགས་མཐའ་དག་སེལ། ༈ །ལྕ་བ་བ་སྤྲུ་རུ་རྟ་དང་། །སྐྱེར་པ་གོ་སྙོད་རླིག་རླུགས་སེལ། ༈ །གདུག་པ་འབམ་གྱི་ནད་རིགས་ལ། །ཚ་འབམ་ཁྲག་འཐུང་ལྔ་པ་ལ། །གི་ཝཾ་སྐྱུ་རུ་བཏབ་པ་བསྟེན། །ཚེར་སྔོན་འབེབས་སྨན་གོང་ལྟར་བྱ། །རྗེས་གཅོད་ཆུ་སེར་སྨན་རྣམས་ནི། །ཁང་ཕུག་དག་གི་ཁུ་བས་གཏོང་། །གྲང་འབམ་དྲོད་སྨན་དུམ་རེ་བསྟེན། །བདུད་རྩི་ལྔ་ཐང་དག་ཀྱང་ནི། །ཐོག་མཐའ་བར་གྱི་སྐབས་སུ་སྤེལ། ༈ །ཚ་བ་གསུམ་དང་དུག་མོ་ཉུང་། །སྟག་


MR10_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ལྔ་ལ་སྤོས་དཀར་གྱིས། །རྣོ་བཏོན་མཚན་པར་རྡོལ་བ་སེལ། ༈ །བོང་དཀར་སྲོ་ལོ་ཧོང་ལེན་དང་། །འདམ་བུ་ཀ་ར་ནས་སྔོན་ནི། །འབྲུ་བདུན་གུར་གུམ་རྣོ་བཏོན་པའི། །ཐང་གིས་བྱིས་པའི་ཚད་པ་སེལ། ༈ །གླ་སྒང་བ་སྤྲུ་ར་མཉེ་པ། །ཉེར་ཤིང་ས་རྫི་ཀ་ལྔ་པོ། །སེ་འབྲུའི་ཁུ་བས་སྦྲུས་པ་ཡིས། །བྱིས་པའི་གྲང་བ་མཐའ་དག་སེལ། ༈ །གུ་གུལ་ཡུང་དཀར་མི་ཡི་སྐྲ། །རྨ་བྱའི་སྒྲོ་དང་སྟག་ཚེར་ལྔ། །ཤུ་དག་གིས་བྲན་སྔགས་ཀྱིས་བརླབ། །བཅིང་བདུག་བྱུག་པས་བྱིས་པ་ཡི། །གདོན་རིགས་མ་ལུས་སྲུང་དང་གསོ། ༈ །འོལ་མོ་སེ་དང་ཕང་མའི་འབྲུ། །སྟར་བུ་ཧོང་ལེན་མཐིང་ཤུན་བཅས། །ཤ་བའི་རྭ་ཁྲག་གིས་རྣོ་འདོན། །ཁྲོ་བོ་གང་རུང་གི བུད་མེད་ཁྲག་ཚབ་ཞི་བར་བྱེད། །མངལ་སྐྱོན་ལྕུམ་རྩས་ཁ་ཡང་བསྒྱུར། །ཡང་ན་ཁྲོན་བུ་བུང་ཆེན་བསྣན། །ནུ་ཚབ་བ་ཤ་ཀའམ་ནི། །ཀྱི་ལྕེ་བསྣན་ལ་ཐང་དུ་བཏང་། །སྟབ་སེང་ཏིག་ཏ་ལྕུམ་རྩ་བསྣན། །བཙས་རྗེས་བང་ཚད་མྱུར་དུ་སེལ། ༈ །ལྕུམ་རྩ་བ་སྤྲུ་ལྕ་བ་དང་། །དབང་ལག་གཟེ་མ་དང་ལྔ་པོར། །ལི་ཤི་ཛཱ་ཏི་གང་རུང་བསྣན། །གནག་ལུག་ཤ་བ་གང་རུང་གི། ཤ་ཁྲག་ལ་བཏབ་བསྐོལ་ཏེ་བླུད། །རླུང་ཚབ་མཐའ་དག་ཞི་བར་བྱེད། ༈ །སྟར་བུ་སྦྲུལ་ཤ་བྱི་རུག་པ། །ལྕམ་པ་སྤྲུ་འབྲུ་སུག་སྨེལ་སྦྱར། །སྐྱེས་པའི་ས་བོན་ནམ་ལུས་དྲེག་གི། །ཐང་ཕུལ་བའམ་མངལ་དུ་བླུག །སྲིན་ཁྲོས་ལ་སོགས་མངལ་ནད་སེལ། ༈ །གཞན་ཡང་བྱིས་པ་བཙའ་བ་དང་། །མངལ་ཁྲག་སྐྱེ་རྒྱུན་གཅོད་པ་ཡི། །སྔོ་སྨན་སྣང་ཡང་གཞན་དུ་བལྟ། ༈ །རྒྱ་སྤོས་ཤུག་པ་རུ་རྟ་དང་། །ཡུངས་ཀར་ལྡོང་རོས་མར་རྙིང་སྦྱར། །ཟོས་པས་འབྱུང་པོའི་གདོན་ལས་གྲོལ། ༈ །


MR10_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རྒོད་སྤོས་དང་དུག་སྲད་པ། །ཡུངས་ཀར་མིང་ཅན་ནག་པོ་དང་། །སྟག་ཚེར་གུ་གུལ་གྱིས་རྣོ་འདོན། །སྔགས་བཏབ་བདུག་པས་འབྱུང་པོ་བྱེར། ༈ །རྒྱ་སྤོས་རུ་རྟ་སྟག་ཚེར་དང་། །དབྱི་མོང་ཤུག་པ་མར་རྙིང་སྦྱར། །སྨྱོ་བྱེད་ནད་ལས་རྣམ་པར་གྲོལ། །དེ་ལྔའི་སྟེང་དུ་ཤུ་དག་དང་། །བ་སེར་མཁྲིས་སྦྱར་ཐང་དུ་འཐུང་། །བརྗེད་བྱེད་ནད་ཀྱི་འདམ་ལས་ཐར། ༈ །སྟོང་ཟིལ་ཟིན་ཏིག་གཟའ་དུག་པ། །ཀླུ་བདུད་ར་དུག་རྣམ་པ་ལྔ། །འབྲུ་བཞིའི་ཧཱུྃ་བཛྲ་ཕཊ་ཡིན། སྔགས་ཀྱིས་རབ་ཏུ་གནས། །ཐང་དང་ཕྱེ་མ་ལུས་ཟུང་སྦྱར། །མེ་ཆུ་གནམ་གཟའ་ཀླུ་འབྱུང་གདོན། །བྱད་ཕུར་བར་ཆད་ལྟས་ངན་བཟློག །ཤིན་ཏུ་བཀའ་གཉན་འཚུབ་འགྱུར་ཆེ། ༈ །ཀླུ་བདུད་སེང་ལྡེང་རུ་རྟ་དང་། །དྲི་ཆེན་ལྕ་བ་གླ་རྩིའམ། །གུ་གུལ་གྱིས་ནི་རྣོ་བཏོན་པས། །མཛེ་རིགས་བཅོ་བརྒྱད་རྨིང་ནས་བརླག །ཀླུ་ཡི་ནད་རིགས་ཀུན་ལ་ཕན། ༈ །མཛེ་ལྡུམ་སོག་ལེ་ཁ་དང་ནི། །མཁན་པ་སྤྲུ་རྩ་རྟ་རྨིག་པ། །ཁ་གུར་རམ་ནི་དོམ་མཁྲིས་ཀྱིས། །རྣོ་བཏོན་འཐུང་བས་ཁྲག་ཤོར་གཅོད། །རྟ་སྦང་ཁུ་བས་ཕུལ་བྱས་ན། །སྣ་ཁྲག་ལ་ཡང་ཤིན་ཏུ་ཟབ། །བྱ་ཕོ་ཙི་སྦྱར་ཟླ་མཚན་གཅོད། ༈ །ཡུ་གུ་ཤིང་དང་རྟ་ལྤགས་པ། །བྲག་སྤོས་བྲག་ལྕམ་རྒུ་གྲུས་ལྔ། །རེག་འབྱོར་ལྔ་པ་ཞེས་སུ་གྲགས། །དོམ་མཁྲིས་ཀྱིས་ནི་རྣོ་བཏོན་པ། །འཐུང་ངམ་བྱུག་པ་བྱས་པས་ཀྱང་། །རྨ་རིགས་མཐའ་དག་འགྲུབ་པའི་མཆོག །རུལ་གཅོད་འབྲུག་རུས་བཏབ་སྟེ་བྱུགས། །རྨེན་ངན་འཁྲིགས་ན་བ་བླ་འདེབས། །རྩ་རུལ་མེ་ཏོག་སེར་ཆེན་བསྒྱུར། །མགོ་རྨར་སྨུག་ཆུང་འདན་ཡོན་བསྣན། །རྨ་ཡི་ཚད་པར་ཤ་མང་སྟེ། །རྨ་སྲིན་བྱི་


MR10_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

རུག་གདབ་པར་བྱ། །ཡང་ན་དྭ་བའི་རྩ་བ་བསྣན། །ཁྲག་གཅོད་པ་ལ་མཁན་པ་སྟེ། །མགོ་བོའི་ཤ་རུས་ཆེར་འགྲམ་ན། །ཚེར་སྔོན་སྲོལ་གོང་སྟབ་སེང་གསུམ། །གང་རུང་བསྣན་བཏང་ཞི་བར་བྱེད། །སྤང་ཚན་སྦུ་རུ་བསྣན་པ་ཡིས། །བྱང་ཁོག་རྩ་དོན་འབྱོར་ཁྲག་སྐེམ། །ཕུང་ཐལ་སྟག་ཤ་འགྲོན་ཐལ་གསུམ། །གང་རུང་ཁ་བསྒྱུར་བྱང་ཁོག་གི། རྣག་ཁྲག་ཆུ་སེར་སྐེམ་པར་བྱེད། །གུར་གུམ་འབུ་སུ་ཧང་བསྣན་ནས། །འཐུང་བྱུག་རྨ་ལ་བདུད་རྩི་མཚུངས། །དེ་ལ་སོགས་པ་རིགས་པས་འགྲེ། ༈ །ཕུར་མོང་སྲུབ་ཀ་ཁང་ཕུག་གི། ཐལ་བ་ལྕ་བ་ར་མཉེ་སྟེ། །ཐལ་བ་གསུམ་དང་རྩ་བ་གཉིས། །མུ་ཟི་མར་བསྐོལ་དམར་ནག་ནང་། །བཏབ་སྟེ་བསྐོལ་བས་གྲང་འབྱམ་རྣག །ཆུ་སེར་རྒྱ་མཚོ་ཙམ་ཡང་སྐེམ། ༈ །སྟག་ཤ་བྲག་སྤོས་ཧོང་ལེན་དང་། །ཚེར་སྔོན་སིནྡྷུ་ར་དང་ལྔ། །བྲག་ཞུན་རྣོ་བཏོན་ཕུལ་བ་ཡིས། །རྨ་གསར་ཚད་པ་ཆེ་བ་དང་། །རྩ་ཐིག་གཉན་ཤས་སྐྲངས་ཤིང་རྣག །ལ་སོགས་བྱང་ཁོག་སྐྱོན་མང་སེལ། ༈ །འོ མ་བུ་རེ་རལ་བྲག་སྐྱ་དང་། །ཀོ་བྱི་བོང་དཀར་ལྔ་པོ་ལ། །ཨ་རུས་རྣོ་འདོན་སྦྱར་དུག་རིགས། །ཐམས་ཅད་མ་ལུས་སེལ་བར་བྱེད། །ཆར་ཉུང་ཁནྜ་ཡོད་ན་བསྲེ། །དུག་རིགས་ཚ་གྲང་མེད་པར་འཇོམས། །ནད་གཞན་དུག་བག་ལྡན་ལའང་ཟབ། །དུག་འཇོམས་ཆེན་མོ་ཞེས་སུ་བརྗོད། ༈ །ད་ལི་ལྕུམ་རྩ་ཀོ་ཋ་བ། །རེ་རལ་འོ མ་བུ་ལྔ་པོ་ལ། །ཨ་རུ་ར་སྦྱར་མི་འཕྲོད་དུག །ཐུག་ཕྲད་གློ་བུར་ཉིད་དུ་སེལ། ༈ །བྱི་འུ་ལ་ཕུག་སེ་རྒོད་ཀྱི། །བར་ཤུན་ལུག་རུ་སྨུག་པོ་དང་། །སྒོང་ཐོག་སྤང་རྒྱན་གཉེན་པོ་ལྔ། །བྲག་སྐྱ་ཨ་བོས་རྣོ་བཏོན་པས། །ཤ་དུག་ཡིན་ནོ་ཅོག་གི་ནད། །བླ་གཉན་བཅས་པ་ཅིག་ཆར་འཇོམས། ༈ །


MR10_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་བོ་བ་ཤ་ཀ་ར་ཁྲག །ཕག་ཚིལ་སླེ་ཏྲེས་བདེ་བྱེད་ལྔ། །འཐུང་ཞིང་སྐབས་འགར་བྱུག་ཀྱང་རུང་། །བཙན་དུག་ཐང་ཕྲོམ་བསེ་ཤིང་དང་། །རྟ་སྤུའི་དུག་རྣམས་ཞི་བར་བྱེད། ༈ །སྟོང་ཟིལ་བ་སྤྲུ་ཐང་ཕྲོམ་དཀར། །ཧོང་ལེན་རྒྱ་སྤོས་ཨ་རུ་ཡིས། །རྣོ་བཏོན་ཁྱི་དུག་ངེས་པར་འཇོམས། ༈ །རྒྱ་སྤོས་བྱེ་རུག་ག་བྲ་དང་། །རུ་རྟ་སྐྱེར་པ་གུ་གུལ་གྱིས། །རྣོ་བཏོན་བཟའ་བྱུག་བྱས་པ་ཡིས། །ཁྱི་སྦྲུལ་སྲིན་བུ་བ་དུག་སེལ། ༈ །ཚེ༡་སྟོབ༢ས་མད༣ང་བློ༤འི་བཅུད་ལེན་ནི། །བཅོ༡མ་ལྡན་འདས་ཀྱིས་ཚེའི་རྫས་སུ། །བྱིན་རླབས་བཀྲ་ཤིས་དུར་བའི་རྩྭ། །གང་གི་གདན་དུ་མཛད་ནས་ཀྱང་། །རྡོ་རྗེའི་སྐུ་བརྙེས་རྩྭ་ཀུ་ཤ །བཅུད་ལེན་རྒྱལ་པོ་མཁའ་འགྲོ་ཡི། །བྱིན་རླབས་བདུད་རྩི་ར་མོ་ཤག །ཚེ་དཔག་མེད་མགོན་ཚེ་བུམ་གྱི། །བདུད་རྩི་ལས་འཁྲུངས་ལུག་མུར་བ། །དགུན་དུས་མི་སྐམ་རྟེན་འབྲེལ་རྫས། །ཚེ་འཕེལ་བཀྲ་ཤིས་མཁན་ཡང་ན་ཤུག་འབྲུམ་གྱིས་རུང་པ་ལྔ། མཉམ་སྦྱོར་སྨན་རྒྱལ་ཨ་རུ་རས། འཇམ་པོར་བསྒྱུར་བའི་ཕྱེ་རིལ་ལ། །རྟེན་འབྲེལ་ངེས་པ་བསམ་ཞིང་བརྗོད། །ཡེ་དྷར་བཟླ་ཞིང་སུས་ཟོས་པ། །རྒུད་མེད་ཉི་ཟླར་མཉམ་པའི་ཚེ། །དཔལ་འཕེལ་བཅུད་ལེན་རྒྱལ་པོ་ཉིད། །རྒྱུད་ཁོལ་བུར་ལས་གསུང་པ་ཇི་བཞིན་ཏེ། །འདི་ལ་ཐེ་ཚོམ་ག་ལ་ཡོད། །རྒྱུན་དུ་བསྟེན་པས་ཚེ་དབང་འགྲུབ། །རྟེན་འབྲེལ་ནུས་པ་བསམ་མི་ཁྱབ། ༈ །ར་མཉེ་དབ༢ང་ལག་ལུག་མུར་རྩ། །རྟག་ངུ་བ་ལུའི་མེ་ཏོག་སྟེ། །མེ་ཏོག་གཉིས་དང་རྩ་བ་གསུམ། །སྦྲང་རྩིས་རྣོ་འདོན་ཚུལ་དུ་དྲིལ། །ལུས་སྟོབས་བཀྲག་མདངས་ཚེ་དཔལ་རྒྱས། ༈།རྟག་ཏུ་དབང་ལག་བ་ལུ་དང་། །ར་མཉེ་ལུག་མུར་ལྔ་པོ་ཡི། །མེ་ཏོག་དར་ལ་


MR10_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དུས་བཏུ། །མ་བརྙེས་སིལ་བུར་གྲིབ་བསྐམ་བྱ། །ཞིབ་བཏགས་ཨ་རུས་རྣོ་བཏོན་པས། །ལུས་མདངས་ཨུཏྤལ་བཞད་པ་དང་། །གུར་གུམ་མཚམས་སྤྲིན་འོད་བསྒྱུར་{གུར་གུམ་གྱིས་མདོག་འགྱུར་ཙམ་བྱས་པའོ།}ན། །བློ་གསལ་བདེ་བའི་ཉི་མའང་འཆར། །འཇམ་4དཔལ་ཐུགས་རྗེ་ལས་འཁྲུངས་བའི། །ཡོན་ཏན་བརྒྱ་ལྡན་ཡིད་བཞིན་ནོར། །བཅུད་ལེན་ཀུན་གྱི་རྒྱལ་པོ་ཆེ། །བདུད་རྩི་འོད་ལྡན་རྟག་ཏུ་ངུ་། །དཀར་པོ་གསུམ་{སྤང་རྒྱན་ཤུ་དག་བ་ལུའི་མེ་ཏོག་}དང་སེར་པོ་གཅིག {།ཁུར་མང་}ར་དཀར་བ་དམར་འོ་མས་རིལ་བུར་{གང་རུང་གི}དྲིལ། །ཡང་ན་{ཁ་ཚར་ཨ་རུ་ནག་ཆུང་བཟང་།}སྨན་མར་དག་ཏུ་བྱ། {།ཨོཾ་ཝ་ཀྱེ་དམ་ན་མ་སོགས།}འཇམ་པའི་རྡོ་རྗེའི་རིག་སྔགས་ཀྱིས། །བྱིན་རླབས་སྙིང་ནང་བདུད་རྩི་ཡིས། །གང་བར་བསམ་ལ་རྟེན་སྙིང་བཟླ། །ཐོ་རངས་དུས་སམ་འཆར་ཁའི་དུས། །བསྟེན་པས་བློ་གསལ་སེམས་བདེ་ཞིང་། །ཚིག་དོན་རྣམ་འབྱེད་ཡིད་གཞུང་དང་། །ངག་སྙན་ལུས་ཡང་ཁམས་བདེར་འགྱུར། །ཡོན་ཏན་བརྗོད་མི་ལོང་བ་འཐོབ། ༈ །དབྱར་རྩ་དགུན་འབུ་དབང་པོ་ལག །རམ་ཉེ་ཉེ་ཤིང་ཐང་ཕྲོམ་དཀར། །ཚད་ལྡན་རྩ་བ་ལྔ་པོ་དེ། །ཐུག་འབྲས་སྣ་ཚོགས་ཕྱེ་བཏབ་ནས། །འོ་མར་ཁུ་བ་རང་ཐིམ་བཙོ། །བྱུང་ན་སྲམ་གྱི་མཇུག་ཏོ་དང་། །མཆིལ་པའི་ཤ་ཡང་བསྲེ་བར་བྱ། །རིལ་བུའམ་ནི་སྨན་མར་རམ། །ལྡེ་གུ་ཕྱེ་མ་གང་རིགས་བྱ། །རོ་ཙ་མདའ་ལྔ་ཞེས་སུ་གྲགས། །ཁུ་བའི་ཆུ་གཏེར་རྒྱས་པ་དང་། །འདོད་པའི་རྟ་གདོང་མེ་འབར་བ། །དགའ་བའི་ཟླ་ཤེལ་འཆར་བ་གསུམ། །དུས་གཅིག་བྱེད་པའི་ངོ་མཚར་སྨན། །གོང་དུ་བཤད་པའི་སྨན་དེ་དག །རྣོ་འདོན་ལ་སོགས་ལྡན་གྱུར་ན། །ནུས་པ་ཕུལ་དུ་ཕྱིན་པར་འཐོབ། །གལ་ཏེ་མ་འབྱོར་ཀྱང་རུང་ཙམ། །རྣོ་འདོན་ཁ་


MR10_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་འདེམས་སོ་ཅན། །ནུས་པས་འཇུག་ན་མཉམ་དུའང་སྦྱར། །ཕལ་ཆེར་ཡུན་དུ་བསྟེན་པ་ན། །སྔོ་སྨན་རྩུབ་པ་ཉིད་ཀྱི་ཕྱིར། །ཤ་ཆེན་ཨ་རུ་སྦྱར་བ་བཟང་། །ཕྱེ་རིལ་ཐང་རྣམས་གང་ཤིས་དཔྱད། །ཡང་ན་དུས་བརྐོས་སྨན་དེ་དག །སྦྱོར་སྡེ་རེ་རེ་ཁནྜ་བྱ། །དེ་ལ་རྣོ་འདོན་སྦྱར་བ་ནི། །ལོ་མང་མི་རྙིང་ནུས་པ་འཇམ། །གསོ་རིག་ཡན་ལག་བརྒྱད་པའི་གཞུང་། །སྦྱོར་སྡེས་ཅུང་ཟད་མཚོན་པར་བྱ། །དེ་ལས་རྒྱས་པར་ཕྱེ་བ་ན། །བསམ་གྱིས་མི་ཁྱབ་གྲངས་ལས་འདས། །ཀྱི་ལྕེ་སྲོ་ལོ་རྩ་བ་ལྔའི། །སྨན་མར་སྨན་ཆང་ལ་སོགས་པ། །འདི་ལས་འཕྲུལ་ཏེ་གཞུང་ལྟར་སྦྱར། །དེ་ནས་སྦྱོང་བྱེད་ལས་སོགས་ཀྱི། །ས་བཅད་ཙམ་ཞིག་སྨོས་པ་ནི། ༈ །ཐར་ནུ་སྔོན་བུ་ཁྲོན་བུ་དང་། །ཆུ་རྩ་ལྕུམ་རྩ་ལྔ་པོ་ནི། །བ་ཆུས་ཁཎྚ་བྱས་པ་ལ། །དུར་བྱིད་རྣོ་བཏོན་སྦྱར་བའི་མཆོག །ཆུ་རིགས་ཆུ་མ་རྩི་ལ་སོགས། །ཁ་བསྒྱུར་རིགས་པས་འཕྲུལ་ཏེ་ཤེས། །སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། །བཤལ་གྱི་གཞུང་བཟང་སྦྱི་ལྟར་བྱ། ༈ །དུར་བྱིད་སྦྱང་ཚེར་རི་ཤོ་བ། །ས་འཛིན་བོང་དཀར་ལྔ་པོ་ལ། །པི་ལིང་རྣོ་བཏོན་སྐྱུགས་ཀྱི་སྨན། །ཡང་ན་ལྔ་པོ་ཁོ་ན་སྦྱར། །སོ་ཆ་སོགས་ཀྱིས་ཁ་བསྒྱུར་བྱ། །མཛོ་མོ་ཤིང་གིས་ཁ་བསྒྱུར་ན། །གྲེ་ཐོག་འདྲེན་པར་བྱེད་པ་ཡིན། །དེ་ལ་སོགས་པ་དུ་མ་ཡོད། ༈ །རུ་རྟ་སུག་ཐལ་བོང་དཀར་ཐལ། །ས་འཛིན་ཤིང་མངར་སྦྱར་བ་སྟེ། །ཐལ་བ་གཉིས་དང་སྨན་གཞན་གསུམ། །ཞིབ་འདུལ་བ་ཡི་ཆུས་སྤྲུའམ། །བ་ཡི་ཆུ་ལ་བཏབ་པའི་ཁུ། །དང་མ་སྣ་སྦྱོང་མཆོག་ཉིད་དེ། །མགོ་སྐྱོན་མཐའ་དག་སེལ་བར་བྱེད། །སྣ་ཁྲག་ཀླང་ཁྲག་སོ་སྲིན་ལ། །རྟ་སྦང་ཁུ་བའི་དྭངས་མར་སྦྱར། །


MR10_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བ་གློ་ནད་ལ་ཕུག་ཆུ། །གུར་གུམ་ཞུན་མར་སྦྱར་བ་ཡིས། །མགོ་རླུང་ཁྲག་འཐབ་གཟེར་བ་འཇོམས། །སྦྱོར་དངོས་སྣ་སྦྱོང་སྤྱི་ལྟར་བྱ། ༈ །རུ་རྟ་ཀྱི་ལྕེ་བ་སྤྲུ་བ། །དེ་བ་ད་རུ་སྤྲུ་ནག་བཅས། །རྒྱམ་ཚྭ་ཨ་རུས་རྣོ་བཏོན་པའི། །འཇམ་རྩིས་སྨད་ཀྱི་ནད་རིགས་སེལ། ༈ །སུག་པ་རེ་ལྕག་ལྕུམ་རྩ་དང་། །ཀྱི་ལྕེ་དུད་པ་བ་ཆུའམ། །ཆུས་སྦྱང་ནི་རུ་ཧ་མཆོག་གོ། །དེ་རྣམས་རང་རང་ལེའུ་བསྟུན། ༈ །ཚ་བར་བསིལ་བའི་སྔོ་ཡི་ཆུ། །ཆུ་བསིལ་གྲོད་པར་བཏུམ་པས་བདུག །གྲང་བར་ཚ་དང་བྱེ་མ་སོགས། །བརྔོས་པ་དྲོན་མོས་བདུག་པ་དང་། །རང་རང་སྨན་གྱིས་བདུག་པ་སོགས། །དུག་གི་ལེའུར་ཤེས་པར་བྱ། ༈ །བ་ལུ་ཤུག་པ་མཚེ་མཁན་པ། །འོམ་བུ་བདུད་རྩི་རྣམ་པ་ལྔ། །ཁུ་བ་དྲོན་མོའམ་གྲང་བ་དང་། །རླུང་ལུམས་བཅིང་ལུམས་བྱན་ལུམས་སོགས། །གང་ཤིས་དང་འཕྲོད་སྨན་ཡང་སྟེ། །རྩ་རྒྱུས་རེངས་འཁུམ་སྐམ་པ་སོགས། །ནད་རིགས་ཀུན་ལ་བདུད་རྩི་འདྲ། ༈ །ཀྱི་ལྕེ་ནག་པོ་ཡིན། སྲོ་ལོ་ས་སྨྱག་དང་། །ཧོང་ལེན་སྔོན་བུ་ཆུར་སྦྱར་བྱུག །ཚ་སྐྲང་ཟུག་གཟེར་ཚ་དབལ་འཇོམས། ༈ །དུད་པ་རུ་རྟ་སྐྱེར་འོམ་བུ། །ཨུཏྤལ་བྱུག་པས་ལྤགས་ནད་སེལ། ༈ །འཛིན་པ་མི་ཁྱིའི་བྲུན་རྭ་གཞོབ། །མིང་ཅན་གུ་གུལ་བྱུག་པ་ཡིས། །གག་ལྷོག་ལ་སོགས་གཉན་སྐྲང་གཞིལ། །ཡང་ན་བྲུན་གཉིས་ཚབ་ཏུ་ནི། །སྤྲུ་ནག་རེ་ལྕག་པ་ཡང་རུང་། །ཡང་ན་སྟག་ཤར་བསྣན་པར་བྱ། །སྐྲང་འདུལ་བྱུགས་པ་ཤིན་ཏུ་ཟབ། །རེ་ལྕག་ཆུ་རྩ་གཉིས་ཐལ་བ། །གོ་སྙོད་སྲུབ་ཀ་སྔོན་བུ་ནི། །མར་རྙིང་སྦྱར་བྱུག་ཆུ་སེར་དང་། །གྲང་བ་ལས་བྱུང་ནད་འཇོམས་འགྱུར། ༈ །བྱང་བ་ལེགས་བཏུལ་ཤིང་མངར་བཅས། །དམུ་ཆུའི་སྐབས་བཤད་ཆུ་སྦྱོར་ལ། །བསྣན་པའི་རྩ་


MR10_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་མཆོག་ཏུ་གྱུར། ༈ །ཡང་ན་གཡེར་ལྕམ་བྱི་བཟུང་པ། །གྲེས་མ་གཟེ་མ་གསེར་བྱེ་སྦྱར། །བྱང་བའི་རྣོ་འདོན་བྱས་ཀྱང་ཆོག །རྟེན་འབྲེལ་མེ་དཔྱང་མཁྱུད་བཅོས་རིགས། །བྱ་སླ་དོན་ཆེ་ཟབ་མོའི་ཚོགས། །རྒྱས་པར་ལོགས་སུ་ཡི་གེར་སྤེལ། །གསེ༡ར་ག༢ཡུ་དུ༣ང་དང་ཟང ༤ས་ཞེས་པ། {ནི་རིམ་པ་ལྟར། ཡང་ན་སྲོ་ལོ་སྤངས་ཏེ་ཉ་ཕྲུག་གི་ལོ་འབྲུམ་སྦྱར་བ་ཐམས་ཅད་ལ་བཟང་།}མཁན1་ཤུ༢ག་བ་༣ ལུ་སྲོ་༤ལོ་དམར། །ཀུ་ཤ་དང་{ས་བད་རུང་གི།}བཅས་ལྔ་པོ་དེ། །རི་མཐོ་ས་གཙང་ལས་སྐྱེས་པ། །གཅིག་བསྡུས་ཙནྡན་དཀར་དམར་གྱི། །ཆུས་བྲན་དག་བྱེད་སྔགས་འདིས་བརླབ། །ཨ་ཨ་ཤུདྡྷེ་ཨཱཿ གཙང་མར་བྱས་ལ་བདུག་པ་ཡིས། །གྲིབ་རིགས་མི་གཙང་འགལ་རྐྱེན་ཚོགས། །ཉི་མས་མུན་པ་བཞིན་དུ་སེལ། །ཆོས་སྐྱོང་ཝེར་མ་དགྱེས་པར་བྱེད། །འདི་ནི་མཆོག་ཏུ་དག་བྱེད་རྫས། །ཤིན་ཏུ་བཀྲ་ཤིས་བྱེད་པ་སྟེ། །ལྷ་བསང་རྫས་ཀྱི་རྒྱལ་པོ་ཡིན། །འདི་ལ་རྟག་ཏུ་བརྩོན་པ་ནི། །རྣལ་འབྱོར་པ་ལ་ཤིན་ཏུ་ཟབ། ༈ །དཀར་དམར་ཡིད་{བ་ལུའི་མེ་ཏོག་}འོང་གུར་ཁྱིམ་དུ། །དབང་གི་ལྷ་མོ་{སྲོ་ལོ་དམར་པོའི་རྩ་བ་}དྲི་བསུང་འཐུལ། །གཡས་ན་པདྨའི་ལྕགས་ཀྱུ་{གླང་སྣ་དམར་པོའི་མེ་ཏོག}འཛིན། །གཡོན་པས་དྲི་ཡི་སྤོས་ཕོར་བསྣམས། {།སྤང་སྤོས་རྩ་བ།} དཔག་བསམ་ཤིང་གི་རྒྱབ་{ཤུག་དམར་ཤིང་།}བརྟེན་ཅན། །འོད་དམར་རང་བཞིན་མེར་གྱིས་{ཅིག་ཏུ་བསྲེ་འདུལ་བྱ་བ།}ཞུ། །བདེ་བ་ཆེན་པོའི་ངང་དུ་མྱོས། {།ཆང་གིས་བསྙལ།} སླར་ཡང་ཧ་རིའི་ཚལ་{ཙནྡན་དཀར་པོས་ཁ་བསྒྱུར་}དུ་བྱོན། །བཞེངས་བཞུགས་{རང་བུའམ་རིལ་བུ། ཕྱེ་མ།}འབྱོན་པ་གང་ཡང་རུང་། །གཙང་ཞིང་གཙང་མར་བྱས་གྱུར་ནས། །ཀུ་རུ་ཀུ་ལེ་སོགས་སྔགས་དང་རྟེན་འབྲེལ་སྙིང་པོ་ནི། །གང་རྫས་སོགས་ལ་དམིགས་ཏེ་བཟླས་


MR10_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཤིང་། །དུས་སུ་རྡོ་རྗེ་{མེ་སྦར་ལ་}རྣོན་པོ་ཡིས། །བསྐུལ་ཞིང་ཅི་འདོད་དངོས་གྲུབ་ཞུ། །བཞི་ཡི་{རྫས་དེས་ལས་བཞིའི་སྦྱིན་བསྲེག་བྱ་བའོ།}མན་ངག་ཚུལ་བཞིན་བྱ། །དག་གཙང་བཀྲ་ཤིས་དགེ་ལེགས་བྱེད། །བར་ཆད་ཞི་ཞིང་ཚེ་དཔལ་རྒྱས། །ཡིད་འོང་དབང་གི་རྫས་ཡིན་ཏེ། །རླུང་སེམས་ལྷ་མིའི་འབྱོར་བ་འདུ། །ཆོས་སྐྱོང་མཉེས་ཤིང་དགྲ་བགེགས་བསྒྲལ། །ཡིད་བཞིན་རེ་བ་རྫོགས་པ་དང་། །དངོས་གྲུབ་ཆེན་པོའང་འགུགས་པར་བྱེད། །དེ་ཡང་ལུང་བཞིན་འདི་རུ་བསྡུས། ༈ །དེ་ལྟར་གསོ་རིག་རྒྱ་མཚོ་ལས། །ཉེར་མཁོ་བུམ་པས་ལེགས་བཅུས་ཆུ། །གློ་བུར་ནད་ཀྱི་ཚ་གདུང་གིས། །སྐོམ་པ་སེལ་བའི་སླད་དུ་བྱས། །ཨེ་མ། ནད་རིགས་མུན་པའི་མདངས་འཕྲོག་ཅིང་། །ཀུན་དགའི་འོད་བཟང་བདུད་རྩི་ཅན། །སྨན་སྦྱོར་ཟླ་བ་དྲི་མེད་འདི། །བདེན་རྫུན་མངོན་སུམ་ཚད་མས་གྲུབ། །རིས་མེད་འགྲོ་བའི་མདུན་ས་རུ། །ཕན་བདེའི་སླད་དུ་ཉེར་ཆས་ཟླ། །དྲང་སྲོང་ཞལ་ལུང་ཆུ་གཏེར་གྱི། །སྙིང་པོར་རྗེས་དཔག་ཚད་མས་གྲུབ། །རྒྱུད་དོན་རྒྱུ་སྐར་ཕྲེང་བའི་ལམ། །དེ་ལས་གཞན་དུ་མ་སོང་བར། །སྙིང་པོའི་ཚུལ་མཛེས་རི་བོང་ཅན། །འཁྲུལ་མེད་ལུང་གི་ཚད་མས་གྲུབ། །ཚད་མ་གསུམ་ལྡན་མན་ངག་འདི། །སྔོན་ཆད་གཞུང་གཅིག་ཏུ་བསྒྲིགས་པའི། །དཀྱིལ་འཁོར་རྣམ་པར་གང་བའི་ཟླ། །ས་སྟེང་འདིར་ནི་ཡོངས་མ་གྲགས། །རྒྱུད་དོན་རྒྱ་མཚོ་ཆེན་པོའི་མཇིང་། །བྱིན་རླབས་རླབ་ཕྲེང་ཆེར་གཡོ་བ། །དད་བརྩོན་བློ་ཡིས་དེང་བསྲུབ་པས། །མན་ངག་བདུད་རྩིའི་ཐིག་ལེ་ཤར། །དེང་སང་གངས་རིའི་ཁྲོད་འདི་ན། །སྦྱངས་དང་མ་སྦྱངས་འཚོ་བྱེད་མང་། །སྨན་མེད་དབུལ་པོའི་ངང་ཚུལ་གྱིས། །ནད་པའི་དོན་ལ་གཡེལ་བར་མཐོང་། །དེ་ཕྱིར་ལྷག་བསམ་རྣམ་པར་དཀར་བའི་འདབ། །


MR10_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་ཟེའུ་འབྲུ་གསར་པས་རབ་མཛེས་པའི། །འཚོ་བྱེད་ཀུ་མུད་དཀར་པོ་རྒྱས་པའི་ཚལ། །ཀུན་དགར་བྱེད་པའི་ཟླ་ཤེལ་རྣམ་པར་མཛེས། །དྲང་སྲོང་རིག་འཛིན་བརྒྱུད་པའི་བྱིན་རླབས་དང་། །གཞན་ཕན་ལྷག་བསམ་དག་པའི་རྟེན་འབྲེལ་འདིས། །མ་རྒན་ཉམ་ཐག་འགྲོ་བའི་ནད་ཀྱི་ཚོགས། །མཐར་བྱེད་བདུད་རྩིའི་རེག་པ་འཕྲོ་གྱུར་ཅིག །དེ་སྐད་གཞན་ཕན་ཡིད་ཀྱི་འོ་མའི་མཚོ། །དྲང་སྲོང་སྨོན་པའི་ཟླ་ཤེལ་གྱིས་མཛེས་པས། །སྨོན་ལམ་བདུད་རྩིའི་རླབས་ཕྲེང་ཆིལ་ཆིལ་གཡོས། །ཚེ་འཛིན་ངང་ངུར་གཞོན་ནུའི་ཡིད་ཀྱང་བསྐུལ། །གང་གིས་འུ་ཅག་ཡུན་རིང་བསྐྱང་བའི་མ། །འདི་ལ་ཕན་པ་རྣམ་ཀུན་མཛོད་ཅིག་ཅེས། །ཐལ་སྦྱར་མེ་ཏོག་འཛུམ་པའི་དབུས་ཉིད་དུ། །མན་ངག་སྦྲང་རྩིའི་དོག་པ་འདི་ངོམས་ན། །གསོ་རིག་ལེགས་བཤད་མགྲིན་པའི་དབྱངས་སྙན་པ། །རྣམ་དཔྱོད་འཕུར་ལྡིང་གཡོ་བའི་བུང་ཚོགས་ཀུན། །དགའ་བའི་གར་གྱིས་རོ་བཅུད་འདི་འཐུང་ལ། །གཞན་དོན་ཡངས་པའི་མཁའ་ལ་བསྐྱོད་པར་མཛོད། །ཞེས་པ་འདི་ནི་ཁྱབ་བདག་སྨན་པའི་རྒྱལ་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་དམ་པ་དུ་མའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་གུས་པས་སྤྱི་བོར་ལེན་པའི་སྐལ་བཟང་ཐོབ་ཅིང་། རྒྱུད་ཆེན་ཡན་ལག་དང་བཅས་པ་མང་དུ་ཐོས་པའི་ཚེ་རིག་འཛིན་པ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ཞེས་པས་རྫོང་གསར་བཀྲ་ཤིས་ལྷ་རྩེར་བྲིས་པ་དགེ་ལེགས་སུ་གྱུར་ཅིག། ༈ །།གསོ་རིག་མཐར་ཕྱིན་མི་ཕམ་གྱི། །ཞལ་ལུང་བདུད་རྩིའི་ཐིགས་ཕྲེང་འདི། །སྤར་དཔོན་ངག་འཇིགས་ལེགས་བྱས་ཀྱི། །སྤར་བསྒྲུབས་འགྲོ་ཀུན་ནད་སེལ་ཤོག །དགེའོ།། །


previousསྨན་སྦྱོར་བདུད་རྩིའི་ཐིག་ལེ།no next