Nitartha Digital Library
Tibetan
གླེགས་བམ་བཅུ་གཅིག་པ།


   
   
   
   
   
མཁྱུད་སྤྱད་སྣ་ཚོགས་ཕྱོགས་བསྡུས་ཙིནྟ་མ་ཎི།
   
   
   
   
   
   
   


 
previousམཁྱུད་སྤྱད་སྣ་ཚོགས་ཕྱོགས་བསྡུས་ཙིནྟ་མ་ཎི།next

མཁྱུད་སྤྱད་སྣ་ཚོགས་ཕྱོགས་བསྡུས་ཙིནྟ་མ་ཎི།


MR11_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱུད་སྤྱད་སྣ་ཚོགས་ཕྱོགས་བསྡུས་ཙིནྟ་མ་ཎི་བཞུགས་སོ། །


MR11_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་དང་ཡེ་ཤེས་མཉམ་ཉིད་རྡོ་རྗེའི་སྐུ། །གང་འདུལ་དེར་སྣང་མཐའ་ཡས་ཕན་བདེའི་གཏེར། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་གང་དེ་དང་། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། །འདིར་རིག་འཛིན་རྒྱལ་པོ་པདྨ་སཾ་བྷ་བའི་ཟབ་གཏེར་རྣམས་དང་། རྗེ་བཙུན་དམ་པ་རྒྱ་གར་གྱི་རྟེན་འབྲེལ་མཁྱུད་སྤྱད་སྐོར་གཞིར་བཟུང་། གཞན་ཡང་དེ་དང་རིགས་མཐུན་གྱི་གདམས་ངག་སྣ་ཚོགས་ཅི་རིགས་རྙེད་པ་ཕྱོགས་བསྡུས་ཀྱི་སྐོར་ལ། རྣལ་འབྱོར་པ་གང་ཞིག་ཆོས་འཕེལ་བའི་རྟེན་འབྲེལ་དུ། རང་གི་རྩ་བའི་བླ་མའི་དབུ་སྐྲ་ཕྱག་སེན་སོགས་དང་སངས་རྒྱས་ཀྱི་རིང་བསྲེལ་རྟེན་འབྲེལ་སྙིང་པོ་བཅས་རིན་པོ་ཆེའི་སྣོད་དུ་བཅུག་པ་ལ་ཕྱག་མཆོད་བྱ་ཞིང་དུས་སུ་སྤྱི་བོར་དྲངས་ལ་གསོལ་བ་བཏབ་པས་བྱིན་རླབས་བདུད་རྩི་འོད་ཟེར་དམར་སེར་གྱི་རྣམ་པས་སྤྱི་བོ་ནས་རང་ལུས་གང་སྟེ་བྱིན་གྱིས་


MR11_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་པར་བསམས་ལ་རྟེན་འབྲེལ་སྙིང་པོ་ཅི་འགྲུབ་བཟླས་པས་ཆོས་འཕེལ་ཞིང་བརྩམས་པའི་ལས་དོན་ཡོད་པར་འགྱུར་རོ། །རྣལ་འབྱོར་པ་སྒྲུབ་ཚུགས་ཟིན་པའི་རྟེན་འབྲེལ་དུ་མལ་འོག་ལ་ས་དཀར་གྱིས་གཡུང་དྲུང་རིས་བྲིས། དེར་བཀྲ་ཤིས་ས་རྡོ་སྣ་ཚོགས་བཀྲམ། རང་གི་སྟེང་དུ་ར་ཡི་སོག་པར་དགའ་འཁྱིལ་བྲིས་པའི་ལྟེ་བར་ཨོཾ་ཨཱཿཧཱུྃ་དང་། མགྲོན་བུའི་ནང་དུ་གསེར་གྱིས། ཧ་རི་ནི་ས་ཏིཥྛ་ལྷན།ཞེས་བྲིས་པ་བཅུག་སྟེ་ཕྱོགས་བཞིར་གཞུགས་པས་རྐྱེན་ཅི་བྱུང་ཡང་དགེ་སྦྱོར་དང་དམ་བཅའ་མི་ཞིག་པར་བརྟན་པར་འགྱུར་རོ། །རྣལ་འབྱོར་པ་ནད་ཉུང་བའི་རྟེན་འབྲེལ་དུ་དཀར་གོང་སྲིན་ཅན་ཞིག་ལ་མཆིལ་མ་ལན་བདུན་བཏབ་པ་སྒོ་འོག་མནན། ཨ་རུ་ར་ལ་གསེར་གྱིས་ཡི་གེ་ཤྃ་བྲིས་པ་སྒོ་གོང་དུ་སྦས། ཁ་ཟས་ཟ་དུས་སྨན་གྱི་ནོར་བུར་བསམས་ལ། མ་ཎི་དྷཱ་རཱི་བྷེ་ཥ་ཛྱེ་སིདྡྷི་ཧཱུྃ། ཞེས་བརྗོད་པས་ནད་


MR11_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་ཟས་སྐོམ་ཀུན་སྨན་དང་བཅུད་ལེན་དུ་འགྱུར་རོ། །རྣལ་འབྱོར་པ་ལ་དམ་སྲི་མི་ལྡང་བའི་རྟེན་འབྲེལ་དུ། ཁྲབ་བྱང་ལ་ཁྲག་གིས་ཐིག་ལེ་དགུ་བཀོད་པ་དང་སྤྲེའུའི་སྙིང་སྲེག་པའི་སྒྲོ་བཅས་དམ་སྲི་རྒྱལ་འགོང་བར་ཆད་བྱེད་པ་ཐམས་ཅད་ཀྱི་ངོ་བོར་བསམ་ལ་ཧཱུྃ་ལཾ། ཞེས་བཟླས་ནས་སྒོ་དྲུང་སོགས་སུ་མནན་པས་དམ་སྲི་དང་རྒྱལ་པོའི་ཆོ་འཕྲུལ་སྲི་ངན་ལྡང་བ་དམག་འཁྲུགས་ཟིང་སོགས་མི་འབྱུང་ངོ་། །རྣལ་འབྱོར་པ་ཚོགས་པ་སོགས་ལ་ཁྱིམ་དུ་ནང་འཐབ་མི་འོང་བའི་རྟེན་འབྲེལ་དུ། དར་ཚོན་ལྔས་བརྒྱན་པའི་མེ་ལོང་ལ། ཧ་རི་ནི་ས་སུ་ཁ་སིདྡྷི་ཛཿ ཞེས་བྲིས་པ་ཁྱིམ་གྱི་དབུས་སུ་བཏགས། ཁང་པའི་ནུབ་ངོས་སུ་ཉི་ཟླ་བྲིས་ལ་སིནྡྷུ་ར་བྱུགས་ཏེ་བཞག་ན་ནང་ཤིན་ཏུ་དུམ་པར་འགྱུར་རོ། །རྣལ་འབྱོར་པ་ལ་གཉན་ཁྲོད་སོགས་སུ་མི་མ་ཡིན་པའི་བར་ཆད་སྲུང་ན། མལ་གྱི་སྟེང་འོག་ཏུ་ཐོད་པ་གཉིས་ཁ་སྦྱར་བའི་རྣམ་པར་བཞག །དེ་གཉིས་ཀྱི་ཕྱི་ལ་མཚལ་གྱིས་རཾ་ཆེན་པོ་རེ་བྲིས། ནང་ནུབ་རང་གི་ལུས་ཐོད་པ་གཉིས་ཁ་སྦྱར་མེ་འབར་བའི་ནང་དུ་ཚུད་པར་དམིགས་ལ། ཀེཾ་རཾ་རཾ་རཾ་ཧ་ན་ཧཱུྃ༔ ཞེས་བཟླས་པས་སྡེ་བརྒྱད་འབྱུང་པོ་རྡུལ་ལྟར་འཚུབས་ཀྱང་ཅི་ཡང་བྱ་མི་ནུས་སོ། །རྣལ་འབྱོར་པ་ལ་བྱད་གཏད་དྲག་པོ་བྱུང་ན། རང་གི་མལ་འོག་ཏུ་རུས་སྦལ་ཁོག་པའི་ནང་ཡུངས་ཀར་ཐལ་ཆེན་ལྕགས་ཕྱེ་ཟངས་ཕྱེས་བཀང་བ་བཅུག །སྲོད་ཀྱི་དུས་སུ་གནམ་ལྕགས་ཀྱི་ཙཀྲ་རྩིབས་བརྒྱད་པའི་གུར་ཁང་སྦུབས་ཅན་གྱི་ནང་དུ། རང་ཉིད་ཧཱུྃ་


MR11_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ནག་མེ་འབར་བའི་རྣམ་པར་གསལ། འཁོར་ལོའི་ཕྱི་རོལ་ཏུ་སྲིད་པའི་རུས་སྦལ་ཡངས་ཤིང་རྒྱ་ཆེ་བའི་གུར་ཁང་གི་ལུས་ཀྱི་ཆ་ཐམས་ཅད་ལས་བདག་གདུག་པའི་དཔུང་ཚོགས་ཉི་རྡུལ་ལྟར་འཕྲོ་ཞིང་འདུ་བར་བསམས་ལ། བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཞེས་བཟླ་ཞིང་སེམས་རེ་དོགས་དང་བྲལ་བར་ཉལ་བས་བྱད་མཁན་ནུས་ལྡན་སྟོང་གིས་བྲུབ་ཀྱང་ཉམས་མི་ངའོ། །རྣལ་འབྱོར་པའི་སྒྲུབ་ཁང་དུ་ཆོམ་རྐུན་མི་འོང་བའི་རྟེན་འབྲེལ་དུ། སྒོ་གོང་དུ་ས་དཀར་པོས། ཧ་ས་ཀི་སི་ཞེས་བྲིས་པ་དེ་ལ་སིནྡྷཱུ་རའི་ཐིག་ལེ་བཏབ། རང་གི་མལ་འོག་ཏུ་བྱི་བའི་གསོབ་ཀྱི་ནང་ནོར་སྣ་ཟས་སྣ་གོས་སྣའི་དུམ་བུ་སོགས་ཀྱིས་བཀང་སྟེ་སྦས་པས་ཆོམ་རྐུན་གྱི་རྒྱུ་སྲང་ཡིན་ཡང་གནོད་པར་མི་འགྱུར་རོ། །རྣལ་འབྱོར་པ་ལ་མི་ཁ་ཞི་བའི་རྟེན་འབྲེལ་དུ་སྒོ་ཐེམ་འོག་ཏུ་ཡུག་ས་མའི་མཐུ་བའི་དུམ་བུར་མི་ཁ་ནན་ཞེས་བྲིས་ལ་དོང་དུ་མནན། སྒོ་ལ་རྡོ་རྗེ་རྒྱ་གྲམ་གྱི་ཁུག་བཞིར་སིནྡྷུ་རས་ཤཾ བཞི་བྲིས། སྒོ་ཀླད་དུ་ཁུ་བྱུག་གི་སྒྲོ་དར་དམར་པོས་བཅིངས་པ་སྦས་པས་མི་ཁ་ལྡང་བ་རྒྱུན་ཆོད་དོ། །རྣལ་འབྱོར་པའི་སྒྲུབ་རྒྱགས་ཀྱིས་ཡུན་དུ་ཐུབ་པའི་རྟེན་འབྲེལ་དུ་ཟས་སྣ་གཡང་ཅན་གྱི་ནང་གི་ཝཾ་གིས་གྲོ་གའམ་ཤོག་བུར། ཧ་རི་ནི་ས་འཕེལ་འཕེལ། ཞེས་བྲིས་པར་རྟེན་སྙིང་བཟླས་ཏེ་ཐབ་ཀའམ་འཚེད་སྣོད་དམ་ཟས་ཁང་དུ་བཞག་ན་ཟས་གོས་ཉུང་ངུས་ཡུན་ཐུབ་སྟེ་སྲིས་རྨེ་ཞིང་སྒྲུབ་རྒྱགས་ཀྱིས་མི་ཕོངས་པར་འགྱུར་རོ། །རྣལ་འབྱོར་པས་སྤྱོད་པ་སྤྱད་ཚེ་ལྷ་འདྲེ་


MR11_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་འདུ་བའི་རྟེན་འབྲེལ་དུ། གོང་མོ་དང་སྲེག་པའི་སྒྲོ་ལ། ཨོཾ་པི་ཐ་གྲ་ན་ཡེ་སྭཱ་ཧཱ༔ ཞེས་བཟླས་ལ་མཆན་དུ་བཅངས། བྱང་སེམས་དཀར་དམར་སིནྡྷུ་ར་ཅུ་གང་ག་པུར་རྣམས་ལ་གོང་སྔགས་བཏབ་པས་དཔྲལ་བར་ཐིག་ལེ་བྱས་པས་ལྷ་འདྲེ་དབང་དུ་འདུ་ཞིང་བྲན་བཞིན་བཀའ་ཉན་པར་འགྱུར་རོ། །གོང་སྨྲོས་འདི་རྣམས་རྒྱལ་དབང་པདྨའི་གདམས་པ་ཟབ་གཏེར་རྣམས་ལས་བྱུང་བའོ། །རྣལ་འབྱོར་གྲུབ་པའི་དབང་ཕྱུག་དམ་པ་རྒྱ་གར་བའི་གདམས་ངག་གི་སྐོར་ལས། རྣལ་འབྱོར་པ་རྒྱུན་དུ་དགོན་པར་སྡོད་དུས་ཤེས་པ་བྱིང་། ཚིག་པ་ཟ། གྲོང་དུ་འགྲོ་འདོད། དགེ་སྦྱོར་བྱེད་པ་ལ་འཚེར་གཏད་མེད་དུ་སྙིང་མི་དགའ་ན་སྒྱེད་པུ་གསུམ་གྱི་རྟེན་འབྲེལ་གྱིས་སེམས་རྣལ་དུ་ཕབ་པ་ནི། དང་པོར་བླ་མར་གསོལ་བ་བཏབ་ལ། སྒྱེད་པུ་སུམ་ཚུགས་ཤིག་གི་གཅིག་ལག་ཏུ་ཐོགས། གཅིག་མགོ་ཐོག་བཞག །གཅིག་ཐང་དུ་བཞག་ནས་དེ་ལ་གཡོན་ཕྱོགས་སུ་བསྐོར་ལ་ལན་གསུམ་བྱ། མགོ་བོའི་དེའི་དྲི་ནག་གིས་རང་གི་དཔྲལ་བར་ཨོཾ་བྲིས། ལག་གི་དེའི་སྒྱེད་དྲེག་གིས་མགྲིན་པར་ཨཱཿབྲིས། ཐང་གི་དེའི་སྒྱེད་དྲེག་གིས་རང་སྙིང་གར་ཧཱུྃ་བྲིས། དེ་ནས་རང་ཁ་བྱང་ཕྱོགས་སུ་གཏད་ལ་ཉལ་ལོ། །སྒྱེད་པུའི་རྟེན་འབྲེལ་གྱིས་རང་ཇི་ལྟ་བར་གཞན་ལའང་མཚུངས་པར་བྱ་ཆོག་གོ། རྣལ་འབྱོར་པ་རི་ཁྲོད་འགྲིམ་ཚེ་གཟུང་འཛིན་གྱི་སྣང་བ་ཤས་ཆེ་བས་ཚེ་འདི་བློས་མ་ཐོང་ནས་ཉམས་ཀྱི་འཕེལ་ཆུང་ཞིང་འཁོར་བ་ལ་བློ་སྣ་མི་


MR11_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་ན་དབྱུག་པའི་བྱིན་རླབས་ཀྱིས་སྣང་བ་བསྒྱུར་བ་ནི། དབྱུག་པ་འདོམ་གང་བ་གཅིག་ལ་བླ་མ་བརྒྱུད་པ་དང་བཅས་པའི་མཚན་བྲིས། དབྱུག་པའི་སྣ་ལ་བྲེ་གཅིག་བཏགས་ཏེ་ཉིན་མོ་ནམ་མཁའ་ལ་ཕྱར།སྣ་གཅིག་ཤོས་ལ་སྲང་གཅིག་བཏགས་ལ་མཚན་མོ་རང་གི་སྟེང་དུ་ལྡིང་དུ་གཞུག །རང་སྟན་ཐོག་ཏུ་བསྡད་ཙ་ན་དེའི་འོག་ཏུ་འདུག །འགྲོ་ཚེ་དེའི་འོག་ཏུ་ཕར་འཛུལ་ཚུར་འཛུལ་དུ་བྱ། སྐབས་སུ་དེ་ལ་བསྐོར་བ་བྱ་ཞིང་གོང་མོའི་སྒྲོས་དེའི་རྡུལ་ཕྱིའོ། །སྣང་བ་བཙན་ཐབས་སུ་བསྒྱུར་བ་དབྱུག་པའི་རྟེན་འབྲེལ་ལོ། །རྣལ་འབྱོར་པ་རི་ཁྲོད་དམ་གཟི་བྱིན་ཅན་གྱི་གནས་སུ་སྡོད་དུས་ཤེས་པ་ཁུ་འཕྲིག་ཟ་ཞིང་འཇིགས་ནས་བ་སྤུ་ལྡངས་བག་ཚ།ནུབ་མོ་འགྲོ་མི་ནུས་ཤིང་འཚེར་ན་ཐོད་པའི་བྱིན་རླབས་ཀྱིས་དཔའ་བསྐྱེད་པ་ནི། དང་པོ་རང་གི་སྤྱི་གཙུག་ཏུ་སེང་གེའི་ཁྲི་སྟེང་རྩ་བའི་བླ་མ་སྤྱན་དྲངས་པར་དམིགས། མཚན་ལྡན་བནྡྷར་བདུད་རྩི་སྐམ་རློན། ཐོད་པར་རང་གི་དྲི་ཆེན་དྲི་ཆུ་བསྲེས་ཏེ་རང་དཔྲལ་བར་བྱུག རང་གི་ལག་པ་གཡོན་པས་ཀ་པཱ་ལ་བྲང་ལ་བཀབ། རང་མགོ་ཤར་དུ་བསྟན་ཏེ་གན་རྐྱལ་དུ་རེས་གཅིག་ཉལ། དེ་ནས་ལངས་ལ་རྡོ་རྗེ་དང་ཌཱ་མ་རུ་ཏིང་ཤག་ཐོགས་ལ་བྲོ་འཁྲབ། སྙིང་ལ་དྲན་ཚད་ཁ་ནས་བརྗོད་དམ་གྲོག་དང་གཡང་སར་གླིང་བུ་འབུད་ཅིང་གཡབ་མོ་བརྡབ་བོ། །རྣལ་འབྱོར་པ་ཆུ་གླིང་ངམ་བས་མཐར་སྡོད་དུས་དཀའ་ཐུབ་ཀྱི་དམ་བཅའ་གཏོང་བར་འདོད་ཅིང་། ཟས་ཡི་གར་མི་འོངས། ཤེས་པ་འཕྱོ། མི་ཡི་ཟླ་ལ་


MR11_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སྙིང་འདོད་པའི་བག་ཆགས་ཀྱི་རོ་ལྡང་ན་སོག་པའི་བྱིན་རླབས་ཀྱིས་ཤེས་པ་རང་ཡུལ་བླན་པ་ནི། དང་པོར་བླ་མར་གསོལ་བ་བཏབ། འཕྱི་ཁྱིའང་བའི་སོག་པ་ལ་སིནྡྷུ་རས་གཡུང་དྲུང་བྲིས་ནས་ཡང་རྡེའུ་དཀར་པོ་གཅིག་ལ་རྡོ་རྗེ་རྒྱ་གྲམ་བྲིས་པ་སོག་པའི་སྟེང་དུ་བཞག །དེའི་སྟེང་དུ་སེ་གོལ་བརྒྱ་རྩ་བརྒྱད་གདབ། རྫས་དེ་ཉིད་ནུབ་མོ་སྔས་སུ་གཞུག །ཉིན་མོ་སོག་པའི་སྟེང་གི་རྡེའུ་མ་བསྒུལ་བར་ཉི་མ་ལ་བསྲེའོ། །རྣལ་འབྱོར་པ་ཚོང་འདུས་སོགས་སུ་སྡོད་དུས་འདུ་ལོང་གིས་གཡེངས་ནས་ཤེས་པ་ལ་གཟུང་འཛིན་སྐྱེ་ཞིང་དགེ་སྦྱོར་མ་འབྱོར་ན་རྭའི་རྟེན་འབྲེལ་བྱིན་རླབས་ཀྱིས་འཁོར་བསྐྲད་པ་ནི། དང་པོར་བླ་མ་ལ་གསོལ་བ་གདབ། །བླ་མ་ལ་གསོལ་བ་གདབ་པ་འདི་རྟེན་འབྲེལ་འོག་ནས་འཆད་འགྱུར་ཐམས་ཅད་ལའང་དང་པོར་བྱ་དགོས་པ་ཤེས་པར་བྱའོ། །ཤྭ་བ་དང་དགོ་བ་དང་གཙོད་ཀྱི་རྭ་དུ་མ་རྣམས་ལུག་ཐུག་པོའི་རྭ་ནང་དུ་བླུགས། དེའི་ཁ་བྲ་བོ་དང་སྲན་མ་ཡོས་ཁྲ་གསུམ་གྱིས་བཅད་དེ་རང་གི་སྒོའི་མ་ཐེམ་གྱི་འོག་ཏུ་སྦས་ནས་ཌཱ་མ་རུའི་ངོས་གཉིས་ལ་གཡག་དང་སྟག་གི་གཟུགས་གཉིས་བྲིས་ལ་ཐེམ་པའི་སྟེང་དུ་རང་ཉིད་ཁྲོ་བོའི་སྡང་མིག་དང་ལྡན་པར་བྱས་ནས་ཌཱ་མ་རུ་དཀྲོལ་ན་འཁོར་རྣམས་འབྱེར་བར་འགྱུར་རོ། །རྣལ་འབྱོར་པས་ཡུན་རིང་དུ་བསྒོམས་ཀྱང་ཉམས་འཆར་མ་བཏུབ་ན། མདུན་དུ་སིང་རས་ཞིག་བཏིང་ལ། དེའི་སྟེང་དུ་མེ་ལོང་གཉིས་རང་ལ་ཁ་ཚུར་བསྟན་ཏེ་བཞག་པའི་དབུས་སུ་རིག་པ་བསྒྲིམས་ལ་གཡས་གཡོན་གྱི་མེ་ལོང་ནང་གི་རང་གི་བྱད་ལ་སེམས་མ་ཤོར་བར་བྱ། དེ་ལྟར་ཡུན་རིང་


MR11_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བསླབས་པའི་རྗེས་ལ་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེའོ། །སེམས་མི་གནས་པར་འཆོར་འཆོར་འདྲ་ན་མེ་ལོང་གཉིས་ཀའི་གཡས་གཡོན་ན་ཌཱ་མ་རུ་དང་ཏིང་ཤག་གིས་བརྟེན་མེ་ལོང་གཉིས་ཁ་སྦྱར་ཏེ་དར་གྱིས་དྲིལ་བ་བླ་མའི་སྐུ་འབག་གི་སྤྱན་སྔར་བཞག །མེ་ལོང་བཞག་པའི་ཤུལ་དེ་རང་གི་བྲང་ལ་གླན་ནོ། །རྣལ་འབྱོར་པ་ཉམས་ཀྱི་སྣང་བ་མི་བརྟན་པར་འཆོར་གྱིན་འདུག་ན། ལག་གཡས་སུ་གྲོ་མ་གཅིག་ཐོགས། གཡོན་དུ་མི་རྐང་གླིང་བུ་གཅིག་ཐོགས་ནས་མིག་བར་སྣང་དུ་བལྟ་ཞིང་གྲོ་མ་དེ་ཡིད་ལ་དྲན་པར་བྱ། འགྲོ་ལམ་དུ་གྲོ་མ་དེ་རྐང་གླིང་གི་གཤམ་དུ་བཅུག་ལ་རང་གི་སྙིང་གར་བཀྲོག །ལྟག་ཁུང་དུ་མི་གཅིག་བསམ་ཞིང་དེ་ལ་ཤེས་པ་གཏད། རྐང་གླིང་གི་མདོ་ལོང་དུ་ཟེར་དཔྱད། ནང་དུ་གྲོ་མ་བཅུག་པ་དེ་ཆུ་བོའི་གཞུང་ལ་འཕངས་ཤིང་དེའི་ཕྱི་ནས་གཡབ་མོ་བརྔབ་བོ། །རྣལ་འབྱོར་པ་ཕྲ་རགས་ཀྱི་རྟོག་པ་མི་ཆོད་པར་འདུག་ན། རྡོ་ནག་གི་འཕང་ལོ་གཅིག་བྱས་པ་དེ་ལ་སྐུད་པ་སྔོ་དམར་བཏགས་ཏེ། མདུན་གྱི་ནམ་མཁར་མིག་གསུམ་བསམས་ལ། དེར་དམིགས་པ་གཏད་བཞིན་འཕང་ལོ་ནམ་མཁར་བསྐོར། ཤར་དུ་བལྟས་པས་ནའང་མིག་དེ་ནུབ་ཏུ་ཡོད་པར་བསམ། ཐང་ལ་བལྟས་པས་མིག་དེ་ས་ལ་བསམས་ནས་དེའི་སྟེང་དུ་འཕང་ལོས་མནན། དེ་ཉིད་ནུབ་མོའི་དུས་སུ་རང་གི་སྟེང་གི་ནམ་མཁའ་ལ་བཏགས་སོ། །རྣལ་འབྱོར་པ་ཤེས་པ་ཡུལ་ལ་འཕྱོ་ཞིང་འདུག་ན་སྐམ་པའི་ཁ་བག་ཟན་གྱིས་བཅད་བཏུམ་པ་དེ་སྐམ་པ་ལ་ཡི་


MR11_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གེ་ཨཱ་གཅིག་བྲི། བླ་མའི་སྐུ་འབག་གི་དྲུང་དུ་ཡི་གེ་ང་གཅིག་བྲིས་ལ། ངག་ཏུ་བླ་མ་རྒྱོབ་རྒྱོབ་ཅེས་བརྗོད་ནས་སྐམ་པས། ང་དེ་འདྲ་དེ་བརྡུངས་ནས་དེའི་ཕྱོགས་སུ་ས་གྲུ་གང་གི་འོག་ཏུ་སྦས། །སྐམ་པའི་ཁ་ཟན་གྱིས་དེ་ལྟར་བཀྱིག་སྟེ་བཞག་ན་དུར་ཁྲོད་ཀྱི་ཕྱུགས་ལ་གཅན་གཟན་མི་འོང་། སྲུང་བ་ཡི་གེ་གཅིག་བྲིས་ཞེས་འདུག་པ་དཔྱད། ༈ རྣལ་འབྱོར་པ་ལ་ཉམས་གྲིབ་ཀྱིས་ཕོག་ན། དང་པོ་བླ་མའི་སྐུ་འབག་མེ་ལོང་དུ་འཆར་བཅུག་ནས། སངས་རྒྱས་ཀྱི་གདུང་གི་རིང་བསྲེལ་བུམ་པར་བཅུག་པའི་ཆུས་བླ་མའི་སྐུ་ཡི་གཟུགས་བརྙན་ཤར་བ་ལ་ཁྲུས་གསོལ། བུ་མོ་གཙང་མའི་ལག་ཏུ། ཕ་ཝཾ་བྱ་ཝཾ་ངམ་གི་སྒྲོ་བསྐུར་ཏེ་སྐུ་འབག་གི་ངོས་ཕྱིས། ཟླ་བ་ནུབ་ལ་ཁད་ཀྱི་དུས་རང་གི་དྲི་ཆུས་ཀ་པཱ་ལའི་ནང་དུ་རང་གི་བགྲང་ཕྲེང་དག་པར་བཀྲུས་ལ་ཆུ་དེ་ནུབ་ཏུ་གཏོར། དར་དཀར་གྱིས་རང་གི་མིག་དང་ཕྲེང་བ་ཕྱིའོ། །རྣལ་འབྱོར་པ་གོས་ཀྱི་ཞེན་པ་བཅད་ནས་གཅེར་བུ་བྱར་འདོད་ན་ཆུ་རྩའི་བྱིན་རླབས་ཀྱིས་དྲོད་སྦར་བ་ནི། བདུད་རྩི་དྲི་ཆུ་དང་བཟང་དྲུག་གི་ཆུས་ལུས་ཀྱི་དྲི་མ་དག་པར་བཀྲུས། གཡག་ནག་གི་མཁྲིས་པ་དང་ན་ལེ་ཤཾ་སྦྱར་བས་ལུས་ཐམས་ཅད་དུ་བྱུགས། རྐང་ལག་བཞིའི་མཐིལ་དུ་བྱི་རུའི་སྨྱུག་གུས་མཚལ་གྱི་ཡི་གེ་རྃ་རེ་བྲིས། གསང་གནས་སུ་ཆུ་ལམ་གྱི་རྩའི་ནང་ན་མེ་རྡོག་པོ། དམར་ལྷང་ངེ་བ་གཅིག་བསྒོམ། རྐང་ལག་བཞི་དང་རྒྱུངས་པའི་ནད་དང་ལྔར་མེ་སྦ་ལྕག་ཙམ་རེ་བསམ། རང་ལུས་གཏུམ་མོ་དང་མཐུན། རླུང་མི་འཛིན་པར་ཞག་བདུན་མེ་དེ་བསྒོམ། དེ་


MR11_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ན་ལེ་ཤམ་དང་བྱ་ངང་པའི་སྒོ་ང་སྦྱར་ནས་འཐུངས་ན་ལུས་མེའི་གོང་བུར་འགྱུར་རོ། །རྣལ་འབྱོར་པས་བཟའ་བཏུང་གི་ཞེན་པ་བཅད་ནས་ཚན་བུའི་བྱིན་རླབས་ཀྱི་བཅུད་བླང་བར་བྱ་ན། བུ་ཆུང་གི་ཕྱྭ་ཚན་དང་། དུད་འགྲོའི་ཕྱྭ་ཚན་རྙེད་ཚད་དང་། རི་དྭགས་ཕྲུ་གུའི་ཁོང་པའི་ནང་གི་མར་དང་། དོམ་དང་གྲུམ་པ་འཕྱི་བ་སོགས་ཁུང་དུ་ཉལ་བ་རྣམས་གྱི་ཚན་བུ་རྙེད་ཚད་དང་། རླུང་བརྟག་རླུང་ལ་ཉལ་བ་རྣམས་ཀྱི་མཁྲིས་པ་རྙེད་ཚད་རྣམས་རང་གི་དྲི་ཆུས་རྟ་བྱས་ནས་སྒོ་ང་གང་ཙམ་འཐུངས་ན་ཟླ་བ་དྲུག་ཏུ་ཟས་སྐོམ་མི་དགོས་པར་འགྱུར་རོ། །རྣལ་འབྱོར་པ་ཆོས་མང་པོ་ཉན་ཀྱང་རང་རྒྱུད་ལ་མི་འོང་བར་འདུག་ན། བླ་མར་གསོལ་བ་བཏབ་ནས་བྱེ་རུའི་རྟེན་འབྲེལ་བྱ་སྟེ། བླ་མའི་བྲབ་ལ་ཕྱིས་དྲེག་པ་དང་། བླ་མའི་ཞལ་བཤལ་བའི་ཆུས་དགོན་པར་བ་ཡི་ལྕི་བའི་མཎྜལ་བྱས་ལ་བྱེ་རུའི་རྒྱན་རྣམས་སྐར་མ་རྒྱལ་གྱི་ནུབ་མོ་བླ་མ་དངོས་སམ་སྐུ་འབག་དབུལ་ནས་གླེགས་བམ་ལ་གུ་གུལ་གྱི་དུད་པས་བདུག་ཅིང་བསྐོར་བ་བྱས་ན་བཀའ་ཡི་སྡེ་སྣོད་རྣམས་བློ་ལ་འོང་བར་འགྱུར་རོ། །རྣལ་འབྱོར་པའི་སྡོད་པའི་སར་རྒྱལ་པོའི་དཔུང་གཡོས་ན་གྲི་གུག་གི་རྟེན་འབྲེལ་གྱིས་བཟློག་པ་ནི། བུམ་པ་སོ་མ་ལོངས་མ་སྤྱད་པའི་ནང་དུ་རྒྱལ་པོ་བཙུན་མོར་བཅས་པའི་མིང་རུས་ཙན་དན་གྱི་བྱང་བུ་ལ་བྲིས་ནས་བཅུག །དེའི་ཕྱི་ནས་རྡེའུ་དཀར་པོ་གཞུག་མིང་གི་གྲངས་མཉམ་འདྲ་དཔྱད་ཡུལ་དཔོན་རྫོང་དཔོན་བཀའ་སྡོད་དང་གཤེད་མ་རྣམས་ཀྱི་མིང་སེང་ལྡེང་ལ་བྲིས་ནས་


MR11_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག དེ་རྡེའུ་ནག་པོས་མནན། མཐར་བསྐོར་གྱིན་རྡེའུ་དཀར་པོ་དང་ནག་པོ་དཀྲོག་ན་རྒྱལ་པོ་དེའི་མངའ་རིས་སུ་ནང་འཁྲུག་འོང་། དེའི་ཁ་གྲི་གུག་གིས་བཅད་ནས་བཞག་ན་དམག་དཔུང་ལྡང་བར་མི་འགྱུར་རོ། །ལུས་རྒས་གཙོ་གཞོན་གྲངས་མཉམ་ཡིན་ནམ་རེ་རེ་བ་དཔྱད། ཟེར་བ་དཔེ་བཞན་ལ་བརྟག་ཡང་རྣལ་འབྱོར་པ་གྲགས་པའི་དབང་ཕྱུག་ཐོབ་པར་འདོད་ན་ཐོད་ལེ་ཀོར་གྱི་རྟེན་འབྲེལ་གྱིས་གྲགས་པ་སྒྲོགས་པ་ནི། རྡོ་ཐོད་ལེ་ཀོར་གྱི་ལྟེ་བ་ལ་གླིང་བཞི་རི་རབ་དང་བཅས་པ་བྲིས་ཏེ་འབྲུག་རུས་ཀྱི་སྟེང་དུ་བཞག །དེའི་གཡས་སུ་འཕང་ལོ་གཡོན་དུ་མདའི་ལྟོང་བཞག །དེ་རྣམས་ཟ་འོག་གི་ཐི་གུས་བརྒྱུས་ཏེ་སྐེ་ལ་བཏགས་ན་སྐྱེས་པ་བུད་མེད་ཀུན་གྱིས་མཐོང་སྟེ་འཇིག་རྟེན་ཀུན་ཏུ་གྲགས་པར་འགྱུར་རོ། །རྣལ་འབྱོར་པས་སྐྱེ་བོའི་ཚོགས་འདུ་བར་འདོད་ན་སྐྱེས་པ་ལོ་ཉེར་ལྔ་ལོན་པའི་ཐོད་པར་ཁྱེའུ་ཁ་ན་སོ་བཞི་སྐྱེས་པའི་རྡོ་རྗེ་དང་འབྲས་བུ་བཅས་བཅུག་པ་འཆང་བར་བྱའོ། །དེ་བཞིན་བུད་མེད་ཀྱི་ཚོགས་འདུ་བར་འདོད་ན། བུ་མོ་རྗེ་རིགས་མའི་ཐོད་པར་རྡོ་རྗེའི་མདའ་མ་ཕོག་པའི་ཁྲག་དང་། རྨ་བྱའི་མདངས། མེ་ཏོག་ཨུག་ཆོས་རྣམས་དར་དཀར་གྱི་ཁུང་དུ་བཅུག་ལ་བཅངས། ཁྲོམ་ཐམས་ཅད་འདུ་བར་འདོད་ན་སྨྱོན་པའི་ཐོད་པར་སྤྲེའུ་རྣ་བ་བཅུག་པ་མཆན་གཡོན་དུ་བཅངས་ལ་མིག་བར་སྣང་དུ་བལྟ་བར་བྱའོ། །གྱད་སྟོབས་པོ་ཆེའི་ཐོད་པ་ལ་ཕྲེང་བ་བྱས་ནས་སྐར་མ་རྒྱལ་གྱི་ཉིན་པར་བླ་མའི་སྐུ་འབག་ལ་ཕུལ་ན་རྒྱལ་པོ་དབང་དུ་འདུ་བར་འགྱུར་རོ། །


MR11_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེའི་ཐོད་པ་ལ་ཕྲེང་བ་བྱས་ནས་ཚེས་བཅོ་ལྔའི་ནུབ་མོ་བླ་མའི་སྐུ་འབག་ལ་ཕུལ་ན་བཙུན་མོ་དབང་དུ་འདུའོ། །སྨེ་ཤ་ཅན་གྱི་ཐོད་པ་ལ་ཕྲེང་བ་བྱས་ནས་རྒྱུ་སྐར་བྲ་ཉེ་ཡོད་པའི་ནུབ་མོ་བགྲངས་ན་དམངས་ཐམས་ཅད་དབང་དུ་འགྱུར་རོ། །རྣལ་འབྱོར་པ་མངོན་ཤེས་དྲུག་འཆར་བར་འདོད་ན། ཤ་བའི་མཇུག་མ། ཕ་ཝང་གི་སྙིང་། ཕག་རྒོད་ཀྱི་རྣ་བ། བྱ་རྒོད་ཐང་དཀར་གྱི་མིག །འུག་པའི་མཆུ། སྲེ་མོང་གི་སྡེར་མོ་རྣམས་རྟ་དང་པའི་རྔ་མས་དྲིལ་ཏེ་ཟ་འོག་གི་ཁུག་མར་བཅུག་ནས་ལུས་ལ་འཆང་ན་མིག་སོགས་ཀྱི་མངོན་པར་ཤེས་པ་དྲུག་འཆར་བར་འགྱུར་རོ། །རྫ་གསར་པའི་ནང་དུ་སྲེན་མ་རྡོག་པོ་གསུམ་བླུགས་ལ་བུ་མོ་གཞོན་ནུ་མའི་མིག་ཀྱང་དེར་བཅུག་ནས་ཁ་མེ་ལོང་གིས་བཅད་པའི་ཁར་ཤེལ་གོང་བཞག་ན་ཕན་གནོད་ཀྱི་ལྷ་འདྲེ་ཐམས་ཅད་མཐོང་ངོ་། །ཡང་འུག་པའི་མིག་གཡས་པ་ཞིབ་བཏགས་རང་གི་མིག་གཡོན་དང་། གཡོན་པ་བཏགས་ཕྱེ་གཡས་ལ་བསྐུས་ན་མཚན་མོ་མཐོང་བར་འགྱུར་རོ། །ཡང་ཝའི་མིག་གཉིས་གྲིབ་སྐམ་ཕྱེ་མ་ཆུར་སྦྱར་མིག་ལ་བྱུགས་ན་མིག་མཐོང་འབྱུང་ངོ་། །རྣལ་འབྱོར་པ་གྲོང་ཡུལ་དུ་སྡོད་དུས་ཟས་ནོར་གྱི་འདུ་བ་ཆད་ན་མེའི་བྱིན་རླབས་ཀྱི་རྟེན་འབྲེལ་གྱིས་འཚོ་བ་སྡུད་པ་ནི། ས་ཕྱོགས་ཕྱགས་བདར་བྱས་ཏེ་ཕྱོགས་བཞི་དབུས་ལྔར་མེ་སྦར་ལ། ཤར་གྱི་མེ་ལ་ཚྭ་དང་ཕྱེ་བསྲེག ལྷོའི་མེ་ལ་ཨ་རུ་ར་དང་རང་གི་གོས། ནུབ་ཀྱི་མེར་རིན་པོ་ཆེ་དང་ཕྱེ། བྱང་དུ་


MR11_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་{འགྲོན་བུའམ་དོང་རྩེ་}ཤ་པ་ཎི་དང་རང་གི་སྐྲ། དབུས་སུ་རང་གི་{སྣོད་སྤྱད་ཀྱང་}ཉེར་སྤྱད་དང་ཁྱེའུའི་ཕྱྭ་ཚན་དར་གྱིས་བཏུམ་པ་བསྲེག དེ་ལྟར་བསྲེག་དུས་རྫས་གང་ལ་ཡང་ཆགས་སེམས་གཅེས་སྤྲས་སེར་སྣའི་བློ་གང་ཡང་མི་སྐྱེད། རང་གཅེར་བུར་བྱས་ལ་མེ་དེའི་མཐར་གཡས་བསྐོར་དུ་བྲོ་འཁྲབ། དེ་ནས་དེ་དག་གི་ཐལ་བ་ཁ་ཊཱཾ་གས་ཤར་གྱི་ཐལ་བ་བླངས། དེ་བཞིན་གླིང་བུས་ལྷོ། པི་ཝཾ་གིས་ནུབ། ཌཱ་མ་རུས་བྱང་། ཏིང་ཤག་དང་ཀ་པཱ་ལས་དབུས་ནས་བླངས། ཐལ་བ་དེ་རྣམས་ཟ་མ་ཏོག་ཏུ་བླུགས་ལ། རྒྱལ་པོའི་ཕོ་བྲང་ངམ། གཙུག་ལག་ཁང་ངམ། མི་ཕྱུགས་ཐམས་ཅད་ཀྱིས་འཐུང་རྒྱུའི་ཆུ་མིག་གམ། གྲོང་ཡུལ་དུ་གདབ། ཡུལ་གྱི་འདབ་ནས་རླུང་ཕྱོགས་སུ་གཏོར་བས་ཟས་ནོར་ཆར་ལྟར་འདུའོ། །མེའི་བྱིན་རླབས་ཀྱིས་འཚོ་བ་སྡུད་པའོ། །རྣལ་འབྱོར་པ་བྱེས་སུ་ལྡོམ་བུ་ལ་འགྲོ་བའི་དུས་སུ་ཀ་པཱ་ལའི་རྟེན་འབྲེལ་ནི། ལམ་ལ་འགྲོ་ཁར་དང་པོར་བླ་མར་གསོལ་བ་བཏབ་སྟེ། ཀ་པཱ་ལ་མེས་ཅུང་ཟད་བསྲོས་ཏེ་རང་གི་སྐྲས་ཕྱིས་ཏེ་ཕྱིན་ན་ཟས་འདུ། བྲང་ལ་ཕྱིས་ནས་ཕྱིན་ན་འཐབ་མོ་མི་འོང་། ནམ་མཁར་ཕྱར་ནས་ཕྱིན་ན་དགྲ་མི་འོང་། ཀ་པཱ་ལས་རང་འཐག་ལ་བསྐོར་ནས་ཕྱིན་ན་ཁྱི་མི་འོང་།ཀ་པཱ་ལས་ཕྲུ་བ་ལ་བསྐོར་བ་བྱས་ནས་ཕྱིན་ན་ཆུས་མི་ཁྱེར། ཀ་པཱ་ལ་སྲིན་ལག་གིས་ཕྱིས་ཏེ་ཕྱིན་ན་སྟོར་བརླག་མི་འོང་། ཀ་པཱ་ལར་སེན་མོའི་རྩེ་མོས་གྲི་གུག་གིས་གཟུགས་བྲིས་ནས་ཕྱིན་པས་རང་གི་ཅི་སྨྲས་ལ་ཀུན་ཉན་


MR11_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །གཞན་གྱི་ཡིད་དུ་འོང་བར་འདོད་ན། གི་ཝཾ། རྨ་བྱའི་མདངས། བུ་ཆུང་{སྐད་མ་ཕྱིན་པ་ལེགས་}གི་ལྕེ། ར་དཀར་འོ་མ་རྣམས་བཏགས་པ་སྲིན་ལག་གིས་སྦྱར་ནས་ཤར་དུ་བལྟས་ཏེ་རང་གི་སྨིན་དབྲག་ཏུ་བྱུགས་ན་ཀུན་གྱིས་མས་བུ་གཅིག་པོ་མཐོང་བ་དང་འདྲའོ། །རྨ་བྱའི་སྙིང་། ཁྱི་དཀར་པོའི་སྙིང་། རྒྱལ་རིགས་བུ་མོའི་མིག བྲམ་ཟེའི་སེན་མོ་རྣམས་སྦྱར་ཏེ་སྨིན་མཚམས་སུ་ཐིག་ལེ་བྱས་ན་ཀུན་གྱིས་འཁོར་ལོས་སྒྱུར་བ་མཐོང་བ་དང་འདྲའོ། །ཤེས་རབ་མའི་མཚལ་དང་། སིནྡྷུ་ར། གི་ཝཾ་གསུམ་གྱིས་བསྒྲུབ་བྱའི་གཟུགས་བྲིས་ཏེ་ཧ་རི་ནི་ས་ཞེས་པས་མཐའ་བསྐོར་ལ་རང་གི་འོག་ཏུ་མནན་ན་གང་འདོད་དེ་དབང་དུ་འགྱུར་རོ། །ཡང་གཞན་དུ་འགྲོ་ཚེ་ཐེམ་པ་འགོམ་དུས་མདའ་ཞེས་བྱ་བ་ངག་ཏུ་བརྗོད་ཅིང་། ས་ལ་ཡང་མདའ་བྲིས་ནས་ཕྱིན་ན་ཁ་སྨྲས་མི་འོངས། {མདེའུ་རྩེ་བར་གཏད་}དེ་བཞིན་དོན་གཉེར་དུ་འགྲོ་དུས་ཁྱིམ་ནས་ཕྱིར་ཕྱིན་ཕྱིན་ལོག་ཏུ་ཕྱིན་ནས་ཀྱང་ནས་ཕྱི་མིག་མ་བལྟས་ན་མྱུར་དུ་སླར་ལྡོག་པར་འགྱུར་རོ། །དེ་དུས་ཁྱི་ལ་ཟན་བྱིན་ན་དོན་མི་འགྲུབ། སྦྲིད་པ་ཕྱུང་ན་དགྲ་འོང་ངོ་། །རྐང་གཡོན་མཐེ་བོང་གིས་མིག་གཡོན་པའི་ཕྱི་ཟུར་ཕྱིས་ནས་ཕྱིན་ན་ཇག་ཆིངས་ཟབ། རྐང་པ་གཡོན་པའི་མཐེ་བོང་སྣ་རྩེ་ལ་གཏུགས་ནས་ཕྱིན་ན་འགོ་བའི་ནད་མི་འོང་། རང་གི་ཁར་རྡེའུ་བཅུག་ནས་ཕྱིན་ན་དགྲ་མི་འོང་། ལྷྭམ་གཡོན་པ་སྔོན་ལ་གྱོན་ནས་ཕྱིན་ན་ཁྱིས་མི་ཕུག །ཚིལ་བུ་སྣ་གསུམ་གྱི་


MR11_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཞུན་སྣ་ལ་བྱུགས་ནས་ཕྱིན་ན་ཟས་མོད་པར་འགྱུར་རོ། །ལམ་དུ་འགྲོ་བའི་དུས་སུ་རྐང་མཐིལ་གཡས་ན་ན་རྐང་རྗེས་ཀྱི་ས་ཁྱེར་ནས་བྱང་ཤར་གྱི་ནམ་མཁར་གཏོར། གཡོན་ན་ན་དེའི་རྗེས་ས་ལྷོ་ནུབ་ཕྱོགས་ཀྱི་ནམ་མཁར་གཏོར་བས་ཕན་ནོ། །གཞན་ཡང་དུས་རྒྱུན་སེར་རུས་ཁུག་མར་བཅུག་ནས་འཆང་ན་གྲོགས་པོ་དང་མི་འབྲལ། འདམ་བུའི་སྙི་མ་ཁྱིམ་དུ་བཞག་ན་ཨོག་དཀར་མི་འོང་། མུ་ཟའི་ཆག་ཆག་བཏབ་ན་སྦྲུལ་མི་འོང་། བྱ་མཐིང་ཐི་བའང་རིལ་གྱི་སྒོ་ང་རྐང་པར་བྱུགས་ན་སེར་ཀ་མི་འོང་། ཞུ་མཁན་གྱི་འབྲས་བུ། དྭ་བའི་རྩ་བ། ཁ་རུ་ཚ། ཉུངས་ཀར་གྱི་ཚིལ་རྣམས་ལུས་ལ་བྱུགས་ན་དྲི་མ་མི་ཆགས། ཡང་བྱང་བུལ། སུག་པ། ཤོ་མང་རྩ་བ། ལྒ་སྐྱ། རྣམས་ཆ་མཉམ་བཏགས་པ་མར་དང་སྦྱར་ཏེ་ལུས་བཀྲུས་རྗེས་བྱུགས་ན་གོས་ལ་དྲི་མ་མི་ཆགས། སྔོ་བེ་ཏོའི་ཙའི་འང་ཁུ་བ་ལུས་ལ་བྱུགས་ན་ཤིག་མི་འོང་། མེ་ཏོག་སྤང་རྒྱན་སྔོན་པོ་མགོ་ལ་བཙུགས་ན་སྦྲང་བུས་སོ་མི་འདབས། སྔོ་ཐུལ་པའང་ཐུབ་པ་ཐེམ་པའི་འོག་ཏུ་སྦས་ན་ཐེམ་པ་དེ་ལ་འཛུལ་ཚད་ལ་བུ་མི་ཆགས་པར་འགྱུར། དྭ་བའི་མེ་ཏོག་ཐབ་གོང་གི་ནམ་མཁའ་བཏགས་ན་ཨོག་དཀར་གྱིས་ཚྭ་རྡོར་མི་རྐུ། ཁྲ་ཡི་ཁྭའང་གསོབ་ནམ་མཁའ་ལ་བཏགས་ན་སྲེ་མོང་མི་འོང་། བཟླས་པ་བྱེད་དུས་གཉིད་ཆེ་ན་བླ་མར་གསོལ་བ་བཏབ་ལ། སྤྱང་ཀིའི་མཆིན་པ། སྡིག་པའི་ཤ །གི་ཝཾ། ག་བུར་རྣམས་རང་གི་དྲི་ཆུ་དང་སྦྱར་ནས་འཐུངས་ན། གཉིད་མི་འོང་། བུད་མེད་ཀྱི་རོའི་མཚན་མ་རྡོ་རྗེ་ལ་བཀོན་ན་ཐིག་ལེ་མི་འཆོར། མལ་


MR11_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ལ་མགོ་གཏད་ནས་ཉལ་ན་རྨི་ལམ་ངན་པ་བཟློག སྤྱད་སྣོད་ཀྱི་རྫ་མ་ལ་ཕྱོགས་བཞིར་མེ་བཙའ་བཞི་བཏབ་ན་སྲིས་སྨེ། རང་གི་མཐུ་བ་ལ་མདུད་པ་བྱས་ཏེ་ཕྱིན་ན་ནད་ངན་ཐུབ་ཅིང་དོན་འགྲུབ། ཚོན་སྣ་ལྔ་བསྒྲིལ་བའི་ཐེ་གུ་ཁབ་མིག་བཏགས་ནས་འཆང་ནའང་ཏུ་དྲངས་པ་འཆང་ན་བར་ཆད་མི་འོང་། ཚོན་སྣ་ལྔའི་སྐུད་པ་ཁབ་མིག་ཏུ་བཅུག་པ་རུས་རྒྱན་ལ་འཛེར་ན་སློབ་མས་བར་དུ་མི་གཅོད། དེ་འདྲའི་ཁབ་བཅས་སྟན་ལ་འཛེར་ན་བཟའ་མིས་བར་དུ་མི་གཅོད། ཁབ་སྐུད་དེ་དང་གདུང་ཤ་རི་རམ་བཅས་སྤྱི་གཙུག་ཏུ་བཏགས་ན་རྣམ་པ་ཐམས་ཅད་དུ་བར་ཆོད་གང་ཡང་མེད་པར་འགྱུར་རོ། །བལ་ཚོན་སྣ་ལྔ་ཁབ་མིག་ལ་དྲངས་ནས་སྒོའི་ཡ་ཐེམ་ལ་འཛེར་ན་གདོན་དྲག་པོས་གནོད་པ་དང་ནད་ཟུག་གཟེར་ཅན་རྣམས་ཞིའོ། །སྒོག་སྐྱ་ལོ་མའང་སེལ་གཅིག་མ་བདུན་སྐུད་པར་བརྒྱུས་ཏེ་གོང་བར་བཏགས་ན་མི་ཁ་དང་ནད་ངན་ཕྱོགས་ངན་ཐུབ། ཐོག་གིས་ཤི་བའི་རུས་པ་རྐེ་ལ་བཏགས་ན་རྒྱལ་པོའི་ཆད་པ་མི་འོང་། སྨྱོན་པའི་མིག་ལུས་ལ་བཅངས་ན་གཞན་གྱིས་སྐུར་པོ་མི་འདེབས། བྲམ་ཟེའི་ཐོད་པར་གསེར་གྱིས་གཡུང་དྲུང་བྲིས་ནས་ཤྭ་འུད་ལ་གཏད་ན་འོད་པ་བཟློག དེ་རུས་རྒྱན་དང་བཅས་པ་ནམ་མཁར་ཕྱར་ན་སེར་བ་འཆད། གཡག་རུ་གཡས་པའི་ནང་དུ་གནོད་བྱེད་ཀྱི་མིང་བྲིས་ཏེ་ཁ་བྲ་བོ་ཐལ་བ་ཡུངས་ཀར་མཆོད་རྟེན་རྙིང་པའི་ས་རྣམས་ཀྱིས་བཅད་ནས་མཐེམ་འོག་ཏུ་སྦས་ན་རྒྱུན་དུ་


MR11_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པའི་འདྲེ་ཞི་བར་འགྱུར་རོ། །ལྕགས་ཕྱེ་ཡུངས་ཀར་བྱ་བོ་གཡེར་མ་བཙོད་གྲོ་ཕུབ་སྲན་ཕུབ་སོག་མའི་ཐལ་བ་རྣམས་ཆུ་ཕོར་གང་གི་ནང་དུ་བླུགས་ཏེ་བཞག་ན་ཡི་དྭགས་ཡོད་པའི་སར་ཉལ་ཀྱང་མི་མ་ཡིན་གྱིས་གླགས་མི་རྙེད་དོ། །འབྱུང་པོའི་འཚེ་བ་སྲུང་ན། མིའི་ལྟག་སྐོར་ལྟག་རྩེ་སྐོར་ཡང་ཟེར་རུས་པ། ཕོ་རོག་གི་མཆུ། མཛེ་ཕོའི་སོ་གསུམ་ལུས་ལ་བཅངས་ན་ཀླུ་གདོན་འབྲོས་སོ། །བྱི་ལ་ནག་པོའི་མིག སྤྱང་ཀིའི་མིག་མགར་བ་ནག་པོའི་མཐེབ་མོ་རྣམས་བཅངས་པས་རྒྱལ་པོ་འབྲོས་སོ། །གསེར་བུད་ས་བྱུང་མ་མེད་ཀྱི་མ་རིག་པ། མུ་ཏིག་མིག་མེད། ནལ་བུའི་སོག་པ་རྣམས་ཀྱིས་བསེན་མོ་འབྲོས། གཡིའི་སྡེར་མོ་དང་ལྕགས་ཀྱི་སྡིག་པ་ལ་ཟངས་ཀྱི་སྣ་ལྕུ་བཅུག་ནས་འཆང་ན་ཐེའུ་རང་འབྲོས། ཉ་ཕྱིས་ཀྱིས་འདྲེ་ཐུབ། སྤྲེའུའི་སྲིན་ལག་ལུས་ལ་བཅངས་ན་ལྷས་མི་མཐོང་། གླ་བའི་མཆེ་བའི་ནང་དུ་བུད་མེད་ཀྱི་ཤ་མ་བཏག་པའི་ཕྱེ་མ་བཅུག་ནས་ཁ་བཙན་དུག་གིས་བཅད་དེ་རྨ་བྱའི་མདོངས་བཅས་ལུས་ལ་འཆང་ན་ཀླུས་མི་མཐོང་། དེ་བཞིན་དུ་དོམ་གྱི་མཇུག་མས་གནོད་སྦྱིན། སྟག་གི་སྡེར་མོས་དྲི་ཟ། གླང་ཆེན་གྱི་སྤུས་ལྷ་མིན། ནོར་བུ་ཀེ་ཀེ་རུས་མཁའ་ལྡིང་། རྟ་བྲ་བོའི་ཚིལ་བུས་མིའམ་ཅི། ཕག་པའི་མིག་གིས་ལྟོ་འཕྱེ་ཆེན་པོ་ཁྱི་ནག་པོའི་སོག་པ་དང་བྱི་ལ་ནག་པོའི་ཤ་མས་མི་རྣམས་ཀྱིས་མི་མཐོང་བར་སྒྲིབ་པར་བྱེད་དོ། །ལྷ་སྲིན་དབང་དུ་བསྡུ་ན། མ་ཧེའི་རྭ་ནང་གཤིན་རྗེའི་འབོད་པ་བཅུག་པས་གཤིན་རྗེ་དབང་དུ་འདུ་བར་


MR11_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་བཞིན་དུ་ནལ་བུའི་སྙིང་ནང་མ་མོའི་འབོད་པ་གསེར་གྱིས་བྲིས་པ་བཅུག་ནས་འཆང་བ་ས་མ་མོ། མཛེ་ཕོའི་སོག་པར་རྒྱལ་པོའི་འབོད་པ་བྲིས་ནས་རྟ་ངང་པའི་རྨིག་པས་མནན་པས་རྒྱལ་པོ།སྟག་གི་སྦར་བར་གནོད་སྦྱིན་གྱི་སྙིང་པོ་བཅུག་པ་འཆང་བས་གནོད་སྦྱིན། འུག་ཐོད་དུ་བཙན་གྱི་འབོད་པ་བཅུག་པ་དེ་གཟེབ་ཏུ་བཅུག་པས་བཙན། ཆུ་དར་ལ་ཀླུ་ཡི་འབོད་པ་བྲིས་པ་རུས་སྦལ་ཁོག་པར་བཅུག་པས་ཀླུ། རྡོ་ཕ་ཝང་ལོང་བུར་ཕོ་རོག་གི་ཁྲག་གིས་ཐེའུ་རང་འབོད་པ་བྲིས་པ་གོང་རྩར་སྦས་ན་ཐེའུ་རང་དབང་དུ་བྱེད་པར་འགྱུར་ཏེ་བདག་གཞན་སུས་འཆང་ཡང་འདྲའོ། །རྣལ་འབྱོར་པས་འགོ་བའི་ནད་སྲུང་ན། གླ་རྩི་དང་བཙན་དུག་ལུས་ལ་འཆང་བས་འབྲུམ་བུ་མེ་དབལ་གྱི་གནོད་པ་ཞི། ཨ་རུ་ར་ཟུར་བརྒྱད་ལུས་ལ་འཆང་ན་རིམས་མི་འོང་། ལ་ཕུག་དང་ཤེལ་ལུས་ལ་འཆང་ན་གྲུམ་བུ་མི་འོང་། གཟུགས་མོ་བྱི་ཐུར་དང་ཕག་རྒོད་རྣ་བ་ལུས་འཆང་ན་ལྷོག་པ་མི་འོང་།ཡང་ཕག་སྣ་ལ་གསེར་གྱི་ཡི་གེ་ཁྲོཾ་བྲིས་ཏེ་དར་སྣ་ལྔའི་ཐི་གུས་བརྒྱུས་ནས་ལུས་ལ་འཆང་ན་ལྷོག་པ་ཐུབ་བོ། །གོ་བོའི་མཆུ་ལུས་ལ་འཆང་ན་གག་པ་ཐུབ། སྟག་གི་སེན་མོ་དང་བྱི་རུ་ལུས་ལ་འཆང་ན་སྐྲངས་ལོ་མི་འོང་། སྦྲུལ་ལྤགས་ལུས་ལ་འཆང་ན་བལ་ཐོག་མི་འོངས། བས་བལྡག་ཡིན་ནམ་བྱ་རོག་གི་མིག གསེར་ཚ། བྱང་བུ་མིག་དགུ་རྣམས་ལུས་ལ་འཆང་ན་ནམ་མཁའི་ནད་ཞིའོ། །སྤྱང་ཀིའི་བྲུན་ལུས་ལ་འཆང་ན་དུག་མི་འོང་ངོ་། །གཞོང་བའི་


MR11_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་བཀྲུས་ཏེ་མར་ནག་བྱུགས་ནས་ཉི་མ་ལ་བསྐམ་ན་ཁྱིམ་དེའི་མི་ལ་མཁལ་སྐེད་ན་བ་མི་འོང་། སྐས་མགོ་ལ་དར་སྣ་ལྔའི་མདུད་པ་བཅིངས་ན་མི་ཕྱུགས་ཀྱི་ནད་རྒྱུན་འཆད་པར་འགྱུར་རོ། །སྟག་ལྤགས་ལ་གདན་བྱས་ནས་ཁ་ཤར་དུ་བལྟས་ཏེ་ནས་ནག་གི་ཟན་རྟ་ཕྱུགས་ལ་བྱིན་ན་རྟ་ཕྱུགས་ཀྱི་ནད་ཞིའོ། །གི་ཝཾ་དང་ཡུང་བ་གུར་གུམ་གསུམ་གྱི་ཚྭ་བརྒྱའང་ཚ་སེར་པོར་མདོག་བསྒྱུར་ཏེ། དེ་དང་ཆོས་པོ་ཏི་གཅིག་ལ་དར་སེར་ཁ་གང་བཏགས་པ་དང་། ཆུ་སྣ་དགུའི་ཆུ་རྒྱུན་བྱས་ཏེ་གྲོད་གང་ཡིན་ལ་ལན་གསུམ་བདུ་ནའང་བསྐོར་ན་ནད་ཞི་བར་འགྱུར་རོ། །སྔགས་ཆུའི་རྒྱུན་དང་རྒྱས་པའི་དབུ་དུམ་དང་ནུས་པ་ཅན་གྱི་གཏོར་མ་རྣམས་གདུགས་དང་རྒྱལ་མཚན་བ་དན་རོལ་མོའི་སྒྲ་ཆ་དང་བཅས་ཏེ་དགེ་འདུན་པའི་ཚོགས་ཀྱིས་གྲོང་ངམ་ཁང་པ་ལ་བསྐོར་བ་བྱས་ན་རིམས་ནད་ཐུབ་ཅིང་སྔར་ཡོད་པ་འཆད་ལ། བཀྲ་ཤིས་པ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་འབྱུང་བར་འགྱུར་རོ། །དར་དཀར་པོ་གཅིག་ལ་བཙོད་ཀྱི་མེ་བཙའ་བཞི་ལྔའང་བྱས་ལ་ཕྱོགས་བཞིར་ཕྱར་ན་ནད་ངན་ཞིའོ། །ཡང་ནད་ཡམས་འཆད་ཐབས་ལ་བླ་མར་གསོལ་བ་བཏབ་ནས་རྡེའུ་དཀར་ནག་གཉིས་བླངས་ལ་སྙུག་མའི་ཕྱགས་མའི་ནང་བཅུག་པའི་ཕྱགས་མ་དེ་བུ་མོ་གཙང་མའི་ལག་ཏུ་བསྐུར་ནས་ས་ཐམས་ཅད་འཕྱག་ཏུ་བཅུག་སྟེ་ཕྱགས་མ་དེ་མི་ཕྱུགས་ཐམས་ཅད་ཀྱིས་འཐུང་བའི་ཁྲོན་པའམ་འབབ་ཆུར་བསྐྱུར་ན་འགོ་བའི་ནད་བྱུང་བ་འཆད་པར་འགྱུར་རོ། །གཞན་ཡང་ནད་སོ་སོ་ལ་ཕན་


MR11_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟེན་འབྲེལ་གྱི་བཅོས་དང་། ནད་ལ་ཕན་པ་ཡི་གེའི་མཁྱུད་སྤྱད། སྐར་མའི་མཁྱུད་སྤྱད་རྣམས་ནད་ཀྱི་མཁྱུད་སྤྱད་དུ་ལོགས་སུ་བྲིས་པས་འདིར་མ་བཀོད་དོ། །འཆི་བསླུའི་མཁྱུད་སྤྱད་ནི་ནད་ཀྱི་མཁྱུད་སྤྱད་དུ་ཡང་བྲིས་མོད་ཀྱི་ནད་པ་མིན་ཡང་སྐག་བཟློག་པའི་ཐབས་ཡིན་པས་འདིར་ཡང་བྲིས་པ་ལ། ནད་ཚབས་ཆེ་ཞིང་འཆི་བར་ཉེ་ན་བུད་མེད་དགུ་ལས་ཕྱེ་བསླངས་བར་རང་གིས་ཀྱང་བསྣན་ཏེ་ས་བཟང་པོ་དང་བསྲེས་པས་བུད་མེད་ཀྱི་གཟུགས་སྣ་མེད་པ་ལྔ་བྱས་ལ་ཕྱར་བ་ནག་པོའི་ཁར་བཞག །ནད་པའི་སྐེ་ལ་ཐག་པ་ནག་པོ་ཕྱིན་ཀ་ལོག་ཏུ་བཏགས་པ་དེ། བུད་མེད་གཅིག་གིས་བཀྲོལ་ནས་ཕྱར་ནག་གི་སྟེང་དུ་གཟུགས་བཞག་པ་དེ་དག་ཕྱར་བས་བསྟུམ་ཞིང་ཐག་པས་དཀྲིས་ཏེ་བུད་མེད་གཅིག་གིས་བྱད་དུ་བསྐྱལ་ན་འཆི་ཁ་མ་ཡང་བཟློག་གོ། ཡང་ལྟེ་ཕྱེ་ཟར་ཕྱེ་བག་ཕྱེ་གསུམ་ལས་ཟན་བྱས་ནས་ནད་པའི་ལུས་ལ་བསྒྲེས་པས་ལོ་དྲུག་ཅུ་དང་གླུད་དྲུག་ཅུ་བྱས་ནད་པའི་ལ་ལྷྭམ་ནང་དུ་བཅུག་སྟེ་མདུང་ཕོད་དམར་ཅན་དང་བསྡེབས་ཏེ། དགེ་སློང་ཆོས་གོས་ཅན། སྐྱེས་པ་གོ་ཆ་ཅན། ཡུག་ས་གོས་ནག་ཅན། བྱིས་པ་གོས་དཀར་རང་དེ་བཞིས་ལམ་བཞི་མདོར་བསྐྱལ་ན་འཆི་ཁ་མ་ཡང་བཟློག་གོ། ཆར་འབེབས་པ་ལ་ཀླུ་རྒྱལ་རིགས་གནས་སར་སྤྲིན་ཆེན་མདོ་འདོན། རྗེ་རིགས་གནས་སར་སེང་ལྡེང་གི་ཕུར་པ་ལ་དམར་པོའི་ཁྲག་གིས་བྱུགས་པ་གཟུགས། དམངས་རིགས་གནས་སར་བལ་མཚོན་ནང་དུ་སྦྲུལ་སྙིང་བཅུག་པ་རྡོ་དཀར་ནག་གི་


MR11_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་མནན། གདོལ་པའི་རིགས་གནས་སར་གཙོད་ཀྱི་ཀླད་པ་དང་རུས་སྦལ་གྱི་ཤ་བསྲེགས་ན་ཆར་གྱི་རྒྱུན་འབེབས་པར་འགྱུར་རོ། །ཆར་པ་གཅོད་ན་མི་རུས་མི་གཅིག་པ་སྤྱི་ཐེར་བཅུ་གསུམ་གྱི་སེན་མོ་རིམ་པར་བསྲེག་པའི་དུད་པ་བཏང་ནས་རེ་རེའི་མིང་ནས་བརྗོད་དེ་ཀྲ་སྤྱི་ཐེར་མགོ་ཆར་པ་ཆོད་ཅེས་བརྗོད་ན་ཆར་པ་ཆོད་པར་འགྱུར་རོ། །ཕོ་ཤིང་སྟག་པ་ཤུག་པ་སྐྱེར་པ་ཚར་པ་བཞི་ལ་ཕུར་པ་བྱས་ཏེ། རང་གནས་པའི་ཡུལ་གྱི་ཕྱོགས་བཞིར་བཏབ་ལ། དེའི་སྟེང་དུ་ཤར་དུ་མཆོད་རྟེན་སྔོན་པོ། ལྷོར་སེར་པོ། ནུབ་ཏུ་དཀར་པོ། བྱང་དུ་དམར་པོ་བརྩེགས་ན་རབ་གནས་ཉེས་པ་དང་། ས་དཔྱད་ཉེས་པ་དང་གནས་སུ་འདྲེ་ཞུགས་པ་རྣམས་ཞི་ཞིང་བཀྲ་ཤིས་པར་འགྱུར་རོ། །ཕྱི་སྒོ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ན་མི་ཁ་དང་དགྲ་ཉུང་བར་འགྱུར་རོ། །སཱཙྪ་སེར་པོ་བཞི་བྱས་ཏེ་རྒྱ་མཐོངས་ཀྱི་ཟུར་བཞིར་བཞག་ན་ཐོག་ཐུབ་བོ། །མདའ་བཞི་ལ་ཨོམ་ཨོཾ་བྲིས་ཟེར་དཔྱད་ཧོམ་འདྲ་འམ་བཟོ་བྱས་ཏེ་སྟེང་དུ་ཚྭ་ཚ་བཞི་བཞག་ན་ཁྱིམ་དུ་སེལ་གཞུགས་པ་རྣམས་ཀྱི་ནུས་པ་ཆུང་བར་འགྱུར་རོ། །ཐག་པ་ནག་པོའི་སྣ་གཉིས་ལ་དར་སྣ་ལྔ་པ་གཉིས་བཏགས་ཏེ་འབྲུག་ལོ་པས་ཀླད་ལ་བསྐོར་ཞིང་བུད་མེད་གོས་ནག་ཅན་གྱིས་སླང་ང་བརྡུང་བ་དང་བཅས་ཏེ་ཕྱོགས་སུ་ཕྱིན་ན་ལས་ཅི་བྱེད་ཀྱང་ས་གཉན་ཐུལ་བར་འགྱུར་རོ། །དར་ལ་མེ་ལོང་བཏགས་ཏེ་ཀ་བ་ལ་བཅིངས། ཁང་པའི་ནུབ་ཕྱོགས་སུ་ཉི་ཟླ་བྲིས་ན་ཁྱིམ་དེར་འཐབ་མོ་ཉུང་བར་འགྱུར་རོ། །ཕྱུགས་ཀྱི་སུག་པ་


MR11_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཁང་པའི་ཟུར་བཞིར་བཞག་ཅིང་། ཕྱོགས་བཞིར་མདའ་བཞི་བརྒྱབ། ཚྭ་ཚ་བཞི་ཁང་པའི་སྟེང་གི་ཟུར་བཞིར་བཞག་ན་འདྲེས་གནོད་པ་དང་། ཐོག་འཚག་པ་དང་། འོད་འཁྱུག་འབྱུང་བ་རྣམས་ཞི་བར་འགྱུར་རོ། །གཡག་རུའི་ནང་དུ་གནོད་བྱེད་གང་ཡིན་དེའི་མིང་བྲིས་ཏེ་དེའི་སྟེང་དུ་ས་ནུས་པ་ཅན་མཆོད་རྟེན་རྙིང་པའི་ས་དང་། རྡོ་ནུས་པ་ཅན་རྡེའུ་མི་རུའི་ཁར་བཅུག་ཞག་གཅིག་བཞག་པ་དང་། ཆུ་ནུས་པ་ཅན་ཆུ་མིག་གཉན་པོ།ནུས་ལྡན་གྱིས་གཟུང་ཆུ་སོགས་ཟེར་ཏེ་བརྟག །སོགས་ཀྱི་ཆུ་དང་། གཉའ་ཤིང་གི་དུམ་བུ། མི་འཆི་ཁ་མའི་ཁར་བཅུག་པའི་གུ་གུལ་རྣམས་ཀྱང་བཅུག་སྟེ་ཁ་རེ་བས་དྲིལ་བ་རང་འཐག་གི་འོག་ཏུ་མནན་ན་འདྲེ་ཐམས་ཅད་དང་ཁྱད་པར་མོ་འདྲེ་ཐུབ་བོ། །ཕུག་རོན་གྱི་ཁྲག་གིས་ས་ཡི་འཁོར་ལོ་བྲིས་པ་ལུག་ཐོད་དུ་བཅུག་སྟེ་རགས་སམ་ཤྭ་འུད་འོང་གདོང་སྦས་ན་ཆུའི་གནོད་པ་ཞིའོ། །ས་ཡི་དཀྱིལ་འཁོར་སེར་པོ་གྲུ་བཞི་པར་གི་ཝཾ་དང་ཕུག་རོན་ཁྲག་གིས་གཞན་གང་ལ་བྱ་བའི་མིང་བྲིས་པ་ལུག་གི་ཐོད་པའམ་རྭ་ནང་བཅུག་སྟེ་ཇ་གཏུན་འོག་ཏུ་མནན་ན་དགྲ་དེའི་ངག་དང་སྟོབས་གཉིས་ཀ་གནོན་པར་འགྱུར་རོ། །མེའི་ཙཀྲ་བྲིས་ནས་རྟ་རྔ་མོའང་དམར་པོའི་ཐོད་པར་བཅུག་པ་ཁ་ཤར་དུ་བསྟན་ཏེ་སྦས་ན་ཁ་སྨྲས་གླང་གཞི་ཉུང་། ཆུའི་ཙཀྲ་ཕག་རྒོད་ཀྱི་ཐོད་པར་བཅུག་པའམ་ཡང་ན་སཱཙྪ་ནག་པོར་བཅུག་ནས་ཁང་རྨིད་དུ་སྦས་ན་ཁྱིམ་དེ་མེས་མི་འཚིག་གོ། སྒྲོལ་མའི་སྐུ་ལ་དར་སྣ་ལྔ་དང་བརྒྱད་སྟོང་པ་ལ་དར་སྔོན་པོ་བཏགས། དེ་ཕྱོགས་སུ་


MR11_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བྱར་འདྲ་ས་ནག་ཆུ་བསྲེས་པ་གཏོར་ན་མེ་མཆེད་བཞིའོ། །རླུང་གི་ཙཀྲ་ནི་ཕན་གནོད་གང་ལ་ཡང་སྡེབ་ཏུ་རུང་ངོ་། །ས་སྣ་དགུ་ལས་བྱ་ཁྱུང་གི་གཟུགས་བྱས་ལ་དེའི་ནང་དུ་ནམ་མཁའི་ཙཀྲ་བཅུག་ནས་གང་གནོད་ཕྱོགས་དེར་བསྟན་ནས་དགྲ་རྣམས་ཞི་བར་འགྱུར་རོ། །དེ་ལ་འབྱུང་ལྔའི་ཙཀྲ་ལ་རྐྱང་ཁུག་འདྲེས་མའི་འབྲི་ཚུལ་གསུམ་ལས། དང་པོ་ལ་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བ་མུ་ཁྱུད་གཅིག་དང་བཅས་པ་ལ། དབུས་སུ་ཧྐྃ་དེའི་མདུན་ནས་བརྩམས་ཏེ་ཕྱོགས་བཞིའི་རྩིབས་ལ་གཡས་སྐོར་དུ། ཁ་ག་གྷ་ང་། བཞི་དང་མེ་ལྷོ་ནུབ་ནས་ཟེར་བརྟག་མཚམས་ནས་བརྩམས་ཏེ་མཚམས་བཞིར་གཡས་བསྐོར་གྱིས། ཨ་ཨཱ་ཨཾ་ཨཿ བཞི་བྲིས་པ་ནམ་མཁའི་ཙཀྲའོ། །དེ་བཞིན་ལྟེ་བར། ཡྩྃ ཕྱོགས་སུ། ཚ་ཛ་ཛྷ་ཉ། མཚམས་བཞིར། ཨི་ཨཱི་ཡ་ཤ་གཡས་སྐོར་དུ་བཀོད་པ་རླུང་གི་ཙཀྲའོ། །དབུས་སུ། ཪྚཾ་ཕྱོགས་བཞིར། ཋཌ་ཊྚ་ཎ། མཚམས་བཞིར། རྀ་རཱྀ་ར་ཥ། བཀོད་པ་མེའི་ཙཀྲའོ། །དབུས་སུ། ཝྤཾ་ཕྱོགས་བཞིར། ཕ་བ་བྷ་མ། མཚམས་བཞིར། ཨུ་ཨཱུ་ཝ་ཉྤ་ བྲིས་པ་ཆུའི་ཙཀྲའོ། །དབུས་སུ། ལྟཾ་ཕྱོགས་བཞིར། ཐ་ད་དྷ་ན། མཚམས་བཞིར་ལྀ་ལཱྀ་ལ་ས་བཀོད་པ་སའི་ཙཀྲའོ། །འདི་རྣམས་འབྱུང་བ་རང་རྐྱང་པའི་ཙཀྲ་སྟེ་ཕྱིའི་མུ་ཁྱུད་ལ་འབྱུང་བའི་རང་མདོག་གི་ཚོན་དང་ས་སོགས་སོ་སོའི་རི་མོ་བྲི་བ་ཡིན་ནམ་སྙམ་མོ། །གཉིས་པ་ཁུག་པ་ལ་རླུང་མེ་ཆུ་ས་བཞི་སྟེ། ལྟེ་བ་དང་མུ་ཁྱུད་ནང་མ་དང་དེ་རྒྱབ་རྩིབས་བཞི་དང་དེ་རྒྱབ་མུ་ཁྱུད་ཕྱི་


MR11_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་བཅས་བཞིར་བྱས་ལ་ལྟེ་བར་རླུང་དཀྱིལ་གཞུ་དབྱིབས་རྒྱུད་དང་བཅས་པ་ཆང་ཟུང་འོག་ཏུ་བྱས་ནས་ཁ་གྱེན་དུ་བསྟན་པ་བྲིས་པའི་སྣ་གཉིས་ལ་བ་དན་འཕྱངས་པ་དེའི་དབུས་སུ་ཡི་གེ་ཡཾ་གཅིག་ཡིག་མགོ་གྱེན་བསྟན་དུ་བྲིས། མུ་ཁྱུད་ནང་མ་ལ། ཨི་ཨཱི་སོགས་དང་། རྩིབས་དང་རྩིབས་མཆན་ལ་འབྱུང་ཆུང་གི་ཡི་གེ་དཀྲུག་སྟེ་བཀོད་པ་སྣང་ཡང་དཔེ་མ་དག་པ་ཤས་ཆེ་ཞིང་གབ་དཀྲུག་ཅི་འདྲ་ཞིག་ཡིན་ན་འབྱུང་སྡེབ་དང་མཐུན་པ་མི་འདུག་པས་ཡིད་བརྟན་མི་ཕེར་བས་མ་བྲིས་ཏེ་སླར་ཁུངས་ལྡན་གྱི་དཔེ་འདྲ་རྙེད་ན་དེ་ལྟར་བྲིའོ། །མུ་ཁྱུད་ཕྱི་མར་ཨཱ་ལི་ཀཱ་ལི་བྲི་ཞེས་བཤད། མེ་འཁོར་ལྟེ་བར་གྲུ་གསུམ་རྩེ་གྱེན་བསྟན་མཐའ་མེ་རིས་བསྐོར་དབུས་སུ། རཾ་མུ་ཁྱུད་ནང་མར་མེ་ཡི་དབྱངས་གསལ་དགུ། རྩིབས་དང་མཆན་ལ་འབྱུང་ཆུང་གི་མེ་ཡིག །ཕྱི་རོལ་དབྱངས་གསལ་ཀུན་ལ་འདྲ། ཆུ་འཁོར་ལྟེ་བར་ཆུ་དཀྱིལ་ཟླུམ་པོའི་ལྟེ་བར། ཝཾ་མུ་ཁྱུད་ནང་ཆུ་ཡིག་དགུ། རྩིབས་མེ་ཡི་འབྱུང་ཆུང་ཡིག་གེའོ། །ས་འཁོར་དབུས་སུ་ས་དཀྱིལ་གྲུ་བཞིར། ལཾ་སོགས་སོ། །གསུམ་པ་འདྲེས་མ་ལ། མེ་རླུང་འདྲེས་པ་ནི་ལྟེ་བར་ཕྱེད་གོང་མེ་དཀྱིལ་གོད་འདྲ་རཾ་མགོ་མཐུར་བསྟན་དང་། ཕྱེད་འོག་མར་རླུང་དཀྱིལ་གོང་འདྲ་ཡཾ་མགོ་གྱེན་བསྟན་བྲི། རྩིབས་ལ་ཡཾ་རཾ་སོགས་བྲི་བ་འདུག་ཀྱང་དཔེ་ལྟར་ན་བརྟགས་མི་བཟོད། ས་ཆུ་འདྲེས་པ་ལྟེ་བ་ཕྱེད་གོང་ཆུ། འོག་ས་དཀྱིལ་གོང་ལྟར། ས་ཆུའི་སྔགས་འཐབ་པར་བྲི་བའང་ངེས་པ་མི་རྙེད་པས་བཞག་གོ། ཡང་རྗེ་བཙུན་དམ་པའི་གདམས་


MR11_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ་བ་དང་ཚེས་གྲངས་ཀྱི་མཁྱུད་སྤྱད་འདི་ཟླ་བ་དང་ཚེས་གང་ཡིན་དེར་ལས་གང་དང་གང་བརྩམ་པ་ལ་ཉེས་པ་ཞི་ཞིང་ལེགས་པ་སྤེལ་བའི་བཅོས་ཟབ་མོ་ཡིན་ལ། དེ་ཡང་ཟླ་བའི་མཁྱུད་སྤྱད་ནི། དཔྱིད་ར་སྦྲུལ་ལ་གྲོད་པ་ཆུས་བཟང་བར་རོག་པོའི་སྐེ་ལ་བཏགས་ནས་རྟ་ལོ་པས་སྣ་ཁྲིད་དེ་ཤར་དུ་བསྐྱལ། རྡོ་ཞིག་རི་རྩེར་བསྐྱལ། ས་གཏོར་ལ་བསྭོས་བཏབ་བོ། དཔྱིད་འབྲིང་རྟ་ལ་སྭཙྪ་བཅུ་གཉིས་ལུག་ལོ་པས་རི་རྩེར་བསྐྱལ་ཞིང་ས་གཏོར་ལ་བསྭོས་བཏབ་བོ། །དཔྱིད་ཐ་ཆུང་ལུག་ལ་བྱ་ལོ་པས་ཁྱིམ་བྱ་དེ་ཕོར་མགལ་བ་བཞི་བཀལ་ལ་སྤྲེལ་ལོ་བས་ནུབ་ཀྱི་ལམ་གྱི་བཞི་མདོར་བསྐྱལ། དབྱར་ར་བ་སྤྲེལ་ལ་རི་བོང་གི་གསོ་བ་དར་སྣ་ལྔ་དང་འགྲོན་བུས་བརྒྱན་ལ་བྱ་ལོ་པས་བྱང་གི་ཟམ་པའི་སྣར་བསྐྱལ། དབྱར་འབྲིང་བྱ་ལ་རྟ་རའང་གློ་སྐྱའི་རྒྱབ་ཏུ་སྦལ་སྦྲུལ་གལ་སྟ་བཀལ་ཁལ་དུའང་ཏེ་ཁྱི་ལོས་ཤར་ལྷོའི་མཆོད་མཆད་པའང་རྟེན་རྙིང་པར་བསྐྱལ། དབྱར་ཐ་ཁྱི་ལ་ཁམས་སའི་གླང་དམར་པོ་ལ་རྩི་སྨན་གྱི་ཁལ་བཀལ་ཏེ་དར་གྱི་སྣ་ཐག་འཐེན་ལ་ཕག་ལོ་པས་ལྷོ་ནུབ་ཀྱི་གྲོག་པོ་ཕུག་རྡུག་ཏུ་བསྐྱལ། སྟོན་ར་ཕག་ལ་ཁམས་སའི་ཤ་ཕོ་ལ་གསེར། གཡུའི་ཁལ་བཀལ། སྣ་ཐག་ལ་དར་ཟབ་བཏགས་པ་བྱི་བ་ལོ་པས་བྱང་གི་མཆོད་རྟེན་རྙིང་པའི་སར་བསྐྱལ། སྟོན་འབྲིང་བྱི་བར་ལུག་རྒན་སེར་པོར་མི་མོ་བསྐྱོན་ལ་གྲུ་གུ་བཏགས་ཏེ་གླང་ལོ་པས་བྱང་ཤར་གྱི་དབེན་གནས་སམ་ལ་བཙས་རྙིང་པར་བསྐྱལ། སྟོན་ཐ་གླང་ལ་ཁྱི་རྒྱལ་པོའི་རྒྱབ་ཏུ་རྫ་ལུང་དང་། སྲེ་ལོང་བཀལ་ཏེ་སྟག་ལོ་པས་གྲོང་ཁྱེར་གྱི་སྒོར་བསྐྱལ། དགུན་ར་སྟག་ཟླར་རྟ་བྲོད་སྐྱ་བོར་ལོ་འགྲོས་བཅུ་གཉིས་ཀྱི་གཟུགས་བསྐྱོན་ལ་ཕུད་གཙུགས། རྒྱན་སྣ་ཚོགས་


MR11_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་ལ་ཡོས་ལོ་པས་ལུང་གསུམ་མདོར་བསྐྱལ། དགུན་འབྲིང་ཡོས་ཟླར་ཤིང་སེ་བ་ཁ་གསུམ་པ་གཅིག་ལ་ར་ཡི་གྲོད་པ་ཕུས་བཏབ་པ་བཏགས་ལ་འདྲེ་སྲིན་གྱི་གཟུགས་བྲིས་པར་བལ་མཚོན་སྣ་ལྔས་བརྒྱན་པ་འབྲུག་ལོ་བས་བྱང་དུ་བསྐྱལ། དགུན་ཐ་འབྲུག་ཟླར་ཕོ་རོག་ཁྲག་གིས་ཐིག་ལེ་བྱས་པའི་མདའ་དང་འཕང་གཉིས་ར་བལ་གྱི་ཐི་གུས་དཀྲིས་ཏེ་སྦྲུལ་ལོ་པས་བྱང་དུ་བསྐྱལ་ལོ། །དེ་ཡང་དམག་ཕར་ཚུར་འགྲོ་བ། ཁྱིམ་བརྩིགས་པ་དང་བཤིག་པ། བག་མ་གཏོང་ལེན་དང་ལམ་དུ་འཇུག་པ་དང་ལྡོག་པ། སྟོན་མོ་བྱེད་པ་སོགས་ལས་གང་བྱེད་ཀྱང་ཟླ་བའི་མཁྱུད་སྤྱད་འདི་གལ་ཆེའོ། །ཚེས་ཀྱི་མཁྱུད་སྤྱད་ནི། ཚེས་གཅིག་ལ་ཕྲུ་བ་སྒྱེད་པོ་རང་འཐག་གི་ཁར་བཞག །གཉིས་ལ་མལ་སར་ས་ཕོར་གསུམ་བཞག །གསུམ་ལ་སྐས་གདངས་ལ་སྒོག་གཏུན་གཏགས། བཞི་ལ་གཤོལ་ལྕགས་ཕྱུངས་ནས་ཏིང་ཏིང་དུ་བསྒྲགས་པར་བྱས་ལ་སྒོའི་ཀླད་ནོན་ལ་བཏགས། ལྔ་ལ་ཐག་ནག་གི་རྩེ་མོ་མེ་བཙས་བསྲེག །དྲུག་ལ་ཟོར་བ་མེ་བཙས་བསྲེག །བདུན་ལ་ལྟེ་ཕྱེ་དང་ཚིག་མ་མལ་འོག་མནན། བརྒྱད་ལ་སྣ་ལྕུའི་ནང་དུ་སྙུང་བུ་བཅུག་འབུག་ལ་ཁ་གྱེན་དུ་བསྟན་ཏེ་ཀ་བ་ལ་བཅིངས། དགུ་ལ་སླང་ངའི་ནང་དུ་རིལ་མ་དགུ་བླུགས་ལ་དཀྲོག །བཅུ་ལ་བྱེ་བྱ་ཚང་འམ་ཚང་རྙིང་པའི་ནང་དུ་གླུད་བཅུག་ལ་ལྷོར་བསྐྱལ། བཅུ་གཅིག་སླང་ང་ཁ་སྦུབས་པའི་སྟེང་ཡོག་པ་ལན་གསུམ་བརྡེག །བཅུ་གཉིས་པར་མགལ་བ་དང་མི་ཁའི་རྫས་རྣམས་སླང་ངའི་ནང་དུ་བཅུག་སྟེ་ལམ་བཞི་མདོར་བསྐྱལ། བཅུ་གསུམ་པར་མ་སྨད་གཉིས་གཉའ་ཤིང་ལ་གཞོན་པར་བྱ། བཅུ་བཞི་པར་ལྕགས་ཞུའི་རྨོག་གམ་ནང་དུ་རྩྭ་བཅུག་ལ་སྐས་ཁར་


MR11_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གསུམ་བཅིངས། བཅོ་ལྔ་ལ་སྐས་ཀའི་ཟུར་དུ་དབྱུག་པའི་ཁྲི་བྱས་པར་ཟངས་བུམ་དུ་ཆུ་བླུགས་ལ་བཞག །བཅུ་དྲུག་ཚེར་ཤིང་ཐུམ་པོ་ལ་མེ་སྦར་བའི་ཐལ་བ་འུར་ཐོག་ཏུ་བཅུག་ལ་ཕྱོགས་བཞིར་འཕངས། བཅུ་བདུན་རང་འཐག་ཁ་ཕྱེ་ལ་ལེན་བཅོ་བརྒྱད་བསྐོར། བཅོ་བརྒྱད་ཚིག་མའི་ངར་གླུད་ལ་བཙོད་ཀྱི་མེ་བཙའ་བྱ། བཅུ་དགུར་སྔས་ལ་འཕོང་གཏད་དེ་ཉལ། ཉི་ཤུ་ལ་གླུད་གསུམ་མལ་འོག་མནན་པའི་སྟེང་ནས་ས་སེར་གྱིས་བཀབ་ལ་དེ་སྟེང་ཕྱེས་རྡོ་རྗེ་རྒྱ་གྲམ་བྲི།ཉེར་གཅིག་ལ་སྐས་གདང་འོག་ཏུ་ཕར་འཛུལ་ཚུར་འཛུལ་བྱ། ཉེར་གཉིས་ལ་སྐམ་རྐང་པ་མཆན་ཁུང་དུ་བཅུག་ཀྱང་པ་མཆན་འོག་བཅུག་ལ་ཉལ། ཉེར་གསུམ་ཁམ་སའི་མི་གཟུགས་ལ་ཟེར་མོའི་སྒྲོ་བ་ཚུགས་ཏེ་ལྷོ་ནུབ་མཚམས་སུ་བསྐྱལ།ཉེར་བཞི་གླང་མའི་མོ་གདོང་གཅིག་ལ་བལ་མཚོན་སྣ་ལྔས་བརྒྱན་ལ་བཏགས། ཉེར་ལྔར་ཁྱི་ཚང་དུ་ཉལ་ཞིང་ཁྱི་ཚང་གི་སས་ལུས་བྱུག ཉེར་དྲུག་ར་ལ་ས་ཁལ་བཀལ་ཏེ་ཞོན་ར་ལྤགས་གྱོན་ནོ། །ཉེར་བདུན་སྤྲང་པོའི་གོས་གཡར་ལ་གྱོན།ཉེར་བརྒྱད་གླུད་ནག་པོ་བཅུ་གསུམ་ནུབ་ཏུ་བཏང་། ཉེར་དགུ་གླུད་མཐོ་གང་བྱས་པ་དོར་མས་དྲིལ་ལ་ལྷོ་ནུབ་མཚམས་སུ་བསྙལ། གནམ་སྟོང་ལ་མལ་གྱི་ཕྱོགས་བཞིར་ཆུ་ཕོར་རེ་བཞག་གོ །ཚེས་ཀྱི་མཁྱུད་སྤྱད་རྫོགས་སོ།། །།རྡོ་རྒྱུས་དང་རོ་བསྲེགས་པའི་སོལ་བས་དར་ལ་ཡི་གེ་ཡཾ་བྲིས་ཏེ་མཁར་སྟེང་དུ་ཕྱར་ནས། ཤོ་རེ་བ་གཅིག་གིས་ཐལ་བ་དང་ཕྱེ་བསྲེས་པ་ཕྱར་ཞིང་སྡུད་པ་དཀར་པོ་


MR11_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དར་བཏགས་པ་ནུབ་བྱང་དུ་ཁ་གཏད་དེ་བུས་ན་མྱུར་དུ་རླུང་འབྱུང་བར་འགྱུར་རོ། །རང་གི་ཁམས་ཀྱི་མདོག་དང་མཐུན་པའི་དར་ཕྱར་ན་རང་སྟོབས་ཤིན་ཏུ་ཆེའོ། །ར་ལྤགས་ཀྱི་ངོས་སུ་གཞན་གྱི་མིང་བྲིས་ཏེ་ཁྱི་ནག་པོའི་མགུལ་དུ་བཏགས་ན་ཕ་རོལ་རེ་ཤིག་སྟོབས་བྲིའོ། །ཕྱར་བ་ནག་པོའི་སྟེང་དུ་ཕྱེ་ཡིས་གཡུང་དྲུང་རིས་བྲིས་ཏེ་ཡང་ཡང་སྤྲུག་ན་འདྲེ་རྣམས་བྱེར་བར་འགྱུར་རོ། །རྫ་སོ་མ་གཅིག་ལ་ཁ་ཡི་གཟུགས་ཉེར་གཅིག་བྲིས་ཏེ་ནང་དུ་བྲ་བོ་དང་། ཉུངས་མ་དང་། ལ་ཕུག་གི་ལོ་མ་རྣམས་བཅུག་སྟེ་ལམ་རྒྱ་གྲམ་གྱི་ཁར་བསྐྱལ་ན་མི་ཁ་ཞི་བར་འགྱུར་རོ། །རྡོ་ནག་བཅུ་བཞི་ལ་ར་རོག་པོའི་ཁྲག་གིས་ཡི་གེ་ཧ་བྲིས་ཏེ་དགྲ་ཕྱོགས་སུ་འཕངས་ན་དགྲ་དང་རྦད་འདྲེ་ཐུབ་བོ། །གཉའ་ཤིང་ལ་དེ་ཉིན་ཚེས་དུ་ཡིན་གྱི་རི་མོ་སོལ་བས་བྲིས་ཏེ་གང་གནོད་ཕྱོགས་སུ་གདེངས་ན་དགྲ་ཇག་དང་འཐབ་འཁྲུགས་ཞིའོ། །རང་ཉིད་ལྷ་དཀར་པོར་བསྒོམས་གོས་དཀར་པོ་གྱོན་ནས་ཚྭ་ཚ་དཀར་པོ་ཉེར་ལྔའང་ཉེར་གཅིག་ཕྱོགས་མཚམས་སུ་གཞུགས་པར་བྱས་ཏེ་ཐལ་བ་ཕྱེ་དང་ཡུངས་ཀར་རྣམས་གཏོར་ན་ཡུལ་དེའི་འཁྲུག་པ་རྣམས་ཞི་བར་འགྱུར་རོ། །རལ་གྲི་གཉིས་ལ་འཐབ་པ་པོ་དེ་གཉིས་ཀྱི་མིང་སོ་སོར་བྲིས་ལ། རལ་གྲི་དེ་གཉིས་ཀྱི་གཅིག་ལ་བ་བླས་ཨེ་དང་ཅིག་ཤོས་ལ་མཚལ་གྱི་ཝཾ་ཞེས་བྲིས། དེ་གཉིས་ཁ་སྦྱར་སྟེང་དུ་འདྲ་བརྟག །ཐལ་བས་ཡི་གེ་ལཾ་ཞེས་བྲིས་ནས་རལ་གྲི་དེ་གཉིས་དར་སྣ་ལྔས་དྲིལ་ཏེ་བུད་མེད་ཀྱི་འོག་ཏུ་


MR11_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

མནན་ན་འཐབ་མོ་ཞི་བར་འགྱུར་རོ། །ཡང་རང་འཐག་གི་སོ་ལ་སྣུམ་བྱུགས་ཏེ་ཁ་བསྒྲིགས་ནས་སྟེང་དུ་ས་སེར་གྱིས་རྒྱ་གྲམ་བྲིས། དེའི་དབུས་སུ་ཚ་ཚྭ་བཞག་ན་འཁྲུགས་པ་ཆེན་པོ་ཡང་འདུམ་མོ། །བཤད་མ་ཐག་པའི་མཁྱུད་སྤྱད་འདི་བྱས་ནས་རྟེན་འབྲེལ་སྙིང་པོ་བཟླ་ཞིང་ནུབ་བྱང་མཚམས་སུ་ཐོ་གཅིག་བརྩིགས་ན་རླུང་ཡང་ནོན་པར་འགྱུར་རོ། །གཉའ་ཤིང་ལ་ཁྱི་གསོན་པོའི་ཁྲག་གིས་མིག་བདུན་བྲིས་པར་བལ་མཚོན་སྣ་ལྔ་བཏགས་ཏེ་ཁང་པའི་སྟེང་དུ་མིག་ཕར་ལ་བསྟན་ནས་ཕྱར་ན་དམག་དང་ཁ་སྨྲས་དང་གནོད་བྱེད་ཐམས་ཅད་ཟློག་གོ། གཉའ་ཤིང་ཞིག་གཡག་ཤིང་གི་བུ་གར་བཅུག་ནས་ས་གཏོར་ན་སེར་བ་ཐུབ་བོ། །སྐས་ཀྱི་རྐང་པར་བལ་མཚོན་སྣ་ལྔའི་ཐིག་གུ་བཏགས་ཏེ་སྒོའི་མ་ཐེམ་ལ་སྦྲེལ་ན་ཁྱིམ་དེའི་རྐུན་མ་ཐུབ་བོ། །ཇག་རྐུན་གྱི་མིང་བྲིས་པ་རང་འཐག་གི་འོག་ཏུ་བཅུག་ན་ཇག་པ་འགྲོ་བ་བུལ་བར་བྱེད་དོ། །རང་འཐག་གི་དུམ་བུ་ལ་སྲི་ཁྲག་གིས་ཧཱུྃ་བྲིས་ཏེ་བལ་མཚོན་སྣ་ལྔ་ལས་བྱས་པའི་འུར་རྡོས་འཕངས་ན་རྦད་འདྲེ་དང་རྨི་ལམ་ངན་པ་ཁྱི་ངུ་བ་སོགས་ལྟས་ངན་ཀུན་ཟློག་གོ། མཚོན་ཆའི་མཁྱུད་སྤྱད་སྐོར་ལ། ཨོཾ་ཨཱཿཧཱུྃ། བཟླས་ཏེ་མདའ་བཞི་ཁང་པའི་ཕྱོགས་བཞིར་འཕངས་ན་ཐོག་འཚེག་པ་དང་གདོན་གྱི་གནོད་པ་ཞིའོ། །མདུང་བཞི་ལ་ར་ཁྱི་ཕག་ལུག་བཞིའི་སུག་པ་བཏགས་ཏེ་ཧོམ་བྱ། དེ་སྟེང་ངམ་སླང་ང་གཅིག་གི་ནང་དུ་ཚེར་མའི་མེ་སྦར་བས་བསྲེག་བསྲེག་རྒྱུ་བརྟགས་ན་གནོད་བྱེད་ཞིའོ། །རལ་


MR11_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་བཞི་ལ་ཁྲག་གིས་ཡི་གེ་བྷྱོ་རེ་བྲིས། མཚམས་སུ་བྱས་ནས་རང་གི་མདུན་དུ་བཞག ཡུགས་མོ་བཞིས་རལ་གྲིའི་ཡུ་བ་ནས་བཟུང་སྟེ་དགྲ་ཕྱོགས་སུ་རྩེ་མོས་སྤགས་ན་དགྲ་དམག་བཟློག་ངེས་སོ། །སྤུ་གྲི་བཞི་ལ་ཕག་ནག་པོའི་ཁྲག་གིས་ཡི་གེ་བྷ་གྷའང་བཞི་བྲིས་ཏེ་དགེ་སློང་བཞིས་ཉི་ཟེར་ངོས་ནས་ཕར་དགྲ་ཕྱོགས་སུ་ཕྱར་ན་དམག་དཔུང་བཟློག་གོ། ལྕགས་ཕུར་གསུམ་ལ་དར་དམར་པོ་བཏགས་ཏེ་གནོད་བྱེད་ཀྱི་ས་མིང་བྲིས་པ་དེ་ལ་ཕྱོགས་གཅིག་ཏུ་གདེངས་ན་དགྲ་དང་གནོད་བྱེད་ཞིའོ། །ཟངས་ཀྱི་གྲི་གུག་ལ་དར་སྣ་ལྔ་བཏགས་ཏེ་བུད་མེད་སྟག་ལོ་མས་ལག་པ་གཡས་པས་གདེངས་ན་གང་ལ་བསྡིགས་པ་དེ་འགྱེལ་ལོ། །སྐྱེར་པའི་མདའ་ལ་འུག་པའི་སྒྲོ་བསྐྱོན་ཏེ་གང་གནོད་པའི་ཕྱོགས་སུ་འཕངས་ན་ལྟས་ངན་ཞིའོ། །ཞེས་སོ། །རང་འཐག་གི་ལྟེ་བར་བཙན་དུག་གིས་ཕ་རོལ་པོའི་མིང་བྲིས་ཏེ། ཤོ་རེ་བས་ཕྱིན་ཀ་ལོག་ཏུ་བསྐོར་ན་དགྲ་དེ་སྨྱོ་ཞིང་ན་བར་འགྱུར་རོ། །ཤ་བའི་རྭ་ཡི་ནང་དུ་ཕ་རོལ་པོའི་མིང་བྲིས་པ་བཅུག་ནས་ཆུ་མིག་གཉན་པོའི་སར་རྭ་དེ་བསྲེགས་ན་དགྲ་དེ་ད་ལྟ་ཉིད་དུ་གཟེར་ཏེ་འཆིའོ། །བོང་བུ་བྲ་བོའི་སྦང་བླངས་ནས་མེ་བུས་ཏེ་དྷ་ཏུ་ར་ཡིས་ཕ་རོལ་གྱི་མིང་བྲིས་པ་སྒོའི་མ་ཐེམ་གྱི་ཁར་བསྲིག་ན་སྡོ་སྐམ་དུ་འགྲོའོ། །གཉའ་ཤིང་། གཤོལ་ཤིང་། གྲུ་ཤིང་། སྐས་ཤིང་སྟེ་ཤིང་ལས་ངན་བཞི་ལས་ཕུར་བུ་བྱས་ནས་དགྲ་ཡི་ཁང་པའི་ཟུར་བཞིར་བཏབ་ན་ཁང་པ་འགས་སོ། །


MR11_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་མོ་བྱེད་པའི་ཡོན་བདག་ལ་ཆག་སྒོ་ཆེ་ན་དེའི་གེགས་ཆག་གྲལ་དཔོན་ལ་བསྒྱུར་བར་འདོད་པས། ཡོན་བདག་གི་ལོ་གང་ཡིན་གྱི་ཕྱོགས་དེའི་ཐོག་ཏུ་གྲལ་དཔོན་གྱི་ཁྲི་བཤམས་ལ། ཁྱིམ་ཕུང་བའི་རང་འཐག་གི་བར་དུ་ཤོག་བུ་ལ། ཡོན་བདག་གི་ཆག་ཆེ་བ་ཐམས་ཅད་གྲལ་དཔོན་ལ་བྷྱོ་བྷྱོ། ཞེས་བྲིས་པ་ཁྲི་དེའི་འོག་ཏུ་བཅུག་ན་གྲལ་དཔོན་འཆིའོ། །ཡང་ན་ཁྲོམ་མང་ལ་བསྒྱུར་བར་འདོད་ན། ར་རོག་པོའི་གྲོལ་པར་ཡོན་བདག་མིང་འདི་ཞེས་བྱ་བའི་ནད་དང་ཆག་ཆེ་བ་ཁྲོམ་མི་མང་རྣམས་ཀྱི་ཐོག་ཏུ་བྷྱོ་བྷྱོཿ ཞེས་བྲིས་ནས་མི་མང་འགྲིམ་ལམ་གྱི་ཟམ་པ་ལ་གཏགས་ན་ཁྲོམ་གྱི་མི་བྱིངས་ལ་ཆག་སྒོ་འགྱུར་ཞིང་ནད་འབྱུང་ངོ་། །གླང་ཆེན་སྣ་བསྒྱུར་གྱི་རྟེན་འབྲེལ་ནི། གླང་རྟག་རིས་ཅན་གྱི་རྭ་ལ་བཙག་བྱུགས་ནས་དར་སྣ་ལྔ་བཏགས། །ཤོག་བུ་ལ་ཁྲོམ་ཁ་བསྒྱུར་བྷྱོ་བྷྱོ་བཟློག་བཟློག་ཡ་ཡ༔ བྱ་བ་བྲིས་པ་སྣ་ལ་བཏགས། པྲེ་ལ་ཆུ་ཡི་ཙཀྲ་བྲིས་པར་གཡོན་ལ་བཏགས། སྔར་བསྟན་མེའི་ཙཀྲ་རྭ་གཡས་པར་བཏགས། ཆད་དཔེ་གཞན་བལྟ་ས་རླུང་འདྲ་བསྲེས་པ་དཔྲལ་བར་བཏགས། སུག་བཞི་ལ་རྔ་ཁྲ་མའང་མ་བཏགས། མཇུག་མར་ཕྱགས་ཤིང་བཏགས། ཐལ་བའི་ཕང་ཅོ་ཁལ་དུ་བཀལ་ཏེ། མི་ཞར་བ་གཅིག་གིས་སྣ་ཁྲིད་ལ་དམག་མི་རྣམས་ཀྱིས་ཐོ་ལེས་བཏབ་སྟེ་དེད་ནས་དགྲ་ཡི་ཕྱོགས་སུ་བཏང་ན་དམག་དཔུང་ཁྲོམ་དུ་ལྷགས་ཀྱང་བཟློག་གོ། ཐེ་ཚོམ་


MR11_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མེད། སྡིག་པ་ཆེ་བས་གསང་ངོ་། །ཡང་ན་སྦུད་པ་དཀར་པོ་ཤར། སེར་པོ་ལྷོ། དམར་པོ་ནུབ། ལྗང་ཀུ་བྱང་སྟེ། ཡུགས་ས་མོ་ལས་ཐལ་བ་བླངས་པ་སྦུད་པའི་མཆུ་གདོང་དུ་བཞག་སྟེ་བུས་ན་དམག་ཇི་ལྟར་མང་ཡང་གྱེས་ནས་འགྲོའོ། །གླང་ཆེན་སྣ་བསྒྱུར་དང་སྦུད་པ་དགུ་གདུག་གི་གཏོ་འདི་ཤིན་ཏུ་ཟབ་ལ་ནག་རྩིས་ཀྱི་མན་ངག་དང་གཏེར་ཁ་རྣམས་སུའང་ལག་ལེན་རྒྱས་བསྡུས་ཅི་རིགས་འདུག་ཀྱང་གང་ལྟར་བྱས་ཀྱང་ཆེས་ཟབ་བོ། །དེ་ལྟར་འདི་ཐམས་ཅད་རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་རྟེན་འབྲེལ་ཟབ་མོའི་དོན་ལ་མངའ་བརྙེས་པ། རིག་འཛིན་བླ་མ་རྣམས་དང་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་རྒྱ་མཚོ་ལས་ཟབ་རྒྱས་ཀྱི་གདམས་པ་དངོས་སུ་མནོས་ཤིང་། མཁའ་འགྲོའི་གསང་མཛོད་གདམས་ངག་རྒྱ་མཚོའི་བཀའ་བབ་པ་རྗེ་བཙུན་དམ་པ་རྒྱ་གར་པའི་མན་ངག་ལགས་ཏེ། བདག་ཉིད་ཆེན་པོ་འདིའི་རྫས་ཀྱི་རྟེན་འབྲེལ་དཀར་པོ་བརྒྱད་ཅུ་པ་བདུད་རྩིའི་ཆར་པ། སྔགས་ཀྱི་རྟེན་འབྲེལ་བརྒྱད་ཅུ་པ་གསེར་གྱི་ཆར་པ། མཁྱུད་སྤྱད་དཀར་ནག་ཁྲ་གསུམ་གྱི་གཞུང་དང་། ཁ་འཐོར་དཀར་ནག་ཁྲ་གསུམ། ཡང་མཁྱུད་སྤྱད་ཁ་འཐོར་གྱི་གྲས་ཟླ་བ་ཚེས་གྲངས་ཡི་གེ་སྐུད་པ་མཚོན་ཆ་འཆི་བསླུ་དྲུག་དང་། གཞན་ཡང་དྲང་སྲོང་སྐར་མའི་མཁྱུད་སྤྱད་དཀར་པོ་ནད་པ་ཁོ་ན་ལ་བསྔགས་པ། སྐར་མའི་མཁྱུད་སྤྱད་ནག་པོ་སྔགས་ཀྱི་ཁ་བསྒྱུར་སོགས་མན་ངག་གི་གདམས་སྐོར་ཆེས་མང་པོ་ལས།


MR11_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་སྔགས་ཀྱི་རྟེན་འབྲེལ་ཚན་གཉིས་དང་མཁྱུད་སྤྱད་སྐོར་རྣམས་ཕལ་ཆེར་ཁམས་ལྡན་ཡུལ་ཀློང་ཐང་སྒྲོལ་མའི་གནས་སུ་གཏེར་དུ་སྦས་པ། ཁམས་སྟོན་ཤེས་རབ་འབར་གྱིས་གཏེར་ནས་བཏོན་ཞིང་ཇ་སིག་ནང་དུ་བཅུག་ནས་དབུས་སུ་བརྫངས་ཏེ་མང་པོ་མི་སྤེལ་བར་བཀའ་རྒྱས་བཏབ་པར་མཛད། བཀའ་རྒྱ་དམ་པ་སོགས་ཀྱིས་དེ་དུས་ཆེས་མ་འཕེལ་ན་ཡང་ཕྱིས་སུ་དཔེ་ཆ་མང་ཉུང་སྣ་ཚོགས་འཐོར་ཐབས་སུ་གྱུར་པ་མང་ལ།ཡིག་སྐྱོན་གྱིས་བསླད་པ་ཡང་མང་མཐོང་མོད་ཡོངས་སུ་གྲགས་པའི་དཔེ་ཕལ་མོ་ཆེ་བསྡུར་ནས་ཡིག་སྐྱོན་ཅི་རིགས་བསལ། ལུང་རྣམས་ཀྱང་རྒྱུན་ཡོད་པ་ནོད་ནས་འདིར་ཕྱོགས་གཅིག་ཏུ་གོ་རིམ་བསྡེབས་ཏེ་བཀོད་པ་ལགས་སོ། །གཞན་རྗེ་བཙུན་དམ་པ་སངས་རྒྱས་ཉིད་ལ་གང་ཟག་སོ་སོས་ཞུས་པ་ལ་གདམས་པའི་སྐོར་ཐོར་བུ་པ་ནི་ཆེས་མང་བས་ཕྱོགས་གཅིག་ཏུ་བསྡུར་མི་བཏུབ་མོད་ཅི་རིགས་རྙེད་པ་མན་ངག་གི་ཡིག་ཆ་རྣམས་སུ་བཀོད་པར་བྱས་སོ། །འདིར་ནི་སྔགས་ཀྱི་རྟེན་འབྲེལ་སྐོར་དང་། རྫས་དང་སྐུད་པ་སྐར་མའི་མཁྱུད་སྤྱད་ནད་ལ་ཕན་པ་རྣམས་མ་གཏོགས་པའི་མཁྱུད་སྤྱད་ཀྱི་སྐོར་ཚོ་གང་སྨོས་ཆེ་རིགས་ཚང་བ་ཡིན་ནོ། །སྤྱིར་མཁྱུད་སྤྱད་ཅེས་པ། གདམས་ངག་བྱིས་པའི་རྩེད་མོ་འདྲ། །ཕན་པའི་རི་དང་རྒྱ་མཚོ་འདྲ། །ཞེས་གྲགས་པ་བཞིན་དུ་རྟེན་འབྲེལ་གྱི་མན་ངག་ཟབ་མོའི་གནད་ཤེས་ནི་ཚེགས་ཆུང་ངུས་དོན་ཆེན་པོ་བྱེད་པ་ཡིན་པས། འདི་ལྟ་བུར་བྱ་སླ་ལ་དོན་ཆེ་བའི་མན་ངག་ཟབ་མོ་


MR11_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གསང་སྟེ་རང་གིས་ཉམས་སུ་ལེན་དགོས་པ་ཡིན་པས་མཁྱུད་སྤྱད་དང་མཁྱུད་དཔྱད་ཅེས་མིང་ཐོགས་པ་ནི། བཅོམ་ལྡན་འདས་ཀྱིས་མདོ་ལས་ཀྱང་། བསམ་གཏན་དང་སྨན་དང་སྔགས་དང་མཁྱུད་སྤྱད་ཀྱི་ནུས་པ་ཡང་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་པ་ལྟར་ཡིན་ལ། མ་གསང་ན་ནི་ཀུན་གྱིས་ཤེས་ན་མཁས་པར་སུ་ཞིག་རྩི། ཞེས་གྲགས་པ་ལྟར་གདམས་ངག་ལ་རྩིས་སུ་མི་བྱེད་པ་དང་། གནད་མི་ཤེས་པ་དག་གིས་བགྱི་བ་འདི་ཙམ་ཞིག་གིས་དེ་ཙམ་ག་ལ་ཕན་སྙམ་དུ་ཐེ་ཚོམ་ཟ་ཞིང་གསང་བ་འཆལ་བས་གདམས་ངག་ནུས་པ་ཆུང་བར་འགྱུར་བས་གསང་དགོས་ལ། གོང་བཤད་དམ་པའི་མཁྱུད་སྤྱད་ཀྱི་རིགས་འདི་དག་གང་བྱེད་ཀྱང་། རྟེན་འབྲེལ་གྱི་རྫས་འཛོམས་ཤིང་རིག་པ་དྭངས་པར་བྱས་ལ། དམ་པ་རིན་པོ་ཆེ་དང་ཌཱཀྐི་ལ་གསོལ་བ་བཏབ་ཅིང་ཐེ་ཚོམ་མེད་པའི་སེམས་རྩེ་གཅིག་པས་སེམས་ཅན་གྱི་དོན་བྱའོ་ཞེས་གསུངས་པ་ལྟར། བླ་མ་དང་མཁའ་འགྲོའི་བྱིན་རླབས་ཀྱི་མཚན་མ་ཐོབ་པས་ལས་ཆེ་ཆུང་ཅི་བྱས་ཀྱང་ཇི་སྐད་བསྟན་པ་ལྟར་གྱི་འབྲས་བུ་འབྱིན་ལ། ཕལ་པས་ཀྱང་རྟེན་འབྲེལ་གྱི་ནུས་པས་རྗེས་མཐུན་ཙམ་གྱི་འབྲས་བུ་འབྱུང་བ་ལ་བསླུ་བ་མེད་དོ། །དེའི་ཕྱིར་རབ་ཏུ་ན་སྔོན་དུ་དམ་པའི་བྱིན་རླབས་སྒྲུབ་པ་གསང་རྒྱ་ཅན་ཉམས་སུ་བླངས། དེ་ལྟར་མིན་ཡང་ལས་གང་བྱེད་ཀྱི་སྔོན་དུ་རྗེ་བཙུན་དམ་པ་སངས་རྒྱས་སོགས་བླ་མ་དང་ཡི་དམ་མཁའ་འགྲོ་ལ་གསོལ་བ་བཏབ། རྟེན་འབྲེལ་ཟབ་མོར་མི་


MR11_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བསླུ་བར་ཡིད་ཆེས་པས་རྟེན་འབྲེལ་སྙིང་པོ་མང་དུ་བཟླ་བཞིན་ལས་དེ་བྱ་སྟེ། སྐབས་འདིར་མ་ཟད་འོག་ནས་འཆད་འགྱུར་མཁྱུད་སྤྱད་ཀྱི་སྐབས་ཀུན་ཏུ་ཡང་དེ་ལྟར་ཤེས་པར་བྱ་དགོས་སོ། །དེ་ལྟར་ཡང་རྗེ་བཙུན་དམ་པ་རིན་པོ་ཆེའི་ཞལ་ནས། སྣ་ཚོགས་ཆོ་འཕྲུལ་སྣང་བ་མ་འགག་པས། །སྤྲུལ་པ་སྒྱུ་མ་གསེར་འགྱུར་རྩི་ལ་སོགས། །སེམས་རིག་གཉིས་ཀས་ཡུལ་གྱི་སྣང་བས་བཏུད་སྣང་བ་བསྒྱུར། །རྟེན་འབྲེལ་འདུས་ལུས་ཀྱང་ལ་ཐབས་ལམ་མ་འགགས་ན། །འཁོར་བ་རྩད་ཆོད་མྱ་ངན་འདས་པ་སྟོན། །རྟེན་འབྲེལ་འདི་ནི་སྒྱུ་མའི་ངོ་བོ་སྟེ། །འབྱུང་དང་འབྱུང་ལས་གྱུར་པ་ཇི་བཞིན་དུ། །ཆོས་རྣམས་རྟེན་ཅིང་འབྲེལ་འབྱུང་ཉིད་དུ་ཤར། །རིག་པ་དྭངས་སུ་ཆུག་ཅིག་རྣལ་འབྱོར་པ། །ཞེས་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡོན་ཏན་ནི། སྣང་སྲིད་སྣོད་བཅུད་འཁོར་འདས་ཡོངས་ལ་ཁྱབ། །དམྱལ་བ་ལ་སོགས་སྐྱེ་གནས་རྣམ་བཞི་ལ། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་ནུས་མཐུ་ནི། །དགག་པར་རིགས་པ་དྲང་སྲོང་རྣམས་ཀྱིས་མིན། །རྡོ་སོལ་རི་ལ་ཆར་གྱི་རྒྱུན་བབ་པས། །མེ་ཆེན་འབར་ནས་ཆུ་བོ་ཁོལ་བ་དང་། །བཅུད་ལེན་རིལ་བུ་མིག་སྨན་རྐང་མགྱོགས་དང་། །རལ་གྲི་མཆིལ་ལྷྭམ་ལ་སོགས་གྲུབ་ཆེན་བརྒྱད། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཡོན་ཏན་ཡིན། །ཞེས་དང་། སྔགས་ཀྱི་རྟེན་འབྲེལ་གྱི་གདམས་པ་ལས། ཨཱ་ལི་ཀཱ་ལིའི་སྒྲ་དོན་རིག་པ་ཡིས། །སྣང་སྲིད་


MR11_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྟེན་འབྲེལ་ཉིད་དུ་ཤར། །འབྱུང་བའི་ཡི་གེ་རྟེན་འབྲེལ་མ་ལོག་པས། །མ་བུའི་འགྲོས་སུ་ཇི་ལྟར་བསམ་པ་བཞིན། །བསྙེན་སྒྲུབ་ལས་སྦྱོར་ཕྲིན་ལས་སྣ་ཚོགས་པ། །རིན་ཆེན་གླིང་ནས་གསེར་གྱི་ཆར་པ་ལྟར། །དགོས་འདོད་འབྱུང་བའི་སྔགས་སུ་བླ་མས་བསྡེབས། །ངེས་པའི་ཤེས་པས་ཇི་ལྟར་གསུངས་པ་ལྟར། །འགྲུབ་པར་ངེས་སོ་གཟིགས་ཤིག་རྣལ་འབྱོར་པ། །ཞེས་གསུངས་སོ། །དེ་ཡང་དམ་པའི་བྱིན་རླབས་སྒྲུབ་པ་གསང་རྒྱ་ཅན་ཉམས་སུ་བླང་བར་འདོད་པས། སྐྱབས་སེམས་སྔོན་དུ་བཏང་ཚད་མེད་བཞི་བསྒོམས་ལ། རང་གི་མདུན་དུ་པད་ཟླའི་གདན་ལ་རྗེ་བཙུན་དམ་པ་སངས་རྒྱས་སྐུ་མདོག་མཐིང་ནག་གཟི་མདངས་ཅན། ཐོར་ཅོག་ལ་ཐོད་སྐམ་གཅིག་གིས་སྤྲས་ཤིང་སྐུ་ལ་རུས་པའི་རྒྱན་དྲུག་དང་དར་གྱིས་བརྒྱན་པ། གཡས་གསེར་གྱི་ཌཱ་མ་རུ་ཁྲོ་ལོ་ལོ་འཁྲོལ་བ། གཡོན་བསྡིག་མཛུབ་ཀྱིས་ཏིང་ཤག་བསྣམས་པ། གར་སྟབས་འགྱིང་བག་ཅན་ལས་བཞིའི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་འཕྲོས་པས་མཁའ་སྤྱོད་དག་པའི་ཞིང་ནས་བླ་མ་ཉིད་སྤྱན་དྲངས་ཏེ་བསྒོམ་པ་ལ་ཐིམ་པར་གྱུར། དེ་ནས་མོས་གུས་བསྐྱེད་ལ་ཐུགས་རྒྱུད་བསྐུལ་བའི་ཚུལ་དུ་དམ་པའི་སྙིང་པོ་འདི་བཟླ་བར་བྱ་སྟེ། ཨོཾ་ཤྲཱི་ཀ་མ་ལ་གུ་རུ་ཛྙཱ་ན་སིདྡྷི་ཧཱུྃ། ཞེས་ཅི་འགྲུབ་བཟླ་ཞིང་གནས་གསུམ་གྱི་འོད་ཟེར་དཀར་དམར་མཐིང་གསུམ་


MR11_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་ཐིམ་པས་བྱིན་གྱིས་བརླབས་པར་བསམ། སྐབས་སུ་གོང་གི་སྔགས་ཤམ་དུ། བཾ་དྷ་ཀཱི་ཧ་རི་ནི་ས་ཙིཏྟ་ཧྲིང་ཧྲིང་ཛཿ སརྦ་ཀརྨ་སིད་དྷི་ཕ་ལ་ཧཱུྃ། ཞེས་བཟླས་པ་བསྙེན་པ་སྟེ་བྱིན་རླབས་ཀྱི་མཚན་མ་རབ་འབྲིང་ཐ་མ་གང་རུང་གི་ཚད་དུ་བསྐྱལ་བར་བྱའོ། །དེ་ནས་ལས་སྣ་ཚོགས་འགྲུབ་པའི་ཆེད་དུ་དང་པོར་བླ་མ་དམ་པ་རིན་པོ་ཆེ་ལ་གསོལ་བ་བཏབ་སྟེ་བྲམ་ཟེའི་ཁྱིམ་ནས་རས་བླངས་ལ་སྲིད་དུ་སོར་ཉེར་བཞི་བྱས་ཏེ་སྐར་མ་རྒྱལ་གྱི་དུས་སུ་ལྷ་བཟོ་གོས་དཀར་གྱོན་པས་དཔྲལ་བར་གི་ཝཾ་གིས་ཐིག་ལེ་བྱ། ཡི་གེ་ཏྲཱྃ་གིས་{བདག་དང་རྫས་རྣམས་}བྱིན་གྱིས་བརླབས། རྟེན་འབྲེལ་གྱི་འཕང་ལོ་སྐེ་ལ་བཅངས་ཏེ་ལྷ་བཟོ་པ་ཁ་ཤར་དུ་བལྟས་ནས་མཚན་ལྡན་གྱི་ཐོད་པ་ཁ་སྦུབས་པའི་སྟེང་ནས་བླ་མ་རྗེ་བཙུན་དམ་པ་རྒྱ་གར་གྱི་སྐུ་བརྙན་གོང་དུ་གསལ་བ་ལྟར་ལེགས་པར་འབྲི། བླ་མའི་ཐུགས་ཀར་སྙིང་པོ་གུར་གུམ་གྱིས་བྲིས་ནས་གང་ཟག་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེས་པ་ཞིག་གིས་རབ་གནས་བྱ། དེ་ནས་བདེ་བའི་ཕྱོགས་སུ་གནས་ཁང་བྱི་དོར་བྱས་ནས་མདུན་དུ་སྐུ་རྟེན་བཤམས་མཆོད་པ་བཤམས་ཀྱང་ལེགས། དེ་ནས་རང་ཉིད་ཡི་དམ་གང་ཡིན་གྱི་སྐུར་གསལ་བའི་ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་གསལ། མདུན་གྱི་བྲིས་སྐུ་རྗེ་བཙུན་དངོས་སུ་བསམས་ལ་དད་པ་བསྐྱེད། མངོན་ཤེས་དང་རྟེན་འབྲེལ་མཐའ་དག་འཆར་བའི་སྙིང་པོ་འདི་འབུམ་ཕྲག་བདུན་བཟླ་བར་བྱའོ། །ཨོཾ་ཨ་ཧྲི་ཧྱ་བེ་དྷ་ན་དྷེ་ཧཱུྃ། དེ་ལྟར་བསྒྲུབ་པ་གྲུབ་ནས་ལས་བརྩམ་པར་བྱ་བའི་ཐོག་མར་བླ་མའི་སྐུ་འབག་གི་མདུན་དུ་བྱང་


MR11_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཀར་དམར་གླ་རྩི་ཨ་ག་རུ་སྦྱར་བའི་སྤོས་བསྲེགས་ལ། སྙིང་པོ་འདིས་གསོལ་བ་གདབ་པར་བྱ་སྟེ། ཨོཾ་ཨ་ཧྲཱི་ཧྱ་བ་དྷ་ན་དྷེ་སི་ཏི་ཧཱུྃ། ཞེས་པ་སྟོང་བརྗོད་པར་བྱའོ། །དེ་ནས་རྫས་དང་སྔགས་ཀྱི་རྟེན་འབྲེལ་མཁྱུད་སྤྱད་སོགས་ལས་སྣ་ཚོགས་ཅི་དང་ཅི་གསུངས་པ་རྣམས་བརྩམ་པར་བྱས་ན་ཚུལ་བཞིན་འགྲུབ་པར་འགྱུར་རོ། །འདི་ནི་རྫས་ཀྱི་རྟེན་འབྲེལ་དཀར་པོ་བརྒྱད་ཅུ། སྔགས་ཀྱི་རྟེན་འབྲེལ་བརྒྱད་ཅུ་པ་གསེར་གྱི་ཆར་བ། མཁྱུད་སྤྱད་དཀར་ནག་ཁྲ་གསུམ་ཡན་ལག་དང་བཅས་པ་དང་། གཞན་ཡང་དམ་པའི་མན་ངག་སྣ་ཚོགས་རྣམས་ཉམས་སུ་བླངས་པ་ཐོགས་མེད་དུ་འགྲུབ་པར་བྱེད་པའི་གདམས་པ་བླ་མ་གོང་མ་རྣམས་ཀྱི་ཞལ་ནས་སྙན་དུ་བརྒྱུད་ཅིང་སྦས་པ་ཡིན་པས་གཅེས་སྤྲས་སུ་བྱའོ། །ཞེས་མི་ཕམ་པས་བཀོད་པ་ཡིན་ནོ། །བསྙེན་སྒྲུབ་སོང་ནས་རང་ཉིད་དམ་པར་བསྒོམས་ལ་ལས་བྱས་ཀྱང་ལེགས་པར་སེམས་སོ། །དེ་ནི་གཞན་ཡང་མཁྱུད་སྤྱད་སྣ་ཚོགས་བཀོད་པར་བྱ་སྟེ། སྤྱིར་མཁྱུད་སྤྱད་ལ་ཕན་བྱེད་རྣམས་དཀར་པོ་གནོད་བྱེད་རྣམས་ནག་པོ། དེ་གཉིས་མིན་པའི་མིག་འཕྲུལ་སོགས་སམ་ཕན་གནོད་འདྲེས་མའི་ལས་ཅན་ཁྲ་བོར་བཤད་པ་དག རྒྱུད་རྣམས་དང་། གྲུབ་ཆེན་རྣམས་ཀྱི་ཞལ་ནས་གདམས་པ་དང་ཟབ་མོའི་གཏེར་ཁ་རྣམས་སུ་ཁོལ་བུར་རྒྱ་ཆེར་བྱུང་བ་མཐའ་དག་ཕྱོགས་གཅིག་བསྡུ་མི་ནུས་ན་ཡང་། ཅི་རིགས་ཕྱོགས་གཅིག་བསྡུས་པས་ཀྱང་ལས་སྣ་ཚོགས་པ་དེ་དང་དེའི་དོན་འགྲུབ་པས་ན། སྐབས་འདིར་གནོད་བྱེད་ཀྱི་ལས་ཚེགས་ཆུང་ཞིང་ཟབ་པ་རྣམས་བཀོད་ན་དུས་


MR11_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སེམས་ཅན་དམུ་རྒོད་རྣམས་ཀྱིས་རང་གཞན་འཕུང་བའི་ལས་སུ་འགྱུར་དོགས་ནས་རྫས་མཐུ་སོགས་འདིར་མ་བཀོད་ལ། རྗེ་བཙུན་འཇམ་དབྱངས་ཀྱི་གསུང་གཏོ་སྒྲོམ་འབུམ་ཏིག་ནི་རྩིས་ཀྱི་མན་ངག་མཁྱུད་སྤྱད་དུ་གཏོགས་ཤིང་ཟབ་པས་སྔར་ཆིག་བརྒྱུད་ཀྱི་བཀའ་རྒྱ་ཅན་ཡིན་ཡང་དེའི་ལག་ལེན་ཁྱེར་བདེ་གཏོ་ཆོག་བཀྲ་ཤིས་འདོད་འཇོ་ཞེས་པ་ཁོ་བོས་བཀོད་པས་འདིར་དེ་ལས་བྱུང་བ་རྣམས་མ་བཀོད་ཅིང་། ཟབ་གཏེར་གྱི་མན་ངག་རྣམས་ཀྱིས་ཁོག་བྱས་རྒྱུད་དང་གྲུབ་ཆེན་གྱི་གདམས་པ་ཅི་རིགས་ཚེགས་ཆུང་ལ་དོན་ཆེ་བའི་མཁྱུད་སྤྱད་ཅི་རིགས་ཕྱོགས་བསྡུས་ལ། རིག་པ་འཛིན་པ་ཡོངས་ཀྱི་རྒྱལ་པོ་པདྨ་སཾ་བྷ་བའི་གདམས་པ་མངའ་བདག་མྱང་རལ་གྱི་གཏེར་བྱོན་ཁྲོས་ནག་དང་མཁའ་འགྲོ་ཆེན་མོའི་ལས་ཚོགས་སུ་གསུངས་པ་དང་། དེ་དང་མཐུན་པར་མཁའ་འགྲོའི་ལས་བརྒྱ་རྩ་བརྒྱད་པ་སོགས་གཏེར་ཁ་གཞན་ལས་ཀྱང་བྱུང་བའི་སྐོར་ལས། ཤེས་རབ་ཆེ་བར་འདོད་ན་སྟོན་འབྲིང་གི་ཚེས་བདུན་ལ་ཡུལ་ལྷའི་མདུན་ནས་ས་བླངས་ལ་རང་གི་ལྟེ་ཁུང་དུ་བཏབ་ནས་ཧ་རི་ནི་ས་བཟླས་པས་བློ་ཆེ་ཡིད་མྱུར་དྲན་པ་གསལ་བར་འགྱུར་རོ། །གཟི་བརྗིད་ཆེ་བར་འདོད་ན་རྒྱལ་པོ་ཆེན་པོ་སོགས་ཀྱི་མཁར་གྱི་གོང་ནས་བཀྲ་ཤིས་པའི་ས་བླངས་ལ། ཧ་རི་ནི་ས་བཟླས་ཏེ་རང་གི་ལུས་ལ་བྱུགས་ན་གཟི་བརྗིད་ཆེ་སྟེ་ཕ་རོལ་ཟིལ་གྱིས་གནོན་ཏོ། །ཕྱུག་པར་འདོད་ན་ཟླ་བ་གང་རུང་གི་ཚེས་གཅིག་ལ་ཧ་རི་ནི་ས་བཟླས་ཏེ་རང་གི་ལྟེ་ཁུང་བཀྲུས་ན་བྲུས་ཀྱང་སྣང་ནོར་འབྱུང་ངོ་། །ནད་ཐམས་ཅད་བྱང་བར་འདོད་ན་སྟོན་འབྲིང་པོའི་ཚེས་བདུན་ལ་སྲན་མ་


MR11_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་འབྲུ་བདུན་ལ་ཧ་རི་ནི་ས་བཟླས་ལྟོ་སྟོངས་ལ་ཟོས་ན་ནད་རྙིང་པ་ཀུན་ཡོངས་སུ་འབྱང་ངོ་། །སྟོན་འབྲིང་གི་ཚེས་གཅིག་ལ་ཟོས་ན་ཟེར་བའང་སྣང་སྟེ་བརྟག་ཡང་ཁྱིམ་བྱ་དཀར་པོའི་ཤ་ལ་ཧ་རི་ནི་ས་བཟླས་ཏེ་གང་ལ་བྱིན་ཡང་ནད་ཐམས་ཅད་འཚོའོ། །ཡང་གུ་གུ ལ་ཤུ་དག་གཉིས་ལ་ཧ་རི་ནི་ས་བཟླས་ཏེ་བཏུང་ན་ནད་དང་གདོན་ཀུན་བྱང་ངོ་། །བགེགས་ནད་སྲུང་ན་དབྱར་ཐ་མའི་ཚེས་ལྔ་ལ་ནད་པར་སྐར་མ་མ་བྲོས་གོང་དུ་སུས་ཀྱང་དེ་ཉིན་མ་བཅུས་པའི་ཆུ་ལ་ཧ་རི་ནི་ས་བཟླས་ཏེ་གདོང་བཀྲུས་ཤིང་ཁོང་དུ་བཏང་ན་བགེགས་ནད་མི་ཐེབས་སོ། །ཁྱིམ་ནད་སྲུང་ན་བ་ལང་གི་རྨིག་པ་བཞི་ཁང་པའི་གྲ་བཞིར་བཞག དེ་ཆང་ངམ་ཆུས་བཀང་ལ་ཧ་རི་ནི་ས་བཟླས་པས་ཁྱིམ་དེར་ནད་རིམས་མི་འབྱུང་ངོ་། །སྲིས་རྨེ་བར་འདོད་ན་དབྱར་ར་བའི་ཚེས་གཅིག་གི་ཉིན་པར་མི་ཕྱུག་པོའི་ཁྱིམ་གྱི་ཚང་མང་ནས་ས་བླངས་ལ་ཧ་རི་ནི་ས་བཟླས་ཏེ་རང་གི་ཁྱིམ་དུ་གཏོར་ན་སྲིས་རྨེ་བར་འགྱུར་རོ། །སྲིད་སྤེལ་བར་འདོད་ན་རྟ་ཆད་དམ་ནག་པོའི་ལྟག་རུས་སྦྲེལ་ཏེ་རང་ཁྱིམ་དུ་སྦས་ཤིང་ཧ་རི་ནི་ས་བཟླས་པས་སྲིད་འཕེལ་ལོ། །ཞོ་ཆང་སྲུང་ན་རྭ་གཞོབ། མི་ཚིལ། མིའི་རྡུལ་གྱི་དྲི་མ་རྣམས་བསྲེས་པའི་རིལ་བུ་སྲན་མ་ཙམ་ལ་ཧ་རི་ནི་ས་བཟླས་ནས་ཞོ་ཆང་གི་ནང་དུ་བཏབ་པའམ་སྟེང་དུ་བཞག་ན་ཞོ་དང་ཆང་གི་འདྲེ་ཐུབ་བོ། །ཡང་ཆང་སྲུང་བར་འདོད་ན། ཁྱི་ལུད། མི་ལུད། སྤྱང་བྲུན། གླ་རྩི། གུ་གུལ། ཤིང་ཀུན། མུ་ཟི། ཤུ་དག །ལྡོང་རོས། ཏང་ཀུན་སྤྲེ་རྣམས་ཆ་མཉམ་སྦྱར་བ་ལྕི་མེར་བསྲེགས་པས་


MR11_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བདུག་སྟེ་ཧ་རི་ནི་ས་བཟླ་བར་བྱ། རྫས་དེ་ཆན་ནང་བླུགས་པས་ཀྱང་ཐུབ་བོ། །གདོན་སྲུང་ན་དབྱར་ར་བའི་ཚེས་གཅིག་ལ་ལྕང་མ་སོར་བཞི་པ་གཅིག་བཅད་དེ་ཧ་རི་ནི་ས་བཟླས་ནས་རང་གི་སྒོ་ལ་བཏགས་ན་འདྲེ་ཐམས་ཅད་ཐུབ་སྟེ་གང་གིས་ཀྱང་མི་གནོད་དོ། །ཐེའུ་རང་སྲུང་ན་ཐེའུ་རང་རྒྱུག་པའི་ས་ལ་ཧ་རི་ནི་ས་བཟླས་ཏེ་སྒོ་ཁར་བཏབ་ན་ཉེ་མི་ནུས་སོ། །འདི་ལ་ཐེའུ་རང་དབྱུག་པ་ཞེས་ཤིང་ལེབ་མོར་སྐྱེས་པ་ལ་ཧ་རི་ནི་ས་བཟླས་པ་བཏབ་སྟེ་སྒོ་ཁར་བཏགས་ན་ཉེ་མི་ནུས་སོ་ཞེས་དཔེ་ལ་ལར་འདུག་གོ། ཁྱིམ་དུ་འདྲེ་ཆགས་པ་སྐྲོད་ན། ཤུ་དག་ནག་པོ། གུ་གུལ། ཁྱི་ནག་གི་ལུད་གསུམ་ལ་ཧ་རི་ནི་ས་བཟླས་ཏེ་བདུགས་ནས་མཁའ་འགྲོའི་བརྟུལ་ཞུགས་བྱས་ན་འདྲེ་གདོན་ཐམས་ཅད་འབྲོས་ངེས་སོ། །རྫས་དེ་གསུམ་གྱི་སྟེང་དུ། གཅན་གཟན་སྣ་ཚོགས་ཀྱི་མཆེ་སྡེར། ཉུངས་ཀར་ཀྱང་དཔེ་འགར་སྣང་ར་ལུག་ཐུག་པོའི་སྦྲེ། རྟ་བོན་རྣམས་བསྣན་ཏེ་བདུག་ལ་དྲག་སྔགས་བཟླས་ན་ཁྱིམ་དུ་འགོང་པོ་སྤུན་དགུ་ཞུགས་ཀྱང་ཐོན་པར་འགྱུར་རོ། །ཡང་གདོན་གྱིས་ཟིན་པ་དེའི་གདོན་བསྐྲད་ན།གཅན་གཟན་གྱི་སྡེར་མོ་དང་། གུ་གུལ་ནག་པོ་ཞིབ་བཏགས་མེ་ལ་བསྲེགས་པས་བདུག་ཅིང་ལུས་ལ་བྱུགས་པ་དང་། ཁོང་དུ་བཏང་ལ་ཧ་རི་ནི་ས་བཟླས་ན་འདྲེ་གདོན་གྱིས་བཏབ་པ་སྐྲོད་དོ། །སྨྱོ་འབོག་འདུལ་ན་གུ་གུལ། གླ་རྩི། ཤིང་ཀུན།རྭ་གཞོབ། རྟ་བོན། མུ་ཟི། ཚིལ་ཆེན་རྣམས་ཞིབ་བཏགས་བསྲེགས་པའི་དུ་བ། ནད་པ་སྤྱི་ཚུགས་སུ་བཀྱིག་ནས་ཀ་བར་བསྒྲོག་པའི་སྣ་ནས་བདུག་སྟེ་ཧ་རི་ནི་ས་བཟླས་པས་སྨྱོ་འབོག་འདུལ་ལོ། །འདྲེ་གདོན་གཟིར་ན་ཚོན་སྣ་ལྔའི་སྐུད་པ་


MR11_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ནད་པའི་སྲིན་ལག་ལ་བཏགས། མཁའ་འགྲོ་སྡེ་ལྔ་དཔང་དུ་དམིགས་ཏེ་ཧ་རི་ནི་ས་བཟླས་པས་ནད་པ་སྐད་ངན་འདོན་ཞིང་ཐུལ་ལོ། །དགྲ་བོ་དབྱེ་ཞིང་བསྐྲད་ན་བྱ་རོག་དང་འུག་སྒྲོའི་བར་དུ་གང་ལ་བྱ་བ་གཉིས་པོའི་མིང་བྲིས་ལ་ཚོན་སྐུད་ཀྱིས་བཅིངས་ནས་ཧ་རི་ནི་ས་བཟླ་ཞིང་དེའི་མལ་ལམ་སྒོ་ཁར་སྦས་ན་འཐབ་ཅིང་འབྱེད་དོ། །ཧ་རི་ནི་ས་བཟླས་ནས་སྒྲོ་རླུང་ལ་ཕྱར་ན་སྨྱོ་ཞིང་སྐྲད་དོ། །བུད་མེད་རང་ལ་མ་དད་པ་སྤང་བ་ནི། གུར་གུམ། ག་པུར། གླ་རྩི། ཙན་དན་རྣམས་བསྲེས་ལ་ཧ་རི་ནི་ས་བཟླས་ཏེ་རང་གི་དཔྲལ་བར་བསྐུས་ན་ཚངས་པའི་དབང་ཕྱུག་གི་ཆུང་མ་ཆུང་མ་ལྷ་མོ་དཀར་མོ་ཡིན་ཡང་དངོས་སུ་ཆགས་ཤིང་དབང་དུ་འདུས་པར་འགྱུར་རོ། །རང་གི་བུད་མེད་ལ་སྐྱེས་པ་གཞན་གྱིས་མི་སྤྱོད་པར་འདོད་ན། ཁྱི་ཡི་ལྕེ་སྐམ་པོར་ཧ་རི་ནི་ས་བཟླས་བཏབ་ཆུ་དང་སྦྱར་ནས་རང་དང་། བུད་མེད་དེ་གཉིས་ཀས་མཉམ་དུ་འཐུང་རེས་བྱས་ན་དེའི་པདྨ་ནམ་ཡང་མི་འཁྲུགས་ལ་སྐྱེས་པ་གཞན་དང་ནམ་དང་འགྲོགས་པར་མི་འགྱུར་རོ། །ཆགས་པ་ཆེ་བར་འདོད་ན་སྟར་བུ། སྔོ་དབང་ལག་ཅོང་ཞི་རྣམས་འོ་མར་བཏབ་པར་ཧ་རི་ནི་ས་བཟླས་ཏེ་འཐུངས་ན་ཆགས་པ་མྱུར་དུ་འཕེལ་ལོ། །ཆགས་པ་མི་སྐྱེ་བར་འདོད་ན། ཡུང་བ། མ་ནུ། བཅའ་ལྒ། བྱང་གི་བུལ་ཏོག་རྣམས་ལྟོ་སྟོངས་ཆུ་བསྐོལ་ལ་བཏབ་སྟེ་ཧ་རི་ནི་ས་བཟླས་ཤིང་འཐུངས་ན་ཆགས་པ་མི་སྐྱེའོ། །ཕོ་མཚན་མཁྲང་བར་འདོད་ན། མཆིལ་བའི་ཤ །ཏིལ། མོན་སྲན་གྲེའུ། ད་བྱིད། གོ་བྱི། རྣམས་སྦྱར་བ་འོ་མར་བཏབས་གདུས་ལ་


MR11_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་རི་ནི་ས་བཟླས་ཏེ་བཏུང་ན་ལེན་རེར་བུད་མེད་བརྒྱ་ལ་སྤྱོད་ནུས་སོ། །བུད་མེད་ཀྱི་ཡིད་མི་འགྱུར་བར་དབང་དུ་བྱེད་ན་ཁྱི་དཀར་པོའི་ཕོ་མཚན་སྐམ་པོ་ཞིབ་བཏགས་སྦྲང་རྩིར་སྦྱར་ནས་ཧ་རི་ནི་ས་བཟླས་ཏེ་སྦྱོར་བ་བྱེད་དུས། ཕོ་རྟགས་ལ་བྱུགས་ན་བུད་མེད་དེ་བདེ་བས་ནམ་ཡང་འབྲལ་མི་ཕོད་པར་འགྱུར་རོ། །བུད་མེད་ལ་བུ་མི་འོང་བར་འདོད་ན། རྒྱ་སྐྱེགས། ནག་མཚུར། རྒྱ་སྣག་གསུམ་སྦྱར་ཧ་རི་ནི་ས་བཟླས་ཏེ་ལྟོ་སྟོངས་ལ་བཏང་ན་བུ་སྐྱེ་བ་རྒྱུན་འཆད་དོ། །བུད་མེད་ཀྱི་ཟླ་མཚན་སྐམ་པར་འདོད་ན། མི་རིགས་མི་གཅིག་པ་རྒྱ་བོད་མོན་གསུམ་གྱི་རྡོག་སྐྲད་གསུམ་བསྲེགས་པའི་ཐལ་བ་ཆང་ལ་བཏབ་སྟེ་ཧ་རི་ནི་ས་བཟླས་ཏེ་བྱིན་ན་མངལ་ཁྲག་རྒྱུན་ཆོད་དོ། །བུད་མེད་ཀྱི་བུ་དང་ཤམ་ཐོགས་པ་འདོན་ན་ཁྱོ་དང་བུད་མེད་གཉིས་ཀྱི་སྤྱི་གཙུག་གི་སྐྲ་དང་འདོམ་སྤུ། དོར་རྟའི་དྲེག་པ་རྣམས་སླང་ངར་བསྲེགས་པའི་གཞོབ་ཆང་དང་སྦྱར་ལ་ཧ་རི་ནི་ས་བཟླས་ཏེ་བཏང་བས་མྱུར་དུ་ཐོན་པར་འགྱུར་རོ། །བུ་ཁོང་ནས་ཤི་བ་འདོན་ན། གོང་མོའི་ངང་རུའི་སྒྲོ། ཡུངས་ཀར། སྐུད་པ་དང་འབབ་ཆུ་ཐུར་བབ་བཅུས་པའི་ཆུ་ལ། ཧ་རི་ནི་ས་གུང་ཟུང་སྭཱ་ཧཱ། ཞེས་བསྔགས་ནས་སྒྲོ་དེ་སྤྱི་བོར་བཙུགས། སྐུད་པ་སྐེད་པར་བཅིངས། ཉུངས་ཀར་ཆུ་བཅས་ལྟོར་བཏང་བས་འཐོན་པར་ངེས་སོ། །རིག་མ་སྦ་བར་བྱེད་ན། བྱ་རོག་གི་ཚང་གི་ཕྱོགས་བཞི་དབུས་ལྔའི་སྒོང་ཤུན་རྙེད་ན་རབ། མ་སྙེད་ན་ཕྱོགས་བཞི་དབུས་ལྔའི་ཚང་ཤིང་གི་དུམ་བུ། བྱི་ལའི་ཤ་མ། དེ་ཡང་མོ་


MR11_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་ཟ་བའི་ཕྲུ་གུ་འབྱིན་ཁར་ལྟ་རྟོག་བྱས་ལ་བླངས། རང་གི་མཆན་ཁུང་གི་སྤུ། ཕ་རོལ་མོ་སྦ་བྱ་དེའི་མཆན་ཁུང་གི་སྤུ། ཧོང་ལེན། ཀ་ཀོ་ལ་རྣམས་བསྲེས་པ་རིལ་བུ་བྱ། ཧ་རི་ནི་ས་བཟླ་ཞིང་རྫས་དེས་རིག་མ་དེའི་སྲིན་ལག་ལ་བྱུགས་སྨིན་མཚམས་སུ་ཡང་བྱུགས་ན་དེ་ཉིད་གཞན་གྱིས་མཐོང་མི་སྲིད་དོ། །དེ་འགྲོལ་ན་ཚོན་སྐུད་སྣ་ལྔ་བུ་མོ་སྐྱེས་པས་མ་གཙེས་པ་ལ་འཁལ་དུ་བཅུག་པ་འཆང་བས་གྲོལ། དུས་རྒྱུན་སྐུད་པ་དེ་རང་གིས་ཚགས་བྱས་ན་ཕ་རོལ་མོ་རང་གི་དབང་དུ་འདུ། ཕར་དེ་ལག་ཤོར་ན་རང་དེའི་དབང་དུ་འགྲོ་བར་འགྱུར་རོ། །རང་གཞན་མཛའ་བར་འདོད་པས་ངུར་པ་ཁྱོ་ཤུག་གི་མཇུག་སྒྲོ་ལ་བདག་དང་ཕ་རོལ་མོ་དེའི་མིང་རུས་བྲིས་ལ་དེ་གཉིས་ཁ་སྦྱར་ནས་ལུས་ལ་འཆང་སྟེ་ཧ་རི་ནི་ས་བཟླས་པས་མཛའ་བ་མི་ཕྱེད་པར་རྟག་ཏུ་འདུམ་པར་འགྱུར་རོ། །ནད་སྲུང་བ་ནི་གཉན་ལྔ་སྲུང་ན། བོང་དུག་པ། མུ་ཟི་ནག་པོ། གུ་གུལ་ནག་པོ་གསུམ་མམ། དེ་སྟེང་ཤུ་དག་ནག་པོ། ཡུང་བ་སེར་པོ། བོང་ང་ནག་པོ་ལྷོག་དུག་ནག་པོའང་རྣམས་ཞིབ་བཏགས་དྲི་ཆུས་སྦྲུས་པ་ལ་ཧ་རི་ནི་ས་བཟླས་ཏེ་དེའི་ཐུམ་པོ་སྐེ་ལ་བཏགས་པས་ཐུབ། དོགས་པ་ཆེ་ན་ལྟོ་སྟོངས་ཁོང་དུ་བཏང་། མར་ནག་སྦྱར་ལ་སྣ་སྒོ་དང་ལུས་ལ་བྱུག་པར་ཡང་བཤད་དོ། །ཡང་ག་པུར། གླ་རྩི། ཁྱི་ལུད། སྒོག་སྐྱ་རྣམས་རས་ཁུག་ཏུ་བླུགས་ལ་ཧ་རི་ནི་ས་བཟླས་ཏེ་གོང་བའི་ཐད་དུ་བཏགས་ན་རིམས་ནད་ཡོད་སར་ཕྱིན་ཀྱང་མི་འགོའོ། །གློ་ཆམ་སྲུང་ན། གུ་གུལ་དཀར་པོ་དྲི་ཆུར་སྦྱར་བར་ཧ་རི་ནི་ས་བཟླས་


MR11_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཐོ་རེངས་བྱ་མ་གྲགས་གོང་ཁོང་དུ་བཏང་བས་ཐུབ། ལྷོག་པ་སྲུང་ན། གླ་རྩི། གུ་གུལ། རྩི་བོ་ཆེ་ཟེར་ཤིང་ཀུན། ཙན་དན་བཞི་སྦྱར་ལ་ཧ་རི་ནི་ས་བཟླས་ནས་ལུས་ལ་འཆང་བས་ཐུབ་བོ། །རྒྱུ་གཟེར་སྲུང་ན་སྤྲུ་བའི་རྩ་བ་རློན་བརྡུངས་དང་། མཁན་དམར་རྩ་བ་བཅས་དྲི་ཆུར་སྦྱར་ཏེ་ཞག་གཅིག་མནན། དེ་ལ་ཧ་རི་ནི་ས་བཟླས་ནས་ལུས་ལ་བྱུག་ཅིང་ཁོང་ཐིགས་པ་གཅིག་བཏང་། དེའི་སྔོན་དུ་སུག་པ་དང་རང་གི་དྲི་ཆུ་སྦྱར་ལ་ཧ་རི་ནི་ས་བཟླས་པས་ལུས་དང་སྐྲ་བཀྲུ་བར་བྱའོ། །འབྲུམ་བུ་སྲུང་ན། ཤུ་དག་དཀར་པོ་དང་། གུ་གུལ་ནག་པོ་གཉིས་ཆང་ངམ་ཆུར་སྦྱར་ལ་ཧ་རི་ནི་ས་བཟླས་ནས་ཐོ་རངས་བྱ་སྐད་ཀྱིས་མ་ཆོད་པར་ཁོང་དུ་བཏང་ན་ཐུབ་བོ། །ཁྱིམ་གང་གི་མི་ལ་ནད་རིམས་སྲུང་ན་བ་ལང་གི་རྨིག་པ་བཞི་ཁང་པའི་གྲ་བཞིར་བཞག་ནས་རྨིག་པའི་ནང་ཆང་ངམ་ཆུས་བཀང་ལ་ཧ་རི་ནི་ས་བཟླས་པས་ཐུབ་བོ། །གདོན་དང་ནད་རིམས་ཐམས་ཅད་ལ། གླ་རྩི། ལྡོང་རོས། མུ་ཟི། བཙན་དུག ཤིང་ཀུན། ཤུ་དག་ནག་པོ་མཚལ། སེང་ལྡེང་། དྲི་ཆེན། ཚིལ་ཆེན། ཤི་སྐྲའི་གཞོབ། ཡུངས་ཀར། ཡུངས་ནག་རྣམས་ཤུག་ཚིལ་དང་སྦྱར་ཏེ་རྭ་ནང་བླུགས་ལ་ཧ་རི་ནི་ས་བཟླས་པ་བྱུག་ཅིང་བདུགས་པས་ཀླུ་དང་རྒྱལ་པོ་སོགས་གདོན་དང་ནད་ཀུན་ཐུབ་བོ། །ཕྱུགས་ཀྱི་གློ་གོར་སྲུང་ན། གུ་གུལ་དཀར་ནག གླ་རྩི། ཤིང་ཀུན། སྒོག་སྐྱ། ཡུངས་ཀར། མི་སྐྲ། མི་རུས། ཐལ་ཆེན། བྱིས་ཏན་བྱས་རྟེན། རྣམས་ཆ་མཉམ་ཕྱེ་མར་ཧ་རི་ནི་ས་བཟླས་ཏེ་ཆ་གསུམ་བགོས་པའི་ཆ་གཅིག་ཁོང་དུ་


MR11_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་། གཅིག་སྣ་སོགས་སུ་བདུགས། གཅིག་སྐེ་ལ་བཏགས་པས་ཐུབ་པར་འགྱུར་རོ། །ཆུ་འགག་ལ་ཆུ་བྱའི་ཤའམ་རུས་པའམ་སྒྲོ་གང་སྙེད་དང་ལྕམ་པ་ཆང་དང་སྦྱར་ལ་ཧ་རི་ནི་ས་བཟླས་ནས་བཏང་ན་ཐོན་པར་འགྱུར་རོ། །ཡང་རང་ཉིད་མཁའ་འགྲོ་དཀར་མོ་གསལ་ཞིང་འོད་ཟེར་དཀར་པོ་འཕྲོས། ཆུ་ཡི་ལྷ་མོ་མ་མཱ་ཀཱིར་གསོལ་བ་བཏབ། ཧ་རི་ནི་ས་ཤཱནྟི་ཀུ་རུ་སྭཱ་ཧཱ། ཞེས་བཟླས་ཏེ་ཆུར་འཇུག ཆུ་ལ་བརྒལ། ཁྲུས་བྱ། ཆུ་ཡི་གཏོར་མ་སོགས་ཆུ་ལ་བརྟེན་པའི་ལས་བྱས་ཞི་བར་འགྱུར་རོ། །དེ་བཞིན་དུ་མཁའ་འགྲོ་སེར་མོ་འོད་སེར་པོ་འཕྲོ་བ་དང་། ས་ཡི་ལྷ་མོ་སྤྱན་མར་གསོལ་བ་བཏབ། ཧ་རི་ནི་ས་པུཥྚཾི་ཀུ་རུ་ཨོཾ་བཟླ། མཁར་ལས་དང་སཱ་ཙྪ་གདབ་པ་ལུས་ལ་སས་བྱུགས་པ་སོགས་ས་ལ་བརྟེན་པའི་ལས་བྱས་པས་རྒྱས་པར་འགྱུར་རོ། །མཁའ་འགྲོ་མ་དམར་མོ་འོད་དམར་པོ་འཕྲོ་བར་བསྒོམ། མེ་ཡི་ལྷ་མོ་གོས་དཀར་མོར་ལས་འགྲུབ་པའི་གསོལ་བ་བཏབ། ཧ་རི་ནི་ས་ཝ་ཤཾ་ཀུ་རུ་ཧོ་ཞེས་བཟླ། སྦྱིན་སྲེག་དང་མེ་སྦར་བ་སོགས་མེ་ལ་བརྟེན་པའི་ལས་བྱས་པས་དབང་གི་ལས་འགྲུབ་བོ། །རང་ཉིད་མཁའ་འགྲོ་མ་ནག་མོ་འོད་ལྗང་གུ་འཕྲོ་བར་བསམ། རླུང་གི་ལྷ་མོ་དམ་ཚིག་སྒྲོལ་མར་གསོལ་བ་བཏབ། ཧ་རི་ནི་ས་མཱ་ར་ཡ་ཕཊ༔ ཅེས་བཟླ། རླུང་འཁོར་འཇུག་པ་དང་། དར་ཕྱར་བ་སོགས་རླུང་ལ་བརྟེན་པའི་ལས་བྱས་པས་དྲག་པོ་འགྲུབ་པར་གསུངས་སོ། །རྒྱལ་པོའི་བུད་མེད་དབང་དུ་བྱ་ན། ལང་


MR11_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ཙེ་དང་མཚེ་སྦྱར་བར་ཧ་རི་ནི་ས་བཟླས་ཏེ་གང་ལ་བྱ་བ་དེ་ལ་གཏོར་ན་རང་གི་དབང་དུ་འགྱུར་རོ། །ལང་ཐང་ཙེ་དང་བུ་རམ་སྦྱར་བར་ཧ་རི་ནི་ས་བཟླས་ཏེ་དཔྲལ་བར་ཐིག་ལེ་བྱས་ནས་མི་མང་པོའི་གསེབ་ཏུ་སོང་ན་ཐམས་ཅད་དགའ་ཞིང་ཁྲོམ་སོགས་དབང་དུ་འགྱུར་རོ། །རྟ་ཡི་ཀོ་བ་ལ་འུག་པའི་ཚིལ་བྱུགས་ཏེ་མཉེས་ནས་ལྷྭམ་ཞབས་བྱས་ཏེ་གྱོན་ནས་ཧ་རི་ནི་ས་བཟླས་ན་ཤིན་ཏུ་མགྱོགས་པ་རྟ་དང་འདྲ་བར་འགྱུར་རོ། །ཕག་{འཕགས་ཟེར་}པའི་སྙིང་ལ་པདྨ་རཀྟས་བྱུགས་པར་ཧ་རི་ནི་ས་བཟླས་ཏེ་མིག་ལ་བྱུགས་པས་ལྷ་འདྲེ་ཐམས་ཅད་མཐོང་ངོ་། །དེས་མ་གྲུབ་ན་ཧ་རི་ནི་ས་ཞག་བདུན་བཟླས་པས་འབྱུང་ངོ་། །ཨ་ག་རུ་ནག་པོ་ཚ་བ་གསུམ་བཅས་གཡག་རོག་འོག་ཅན་གྱི་མཁྲིས་པར་སྦྱར་བའི་རིལ་བུ་ལ་ཧ་རི་ནི་ས་ཡིད་བཟླས་བྱ་ཞིང་ལུས་ལ་བྱུག རླུང་བུམ་ཅན་ཞག་བདུན་བཟུང་བས་དྲོད་མེ་ལྟར་འབར་ནས་གོས་མི་དགོས་སོ། །ཀ་ར་ཆ་ཕྱེད། བ་བླ་རིལ་མ་ཙམ། ཕུག་རོན་སྒོ་ངའི་སེར་ཐིག་བཙན་དུག་རིལ་མའི་སུམ་ཆ་ཙམ་ཚ་བ་གསུམ་རིལ་མ་ཙམ་རྣམས་མར་རྙིང་སྦྱར་བ་རྐང་{དཔེ་ལ་ལར་བྱ་རྒོད་ཚེལ་བུ་རིལ་མ་ཙམ་ཞེས་འབྱུང་།}པར་བྱུགས་ནས་ཉི་མར་བསྲོ། དྲོད་སྐྱེད་འདི་རྫས་ཁོ་ནས་འབྱུང་ཟེར་ངག་ཏུ་ཧ་རི་ནི་ས་བཟླས་ཏེ་ཕྱིན་ན་རྐང་རྗེན་བྱས་ཀྱང་ཁ་བ་དང་ཆབ་རོམ་ནང་ལྷགས་པས་མི་ཕྱིད་སེར་ཀ་མི་འབྱུང་ངོ་། །གོ་སྙོད་མར་ནག་བསྲེས་ལ་ཧ་རི་ནི་ས་བཟླས་ནས་མིག་གི་མཐའ་དང་ལྟེ་ཁུང་ལ་བྱུགས་ན་མིག་ཁ་བས་མི་ཕྱིད་དོ། །མིག་ཕྱིད་པ་ལ་དྲི་ཆུ་དང་ཁ་བ་


MR11_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེས་པར་ཧ་རི་ནི་ས་བཟླས་ནས་མིག་ལ་གླན་ཅིང་བྱུགས་པས་ཕན་ནོ། །འུག་པ་དང་ཕོ་རོག་གི་མིག །ཁྱི་ནག་པོ་སོགས་དུད་འགྲོ་སྣ་ཚོགས་ཀྱི་སྙིང་དང་སྦྱར་བའི་རིལ་བུ་ས་ཡི་ཐོད་པར་བཞག་ལ་ཧ་རི་ནི་ས་ཡིག་བཞི་རང་བཟླས་པ་ཞག་བདུན་བྱས་ནས་ལུས་ལ་བྱུགས་ཤིང་ཁོང་དུ་བཏང་བས་མངོན་ཤེས་འཆར་རོ། །བྱ་རིགས་མི་གཅིག་པ་དགུའི་སྒོ་ང་། མ་རྙེད་རྐང་མར་ཡང་། བྱ་རྒོད་རྐང་མར་དང་ཀླད་པ་དང་རུས་པ། དོམ་མཁྲིས། དྲེད་མོང་གི་ཚིལ་བུ། མ་རྙེད་ན་མཆེ་བ་ཅན་གང་རུང་གི་ཚིལ་བུ་རྣམས་སྦྱར་བའི་རིལ་བུ་ཁོང་དུ་བཏང་། ལུས་ལའང་བྱུགས་དེ་ཞུ་ཙམ་ན་རླུང་བཟུང་ཞིང་འགྲོ་དུས་ཧ་རི་ནི་ས་བཟླས་ཏེ་མཐེ་བོང་གིས་སྲིན་ལག་རྩ་བ་མནན་ཏེ་ཁུ་ཚུར་བཅིངས་ནས་ཕྱིན་ན་རྐང་པ་ས་ལ་མ་རེག་ཙམ་དུ་འགྲོ་ནུས། དེས་གཉིད་ཡེར་ཉེན་ཡོད་པས། རབ་མི་མཁྲིས། མེད་ན་རྟ་མཁྲིས་ལྟོ་སྟོངས་ལ་བཏང་ངོ་། །བྱ་རྒོད་ཀྱི་ལྕེ་དང་འུག་པའི་མིག་གཉིས་བསྐམས་པ་ཞིབ་བཏགས་བྱ་རོག་ཁྲག་གིས་སྦྲུས་པའི་རིལ་བུ་ཁམ་བུ་ཙམ་ལྕགས་གསུམ་ག་འུར་བཅུག་སྟེ་ཧ་རི་ནི་ས་བཟླས་པས་བསྒྲུབས་ནས་དེ་ཁར་བཅུག་ན་སུས་ཀྱང་མི་མཐོང་ལ་མེ་དང་ཆུས་ཀྱང་མི་ཚུགས་སོ། །རིན་པོ་ཆེའི་བུམ་པར་རིན་ཆེན་སྣ་ཚོགས་དང་། འབྲུ་སྣ་སྨན་སྣ་དར་ཟབ་ཐམས་ཅད་བླུགས་ལ་ཧ་རི་ནི་ས་བཟླས་ཤིང་བསྒྲུབས་ན་རིན་པོ་ཆེའི་གཏེར་དང་ལྡན་པར་འགྱུར་རོ། །རྒྱལ་པོ་དང་ཡུལ་འཁོར་དབང་དུ་བསྡུ་ན། རྨ་བྱའི་སྙིང་། ཁྱི་དཀར་པོའི་སྙིང་།


MR11_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རིགས་བུ་མོའི་མིག །བྲམ་ཟེ་ཕོ་མོའི་སོར་མོ་རྣམས་སྦྲང་རྩིར་སྦྱར་ཏེ་ཧ་རི་ནི་ས་བཟླས་པས་རང་གི་སྨིན་མཚམས་སུ་ཐིག་ལེ་བྱས་ན་རྒྱལ་པོ་སོགས་ལྟ་ཅི་སྨོས། འཁོར་ལོས་སྒྱུར་བ་ཡིན་ཡང་དབང་དུ་འདུའོ། །ཡང་རྨ་བྱའི་མདངས། བུ་ཆུང་གི་ལྕེ། གི་ཝཾ། ར་དཀར་འོ་མ་སྲིན་ལག་གི་ཁྲག་རྣམས་སྦྱར་ཏེ་ཁ་ཤར་དུ་བལྟས་ནས་ཧ་རི་ནི་ས་བཟླ་ཞིང་སྨིན་མཚམས་སུ་བྱུགས་ན་མི་ཐམས་ཅད་ཀྱི་སེམས་བུ་གཅིག་པོ་མཐོང་བ་ལྟར་དགའ་ཞིང་བྱམས་ལ་དབང་དུ་འདུ་སྟེ་མ་དད་པ་རྣམས་ཀྱང་མོས་པར་འགྱུར་རོ། །གྱད་སྟོབས་པོ་ཆེ་དང་། བྲམ་ཟེ་དང་། རྨེ་ཤ་ཅན་གསུམ་གྱི་ཐོད་པ་ལས་ཕྲེང་བ་བརྒྱ་རྩ་བརྒྱད་བྱས་ནས་ལག་པར་བསྐོན་ཏེ་ཧ་རི་ནི་ས་བཟླས་ན་རྒྱལ་པོ་དང་བཙུན་མོ་དང་འབངས་ཐམས་ཅད་དབང་དུ་འདུ་ཞིང་བཀའ་ཉན་པར་འགྱུར་རོ། །ཉ་མཁྲིས། རྒྱ་སྤོས། མིའི་གོ་རོ་ཙ་ན། རུ་རྟ། ཕུག་རོན་རིལ་མ། བྱ་རོག་གི་ལྕེ་སྙིང་དང་བཅས་པ་རྣམས་ཆ་མཉམ་ཞིང་བ་བཏགས་རིལ་བུ་སྦྲང་སྦྱར་མིག་ལ་བྱུག་ཅིང་ཧ་རི་ནི་ས་བཟླས་པས་ས་འོག་གི་གཏེར་མཐོང་ངོ་། །ཤ་བའི་མཇུག་མ། སྒམ་ཕ་ཝཾ་གི་སྙིང་། བྱ་རྒོད་ཐང་དཀར་ཀྱི་མིག ཕག་རྒོད་ཀྱི་རྣ་བ། འུག་པའི་མཆུ། སྲེ་མོང་གི་སྡེར་མོ་རྣམས་རྟ་ངང་པའི་རྔ་མས་བཀྱིག་ནས་ཟ་འོག་གི་ཁུག་མར་བཅུག་སྟེ་ལུས་ལ་འཆང་ནས་ཧ་རི་ནི་ས་བཟླས་ན་མིག་སོགས་ཐུན་མོང་གི་མངོན་ཤེས་དྲུག་འཆར་བར་འགྱུར་རོ། །འདི་སོགས་རེ་ཟུང་གོང་དུ་དམ་པའི་


MR11_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱུད་སྤྱད་དུ་ཡང་ཡོད་མོད་མཁའ་འགྲོའི་ལས་ཚོགས་ཀྱི་གཞུང་འདིར་གསུངས་པ་རྣམས་ཕལ་ཆེར་བེ་བུམ་དུ་བཀོད་པ་དང་། འགའ་ཞིག་གཏེར་ཁ་གཞན་སོགས་དང་ཐུན་མོང་དུ་འོག་ནས་འཆད་པ་དང་། མིག་འཕྲུལ་སྒྱུ་མའི་སྐོར་རྣམས་ལོགས་སུ་བཀོད་པར་བྱས་ཤིང་དེ་ལས་གཞན་ཅི་རིགས་ཕལ་ཆེར་འདིར་ཕྱོགས་གཅིག་བཀོད་པའོ། །ཧ་རི་ནི་ས་ཞེས་པའི་ཡི་གེ་བཞི་པོ་འདི་ལས་སྣ་ཚོགས་འགྲུབ་པའི་མཁའ་འགྲོའི་བརྡ་སྐད་ཡིན་པའི་གང་འདོད་ཀྱི་ལས་ཐོགས་མེད་དུ་སྒྲུབ་པའི་སྔགས་ཁྱད་པར་ཅན་ཡིན་ནོ། །ཞེས་དང་། མཁའ་འགྲོའི་རྟེན་འབྲེལ་འདི་རྣམས་གང་བྱེད་ཀྱང་སྔོན་དུ་མཁའ་འགྲོའི་བསྙེན་སྒྲུབ་རྟགས་ཐོན་བྱས་ནས་ལས་ལ་སྦྱར་ན་མི་འགྲུབ་པ་གང་ཡང་མེད་དོ་ཞེས་གསུངས་སོ། །ཡང་གཞུང་སྣ་ཚོགས་ནས་བཏུས་པའི་མཁྱུད་སྤྱད་སྐོར་ཉེར་མཁོ་སྣ་ཚོགས་པ་ནི། བསྙེན་སྒྲུབ་སོགས་ཀྱི་དུས་སུ་གཉིད་སྲུང་བར་འདོད་ན། ཧོང་ལེན་རྩ་བ། ཡོ་འབོག་འབྲུ། ཟར་མའི་འབྲུ་དང་གསུམ་སྦྱར་བའི་དུད་པ་སྣ་བུག་གཡས་སུ་གཏང་ན་གཉིད་མི་འོང་། ཡང་ལུག་གི་མིག་སྐམ་པོ་ཞིབ་བཏགས་ཕྱེ་མ་དཔྲལ་བར་བསྐུས་པས་གཉིད་སྲུང་། ཡང་སླེ་ཏྲེས་དང་མེ་ཏོག་ལུག་མིག་གཉིས་ཞིབ་བཏགས་དཔུང་བར་བསྐུས་པས་གཉིད་ཆུང་། ཡང་བྱེའུ་ལྕོག་གའི་སྒོ་ང་ཅུ་གང་གི་ཆུར་བཙོས་ནས་ཆུ་སྐམ་པ་དང་། ལྟོ་སྟོངས་ལ་གཡེར་མ་སྦངས་བའི་ཁུ་བ་འཐུངས་རྗེས་སྒོ་ང་དེ་


MR11_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས་ནས་མ་ཞུ་བར་དུ་ལྟོ་སྲུང་། དེ་ལྟར་སྒོ་ང་རེས་ལོ་རེའི་གཉིད་སྲུང་ཞེས་འདི་རྣམས་གཏེར་མ་ལས་སོ། །ཡང་སྐྱང་ཀའི་མཆིན་པ། སྡིག་པའི་ཤ གི་ཝཾ་གསུམ་རང་གི་དྲི་ཆུར་སྦྱར་ཏེ་འཐུངས་ན་གཉིད་མི་འོང་སྟེ་བཟླས་པ་བྱེད་དུས་གཉིད་བསད་ཐབས་ཕ་དམ་པའི་མན་ངག་གོ། ཡང་ར་མོ་ཤག་བྲེ་ཕྱེད་བཙོས་པའི་ཁུ་བ་ནང་མ་གསུམ་དུ་འཐུང་ན་གཉིད་མི་འོང་། འོང་བར་འདོད་ན་ཆང་ཡིབ་བཏང་ཞེས་ལས་ཐམས་ཅད་པའི་རྒྱུད་ལས་སོ། །གཉིད་འབྱུང་བར་འདོད་ན་རང་གི་གསང་གནས་དང་སྨིན་མཚམས་སུ་ཐིག་ལེ་ནག་པོ་ལ་ཤེས་པ་གཏད། གཉིད་བསང་འདོད་ན་རང་གི་སྙིང་གར་ཐིག་ལེ་དམར་པོའི་གདན་ལ་ཧཱུྃ་སྔོན་པོ། ལྕེ་སྟེང་ཐིག་ལེ་དམར་པོ་ལ་ཨཱཿདམར་པོ་སྤྱི་བོར་ཐིག་ལེ་དཀར་པོ་ལ་ཨོཾ་དཀར་པོ་བསམ་པས་ཕན་ཞེས་གསུངས་སོ། །ཡང་བྲག་ཞུན་ཧོང་ལེན་ཟར་མ་ཡུངས་ཀར་རྟའི་དཔྱི་རུས་རྣམས་བཏགས་པ་རང་གི་ལག་མཐིལ་དུ་དྲི་ཆུས་བཀྲུས་ནས་སྣ་སྒོ་གཉིས་ལ་བྱུགས་པས་གཉིད་མི་འོང་། གཉིད་འདོད་རྫས་དེ་ཕྱི་བར་བྱའོ། །རྩིས་གཞུང་སོགས་ཀྱི་མན་ངག་རང་ལམ་དུ་འཇུག་ཚེ་མཚལ་ལ་སོགས་པས་ལག་མཐིལ་དུ་ཡི་གེ ནམ་མཁའ་ཞེས་བྲིས་ན་དགྲ་མི་འབྱུང་། འབྲུག་ཅེས་བྲིས་ན་རྙེད་པ་ཐོབ། སྟག་ཅེས་བྲིས་ན་དམག་ལས་རྒྱལ། ཆོས་འཚོལ་ན་ལྷ་ཞེས་བྲིས་པས་ཆོས་རྙེད། དེ་ཡང་ལམ་དུ་ཞུགས་པའི་ཐོག་མར་བྲིས་ལ་ཁྱིམ་ནས་མདའ་རྒྱང་གང་ཙམ་དུ་ཕྱིན་པའི་བར་དུ་ཡི་གེ་མ་ཡལ་བར་བྱས་ན་དོན་འགྲུབ་བོ་ཞེས་གསུངས། ཁྲོས་


MR11_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ལས་ཚོགས་སུ་ལག་མཐིལ་ལྷ་ཞེས་བྲིས་ན་ནད་མི་འགོ། དཔྲལ་བར་ཧྲཱི་ཞེས་བྲིས་ན་ལྷོག་པ་སྲུང་། ལྷོག་པ་བྱུང་བའི་དཔྲལ་བར་ཏྲཾ་ཧྲཱིཿའང་བྲིས་ནས་དེ་བཟླས་བྱུག་གིས་ཐུབ། ལག་པར་འབྲུག་ཅེས་བྲིས་ན་གྲོགས་སྡུག་གུ་དང་འཕྲད། སྟག་ཅེས་བྲིས་ན་གཞན་དགའ་བྱམས་ཞེས་དང་། འདྲེ་ནད་ཀུན་ལས་རྒྱལ་ཞེས་ཀྱང་གསུངས་དེ་ཀུན་ལ་ཧ་རི་ནི་ས་བཟླ་གསུངས་སོ། །ཡང་བདུད་རྩི་འོད་ལྡན་གྱི་རྒྱུད་ལས། འོད་ལྡན་མཚལ་དང་བསྲེས་པས་དཔྲལ་བར་ཧྲཱིཿ བྲིས་ན་གང་འདོད་ནོར་དང་འཕྲད། ཨོག་མར་ཟ་ཞེས་བྲིས་ན་ཟས་དང་འཕྲད། ལག་མཐིལ་མ་ཞེས་བྲིས་ན་མཚོན་མི་འཕོག ལྷ་ཞེས་བྲིས་ན་ནད་མི་འགོ སྙིང་གར་གནམ་ཞེས་བྲིས་ན་འཇིགས་པ་བརྒྱད་སྲུང་ཞེས་གསུངས། ཡང་དཔེ་གཞན་ལས་གར་འགྲོ་ཡང་ལག་མཐིལ་དུ་ཡི་གེ་ཐུགས་ཞེས་བྲིས་ན་མགྲོན་བཟང་པོ་དང་འཕྲད་གསུངས། ཡང་ཕ་དམ་པའི་གདམས་ངག་ལས་ལག་མཐིལ་དུ་ཡི་གེ་ཤིན་ཏུ་རྩེ་གོ་ཞེས་བྲིས་ན་འཐབ་རྩོད་དང་ཚོང་དང་གཡུལ་ངོ་ལས་རྒྱལ། ལག་མཐིལ་ལྷ་ཞེས་བྲིས་ན་གྲོང་པ་དེའི་ནད་མཚམས་ཆོད་པ་དང་ལྷ་འདྲེ་མི་གསུམ་བྱམས། ཡི་གེ་བྷྲཱུྃ་ཞེས་བྲིས་ན་ཟས་ནོར་ལོངས་སྤྱོད་ངང་གིས་འདུ་ཞེས་གསུངས། ཡི་གེའི་རྟེན་འབྲེལ་འདི་བྱ་སླ་དོན་ཆེ་ཟབ་ངེས་ཤིག་ཡིན། བག་མ་ལམ་དུ་འཇུག་དུས་སོར་མོ་ལྔ་ལ་ལྷ་སྟག་ཁྱུང་འབྲུག་སེང་ཞེས་བྲིས་པས་གནམ་ཁྱིའི་ཉེས་པ་སོགས་ཐུབ། དེས་ན་རང་རང་གང་འདོད་པའི་ཡི་གེ་རེ་རེའམ། སོར་མོ་ལྔ་


MR11_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྷ་སྟག་ཁྱུང་འབྲུག་སེང་ཞེས་དང་། ལག་མཐིལ་དུ་བྲི་རྒྱུ་དང་དཔྲལ་བ་སོགས་སུ་བྲི་རྒྱུ་རྣམས་ཀུན་བྲིས་ན་དེ་ཐམས་ཅད་ཀྱི་ཕན་ཡོན་དང་ཕྱོགས་ངན་དང་རྒྱུ་དུས་ངན་པ་སོགས་གནོད་པ་དུ་མའི་སྒྲིབ་ཤིང་དུ་འགྱུར་ཞིང་། བཀྲ་ཤིས་ཤིང་དོན་རྣམས་འགྲུབ་པའི་མན་ངག་ཁྱད་པར་ཅན་ཞིག་ཡིན་ནོ། །ཡེ་གེའི་རྟེན་འབྲེལ་མཁྱུད་སྤྱད་ཀྱི་སྐོར་རོ། །ཡང་ས་དཔྱད་ཀྱི་མན་ངག་ལས། བྱ་ཁྲའི་ཁོག་པའི་སྟེང་དུ་ཁང་པ་བརྩིགས་ན་ཁང་པ་དེ་བཀྲ་ཤིས་པར་འགྱུར། རྟ་དང་གཡག་གི་མགོ་བོ་སྦྲེལ་ནས་ཁང་པ་དང་གནས་གཞིའི་དབུས་སུ་བཞག་ན་སྲིས་རྨེ། བ་ལང་གི་རྨིག་པ་བཞི་ཡི་ནང་རིན་ཆེན་སྣ་ལྔ་བླུགས་ཏེ་ཁང་པའི་གྲ་བཞིར་སྦས་ན་བཀྲ་ཤིས་ཤིང་ལོངས་སྤྱོད་འཕེལ། ས་དགྲ་གང་ནས་བྱུང་བ་དེ་ཡི་ཕྱོགས་ཀྱི་རྡོ་བླངས་པར་རྡོ་རྗེ་རྒྱ་གྲམ་བྲིས་པ་བལ་མཚོན་སྣ་ལྔས་དྲིལ་ཏེ། གང་གནོད་དེའི་ཕྱོགས་སུ་སྐར་ཁུང་ལྟ་བུ་ནས་ཕར་བསྟན་དེ་བཞག་པས་ས་དགྲ་ངན་པ་ཀུན་ཐུབ། ཡང་རུས་སྦལ་གྱི་ཁོག་པའམ། སླང་དྲེག་ནག་པོ་ཁྱིམ་དུ་འཆང་བས་ཀྱང་ས་དགྲ་ཐམས་ཅད་ཐུབ་བོ། །བྱ་རྒོད་ཀྱི་ཐོད་པའི་ནང་དུ་རིན་ཆེན་སྣ་ཚོགས་བླུགས་ཏེ། དུར་བཏབ་པའི་ས་དེའི་རི་རྩར་སྦས་ན་དུར་ཁྲོད་ཀྱི་ཉེས་པ་སྲུང་ཞིང་གཉའ་གནོན་གཉའ་གཅོག་ལ་སོགས་པས་དགྲ་ངན་པ་བརྒྱ་ཡོད་ཀྱང་མི་ཚུགས། བྱ་ཝང་གི་ཐོད་པའི་ནང་དུ་མཚལ་དང་སྤོས་བླུགས་ཏེ་དུར་འོག་སྦས་ན་སེལ་དང་ས་དགྲ་ས་སྐྱོན་བརྒྱས་ཀྱང་མི་ཚུགས། གྲུམ་པའི་ཐོད་པར་ཚོན་སྣ་ཚོགས་དང་སྨན་སྣ་ཚོགས་བླུགས་ནས་དུར་གཤམ་


MR11_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

སྦས་ན་ས་དགྲ་ངན་པ་དང་དཀར་དུར་དམར་དུར་སོགས་དུར་སྐྱོན་བརྒྱ་ཡོད་ཀྱང་མི་ཚུགས། རྫས་དེ་མཆོད་རྟེན་དང་གསས་མཁར་དང་ལྷ་ཁང་དང་ཁང་པའི་རིགས་ཀྱི་སྒོར་སྦས་ན། དུར་སྲིད་དང་མི་ཁ་ངན་པ་དང་ས་དགྲ་བརྒྱ་ཕྲག་གིས་ཀྱང་མི་ཚུགས་སོ། །ཤ་ཁྱིའི་ཐོད་པའི་ནང་དུ་འདྲེ་སྲིན་དགྲ་བགེགས་ཀྱི་མིང་བྲིས་ཏེ་ས་དམིགས་ཀྱི་འདེབས་རིའི་རྒྱབ་ཏུ་སྦས་ན་ལྷ་སྲིན་སྡེ་བརྒྱད་ཀྱིས་མི་གནོད་ཅིང་གྲོགས་བྱེད། བྱི་བའི་ཐོད་པའི་ནང་དུ་གཟི་དང་མཆོང་བླུགས་ལ་འདེབས་ཀྱི་ཕ་རིའི་ལེན་གྱི་ཐད་ཀར་སྦས་ན་ཇག་རྐུན་དང་ས་དགྲ་ངན་པ་བརྒྱས་མི་ཚུགས། ཤ་བ་ཡུ་མོའི་ཐོད་པར་འབྲུ་སྣ་ཚོགས་བླུགས་ལ་འདེབས་འོག་སྦས་ན་དུར་ས་ངན་པ་དང་ས་དགྲ་བརྒྱས་མི་ཚུགས་སོ་ཞེས་གསུངས་སོ། །ཕྱུག་པོའི་རང་འཐག་སྟེ་ཕྱེ་དང་། བཙད་པོའི་རུས་ཕྱེ་སྐམ་པོ་བསྲེས་པས་ཚྭ་ཚ་གཉིས་བཞེངས་ལ་དར་སྣས་དྲིལ་ནས་སྒྱེད་པོའི་འོག་ཏུ་རྫ་ཡི་གའུ་བཅུག་པའི་རྟེན་འབྲེལ་དེས་སྲིས་རྨེ་ཞིང་འཕེལ་ཞེས་བླ་མ་དགོངས་འདུས་ལས་སོ། །ཡང་རྟ་ཡི་ལག་རྨིག་གཡས་པ་དང་། བོང་བུའི་ལག་རྨིག་གཡོན་པ་གཉིས་སྒོ་གོང་ལ་བཏགས་ན་སྲིས་རྐུན་འགོང་པོ་ཐུབ། རྐུན་མ་ཆེན་པོའི་ལག་པ་གཡས་པ་ལ་དར་སྣ་ལྔ་བཏགས་དེ་རང་གི་མཛོད་ཕུག་ཏུ་སྦས་ཤིང་ནོར་རྫས་འདོད་ཚེ་དེ་ལ་བཟའ་བཏུང་འཐོར་ཞིང་ནོར་སྡུས་ཤིག་ཅེས་ལན་གསུམ་བརྗོད་པས་ནོར་འདུ་ཞེས་རྗེ་འགོས་ཀྱི་མན་ངག་གོ། ཁྱི་དང་སྤྱང་ཀིའི་སྡེར་མོས་བྲད་ཤུལ་


MR11_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ས་བླངས་ཏེ་ཐུམ་ནག་པོའི་ནང་དུ་དྲིལ་ནས་སྒོའི་ཡ་ཐེམ་ནང་འོག་ཏུ་སྦས་ན་གོད་ཁ་མི་འོང་། འཇམ་དབྱངས་ཀྱི་བཀའ་གཏོ་སྒྲོམ་འབུམ་ཏིག་ལས་རུས་སྦལ་གྱི་ཁོག་པ་ལ་མཚལ་གྱིས་ཡི་གེ་ཧྲཱིཿགཅིག་བྲིས་པ་དང་དར་རམ་ཤོག་བུ་ལ་གསེར་གྱིས་རྟེན་འབྲེལ་སྙིང་པོ་བྲིས་པ་ལྷན་ཅིག་འཆང་བ་ཐུབ་ཆོད་ཀུན་དྲིལ་གྱི་གཏོ་ཞེས་བྱ་སྟེ། དེ་ཁྱིམ་དུ་བཞག་ན་ཁྱིམ་ཐུབ་ཕྱོགས་སུ་འགྲོ་ན་ཕྱོགས་ཐུབ། ལས་གང་བྱེད་ཀྱང་གཏོ་འདི་ལུས་ལ་བསྟེན་པ་གལ་ཆེ་སྟེ། ལས་བྱ་ཉེས། རྫས་བསྲེལ་ཉེས། ཕྱོགས་ངན་དང་ཐུག་པ་སོགས་ཉེས་པ་ཐམས་ཅད་འདི་གཅིག་པུས་ཐུབ་པས་ཀུན་ཐུབ་རྒྱལ་པོའོ་ཞེས་གསུངས་པ་ལྟར་ཤིན་ཏུ་གལ་ཆེའོ། །ཕྱོགས་ངན་སོགས་ཀྱི་ཉེས་པ་བཟློག་སླད་ཤར་དུ་འགྲོ་ན་ལྕགས་ཤིག་ལག་ཏུ་ཐོགས། ལྷོར་ཆུ་གཏོར། ནུབ་ཏུ་མེ་གཏོར། བྱང་དུ་ས་གཏོར། མཚམས་བཞིར་ཤིང་དུམ་ལག་ཏུ་ཐོགས་ལ་མདའ་རྒྱང་གང་ཙམ་ཕྱིན་པས་ཐུབ། ཡང་ཚྭ་ཚ་དཀར་པོ་ཤར་དུ་བཞག་པས་ཤར་གྱི་ཕྱོགས་ངན་དང་།ཉེས་པ་ཀུན་ཐུབ། དེ་བཞིན་ལྷོར་སྔོན་པོའམ་ནག་པོ། ནུབ་ཏུ་དམར་པོ། བྱང་དུ་སེར་པོ་མཚམས་བཞིར་ལྗང་གུ་བཞག་པ་ནི། འབྱུང་བ་ཨུར་ནོན་གྱི་གཏོ་ཟབ་མོ་སྟེ་ཕྱོགས་དུས་ཀྱི་བདག་གདུག་པ་སོགས་ཉེས་པ་ཐམས་ཅད་ཐུབ་པ་སྤྱི་དྲིལ་གྱི་གཏོའོ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་ཙནྡན་དམར་པོའི་ཕྱེ་མ་སྔས་ལ་བྱུགས་ཏེ། རང་གི་ཁྲག་གིས་ཧྲཱིཿལ། བུད་མེད་ཀྱི་མིང་ངམ་སྙམ། མིང་བྲིས་ནས་ཉལ་དུས་སུ་དེ་ལ་


MR11_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་དམར་པོས་གཏོར་ཞིང་དྲི་བཟང་པོས་བདུག་པ་བྱས་ན་རང་གི་བུད་མེད་ཆགས་པའི་སྒོ་ནས་རང་ལ་མི་ཕྱེད་པར་འགྱུར་རོ། །ཞེས་དང་། ཤ་ལྔ་བདུད་རྩི་ལྔ་ཁ་ཆེ་གུར་གུམ་དང་སྦྱར་བས་གང་གི་དཔྲལ་བར་ཐིག་ལེ་བྱས་པ་དེ་སྐལ་པ་བཟང་པོར་འགྱུར་རོ། །རྫས་དེ་དག་ཙན་དན་དང་བཅས་པས་རང་གི་ཡན་ལག་ཐམས་ཅད་བྱུགས་ཏེ་གང་ལ་རེག་པར་བྱས་ན་དེ་དབང་དུ་འགྱུར་ཏེ་ཤི་ཡང་རང་མི་གཏོང་བར་འགྱུར་རོ། །གོང་གི་རྫས་དེ་རྣམས་ཀྱི་སྟེང་དུ་ཁྲག་དང་ས་ལ་ཤ་དང་། འཚོ་བྱེད་དང་། རུ་རྟ་རྣམས་བསྲེས་ཏེ་དཔྲལ་བར་ཐིག་ལེ་བྱས་ནས་སྟེང་པ་རྣམས་བྱམས་ཤིང་ཐམས་ཅད་དུ་རྒྱལ་བར་འགྱུར་བ་དང་། རྒྱལ་བློན་ཐམས་ཅད་ཀྱིས་ཀུན་ཏུ་སྲུང་བར་ཐེ་ཚོམ་མེད་དོ། །ཞེས་གསུངས། ཡང་རྒྱུད་སྣ་ཚོགས་ལས་གསུངས་པ་རྣམས་བསྡུས་ཏེ་བཀོད་པ། ཤིང་ཚངས་པའི་དབྱུག་པ། ཤུ་དག །སྦྲང་རྩི། རུ་རྟ་རྣམས་རང་གི་ལིང་གར་བྱུགས་ནས་མཉེས་ཏེ་འདོད་པ་སྤྱད་ན་བུད་མེད་དབང་དུ་འགྱུར་རོ་ཞེས་དང་། རང་བྱུང་གི་བུད་མེད་ཀྱི་རྡུལ་མེ་ཏོག་གི་ཝཾ་གི་ཆུས་སྦངས་ནས་ཐིག་ལེ་བྱས་ན་གཞན་དབང་དུ་བྱེད་དོ། །རྨ་བྱའི་གཙུག་ཕུད། བྱ་རོག་གི་ལྕེ། རོའི་མེ་ཏོག་རྙིང་པ་སྐམ་པོའི་ཕྱེ་མ་རྣམས་གང་གི་སྤྱི་བོར་བྱིན་པ་དེ་རང་གི་དབང་དུ་འགྱུར་རོ། །ཁྱི་སྨྱོན་གྱི་རྐང་པ་གཡས་པའི་སོར་མོ་སོལ་བའི་མེ་ལ་བསྲེགས་ནས་དེས་གང་འདོད་པའི་མིང་བྲིས་ནས་ཆེ་གེ་ཁུག་ཅིག་ཅེས་བརྗོད་པས་དེ་འོང་བར་འགྱུར་ཏེ། མིང་དེ་དུ་བ་མེད་པའི་མེ་


MR11_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

མདག་ལ་བསྲོ་བར་བྱ་ཞེས་རྡོ་རྗེ་གུར་ལས་སོ། །བྱིས་པ་སོ་མ་སྐྱེས་པའི་ལྕེ། བྷྲྀང་གི་རཱ་ཛ་ཞེས་པ་སྐྲ་ཡི་རྒྱལ་པོའི་རྩ་བ། བ་ལང་གི་གི་ཝཾ་རྣམས་ལྷན་ཅིག་སྦྱར་བ་སྒྲོལ་མའི་གཟུངས་བདུན་གྱིས་བསྔགས་ཏེ་དཔྲལ་བར་ཐིག་ལེ་བྱས་ན་རང་གིས་གང་ལ་བལྟས་པ་ཐམས་ཅད་དབང་དུ་བྱེད་ཅེས་རྡོ་རྗེ་གུར་ལས་སོ། །རྫས་དེ་གསུམ་སྐར་མ་རྒྱལ་ལ་བཏགས་ནས་དཔྲལ་བར་ཐིག་ལེ་བྱས་པས་གང་ལ་བལྟས་པ་ཐམས་ཅད་དབང་དུ་བྱེད་ཅེས་གཏུམ་པོ་དཔའ་གཅིག་གི་རྒྱུད་ལས་སོ། །ཡང་བ་བླ་དང་བྱ་རོག་གི་བྲུན་བཏག་པ་བཟའ་བཏུང་ལ་བསྲེས་ནས་གང་ལ་བྱིན་པ་དེ་དབང་དུ་འགྱུར་ཞེས་རྒྱུད་ལས་སོ། །ལྡོང་རོས་དང་། ནཱ་ག་གེ་སར་དང་། པྲི་ཡངྐུ་དང་། གི་ཝཾ་རྣམས་ཀྱིས་མིག་སྨན་བྱས་ནས་གང་ལ་བལྟས་པ་ཐམས་ཅད་དབང་དུ་བྱེད་ཅེས་རྒྱུད་ལས་སོ། །ཡང་རྫས་ཁོ་ནས་དབང་སྡུད་ཀྱི་མན་ངག་ཤིན་ཏུ་ཟབ་པ་ནི། བུ་ཆུང་སོ་མ་སྐྱེས་པའི་ལྕེ་དང་། རྨ་བྱའི་མདོངས། ཀ་ར་གསུམ། ག་བུར། གླ་རྩི།གི་ཝཾ་གསུམ། བྱང་སེམས་དཀར་དམར་སིནྡྷུ་ར་གསུམ། ཙནྡན་དཀར་དམར་གུར་གུམ་གསུམ་སྟེ་དེ་ལྟར་རྫས་བཅུ་གཉིས་པོ་དེ་སྟེང་བྷྲྀང་གི་རཱ་ཛ་དང་། རང་གི་སྲིན་ལག་གི་ཁྲག་དང་བཅས་པ་དེ་རྣམས་སྦྲང་རྩི་དང་བཅས་སྐར་མ་རྒྱལ་གྱི་དུས་སུ་ཞིབ་བཏགས་བྱས་པའི་རིལ་བུ་བརྡར་ཏེ་རང་གི་སྨིན་མཚམས་སུ་ཁ་ཤར་དུ་བལྟས་ཏེ་སྲིན་ལག་གིས་ཐིག་ལེ་བྱས་ན་དེ་ཚེ་གང་ལ་བལྟས་པ་ཐམས་ཅད་རང་གི་དབང་དུ་འགྱུར་རོ། །རྫས་དེ་རྣམས་


MR11_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

སམ་དབང་རྫས་གང་རུང་སྟེང་། རང་གི་མིག་རྣག །རྣ་སྤབ། ལྕེ་བཞར་བའི་དྲི་མ། སྙིང་གའི་དྲི་མ། འདོད་ཆགས་སྐྱེས་དུས་ཀྱི་ལིང་གའི་དྲི་མ། ལྟེ་དྲེག། ཁུ་བ། བཤང་གཅི། ལུད་པ་དཀར་པོ། དུང་ཆེན་ལྕེར་མོ་འདྲའམ་བརྟག་རང་གི་ཁོང་པ་ནས་བྱུང་བའི་སྲིན་བུ་ཀ་རི་ཀ་རྣམས་སྦྱར་ཏེ་མངར་སྐྱུར་སོགས་ཟས་དང་སྦྱར་ནས་གང་ལ་བྱིན་པ་ཁོང་དུ་སོང་བ་ཙམ་ནས་དེ་རང་ལ་ཆགས་ཤིང་ཡིད་བསྒྱུར་ཏེ་རྟག་ཏུ་དབང་དུ་འགྱུར་ངེས་པའོ། །ཕྲལ་དུ་ཆགས་པ་བསྐྱེད་པར་དཔྱིད་ཅུང་ཟད་བསྲེ་བར་གསུངས་སོ། །འདི་ནི་རྫས་ཀྱི་ཤིན་ཏུ་གསང་བ་དབང་གི་ནོར་བུའོ། །ས་མ་ཡ་རྒྱཿ འདི་ལ་དབང་གི་སྔགས་བཏབ་པ་ན་མེ་ལ་བུད་ཤིང་བཞིན་ནུས་པ་ཁྱད་པར་དུ་གྱུར་ནས་དབང་དུ་བྱེད་པ་ལ་དཀའ་བ་ཅི་ཡང་ག་ལ་ཡོད། འོམ་བུ་བྱ་རྒོད་སྤོས། ལྡུམ་བུ་རེ་རལ། བོང་ང་དཀར་ནག་གཉིས། སེ་བའི་མེ་ཏོག་དང་བར་ཤུན། སྐྱེར་པའི་བར་ཤུན། ལྕེ་ཚའི་མེ་ཏོག སྤང་རྩི་དོ་བོ། བྱི་ཚེར། ཁུར་མོང་དང་རྫས་བཅུ་གཉིས་པོ་ཆ་མཉམ་རྩི་བཞིན་བཏག་པ་རང་གི་དྲི་མ་དང་དྲི་ཆུ་སྦྲང་རྒོད་ཀྱིས་རིལ་བུ་ཤ་རིལ་ཙམ་དུ་དྲིལ། དེ་ཡང་སྐར་མ་རྒྱལ་དང་ས་རི་དང་ཆུ་སྨད་དང་ཁྲུམས་སྟོད་བཞི་ལ་སྦྱར། སྐར་མ་བཞི་ལས་གང་རུང་འཆར་དུས་སུ་གང་ལ་བྱིན་ཀྱང་དེ་དག་རབ་ཏུ་གུས་ཤིང་རང་གི་ཕྱི་ལ་འབྲངས་བར་འགྱུར་རོ། །གསང་བ་འཆལ་ན་མཁའ་འགྲོའི་ཆད་པ་འབྱུང་། ཕྱག་རྒྱ་མ་རྫས་ཀྱིས་དགུག་


MR11_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་དབང་སྡུད་ཟབ་པ་ཀུན་བཟང་དགོངས་འདུས་ཀྱི་མཁའ་འགྲོའི་རྟགས་འབུམ་གསང་དབང་གི་འགྲེལ་པ་པདྨ་གླིང་པའི་གཏེར་ཁ་ནས་བྱུང་བ་ལགས་སོ། །ཐང་ཕྲོམ་འབྲས་བུ། ག་བུར། གླ་རྩི་གསུམ་སྦྱར་ནས་རང་གི་དཔྲལ་བར་བྱུགས་ན་ཕོ་མོ་ཀུན་འདུ། ཁོང་དུ་གང་བཏང་མྱུར་བར་དབང་དུ་འགྱུར། ཕ་རོལ་པོའི་དཔྲལ་བར་བྱུགས་ན་དེ་རང་གི་བྲན་དུ་འགྱུར། སྨད་དུ་བྱུགས་ན་གཡོག་ཏུ་འགྱུར་རོ་ཞེས་འཇའ་ཚོན་གཏེར་མའོ། །བདུད་རྩི་རིན་པོ་ཆེ་ཇི་ལྟར་འཁྲུངས་པའི་རྒྱུད་ལས། ཅོང་ཞི་དང་སྲམ་གྱི་མཆིན་པ་རང་ལུས་ཀྱི་དྲི་མ་རྣམས་ཟས་ལ་སྦྱར་བ་གང་གི་ཁོང་དུ་བཏང་ན་ལྷ་མོ་དང་ཀླུ་མོ་ཡིན་ཡང་རུང་སྟེ་གཞོན་ནུ་མ་རྣམས་ཀྱི་སྙིང་དུ་སྡུག་ཅིང་ཆགས་ནས་དགུག་པའི་དམ་པ་ཡིན་ཞེས་དང་། ཡང་རྩི་ཡི་ལྷ་མོ་མུ་ལའི་རཀྟ་ལས་འཁྲུངས་པའི་རམ་བུ་སྟེ་ཁྲག་གི་ཉུངས་མར་གྲགས་པ་སྟོན་ཟླ་ར་བའི་ཉ་ལ་བཏུས་ནས་རློན་བཙིར་བྱས་པའི་ཁུ་བ་པདྨ་རཀྟ་དང་སྦྱར་བ་དབང་གི་རྫས་མཆོག་གོ་ཞེས་གསུངས། །རུ་དྲའི་སྦྲེ་ལས་བྱུང་བ་གླ་རྩི་ཡིན་ཏེ་མཁའ་འགྲོ་འདུ་བའི་རྫས་དྲི་ཆུའི་མཆོག་དང་། ག་བུར་ལྷ་མོའི་སྦྲེ་ཡིན་ཞེས་གསུངས་འདི་གཉིས་ཀྱང་དྲི་ཡིས་དབང་དུ་སྡུད་པའི་རྫས་མཆོག་གོ། བྱང་གཏེར་ཕག་མོ་ཟབ་རྒྱ་ཅན་ལས། ཐང་ཕྲོམ་དང་ར་དུག་པའི་རྩ་བ་ཅུང་ཟད་བསྲེས་པ། ད་བྱིད་མཐེ་བོང་ཙམ་དང་མཉམ་དུ་ཞིབ་བཏགས་ལྡེ་གུ་དང་། རང་གི་མཆིལ་མ་བཅས་ལྕེ་སྟེང་བཞར་བ་དང་། རང་གི་སྣབས་དང་སྣའི་དྲི་མ་སྙིང་གི་དྲི་མ་རྣམས་ལ་སྔགས་འདི་


MR11_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ། སེ་སེར་ར་རི༔ མང་དུ་བཟླས་པའི་རྫས་དེ་ཁོང་དུ་བཏང་ན་མུ་དྲ་མ་རྣམས་འདུ་བར་ངེས་སོ་ཞེས་གསུངས། རང་གི་ལག་པ་གཡོན་པར་ལྡོང་རོས་ཀྱིས་བསྒྲུབ་བྱའི་གཟུགས་བརྙན་བྲིས་ཏེ་མར་མེའི་རྩེ་མོ་ལ་གདུང་བར་བྱས་ན་དབང་དུ་བྱེད་དོ་ཞེས་རྒྱུད་ལས་སོ། །བུད་མེད་གང་གི་བྷ་གའམ་སྐྱེས་པའི་སྙིང་གར་རླུང་དཀྱིལ་ལྗང་གུ་ཟླ་གམ། དེ་སྟེང་མེ་དཀྱིལ་དམར་པོ་གྲུ་གསུམ། དེ་སྟེང་ཆུ་དཀྱིལ་དཀར་པོ་ཟླུམ་པོ།དེ་སྟེང་ས་དཀྱིལ་སེར་པོ་གྲུ་བཞི་བསམ། རང་ལྷའི་འོད་ཀྱིས་བསྐུལ་བས་འཁོར་ལོ་བཞི་རྫ་མཁན་གྱི་འཁོར་ལོ་ལྟར་ཤུགས་ཇེ་དྲག་ཏུ་འཁོར་བས་ལུས་འོད་ཀྱིས་གང་སྟེ་དམར་ལམ་དུ་སོང་། འདུ་ཤེས་ཆགས་པས་བསྒྱུར་ཞིང་ཡིད་མྱོས་ནས་རང་དབང་མེད་པར་བདག་གི་དབང་དུ་གྱུར་པར་བསམ། ཁྱད་པར་ཉི་མ་ཕྱེད་ཀྱི་དུས་ན་བསྒོམས་པ་ཙམ་གྱིས་རང་དབང་བྲལ་ཏེ་དབང་དུ་བྱེད་དོ། །ཞེས་རྒྱུད་ཀྱི་མན་ངག་ཆེས་ཟབ་པའོ། །རྟ་མགྲིན་ཡང་གསང་གི་རྒྱུད་ལས། རུ་རྟ་ཤུ་དག་རྒྱ་སྤོས་དང་། །པྲི་ཡངྐུ་དང་ལན་ཚྭ་དང་། །པདྨ་གེ་སར་ནཱ་ག་པུས། །བསྲེགས་ཏེ་དུ་བས་རང་ལ་བདུག །མི་ཡི་རྒྱལ་པོ་བདག་དབང་འགྱུར། །ཁྲོས་དང་དགྲ་ཀུན་བྱམས་ཤིང་བརྩེ། །བུད་མེད་ཀུན་གྱི་ཡིད་དུ་འོང་། །གཅན་གཟན་གདུག་པ་ཀུན་ཀྱང་བྱམས། །སྐྱེ་འགྲོ་ཀུན་ཀྱང་བདག་དབང་འགྱུར། །འདྲེ་གདོན་ཀུན་ཀྱང་མི་གནོད་སྲུང་། །ཞེས་གསུངས་པའི་རྫས་འདིས་པདྨ་དབང་གི་སྦྱིན་སྲེག་སོགས་


MR11_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་དང་། དབང་གི་སྔགས་ཀྱིས་བཏབ་པ་བདུག་པར་བྱས་ན་ཡང་ཡོན་ཏན་དེ་རྣམས་འབྱུང་ངོ་། །སངས་གླིང་གཏེར་བྱོན་བླ་མ་དགོངས་འདུས་ཡོན་ཏན་གྱི་རྒྱུད་ལས་ཉ་སྟོང་བརྒྱད་གསུམ་ལ་རང་ཡི་དམ་དུ་གསལ་བའི་མིག་གཡས་སུ་བྷྲྀ་དཀར་པོ། གཡོན་དུ་ཀྵ་དམར་པོ་བསམས་ལ་ལན་རེར་བརྒྱ་རྩ་བརྒྱད་དམིགས་ལ་མཐར་རང་གནས་སུ་བསྟིམས་པས་མིག་གི་དབང་པོ་གསལ། དེ་བཞིན་རྣ་བ་གཡས་པར་ཥྚི་སྔོན་པོ་དང་། གཡོན་པར་ཨྸེེ་ལྗང་ཀུ། སྣ་བུག་གཡས་སུ་ཧཾ་དམར་པོ། གཡོན་དུ་བཾ་སེར་པོ། ཁ་ལ་དྷཱིཿ དཀར་པོ། མཛོད་སྤུར་ཧྲཱིཿ ལྗང་གུ། སྙིང་གར་ཧཱུྃ་བསྒོམས་པ་དབང་པོ་རྣམས་གསལ་བའི་ཐབས་སོ། །ཡང་གཞུང་དེ་ལས་གསུངས་པ་རྣམས་འདི་ལྟ་སྟེ།བསྙེན་སྒྲུབ་སོང་བའི་རྣལ་འབྱོར་པས་རྟ་ཕྱུགས་སོགས་ཀྱི་སྲིད་འཕེལ་བར་འདོད་པས་སྲེ་མོང་གི་གསོ་བ་གཅིག་གི་ནང་དུ་གང་འཕེལ་འདོད་པའི་ཕྱུགས་དེའི་སྤུ་ལས་སྲད་བུ་བྱས་པ་དང་། དར་མཚོན་སྣ་ལྔས་དྲིལ་བའི་གསེར་དངུལ་སོགས་རིན་ཆེན་དང་འབྲུ་སྣས་གླུད་བུ་བཀང་། རྟ་བྲེས་སམ་ཕྱུགས་ལྷས་ཀྱི་སྟེང་དུ་བཏགས་ན་རྟ་ཕྱུགས་སོགས་ཀྱི་སྲིད་སྒབ་འཕེལ་ནས་ཕྱུག་པོ་གཡང་ཆེན་དུ་འགྱུར་རོ། །གསེར་བྱང་མིག་དགུ་གཡུ་ཡི་ཕྲ་ཅན་དར་དམར་གྱིས་དྲིལ་རྩ་གསུམ་བསྟིམས། མི་ལག་མི་འགྲིམ་པར་རང་ལུས་ལ་འཆང་ན་དཔལ་འབྱོར་ལོངས་སྤྱོད་འཕེལ། རྩ་སྔགས་བ་སུའི་ཤམ་ཅན་བཟླའོ། །ཟངས་བྱང་སོར་བཞི་པ་ལ་སྣང་མཐའ་ལོངས་སྐུའི་ཆས་


MR11_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

མཚལ་གྱིས་བྲིས་པ་ཞྭའམ་ཐོད་ཀྱི་ནང་དུ་བཅུག །སྣང་བ་དབང་སྡུད་ཀྱི་སྔགས་བཟླས་པས་འགྲོ་ཀུན་དགའ་ཞིང་འདུ་ལ་ཆོས་ཉན་ནོ། །ཨ་རུ་ར་གསེར་མདོག་ལ་བྱང་སེམས་དཀར་དམར་དང་མཚལ་གྱི་ཁ་ཚར་བཏབ་པའི་རིལ་བུ་བརྒྱ་རྩ་བརྒྱད་ལ་རྩ་གསུམ་སྔགས་བཏབ། མི་ལག་མ་བརྒྱུད་པར་ནང་མ་རིལ་བུའི་གྲངས་ལ་ལྟོ་རུ་བཏང་ཞིང་རང་ལྷར་བསྐྱེད་ན་དེས་གཟི་བརྗིད་འཕེལ་ལོ། །རང་ལུས་གསེར་གྱི་མཆོད་རྟེན་དང་། ངག་ཨཱ་ལི་ཀཱ་ལི། སེམས་སྐྱེ་མེད་དུ་བསྒོམས་ལ་ཨ་ཀྵ་ལྔ་བཅུ་པ་ཁྲི་གསུམ་སྨྲ་བ་གཞན་བཅད་དེ་བཟླ། དེས་ཆོས་ཀྱི་སྙན་གྲགས་ཁྱད་འཕགས་ཐོབ་པར་འགྱུར་རོ། །རིན་ཆེན་ཟ་མ་ཏོག་གི་ནང་དུ་འབྲུ་སྣ་རིན་ཆེན་སྨན་སྣ་དར་ཟབ་སོགས་ལོངས་སྤྱོད་ཀྱི་རྫས་དང་། ནོར་གང་འདོད་ཀྱི་མིང་རྩ་གསུམ་སྔགས་ཤམ་ལ་སྦྱར་བ་མཚལ་གྱིས་བྲིས་པ་བཅུག་ནས་མདུན་དུ་བཞག །སྣང་སྲིད་ཀྱི་ནོར་བདག་གནོད་སྦྱིན་མང་པོ་བཀུག་ནས་བསྟིམས།རྩ་སྔགས་མཐར་སརྦ་བ་སུ་སིདྡྷི་ཝ་ཤཾ་ཀུ་རུ་མ་མ་ཧྲིང་ཧྲིང་། ཞེས་ཞག་གསུམ་བཟླས་པས་འཇིག་རྟེན་ཁམས་ཀྱི་ནོར་རྣམས་ནོར་བདག་རྣམས་ཀྱིས་བཀུག་ནས་བདག་ལ་སྟེར་ཞིང་འབྱོར་པའི་དངོས་གྲུབ་འཕེལ་བར་འགྱུར།ཟ་མ་ཏོག་དེ་རྒྱུན་དུ་འཆང་བར་བྱའོ། །གོས་འདོད་པས་དར་རས་སོགས་ལ་གསེར་གྱིས་བྷྲཱུཾ་བྲིས་པ་མདའ་སོགས་ལ་བཏགས་པར་རྟེན་བྱས་རྩ་གསུམ་མཆོད་ཅིང་འདོད་དོན་ལ་གསོལ་བ་བཏབ་པས་འགྲུབ་བོ། །ཟས་


MR11_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ན་ཐོད་ཆང་དུ་མཁའ་འགྲོ་ལྔས་ཟས་བཟའ་བཏུང་ཀུན་གྱི་བཅུད་ཀུན་བདུད་རྩིར་བཀུག་བསྟིམས་བྱས་ལ་བཏུང་། མེ་མཆོད་དང་ཚོགས་ཕུལ་བས་ཟས་འཕེལ་ལོ། །ཟངས་བྱང་ལ་ལྷ་གང་འདོད་དེའི་གཟུགས་བྲིས་ནས་དེའི་སྔགས་བཟླ་ཞིང་དེ་དེ་ལ་འགུགས་བསྟིམས་བྱས་ཏེ་དར་དམར་པོའི་དྲིལ་བ་རང་གི་ལྷ་རྟེན་ཞབས་སུ་སྦས་འགོར་ན་ཅུང་ཟད་གནད་འབེབས་བྱས་པས་ལྷ་དེ་རང་དབང་དུ་འགྱུར་རོ། །གྲེ་ལྕེ་བདེ་བར་འདོད་ན་རང་ལྷར་གསལ་བའི་ལྕེ་སྟེང་པད་དཀར་འདབ་མ་བརྒྱད་པའི་ལྟེ་བར་ཤེལ་གྱི་རལ་གྲི་འོད་འབར་བར་བསམས་ལ་ངག་ཏུ་ཧྲཱིཿབཾ་ཨེ་ཞེས་བརྗོད་པས་རལ་གྲིའི་འོད་ལྕེ་ལ་དཀྲིས་པས་ལྕེ་འོད་དུ་ཞུ་བ་དང་། རལ་གྲི་པད་དཀར་བཅས་འོད་དུ་ཞུ་སྟེ་དབྱེར་མེད་གཅིག་ཏུ་གྱུར་ཅིང་དམིགས་མེད་ངང་ལ་བཞག དེ་ལྟར་ལན་ཉེར་གཅིག་བྱས་ན་གྲེ་ལྕེ་བདེ་བར་འགྱུར་རོ། །མངོན་ཤེས་འཆར་བར་འདོད་ན་རང་གི་སྙིང་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཨཱ་ལི་ཀཱ་ལི་དཀར་དམར་གྱིས་གང་བར་དམིགས་པ་ཡང་ཡང་བྱ།གཡུལ་ལས་རྒྱལ་བར་འདོད་ན་རང་ཉིད་ལྷར་གསལ་བའི་མཐིལ་བཞིར་རྒྱལ་ཆེན་བཞི་འཁོར་བཅས་དང་། རང་གི་སྐྲ་དང་བ་སྤུ་མཚོན་ཆར་གསལ་ཏེ་ཕ་རོལ་ལས་རྒྱལ་བར་གྱུར་པའི་དམིགས་པ་བྱས་པས་རང་ཉིད་རྒྱལ་བར་འགྱུར་རོ། །ཁ་མཆུ་དང་རྩོད་པ་ལས་རྒྱལ་འདོད་ན། རང་རྨ་བྱ། ལྕེ་ཁབ་ལེན། ཕ་རོལ་དུག་ཧ་ལ། དེའི་ལྕེ་ལྕགས་ཕྱེར་བསམ། རང་རྨ་བྱས་ཕ་རོལ་དུག་ཟོས་ཁབ་ལེན་གྱིས་ལྕགས་བླངས་པས་ཕ་རོལ་པོའི་སྟོབས་བཅུད་ཀྱིས་


MR11_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྟོབས་དང་གཟི་བརྗིད་རྒྱས་པར་དམིགས་ནས་དཔའ་རྔམ་གྱིས་བརྩད་ན་རང་རྒྱལ་ལོ། །ཚོང་རྒྱལ་འདོད་པས་རང་གི་གནས་ལྔར་ནོར་བུ་དཀར་སེར་དམར་ལྗང་སྔོན་པོ་ལྔ་འོད་འབར་བས།ཕ་རོལ་གྱི་ནོར་རྫས་ནོར་བུ་དང་མཆིང་བུ་ཀུན་བཀུག་ནས་རང་གི་ནོར་བུ་རྣམས་ལ་ཐིམ་པར་བསམས་པས་འགྲུབ་བོ། །རྒྱན་ལས་རྒྱལ་འདོད་ན་རང་ལྷར་གསལ་བའི་ལག་གཡས་ཐབས་ཆེན་ལྕགས། གཡོན་པ་ཤེས་རབ་ཟངས་སུ་བསམས་ལ་ལག་པས་རེག་པས་འགྲུབ་བོ། །གཞན་གྱིས་རང་ལ་དབྱེ་བསྐྲད་མནན་པ་སོགས་ངན་ཐབས་བྱས་ན། རང་ལུས་བཀྲུས་པའི་དྲི་གླུད་བྱས་པ་དུག་ཤིང་སོགས་ཤིང་སྣའི་མེ་ལ་བསྲེགས་ནས་དེ་སྟེང་ཕར་ཚུར་མཆོངས་ཤིང་བྱད་གྲོལ་གྱི་སྔགས་གང་ཤེས་བཟླ། རང་ལ་གཞན་གྱིས་བྱད་སྟེམས་ཀྱི་ལས་བྱས་པ་ཐམས་ཅད་ཚིག་པར་བསམ། ཡང་ན་དྲི་གླུད་དེ་དེ་ཆུ་བསྐྱུར་བས་ངན་དགུ་བསྒྱུར་བར་བསམ།ཡང་ན་རི་ལ་བསྐྱལ་ཏེ་གནོད་པ་ཐམས་ཅད་རླུང་གིས་གཏོར་བར་བསམས་ལ་རླུང་ལ་བསིང་། དེ་ནས་རང་གཅེར་བུར་ཕྱུངས་ལ་ཁྲམ་ལས་ཐར་རོ། །བཅིངས་བ་ལས་ཐར་རོ་ཞེས་སོགས་གང་འདོད་བརྗོད་སྔགས་བཟླ། རང་ལུས་རས་དཀར་གྱིས་ཕྱིས། རྨ་བྱའི་སྒྲོ་སོགས་ཀྱིས་བྱབས་པས་ངན་བྱས་ཐམས་ཅད་ཞི་བར་བསམས་ལ་སྔགས་ཟབ་མོ་བཟླ། ལུས་ལ་འབྲུ་གསུམ་དང་དབྱངས་གསལ་བྲིས་པས་ངན་བྱས་ལས་གྲོལ་


MR11_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །མིག་གསལ་བར་འདོད་ན་ནང་སྔ་མི་ཚིག་མ་འདྲེས་གོང་རང་གི་དྲི་ཆུ་དྲོན་མོས་མིག་བཀྲུ་སྐམ་ནས་རང་གི་ཁ་མ་བཀྲུས་པའི་སོ་དྲེག་ལག་གཡོན་སྲིན་ལག་གིས་མིག་ལ་བྱུག་པ་བསྟུད་དེ་ཞག་ཉེར་གཅིག་བྱས་ན་རབ་རིབ་དག་ནས་མིག་ཡོན་ཏན་དང་ལྡན་པར་འགྱུར་ཏེ་རྒྱུན་དུ་བྱས་ན་ལྟ་ཅི་སྨོས་སོ། །ཕ་རོལ་གྱིས་རང་ལ་བྱད་དང་འདུན་གྲོས་ངན་པ་བྱུང་ན། རང་གི་ལྷ་སྔགས་ཉི་མ་སྟོང་ཕྲག་ལྟར་གསལ་བས་ཕ་རོལ་གྱི་བསམ་སྦྱོར་མུན་ནག་ལྟ་བུར་ཡལ་བར་བསམས་ལ་ཡི་དམ་གང་ཡིན་གྱི་སྔགས་བཟླས་པས་འགྲུབ་བོ། །ལུས་ཀྱི་སྟོབས་དང་མདངས་རྒྱས་པར་འདོད་ན་རང་ལུས་གསེར་གྱི་བུམ་པ་རླུང་སེམས་ལྷ་ཡི་བདུད་རྩིས་གང་བར་བསམས་ལ་རླུང་ཁུག་ཅི་རིགས་བཟུང་། གྲུབ་ན་ཐོ་རངས་དམིགས་པ་དེ་བྱ་ཞིང་རང་གི་དྲི་ཆུ་དྲོན་མོ་ཁམ་རེ་བཏུང་བས་ལུས་སྟོབས་འཕེལ་ཞིང་བཅུད་ལེན་དུ་འགྱུར་རོ། །རང་གིས་ཇི་ལྟར་བསམ་པའི་དོན་འགྲུབ་སླད། རང་གི་སྙིང་ནོར་བུ་བསམ་འཕེལ་མདངས་ལྡན་འོད་སྣ་ཚོགས་འབར་བའི་དབུས་སུ་རང་རིག་བྷྲཱུཾ་ལ་སྲིད་ཞིའི་དྭངས་བཅུད་བསྟིམ། ནོར་བུའི་འོད་ཀྱིས་རང་བཞན་གྱི་དོན་གང་འདོད་ལྷུན་གྱིས་འགྲུབ་པར་བསམས་ནས་སྤྲོས་བྲལ་དུ་བཞག །ནང་རེ་བཞིན་བསྒོམས་པས་ཇི་བསམ་འགྲུབ་བོ། །དེ་ལྟར་རྟེན་འབྲེལ་དམིགས་པའི་སྒྱུར་སོས་ལས་ཐམས་ཅད་འགྲུབ་པར་ཤེས་པར་བྱའོ། །ཡང་དམིགས་འདུན་ཟབ་མོའི་གདམས་པ་རྒྱུད་དང་མན་ངག་སྣ་ཚོགས་ལས་གསུངས་པ་ཕྱོགས་བསྡུས་ལ།


MR11_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་ཁར་རང་ལུས་ཀྱི་ཤ་རང་ཟད་དེ་ཀེང་རུས་དཀར་པོ་མེ་འབར་བར་བསྒོམས་ན་འཆི་བ་བསླུ་ཞིང་འདྲེ་གདོན་ཐམས་ཅད་ཐུབ། ཐོད་པ་ཇ་རིལ་ཁ་སྦྱོར་ཅན་ཆེ་བའི་ནང་དུ་རང་ལུས་ཡི་དམ་གྱི་ས་བོན་ནམ་ཕྱག་མཚན་དུ་བསྒོམས་པས་ཐིབ་གནོན་སོགས་འདྲེ་གདོན་ཐམས་ཅད་ཐུབ་པའི་མན་ངག་ཟབ་མོའོ། །རང་གི་སྤྱི་བོར་མཐོ་གང་ཙམ་གྱི་ནམ་མཁར་ཟླ་བའི་སྟེང་དུ་རྒྱལ་ཀུན་ཡེ་ཤེས་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ་ལ་སྲིད་ཞིའི་དྭངས་བཅུད་ཀྱི་བདུད་རྩི་བསྡུས་ནས་ཐིམ་ཞིང་དེའི་བདུད་རྩི་དཀར་པོའི་བཅུད་རྒྱུན་གྱིས་ཚངས་བུག་ནས་རང་ལུས་གང་བར་བསམས་ན་དེ་མ་ཐག་ཏུ་ལུས་མདངས་འཕེལ་ཞིང་ཚེ་དང་སྟོབས་རྒྱས་པ་རྒྱུད་ཀྱི་དགོངས་ཟབ་ལགས་སོ། །རླུང་ནང་དུ་འདྲེན་པ་ཁོ་ན་ལ་གྲངས་བཟུང་བ་བརྒྱ་རྩ་སོགས་ཀྱིས་འཆི་བ་བསླུ་ཞིང་རིམ་པས་གོམས་ན་འཆི་མེད་འགྲུབ་ཅེས་རྒྱུད་ལས་སོ། །འབྲུ་གསུམ་དང་སྦྱར་བའི་རྡོ་རྗེའི་བཟླས་པ་བཅས་སྲིད་ཞིའི་ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་བྱས་པས་ངེས་པར་ཚེ་འཕེལ་ཞིང་རིམ་པར་གོམས་པས་ཚེ་ཡི་རིག་འཛིན་འགྲུབ་པར་འགྱུར་རོ། །ཡང་ཁ་ཤར་དུ་བལྟས་ནས་ཤར་ཕྱོགས་ཀྱི་ནམ་མཁའི་ཁམས་ཀྱིས་ཁྱབ་པའི་འཇིག་རྟེན་རབ་འབྱམས་ཐམས་ཅད་དུ་རྔུབ་སྟེ་རང་གི་ཁོང་དུ་སོང་བར་བསམས་ནས་རླུང་ཐུན་བཟུང་བས་བཅུད་ལེན་རྒྱལ་པོ་འཆི་མེད་བསྒྲུབ་པའི་ཐབས་གཤིན་རྗེ་གཤེད་པོའི་རྒྱུད་ཀྱི་དགོངས་པའོ། །ཡང་ཕྱོགས་བཅུའི་ནམ་མཁའ་ཐམས་ཅད་འུབ་ཀྱིས་འདུས་པར་


MR11_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་ལ་ཧ་སིབ་བཅས་རླུང་ཁ་ནས་རྔུབས་ཏེ་རང་གི་ཁོང་པ་གང་བར་བསམས་ལ་བུམ་ཅན་ཅི་ནུས་སུ་བཟུང་བ་ཡང་ཡང་བྱས་པས་འཆི་བ་མེད་པ་འགྲུབ་སྟེ་ནམ་མཁའི་བཅུད་ལེན་ཚེ་ཉམས་པ་སོགས་གསོ་བ་ཟབ་པའི་མཐར་ཐུག་གོ། ཡང་སྣང་སྲིད་ཐམས་ཅད་ནམ་མཁའི་རང་བཞིན་དུ་འདུས་ཏེ་ནམ་མཁའི་འཆི་བ་མེད་པའི་སྲོག་ཆེན་པོས་རང་གི་ཁོང་པ་ལྟེམ་མེར་གང་བར་བསམས་ལ་རླུང་བཟུང་བ་ནི་གསང་བའི་འཆི་བསླུ་དང་འཆི་མེད་བསྒྲུབ་པའི་ཐབས་མཆོག་ཏུ་གྱུར་པའོ། །རླུང་དེ་དག་ཁའམ་སྣ་གང་རུང་ནས་རྔུབས་ཤིང་དེ་དང་སྦྲགས་ལ་དམིགས་པ་བྱའོ། །ཡང་རང་གི་སྙིང་ནང་དུ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཨ་ཡིག་དཀར་པོའི་འོད་ཀྱིས་ལུས་ཀྱི་ནད་དང་སེམས་ཀྱི་ཟུག་རྔུ་ཐམས་ཅད་དམིགས་མེད་དུ་སྦྱངས་བར་བསམ་ལ་ཡིད་བཟླས་སམ་ཤུབ་བུར་སྲོག་གི་རླུང་གདངས་ཨ་ཡི་རྣམ་པར་བཟླས་པས་ལས་ཀྱི་ནད་དང་སྒྲིབ་པ་ཀུན་ཞི་ཞིང་སྔགས་འགྲུབ་ཅིང་རྡོ་རྗེའི་ཚེ་ཡང་འགྲུབ་པ་རྒྱུད་ཀྱི་དགོངས་པའོ། །ལུས་ཀྱི་སྟོད་ནད་ལ་ལུས་སྟོད་དུ་ཨོཾ།དེ་བཞིན་སྐེད་པར་ཨཱཿ སྨད་དུ་ཧཱུྃ་གིས་ནད་སྦྱང་། དེ་ཡང་ཚ་བར་འབྲུ་གསུམ་པོ་དེ་དཀར་བསིལ། གྲང་བར་དམར་དྲོ། རླུང་ལ་འོད་དམར་སེར་མར་ཞུན་ལྟར་སྣུམ་འོད་ཅན་དུ་དམིགས་པས་ནད་སྦྱངས། ངག་ཏུ་ཡི་གེ་གང་ཡིན་དེ་བརྒྱ་རྩ་སོགས་བརྗོད། མཐར་ཨོཾ་སོགས་དེ་དེའི་རྣམ་པར་ནད་རྣམས་འདུས་ཏེ། ཨོཾ་ཧ་ཞེས་སོགས་ཧ་འདོན་གྱིས་ཕྱིར་སྤུར་ཏེ་ནམ་མཁའ་ལ་འཇའ་ལྟར་ཡལ་བར་བསམས་ལ་མི་དམིགས་པའི་ངང་དུ་བཞག་པས་ནད་ཀུན་ངེས་པར་ཞི་བར་


MR11_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དེ་ནད་ཚབས་ཀྱི་བབ་དང་བསྟུན་ལ་ཇི་སྲིད་ནད་མ་གྲོལ་གྱི་བར་དུ་བརྩོན་པར་བྱའོ། །ཡང་ལུས་གནས་སོ་སོར་ཡིག་གཟུགས་བྲིས་པས་ནད་ཞི་བ་བླ་མ་ཡང་ཏིག་སོགས་སུ་གསལ། ཡང་སྙིང་གར་ཧཱུྃ་མཐིང་ནག་ལས་ཡེ་ཤེས་ཀྱི་མེ་འབར་བ་ལུས་ཀྱི་ཆ་ཐམས་ཅད་དུ་ཐོགས་པ་མེད་པར་ཞུགས་པས་ནད་དང་ལུས་གདོན་ཐམས་ཅད་ཐུལ་གྱིས་བསྲེགས། གདོན་དེ་དག་གི་རྣམ་ཤེས་བདེ་བ་ཅན་དུ་སྤར། ཧཱུྃ་ཡིག་ལས་འོད་ཟེར་ཡེ་ཤེས་བདུད་རྩིའི་རྒྱུན་བྱུང་བས་ལུས་ཀུན་དྭངས་མར་གྱུར་པར་བསམས་ལ་ཧཱུྃ་ཡིད་བཟླས་སམ་ཤུབ་བཟླས་ངག་བཟླས་གང་རུང་མང་དུ་བྱས་པས་གདོན་ཐམས་ཅད་ངེས་པར་ཐུལ་ཞིང་ནད་མེད་པར་འགྱུར་རོ། །དེ་བཞིན་ནད་ཚ་གྲང་དང་བསྟུན་ལ་ཧཱུྃ་དཀར་དམར་བསིལ་དྲོས་ནད་སྦྱང་བར་བསམ་པ་དང་། གང་ན་བའི་གནས་དེར་ཡི་གེ་ཧཱུྃ་གིས་ནད་ཐམས་ཅད་ཁབ་ལེན་གྱིས་ལྕགས་ལྟར་བསྡུས་ཏེ་ན་སའི་ཐད་ནས་ཧཱུྃ་ཕྱིར་བཏོན་ཏེ་ནམ་མཁར་ཡལ་བར་བསམ་པ་དང་། ཧཱུྃ་ཐོག་མདའ་ལྟ་བུས་གང་ན་བའི་ནང་ནས་ཕར་ཐད་ཀར་ཐོགས་མེད་དུ་ཕུག་སྟེ་ནད་ཐམས་ཅད་རླངས་པ་སྔོ་དམར་གྱི་རྣམ་པར་བསྡུས་ནས་ཕྱིར་བུན་བུན་སོང་བར་བསམ་པ་ཡང་ཡང་བྱས་པས་ནད་ཀུན་མི་སེལ་བ་མི་སྲིད་དོ། །ཧཱུྃ་ཡིག་འོད་ཀྱི་རང་བཞིན་ཅན་གང་དུའང་ཐོགས་པ་མེད་པས་དབང་པོའི་བུ་ག་བསལ་ནས་དེའི་སྐྱོན་ཀུན་ཕྱིར་སོང་། སླར་ཧཱུྃ་ཡིག་དྲི་མེད་ཤེལ་ལྟར་དྭངས་པའི་འོད་ཀྱིས་སྲིད་ཞིའི་དྭངས་བཅུད་དང་འཇིག་རྟེན་ཁམས་ཀྱི་དབང་པོ་དེ་དང་དེའི་ནུས་པ་


MR11_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བདུད་རྩི་འོད་ལྟར་དྭངས་བའི་རྣམ་པར་བསྡུས་ནས་དབང་པོའི་ནང་གང་བས། དབང་པོ་གང་ལ་བྱ་བ་དེའི་སྟོབས་འཕེལ་བར་དམིགས་པ་ཡང་ནས་ཡང་དུ་རང་གི་འདོད་པ་གྲུབ་པའི་བར་དུ་བྱས་ན་དབང་པོ་དེའི་ནུས་པ་ལྷག་པར་འཕེལ་བར་འགྱུར་རོ། །རྡོ་རྗེའི་ནང་དུ་ཧཱུྃ་ཡེ་ཤེས་ཀྱི་མེ་འབར་བས་མཚན་མར་ཞུགས་པའི་ནད་དང་གདོན་བསྲེགས་པར་དམིགས་པ་དང་། ཡང་ཧཱུྃ་དངུལ་ཆུའི་མདོག་ཅན་གྱིས་ཚངས་རིས་མན་ཆད་ཀྱི་ཕོ་དབང་གི་ནུས་སྟོབས་ཐམས་ཅད་བསྡུས་ནས་རང་གི་རྟགས་ལ་ཐིམ་པར་བསམ་སྟེ། རྟགས་དེ་ཉིད་རྡོ་རྗེའི་ཕྱག་རྒྱས་བཟུང་ནས་ཧཱུྃ་བཟླས་པས་ཕོ་དབང་གི་སྟོབས་ཤིན་ཏུ་འཕེལ་ལོ། །དེ་བཞིན་ལུས་ཀྱི་རྩལ་སྟོབས་དང་བཀྲག་མདངས་སོགས་དང་ངག་གི་དབྱངས་སྙན་པ་དང་། ཚིག་གསལ་བ་དང་རྒོལ་བ་ལ་རྩོད་པ་སྨྲ་བ་སོགས་དང་། ཡིད་ཀྱི་ཤེས་རབ་དང་སྤོབས་པ། དྲན་པ་དང་གཟུངས། ཡེ་ཤེས་དང་། ཏིང་ངེ་འཛིན། མངོན་པར་ཤེས་པ་དང་། བདེ་དྲོད་མི་རྟོག་པའི་ཉམས་ལ་སོགས་པ་གང་འདོད་པ་དེ་ཉིད་དེ་ལྟར་ཧཱུྃ་གི་དམིགས་བཟླས་ཁོ་ནས་མྱུར་དུ་ཚེགས་མེད་པར་རླབས་ཆེན་པོ་འགྲུབ་པར་འགྱུར་རོ། །རྒྱུད་ཀྱི་དགོངས་པ་དང་གྲུབ་པ་ཐོབ་པའི་མན་ངག་དམིགས་གནད་ཟབ་མོའི་མཐར་ཐུག་པ་གོང་བསྟན་འདི་རྣམས་ཁོ་ནའོ། །གཞན་ཐབས་སྣ་ཚོགས་ཅི་རིགས་ལུང་དང་མན་ངག་ལས་བྱུང་བ་བཀོད་པ། ཨོཾ་ཨཱཿཧཱུྃ་བརྒྱ་རྩ་བརྒྱད་བཟླས་པ་རང་གི་མཆིལ་


MR11_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་བཏབ་པ་རང་གི་གློ་གཡས་གཡོན་དུ་བྱུགས་ཏེ་ཕྱིན་ན་གནས་ཡ་ང་བ་གང་དུ་མཚན་འགྲོས་བྱེད་དུས་སུ་འདྲེ་དང་མི་འཕྲད། ཨོཾ་ཨཱཿཧཱུྃ་བརྒྱ་རྩ་བརྒྱད་བཟླས་ཏེ་ལག་མཐིལ་གཡོན་དུ་རང་གི་དྲི་ཆེན་ཚི་གུ་ཙམ་རང་གི་དྲི་ཆུར་བསྣུར་ཏེ་སྲིན་ལག་རྩ་བར་རི་མོ་བསྐོར་ཞིང་དཔྲལ་བ་དང་སྣ་བུག་སྙིང་ག་སོགས་སུ་བྱུགས་པས། ནད་ངན་ཕྱོགས་ངན་དང་གཉན་ས་འདུལ་བ་སོགས་དྲག་ལས་ཅི་བྱས་ཀྱང་ཉེས་པ་མེད་པར་སྲུང་བ་དང་།གདོན་དང་བར་ཆད་ཀྱི་ཕྱོགས་མཐའ་དག་སྲུང་བའི་རྒྱལ་པོ་གཅིག་ཆོག་གོ། གུ་ཧྱ་རྒྱ། ཕྱོགས་སུ་ནད་ཡམས་དྲག་པོ་མཆེད་པ་བྱུང་ན་དེ་ཆད་པའི་རྟེན་འབྲེལ་བྱ་བ་ནི། རི་རྩེ་ནས་རྡེའུ་དཀར་པོ་གཅིག་དང་། ཀླུང་ནས་རྡེའུ་ནག་པོ་གཅིག་སྟེ་གཉིས་བླངས་ལ། ཧཱུྃ་ཐུཾ་ཧཱུྃ་ཐུཾ། ཞེས་བཟླ་ཞིང་ཆུ་ཆེན་དུ་བསྐྱུར་བ་ཡང་ཡང་བྱས་པས་ནད་ཡམས་རྒྱུན་འཆད་པར་འགྱུར་ཞེས་གཏེར་མའོ། །དཔེ་གཞན་ལས་ཕྱགས་མའི་ནང་དུ་རྡེའུ་གཉིས་པོ་བཅུག་སྟེ་གཞོན་ནུ་མ་གཙང་མས་ས་ཕྱགས་པ་དང་ཕྱོགས་ཀུན་ཏུ་ཕྱགས་ཚུལ་བྱས་ནས་ཕྱགས་མ་ཆུ་བོར་དོར་བ་ཡོད་དེ་གང་བདེ་བྱ། འདིའི་སྔོན་དུ་མ་མོའི་ཁྲག་མདོས་དང་། དཀར་ཆོས་རྒྱབ་རིམ་ཇི་འགྲུབ་དང་། ལོ་གྱོན་མ་སོགས་ཀྱི་གཟུངས་ལ་སོགས་པ་གང་ལ་གང་བསྔགས་བྱས་ནས་རྟེན་འབྲེལ་འདི་བྱས་ན་ནད་རིམས་ཇི་ལྟར་ཚབས་ཆེ་ཡང་རྒྱུན་འཆད་པར་འགྱུར་རོ། །འབྱུང་རྩིས་ཀྱི་གཞུང་ལས་ནད་པ་ལ་དགོས་པའི་མི་ལྔ་ཚང་ན་


MR11_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཞུད་དང་རྐྱེན་གྱིས་མི་འཆི་ཞེས་གསུངས་པ་གང་ཞེ་ན་ནད་པའི་ལོ་གང་ཡིན་གྱི་སྲོག་ཁམས་ལས་བརྩི་སྟེ། ནད་གཡོག་ནི་ནད་པ་སྲོག་མེ་ཁམས་པ་ཡིན་ན་ནད་གཡོག་སྲོག་ཤིང་ཁམས་པ་ཞིག་དགོས། དེས་མཚོན་ནས་ལྷ་རྗེ་བུ། ཕོ་ཉ་བ་གྲོགས་ཁམས། སྔས་སྲུང་ནད་པའི་མཐུན་གསུམ་ལོ་བ་སྲོག་སོགས་ནད་པའི་སྲོག་སོགས་ལ་འབྱུང་དགྲར་མ་གྱུར་པ་བཙལ། དེ་ལྟར་མི་བཞི་དང་ནད་པ་ཁོ་རང་བཅས་ལྔ་འཛོམས་པའོ། །སྤར་ཁ་སོ་སོའི་དཀར་ཆོས་གཏོ་སོགས་དང་འཛེམ་བྱ་རྩིས་གཞུང་ལྟར་བྱས་ན་ནད་པ་ལ་རིམ་གྲོ་གནད་དུ་ཁེལ་བར་འགྱུར། གནམ་སྨན་ཕྱོགས་ནས་སྨན་དང་སྨན་པ་ལེའུ་བཙལ་ཟས་བླངས། སྲོག་འཚོར་སྔས་གཏང་ཕྱ་ལོན་ཕྱ་མཉམ་ཕྱོགས་སུའང་བཟང་། འདྲེ་བདུད་ཕྱོགས་སུ་གླུད་དང་གཏོར་མ་སོགས་འཕང་། ལུས་ཆད་དང་གནོད་པའི་ཕྱོགས་སུ་སྲུང་བ་སོགས་བྱ། མདོར་ན་བཟང་བཞིའི་ཕྱོགས་སུ་སྔས་གཏད་པ་དང་། ཕན་བྱེད་གཉེན་པོའི་རིགས་ཐམས་ཅད་བསྟེན། ངན་བཞིའི་ཕྱོགས་ནས་འགྲུལ་དང་ཟས་ནོར་ལེན་པ་འཛེམ་དེ་ཕྱོགས་སུ་མདོས་གླུད་བཟློག་པ་བྱ་བའམ་མཆོད་རྟེན་བརྩིགས་པའམ་སཱཙྪ་བཏབ་ལ་དེ་ཕྱོགས་བསྐྱལ། སྲུང་བ་བྱས་ན་ནད་པ་བདེ་ཁ་མྱུར་དུ་ལྟ་བ་འོང་། ལོ་དང་ལོག་མིན་ཟླ་བ་ཞག་དུས་སྤར་སྨེ་གཟའ་སྐར་གྱི་གཏོ་དང་མཁྱུད་སྤྱད་རིགས་ཀྱང་ནད་པ་ལ་ལྷག་པར་ཕན་ཆ་ཆེ་བས་ཅི་རིགས་སུ་བྱའོ། །ནད་མེད་ལའང་རིམ་གྲོ་གནད་དུ་ཁེལ་ནས་ཆེས་ཕན་པ་ཉིད་དུ་འགྱུར་


MR11_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །རང་ལ་གནོད་པའི་འདྲེ་ཟ་ཁ་གཞན་ལ་སྤོ་བ་ན། ཟན་ལ་སྤྲེའུའི་གཟུགས་མཇུག་མ་གྱེན་དུ་བསླངས་ཞིང་ལག་ཏུ་འཁར་བ་ཐོགས་པ་བྱ། དེའི་གདོང་དང་ལག་པར་བཙག་དམར་པོ་བྱུགས་ལ་དེ་ཉིད་ཀྱི་རྣ་བ་གཡས་པར་སྔགས་འདི་བརྒྱ་བཏབ། ཐི་ག་ནི་ག་རཱ་ཛ་སྐྱོས་ངེད་ཀྱི་ཟ་རེས་ཁྱེར་བས་ཆེ་གེ་མོའི་སར་སྐྱེལ་ལ་རྒྱུགཿ ཅེས་སོ། །དེ་ནམ་ལངས་ཁར་དགྲ་བོའི་སྒོ་དྲུང་དུ་བསྐྱལཿ དེས་འདྲེ་དེ་གཞན་ལ་ཟ་ཁ་སྤོ་བར་འགྱུར་རོ། །ཨོ་རྒྱན་པདྨས་མཛད་པ་ཤིན་ཏུ་ཟབ་བོ། །རྣལ་འབྱོར་པ་དབེན་པར་སྡོད་དུས་སྤྱིལ་བུའི་ཕྱོགས་བཞིར་ཐོ་བཞི་བརྩིགས་ལ། དེ་ནང་རྡོ་ལེབ་ལ་གཡུང་དྲུང་གཡོན་བསྐོར་གྱི་ཁུག་ལ་སྔགས་བཅས་དཔེའུ་རིས་བཞིན་བྲི།དེ་སྟེང་རྡོ་ལེབ་གཅིག་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་དེ་གཉིས་ཁ་སྦྱོར་དུ་བཞག ས་སྐྲཾ་ཞེས་པ་འདི་ས་ལ་བཟླས་ཏེ་གཏོར་ནས་ཐོ་དེ་ཡི་སྟེང་གཡོགས་ཏེ་རྒྱ་གྲམ་དང་གཡུང་དྲུང་ཅན་གྱི་རྡོ་ལེབ་གཉིས་མི་མངོན་པར་བཞག་ན་མི་རྒོད་དང་ཇག་པ་ཆོམ་རྐུན་གྱིས་འཚེ་བ་དང་ཁྱི་དང་ཨོག་དཀར་བྱི་བ་སོགས་ཀྱི་གནོད་པ་མི་འོང་བར་ཐག་ཆོད་ཡིན་ནོ། །ལམ་སྲུང་ལ་པཱི་ཧྲཱི་འདི་རང་གི་བརླ་གཡས་ལ་བྲི། སྒོ་ཡི་ཐེམ་པར་ས་སྐྲཾ་བྲི་དེ་དག་ལ་རང་མིན་གཞན་གྱིས་མ་རིག་པར་བྱའོ། །གནས་སྲུང་དང་ལམ་སྲུང་འདི་ནི་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་ཚེ་རིང་མཆེད་ལྔས་དངོས་སུ་ཕུལ་བའི་མན་


MR11_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཆིག་བརྒྱུད་གསེར་གྱི་བཀའ་རྒྱ་མ་ཡིན་པས་ཚེ་འདི་དོན་གཉེར་ཅན་ལ་མི་བསྟན་ཏེ་མཁའ་འགྲོའི་བཀའ་ཆད་ཡོང་བས་གསང་བར་བྱ་ཞེས་དམ་པི་བེ་བུམ་ལས་སོ། །སྔགས་རྒོད་འདི་ཚར་བཞི་བྲིས་ཏེ་སྦྲ་གུར་རམ་ཁང་པའི་ཕྱོགས་བཞིར་བཞག་ན་ཁྱིམ་དེར་རྐུན་མ་སྲུང་བར་འགྱུར་རོ་ཞེས་གཏེར་མའོ། །ལམ་དུ་འགྲོ་ཚེ་རང་གི་པུས་མོ་ནས་སོར་བཞི་འཇལ་བའི་བརླ་ཡི་སྟེང་དུ་ཕོ་ཡི་གཡས་དང་མོ་ཡི་གཡོན་དུ་ཡི་གེ་འདི་རྣམས་མགོ་ཐུར་དུ་བསྟན་ཏེ་བྲིས་ན་དེས་དགྲ་རྐུན་སོགས་གནོད་བྱེད་རྣམས་རང་གི་རྗེས་སུ་ཡོང་ན་རང་མྱུར་ནས་དེ་དག་གིས་རྗེས་མི་སླེབ། སྔོན་དུ་ཡོང་ན་དགྲ་རྐུན་དེ་དག་འགྲོ་མི་ནུས་པར་འགྱུར་རོ། །སྟག་པ་བེ་དཀར་འོམ་བུ་སྐྱེར་པ་ཚེར་ནག་སེང་ལྡེང་ཤུག་པ་བ་ལུ་དཀར་པོ་གསོམ་ནག་སྟེ་ཤིང་དགུ་པོ་ཡི་ཤིང་བུ་སོར་བཞི་པ་རེ་བྱས་ལ་ལྷའི་རྩ་སྔགས་སྟོང་གིས་རབ་གནས་བྱས་པ་བསྲུང་བྱའི་མགུལ་དུ་བཏགས་ན་འབྱུང་པོ་ཐམས་ཅད་ཀྱི་སྒྲིབ་ཤིང་མཆོག་ཏུ་འགྱུར་ཞེས་བླ་མ་དགོངས་འདུས་ལས་སོ། །ཡང་སྤྱི་ཞུར་ཤིང་དང་། ཤེར་ཤིང་གླ་རྐང་གསུམ་མམ། མེད་ནའང་ཤེར་ཤིང་ནག་པོ་རྭ་འདྲེ་ཁོ་ནས་ཀྱང་རུང་སྟེ་ཆུ་ཤིང་ནག་པོ་རྭ་འདྲ་འདི་ལྷ་འདྲེ་སྟོང་གི་སྒྲིབ་ཤིང་གི་མཆོག་ཡིན་པར་བཤད་དོ། །སྒྲིབ་ཤིང་དེ་རྣམས་གང་སྙེད་ཚོགས་པར་བྱས་ལ། ཡི་དམ་གང་ཡིན་གྱི་རྩ་སྔགས་ལ་དམིགས་བསལ་གཤིན་རྗེ་དང་མ་མོ་རྒྱལ་པོ་ཀླུ་སོགས་གང་ཡིན་ཆེ་གེ་མོའམ།


MR11_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་ལ་གནོད་པར་བྱེད་པའི་འབྱུང་པོ་མི་དང་མི་མ་ཡིན་པ་ཐམས་ཅད་ཧྲིབ་སྤོས་སྤོས་ལྷབ་ལྷབ༔ ཅེས་སྟོང་སོགས་བཏགས་ཏེ་བཏབ་ལ་སྐུད་པས་དཀྲིས་ཁུག་མར་གཞན་གྱིས་མ་མཐོང་བར་འཆང་བས་གང་འདོད་སྒྲིབ་སྟེ་སྡེ་བརྒྱད་འབྱུང་པོ་ཐམས་ཅད་ཀྱི་སྒྲིབ་ཤིང་མཆོག་སྟེ་གཏད་མནན་གཉན་ས་འདུལ་བ་སོགས་ལས་ཅི་བྱས་ཀྱང་རང་ལ་མི་གནོད། སྲིའུ་སོགས་གང་འདོད་ལ་བཏགས་པས་དེ་སྡེ་བརྒྱད་འབྱུང་པོ་གང་གིས་ཀྱང་མི་མཐོང་སྟེ། ལྷ་འདྲེའི་གནོད་པ་གང་ཡང་མི་འབྱུང་ངོ་། །མེ་ལོང་གི་ནང་དུ། བྲུཾ་ན་ཡལ་ཡལ། ཞེས་པ་ཚར་གསུམ་བྲིས། རྨ་བྱའི་མདོངས་གཅིག་ལ་སྔགས་དེ་ཁྲི་གཅིག་བཏབ། མེ་ལོང་དང་རྨ་བྱའི་སྒྲོ་སྦྱར་བ་རང་གི་ལག་ཏུ་ཁྱེར་ནས་ཕྱོགས་གར་སོང་ཡང་མིས་མི་མཐོང་། འགྲོལ་འདོད་ན། བ་ཏི་ལོ་བུན་བུན་ཡལ་ཡལ་ཧྲིང་ཧྲིང་ན་གྲིཿ ཞེས་བཟླ་མེ་ལོང་དང་སྒྲོ་སྣོད་དུ་སྦའོ། །ཟབ། ཁྱི་ནག་དཀར་མཚན་མེད་པའི་རུས་པ་ཆ་ཚང་བ་སྣེ་རེ་རེ་ནས་མེ་ལོང་ལ་བསྟན་པས་གང་ཡང་རུང་བ་གཅིག་གི་གཟུགས་བརྙན་མི་འཆར་བ་དེ་སྒྲིབ་ཤིང་ཡིན། བྱ་ཁྭ་ཏའི་ཚང་ཤིང་མཐའ་དག་ཁྱེར་ཏེ་ཆུ་ལ་རེ་རེ་ནས་བསྐུར་ན་ཤིང་གང་རུང་གཅིག་ཐུར་དུ་མི་འཁྱེར་བར་གྱེན་དུ་འོང་བ་དེ་སྒྲིབ་ཤིང་ཡིན། བྱི་ལ་ནག་མོ་དཀར་མཚན་མེད་པ་ཕྲུག་གུ་བཙའ་ཁར་རྐང་པ་གཉིས་བཏགས་ཏེ་ཤ་མ་མོ་རང་ལ་བཟར་མ་བཅུག་པ་སྒྲིབ་བྱེད་ཀྱི་རྫས་ཁྱད་པར་ཅན་ཡིན། འདི་གསུམ་ལས་གང་རུང་རེ་ཡོད་ཀྱང་སྒྲིབ་ནུས་མོད་ཀྱི། རྫས་གསུམ་པོ་


MR11_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་འཆང་བ་ཙམ་གྱིས་སུས་ཀྱང་མི་མཐོང་བར་སྒྲིབ་ནུས་སོ། །རྫས་ཀྱི་སྒྲིབ་ཤིང་ཆེས་ཟབ་བོ། །སྡོང་རོས། ཤིང་མངར། འུག་པའི་མིག་གསུམ་སྦྱར་བ་མིག་ལ་བྱུགས་པའི་མིག་སྨན་གྱིས་ས་འོག་གི་གཏེར་མཐོང་ངོ་། །ཉ་མཁྲིས་མི་ཀླད་རྒྱ་སྤོས་རུ་རྟ་ཕུག་རོན་བྲུན་བྱ་རོག་གི་ལྕེ་དང་སྙིང་རྣམས་ཞིབ་བཏགས་སྦྲང་སྦྱར་མིག་ལ་བྱུགས་ན་ས་འོག་གི་གཏེར་མཐོང་ངོ་། །ཁྱི་ཡི་སྙིང་མར་ཁུར་བཙོས་པ་གྲིབ་བསྐམ་གྱི་ཕྱེ་མ་ཅུ་གང་དང་སྦྱར་བས་མིག་ལ་བསྐུས་ན་ས་འོག་གི་གཏེར་མཐོང་ངོ་། །བྱ་རོག་མདོག་ཤིན་ཏུ་མནག་པའི་ལྕེ་དང་སྙིང་གཉིས་མར་ཁུར་བརྩོས་ནས་གྲིབ་བསྐམ་བྱས་པའི་རིལ་བུ་མིག་ལ་ལན་བདུན་བྱུགས་ན་ས་འོག་གི་གཏེར་མཐོང་ངོ་། །བྱ་རོག་ཐབས་ཀྱིས་བཟུང་ལ་སྔོན་གྱི་བྲུན་རྙིང་ཚར་ཐག་བཅད་རང་གི་བདུད་རྩི་དྲི་ཆེན་བཟར་བཅུག་པའི་བྲུན་དེ་བླངས་ནས་དེས་མིག་ལ་བྱུགས་ན་མི་མ་ཡིན་པ་རྣམས་མཐོང་། སྣ་ལ་བྱུགས་ན་རང་མིས་མི་མཐོང་། སྒྲུབ་མི་དགོས་པའི་རྫས་ཀྱི་གདམས་པ་ཟབ་མོའོ། །མཁའ་ལྡིང་བྱི་ལ་འུག་པ་གསུམ་གྱི་ཞག་ལས་མི་རོའི་རས་ཀྱི་སྡོང་བུར་མེ་སྦར་ན་གཏེར་ཐམས་ཅད་དང་ཤ་ཟ་འབྱུང་པོ་ཐམས་ཅད་མཐོང་ཞེས་རྒྱུད་ལས་སོ། །བྱི་ལ། འུག་པ། ལི་ལི་ཟེར་ཀྱང་གོང་ན་ཡོད་པས་བརྟག་ཆུ་བྱའི་མིག་བཞི་ཞིབ་བཏགས་མིག་ལ་བསྐུས་ན་མཚན་མོའི་དུས་སུ་ཉིན་མོ་ལྟར་མཐོང་ཞིང་ས་འོག་གི་གཏེར་ཀྱང་མཐོང་ངོ་། །གཞན་གཏེར་དང་མི་མིན་མཐོང་བའི་སྨན་རྫས་ཙམ་དང་རྫས་སྔགས་གཉིས་ལྡན་དུ་མ་རྒྱུད་དང་མན་ངག་ལས་གསུངས་པ་མང་ན་ཡང་འདིར་དེ་ཙམ་མོ། །སྔོ་ཁྲག་ཁྲོག་


MR11_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པ། ལང་ཐང་ཙེ། པྲི་ཡངྐུ། ཟོ་ཤེ ལྕི་བ། ཞོ་རྣམས་ཆང་དང་སྦྱར་ལ་སྣོད་ཁ་མ་ཆག་པར་བསུབ་ནས་ཞག་གསུམ་བཞག་པས་མེ་ཏོག་ཆགས་པ་དང་རིལ་བུ་སྲན་མ་ཙམ་བྱ། རིལ་བུ་དགུ་རེ་ཟན་སླ་མོས་དྲིལ་ཏེ་ཁྱི་རེ་ལ་བྱིན་ན་ཡུན་ཅུང་ཟད་ནས་ཁྱི་དེ་རྣམས་མི་འགུལ་བར་འགྱུར་རོ། །རྒྱ་ཚྭ་དང་ར་རོག་པོའི་རྭ་གཞོབ། སྦྲུལ་ཤ་རྣམས་བཏག་པ་ལྡེའུ་མིག་གི་ཁུང་དུ་བླུག་ཅིང་འཕུལ་ན་ལྕགས་འབྱེད། བཙན་དུག །ཨ་རུ་ར། ཤུ་དག །གུ་གུལ་ནག་པོ། སྦྲུལ་ཤ ཐང་ཕྲོམ། ཐར་ནུ་རྣམས་བཏགས་ཏེ་ཕག་ཚིལ་དང་སྦྱར་བའི་རིལ་བུ་མེར་བསྲེགས་དུ་བ་བཏང་ན་ཆར་པ་ཆོད། གླུ་མ་ཉེ་འུར་གཟེམ་སད་མ་ཕོག་པ་བསྲེས་ཏེ་མགོ་ལ་བྱུག་ན་ལོ་གཅིག་ལ་སྐྲ་མདའ་གང་ཙམ་སྐྱེ། ཁྱིའི་མཆེ་བ་དུ་བའི་ནང་དུ་བསྲེགས་ནས་འོ་མར་སྦྱར་བྱུགས་མཉེས་ན་སྐྲ་མ་སྐྱེ་བར་ཡང་སྐྲ་སྐྱེ་བར་བྱེད་དོ། །མར་ནག་དུ་ཞུམ་བུའི་བྲུན་བཙོས་ནས་བྱུགས་ན་སྨིན་མ་སྨ་ར་སོགས་སྤུ་བྱི། ག་བུར་གཙན་དུག་ལྡོང་རོས་གོ་སྙོད་ཡ་བཀྵ་ར་རྣམས་མར་ནག་ལོ་ལོན་དུ་བསྐོལ་ནས་བྱུགས་པས་སྤུ་རྣམས་ཕྱིའོ། །གླ་བའི་རྐང་མར། ཕག་ཚིལ། ཁམ་བུའི་ཚིལ་སྦྱར་བས་བྱུགས་ན་སྐྲ་དང་སྨིན་མ་སྐྱེ། ཤིང་བེ་ཏ་ནག་པོའི་འབྲས་བུ་བྱ་སྒང་ཙམ་པ་སྣུམ་ཅན་དེའི་སྣུམ་བྱུགས་པ་ལ་སྐྲ་དང་སྨིན་མ་ལེགས་པར་སྐྱེ། བུད་མེད་ཀྱི་ནུ་མ་སྐྲངས་པར་བྱུགས་ན་ཕན་ནོ། །ཁྱིམ་བྱའི་ཀླད་པ་དང་རི་བོང་རིལ་མ་སྦྱར་བའི་རིལ་བུ་ཤ་རིལ་


MR11_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་མེར་བསྲེགས་པའི་དུ་བ་སྣར་བཏང་ན་མཚན་སུམ་ཆ་རེའི་གཉིད་སྲུང་ཐུབ། དེས་མཚོན་རྫས་སྣ་ཚོགས་ལུས་ལ་ཉེར་མཁོ་སོགས་སུ་ཅི་རིགས་བཀོད་པས་འདིར་མི་བྲིའོ། །ཤྭ་མང་དང་ཚྭ་ཞིབ་བཏགས་ཁང་པའི་ནང་ཐམས་ཅད་དུ་གཏོར་ན་ཁྱིམ་དུ་སྦུར་བ་མི་འོང་། དེའི་ཕྱེ་མ་མར་སྙིང་ཁ་ཚ་བ་དང་སྦྱར་ནས་ལུས་ལ་བྱུགས་ཏེ་འཕུར་ན་ལྗི་བ་ཐུབ། ཞ་ཉེའི་གོང་བུ་སྲན་མ་ཙམ་མིག་ཕུག་པར་དར་སྐུད་དམ་རྒྱུས་པའི་སྣེ་ལ་བཏགས་ཏེ་རྟའི་རྣ་བ་གཉིས་ཀྱི་བུ་གར་འཕུལ་ཏེ་བཅུག་ན་རྟ་འགྲོ་མི་ཤེས་པས་མཚན་རྐུན་མ་སོགས་ཀྱིས་འཁྲིད་མི་ནུས་ཚུར་བླང་ན་གྲོལ་དེ་སོགས་ཐབས་སྣ་ཚོགས་གཞན་དུ་ཅི་རིགས་བཀོད། གོ་བོའི་བྲུན་སྤངས་གང་། ཚ་བ་གསུམ། ཚ་སྣ་གསུམ་ཆ་མཉམ་རིལ་བུ་ཁམ་བུ་ཙམ་ཐོ་རངས་ལྟོར་བཏང་ན་ལོ་རེར་དྲོད་འབར་ནུས། གཡག་རོག་འོག་ཅན་ངར་ཤིའི་མཁྲིས་པ་དྲོད་མ་ཡལ་བའི་ནང་དུ། ལྒ་སྐྱ་དང་པི་པི་ལིང་ཁྱོར་ཕྱེད། ཤིང་ཚ་ཐུན་གསུམ། སུག་སྨེལ། ཀ་ཀོ་ལ།ཤུ་དག །རྒྱམ་ཚྭ། ཟེ་ཚྭ། ཁ་རུ་ཚྭ། སྔོ་ལྕེ་ཚྭའི་མེ་ཏོག །དབྱི་མོང་གི་ཁཎྚ། སྤྲུ་བའི་འབྲུ། ཛྭ་ཏི་རྣམས་ཐུན་རེ། བྱ་གོ་བོའི་ཕོ་བའམ་ཤ་གང་སྙེད། སྤྱང་ཀིའི་མཁྲིས་པའམ་ཤ་བྱ་རྒོད་མཁྲིས་པ་སྙེད་ན་རབ། འདི་རྣམས་ཞིབ་བཏགས་བླུགས་པ་འདྲེས་དཀྲུག་བྱས་ལ་སྐམ་པ་སླར་ཡང་ཞིབ་བཏགས་ཕྱེ་མ། ཨ་རག་བཟང་པོ་དང་བུ་རམ་སྦྱར་བའི་རིལ་བུ་ལུག་རིལ་ཙམ་དྲིལ། དགོས་པའི་དུས་སུ་རྡོག་པོ་རེ་ཆང་བཟང་ངམ་ཨ་


MR11_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རག་གིས་ཕུལ་ལྟོ་སྟོངས་ཁོང་དུ་བཏང་། འདི་ཡུན་དུ་བརྟེན་ན་གྲང་ནད་རྙིང་པ་ཡུལ་འདོན། ཞག་བདུན་བསྟེན་པས་རས་རྐྱང་ཐུབ། ཟླ་གཅིག་བརྟེན་ན་དྲོད་ལོ་གཅིག་ཏུ་བརྟན། ལུས་ལ་མེ་བཞིན་དྲོད་སྦར་བའི་གདམས་པ་རྫས་ཀྱི་གཏུམ་མོའོ། །ལུས་ཀྱི་ཕྱི་ནས་དྲོད་སྦར་བའི་རྫས། ལྒ་པི་ཕོ་གསུམ་སྤུས་ལེགས་ཁྱོར་བ་རེ། གཡེར་མ་ཁྱོར་ཕྱེད། ཟེ་ཚྭ་ཐུར་མགོ་གསུམ། ལན་ཚྭ་ཐུར་མགོ་གང་། ཤིང་ཚ་བཟང་པོ་མཐེབ་ཚིགས་ཙམ། བཙན་དུག་མཐེབ་ཆེན་ཙམ་གཅིག་སྟེ་དེ་རྣམས་ཞིབ་བཏགས་ཨ་རག་གམ། ཆང་སྙིང་ཁུ་བ་གར་མོས་གར་སླ་ཞོ་ཙམ་བྱས་པ་སྣོད་བཟང་དུ་ཞག་གཅིག་དྲོ་སར་བསྙལ། དེ་ནས་རང་ལུས་ཆང་གིས་དག་པར་བཀྲུས་ལ།དབང་པོའི་སྒོ་དང་རྨེན་པ་ཡོད་པ་མ་གཏོགས་ལུས་ཀུན་ལ་གོང་གི་རྫས་དེས་ཁྱབ་པར་བྱུགས། དེ་བསྐམས་པ་དང་མར་རྙིང་གིས་བསྐུ་མཉེ་འཕུར་བསུབ་བྱས་ན་ལུས་དྲོད་ཀྱི་ཕུང་པོར་འབར་ཞིང་ནུབ་རེ་ལ་རས་རློན་དགུ་རེ་སྐེམ་ནུས་པ་རྗེ་གཡུ་ཐོག་པའི་གདམས་པ་ཤིན་ཏུ་ཟབ་མོའོ། །དང་པོ་རང་གི་རྐང་པ་རང་གི་དྲི་ཆུས་དག་ངེས་བཀྲུས་ནས་འོད་ལྡན་དང་ཚ་བ་གསུམ་དང་མར་ནག་སྦྱར་བས་བྱུགས་ལ་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ཏེ་བཏབ། ཨོཾ་ཨཱཿཧཱུྃ་ཧ་རི་ནི་ས་རཾ་རཾཿ དེས་ལོ་གཅིག་བར་དུ་ལྷམ་མི་དགོས་པར་ཞབས་རྗེན་བྱ་ནུས་སོ་ཞེས་འོད་ལྡན་རྒྱུད་ལས་སོ། །ཁ་བ་བབ་ཚེ་འགྲོ་དགོས་བྱུང་ན། རང་གི་དྲི་ཆུ་གྲང་མོའི་ནང་དུ་ཁ་བ་དུམ་གཅིག་བསྲེས་ནས་དེས་རང་གི་


MR11_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བར་ཐིག་ལེ་བྱ། མིག་གཉིས་བཀྲུ་བའམ། ཐིག་ལེ་བྱས་པས་ཀྱང་མིག་ཁ་བས་མི་ཕྱིད་དོ། །རང་གི་ལག་པ་རང་གི་དྲི་ཆུས་དག་པར་བཀྲུས་ནས་མེ་ལ་རེག་ཀྱང་ངེས་པར་མི་འཚིག། ལ་ལར་རང་གི་དྲི་ཆུ་ལ་བུལ་དོག་བསྲེ་ཞེས་གསུངས། རི་ཁའི་སྲོ་ལོ་དཀར་པོ་བྱང་གི་བུལ་དོག །ཆུ་རྩ་གསུམ་ཞིབ་བརྡུངས་ཆུར་སྦྱར་བ་ལུག་གི་བལ་སྐུད་ལ་བསྐུས། དེ་རྡོ་འཁོར་དང་ལྕགས་སྲེག་སོགས་ཀྱིས་མིག་ནས་དྲངས་ཀྱང་མི་འཚིག །དེའི་སྔགས་ནི། ཨོཾ་མེ་རི་དམར་པོ་སོདཿ ཆུ་རི་སྔོན་པོ་སོདཿ ལྕགས་རི་ནག་པོ་སོདཿ ཅེས་སོ། །ཤིན་ཏུ་ཟབ་པ་ལག་ཏུ་བླངས་པས་གསལ། ཁྲོལ་མ་དང་སླེ་མ་མགོ་ལ་གྱོན་ནས་དུར་ཁྲོད་དུ་དྲོད་མོའི་མལ་དུའང་ཉལ་ནས་བལྟས་པས་མི་མ་ཡིན་འབྱུང་པོ་རྣམས་མཐོང་བར་འགྱུར་རོ། །འུག་པའི་མགོ་སྲིན་བྱའི་སྙིང་། ལུང་སྟོང་གི་རྩ་དང་གསུམ་སྦྱར་བ་མིག་ལ་བྱུགས་ན་ལྷ་འདྲེ་ཐམས་ཅད་མཐོང་། མཁྲིས་ཆེན་དང་ཐལ་ཆེན་སྐྱུང་ཁའི་སྒོ་ང་དང་། གཡའ་སྤང་མཚམས་ཀྱི་སྦལ་ཆུང་མཆོངས་པོ་ཆེ། དེ་རྣམས་ཕྱེ་མར་བྱས་པས་དཔྲལ་བར་ཐིག་ལེ་བྱས་ན་ལུས་མི་སྣང་། རྣ་བར་བསྐུས་ན་གཞན་གྱིས་སྒྲ་ཟེར་ཚད་ཐོས། རྡོ་སྔོན་ལ་རྫས་དེས་རི་མོ་བྲིས་ནས་རྡོག་པ་བརྒྱབ་ན་དེ་བཞིན་ཆག་གམ་འགྱུར་རོ། །ཤིང་རྨ་མེད་ཅེས་བྱ་བའི་ལོ་མ་གླན་ན་མཚོན་གྱིས་བཅད་པའི་རྨ་ཐམས་ཅད་དེ་མ་ཐག་ཏུ་སོས་པར་འགྱུར་རོ། །ཆུ་སྦྲུལ་གྱི་ཁྲག་གིས་ཁ་བཀང་སྟེ་


MR11_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཆུར་ཞུགས་ན་ཇི་འདོད་པར་གཤེར་བར་མི་འགྱུར་ཞེས་རྒྱུད་ལས་སོ། །འབྱུང་པོའི་ཉིན་མོ་ཞེས་པ་མར་ངོའི་ཚེས་བཅུ་བཞི་ལ་མི་ཤི་བའི་ཁ་ཡི་ནང་དུ་བཅུག་པའི་གུ་གུལ་དེ། དུར་ཁྲོད་ཀྱི་མེ་ལ་བསྲེགས་པའི་བདུག་སྤོས་ཀྱིས་མི་ལ་ཡི་དྭགས་སོགས་གང་འདོད་འབབ་ཅིང་གཏམ་སྣ་ཚོགས་སྨྲ་བར་བྱེད་ལ། བདུག་སྤོས་སྤངས་པས་གྲོལ་ལོ་ཞེས་རྒྱུད་ལས་སོ། །ཤིང་ཀ་ར་བཱི་རའི་མེ་ཏོག བ་ལ་ཏ་ཀ་དང་། ཆུ་བ་རྣམས་ཆ་མཉམ་ཕྱེ་མ་མེ་ལོང་ལ་བྱུགས་ཏེ་བལྟས་ན་སྐྱེ་བ་སྔ་མ་ཤེས་པར་འགྱུར་རོ། །ཡང་རྟ་དང་སྤྱང་ཀི་དང་ཕག་དང་སྤྲེའུ་དང་བོང་བུ་དང་རྔ་མོ་རྣམས་ཀྱི་རྨིག་པ་དང་སེན་མོ་ཆ་མཉམ་སྣོད་ཁ་སྦྱར་དུ་བསྲེགས་པའི་ཐལ་བ་སྦལ་པའི་ཞག་དང་བསྲེས་ནས་མེ་ལོང་ལ་བྱུགས་ཤིང་རང་གི་མིག་ལ་ཡང་བྱུག་སྟེ་མེ་ལོང་དེར་བལྟས་ན་སྔ་མ་བཞིན་དུ་སྐྱེ་བ་སྔ་མ་ཤེས་སོ་ཞེས་རྒྱུད་ལས་གསུངས་སོ། །ཤིང་ཨ་ཤོ་ཏ་ཡི་མར་ཁུ་རྒྱ་སྤོས་ཀྱི་འབྲས་བུ་དང་ལྷན་ཅིག་བཏགས་ཏེ་མེ་ལོང་ལ་བྱུགས། མིག་ལའང་བྱུགས་ཏེ་བལྟས་ན་སྐྱེས་པ་དང་བུད་མེད་ཐ་མལ་པ་ཡང་ལྷའི་གཟུགས་སུ་མཐོང་ཞེས་རྒྱུད་ལས་སོ། །དོང་གའི་ས་བོན་གྱིས་བཀང་བའི་ལྷམ་གྱི་ནང་དུ་རྐང་པ་བཅུག་སྟེ་ཆུ་སྟེང་སོང་ན་ཆུ་ཡི་སྟེང་དུ་གྲུ་ལྟར་ལྡིང་ཞིང་འགྲོ་ནུས་སོ་ཞེས་རྒྱུད་ལས་སོ། །ཡང་བཙག་དང་སེར་མཚུར་མུ་ཟི་རྣམས་ཆ་མཉམ་ཉ་ཕྱིས་ཀྱི་སྣོད་ནང་ལྡེ་གུར་བྱས་པ་ལུས་ལ་བྱུགས་པས་ཆུར་མི་འབྱིང་ངོ་ཞེས་རྒྱུད་ལས་སོ། །གསེར་ཤིང་འབུས་


MR11_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཟོས་པའི་ཕྱེ་མ། ཁུ་བྱུག་དང་འུག་པ་དང་ཁྲ་གསུམ་གྱི་ཤ་དང་སྦྱར་ནས་གང་ལ་བྱིན་པ་དེ་ཡི་དྭགས་དང་འདྲ་བར་སྣང་ངོ་། །བུ་རམ་ཀཉྩི་ཀ་དང་སྦྱར་བ་བྱིན་ན་སླར་གསོའོ་ཞེས་རྒྱུད་ལས་སོ། །གསེར་ཤིང་པ་ཞེས་པ་རྒྱ་གར་སོགས་ཀྱི་ལང་ཐང་ཙེའམ་དྷ་རུ་རའི་ས་བོན་ཡིན་ལ། གསེར་ཤིང་འདི་རྒྱུད་ཀྱི་རྫས་སྦྱོར་དུ་མར་འགྲོའི་མཆན། བྱ་རྒོད་དང་འུག་པའི་ཞག་མཆིལ་ལྷམ་ལ་བྱུགས་ཏེ་ཕྱིན་ན་ཐག་རིང་དུ་འགྲོ་ནུས་སོ་ཞེས་རྒྱུད་ལས་སོ། །སྤྱང་ཀིའི་རྐང་རྒྱུས། ཝའི་ལག་རྒྱུས། བྱིའུ་ཆུང་གི་དབང་པོ་ལྔ་རྣམས་རང་གི་འབྲས་བུ་དང་། རྐུབ་དང་། རྐང་པའི་མཐེབ་མོ་གཉིས་དང་། བྲེལ་གཞུང་ལ་བསྐུས་ན་རྐང་མགྱོགས་སུ་འགྱུར་རོ། །འབྲས་བུ་གསུམ། བིལ་བ། བལ་པོ་སེའུ། སྟར་ཀ །པོ་སོན་ཆ། ད་ཏྲིག །བ་ལེ་ཀ །ཤུ་ཏྲ་རྣམས་བྱང་སེམས་དཀར་དམར་གཉིས་ཏེ་སྨན་སྣ་བཅུ་གཅིག་པོ་ཆ་མཉམ་བསྲེས་པའི་ལྡེ་གུས་མེ་ཏོག་བསྣོལ་དུ་བཅུག་ལ་མི་ཁྱི་བྱ་རྒོད་ཀྱི་རུས་པ་གསུམ་དང་སྦྱར་ནས་བདག་གི་དཔྲལ་བར་བསྐུས་པས་ཕྱག་རྒྱ་མོ་དགུག་ཅེས་བདེ་མཆོག་རིམ་ལྔ་ལས་སོ། །རྒྱུ་སྐར་ལག་དང་གཟའ་པ་སངས་བགྲོད་པའི་ཚེ་བདག་གི་དཔྲལ་བར་ཙན་དན་དམར་པོ་དང་། སིནྡྷུ་ར་དང་། རྨ་སྨས་པའི་ཁྲག་དང་གསུམ་གྱིས་ཐིག་ལེ་བྱས་ནས་དམག་དང་ཚོང་སོགས་དོན་གཉེར་བྱས་ན་མི་རྣམས་བདག་ལ་དགའ་ཞིང་། ཁྱད་པར་དུ་བུད་མེད་རྣམས་ཀྱིས་ཚུལ་བཞིན་གྲོགས་བྱེད་པར་འགྱུར་རོ། །ཞེས་དབྱངས་འཆར་གྱི་


MR11_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྣ་ཚོགས་པའི་མན་ངག་ལས་སོ། །བདག་གི་རྩེ་གསུམ་དང་། གཡང་གཞི་དང་། མཆོད་ཕྱིར་ཐོགས་དང་། རིལ་བ་ཚངས་སྐུད་རྣམས་སིནྡྷུ་རས་བྱུགས་དཔྲལ་བར་ཏྲི་ཤུ་ལས་སིནྡྷུ་རའི་ཐིག་ལེ་བྱས་ཏེ་ཡུལ་དང་གྲོང་དུ་ཕྱིན་ན་བྲམ་ཟེ་བདག་ཉིད་ཀྱི་སློབ་མའི་ཚོགས་འཕེལ་ཞིང་རྙེད་བཀུར་རྒྱ་ཆེན་པོ་འཐོབ་ལ། ཕྱིར་རྒོལ་བ་རྣམས་ཀྱང་ཆོས་བཞིན་ཚར་གཅོད་པར་བྱེད་དོ་ཞེས་དབྱངས་འཆར་གྱི་མན་ངག་གོ། པྲི་ཡངྐུ།ཀ་ཀོ་ལ། ཤུ་དག །རུ་རྟ། ཡུངས་ཀར། ནཱ་ག་པུཥྤ། སྤོས་དཀར་རྣམས་ཀྱི་དུ་བས་རང་དང་ཚོང་རྫས་རྣམས་ལ་བདུག་ན་ཚོང་མྱུར་དུ་འབྱུང་ཞེས་རྒྱུད་དང་འཕགས་ཡུལ་བའི་གདམས་པའོ། །དུར་ཁྲོད་ཀྱི་སས་སྦགས་པའི་ས་ལས་རྫ་རྔའི་ཁོག་པ་བྱས་ཏེ་རྟ་ནག་པོའི་སྙིང་ལྤགས་དང་། ན་གུ་ལ་ཡི་ལྤགས་པས་གཡོགས་ཏེ་བརྡུངས་ན་ཁྲོམ་གྱི་དམག་དཔུང་རྣམས་རང་ལ་དྭངས་བ་སྟོན་ཏེ་འཁྲུགས་པ་འདུམ་ཞེས་དབྱངས་འཆར་མན་ངག་གོ། སྡོང་རོས་ཀྱི་ཁུ་བས་དགྲའི་བུད་མེད་རྣམས་ཀྱི་མིང་རུས་བྲིས་པ་ཤིང་ཙུ་ཏའི་མེ་ཏོག་གིས་བྱུགས། གཟའ་པ་སངས་སྤྱོད་རེས་གཟའ་དུས་མཚན་ཐོག་ཐག་གཉིད་མ་ལོག་པས་སྔགས་འདིས་སྔགས། བྷི་མུ་པ་ཤི་ཛི་ཀ་རོ་ལ་ཤཱནྟི་ན། པཱུ་ཛ་རཀྵ་རཀྵ་ཏེ་ཝ་ཤངྐུ་རུ་སྭཱ་ཧཱཿ ནང་སྔ་བར་དགྲའི་ཡུལ་འཁོར་ལ་གཏོར་ན་ཞག་བདུན་ནས་དགྲ་ཡི་བུད་མེད་རྣམས་རང་གི་དབང་དུ་འགྱུར་ཏེ་རྒྱུ་དེས་ཕྱིར་རྒོལ་བ་རྣམས་ཆམ་པར་འགྱུར་ཞེས་དབྱངས་འཆར་མན་ངག་གོ། ཕ་


MR11_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་གྱི་མིང་ཨ་ག་རུའི་ཐང་ཆུས་གསེར་གྱི་བྱང་བུ་ལ་བྲིས་ཏེ་དེ་ལེགས་པར་བཞུས་པས་ཕ་རོལ་དགྲ་དེའི་གཟུགས་བྱས་པ་རྒྱལ་མཚན་གྱི་རྩེ་ལ་བཏགས་ནས་དེར་དར་དང་རས་ཡུག་སྣ་ཚོགས་བཏགས། མིང་ཕ་རོལ་གྱི་གི་སྐར་མ་ལ་གཟའ་ཟླ་བ་ཤར་བའི་ཚེ་ཕྱར་ན་དགྲ་གང་ཡིན་དེས་ནོར་གྱི་ཚོགས་ཕལ་མོ་དང་བཅས་ནས་བདག་ལ་འདུད་ཅིང་ཅི་བགོ་བ་བཞིན་མནའ་འདོར་བར་བྱེད་ཅེས་དབྱངས་འཆར་མན་ངག་གོ། བུ་མོའི་མཚལ་དང་། བུ་སྐྱེས་མ་ཐག་པའི་ཁ་ཆུ་སྦྱར་བ་ལ་རྒྱལ་ཕུར་འཕྲོད་དུས་སྔགས་འདི་སྟོང་ཕྲག་གཅིག་བཏབ། ཨོཾ་ཆེ་གེ་མོ་ཝ་ཤཾ་ཀུ་རུ་སརྦ་ཀྲྀ་ཡ་མ་མ་བྷ་བ་ཏུ་སྭཱ་ཧཱ༔ རྫས་དེས་རང་གི་དཔྲལ་བར་ཐིག་ལེ་བྱས་ཏེ་གཡུལ་གྱི་སྣ་ལ་ཕྱིན་ན་ཕ་རོལ་པོ་རྣམས་ཀྱིས་བདག་ཉིད་ལ་རབ་ཏུ་དྭངས་བ་སྟོན་པར་བྱེད་དོ་ཞེས་དབྱངས་འཆར་མན་ངག་གོ། བ་ལང་གི་རྭ་གཡས་པའི་ནང་དུ་སྡིག་པའི་རྭ་གཡས་པ་བཅུག་ནས་རང་འགྲོ་བའི་ཕྱོགས་ཀྱི་ལམ་གྱི་གཡས་ཕྱོགས་སུ་བཞག་ན་ལམ་དུ་དྲག་གཟའ་རྣམས་ཀྱི་ཉེས་པ་མེད་ཅིང་སླར་རང་ཡུལ་དུ་བདེ་བར་ཕྱིན་པར་འགྱུར་རོ་ཞེས་དབྱངས་འཆར་མན་ངག་གོ། སྟོང་པའི་བུམ་པར་འགྲོ་དགོས་བྱུང་ན། རིན་པོ་ཆེའི་བུམ་པར་འབྲུ་སྣ་ཚོགས་དང་། རིན་པོ་ཆེ་སྣ་ཚོགས་ཚོགས་དང་། ཟླ་ལྷག་ཕུར་སངས་རྣམས་ཀྱི་སྔགས་གཟའ་ཡུམ་ནང་ལྟར་རོ་བཅུག །རང་འགྲོ་ཕྱོགས་སུ་གྲལ་དཔོན་གྱི་ཁ་ལྟ་ཕྱོགས་སོགས་ཀྱང་དེ་འདྲའོ། །བཞག་ན་འཆི་བའི་ཉེས་པ་མེད་ཅིང་དོན་རྣམས་གྲུབ་པར་བྱས་ནས་སླར་རང་ཡུལ་


MR11_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བདེ་བར་ཕྱིན་པར་འགྱུར་ཞེས་དབྱངས་འཆར་མན་ངག་གོ། མ་ཧེའི་རྭ་གཡས་པའི་ནང་དུ་ཏིལ་མར་དང་། རྒུན་འབྲུམ་གྱི་ཁུ་བ། སྦྲང་རྩི། ཙན་དན་གྱི་ལྡེ་གུ་རྣམས་བླུགས་ནས་གང་དུ་འགྲོ་བའི་ལམ་གྱི་གཡོན་ཕྱོགས་སུ་བཅུག་ན་དམག་གམ་མགྲོན་པོ་རྣམས་གྱིས་བཟའ་བཏུང་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་རོ་ཞེས་དབྱངས་འཆར་མན་ངག་གོ། དྲང་སྲོང་མངོན་ཤེས་ལྔ་ཐོབ་པ་ཞིག་གི་རུས་བུ་ལུས་ལ་འཆང་ན་གཡུལ་སོགས་བྱ་བ་ཐམས་ཅད་དུ་རྒྱལ་ཞིང་། གཟའ་སྐར་ངན་པ་ཅི་ཡིན་ཀྱང་ཟིལ་གྱིས་གནོན་པར་འགྱུར་ཞེས་དབྱངས་འཆར་མན་ངག་གོ། དེ་ནས་སངས་རྒྱས་རིང་བསྲེལ་ནི་དེ་བས་ཆེས་མཆོག་ཡིན་པས་དེ་འཆང་བའི་ཕན་ཡོན་ཤིན་ཏུ་ཆེ་བ་སྨྲོས་ཅི་འཚལ་ལོ།། གསེར་ཀུ་མཱ་རཱིའི་རྣ་རྒྱན་བྱས་ན་དེ་ཡི་ཉིན་གང་དེར་དཔུང་དང་བཅས་པར་མཚོན་མི་འཕོག ཀུ་མཱ་རཱི་ཞེས་པ་དེ་ཉིད་གསར་དུ་བྱས་པ་མ་རྙིང་པའི་དོན་ནོ། །དེས་ན་དེའི་ཕྱི་ཉིན་ཡང་བསྐྱར་ཏེ་བཞུ་བརྡུངས་བྱས་ལ་རྣ་རྒྱན་གསར་པ་བྱ་དགོས་སོ། །གསེར་གྱི་རྒྱན་དེ་ལྟ་བུས་དེར་མ་ཟད་མི་མ་ཡིན་པ་ཐམས་ཅད་དང་། ནད་རིམས་ཐམས་ཅད་དང་། ཕ་རོལ་གྱི་གདུག་པ་ཐམས་ཅད་དང་། ཀླུ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །གསེར་གྱི་རྒྱན་ཡིན་ནམ་དཔྱད་རིགས་རྣམས་ལ་ཀརྵ་པ་ཎ་རེའི་རིན་པས་ལྷག་པ་བདག་གི་ཁྱིམ་དུ་ལོངས་སྤྱོད་པར་བྱེད་དོ་ཞེས་དབྱངས་འཆར་མན་ངག་གོ །


MR11_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་མ་རྒྱལ་བབས་པའི་ཉིན་མོ་འབར་བ་ {པིཥྚ། འདྲ། རུས་བུ་དང་།} འཆར་དེའི་ཚེ་ཐབ་ཀྱི་སྟེང་དུ་སྐུད་པ་དཀར་པོས་གྲུ་གསུམ་བྲེས་ནས་དེར་གཡོས་བྱས་པའི་ཁ་ཟས་དེ་རྣམས་སྐྱེས་བུས་ཡང་སླར་ཡང་མང་དུ་ཟ་བར་བྱེད་དོ་ཞེས་སྭར་དོ་ཡའི་མན་ངག་གོ །རྫོང་གི་དབུས་སུ་དྲང་སྲོང་ཆེན་པོའི། སྦྲུལ་ལས་བྱུང་བའི་རིན་པོ་ཆེ་དང་། དེ་བཞིན་ཉ་ལས་བྱུང་བ་དང་། སྦལ་བ་ལས་བྱུང་བ་རྣམས་དང་། རྡོ་རྗེ་ཕ་ལམ་རྣམས་དར་མཚོན་རྩི་ལྕི་བས་དྲིལ་ནས་རྒྱལ་མཚན་ལ་བཙུགས་ན་ཀ་ཆེན་བཞི་ལ་དྲག་གཟའ་ཡོད་ཀྱང་། ཕྱི་རོལ་པ་བརྒྱ་བྱིན་གྱི་དམག་དཔུང་ལྡན་ཡང་གླགས་རྙེད་པར་མི་འགྱུར་རོ། །ཞེས་དབྱངས་འཆར་མན་ངག་གོ། རང་ཉིད་ཀྱི་དཔུང་སྟ་གོན་མ་བྱས་པར་ཕ་རོལ་གྱི་དམག་གོ་བཤམས་ནས་འོང་ན་ཁྱི་ཁྲ་བོའི་ལྤགས་པ་དྲོན་མོར་བཤུས་ཏེ་དེའི་མགོ་བོ་དབྱུག་པའི་རྩེ་མོར་བྱས་ཏེ་ཕྱར་བ་ལ། རྨ་བྱའི་ཁྲག་གིས་ཐིག་ལེ་ཉེར་བདུན་བྱས་ནས་གང་ཕ་རོལ་འོང་ཕྱོགས་སུ་བསྟན་ནོ། །ཕ་རོལ་གྱི་གཡུལ་ངོ་ཞིག་ཅིང་སླར་ལོག་སྟེ་ཞག་ལྔའམ་གསུམ་ཕྱིར་ནུར་བར་འགྱུར་རོ་ཞེས་དབྱངས་འཆར་མན་ངག་གོ། སྐྱེས་པས་མདའ་མ་ཕོག་ཅིང་ལོ་ཉི་ཤུ་མ་ལོན་ཚུན་གྱི་མངལ་ཁྲག གུ་གུལ་ནག་པོ།གླ་རྩི། རྡོ་དྲེགས། གནམ་ལྕགས་ཀྱི་མདེའུ་རྣམས་ལུས་ལ་འཆང་ན་རང་ལུས་ཕ་ལམ་བཞིན་མཚོན་ཆ་སྟོང་གིས་གླགས་མི་རྙེད་ཅིང་གཞག་ཏུ་མེད་པར་གདོན་མི་ཟའོ་ཞེས་དབྱངས་འཆར་མན་ངག་གོ །


MR11_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་འཁོར་སོགས་ལ་ཆུ་ཡི་གནོད་པ་བྱུང་ན། ས་ཡི་འཇིམ་པ་ལས་ཕོ་མཚན་གྱི་གཟུགས་བྱས་པའི་ནང་དུ་སེང་ལྡེང་གི་ཕུར་པར། ཨོཾ་ག་རུ་ཊ་སུ་ཝརྞི་ལ་ར་ཡ་མ་ནོ་ར་ག་ཕཊཿ ཅེས་པ་སྐྱེས་པས་ལོངས་མ་སྤྱད་པའི་གཞོན་ནུ་མའི་མངལ་ཁྲག་གིས་བྲིས་ནས་བཅུག་སྟེ། ཐུན་ཡུད་རྩ་གསུམ་གྱི་སྒྲ་གཅན་གྱི་བལྟ་བ་ཕྱོགས་གཅིག་ཏུ་ཕར་འཆར་བའི་ཚེ་ཆུ་འོང་བའི་ཕྱོགས་དེར་བཞག་ན་ཆུ་ཡི་གནོད་པ་ལས་རྣམ་པར་རྒྱལ་བར་འགྱུར་རོ་ཞེས་དབྱངས་འཆར་མན་ངག་གོ། ཡང་ན་རྔ་མོང་གི་སྤུ་ཡི་སྲད་བུར་མྱ་ངན་མེད་པའི་ཤིང་བཏགས་ན་རང་ཉིད་སྐྱོབ་པར་བྱེད་དོ། །ཙན་དན་གྱི་ཕུར་བུས་ཀྱང་ངོ་། །ཡང་ཆུ་སྲུང་བ་ལ་གླང་དམར་རྭ་ནང་།སྟག་གི་སྤུའམ་སྡེར་མོ། །སྲེ་མོའི་ཐོད་པ་ཕག་གི་མཆེ་བ་རྣམས་ཞིབ་བཏགས་བྱིས་པ་ལོ་ལྔ་པའི་དྲི་ཆུས་སྦྲུས་ཏེ་གླང་རུར་བཅུག་ཁ་ལ་ཆས་བཅད་པར་མཚལ་ལམ་བཙག་གིས་གཡུང་དྲུང་གཡས་བསྐོར་བྲིས། དེ་གཟེབ་ཏུ་བཅུག་ནས་ཆུ་འོང་ཕྱོགས་སུ་སྦས་པས་ཐུབ་ཅེས་བྱང་བའི་མན་ངག་གོ། བདག་ཉིད་གཡུལ་དུ་ཆས་ཚེ་རླུང་དྲག་པོས་གནོད་ན་རླུང་ལྷའི་གཟུགས་བྱས་པ་སྙིང་གར། བ་ཡ་བེ་ཀུ་ཊ་ལེ་ཨ་ན་ཡེ་བྷི་ཀུ་རུ་ཀུ་རུ་སྭཱ་ཧཱཿ ཞེས་བྲིས་པ་སྐུད་ནག་ཕྱིན་ཀ་ལོག་ཏུ་བཀལ་བས་དཀྲིས། དངུལ་གྱི་གྭ་གའུ་འམ་རྫ་གསར་ལོངས་མ་སྤྱད་པའི་གའུར་བཅུག་ནས་རླུང་གི་ཕྱོགས་སུ་གསེར་གྱི་རི་བོས་མནན། དེའི་ཉིན་པར་ཕྱོགས་གང་ནས་རླུང་མི་ལྡང་ཞེས་དབྱངས་འཆར་མན་ངག་གོ །


MR11_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་དྲག་པོ་བྱུང་ན། ཨོཾ་ཛ་པ་ཤོ་ན་མ་ཤོ་ན་ཀ་ར་ཀ་ར། ཙ་ར་ཙ་ར། ཛ་ན་ཛི་ན་ཧཱུྃ་ཕཊ༔ ཅེས་སྔོན་དུ་འབུམ་བསྙེན་ལ། སྔགས་དེས་ཉིན་གཅིག་གམ་གཉིས་སུ་བསྔགས་པའི་ཡུངས་ཀར་དང་ཐལ་ཆེན་གཏོར་ན་ཆར་མི་འབབ་སྟེ་སྤྲིན་ཐམས་ཅད་དེངས་པར་འགྱུར་ཞེས་དབྱངས་འཆར་མན་ངག་གོ། ཕ་རོལ་དམག་དཔོན་གྱི་མིང་ཤོག་བུ་ལ་བྲིས་ནས་བུད་མེད་ཁྱོ་ཕོ་ཤི་མ་ཐག་པའི་མོ་མཚན་དུ་བཅུག་ནས་དེ་གཅེར་བུར་བྱས་ཏེ་ལག་པ་གཡས་པས་སྦུད་པ་བུད་ཅིང་དགྲ་འོང་ཕྱོགས་སུ་ཕྱིན་ན་ཕ་རོལ་གྱི་དམག་བཟློག་པར་ཐེ་ཚོམ་མེད་ཅེས་དབྱངས་འཆར་མན་ངག་གོ། ཡང་རལ་གྲིའི་རྩེ་མོ་ནས་སོར་བཞིའི་འོག་ཏུ་མིག་གྲུ་གསུམ་བྲིས་པའི་གྲུ་རེ་རེར། ཨོཾ་ཙ་ཏ་ཀྲི་ཧཱུྃ་ཕཊ༔ཅེས་པ་རེ་རེ་བྲི་ཞིང་། དར་དམར་པོ་ལྕེ་བརྒྱད་པ་བཏགས་པ་དེ་ལ། ཨོཾ་རུ་ཏྲ་རུ་ཏྲི་དགྲ་ཆེ་གེ་མོ་ཧ་ན་ཧ་ན་ཛམ་བྷ་ན་ཧཱུྃ་ཕཊ༔ ཅེས་བྲིས་པ་ལག་ཏུ་ཐོགས་ནས་ནམ་མཁར་འདྲ་བསྐོར་བས་ཕ་རོལ་གྱི་དཔུང་འབྱེར་བར་ཐེ་ཚོམ་མེད་དོ་ཞེས་དབྱངས་འཆར་མན་ངག་གོ། ཡང་གཅིག་སྟག་པའི་ཤིང་གྲུ་བཞི་ལ་རྩེ་མོ་ཕྱིར་བསྟན་པའི་རལ་གྲི་བརྒྱད་གཟུགས་བཙུགས་ཤིང་འཁོར་ལོ་བྱས་ཏེ་བྱ་རོག་ཁྲག་གིས་བྱུགས་ནས་སྒྲ་གཅན་ལྟ་བ་དང་ཕྱོགས་གཅིག་པས་བཟློག་ན་གདོན་མི་ཟའོ། །དབྱངས་འཆར་མན་ངག་གོ། རྟ་དཀར་པོ་ལ་ཐིག་ལེ་ཉེར་བརྒྱད་བྲིས་པ་དེ་ལ་བུད་མེད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསྐྱོན་ནས། མགར་བ་ནག་པོ་བཞིས་ཐོ་བ་ཐོགས་ཏེ་སྣ་ཁྲིད་ནས་ཕ་རོལ་པོའི་


MR11_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་ཕྱིན་ན་ཕྱིར་རྒོལ་བ་ལ་རིམས་ནད་འཕྲལ་དུ་འབྱུང་ངོ་། །ཟ་ཤིང་གི་མེ་ལྕགས་ཀྱི་སྣོད་དུ་སྦར་ནས་ཁྲག་དང་དུག་སྣ་ཚོགས་བསྲེགས་ཏེ་དེར་བསྟན་ན་ཐོག་དང་སེར་བས་ཕ་རོལ་འཇིགས་པར་བྱེད་དོ། །ཐལ་ཆེན་དང་། ཡུངས་ཀར། སྐེ་ཚེ། ལྕགས་ཕྱེ། ཟངས་ཕྱེ། མངལ་ཁྲག །ཕག་ནག་པོའི་ཕྱི་ས་རྣམས་ལ། ཆེ་གེ་མོ་མོ་ཧཱ་ན་ཛམྦྷ་ན་ཛམྦྷ་ན་ཕཊ་ཕཊ༔ ཅེས་བརྗོད་པས་བསྔགས་ཏེ་གཏོར་ན་ཕ་རོལ་གཉིད་ཀྱིས་མྱོས་པར་འགྱུར་རོ་ཞེས་དབྱངས་འཆར་མན་ངག་གོ། ཕ་རོལ་གྱི་དཔུང་གིས་བདག་ལ་ཐོར་བཙམ་པའི་ཚེ་སྣ་མའི་མེ་ཏོག་གི་ཁུ་བས་དགྲ་དེའི་ཡུལ་འཁོར་བྲིས་ཏེ་དེའི་ཡུལ་གྱི་སྐར་མ་ལ་གཟའ་ཟླ་བ་བབ་པའི་དུས་སུ་འུག་པའི་ཤ་དང་བསྲེས་པ་ཁྱི་ནག་པོ་ལ་ལན་བདུན་བྱིན་ན་དེའི་ཡུལ་འཁོར་རྒྱལ་པོ་གཞན་གྱིས་འཕྲོག་པར་འགྱུར་རོ་ཞེས་དབྱངས་འཆར་མན་ངག་གོ། རལ་གྲི་རབ་ཏུ་རྣོ་བའི་རྩེ་མོར་རྒྱ་སྐེག་གིས་དྲག་པོའི་གཟུགས་བྲིས། རལ་གྲིའི་ཁ་ལ་སིནྡྷུ་ར། ཙན་དན་དམར་པོ།དུརྑ་ཀིརྟི། བནྡྷུ་ཀ་བུ་མོའི་མཚལ་རྣམས་བསྲེས་པས་བསྐུས་ལ། སྔགས་འདི་བྱེ་བ་གཅིག་གིས་སྔགས་པར་བྱའོ། །ཨོཾ་བྲཧྨ་ཡེ་དན་ཀ་ཥ། ལཀྵི་ཏནྩ་རོ། བྷ་བྷོ་ཤ་ཀནྟུ་ཛམྦྷ་ཀ་ར་ཏི་སྭཱ་ཧཱ། དེ་ནས་རལ་གྲི་དེ་ཐོགས་ནས་མཚན་མོ་དགྲ་བོའི་དཔུང་གི་ཚོགས་སྒར་བཏབ་པར་ཕྱིན་ན་རལ་གྲི་དེས་སྣང་གསལ་གྱི་བྱ་བ་བྱེད་དེ་ཉིན་མོ་ལྟར་གསལ་ཞིང་འབར་བར་བྱེད་ལ་ཕྱིར་རྒོལ་བ་ཐམས་ཅད་བདག་གི་སུག་པར་ཐོབ་པར་འགྱུར་རོ། །ཡང་སེམས་


MR11_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་རིགས་ཁྱད་པར་འཕགས་པ་ལས་བྱུང་བའི་པདྨ་རཱ་གས་ཀྱང་མཚན་མོ་སྒྲོན་མེའི་བྱ་བ་བྱེད་པ་རིག་པ་བྱའོ་དབྱངས་འཆར་མན་ངག་གོ། གཞན་ཡང་ཨ་མོ་བྷེ་རའི་རྡོ་མི་མགོ་ཙམ་ཞག་བདུན་དུ་སྔགས་པས། ཞག་ལྔ་ན་མེའི་ཕུང་པོ་ཆེན་པོ་ཉིད་དུ་འགྱུར་ཞིང་། ཞག་བདུན་ན་ནམ་མཁའ་ལ་མྱུར་བར་འགྲོ་ཞིང་དགྲ་ཡི་དཔུང་ཐམས་ཅད་ཐལ་བར་བྱས་ནས་རྒྱ་མཚོ་ཆེན་པོར་འཇུག་པ་སོགས་ལས་དུ་མ་སྣང་ཡང་འདིར་མ་བཀོད་དོ། །ཆར་མི་འབབ་པའི་ཚེ་གཟའ་བཅུ་པོ་རྣམས་དང་རྒྱུ་སྐར་ཉེར་བརྒྱད་ཀྱི་མིང་ཤོག་གུ་ལ་བྲིས་པར་དུག་ཁྲག་སྣ་ཚོགས་བྱུགས་ནས་དར་དམར་པོས་དྲིལ། གཙོ་བོ་བལྟ་བར་གྱུར་པའི་མཚོའམ་ཆུ་ངོགས་ཀླུ་ཡོད་ངེས་པར་བཅུག་ན་དེའི་ཉིན་ཆར་འབེབ་པར་བྱེད་དེ་མ་བབ་ན་ཀླུ་གསོད་པར་བྱེད་དོ། །ཞེས་དབྱངས་འཆར་མན་ངག་གོ། ཕ་རོལ་གྱི་དམག་དཔུང་སོགས་ངན་བྱེད་བཟློག་པ་ལ་ཆེས་ཟབ་པ་གླང་ཆེན་སྣ་བསྒྱུར་བྱ་བ་འདི་ལ་ཅུང་ཟད་མི་འདྲ་བའི་ལག་ལེན་དུ་མ་གཞུང་སོ་སོར་བྱུང་ཡང་། དབྱངས་འཆར་ལས་སྣ་ཚོགས་པའི་མན་ངག་ལས་ཕ་རོལ་གྱི་དམག་དཔུང་ཆེན་པོས་རང་ལ་བསྡོ་བར་གྱུར་ན། བ་གླང་ནག་པོ་རྭ་དམར་པོ་ཡི་སྣ་ལ་རལ་གྲིའི་འཁོར་ལོ་བཏགས་ཤིང་།དཔྲལ་བར་འཇིགས་པའི་མིག་དམར་བྲི། རྭ་གཡས་པར་མེ་ཡི་ཙཀྲ་ལ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཨགྣ་ཡེ་སརྦ་ཤཱ་ཏྲུཾ་ཛཾ་བྷ་ན་མོ་ཧ་ན་ཧཱུྃ་ཕཊ༔ ཅེས་བྲིས་པ་གདགས། ར་གཡོན་པར་ཆུའི་འཁོར་ལོ་ལ། ཨོཾ་མ་ཧཱ་ན་ཛྭ་ལ་ན་སརྦ་ཤ་


MR11_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲུཾ་སྟཾ་བྷ་ན་མོ་ཧ་ན་ཧཱུྃ་ཕཊ༔ ཅེས་བྲིས་པ་བཏགས། དཔུང་པ་གཡས་གཡོན་ལ་ཟླ་བ་དང་ཉི་མའི་མཚན་མ་བཏགས། སྒལ་ཚིགས་ལ་འཁོར་ལོ་རྩིབས་བཅུ་གཉིས་ལ། ཨོཾ་མ་ཧཱ་ན་ཛ་ཧ་ཧཱུྃ་ཕཊ༔ ཅེས་སམ། ཨོཾ་ཙཀྲ་ཝ་རྟི་ཧཱུྃ་ཕཊ༔ ཅེས་བྲིས་པ་གདགས་ཤིང་མཚོན་ཆ་སྣ་ཚོགས་བྲིའོ། །མགོ་བོའི་གཡས་སུ་སེང་གེའི་རྒྱལ་མཚན་ལ་རས་ཡུག་དཀར་པོ་བཏགས། གཡོན་དུ་བྱ་ཁྱུང་གི་རྒྱལ་མཚན་ལ་རས་ཡུག་དམར་པོ་བཏགས། དབུས་སུ་ཁྱུ་མཆོག་གི་རྒྱལ་མཚན་ལ་རས་ཡུག་ནག་པོ་བཏགས་པ་གཟུགས། མཇུག་མར་རྒྱ་སྲང་གི་ཕྱགས་མ་ཆེན་པོ་བཏགས། ལྷ་ཆེན་པོ་ལ་མཆོད་པས་མཉེས་པར་བྱས་ཏེ། གདོང་མཇུག་ཐུན་ཕྱེད་གསུམ་ཕ་རོལ་ལ་ལྟ་བའི་ཚེ་རོལ་མོ་སྣ་ཚོགས་དང་བཅས་ཁྱུ་མཆོག་ནག་པོ་དགྲ་ཕྱོགས་སུ་བཏང་ན་ཕ་རོལ་གྱི་གཡུལ་ཆེན་པོ་ཡང་འབྱེར་བར་འགྱུར་རོ་ཞེས་གསུངས། འབྱུང་རྩིས་ཀྱི་མན་ངག་གཏོ་སྒྲོམ་འབུམ་ཏིག་ལས་དམག་ཟློག་གི་གཏོ་གླང་ཆེན་སྣ་བསྒྱུར་དཀར་ནག་ཁྲ་གསུམ་གསུངས་པའི་དང་པོ་གླང་ཆེན་སྣ་བསྒྱུར་དཀར་པོ་ནི། ཤོག་གུ་ཁ་གང་ལ་གླང་ཆེན་དཀར་པོ་གཅིག་ལ་ཞུབ་ཅན་གསུམ་བསྐྱོན་པ་བྲི། དེ་ལ་དར་སྣ་ལྔ་བཏགས། གླང་དང་སྟག་གི་ཉི་མ་གང་རུང་ལ་གཟའ་དམར་ཕུར་སངས་གསུམ་གང་རུང་དར་བ་དང་། སྐར་མ་མགོ་ལག་རྒྱལ་གསུམ་མམ། མཆུ་དང་གྲེ་གང་རུང་ཞིག་འཛོམས་པའི་དུས་སུ་མདུང་ལ་བཏགས་པ་


MR11_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དགྲ་ཕྱོགས་སུ་བསྟན་ཏེ་མཁར་གྱི་རྩེ་ལ་གཟུགས། དེའི་ཚེ་ལྷ་ཆ་ཆོས་སྐྱོང་དགྲ་བླ་མཆོད་བསྟོད་རྒྱས་པར་བཏང་། བནྡྷེས་ཚེ་ཆོག་བྱ། འཕགས་པ་གཙུག་གི་ནོར་བུའི་མདོ་གཟུངས་དང་། སྟོབས་པོ་ཆེ་དང་གཞན་གྱིས་མི་ཐུབ་པའི་མདོ་སོགས་འདོན། དགྲའི་དམག་དཔོན་གྱི་མིང་རུས་བྲིས་པ་ལྷམ་ནང་བཅུག་སྟེ་གྱོན། དེས་གཡུལ་འཁྲུགས་ལས་རྒྱལ་བར་འགྱུར་རོ། །ཞེས་དང་། གླང་ཆེན་སྣ་བསྒྱུར་ཁྲ་བོ་ནི། ཁམ་ས་ལས་གླང་པོ་ཆེའི་གཟུགས་གཅིག་བྱ་ཞིང་ཚོན་དཀར་པོས་བྱུགས་རྒྱབ་གཞུང་དུ་ཞུབ་ཅན་མི་ལྔ་བསྐྱོན། བརླ་སྒང་གཉིས་དང་དཔུང་པ་གཉིས་ལ་རེ་རེ་སྟེ་ཁྱོན་ཞུབ་ཅན་དགུ་རལ་གྲི་ཕྱར་བ་བསྐྱོན། དུས་ཚོད་གཟའ་སྐར་གོང་དང་འདྲ་ལ། དེ་བྱེད་དུས་བནྡྷེས་དབང་ཕྱུག་མའི་ཟོར་མདོས་འཕངས། བོན་གྱི་ཤ་བ་རུ་རྒྱས་བྱ། གོང་གི་མདོ་རྣམས་བཀླག རང་འཇམ་དཔལ་དུ་བསྒོམས་ལ་ལག་གཡས་དམར་གཏོར་ཐོགས། གཡོན་པ་སོའི་ཕྲེང་བ་བགྲང་ལ་སྔགས་འདི་ཇི་མང་བཟླ། ཨོཾ་ཡཱ་ཡཱ་ཐེན་ཐེན་དོག་སྣ་བསྒྱུར། སརྦ་ཡ་ཧུར་ཐུམ་གདོན་སྣ་བསྒྱུར། ཡཱ་ཡཱ་རྦད་རྦད་དམག་སྣ་བསྒྱུར། ཡཱ་ཡཱ་སྲོག་ཐུམས་དགྲ་སྣ་བསྒྱུར། ཡཱ་ཡཱ་ཆེ་ཆེ་དགྲ་སྣ་བསྒྱུར། ཡཱ་ཡཱ་བྷྱོ་བྷྱོ་གླང་སྣ་བསྒྱུར་ཞེས་སོ། །དེ་ནས་སྤྲང་པོའམ་ངན་ལོང་གཅིག་གིས་སྣ་ཁྲིད་བྱ། ཡོན་བདག་ཀུན་གྱིས་གོ་མཚོན་ཐོགས་ནས་བྷྱོ་སྒྲ་དང་བསོ་སྒྲ་གདབ་བཞིན་འཁྲུགས་པ་བྱེད་པའི་དགྲ་ཕྱོགས་སུ་བསྐྱལ་བས་འཁྲུགས་པ་ལས་རང་ཉིད་རྒྱལ་བར་


MR11_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །གླང་ཆེན་སྣ་བསྒྱུར་ནག་པོའམ་དགྲ་དུར་ནག་པོ་དང་དུག་ཟོར་ནག་པོ་ཞེས་བྱ་བ་ཟབ་པར་བསྟན་པ་ནི། འདི་བྱེད་དུས་དང་གཟའ་སྐར་གོང་དང་འདྲ་ལ། གླང་ནག་པོ་གཅིག་གི་རྭ་ལ་ཆུ་གྲི་རེ་གཟུགས། ཤོག་བུར་སྔགས་འདི་བྲིས་པ་རྭ་ལ་བཏགས། གླང་ཆེན་སྣ་བསྒྱུར་འདི་དགྲ་བོའི་སྲོག་ལ་བསྒྱུར་རོ། །བྷྱོ་གདོན་བསྒྱུར་རོ། །དམག་སྣ་བསྒྱུར་རོ། །གྲི་སྣ་བསྒྱུར་རོ། །མཚོན་སྣ་བསྒྱུར་རོ། །གླང་སྣ་བསྒྱུར་རོ། །གདོན་སྣ་བསྒྱུར་རོ། །བྷྱོཿ ཞེས་སོ། །མེ་ལོང་ཞིག་ལ་གླང་མིག་དགྲ་ལ་ལྟོས་ཤིག་བྲིས་པ་དཔྲལ་བར་བཏགས། ལྟག་སྐོར་མ་དགུ་ལ། མི་ནད་ཕྱུགས་ནད་མཚོན་དང་གྲི་སྲི་ཐམས་ཅད་དགྲ་ཡུལ་གྱི་ལྟག་པར་བསྐོར་ལ་སོང་དགྲ་ལ་བྷྱོ་བྷྱོ། ཞེས་བྲིས་པ་སྲད་བུར་བརྒྱུས་ནས་སྐེ་ལ་བསྐོན། རི་ཤོ་སྤྱང་ཚེར་རེ་ལྕག སྲང་མ་དང་དབྱི་མོང་དུག་ཤིང་རྣམས་ལ་མགལ་བ་གཉིས་རེ་བྱས་པའི་སྣེ་མོ་ཐབ་ཏུ་བསྲེགས་ནས་ནག་པོར་བྱས་པ་རྣམས་གླང་ལ་ཁལ་དུ་བཀལ། དགྲ་ལ་དུག་སྦྱོར་ཅིག །དགྲ་ལ་དུག་བྱོས་ཤིག །ཅེས་བྲིས་པའང་བཏགས། འདྲེ་ཚེར་མ་དང་། སྲི་ཤིང་སྣ་མ་དང་། རྩྭ་དང་འཇག་མའི་མི་གཟུགས་བྱས་པའི་ཁོང་པར་ཁྲག་གི་གྲོད་པ་བཅུག །དེ་ལ་དགྲའི་དམག་དཔོན་གྱི་མིང་རུས་བྲིས་པ་བཏགས་ནས། འདི་དགྲ་ཆེ་གེ་མོའི་གཟུགས་ཡིན་ནོ་ཞེས་བྱས་ནས་མི་གཟུགས་དེ་གླང་ལ་བསྐྱོན། སྤེན་མའི་ཕྱགས་མ་གཅིག་ལ་ངན་དགུ་


MR11_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དུག་བཅུ་ཐམས་ཅད་དགྲ་བོའི་ཡུལ་དུ་ཕྱགས་ལ་སོད་ཅེས་བྲིས་པ་བཏགས་པ་དེ་གླང་གི་མཇུག་མ་ལ་བཏགས། སོར་འབྲང་། ཕྱིར་བཟློག་རྣམ་རྒྱལ་སོགས་བཟློག་པ་འདོན། ཐན་འབུམ་བཀླག །མཚེ་ཡུངས་བྲ་སྲན་ལ་དུག་ཁྲག་བསྲེས་པ་གཡག་རུ་གཡས་པའི་ནང་དུ་བཞག་ལ་སྔགས་འདི་སྟོང་བཟླས་པས་གླང་ལ་བྲབ་བོ། །ཨོཾ་མེ་རཾ་ཤིག །ས་རཾ་ཤིག །ལྕགས་རཾ་ཤིག །ཆུ་རཾ་ཤིག །ཤིང་རཾ་ཤིག །དགྲ་ལ་ཕྱོ་ཕྱོ།དགྲ་སྣ་བསྒྱུར་རོ། །མཚོན་སྣ་འགྱུར་རོ། །གྲི་སྣ་བསྒྱུར་རོ། །བདུད་སྣ་བསྒྱུར་རོ། །དམག་སྣ་འགྱུར་རོ། །གླང་སྣ་བསྒྱུར་རོ། །བྷྱོ་བཟློག་བསྒྱུར། ཞེས་བཟླས་མཐར་གཡག་རུ་དགྲ་ཕྱོགས་སུ་འཕང་།གླང་དེའི་སྣ་ངན་ལོང་དབང་པོ་མ་ཚང་པས་ཁྲིད་ལ། རྒྱབ་ནས་གོ་མཚོན་ཐོགས་པ་མང་པོས་བྷྱོས་གདབ་ཅིང་དེད། བུད་མེད་མང་པོས་གཡབ་མོ་བརྡབ་ཅིང་ཐོ་ལེས་གདབ་བཞིན་དགྲ་ཡི་ཡུལ་ཕྱོགས་སུ་བསྐྱལ་ནས་དགྲ་གཟུགས་དེའི་སྙིང་གར་མཚོན་བརྡེགས་པས་ཁྲག་གྲོད་བཏོལ་ལ་བཏང་། གླང་དེ་སུས་བླངས་པ་དེ་ལ་ངན་པས་རང་ཡུལ་དུ་སླར་མི་འོང་བར་འཐོམ་དུ་གཞུག །གཏོ་མཁན་རང་གིས་མི་གཟུང་མིང་གསུམ་ཟེར་དཔྱད་ཐབས་དེས་དགྲ་ལ་མི་རོ་དགུ་བརྟུད་འོང་ངེས་སོ། །དེ་ནས་ཕྱི་མིག་མི་བལྟ་བར་ལོག་ནས། ཁྱིམ་ནང་དུ་ལྷ་གསོལ། གཡང་བླན། བཀྲ་ཤིས་བརྗོད། གཙུག་ཏོར་རྣམ་རྒྱལ་བཀླག །ཞེས་གསུངས། འདི་གླང་དངོས་


MR11_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱ་བ་ཡིན་འདུག་ཀྱང་། གསོབ་བཅས་པས་ཀྱང་ཆ་འདྲ་འོང་སྙམ་མོ། །གཏོ་སྒྲོམ་གྱི་ངན་ཐབས་གནོད་བྱའི་སྐོར་ནི་གླང་ཞིག་དགྲ་ཡུལ་དུ་བཏང་སྟེ་བསྒྲལ་བའི་གཏོ་ནག་འདུག་ཀྱང་འདིར་མ་བཀོད་དོ། །འདི་འདྲའི་བཅས་ཆོག་གོང་འོག་ཕན་ཚུན་འཕྲུལ་ཞིང་འཆར་ཁ་སོགས་ཀྱི་མདོས་བཟློག་དང་འབྲེལ་བར་དུས་ཐེབས་ཁྱད་པར་ཅན་དང་བསྟུན་ཏེ་བཏང་ནས་དམག་བཟློག་སོགས་ལ་མཆོག་ཏུ་ཟབ་བོ། །གསང་རྒྱ༔ གཏོ་སྒྲོམ་ལས་གསུངས་པ་སྦུད་པ་དགུ་བརྡུངས་ཀྱི་གཏོ་ནི། རང་གི་དམག་མིའི་ནང་ནས་རང་གི་དམག་དཔོན་གྱི་ལོའི་བདུན་ཟུར་ལོ་པ་ལས་མདའ་དང་མདུང་བླངས་གཤེད་བཞི་ལས་རལ་གྲི་གཡར། མཐུན་གསུམ་ལས་སྒྱེད་རྡོ་གསུམ་བླངས། ཡུགས་ས་མོ་ལས་མེ་བླངས་ལ་བུས་ཏེ། དེར་ཤར་ནས་སྦུད་པ་དཀར་པོ་གཉིས། ལྷོ་ནས་སེར་པོ་གཉིས། ནུབ་ནས་དམར་པོ་གཉིས། བྱང་ནས་སྔོན་པོ་གཉིས། སྟེང་ནས་ནག་པོ་གཅིག་ཅེས་སམ་ཟེར་དཔྱད་གིས་འབུད་ལ། དགྲས་འཕངས་པའི་མཚོན་ཆ་དང་གོང་གི་མཚོན་རྣམས་ཀྱི་རྩེ་དང་། བརྡར་ཕྱེ་བསྲེག སྡང་བའི་དགྲའི་མཚོན་གྱི་དབལ་སོད་ཅིག་ཅེས་བྱས་ལ་བསྭོས་གདབ། དེ་ལྟར་བྱས་ནས་འཁྲུགས་ན་རང་ཕྱོགས་ལ་རྨ་མི་འབྱུང་། ཚུར་བརྒྱབ་པའི་མཚོན་དེས་ཕར་སོད། འདི་མཚོན་ཁ་བསྙིལ་བ་དང་དགྲ་གཞོམ་པ་ཟབ་གར་ཐོད་དུ་མི་བྱའོ་ཞེས་གསུངས། ཡང་གཞུང་སྣ་ཚོགས་ནས་གསུངས་པ་ཅི་རིགས་བཀོད་པ། བ་བླ་སོགས་སེར་པོའི་རྫས་ཀྱིས་


MR11_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཡིག་བཞིའང་ལ་ཡིག་བཞི་བྲིས་པའི་ནང་དུ་གང་ལ་བྱ་བའི་མིང་བྲིས་ལ་དེའི་སྟེང་དུ་སངས་རྒྱས་ཀྱི་སྐུ་བཞག་ན། ལྷ་བདེ་བྱེད་ཡིན་ཡང་རེངས་པར་བྱེད་ཅེས་ནོར་བཟང་རྟོགས་པ་ལས་སོ། །བ་ཡི་ལྕི་བ་ས་ལ་མ་ལྷུང་བ་ལས་སོར་བཅུ་པའི་གཟུགས་བརྙན་བྱས་ལ། དུར་ཁྲོད་ཀྱི་རས་ལ་ཁོའི་མིང་བྲིས་པ་ནང་དུ་བཅུག ཁྲོ་བ་དང་བཅས་པས་དེའི་ཁ་ཟན་གྱིས་བཀབ་ལ་རོ་སྐྱའི་སྲད་བུས་དཀྲིས། ཁྲོ་བས་སྔགས་བདུན་བཟླས་པས་གཏུན་ཤིང་གིས་དེའི་ཁར་བསྣུན་ན་ངག་མནན་པར་འགྱུར་རོ་ཞེས་རྒྱུད་ལས་སོ། །རླུང་ཕྱོགས་སུ་དེ་ལ་བྱས་ཏེ་གྲོ་གའི་འདབ་མར། ཁྲོ་སྔགས་མི་གཡོ་བའི་ཡིག་བཅུ་ལྟ་བུ་དང་དགྲ་མིང་ཨུཙྪཊྚ་ཡ་ཕཊ་སྤེལ་བ་བྲིས་པ་ཟན་གོང་དུ་བཅུག་ནས་བྱ་རོག་ལ་བྱིན་ན་དགྲ་དེ་བསྐྲད་པར་འགྱུར་རོ། །ཡང་རྟ་རྨིག་གི་ཁུང་བུར་སྦྲུལ་གྱི་མགོ་བཞག་ལ་ཁྱི་སྨྱོན་གྱི་ལྕེ་དང་ལྷན་ཅིག་དགྲ་ཡི་ཁང་སྒོར་སྦས་ན་ཉི་མ་བདུན་ནས་སྐྲོད་ཅེས་སཾ་བུ་ཊ་བུ་ལས་སོ། །ཡང་ཡ་ཡིག་གཉིས་ཁ་སྦྱར་དབུས་སུ་དགྲ་ཡི་མིང་ཤིང་ལོ་རླུང་ཁྱེར་ལ་བྲི། དེ་ཡང་ཁྭའི་སྒྲོའི་སྨྱུག་གུ་བྱ། དུག་དང་དུར་ཁྲོད་སོལ་བ་སྐེ་ཚེ་མཉམ་པའི་རྫས་ཀྱིས་བྲིས་ནས་མཆོད། མིག་དམར་སྐག་གཉིས་འཕྱོད་འཕྲོད་པའི་དུས་སུ་རླུང་དམར་འཚུབ་མ་ལ་ཕྱར་བའམ། ཡང་ན་ཆུ་ཡི་རྒྱུད་ལ་བསྐུར་ན་དགྲ་བོ་སྐྲོད་ཅེས་སམ་ཊ་ལས་སོ། །ཡང་ན་མཚན་མ་གཅིག་པའི་སར་མཚན་མོར་སོང་སྟེ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། ཅེས་ཁྲི་བཟླས་པས་གང་ལ་དམིགས་པ་སྐྲོད་ཅེས་རྒྱུད་ལས་སོ། །བྱ་རོག་དང་འུག་པ་དང་སྦྲུལ་དང་ནེའུ་ལེ་བཞིའི་རུས་


MR11_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆ་མཉམ་གྱི་ལྡེ་གུར། ཨོཾ་ཡུལ་ཏེ་ཡེ་རག་ཏ་མ་པྲ་ར་པྲ་ཡེ་སྭཱ་ཧཱ༔ ཞེས་བཏབ་གང་ལ་བྱ་བ་དེ་གཉིས་ཀྱི་གོས་སམ་ལག་པ་ལ་བསྐུས་ན་མ་བུ་ཡང་འབྱེད་དེ་འབྲལ་བར་བྱེད་དོ་ཞེས་པ་དམ་པའི་གདམས་པ་ལས་སོ། །མཛེ་ཕོའི་སྐྲ། གླང་ཁྲ་བོའི་སྤུ། ཤ་བའི་རྭ། ཆུ་མིག་ནུབ་བལྟའི་རྡེའུ་ནག་པོ། མོ་ཧྲེང་གི་ལག་བསྐོར་ལྟེ་ཕྱགས། མི་ཞར་བའི་རྐང་མཐིལ་གཡོན་གྱི་རྗེས་ས། ལྷ་ཁང་གོག་པོའི་ས་སྡོང་རུལ་རྣམས་ཁྱི་སྣ་དམར་གྱི་ཐོད་པའི་ནང་དུ་བླུགས། ཚོན་སྐུད་སྣ་ལྔས་དཀྲི་ཞིང་དགུ་སྟོང་པ་ཞིང་དཀྱིལ་དོང་གྲུ་གསུམ་དུ་སྦས་ན་ལོ་ཐོག་མི་སྐྱེའོ། །འདི་ཞིང་སེལ་གྱི་རྫས་ཤིག་ཡིན། སྐྱེ་བར་འདོད་ན་རྫས་དེ་འདོན་པར་བྱའོ། །སྐྱེས་པའི་ས་བོན། ཏི་ཚ་དཀར་པོ། ཙན་དན་དཀར་པོ། གསེར་སྲན་མ་ཕྱེད་ཙམ་སྦྱར་བ་ཞིབ་བཏུལ་གྱི་ཕྱེ་མ་ཁོང་དུ་བཏང་ན་དགྲ་བོའི་སྐྱེ་རྒྱུད་གཅོད་དེ་རབས་ཆད་དུ་འགྱུར་རོ། །ཡང་ན་འབུ་བྱང་བ་དང་སྦྱར་ནས་བཏང་ངོ་། །མོ་རབས་གཅོད་ན། ཀ་ར་དཀར་པོ། ཞུ་མཁན། ཤེལ། སྟག་གི་ཤ བུར་དོག་རྣམས་དང་སྦྱར་ཏེ་བཏང་ན་རབས་འཆད་དོ། །སྦྱོར་ངན་ཐབས་རྫས་མཐུ་སེལ་སོགས་ཀྱི་རྣམ་གྲངས་ཚད་མེད་ཡོད་པ་ལས་ཤིན་ཏུ་བྱ་སླ་ཞིང་ཟབ་པ་མང་པོ་མཐོང་ཞིང་དཔེ་ལག་ཏུ་སོན་མོད་ཀྱི་ཐམས་ཅད་མི་དམིགས་པའི་དབྱིངས་སུ་རྒྱས་བཏབ་པ་ལས་མ་སྤེལ་ལོ། །རྔ་མོང་གི་རྐང་རུས་ནང་དུ་མི་ཡི་རྩིབས་མ་བཅུག་ལ་ཕོ་མོ་སྦྱོར་བའི་སྔས་འོག་གམ། མོ་ཡི་གཞོགས་གཡོན་


MR11_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཏགས་ན་སྦྱོར་བ་བྱས་ཚེ་འོག་འབྲེལ་ནས་མི་འཐོན་པ་ཁྱི་བཞིན་འགྱུར་རོ། །ལྕུང་སྐྱུང་ཀ་ཁའི་སྒོ་ང་དང་མུ་ཟི་ནག་པོ་ཆ་མཉམ་རྔོག་མ་དང་རྨིག་པར་བྱུགས་ན། རྟ་དེ་འགྲོ་མི་ཤེས། འགྲོལ་ན་རྨིག་པ་བཞར་བའི་ཕྱེ་མ་དང་། རྨིག་ཞབས་ཀྱི་ས་གཉིས་རྔ་མའི་འོག་ཏུ་བསྐུ་བར་བྱའོ། །ཡང་སྦྲུལ་ཤ་ཟངས་ཕྱེ་ལྕགས། ཕྱེ་བཞི་སྦྱར་ཟན་ལྤགས་ཀྱིས་ཀྱང་། གྱིས་བཏུམ་སྟེ་རྟའི་ཁོང་དུ་བཏང་དེ་ཕྲལ་དབྱུག་པས་བརྡུངས་ཀྱང་འགྲོར་མི་བཏུབ་བོ། །སུ་ལ་མ་སྤེལ་ཅིག །ཡང་བྱའི་ཤ་ཁྲག་རུས་པ་བཅས་ཉི་མ་མི་མཐོང་བར་གྲིབ་སྐམ་བྱས་ལ། རྒྱ་སྤོས་སྤང་སྤོས་ཞིབ་བཏགས་དང་ལྷན་ཅིག་རྟ་ནོར་གྱི་སྣ་ལ་བདུགས་ན་འགྲོ་མི་ཤེས་ཏེ་རྐུན་དོགས་ཡོད་སར་དེ་ལྟར་བྱ། ནང་མོ་འགྲོལ་ན་ཙན་དན་དཀར་པོ་དང་། སྤོས་དཀར་གྱི་དུད་པས་བདུགས་པས་གྲོལ། ཤིན་ཏུ་གསང་བའི་གདམས་པའོ། །ཞེས་འབྱུང་། ཆར་གཅོད་པའི་རྫས། གུ་གུལ། ཤུ་དག །ཨ་རུ་ར། བཙན་དུག །བོང་ང་། ཐང་ཕྲོ མ། ཐར་ནུ། རྒྱ་ཚྭ། བ་བླ། ཕག་ཚིལ། སྦྲུལ་དང་སྦལ་བ། སྡིག་པའི་ཤ་རྣམས་སྦྱར་བའི་རིལ་བུ་ཤ་རིལ་ཙམ་སྐྱེར་ཚེར་དང་དྲག་ཤིང་གི་མེ་ལ་བསྲེགས་པའི་དུ་བ་བཏང་ན་ཆར་ཆོད་ཅེས་གུ་རུ་པདྨས་གསུངས་སོ། །གོང་དུའང་ཆར་གཅོད་ཀྱི་བདུག་རྫས་གཅིག་ཡོད་པ་དེ་དང་ཅུང་མི་འདྲའོ། །སྤང་སྤོས་དང་ཤ་བའི་རྐང་ཚིལ་གྱིས་ཀྱང་རུང་། གཉིས་སྦྱར་བའི་དུད་པ་བཏང་ན་རླུང་མྱུར་དུ་འབྱུང་ངེས་སོ། །པདྨ་གླིང་པའི་


MR11_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་གཤེད་ཁ་ཐུན་གྱི་ལས་མཐར་ཆར་ཆེན་པོ་འབེབས་པར་འདོད་ན། རི་བྱང་བལྟའི་ལོགས་ཀྱི་ཆུ་མིག་དགུའི་ཆུ་ཕག་ལོ་པས་བླངས་ལ་རྫས་ཆག་གས་མེད་པར་བླུགས། ཤིང་བསྲུབ་པའི་མེ་ནི་ཤིང་གི་མེ།ལྕགས་བསྲུབ་པ་ལས་བྱུང་ལྕགས་ཀྱི་མེ། གནམ་ལྕགས་ཤིང་ལ་ཕོག་པ་གནམ་གྱི་མེ། ལྕི་བའི་མེ་ནི་རྩྭའི་མེ། མེ་ཤེལ་ལས་བྱུང་བའི་མེ་སྟེ་མེ་ལྔ་པོ་ཕྱོགས་གཅིག་བསྡུས་ལ་སྣོད་ནང་བཞག དེ་ལྔ་མ་འཛོམས་ན། རབས་ཆད་ཡུགས་ས། མཛེ་སྤྲང་། མོ་རེངས། ལྐུགས་མོའི་མེ་ལྔས་ཆོག །མེ་དེ་རྣམས་ཀྱི་སྟེང་དུ་ཕག་ལོ་བས་ཆུ་བླུགས་ལ་ཁ་ཕྱིང་ནག་གམ་བལ་ནག་གིས་བཅད། དེ་སྟེང་གཡམ་པས་མནན་ཆར་འབེབས་ནམ་འདོད་སྐབས་སུ་རང་གཤིན་རྗེ་གཤེད་ཁ་ཐུན་དུ་བསྒོམ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཕཊ། ཆར་ཡ་ཆུར་ཡ་ཆར་ཕོབཿ རེས་རྩ་སྔགས་དང་ཆར་སྔགས་འབྲུ་དྲུག་སྤེལ་བ་བཟླས་ཏེ་དབྱུག་པས་ཆུ་སྣོད་དེ་བརྡུངས་པས་ཆར་ཆེན་པོ་ཉིན་མཚན་བར་མེད་དུ་འབབ་པར་འགྱུར་རོ། །ཆར་གཅོད་ན་སྔར་གྱི་ཆུ་མིག་དགུ་སྣོད་དུ་བླུགས་པའི་སྟེང་དུ་མེ་སྦྲུལ་ལོ་པས་མེ་སྣ་བཅུ་གཅིག་ཕྱིང་བའམ་བལ་དཀར་གྱིས་ཁ་བཀབ། དེ་སྟེང་གཡམ་པས་བཀབ། སཱུརྱ་རཾ་བྷ་ཏུ་ཡེ་སྭཱ་ཧཱ༔ ཞེས་རྩ་སྔགས་ལ་བཏགས་ཏེ་བགྲང་། རྫས་དེ་དབྱུག་པས་བརྡུང་བས་ཆར་མི་འབབ་ནམ་མཁའ་དྭངས་པར་འགྱུར་རོ་ཞེས་གསུངས། འཇའ་ཚོན་མ་ནིང་ལས་མནའ་ཉེས་བཟློག་པ། རྩྭའམ་སོག་མ་ཚིགས་པ་ཡོད་པ་ལྔ་ལ་མཆིལ་མ་


MR11_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ། རང་གི་སྨིན་མཚམས་སུ་ལྔ་དྲུད། ཁ་དང་ལྕེ་ལ་ལན་ལྔ་དྲུད། ངག་ཏུ་འདི་ལྟར་བརྗོད། མནའ་མི་ཟ་རྩྭ་ཟའོ། །ཞེས་ཤུབ་ཤུབ་ལན་ལྔ་བརྗོད། རྩ་འཇག་གཅིག་ཟ། ལྕེ་ཕྱིས་ནས་ཕྱིན་པས་མནའ་ཉེས་མི་འོང་། མནའ་སྐྱེལ་བས་མནའ་ཆད་ལ་འཇིགས་མི་དགོས། །སྔོན་དུ་ལན་གཅིག་བསྒྲུབས་ན་ཕྱིས་རྫས་མེད་ཀྱང་འགལ་བ་མེད། མེ་ལ་བཟོད་ཆུ་ལ་བཟོད། ཚ་བ་ཡིན་པས་ཚ་བཟོད། གྲང་བ་ཡིན་པས་གྲང་བཟོད། ལྕགས་དམར་པོ་བལྡགས་ཀྱང་ལྕེ་མི་འཚིག །མནའ་སྲུང་ཟབ་མོ་ངོ་མཚར་ཆེ། ཡང་ལོག་གནོན་ཁྱི་སྤུ་མེ་བསྲེག་དུ་བ་བཏང་ན་ལྕེ་མི་འཚིག །ཅེས་གསུངས། འདི་ལ་བླུན་པོ་དག་གིས་མནའ་ཟོས་ཀྱང་མི་སྐྱོན་པའི་ཐབས་ཡིན་བསམ་ནས་མནའ་ཟ་མི་རུང་སྟེ་མནའི་རྣམ་སྨིན་བཟློག་ཅེས་གསུངས་པ་མ་ཡིན་ཏེ། བཙན་པོ་སོགས་ཀྱི་དབང་མེད་གལ་ལ་གཏུགས་ནས་ལྷ་སྲིན་དབང་བྱས་ཀྱི་མནའ་འགལ་ལྟ་བུ་བྱུང་ན་ཚེ་འདིའི་མནའ་ཆད་ཟློག་པའི་ཐབས་ཙམ་ཡིན་ནོ། །བུང་བ་སྔོན་དུ་འོང་བ་ཕོ་ཡིན། རྗེས་ནས་འོང་བ་མོ་ཡིན། མ་ནོར་སོ་སོའི་རོ་དུར་ཁྲོད་དུ་བསྲེགས་པའི་ཐལ་བ་དེ་ཕོ་ཡིས་མོ་འགུགས་ན་བུང་བ་ཕོ་བསྲེགས་པའི་ཐལ་བ་དེ་ཕོ་དེས་མོ་གང་འདོད་ཁོང་དུ་བཏང་། དེ་བཞིན་མོ་ཡིས་ཕོ་འགུགས་ན་མོ་བསྲེགས་པ་བྱིན་པས་འགུགས་ཞེས་རྒྱལ་རིགས་སྨན་པའི་ལུགས་སོ། །དབྱངས་འཆར་གཞུང་གི་མན་ངག་ལས། དཀར་པོའི་འཁོར་ལོ་གཞུང་ལྟར་བརྩིས་ནས། པ་སངས་དང་རང་མིང་གང་


MR11_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱ་འདོད་པའི་སྙིང་གའམ། གསང་བའམ། ཡང་ན་མགོ་བོར་སོན་པའི་དུས་སུ། ཤེས་རབ་མའི་མཚལ་དང་། ཞ་ཉེ་ལས་བྱུང་བ་སིནྡྷུ་ར་སྟེ་ལི་ཁྲི་དམར་པོ་བསྲེས་ལ་བསྒྲུབ་བྱ་དེའི་གཟུགས་བྲིས་པའི་སྙིང་གར་ལྕགས་ཀྱུས་བཏབ་ཅིང་། ཨོཾ་ཆེ་གེ་མོ་ཨཱ་ཀརྵ་ཡ་མཎྚ་ལ་ཛཿ ཞེས་མཚན་ཐོག་ཐག་ཏུ་བཟླས་པས་གང་ལ་བསྟན་བལྟན་སམ་པ་དེ་དབང་དུ་འགྱུར་རོ། །ཞེས་དང་། {དུས་གནད་གོང་ལྟར་ལ།} ཡང་ན་རྨ་མེད་ཙན་དན་{བུད་མེད་མཚལ་}དམར། །བྱང་ཆུབ་སེམས་ཀྱི་ས་བོན་གཉིས། བསྲེས་ཏེ་རང་གི་སྲིན་ལག་རྩ་བར་བྱུག །མཉེ་ཞིང་སྔགས་འདི་བཟླས་པར་བྱ། །ཨོཾ་བཛྲ་ཌཱཀྐི་ཆེ་གེ་མོ་ཙན་ཏི་ཝ་ཤཾ་ཀུ་རུ་སྭཱ་ཧཱཿ ཉིན་ཞག་གསུམ་དུ་བསྔགས་བྱས་ལ། །དེ་ཡི་ལུས་ལ་རེག་པས་འགྲུབ། །བདག་གིས་བགོ་བ་ཉན་པ་དང་། །བུད་མེད་ཆུང་མ་བྱེད་པ་ཡིན། །ཞེས་གསུངས། ཡང་དབྱངས་འཆར་བའི་ལས་ཚོགས་མན་ངག་ཟབ་མོ་ནི། འོད་དཀར་མུན་ཅན་གྱིས་བསྒྲིབས་ཚེ། །གསལ་བའི་བུ་ཡིན་མདའ་འཕེན་ཚེ། །རྡོ་ཉིད་བླངས་ལ་ལུས་ལ་བརྡེག། ཚངས་པའི་བུ་མོའང་དབང་དུ་ནི། །བྱེད་པ་འདི་ལ་ཐེ་ཚོམ་མེད། །སྙིང་དང་གསང་བར་དཀར་པོས་སླེབས། །དེ་ཚེ་ལས་ལ་སྦྱར་དགོས་ཏེ། །བསྒྲུབ་བྱའི་དྲི་ཆུ་དོར་བའི་ས། །སྐར་མདའི་རྡེའུ་བསྒྲིལ་ནས་སླར། །མིག་གིས་མཐོང་སར་དོར་བར་བྱ། །གང་ལ་བྱ་བ་དབང་དུ་འགྱུར། །ཞེས་གསུངས་པ་འདི་ཟླ་བ་


MR11_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཟའ་ཞུགས་པ་དང་། སྐར་མདའ་གཡོ་བའི་དུས་དེར་དེ་དང་བསྟུན་པའི་ས་ནས་རྡེའུ་གཅིག་བླངས། མོའི་ཆུ་ཤུལ་ལ་བསྒྲིལ་ནས། གང་གི་ལུས་ལ་བརྡེགས་པས་དབང་དུ་བྱེད་དོ། །དེའི་མཐོང་སར་དོར་ཀྱང་འགྲུབ་སྔགས་བཏབ་ན་ལེགས་པའི་རབ་ཏུ་འགྱུར་རོ། །ཞེས་དཀར་པོའི་འཁོར་ལོའི་མཁའ་འགྲོ་དབང་སྡུད་ཀྱི་མན་ངག་གོ {།རང་གི་དྲི་ཆུ་ཟེར་ཀྱང་མིན།} ནག་པོའི་འཁོར་ལོའི་ངན་ཐབས་སོགས་མ་བཀོད་དོ། །དོན་ཐམས་ཅད་འགྲུབ་པའི་ཐབས་ནི། བག་ཕྱེའི་མི་གཟུགས་ཤིག་བཟོས་ལ་དེའི་དཔྲལ་མགྲིན་སྙིང་ལྟེ་གསང་གནས་སུ། ཤོག་བུ་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲིཿཨཱཿ ས་ར་ས་ར་ཀ་ར་ཀ་ར༔ ཞེས་ཚར་ལྔ་བྲིས་པ་གཟུགས་ཀྱི་གནས་ལྔར་སྟེང་ནས་རིམ་བཞིན་བཅུག སྔགས་དེ་མང་དུ་བཟླས་ནས་གཟུགས་དེ་ཆུ་ཡི་སྟེང་དུ་བསྐྱུར། དེ་རྗེས་སུ་སྔགས་དེ་མང་དུ་བགྲངས་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །དོན་ཉམས་པ་དག་ལ་འདིས་ཕན་ངེས་སོ། །རྟག་ཏུ་ཞིང་ལ་ལོ་ཉེས་བྱུང་ན་དཀར་ཆོས་ཅི་རིགས་བྱས་རྗེས། ཞིང་དེའི་ས་ཡམ་གཅིག་གཉིས་ཕྱགས་ནས་ཆུ་ལ་བསྐུར། ཕྱུག་པོ་ལོ་ལེགས་པའི་ཞིང་དཀྱིལ་ནས་ས་བླངས་ཏེ་ལུག་གི་རིལ་མ། ཕུག་རོན་བྲུན་དང་བསྲེས་པ་སོས་ཀའི་དུས་སུ་ཞིང་དེར་འཐོར་ན་ཞིང་བཟང་པོར་འགྱུར་ཞེས་འཇའ་ཚོན་གཏེར་མའོ། །ཞོ་ཉེས་ཆང་ཉེས་སྲུང་བར་འདོད་ན་ཐབས་འདི་བྱ་སྟེ། མཐིང་ངམ་རྒྱ་སྣག་གིས་རྡོ་ལེབ་གཅིག་ལ། བདག་ནི་ལྷུང་བར་གདའ་ཞེས་བྲིས་པ་ཞོ་ཆང་གི་སྟེང་དུ་ཁ་ཐུར་བསྟན་དུ་


MR11_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །ཡང་རྡོ་ལེབ་གཅིག་ལ། ཁྱོད་ལྷུང་ན་བདག་འཆི་བར་གདའ་ཞེས་བྲིས་པ་ཡི་གེ་སྟེང་དུ་བསྟན་ཏེ་ཞོ་ཆང་གི་ཞབས་སུ་བཞག །སྟེང་ནས་གྲི་གཅིག་རྩེ་མར་ལ་བསྟན་ནས་བཙུགས། མཁའ་འགྲོའི་སྔགས་ཧ་རི་ནི་ས་ཅི་མང་བྱ། སུམ་བྷ་ནི་དང་། རྟེན་སྙིང་གིས་རབ་གནས་བྱ། དེས་ཐུབ་སྟེ་ཟབ་བོ། །རྒྱན་ལས་རྒྱལ་བར་འདོད་པས་རྟེན་འབྲེལ་འདི་བྱ་སྟེ། རང་འཐག་གི་ལྟེ་ཁུང་དུ་སྐམ་པ་གཅིག་གི་ཁ་གྱེན་བསྟན་དུ་བཞག །དེ་སྟེང་གྲི་གཅིག་བཞག་ལ་འདི་སྐད་བརྗོད། འཐག་པར་བྱེད་པ་རང་འཐག་ཡིན། །འཛིན་པར་བྱེད་པ་སྐམ་པ་ཡིན། །གཅོད་པར་བྱེད་པ་གྲི་ཡིན་པས། །ཁྱེད་གསུམ་གྱིས་མགོ་ལ་ཟེར་དཔྱད་ངའི་རྒྱན་རྒྱལ་དུ་ཆུག་ཅིག །ཅེས་བརྗོད་པས་རྒྱལ་བར་འགྱུར་རོ། །ཤྭོ་རྒྱལ་ཐབས་ལ། རྨ་བྱའི་སྒྲོ་ཐིག་དང་། འགྲོན་བུ་གཉིས་དཔུང་པ་གཡས་སུ་བཏགས་ལ། སྔགས་འདི་སྟོང་དང་བརྒྱ་བཟླ། དམིགས་པ་ཉི་མའི་ལྷ་མོས་འོད་ཟེར་གྱི་ལྕགས་ཀྱུས་ཕ་རོལ་པོའི་ཡན་ལག་བཅིངས་ནས་བདག་ལ་ཤྭོ་རྒྱལ་བའི་དངོས་གྲུབ་གནང་བར་བསམ། ཨོཾ་ཤྭོ་མིག་དཀར་འབྲས་དེ་ང་ལ་གནང་། ཁམས་གསུམ་སྡེ་བའི་མིག་ཚུམ། །ཤྭོའི་ལྷ་མོ་ང་ལ་གནང་། ཤྭོའི་འདྲེ་མོ་ཕར་སོང་། རྨ་བྱའི་སྒྲོ་ཡི་ཞབས་གདན་ཡོད། །དཀར་པོ་འགྲོན་ནེའི་གོང་ནོན་ཡོད། །ཁམས་གསུམ་ཤྭོ་རྒྱལ་དེ་ང་ལ་གནང་། །ཞེས་བཟླའོ། །ཤྭོ་འཕེན་དུས་ཉི་མ་ལ་རྒྱབ་གཏད། །རང་གི་ཞང་ཐོབ་གཅིག་རྒྱབ་ཏུ་ཡོད་ན་ལེགས། །ཤྭོ་རྒྱལ་བའི་རྟེན་འབྲེལ་ཟབ་བོ། །ཡང་ཤྭ་རྒྱན་རྒྱལ་ཐབས་ལམ་


MR11_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གྲམ་གྱི་ས་བླངས་ལ་སྐས་ཀྱི་འོག་མུན་ནག་ཞིག་ཏུ་ས་ལ་བརྡལ་བར་ཆོས་འབྱུང་གྲུ་གསུམ་གཅིག་བྲིས་པའི་ནང་དུ་ཤོག་བུ་ལ་ཕ་རོལ་གྱི་མིང་མཐར་སཏྭམྦྷ་ཡ་ནན་ཞེས་བྲིས་པ་བཞག །བྲི་རྫས་ཞལ་ཤེས་ཙ། ཊརྦ། བོང་བུའི་འདྲ་རཱེ། ཁྲག་གིས་བྲིས་དེ་ཡི་སྟེང་དུ་སླང་ང་ཁ་སྦུབས་པའི་སྟེང་དུ་དཀར་གོང་གིས་རི་རབ་བྲིས་ནས་མནན་པས་ཕ་རོལ་གྱི་རྒྱལ་ཁ་ནོན་ཅིང་རང་ཤྭོ་རྒྱན་འགྱེད་ཚར་ནས་ཕ་རོལ་མིང་ཡིག་འདོན་པར་བྱའོ། །བ་གླང་གི་ལྕེ་ཡི་རྩེ་མོ་དར་དམར་པོའི་ཁུད་དུ་བསྟུམ་སྟེ་རང་གི་དཔུང་པ་གཡས་པ་ལ་བཏགས་ན་ཁ་སྨྲས་ཤག་འདེབས་ལས་རང་ཕམ་མི་སྲིད་དོ། །མདའ་རྒྱལ་བའི་ཐབས་སུ། བོང་བུ་མགོ་དམར་གྱི་ཆུ་དང་། སྦྲུལ་གྱི་ཤ་དང་། གླང་དམར་པོའི་སྙིང་ཁྲག་རྣམས་སྣོད་གཙང་བར་སྦྱར་ནས་སྔགས། ཨོཾ་ཏ་པ་པ་ཏ་སེ་ཆོར་ཆོར༔ བརྒྱ་རྩ་བརྒྱད་བཏབ་ནས་གཞུའི་ཆང་པ་དང་མདེའུའི་རྩེ་ལ་བྱུགས་ཏེ་འཕངས་པས་འབེན་གྱི་དཀྱིལ་དུ་ཕོག དགྲ་ལའང་དེ་འདྲའོ། །སྲིད་བསྐྱེད་པར་ས་ཕག་གྲུ་བཞི་ལ་ཙཀྲ་དཔེའུ་རིས་བཞིན་བྲིས། སྒྲོལ་མའི་སྐུ་གཅིག་བཤམས་ལ་སྤོས་དང་མར་མེ་ཕུལ་ཞིང་མེ་ཏོག་འཐོར། ཏཱ་རེ་ཡིག་བཅུ་བརྒྱ་རྩ་རང་དང་སྲིད་བསྐྱེད་ཡུལ་གཉིས་ཀས་བཟླས་ཏེ་བསྒྲུབ་བྱ་རེའུ་མིག་ལ་ཕར་འགོམ་ཚུར་འགོམ་བྱེད་དུ་བཅུག་པས་སྲིད་འབྱུང་བར་ཐེ་ཚོམ་མེད་དོ། །འགྲོན་བུ་བྱང་བུ་འོམ་བུ་སྟར་བུ་ལྤགས་བུ་སྟེ་བུ་ལྔ་ལུས་ལ་བཅངས་ན་མངལ་དུ་བུ་ཆགས་ཞེས་གཏོ་སྒྲོམ་འབུམ་ཏིག་ལས་སོ། །བྱི་བའི་འབྲས་བུ་གཅིག བུའི་


MR11_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ལྟེ་བ་སྐམ་པོ་སྙེ་མ་ཕོན་རྡོག་གཅིག་སྟེ་འདི་གསུམ་ཞིབ་བཏགས་རིལ་བུ་བདུན་ནམ་དགུ་བྱས་ཏེ་བྱིས་པ་ལུས་ལ་ཆགས་ནས་ཟླ་ངོ་གསུམ་ལ་ཐོ་རངས་ལྟོ་སྟོངས་རིལ་བུ་རེ་རེ་ཁོང་དུ་བཏང་ན་མངལ་གནས་ཀྱི་ལྟེ་བ་བུ་རུ་འགྱུར་ངེས་ཏེ་གསང་བའི་ལྟེ་བསྒྱུར་ཟབ་མོའོ་ཞེས་གཏོ་སྒྲོམ་ལས་སོ། །མི་ཕན་ཚུན་འདུམ་པར་བྱེད་འདོད་ན། རྡོ་ཁབ་ལེན། ཕ་ཝང་ལོང་བུ། བུད་མེད་ལ་བུ་དང་པོར་སྐྱེ་དུས་ཀྱི་ཤ་མའམ་ཁྲག་གམ་ཤ་སྐེད་བཅས་ཟན་ལ་བྲན་ནས་དེ་དག་ལ་བྱིན་ན་འདུམ་པར་འགྱུར་རོ། །རྗེ་བཙུན་དམ་པ་རྒྱ་གར་བའི་ལུགས་སོ། །སྤྱིར་མཁྱུད་སྤྱད་ཀྱི་ལས་དང་རྟེན་འབྲེལ་གྱི་རྩལ་ཀ་སྣ་ཚོགས་གང་བྱེད་ཀྱང་རྩ་བ་གསུམ་གྱི་བསྙེན་སྒྲུབ་རྟགས་ཐོན་པར་བྱས་པའམ་ཉམས་རྟོགས་ཀྱི་དྲོད་ཚད་ལྡན་པ་ཞིག་གིས་ཚུལ་བཞིན་བརྩམས་ན་ཇི་སྐད་གསུངས་པ་ལྟར་འགྲུབ་ཅིང་། དེ་ལྟར་མིན་ཡང་དད་པའི་སྒོ་ནས་ཐེ་ཚོམ་མེད་པར་འདི་རྣམས་ལག་ཏུ་བླངས་ན་འདོད་འབྲས་ཅི་རིགས་མངོན་དུ་འབྱིན་པ་ཡིན་ལ། ཁྱད་པར་དུ་རྩ་གསུམ་དཔའ་བོ་མཁའ་འགྲོའི་སྲོག་བཅུད་གཅིག་ཏུ་དྲིལ་བའི་མན་ངག་གསང་བའི་རྒྱ་ཅན་ཚུལ་བཞིན་སྒྲུབ་པ་བྱས་ན་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པ་ཡིན་པས་དེ་ནི་བརྒྱུད་ལྡན་བླ་མའི་ཞལ་ལུང་ལས་དད་པ་གསུམ་གྱིས་ལེགས་པར་མནོས་ནས་གནད་དུ་སྨིན་པར་བྱ་དགོས་སོ། །འདིར་སྨྲས་པ། ཞི་རྒྱས་དབང་དང་དྲག་པོའི་ལས་རྣམས་ཀྱི། །མཁྱུད་སྤྱད་གདམས་པའི་མཐའ་ལ་ཚད་བཟུང་མེད། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཐབས་མཁྱེན་པའི། །མན་


MR11_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ལྡན་པ་རྣམས་ཀྱིས་ལེགས་པར་བསྟན། །རྒྱལ་བ་རིག་འཛིན་བརྒྱུད་པའི་གདམས་པ་ལ། །ཐེ་ཚོམ་མེད་པར་མན་ངག་ཟབ་མོ་ཉིད། །ཡིད་ཆེས་དད་པས་ཡིད་བཞིན་ནོར་བུ་ལས། །མཆོག་ཏུ་གཅེས་པར་འཛིན་པ་རེ་རེ་ཙམ། །བྱ་སླ་དོན་ཆེ་ཟབ་མོའི་མན་ངག་རྣམས། །ཕྱུགས་ཀྱི་མིག་སྔར་རིན་ཆེན་བཞག་པ་ལྟར། །གདམས་པའི་ཡོན་ཏན་མི་ཤེས་བླུན་པོའི་ཚོགས། །འདི་འདྲའི་གནས་ལ་རེ་རྩོལ་སྐལ་བ་ཟད། །ལེགས་པར་བསམས་ན་གདམས་པ་སྣ་རེའི་ཡང་། །རིན་ཐང་ཟང་ཟིང་ནོར་གྱིས་གཞལ་མེད་མོད། །རིན་ཆེན་གཏེར་དང་མཚུངས་པའི་གདམས་ངག་ལས། །ཟས་ནོར་ཕྲན་ཚེགས་དེང་དུས་ངོ་སོ་མཐོ། །གདམས་ཟབ་སྟེར་ཀྱང་དགའ་མགུར་མི་འགྱུར་ལ། །ཟས་ནོར་ཅུང་ཟད་བྱིན་ན་དགའ་ཞིང་མགུ། །སློབ་དཔོན་མི་མཆོད་གདམས་པ་འཆལ་བྱེད་པ། །སྣོད་མིན་རྣམས་ལ་བྱིན་ཀྱང་ཕན་མི་ཐོགས། །འགའ་ཞིག་དཔེ་མང་མཁོ་འདོད་ཀྱིས་བསྡུས་ཀྱང་། །གདམས་ངག་སྣེ་གཅིག་ལག་ཏུ་མ་ལོན་པར། །ད་དུང་གང་མཐོང་འབྲི་དང་ཞུ་འདོད་པ། །ངལ་བ་འབྲས་མེད་ཁུར་ལན་དེང་དུས་མང་། །གདམས་པའི་ཡོན་ཏན་མི་ཤེས་གཅེས་སྤྲས་མེད། །དམ་ཚིག་མི་སྲུང་ནོར་ངོ་བསྲུང་པ་ལ། །གདམས་ཟབ་བྱིན་པ་མཁའ་འགྲོས་འཁྲེན་པའི་རྒྱུ། །དེ་ཕྱིར་འདི་འདྲ་སྤེལ་ལ་སྤྲོ་བ་ཆུང་། །འོན་ཀྱང་ཟབ་མོའི་གདམས་པ་གྲངས་མང་ཞིང་། །སྣ་ཚོགས་ཁ་འཐོར་ཚུལ་དུ་གྱུར་པ་རྣམས། །ཡིག་སྐྱོན་བསལ་ནས་གོ་བདེ་དོན་འདུས་སུ། །བཀོད་པའི་ངལ་བ་འདི་ནི་བདག་གིས་


MR11_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། །མཁྱུད་སྤྱད་ཅེས་པ་ཅི་འདྲ་ཞིག་སྙམ་དུ། །འཚོལ་འདོད་རྣམས་ཀྱི་རེ་བ་རྫོགས་ཕྱིར་དང་། །མན་ངག་གཅེས་པར་འཛིན་མཁས་སྐལ་ལྡན་རྣམས། །ཚེགས་ཆུང་ཐབས་ཀྱིས་དོན་ཆེན་འགྲུབ་པའི་ཕྱིར། །འདི་ལྟར་སེམས་ཅན་རྣམས་ཀྱི་བསམ་པ་ཡི། །མཐའ་དང་མཚུངས་པར་སྣ་ཚོགས་རྟེན་འབྲེལ་ཐབས། །སྟོན་བྱེད་ཟབ་མོའི་གདམས་པ་མཐའ་ཡས་ལས། །ཉེར་མཁོ་མཚོན་བྱེད་ཙམ་ཞིག་འདིར་བསྡུས་སོ། །འདི་ཡི་དགེ་བས་མཐའ་ཡས་སྐྱེ་དགུ་ཡི། །མོས་པ་བསམ་མི་ཁྱབ་པའི་རེ་བ་ཀུན། །ཡོངས་སུ་སྐོང་བ་ཡིད་བཞིན་ནོར་བུའི་དཔལ། །མཉམ་མེད་རྒྱལ་བར་འགྲོ་ཀུན་འགྱུར་བར་ཤོག །ཅེས་གཞུང་དུ་སྨྲོས་པའི་མན་ངག་གི་ཡིག་ཆ་ཟབ་མོ་རྣམས་ལས་ཅི་རིགས་པ་ཕྱོགས་གཅིག་ཏུ་བཀོད་པ་འདི་ནི། མན་ངག་སྣ་ཚོགས་པའི་ཚུལ་ཁོང་དུ་ཆུད་ཅིང་གཅེས་པར་འཛིན་པའི་བློ་ཅན། མི་ཕམ་འཇམ་དཔལ་དགྱེས་པས་རབ་ཚེས་ཤིང་འབྲུག་གི་ལོའི་གྲོ་བཞིན་ཟླ་བའི་ཚེས་དགུ་ནས་མགོ་བརྩམས་ཏེ་ཚེས་བཅུ་གཅིག་ལ་གྲུབ་པར་བགྱིས་པ་མང་ག་ལཾཿ སླར་ལོ་མང་པོར་གསང་རྒྱས་བཏབ་ནས་སུ་ལའང་མ་སྤེལ་ལོ། །


previousམཁྱུད་སྤྱད་སྣ་ཚོགས་ཕྱོགས་བསྡུས་ཙིནྟ་མ་ཎི།next