Nitartha Digital Library
Tibetan
གླེགས་བམ་བཅུ་གཅིག་པ།


   
   
   
   
   
   
   
   
   
   
   
ནམ་མཁའི་གོ་ལའི་ཚུལ་ལ་དཔྱད་པ་ལ་ལན་དུ་སྤྲིངས་བའི་གཏམ་མཁས་པའི་སྙན་རྒྱན་མེ་ཏོག་གི་ཆུན་འཕྱང་།
   


 
previousནམ་མཁའི་གོ་ལའི་ཚུལ་ལ་དཔྱད་པ་ལ་ལན་དུ་སྤྲིངས་བའི་གཏམ་མཁས་པའི་སྙན་རྒྱན་མེ་ཏོག་གི་ཆུན་འཕྱང་།next

ནམ་མཁའི་གོ་ལའི་ཚུལ་ལ་དཔྱད་པ་ལ་ལན་དུ་སྤྲིངས་བའི་གཏམ་མཁས་པའི་སྙན་རྒྱན་མེ་ཏོག་གི་ཆུན་འཕྱང་།


MR11_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་གོ་ལའི་ཚུལ་ལ་དཔྱད་པ་ལ་ལན་དུ་སྤྲིངས་བའི་གཏམ་མཁས་པའི་སྙན་རྒྱན་མེ་ཏོག་གི་ཆུན་འཕྱང་ཞེས་བྱ་བ་བཞུགས་སོ། །


MR11_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། །རབ་གསལ་སྙིང་གི་རྫིང་བུར་གང་གི་སྐུ། །ཡིད་འོང་ཟླ་བའི་གཟུགས་བརྙན་ངོམས་མ་ཐག །མཐའ་དག་སྲིད་པའི་འཆིང་བ་ལྷོད་མཛད་པའི། །འཇམ་མགོན་མཁྱེན་པའི་གཏེར་ལ་ཕྱག་བྱས་ནས། །ལྔ་ཕྲག་རིག་ལམ་པདྨའི་ཚལ་ཡངས་པོར། །རྣམ་དཔྱོད་དགྱེས་རྒུར་རོལ་བའི་བུང་བ་ཞིག །དོགས་སློང་རྣམ་པར་བཀོད་པའི་དབྱངས་སྙན་གྱིས། །ཕྱོགས་གཞན་མཁས་པའི་བློ་གྲོས་བསྐུལ་ལ་རྒྱུ། །འདི་ན་རང་གི་ལུགས་དང་གཞན་གྱི་གཞུང་། །ཡོན་ཏན་ལྕི་ཡང་རྟོགས་པའི་བྱེད་པོ་ནི། །རྣམ་དག་རིག་ལམ་ཚད་མའི་སྲང་ལྟ་བུར། །མ་བརྟེན་ཕྱོགས་ཞེན་འཐས་པོ་དེས་ཅི་བྱ། །དེ་སླད་ཕུག་མཚུར་མཁས་པའི་ལེགས་བཤད་ལ། །ནམ་དཔྱོད་ཉེར་བ་སྐུལ་བའི་རྐྱེན་ཉིད་དུ། །དོགས་སློག་ཚིག་


MR11_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

གི་མེ་ཏོག་རབ་བཀྲམ་པ། །བདུད་རྩི་བཞིན་དུ་བདག་གི་ཡི་གར་འོང་། །དེ་ལ་འདིར་ལྔ་རིག་སྨྲ་བ་མཉྫུའི་མཚན་ཅན་གང་གིས་གཞན་གྱི་རྣམ་དཔྱོད་བསྐུལ་བའི་སླད་དུ་རང་ཉིད་ཀྱིས་མཁྱེན་བཞིན་དུ་གཞན་ལ་དོགས་སློང་མཛད་པ་འདི་བཞིན་གཞན་ལ་དོགས་པ་སྐྱེ་སྲིད་པས་དེའི་དོགས་པ་བསལ་ན། དེ་ལ་རང་གི་གཞུང་དེ་ན། དཔྱད་གཞི་དང་། དཔྱད་པ་གཉིས་སུ་མཛད་འདུག་པའི། དང་པོ་དཔྱད་གཞི་ལ། གཟའ་རྒྱུ་སྐར་གྱི་འོག་གཞི་རླུང་གི་གོ་ལ། མེ་དཀྱིལ་ནས་བསིལ་རིའི་བར་དཔག་ཚད་བདུན་ཁྲི་ལྔ་སྟོང་ཁྱབ་པ་ལས། དེའི་ཕྱི་མཐའ་དང་ནང་མཐའ་ནས་དཔག་ཚད་སྟོང་ཕྲག་ཕྱེད་དང་བཅུ་གསུམ་དོར་བའི་བར་གྱི་དཔག་ཚད་ལྔ་ཁྲི་ཉི་མའི་བགྲོད་ལམ་ཡིན་ཅིང་། བྱང་བགྲོད་མཐར་ཐུག་དུས་ལྔ་ཁྲིའི་ཡ་མཐའ་དང་། ལྷོ་བགྲོད་མཐར་ཐུག་


MR11_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མ་མཐའ་ན་ཉི་མ་ཡོད་པ་དང་། བྱང་བགྲོད་མཐར་ཐུག་མཐོ་བའི་དུས་ནས་དང་ཉི་མའི་བར་ན་དཔག་ཚད་བརྒྱ་ཁྲི་དྲུག་སྟོང་ཡོད་ལ། དམའ་ཚད་མཐར་ཐུག་པའི་དུས་སུ་ས་དང་ཉི་མའི་བར་ཁྱད་བདུན་ཁྲི་ལྔ་སྟོང་ཡིན་པར་གསུངས་པ་ཙམ་ལས་གཟའ་རང་རང་གི་ངོས་སྐལ་དུ་གྱུར་བའི་གོ་ལ་རེ་ཡོད་པར་མ་གསུངས་གོ་ལ་གཅིག་གི་གནས་ཚུལ་ནི་འདི་ལྟར་ལགས་ཞེས་འོག་ནས་འཆད་འགྱུར་གྱི་དཔྱད་པ་རྣམས་བཀོད་འདུག་པ་ལ་དཔྱད་ན། དེ་ཡང་གོ་ལའི་ཚད་དང་མཐོ་དམན་གྱི་བྱེ་བྲག་གཞུང་བཞིན་དུ་ཁས་བླངས་འདུག་པ་ལས། གཟའ་རང་རང་གི་ངོས་སྐལ་དུ་གྱུར་བའི་གོ་ལ་རེ་ཡོད་པར་མ་གསུངས་ཟེར་བ་འདི་ཅི་ཞིག་སྟེ། བགྲོད་བྱེད་གཟའ་དགུའི་ངོས་སྐལ་དུ་གྱུར་པའི་ཁྱིམ་མི་འདྲ་བར་དགུ་ཡོད་པར་ནི་གཞུང་ལས་ཀྱང་མ་གསུངས་མོད། དེ་ཡོད་ཟེར་མཁན་ཡང་རྒྱ་བོད་གཉིས་ན་བྱུང་ཚོད་མི་འདུག་པས་འབེན་མེད་པའི་མདའ་ལྟ་བུ་དེ་སུ་ལ་འཕེན། གལ་ཏེ་གཟའ་རྣམས་སྐྱེ་བ་དང་བགྲོད་བྱའི་གཞི་ཁྱིམ་བཅུ་གཉིས་ཐ་དད་དུ་མ་གསུང་ཟེར་ན་ནི་དེ་ཡོད་པར་ནི་གསུངས་སྟེ། འདི་ལྟར་བདག་ཅག་གི་སྟོན་པའི་བཀའ་འཇམ་དཔལ་རྩ་རྒྱུད་ལས་ལུག་ནས་ཉའི་བར་གྱི་ཁྱིམ་བཅུ་གཉིས་དང་། དེའི་ཁྱིམ་གཡོག་དུ་མའི་མིང་དང་། ཁྱིན་ཆེན་པོ་རྣམས་ཁྱིམ་སྟོང་ཕྲག་དུ་མའི་འཁོར་དང་བཅས་པ་ཡོད་པར་བཀའ་སྩལ་ཞིང་། དེ་ལས་ངེས་གསང་རྒྱུད་ཀྱི་རྒྱལ་པོ་ཆེན་པོར་ནང་གི་འཕོ་བ་བཅུ་གཉིས་དང་སྦྱར་བའི་ཁྱིམ་བཅུ་གཉིས། དེ་དག་སྐྱེས་ཁྱིམ་དང་ཞིང་བདག་གི་ཁྱད་པར། རྒྱུ་སྐར་གྱི་རྐང་བ་ཡོད་ཚུལ་སོགས་རྣམ་བཞག་དུ་མའི་སྒོ་


MR11_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསལ་བར་མཛད་པ་ཉིད་དེ། དེ་ལ་དེ་ལྟ་བུའི་ཁྱིམ་དེ་དག་གི་ཚད་དང་རྣམ་གཞག་ཐམས་ཅད་ལུང་ཚད་མར་བྱས་ཏེ་འཇུག་པ་ལས། འདོད་པའི་སྐྱེ་བོ་ཟག་མེད་དང་བསམ་གཏན་ལྷའི་མིག་སོགས་མ་ཐོབ་པ་དག་གིས་འཇམ་གླིང་གི་ཆ་ཙམ་གྱི་ཚད་ཀྱང་ཤེས་མི་ནུས་ན་གོ་ལ་སོགས་ལྟ་ཅི་སྨོས། དེས་ན་ལུང་ཚད་མར་བྱེད་ཀྱང་དགོས་ལ། ཉིད་ཀྱིས་ཀྱང་གོ་ལའི་རྣམ་གཞག་སྟོན་པའི་ལུང་དེ་ཚད་མར་བྱས་འདུག་པས། འུ་བུ་གཉིས་ཀ་དག་གིས་ལུང་དེ་ཉིད་ཚད་མར་འདོད་ལ། དེ་ལྟ་བུའི་ལུང་དེ་གང་ལས་བྱུང་ན། སྤྱིར་བདག་ཅག་གི་སྟོན་པའི་བཀའ། དེའི་ནང་ནས་ཀྱང་གཟའ་རྒྱུ་སྐར་གོ་ལའི་རྣམ་གཞག་རྩལ་འདོན་དུ་གསུངས་པའི་ཁུངས་ནི་དཔལ་དུས་ཀྱི་འཁོར་ལོ་ཡིན་ཅིང་།བོད་འདིར་འགྱུར་བ་ལ་བསྡུས་རྒྱུད་ཁོ་ན་ལས་གོ་ལ་སོགས་ཀྱི་རྣམ་གཞག་དང་། དུས་སྦྱོར་གྱི་ངེས་པ་འཆད་པའི་གཞུང་ཁུངས་མ་གཞན་མེད་ཅིང་། དགོངས་འགྲེལ་ཐམས་ཅད་ཀྱང་དེའི་ཕྱོགས་སུ་གཏུག་པ་ལགས་ན། དེ་ཉིད་གོ་ལ་དཔྱད་པའི་ཚེ་ལུང་ཚད་མ་ཡིན་ལ། ཡིན་པ་ལྟར་ཁྱེད་ཀྱང་དེའི་རྣམ་གཞག་གི་ལུང་དོན་དང་པོར་བཀོད་འདུག་པས་དེ་ལྟར་ན། དཔལ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། མེ་ནས་བསིལ་བའི་རི་ཡི་མཚམས་སུ་དཔག་ཚད་སྟོང་ཕྲག་མཁའ་དང་ནམ་མཁའ་མཁའ་དང་མཁའ་རིའོ། །དབུས་སུ་འཁོར་ལོ་ཕྱེད་ཀྱི་རོ་མོ་ཉི་མའི་བགྲོད་པ་དག་ཀྱང་མཚན་མོ་གཅིག་ནི་མཉམ་པ་ལའོ། །ཞེས་སོགས་ཀྱིས་གོ་ལ་རྒྱས་པར་གསུངས་ཤིང་། གང་ཕྱིར་རི་ལ་སྐྱེ་བོ་རྣམས་


MR11_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཉིན་མཚན་མཉམ་པར་འགྱུར་ཏེ་ལུག་ཉི་སྲང་གི་ཉི་མ་ལའོ། །དེ་ཕྱིར་གཉིས་བརྒྱད་དུམ་བུ་དག་ལ་ངེས་པར་གླང་ལ་གནས་དང་སྡིག་པ་ལ་གནས་དེ་བཞིན་ནོ། །ཞེས་སོགས་ཀྱི་དུམ་བུ་སོ་སོའི་སྟོན་མཉམ་དང་དཔྱིད་མཉམ་འཕོག་པའི་ཁྱིམ་སོ་སོར་གསུངས་བ་སྟེ། སའི་དུམ་བུ་གང་དུ་ལུག་གི་ཉི་མ་ལ་དཔྱིད་ཕྱེད་ཀྱི་ཉིན་མཚན་མཉམ་པར་གྱུར་ན་སྲང་གི་ཉི་མ་ལ་སྟོན་ཕྱེད་དུ་འགྱུར་ཞིང་། དེ་ནས་བརྩིས་པའི་གླིང་བདུན་པ་ལ་དེ་ལས་ལྡོག་སྟེ་ལུག་ལ་སྟོན་མཉམ་དང་། སྲང་ལ་དཔྱིད་མཉམ་པ་ཡིན་ཞིང་། དེ་བཞིན་དུ་གླིང་དང་པོའི་རྗེས་ཀྱི་གཉིས་པ་དང་། བདུན་པའི་རྗེས་ཀྱི་བརྒྱད་པ་གཉིས་ལ་གླང་དང་སྡིག་པ་ལ་མཉམ་གཉིས་འཕོག་པ་སོགས་དུམ་བུ་བཅུ་གཉིས་པོ་གསུངས་ཤིང་། དེ་བཞིན་དུ་ལྷོ་བྱང་གི་བགྲོད་པ་དུམ་བུ་སོ་སོར་མི་འདྲ་བའི་ཚུལ། འདིར་ནི་གཡོན་བགྲོད་དུ་འགྱུར་ཉི་མ་ཆུ་སྲིན་གནས་པ་ལ་སྟེ་བུམ་པར་ཉི་མས་གཉིས་པ་ལ། ཞེས་སོགས་ཀྱིས། འཛམ་གླིང་ཆུང་ངུ་འདིར་ཆུ་སྲིན་ལ་གཡོན་བགྲོད་ཅེས་བྱང་བགྲོད་བྱས་ཏེ། བུམ་པ་ལ་དུམ་བུ་གཉིས་པར་བྱང་དུ་འགྱུར། ཉ་ལ་ཉི་མ་སླེབ་ཚེ་དུམ་བུ་གསུམ་བར་བྱང་དུ་བགྲོད་པ་སོགས་དུམ་བུ་བཅུ་གཉིས་སོ་སོར་ལྷོ་བྱང་གི་བགྲོད་པ་འབྱུང་ཚུལ་གསུངས་པ་དང་ཉི་མའི་གསང་བྱེད་སྟེང་འོག་ཏུ་འགྲོ་ཚུལ་རྒྱས་པ་དང་། ཁྱིམ་གཅིག་ལ་ནི་ཉི་མ་གནས་པས་མཐའ་དག་དུས་ཀྱི་ཚོགས་དང་ཟླ་བ་དང་ནི་ཕྱོགས་རྣམས་བྱེད། དུམ་བུ་དུམ་བུ་དག་ཏུ་ཟླ་བར་འགྱུར་ཏེ་ས་གཞི་བཅུ་གཉིས་བརྩི་བ་རྣམས་ལ་རིམ་པས་སོ། །ཞེས་གསུངས་


MR11_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དྲི་མ་མེད་པའི་འོད་དུ་ཡང་ད་ནི་དུམ་བུ་བཅུ་གཉིས་སུ་འཁོར་བའི་དབང་གིས་ཉི་མ་ཁྱིམ་སོ་སོ་ལ་གནས་པའི་ཟླ་བ་བཅུ་གཉིས་ཀྱི་དབྱེ་བ་གསུངས་པ་སོགས་ནས་འདིར་ལྷུན་པོ་ཕྱོགས་ཀྱི་ཆ་ཐམས་ཅད་དུ་ཁྱིམ་གྱི་འཁོར་ལོ་འཁོར་བའི་དབང་གིས་མེ་ལ་རེག་པ་གང་ཡིན་པ་དེ་ནི་བདུན་པའི་ཕྱོགས་ཐོབ་པ་ན་ལྷུན་པོའི་རྭ་ལ་རེག་ཅིང་གངས་ཀྱི་རིའི་སྟེང་དུ་འགྲོའོ་ཞེས་པའི་རིགས་པས་སོགས་དང་། འདིར་ས་གཞི་བརྩི་བ་བཅུ་གཉིས་པོ་ལ་དུམ་བུ་སོ་སོར་དག་ཏུ་ཟླ་བ་སོ་སོར་འགྱུར་རོ་ཞེས་དང་། ལྷུན་པོའི་ལྷོའི་དུམ་བུ་འདིར་ལུག་ལ་ཉི་མ་གནས་པས་དཔྱིད་ཀྱི་དུས་སུ་ས་གའི་ཟླ་བ་བྱེད་དོ། །མེའི་ཟུར་གྱི་ཕྱེད་དུམ་བུ་གཉིས་པ་ལ་སྣྲོན་གྱི་ཟླ་བ་བྱེད་དོ། །དེ་བཞིན་དུ་མེའི་ཟུར་གྱི་ཕྱེད་གཞན་གྱི་དུམ་བུ་གསུམ་པ་ཆུ་སྟོད་ཀྱི་ཟླ་བ་ཕྱེད་དོ་ཞེས་པ་ལ་སོགས་པས་ས་དུམ་བུ་བཅུ་གཉིས་སུ་དུས་བཞི་ཟླ་བ་བཅུ་གཉིས་སོ་སོར་འཁོར་ཚུལ་རྒྱས་པར་གསུངས་ཤིང་། དུམ་བུ་གང་དུ་ཉིན་མོའི་ཚད་གང་ཡིན་པ་བདུན་པའི་མཚན་མོའི་ཚད་དུ་འགྱུར་བ་སོགས་བསྡུས་རྒྱུད་རྩ་འགྲེལ་གྱི་ལུང་འཁྲུལ་གཞི་མེད་ཅིང་ཤིན་ཏུ་གསལ་བ་འདིས་ནི་གླིང་བཞི་ལ་དུས་བཞི་ཐ་དད་དུ་འཁོར་བར་གསུངས་ལ། ཁྱེད་ཀྱི་འདི་ནི་གླིང་གཅིག་གི་མཐའ་ན་ཡོད་ཚེ་གླིང་ཀུན་གྱི་མཐའ་ན་ཡོད་པ་སོགས་གླིང་བཞི་དུས་བཞིར་མཉམ་པར་འདོད་པས་འདི་གཉིས་འགལ་བས་ན་ཉིད་ནས་དུས་འཁོར་བསྡུས་རྒྱུད་ཁས་ལེན་ན་རང་བཞེད་དེ་སྤང་དགོས་ཤིང་། མི་སྤང་ན་གོ་ལའི་ཚད་དང་རྣམ་གཞག་སོགས་སྔར་མ་གྲགས་པ་གསར་དུ་རྩོམ་དགོས་སོ། །


MR11_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་གཞི་འགོད་པའི་སྐབས་འདིར་ཉིད་ནས་ལུང་ཚད་མར་བྱེས་ཏེ་དཔྱད་འདུག་པས་བདག་གིས་ཀྱང་ལུང་གི་ཚད་མས་བསྒྲུབས་པ་ཡིན་ཅིང་། གླིང་བཞིར་དུས་བཞི་མཉམ་པར་འདོད་པ་འདི་ཁྱེད་ཙམ་དུ་མ་ཟད་རི་བོ་དགེ་ལྡན་པའི་མཁས་མཆོག་ཆེན་པོ་རྣམས་ཀྱི་མཛོད་ཀྱི་ཡིག་ཆ་ཁུང་མ་རྣམས་སུའང་དེ་ལྟར་བཞག་པར་གྲགས་ན་དེང་སང་དེ་ལྟ་བུར་མི་འཁྲུལ་པ་ལྟ་ཅི། དཔྱད་པ་ཞུགས་པ་ཡང་ངོ་མཚར་ཆེའོ། །གཉིས་པ་རིག་པ་ཚད་མར་བྱས་ཏེ་དཔྱད་པ་ལ་གཞུང་དེ་ན། གནས་ཚུལ་ལ་དཔྱད་པ། སྣང་ཚུལ་ལ་དཔྱད་པ། གནས་ཚུལ་རང་ལུགས་བཞག་པ་གསུམ་དུ་འདུག་པའི། དང་པོ་གཟའ་རྣམས་ཀྱི་འོག་གཞི་རླུང་གི་གོ་ལ་འདི་ཡི་སྟེང་གི་ཉི་ཟླའི་བགྲོད་ཚུལ་ལ་དཔྱད་ན། ཉི་མ་སྣུབས་ཀྱི་སྟེང་ན་ཡོད་དུས་རང་ཅག་གི་ཐད་དུ་ལྷོ་བགྲོད་མཐར་ཐུག་སྟེ་མེ་ལ་ཤིན་ཏུ་ཉེ་བར་མངོན་སུམ་གསལ་ཞིང་། མདུན་གྱི་བྱང་གླིང་གི་སྟེང་དུ་བྱང་བགྲོད་མཐར་ཐུག་སྟེ་བསིལ་རི་ལ་ཤིན་ཏུ་ཉེ་བ་ཡིན་ན་ཉི་མ་རང་འགྲོ་བའམ་འོག་གཞི་གོ་ལ་འགྲོ་བ་གང་རུང་ཡིན་དགོས་ལ། དང་པོ་ལྟར་ན་ཉི་མ་རང་གོ་ལའི་སྟེང་ནས་ཐང་ལ་རྟ་རྒྱུག་པ་ལྟར་འདོད་དགོས་པས་དེ་བསྒྲུབ་དཀའོ་ཞེས་དང་། ཡང་ན་རྒྱུ་སྐར་གནས་པའི་གོ་ལ་མིན་པའི་ཉི་མ་བགྲོད་པའི་གོ་ལ་གཞན་ཞིག་ཡོད་དགོས་པར་ཐལ་བ་གང་རུང་དུ་འགྱུར་ལ། གོ་ལ་ཕར་ཡོ་ཚུར་ཡོ་ནི་བྱེད་མི་ཤེས་ཏེ་བྱེད་ན་གླིང་འདིར་དུས་ཀུན་སྨིན་དྲུག་ཤར་དུ་འཆར་བར་མི་ངེས་པར་ཐལ་བ་དང་། གོ་ལ་བསིལ་རི་ཡན་ན་ཡོད་ན་འཁོར་


MR11_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་ཀྱང་། མན་ན་ཕོད་པས་འཁོར་ཐབས་མེད་དེ་བསིལ་རིས་བཀག་པས་སོ། །ཞེས་རིག་པ་འཕང་འདུག་པ། དེ་ཡི་ཞེ་འདོད་ལ་བརྟག་ན་གོ་ལ་ཞེས་པ་ལེགས་ཆག་འཕང་ལོ་མཛུབ་རྩིར་གྱོན་པ་ལྟ་བུ་ཞིག་ཡིན་པ་གཞིར་བཞག་བྱས་ནས་སྐྱོན་དེ་བརྗོད་འདུག་པས་གྲུ་འཛིང་མའི་ལུགས་འཛིན་པ་རང་རེ་རྣམས་ལ་ནི་སྐྱོན་འདི་དག་གང་ཡང་མི་འཇུག་སྟེ་ཁྱིམ་བཅུ་གཉིས་པོ་རང་རང་གི་རྒྱུ་ལམ་ཐ་དད་དུ་འདོད་པས་གོ་ལ་ཕར་ཡོ་ཚུར་ཡོ་དང་། ཉི་མའང་འགྲོ་དགོས་རྒྱུ་དང་། ཁྱིམ་བཅུ་གཉིས་སུ་མ་གཏོགས་པའི་ཉི་མས་བགྲོད་གཞིར་གསར་པ་ཞིག་དགོས་པ་གསུམ་ཀའི་སྐྱོན་མི་འཇུག་པ་གོ་བ་མེད་ཀྱང་ཐིག་བཟང་པོ་ཞིག་གདབ་ཤེས་པས་ཆོག་པར་གདའ་བས་ན་ལན་བརྗོད་ག་ལ་དགོས་གཞན་དུ་རྩེད་མོ་བྱས་ན། ཁྱེད་ཀྱི་རིག་པ་དེ་རང་གི་ཞེ་འདོད་དེའི་གནོད་བྱེད་དུ་ཡང་ཡང་མི་འདུག་སྟེ། ཅི་ལྟར་ཞེ་ན། སྤྱིར་གོ་ལ་བསིལ་རིའི་རྩེར་འཁོར་བ་ལས་བསིལ་རིའི་རྐེད་པར་མེད་པས་བསིལ་རི་ཡན་ན་ཡོད་པས་འཁོར་ཆོག་པར་ཁྱེད་ཀྱིས་ཁས་བླངས་བས་སོ། །ཁྱེད་ལ་འདི་དྲི་སྟེ། ཁྱེད་ཀྱི་དེ་ལྟར་ན་བསིལ་རི་ཡན་ན་ཡོད་པས་འཁོར་ཆོག་ལས། སྣུབས་ནས་སྨེ་བདུན་གྱི་བར་གྱི་སྐར་མ་དེ་དག་གིས་མ་བཀག་པར་འཁོར་ཆོག་ན་ལྷག་ཏུ་བསིལ་རིའི་འགོག་པ་ལས་འོས་མེད་པའི་རིག་པ་དེ་གང་ཡིན། ཞེས་བྱས་ན་ཅི་ཟེར། གཞན་ཡང་ཉི་མ་རང་གླིང་སོ་སོའི་སྟེང་དུ་འགྲོ་བའམ་གོ་ལ་གསར་པ་ཞིག་ཕྱོགས་སྔས་འདོད་ན་དེ་བརྗོད་བྱར་མི་བྱེད་པར་དོན་མེད་ཀྱི་གོ་ལ་གཞན་ག་ལ་བཤད་དེ། མདའ་


MR11_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དུ་འཕེན་པའི་ཚེ་འབེན་ནུབ་ཏུ་བཙུགས་པ་ལྟ་བུར་འགྱུར་བས་དེ་ལྟ་བུ་ནི་སྔོན་གྱི་མཁས་པ་ཆེན་པོ་དེ་རྣམས་ལྟ་ཅི། ཅི་ལྟར་བླུན་ཀྱང་རྟོགས་སླའོ། །དེས་ན་རིག་པ་དེ་དག་སྟེང་བསྐྱེད་དང་རྨོག་བརྩེགས་མ་ཁས་ལེན་པ་ལ་ནི་སུན་འབྱིན་དུ་རུང་གི་གྲུ་འཛིང་མ་འདོད་པ་རྣམས་ལ་ནི་ལྟག་ཆོད་དུ་འགྱུར་རོ། །ཞེ་འདོད་ནི་ཕྱོགས་སྔ་གྲུ་འཛིང་མའི་འདོད་པ་ཀོ་རློན་མ་དང་ནོར་བ་ཡིན་འདུག་གོ། གཉིས་པ་སྣང་ཚུལ་ལ་དཔྱད་པ་ལ། གཞུང་དེ་ལས་རགས་པ་དང་ཤར་གླིང་དང་ནུབ་གླིང་གི་ཕྱེད་ཙམ་གྱི་བར་དུ་ཉི་མ་འགྲོ་བར་བཅག་ལྷོ་གླིང་བས་མཐོང་བར་འདོད་དགོས་ལ། ཞིབ་པར་ཉི་མ་རིང་ཐུང་གིས་ཅུང་ཟད་སྔ་ཕྱི་ཡོད་ཀྱང་རུང་། དེའི་མཐོང་ཚུལ་དང་གོ་ལ་གྲུ་འཛིང་མའི་ཐིག་གཉིས་མི་མཚུངས་པས་དེ་ཅི་ལྟར་ཡིན་རང་ཅག་ལྷོ་གླིང་པས་མཐོང་བ་ཁོ་ན་ཚད་མར་བྱ་མི་འོས་ཏེ། ཉི་མས་གླིང་བཞི་ཀ་བསྐོར་བའི་ཕྱིར་ན་སྤྱི་མཉམ་གྱི་མཐོང་ཚུལ་མཐུན་དགོས་པའི་རིགས་པ་འཕང་འདུག་པ། སྤྱིར་རྟོག་ལྡན་ལས་དང་པོ་པས་འདི་ཙམ་གྲུ་འཛིང་མ་ལ་དཔྱད་འོས་སུ་ངེས་པར་འདུག་ཀྱང་། དེ་དག་དོགས་ཚུལ་ནི། གནམ་ཐིག་གོ་ལ་དང་། ས་ཐིག་ཁ་སྤྲད་དུ་གདབ་པའི་གནམ་སའི་བར་འགྱང་མེད་པར་གནམ་སའི་རྒྱ་ཁྱོན་ཆེ་ཆུང་ཁོ་ན་གཞལ་བའི་སྐབས་ཡིན་པས། ཐིག་དེའི་རྒྱས་འགེབ་མཐོང་ཚུལ་ལ་སྦྱར་ཏེ་འཁྲུལ་གཞི་བྱུང་འདུག་པ། དོན་སྤྱི་ཡུལ་དངོས་སུ་འཁྲུལ་བ་ལྟ་བུའོ། །དེ་ལ་ཐིག་གི་རེ་ཁ་རྣམས་ནི་གནས་ཚུལ་མ་ནོར་བའི་ཁྱིམ་གྱི་རྒྱུ་ལམ་ཡིན་ལ། མཐོང་ཚུལ་


MR11_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་དུ་གནམ་སའི་བར་འགྱང་གི་རྐྱེན་ལས་རིང་པོ་ཡང་ཐུང་ངུར་སྣང་བ། ཆེན་པོ་ཡང་ཆུང་ངུར་སྣང་བ་ལྟ་བུའི་འཁྲུལ་པ་འབྱུང་སྟེ། ཉི་ཟླའི་ཁྱོན་ལ་ཡང་དཔག་ཚད་ལྔ་བཅུ་རྩ་གཅིག་དང་། ལྔ་བཅུ་ཙམ་ལ་ཡང་རྒྱང་གྲགས་གཅིག་ཙམ་དུ་ཆེ་བར་མི་སྣང་བ་དང་། ཇི་སྐད་དུ། ནམ་ཕྱེད་ཉི་མ་ནུབ་པ་དང་། །ཉི་མ་ཕྱེད་དང་འཆར་དུས་གཅིག །ཅེས་པ་ལྟར་ཉིན་མཚན་མཉམ་པའི་ཚེ་ཤར་གླིང་གི་ཕྱེད་ན་ཉི་མ་ཡོད་པའི་ཚེ་འཆར་བར་མཐོང་ཞིང་། ནུབ་གླིང་གི་ཕྱེད་དུ་སླེབ་པའི་ཚེ་ནུབ་པར་མཐོང་བ་ཡིན་པ་ལ། རང་ཅག་གི་རང་ཡུལ་གང་ཡིན་པའི་ཤར་ནུབ་ཀྱི་རིའི་ཕྲག་པ་ནས་འཆར་ཞིང་ནུབ་པ་ཙམ་དུ་མཐོང་བ་མངོན་སུམ་པ་འདི་ལགས་པས། གནས་ཚུལ་སྣང་ཚུལ་ངེས་པར་མཐུན་པར་ཁས་ལེན་ན། རང་རེའི་ཤར་ནུབ་ཀྱི་རི་གཉིས་ཀྱི་བར་འདི་ན་ཆོས་ཅན། ཤར་གླིང་གི་ཕྱེད་ནས་བཟུང་སྟེ་ནུབ་གླིང་གི་ཕྱེད་ཀྱི་བར་ཤོང་བར་ཐལ། རང་རེའི་ཤར་རིའི་རྩེ་ནས་འཆར་བའི་ཉི་མ་འདི་ཤར་གླིང་གི་ཕྱེད་ན་གནས་པ་གང་ཞིག ནུབ་རིར་ནུབ་པའི་ཉི་མ་འདི་ནུབ་གླིང་གི་ཕྱེད་ན་ཡོད་པའི་ཕྱིར་ཁྱབ་པ་ཡོད་དེ་ཕྱོགས་སྔ་རང་གི་གནས་ཚུལ་སྣང་ཚུལ་གཅིག་དགོས་པར་ཁས་བླངས་པའི་ཕྱིར། གལ་ཏེ་དེ་ལྟར་མ་ངེས་དེ་ཤར་རིའི་རྩེ་ཕན་ཆད་དང་། ཤར་ནས་ནུབ་རིའི་རྩེ་ཕན་ཆད་དུ་ནུབ་པར་མཐོང་ངོ་ཞེ་ན། འོ་ན་ངེས་པར་ཤར་ནུབ་ཀྱི་གླིང་གི་ཕྱེད་ཀྱི་བར་དུ་འཆར་ནུབ་མཐོང་དགོས་པས། དཔག་ཚད་བརྒྱ་སྟོང་ཕྲག་དུ་མའི་ཕ་རོལ་ཏུ་ཉི་མ་འཆར་ཞིང་ནུབ་པར་མཐོང་བའི་མི་དེ་སུ་ཡིན་སྨྲོས་ཤིག །


MR11_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་དོན་དུ་ཉི་མ་ཏེ་ལྟར་དཔག་ཚད་མང་པོའི་ཕ་རོལ་ཏུ་འཆར་ནུབ་བྱེད་ཀྱང་། འདི་ནས་སྣང་ཚུལ་ལ་ཤར་ནུབ་ཀྱི་རི་གཉིས་ཀྱི་ཕྲག་པར་འཆར་སྡུད་བྱེད་པ་ལྟར་མཐོང་ཞེ་ན། བདག་གི་ཞེ་འདོད་དེ་ཡིན་པས་ད་ཁྱོད་ལ་ཅུང་ཟད་བཤད་ན་གོ་བར་གདའ་བས། འོ་དེ་ལྟར་ཐིག་གི་ལམ་ལྟར་ཉི་མ་ཤར་ནུབ་ཀྱི་གླིང་ན་ཡོད་ཀྱང་། གནམ་སའི་བར་འགྱང་གིས་འདི་ནས་བལྟ ས་པས་མཐོང་ཚུལ་གཅིག་ཡོད་པས། དེས་ནི་འཛམ་གླིང་ཆུང་ངུ་འདིའི་སྟེང་ཐད་ཁྱིམ་གྱི་འགྲོ་ལམ་རྟོགས་ཕྱིར་མེ་ནས་བསིལ་རིའི་བར་ཟླུམ་པོར་བཅད་པའི་ཐིག་ཀོར་ལ་གོ་ལའི་རེ་ཁ་ཕོག་ཚུལ་དང་མཚུངས་བར་མཐོང་སྟེ། གནས་སྣང་བཤད་མ་ཐག་པ་དེའི་དབང་གིས་སོ། །དེས་ན་ཉི་མས་གླིང་བཞི་པོ་བསྐོར་ཀྱང་འཛམ་གླིང་གི་མི་རྣམས་ལ་རང་རང་གི་མཐོང་ཚུལ་ཞིག་ཡོད་པ་རང་གི་ངོར་མི་བདེན་པར། གླིང་གཞན་དང་བསྟུན་ག་ལ་དགོས། དགོས་ན་ཧ་ཅང་ཐལ་ཏེ། གླིང་བཞི་ཀའི་ཉི་མ་དུས་གཅིག་ཏུ་མཐོང་བ་སོགས་སྐྱོན་དུ་མ་འབབ་པར་འགྱུར་རོ། །འདི་ནི་ཤིན་ཏུ་དཀའ་བའི་བློ་ཕྲ་མོས་མ་བརྟགས་ན་གོ་བར་མི་འགྱུར་ཞིང་། འདི་ལ་དཔེ་དང་གཏན་ཚིགས་དུ་མ་དགོས་ཀྱང་ཡི་གེས་འཇིགས་པས་རེ་ཞིག་བཞག་གོ། གསུམ་པ་གནས་ཚུལ་ལ་རློམ་པ་ནི། ཞེས་རང་གི་ལུགས་བཞག་པ་ན་སྟེང་བསྐྱེད་མའམ་རྨོག་བརྩེགས་མ་དེ་ཁས་བླངས་འདུག་སྟེ། དེ་སྒྲུབ་བྱེད་རང་གི་མཐོང་བ་ཙམ་ཞིག་ཚད་མར་བྱས་ནས་གཞན་ཚད་མར་མི་འོས་ཞེས་སྨད་མི་རུང་ཟེར་བཞིན་དུ། རང་ཅག་གི་མཐོང་ཚུལ་ཙམ་ལ་བསྟེན་ཏེ། ལྷོ་བགྲོད་མཐར་


MR11_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་ཤར་ལྷོ་ནས་ལྷོ་ནུབ་ཏུ་འཆར་ནུབ་བྱེད་པ་སོགས་ལ་དཔགས་ཏེ། གླིང་བཞིར་དུས་བཞི་མཉམ་པར་ཁས་བླངས་ཏེ། ཉིན་མཚན་རིང་ཐུང་གི་སྐྱོན་སྤང་དུ་མར་མེའི་དཔེས་ཉི་མ་མཐོ་ཚེ་མཐོང་སྔ། དམའ་ཚེ་མཐོང་ཕྱི་བ་ཡིན་ལ། མཐོ་དམན་གྱི་དབང་གིས་ཉི་མ་རིང་ཐུང་དུ་འགྱུར་བ་ཕྱོགས་སྔ་གྲུ་འཛིང་མ་ལའང་མཚུངས་པས་ཀླན་ཀ་སྤང་བར་སེམས་སོ། །ཚུལ་འདི་བདག་གིས་དཔྱད་ན་རིགས་པའི་དཔུང་མི་བཟོད་པར་འདུག་སྟེ། དེ་ལ་ཚད་མ་གསུམ་གྱིས་དཔྱད་པར་བྱ་སྟེ། དང་པོ་ལུང་གི་དབང་དུ་བྱས་ན། གླིང་བཞིར་དུས་བཞི་མཉམ་པར་འདོད་པའི་ལུགས་ལ་རྒྱུད་ཀྱི་ལུང་སྔར་དྲངས་པ་དེས་ཁེགས་སོ། །མངོན་སུམ་མཐོང་ལ་ལུང་སྦྱོར་ག་ལ་དགོས། །མངོན་སུམ་དང་འགལ་ལུང་གིས་ཅི་ཞིག་བྱ། །ཞེས་གཞུང་དེར་བྲིས་འདུག་པ་དེ་ནི་བདེན་ཏེ། ཚད་མ་དང་འགལ་བའི་ལུང་ལ་དགོས་པ་མེད་ཅིང་། མངོན་སུམ་མཚན་མར་གྲུབ་ན་ལུང་སྦྱོར་མི་དགོས་པས། ཁོ་བོ་ཅག་ཀྱང་རིག་པའི་ལམ་ལ་ཤིན་ཏུ་དགའ་བས་དོན་འདི་ལུང་གིས་གྲུབ་ཀྱང་། ལུང་དོན་རིག་པས་བསྒྲུབས་ན་འདི་ལྟར་དཔྱད་དེ། དེ་ལ་རྗེས་དཔག་དང་། མངོན་སུམ་ལ་འགལ་ཚུལ་ལོ། །དང་པོ་ཁྱོད་ཀྱིས་འདོད་པའི་རྨོག་བརྩེགས་མ་འདི་ཁྱིམ་བཅུ་གཉིས་པོ་རྨོག་བཅུ་གཉིས་བརྩེགས་པ་ལྟ་བུ་ཐ་དད་པ་ཞིག་གམ། རྨོག་གཅིག་ལྟ་བུ་ཞིག་གི་མཐའ་འཁོར་ལ་ཁྱིམ་གཅིག དེ་ནས་དེའི་སྟེང་དུ་གཅིག་སྟེང་གཅིག་བརྩེགས་ཏེ་གྱང་གི་ཕ་གུ་ལྟ་བུ་ཞིག་ཡིན། རྨོག་བརྩེགས་


MR11_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ལུགས་ལ་དེ་གཉིས་ལས་གཞན་དུ་འདའ་དཀའ་འམ་སྙམ། དང་པོ་ལྟར་ན་ཁྱེད་རང་གིས་ཐོགས་བཅས་སུ་འདོད་པའི་གོ་ལ་དེ་ཉི་མས་ཕུག་ནས་སྟེང་དུ་འགྲོ་བའམ། ཕུག་མི་དགོས་པར་སྟེང་ངོས་ནས་ཡར་འགྲོ་མར་འོང་བྱེད། དང་པོ་ལྟར་ན་མི་འཐད་པ་རང་གི་ཁེས་ལེན་གྱིས་བསལ། ཕྱི་མ་ལྟར་ན་རླུང་གི་གོ་ལ་ཉིས་བརྩེགས་དང་སུམ་བརྩེགས་ལ་སོགས་པ་ཡོད་པར་འདོད་པའི་ལུང་ངམ་རིགས་པ་གང་ཡིན། ཁྱིམ་བཅུ་གཉིས་བརྩེགས་ཡོད་ན་ནི། ཉི་མ་ཁྱིམ་དྲུག་ལ་ཡར་འགྲོ། དྲུག་ལ་ཕྱིར་འབབ་དགོས་པའི་ཡར་འཛེགས་པ་དང་། མར་འོང་བའི་ཚེ་ཁྱིམ་རེ་རེ་བརྒལ་འགྲོའམ། རིམ་ཅན་དུ་འགྲོ། བརྒལ་འགྲོ་ན་ཉི་མ་ཉིན་རེ་ཞིང་ཆུ་ཚོད་བཞི་རྗེས་འབྲང་དང་བཅས་པར་རྟག་ཏུ་མི་ངེས་པ་སོགས་སྐྱོན་ཤིན་ཏུ་མང་བ་གོ་སླ་ལ། རིམ་ཅན་དུ་འགྲོ་ན། ཡར་བཅུ་གཉིས་མར་བཅུ་གཉིས་འོང་བས་ཁྱིམ་ཉི་ཤུ་རྩ་བཞིར་འགྱུར་རོ། །གལ་ཏེ་ཁྱིམ་དྲུག་ལས་ཕྱོགས་རེ་རེ་ལ་ཐ་དད་དུ་མིང་རེ་བཏགས་པའི་ཡར་འགྲོ་དྲུག་དང་མར་འོང་དྲུག་ཡིན་ཟེར་ན། དེ་ནི་ཧ་ལམ་ལྕགས་སྒྲོག་མ་དང་འཁོར་ཚུལ་འདྲ་བས། དེ་དཔྱད་པ་འོག་ཏུ་བྱ་ལ། གྱང་གི་ཕ་གུའམ་ཕུབ་ཀྱི་སྦ་འཁོར་ལྟ་བུར་འདོད་ན་དེ་ཡང་བཅུ་གཉིས་སམ་དྲུག་པོ་གང་རིགས་སུ་ངེས་ལ། བཅུ་གཉིས་ཡིན་ན་གོང་གི་དཔྱད་པ་དང་། དྲུག་ཡིན་ན་འོག་གི་རིགས་པས་གནོད་དོ། །དེ་ལ་གྲུ་འཛིང་མ་མ་གཏོགས་པའི་གླིང་བཞིར་དུས་བཞི་མཉམ་པར་འདོད་པའི་ལུགས་སྟེང་བསྐྱེད། ཕྱིར་བསྐྱེད་


MR11_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

རྨོག་བརྩེགས། ལྕགས་སྒྲོག་ཀོ་རློན་སོགས་ཀུན་ལ་རིགས་པ་གཅིག་བརྗོད་པར་བྱ་སྟེ། དེ་ལ་འདིར་རིགས་པ་དུ་མ་ཡོད་ཀྱང་རིག་པ་གཅིག་གིས་ཀྱང་དེ་ཀུན་རྫུན་པར་རྟོགས་ནུས་ཏེ། དགྲ་གསོད་པ་ལ་མདའ་མདུང་གྲི་ལ་སོགས་པ་གང་རུང་རེས་ཆོག་པ་བཞིན་ནོ། །དེ་ཡི་རིགས་འདི་ཡིན་ཏེ། ཁྱེད་ཀྱི་དེ་ལྟར་ན་གླིང་བཞིའི་གཅིག་གི་མཐའ་ན་ཉི་མ་ཡོད་དུས། ཐམས་ཅད་ཀྱི་མཐའ་ན་ཡོད་དགོས་ལ། གཅིག་གི་དབུས་ན་ཡོད་པའི་ཚེ་ཐམས་ཅད་ཀྱི་དབུས་ན་ཡོད་དགོས་པས། འདི་ལྟར་ཉི་མ་སྐར་མ་སྣྲུབ་ཀྱི་སྟེང་ན་ཡོད་དུས་དམའ་ཤོས་ཡིན་པས། མར་མེའི་དཔེས་གླིང་འདི་ན་ཉི་མ་ཐུང་བའི་མཐར་ཐུག་པར་འདོད་ལ། དེ་བཞིན་དུ་གླིང་གཞན་རྣམས་ལའང་ཉི་མ་ཐུང་བའི་མཐར་ཐུག་ཡིན་དགོས་པས། དཔེར་ན་གླིང་འདི་ན་ཉིན་ཚད་ཆུ་ཚོད་ཉེར་དྲུག་ཡིན་ན་འདིའི་མདུན་གྱི་གླིང་འདི་ནས་བརྩིས་པའི་བདུན་པ་བྱང་གི་གླིང་དེ་ནའང་ཉིན་ཚད་ཆུ་ཚོད་ཉེར་དྲུག་ཡིན་དགོས་ལ།གླིང་འདིས་ཉི་མ་ཆུ་ཚོད་ཉེར་དྲུག་གི་ཡུན་དུ་མཐོང་། བདུན་པའི་ཡང་ཉེར་དྲུག་གི་ཡུན་དུ་མཐོང་བས་དེ་གཉིས་བསྡོམས་ན་ཆུ་ཚོད་སོ་གཉིས་ལས་མ་བྱུང་བ། ཉིན་ཞག་ཕྲུག་གཅིག་ལ་ཆུ་ཚོད་དྲུག་ཅུ་ཡོད་པར་འདོད་ན།ཆུ་ཚོད་བརྒྱད་ཀྱི་བར་དུ་གླིང་འདིས་ཀྱང་མི་མཐོང་། མདུན་གླིང་བདུན་པས་ཀྱང་མི་མཐོང་བར་ཉི་མ་ག་ན་སོང་བ་ཡིན་སྨྲོས་ཤིག །དེ་བཞིན་དུ་འདི་ན་ཉིན་ཚད་ཆུ་ཚོད་སོ་གསུམ་ཡིན་ཚེ། གླིང་བདུན་པ་ལ་དེ་ཡིན་དགོས་པས།


MR11_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་བསྡོམས་ན་ཆུ་ཚོད་རེ་དྲུག་འབྱུང་བས་ལྷག་དྲུག་པོ་ཅི་ལྟར་ཡིན་ཞེས་བསམ་པར་བྱས་ལ། དེ་ཡང་ཉི་མ་རིང་བའི་ཚེ་གླིང་བདུན་ཅིག་ཆར་གསལ། ཐུང་བའི་ཚེ་གླིང་ལྔ་ལས་གསལ་མི་ནུས་པའི་རྒྱུ་མཚན་ཤིན་ཏུ་ཞིབ་ཆ་ཆེན་པོ་ཡོད་འདུག་ཅིང་། མཛོད་འགྲེལ་ཁ་ཅིག་ལས་དུས་བཞི་མཉམ་པ་ལ་གླིང་འདི་ན་ཉི་མ་རིང་བ་མཐར་ཐུག་དུས་མཚན་ཀྱང་རིང་པོ་མཐར་ཐུག་དགོས་པར་ཐལ་བ་འཕེན་འདུག་ཀྱང་། དེའི་སྐྱོན་སྤང་ཚུལ་ཤེས་ན་མི་གནོད་པར་འདུག་ལ། རང་ལུགས་རྗེས་དཔག་གིས་དཔྱད་ན། ཁྱོད་ཀྱི་ལུགས་དེ་ག་ལྟར་ན། སྟོན་དཔྱིད་ཉིན་མཚན་མཉམ་པའི་དུས་ན་ཉི་མ་འཆར་ནུབ་སོགས་གླིང་ཐམས་ཅད་དུ་འདྲ་དགོས་པ་ལ་སྟོན་མཉམ་དང་དཔྱིད་མཉམ་གྱི་ཉི་མ་འཆར་ས་དང་ནུབ་ས་ཅུང་མི་འདྲ་བ་དང་། སྣྲུབ་འཆར་ཚེ་གནམ་མཐའ་ནས་ཤར་ནས། ནུབ་ཚེ་གནམ་གྱི་དབུས་སུ་ཡར་འགྲོ་བ་དང་། དང་པོ་སྣྲུབ་ཀྱི་ཕྱི་མཐའ་ན་སྐར་མ་ཉུང་ངུ་ལས་མ་མཐོང་ཀྱང་རྗེས་ནུབ་ཁར་མང་དུ་མཐོང་བ་འདི་ཅི་ཡིན། དེས་མཚོན་ཏེ་འཆར་ནུབ་རྣམ་པ་ཐམས་ཅད་མཚུངས་དགོས་པ་ལ། གྲུ་འཛིང་མའི་ཐིག་གི་ལམ་བཞིན་དུ་འགྲོ་བར་མངོན་སུམ་གྱིས་གྲུབ་པས། མངོན་སུམ་ཚད་མའི་དོན་ལ་བསྙོན་མི་འདིང་བར་ཡིད་ཆེས་སུ་འཚལ་ལོ། །གཞན་ཡང་ཁྱོད་ཀྱི་རྣམ་དཔྱོད་གོ་ལ་ལ་དཔྱད་པས་ཞུགས་འདུག་པས་ཁྱེད་ལ་འདི་དྲི་སྟེ། གོ་ལ་ཞེས་པ་རླུང་ལེབ་ཆགས་གཅིག་འཁོར་འགྲོ་བར་འདུག་ན། བྱང་གི་སྐར་མ་བརྟན་པ་ཞེས་པ་འདི་རི་རབ་ལ་མི་བསྐོར་


MR11_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

བར་མངོན་སུམ་གྱིས་མཐོང་བ་འདི་འོག་གཞི་གང་ལ་བརྟེན་པ་ཡིན་སྨྲ་དགོས་སོ། །གལ་ཏེ་ཡུལ་མི་རྣམས་ཀྱི་བླུན་གཏམ་ལྟར་རི་རབ་ཀྱི་རྩེ་ནའོ་ཞེ་ན། རི་རབ་ཀྱི་རྩེ་ན་ཡོད་པའི་ལུང་ཅི་ཡོད། རི་རབ་ཀྱི་རྩེ་ན་ཡོད་པ་གཞན་མི་མཐོང་བར་དེ་མཐོང་བའི་རིགས་པ་གང་ཡིན། གཞན་ཡང་གླིང་འདིའི་བྱང་ན་རི་རབ་ལྷུན་པོ་ཉི་འོད་ཀྱིས་ཕོག་ཚེ་འོད་སྔོ་ལམ་མེ་བ་གནམ་དུ་འགྲེང་སྟེ་གནས་པ་དང་། ཤར་ནུབ་ཀྱི་གླིང་གི་སྟེང་ནམ་མཁའ་དཀར་པོ་དང་། དམར་པོ་ཡིན་པ་མི་མཐོང་བའི་ཚུལ་ལ་དཔག་ན། རྒྱང་རིང་པོའི་གཟུགས་ལ་གཞན་དུ་འཛིན་པ་ལྟར་ཉེ་རིང་གི་དབང་གིས་གནས་སྣང་གི་རྣམ་པ་ཀུན་ཏུ་གཅིག་དགོས་རྒྱུ་མིན་ནམ་དཔྱད་འཚལ། ཡང་སྟོན་དཔྱིད་མཉམ་གཉིས་སོགས་སུ་ཉི་མ་འཆར་ནུབ་ཀྱི་སྔ་ཕྱི་ཡོད་པ་འདི་ལ་བརྟགས་ན་གྲུ་འཛིང་མའི་ལུགས་ལྟར་རྗེས་སུ་དཔག་པས་འགྲུབ་པ་གོར་མ་ཆགས། མང་པོ་སྨྲས་པས་ཅི་བྱ་སྟེ་མདོར་ན། ཁྱེད་ཀྱི་དེ་ལྟར་ན་མཉམ་གཉིས་སོགས་ཉིན་ཚད་འདྲ་བའི་ལྷོ་བྱང་བགྲོད་པ་གཉིས་ཀར་ཉི་མ་འཆར་ནུབ་པ་ཚད་གཅིག་ཏུ་ངེས་དགོས་པ་རིགས་པས་གྲུབ་པ་ཡིན་ན་འདིར་ནི་མངོན་སུམ་ཚད་མས། ལྷོ་བགྲོད་ཐམས་ཅད་ལྷོ་ཉེ་ནས་ཤར་ནས་བྱང་ཉེར་ནུབ་པ་དང་། བྱང་བགྲོད་ཁྱིམ་དྲུག་པོ་དེ་ལས་ལྡོག་སྟེ།མཉམ་གཉིས་ཀྱི་སྐབས་སུའང་། སྟོན་མཉམ་གྱི་དུས་ཉི་མ་འཆར་ཚེ་དམའ་བས་འོད་འཕོག་མ་ཐག་ནས་ཉི་མ་འཆར། ནུབ་ཚེ་ཅུང་མཐོ་ནས་ཉི་མ་ནུབ་ཀྱང་དགོངས་ཐག་རིང་། དཔྱིད་དེ་ལས་ལྡོག་ཚུལ་དུ་ཡོད་པས་


MR11_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་པའི་མངོན་སུམ་གྱིས་མཐོང་དོན་ལྟར་གྲགས་པའི་ཁ་སྐད་ལ། དཔྱིད་ཉི་མ་རིང་ཀྱང་དགོངས་ཐག་ཐུང་། སྟོན་ཉི་མ་ཐུང་ཀྱང་དགོངས་ཐག་རིང་། ཟེར་བ་འདི་ཁོ་ནས་ཀྱང་ཤེས་ནུས་ཏེ། ཁྱེད་ཀྱིས་དེ་ལྟར་ན་མཐོ་ཚེ་གླིང་ཐམས་ཅད་དུ་མཐོ། དམའ་ཚེ་གླིང་ཐམས་ཅད་དུ་དམའ་བས་ཉི་མ་མཐོང་སྔ་ན་ནུབ་ཀྱང་ཕྱི། མཐོང་ཕྱི་ན་ནུབ་ཀྱང་སྔ་བ་ལས་འོས་མེད་པ་མ་ལགས་སམ་དགོངས་ཐག་རིང་ཐུང་འབྱུང་བ་ཅི་ཡིན་བརྟགས་པས་ཀྱང་ཤེས་སོ། །དེ་ལྟར་མངོན་སུམ་རྗེས་སུ་དཔག་པ་ཡིས། །ལེགས་པར་བརྟགས་ན་དཔལ་ལྡན་རྒྱུད་ཀྱི་ལུང་། །ཉེས་པ་ཕྲ་མོས་དབེན་པའི་རྡོ་རྗེའི་ཚིག །གུས་པས་སྤྱི་བོར་ལེན་པའི་སྐལ་བཟང་ཐོབ། །རྣམ་དཔྱོད་རྒྱ་མཚོ་ལྟ་བུར་ཟབ་གྱུར་པ། །གང་གི་མདུན་སར་བྱིས་པའི་ཚིག་འདི་དག །གུས་པ་བཅས་པས་ཅུང་ཟད་བརྗོད་བྱས་ཀྱང་། །འདི་ལ་མ་རྟོགས་ལོག་པར་རྟོག་པའི་ཆ། །གང་འཆིས་དེ་ཀུན་བཀྲུ་བའི་ཆོ་ག་རུ། །དག་བྱེད་ཞལ་ཀྱི་ཆུ་གཙང་རྣམ་སྤྲོས་ནས། །སླར་ཡང་སྟོན་ཀའི་དུས་ཀྱི་ཟླ་བ་ལྟར། །བདག་ཅག་རྣམས་ཀྱི་བློ་གྲོས་གསལ་བར་མཛོད། །ཅེས་ལྔ་རིག་སྨྲ་བ་མཉྫུ་བྷ་དྲའི་མཚན་ཅན་གྱི་མཁྱེན་བཞིན་དུ་གཞན་གྱི་བློ་གྲོས་བསྐུལ་བའི་ཆ་རྐྱེན་དུ་བྲིས་པའི་གོ་ལའི་ཚུལ་ལ་དཔྱད་པ་ལ་བློ་བཞག་ནས་རང་གི་བསམ་ཚུལ་ཅུང་ཟད་བརྗོད་པ་འདི་ནི་མཁས་དབང་དྲང་སྲོང་རྒན་པོའི་སྙན་རྒྱན་


MR11_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རློམས་ཏེ། རྩིས་རིག་སྨྲ་བའི་བྱིས་པ་ཨ་ཛི་ཏ་བི་ཛ་ཡས་བློ་གྲོས་ཆུང་ངུའི་སྐྱེད་མོས་ཚལ་ནས་མགྱོགས་པར་བཏུས་ཏེ་ངག་ཚིག་མདོར་བསྡུས་པའི་མེ་ཏོག་སར་པའི་ཆུན་འཕྱང་དུ་བསྟང་བ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།།


previousནམ་མཁའི་གོ་ལའི་ཚུལ་ལ་དཔྱད་པ་ལ་ལན་དུ་སྤྲིངས་བའི་གཏམ་མཁས་པའི་སྙན་རྒྱན་མེ་ཏོག་གི་ཆུན་འཕྱང་།next