Nitartha Digital Library
Tibetan
གླེགས་བམ་བཅུ་གཉིས་པ།


   
   
   
ཟླ་རྐང་གི་དོགས་གནས་ལ་དཔྱད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟླ་རྐང་གི་དོགས་གནས་ལ་དཔྱད་པ།next

ཟླ་རྐང་གི་དོགས་གནས་ལ་དཔྱད་པ།


MR12_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་རྐང་གི་དོགས་གནས་ལ་དཔྱད་པ། འདིར་ཟླ་རྐང་གནས་བཅུ་བཞི་ལ་རྐང་གྲངས་ཀྱི་སྡེ་ཚན་བདུན་ཏེ། མདའ་དབང་འབྱུང་མཚོ་མེ་མིག་གཟུགས་ཞེས་པ་འདི་ཟླ་རྐང་གི་ཆ་ཤས་འཕེལ་འགྲིབ་བྱེད་པའི་གཞི་ཟླ་རྐང་དངོས་སོ། །དེ་དག་ཞག་བདུན་རེས་ཚར་གཅིག་རྫོགས་ཏེ། ལུགས་འབྱུང་ལྡོག་ཏུ་བྲིས་པའི་དབང་གིས་ཞག་བཅུ་བཞི་ན་ཚར་གཉིས་རྫོགས་པ་ལས་ལྷག་པོ་མི་དགོས་པས། རིལ་པོ་ཚེས་བསྲེས་ཆུ་ཟླས་བགོ་བ་ཡིན་ནོ། །དེའི་ཕྱིར་བཅུ་བཞིས་བགོས་ལྷག་གཅིག་བྱུང་ན་ཟླ་བའི་སྔ་རྐང་དང་པོ་ནས་བདུན་སྔ་རྐང་ཕྱི་རྐང་གི་བར་དང་བཅུ་གསུམ་པ་ཕྱི་རྐང་ཐ་མ་དང་། ཐིག་ཤར་ན་རྐང་མཚམས་སུ་ཟིན་པའོ། །དེ་ལ་ཟླ་རྐང་བདུན་པོའི་ངོ་ཐོག་གི་གྲངས་བསྡོམས་ན་ཉེར་ལྔ་འབྱུང་བ་འདི་ཟླ་རྐང་ཉེར་ལྔ་ཞེས་བྱ་སྟེ་འབྱུང་བ་ལྔའི་ཡོན་ཏན་ལྔ་ནས་གཅིག་གི་བར་དང་། དང་པོ་ལ་སྙིང་སྟོབས་རྡུལ་མུན་གྱིས་ཕྱེ་བས་ལན་གསུམ་འཁྱུད་པ་བཅས་བདུན་ཡོད། དེ་དག་ནང་དུ་རྩའི་གྲངས་ཉེར་ལྔ་ལའང་སྦྱར་བར་མཛད་དོ། །ཟླ་རྐང་བཟུང་ནས་སྔ་རྐང་ལ་ཟོས་ཟིན་དང་། ཕྱི་རྐང་ལ་ཟ་རྒྱུའི་ཨང་གྲངས་རྣམས་བསྡོམ་པས། ཟླ་རྐང་དང་པོ་ལ་ལྔ། གཉིས་པར་བཅུ། གསུམ་པར་བཅོ་ལྔ། བཞི་པར་བཅུ་དགུ་ནས། བདུན་པར་ཉེར་ལྔ་བར་བྲི་བ་འདི་རྐང་བསྡོམ་ཞེས་བྱ་བ་ཡིན་ལ། ཞག་བདུན་གྱི་རྐང་སྡོམ་གྲངས་གཅིག་ཏུ་བསྡོམ་ནས་བརྒྱ་དང་ཉི་ཤུ་འབྱུང་བ་ནི་ཕྱི་རོལ་དུ་ཟླ་རྐང་གི་ཆ་ཤས་བརྒྱ་ཉི་ཤུ་ཞེས་བྱ་སྟེ། ལུས་ཀྱི་ནང་དུ་ཡང་


MR12_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་ཀྱི་ཆ་ཤས་ཀྱི་ཐུན་རྣམས་ཀྱི་ཆ་ལ་སྤྱོད་ཚུལ་བརྒྱ་ཉི་ཤུ་ཡོད་དོ། །ཁ་ཅིག་གིས་ཆ་ཤས་ཅན་ཟླ་རྐང་བདུན་པོའི་གྲངས་ལ་བསམ་ནས། ཞག་རེ་རེ་ལ་ཟླ་རྐང་གི་གྲངས་དེ་ཙམ་སྤྱོད་པ་དངོས་གནས་ལ། སྔ་མ་སྔ་མའི་གྲངས་འོག་མ་འོག་མར་ཡང་ཡང་བསྲེས་ནས་བརྩིས་པས་བརྒྱ་ཉི་ཤུ་ནི་དངོས་པོ་ལ་མི་གནས་པར་ལྡོག་པའི་སྒོ་ནས་རྣམ་གྲངས་ཙམ་དུ་ཕྱེ་བའོ། །ཞེས་ཟེར། ཟླ་རྐང་བདུན་པོ་ཞག་བདུན་པར་དུ་རིམ་པས་འཕེལ་བའམ། དེ་ནས་ཞང་བདུན་བར་དུ་རིམ་པས་འགྲིབ་ཚུལ་ལ་དཔྱད་ན། ཞག་དེའི་ངོས་སྐལ་གྱི་ཟླ་རྐང་དེ་ཉིད་དེ་ཉིད་ཀྱི་སྐལ་པའི་འཕེལ་འགྲིབ་བྱེད་པའི་གྲངས་དངོས་ཡིན་ལ། དེ་སྔ་མ་སྔ་མ་དང་བསྡོམས་ནས་འཕེལ་ཏེ། དཔེར་ན་ཞག་དང་པོའི་ཟླ་རྐང་ལྔ། གཉིས་པའི་དངོས་གནས་པ་ལྔ། ཞག་དང་པོའི་ལྔ་དང་བསྡོམས་ན་བཏགས་པའི་སྒོ་ནས་བཅུ། གསུམ་པར་དངོས་གནས་པ་ལྔ། ཞག་སྔ་མ་གཉིས་ཀྱི་ཟླ་རྐང་སྤྱད་ཟིན་དང་བསྡོམ་ན་བཅོ་ལྔ་སོགས། བདུན་པར་ཉེར་ལྔའི་བར་དུ་འཕེལ་ཞིང་། དེ་ནས་རིམ་བཞིན་འགྲིབ་བོ། །དེའི་ཕྱིར་དངོས་གནས་པ་ཉེར་ལྔ་ལས་མེད་པར་འདོད་པ་དག་གི་བསམས་པ་ནི་འདི་ཡིན་ཏེ། དཔེར་ན་ཞག་དང་པོ་མཚན་བརྗོད་ཚར་ལྔ། གཉིས་པར་ལྔ། གསུམ་པར་ལྔ། བཞི་པར་བཞི་སོགས། བདུན་པར་གཅིག་བཀླག་ན། ཞག་བདུན་པོའི་མཚན་བརྗོད་བཏོན་གྲངས་བསྡོམས་པས་ཉེར་ལྔ་འབྱུང་བ་འདི་དངོས་པོ་ལ་གནས་པ་ཡིན། ཞག་གཉིས་པར་ཚར་ལྔ་བཀླག་པར་དེར་ཞག་དེར་དངོས་གནས་ལྔ་ལས་མ་


MR12_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བཏོན་ཀྱང་། ཞག་སྔ་མར་བཏོན་ཟིན་ལྔ་དང་བསྡོམ་ནས་བཅུ། དེ་བཞིན་གསུམ་པར་བཅོ་ལྔ་སོགས་ནས། བདུན་པར་ཉེར་ལྔའི་བར་དུ་བཀླག་པ་དེ་ཞག་སོ་སོའི་འཕེལ་གྲངས་ཀྱིས་རི་མོ་བསྡོམས་ན་བརྒྱ་ཉི་ཤུར་འགྱུར་ཀྱང་། དངོས་གནས་མཚན་བརྗོད་ཉེར་ལྔ་བཏོན་པ་ལས་བརྒྱ་ཉི་ཤུ་བཏོན་པ་མ་ཡིན་པ་བཞིན་ནོ། །དེ་བཞིན་དཔག་ཚད་ཉེར་ལྔའི་ཁྱོན་ཞག་བདུན་ལ་ཟླ་རྐང་གི་གྲངས་ལྟར་བགྲོད་པ་དང་། ནས་བྲེ་ཉེར་ལྔ་ཞག་བདུན་ལ་ལྔ་ལྔ་ལྔ་བཞི་སོགས་འཇལ་བ་སོགས་ཀྱང་དངོས་གནས་ཉེར་ལྔ་ལས་མེད་པ་འདི་ལྟ་བུ་ལ་བསམས་ནས་ཟླ་རྐང་གི་ཆ་ཤས་བརྒྱ་ཉི་ཤུ་དངོས་པོ་ལ་མེད་པའོ་སྙམ་པའོ། །ཟླ་རྐང་བདུན་པོའི་གྲངས་ཙམ་ལ་བསམས་ན་ཞག་རེའི་ངོ་སྐལ་ཐུན་མིན་འཕེལ་འགྲིབ་བྱེད་པའི་གཞི་ཉེར་ལྔ་པོ་དེ་ཡིན་ཀྱང་། སྔ་མ་སྔ་མའི་སྟོབས་ཀྱིས་འཕེལ་ཏེ་བརྒྱ་ཉི་ཤུར་སོང་པའི་ཟླ་རྐང་གི་ཆ་ཤས་དེ་ཡང་དངོས་པོ་ལ་མི་གནས་པ་ཡང་མ་ཡིན་ཏེ། རྐང་བསྡོམ་ཇི་ལྟར་བྲིས་པ་དེ་བཞིན་འཕེལ་བའམ་འགྲིབ་པ་དེ་ཞག་དེའི་དུས་སུ་དངོས་གནས་པར་ཁས་ལེན་དགོས་ཏེ། གོང་གི་མཚན་བརྗོད་བཀླག་པ་དང་དཔག་ཚད་རྩི་ཚུལ་ལྟར་ན་དེ་ལྟར་ཡིན་ཀྱང་། དེ་དང་ཟླ་རྐང་ལས་རྐང་སྡོམ་བྲི་ཚུལ་འདི་གཉིས་མི་འདྲ་སྟེ། མཚན་བརྗོད་ཉེར་ལྔ་ཞག་བདུན་ལ་བཏོན་པ། དཔག་ཚད་ཉེར་ལྔ་བགྲོད་པ། ནས་བྲེ་ཉེར་ལྔ་ཞག་བདུན་དུ་འཇལ་བ་འདི། གྲངས་སྔ་མ་སྔ་མའི་


MR12_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཕྱི་མ་ཕྱི་མ་བསྣན་ནས། ཞག་བདུན་ན་ཉེ་ལྔར་ལོངས་པ་དེ་ཙམ་ལས། ཞག་བདུན་བར་དུ་གྲངས་དེས་འཕེལ་སྟེ་གྲངས་གཞན་ལ་བསྣན་པར་བྱས་པའམ། འགྲིབ་སྟེ་ཕྲི་བར་བྱ་བའི་གཞི་མེད་པས། ཞག་དང་པོར་ལྔ། གཉིས་པར་བཅུ་སོགས་བརྩིས་མཐར་ཉེར་ལྔ་ཉིད་དུ་གྲུབ་པ་དེ་ཁོ་ནར་འགྱུར་གྱི་ཞག་བདུན་སོ་སོའི་ངོས་སྐལ་གྱི་གྲངས་ལྔ་དང་བཅུ་ལ་སོགས་པས་འཕེལ་འགྲིབ་ཀྱི་བྱ་བ་དངོས་གནས་ལ་མེད་མོད། ཟླ་རྐང་གི་ཞག་དང་པོར་གྲངས་ལྔ་བྲིས་པ་འདི་ཞག་དང་པོའི་ལོངས་སྤྱོད། དེ་ཙམ་འཕེལ་བའམ་འགྲིབ་པ་དངོས་གནས་པ་ཡིན་ན། ཞག་གཉིས་པར་རྐང་སྡོམ་གྱི་གྲངས་བཅུ་བྲིས་པ་འདི་ཞག་གཉིས་པར་ཆུ་ཚོད་བཅུས་སྣོན་འདྲིད་བྱེད་པ་དངོས་གནས་པ་ཡིན་གྱི། ལྔས་སྣོན་འཕྲི་བྱས་པ་ཡིན་ན་ཞག་དང་པོ་དང་ཁྱད་མེད་པས་དངོས་པོ་ལ་གནས་པ་མ་ཡིན་ནོ། །དེའི་དུས་ཀྱི་ཞག་དེའི་ངོ་སྐལ་གྱི་ཆུ་ཚོད་དངོས་གནས་པ་དང་། ལྔ་ནི་ཞག་དང་པོའི་སྐལ་པ་ཡིན་གྱི་འདིའི་དངོས་གནས་པ་མིན་སྙམ་ན། ལྔ་དེ་རིང་ཞག་གཉིས་པའི་སྐལ་བ་དང་། ལྔ་ཞག་དང་པོའི་སྐལ་པ་སྤྱད་ཟིན་ཡིན་པ་བདེན་ཀྱང་། རྟག་ལོངས་སོགས་གཟའ་རྣམས་ཀྱི་དལ་མྱུར་གྱི་ལོངས་སྤྱོད་ཐམས་ཅད་སྔ་མ་སྔ་མའི་སྟེང་ནས་ཕྱི་མ་ཕྱི་མ་མ་བརྩིས་པར་ད་ལྟར་ལོངས་སྤྱོད་ཇི་ཙམ་ཡིན་པ་ཤེས་ཐབས་མེད་པས། སྔ་མ་དང་བསྡོམས་ནས་དེ་ལྟར་འོང་བ་ཡིན་རུང་། དེ་ལྟར་བསྡོམ་པ་དེ་ཉིད་གང་བརྩེ་ཉིན་དེའི་ལོངས་


MR12_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དངོས་གནས་པ་ཡིན་པར་ཁས་ལེན་དགོས་ཀྱི། སྔ་མ་དང་མ་བསྡོམས་པའི་རང་དུས་ཀྱི་རྟག་ལོངས་སམ་རྐང་པའི་གྲངས་ཙམ་ཞག་དེའི་ལོངས་སྤྱོད་དངོས་གནས་པར་ཁས་བླངས་ནས། ཡུལ་དང་དུས་ཀྱི་ཆུ་ཚོད་སྔ་མ་སྔ་མ་དང་བསྡོམས་པའི་གྲངས་དེ་དངོས་པོ་ལ་མི་འདས་པར་འདོད་ན་མཚན་བརྗོད་བཏོན་ཚུལ་ལ་མཚོན་ན། ཞག་གཉིས་པར་བཅུ་གྲུབ་པ་ཞག་དེའི་ངོས་སྐལ་གྱི་དངོས་གནས་པ་མིན་ཞིང་། དེའི་ཚུལ་གྱིས་ཞག་བདུན་པར་ཉེར་ལྔ་གྲུབ་པ་དངོས་པོ་ལ་མི་གནས་པར་འགྱུར་ཞིང་། དེ་བཞིན་སྐྱེས་བུས་དཔག་ཚད་བརྒྱ་བགྲོད་པ་དང་། ནས་བྲེ་བརྒྱ་འཇལ་བ་རྣམས་ཀྱང་། མཚན་བརྗོད་ཚིག་རེ་རེ་དང་། ས་གོམ་པ་རེ་རེ་ནས་འབྲུ་རེ་རེ་ནས་རིམ་པར་སྔ་མའི་སྟེང་དུ་ཕྱི་མའི་གྲངས་བསྣན་ནས་མཐར་ཉེར་ལྔའམ་བརྒྱ་ལ་སོགས་པ་ཇི་ཙམ་ཡིན་པ་དེ། དུས་དེའི་ཚེ་ན་དངོས་པོ་ལ་གནས་པ་ཡིན་གྱི་མི་གནས་པར་ཁས་ལེན་དགོས་པས་དེ་མི་རུང་སྟེ། དཔེར་ན་དེ་རིང་ཉི་མ་འདི་ལ་སྐྱེས་བུ་འདིས་ཚེ་ལོ་བརྒྱ་ལོན་ནོ་ཞེས་པའང་ཐ་སྙད་དབང་བཙན་དུ་བྱས་ཏེ་དེ་ལྟར་བརྗོད་པ་སྐྱོན་མེད་ཡིན་པ་བཞིན་ནོ། །ཟླ་རྐང་དང་པོའི་ཆུ་ཚོད་ལྔ་ཡང་དུས་མཐའི་སྐད་ཅིག་ནས་ཆུ་ཚོད་ལྔའི་རིམ་པས་སྔ་མ་སྔ་མའི་སྟེང་དུ་ཕྱི་མ་ཕྱི་མ་བསྣན་ཏེ་མ་རྩིས་པར་ཆུ་ཚོད་ལྔ་འོང་བ་མི་སྲིད་དོ། །དཔག་ཚད་ཀྱང་རྡུལ་ཕྲ་རབ་རིམ་པས་འཕེལ་བ་ཡིན་གྱི་དཔག་ཚད་རིལ་པོར་མེད་དོ། །དེས་ན་རྩིས་ཀྱི་ཚུལ་ལུགས་ལས།


MR12_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་སྔ་མ་སྔ་མའི་སྟེང་དུ་ཕྱི་མ་ཕྱི་མ་བསྣན་ཏེ། གཅིག་ནས་བརྒྱ་སྟོང་ལ་སོགས་པར་འཕེལ་བ་དེ་དངོས་གནས་པའི་གྲངས་ཡིན་གྱི། སྔ་མ་དང་སྡོམ་པ་མི་རྩི་ན། གྲངས་ཐམས་ཅད་རེ་རེ་བར་འགྱུར་གྱི་ཇེ་མང་དུ་འཕེལ་བ་མི་སྲིད་དོ། །དལ་བའི་རྟག་ལོངས་ལ་ཡང་ཞག་རེར་རྟག་ལོངས་རེ་རེ་སྤྱོད་པ་ལས་ལྷག་པ་སྤྱོད་མི་སྲིད་ཀྱང་། ཞག་དང་པོའི་རྟག་ལོངས་ལས། གཉིས་པ་སོགས་སུ་འཕེལ་བ་དེ་ཉིད་ཞག་དེའི་དུས་ཀྱི་ལོངས་སྤྱོད་དངོས་གནས་པར་ཁས་ལེན་དགོས་ཀྱི་སྔ་མ་དང་བསྡོམ་ནས་མ་བརྩིས་ན་དེ་ལྟར་ཇེ་མང་དུ་འཕེལ་རྒྱུ་མེད་ཅིང་། རིམ་པས་མ་འཕེལ་ན་གང་བརྩི་བའི་དུས་དེའི་ལོངས་སྤྱོད་ཅི་ཙམ་ཡིན་པ་ཤེས་པའི་ཐབས་མེད་དོ། །དེས་ན་ཞག་རེ་རེའི་ཡུན་གྱི་དབང་དུ་བྱས་ན། རྟག་ལོངས་འདི་ཙམ་རེ་རེ་སྤྱོད་པ་དང་། ཟླ་རྐང་འདི་ཙམ་འཕེལ་འགྲིབ་བྱེད་ཅེས་བསམ་ན་ཟླ་རྐང་ཉེར་ལྔ་དོན་ལ་གནས་ཤིང་། ཞག་སྔ་ཕྱི་སྦྲེལ་ཏེ་བརྩིས་པའི་དབང་དུ་བྱས་ན། དང་པོའི་ལྔ་དེ་ཞག་གཉིས་པར་བཅུ་ཡི་གྲངས་སུ་འཕེལ་བ་སོགས་རྐང་བསྡོམ་བྲི་རྒྱུ་འདི་ཞག་དེའི་ལོངས་སྤྱོད་དངོས་པོ་ལ་གནས་པ་ཡིན་པའི་ཕྱིར་ན་ཟླ་རྐང་གི་ཆ་ཤས་འཕེལ་བ་དང་འགྲིབ་པའི་ཆ་བརྒྱ་ཉི་ཤུ་ཡང་དངོས་པོ་ལ་གནས་པར་འདོད་རུང་སྟེ། ཞག་གཉིས་པར་རྐང་སྡོམ་བཅུས་འཕེལ་འགྲིབ་བྱེད་པ་དེ། ཞག་དང་པོའི་ལྔ་སྤྱད་ཟིན་གྱི་གྲངས་དང་རང་དུས་ཀྱི་ལྔ་བསྡོམ་ནས་བཅུར་ལོངས་པ་ཡིན་གྱི། ཞག་སྔ་མའི་རྐང་གྲངས་དང་མ་བསྡོམ་པར་ཞག་གཉིས་


MR12_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་བཅུ་གསར་དུ་སྤྱད་པ་མིན་ན་ཡང་། སྔ་ཕྱི་བསྡོམས་པའི་བཅུ་པོ་དེས་ཞག་གཉིས་པར་ཟླ་རྐང་རྐང་བསྡོམ་གྱི་བཅུ་དངོས་གནས་ཀྱིས་འཕེལ་བའམ་ཕྲི་བ་བྱེད་པ་ཡིན་པས། བཅུ་ཡིས་བཅུ་གོ་ཆོད་ཅེས་ཁས་ལེན་དགོས་སོ། །སྔ་མའི་ལྔ་དང་བསྡོམ་པའི་བཅུ་ཡིན་པས། རང་དུས་ཀྱི་བཅུའི་གོ་མ་ཆོད་ན། རྐང་བསྡོམ་འབྲི་མི་དགོས་པར་ཟླ་རྐང་གང་བབ་དེའི་གྲངས་ཙམ་གྱིས་ཕྲི་སྣོན་བྱེད་པར་རིགས་ན་ཡང་དེ་ཤིན་ཏུ་མི་འཐད་དོ། །དེས་ན་ཞག་དང་པོར་ཟླ་རྐང་ཐོག་མའི་གྲངས་ལྔ་ཕྲི་བ་འདི་དངོས་གནས་ཡིན་པ་བཞིན། གཉིས་པར་བཅུ་བྲིས་པ་ཡང་དང་པོའི་ལྔ་དང་ཁྱད་མེད་པར་ཞག་དེའི་ངོས་སྐལ་གྱི་ལོངས་སྤྱོད་ཡིན་པ་ནས། ཞག་བདུན་པར་ཉེར་ལྔ་བྲི་བའི་ཐར་དུ་འདྲ་ཞིང་ཁྱད་མེད་པར། རྐང་བསྡོམ་གྱི་གྲངས་དངོས་སུ་ཡོད་པ་དེས་ཕྲི་བསྣན་འཕེལ་འགྲིབ་དངོས་གནས་པར་བྱེད་པས་དེ་དངོས་པོ་ལ་གནས་པར་ཁས་ལེན་དགོས་ཀྱི། ཞག་བདུན་པོ་དེ་རེ་རེའི་རྐང་བསྡོམ་གྱི་གྲངས་ཅི་ཙམ་བྲིས་པ་དེ་ཙམ་ཞིག་དངོས་སུ་ཞག་དེར་འཕེལ་འགྲིབ་བྱེད་པས་དེའི་ནང་ན་དངོས་པོ་ལ་མི་གནས་པའི་གྲངས་ཅུང་ཟད་བསལ་རྒྱུ་མེད་ལ། དེ་ལྟར་ཞག་བདུན་པོའི་རྐང་བསྡོམ་གྱི་གྲངས་དེ་དག་རེ་རེ་ནས་དངོས་པོ་ལ་གནས་པའི་ཕྲི་སྣོན་དུ་གྱུར་ཚེ། ཞག་བདུན་པོའི་རྐང་བསྡོམ་གྱི་གྲངས་གཅིག་ཏུ་བསྡོམས་པའི་བརྒྱ་དང་ཉི་ཤུར་ལོངས་པ་དེ་ཡང་དངོས་པོ་ལ་གནས་པའི་ཟླ་རྐང་གི་ཆ་ཤས་དེ་ཙམ་ཡོད་པར་ཁས་ལེན་ཅིའི་ཕྱིར་མི་རུང་


MR12_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རྐང་བསྡོམ་ཀྱི་གྲངས་བྲིས་པ་དངོས་པོ་ལ་མི་གནས་ཤིང་ཟླ་རྐང་ངོ་ཐོག་པའི་གྲངས་བསྡོམ་པ་ཙམ་དངོས་པོ་ལ་གནས་ན། རྐང་བསྡོམ་བྲིས་ནས་ཕྲི་བསྣན་བྱས་པའི་ཟླ་རྐང་འཕེལ་འགྲིབ་ཀྱི་རི་མོ་ཞག་རེ་རེ་བཞིན་དུ་བཀོད་པ་འདི་ཞག་དེའི་ལོངས་སྤྱོད་དངོས་གནས་པ་མིན་པར་ཁས་ལེན་དགོས་ཤིང་། ཉི་མའི་ཁྱིམ་ཞག་གི་རྟག་ལོངས་རེ་རེ་ཁྱིམ་ཞག་རེ་རེ་ལ་སྤྱོད་ནས། མཐར་རྒྱུ་སྐར་ཡུལ་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་ཡོད་པའི་ལོངས་སྤྱོད་དེ་ཡང་རྒྱུ་སྐར་འཁོར་ལོ་རྫོགས་པའི་ཉིན་དེའི་ལོངས་སྤྱོད་དངོས་གནས་པའི་མིན་པར་ཁས་ལེན་དགོས་ལ། དེ་ལྟར་ཁས་བླངས་ན་གཟའ་དགུའི་དལ་དག་དང་མྱུར་དག་གི་རྩིས་ཀྱི་རི་མོ་རྣམ་དག་བཀོད་པ་ཐམས་ཅད་དུས་དེ་དང་དེའི་ལོངས་སྤྱོད་དངོས་གནས་པ་མིན་པར་ཁས་ལེན་དགོས་ན། དེ་ལྟར་ཁས་ལེན་པ་དེ་དག་ལ་གཟའ་དགུའི་དལ་མྱུར་གྱི་རྩིས་འདིས་ཅི་ཞིག་བྱ། དེས་ན་འདི་ལྟར་ཞིབ་ཏུ་ཤན་ཕྱེས་ནས་དཔྱད་པར་རིགས་ཏེ་ཕྱི་རོལ་ན་ཟླ་རྐང་གི་ཆ་ཤས་བརྒྱ་ཉི་ཤུ་མེད་ན་ནང་གི་བརྒྱ་ཉི་ཤུ་ལ་སྦྱར་བའི་གཞི་མེད་པས་རྒྱུད་ཀྱི་དགོངས་དོན་ལ་མཁོ་བས་དཔྱད་པ་འདི་བྱས་པ་ཡིན་ནོ། །ཟླ་རྐང་རི་མོར་བྲིས་པ་ཙམ་རྩིས་པ་གསར་བུ་པ་རྣམས་ཀྱིས་ཀྱང་རྟོགས་སླ་ལ། དེ་བསྡོམས་ན་གྲངས་ཉེར་ལྔ་ལས་མི་འོང་བ་ཙམ་གྱིས་དཔྱད་པ་སུས་ཀྱང་རྟོགས་སླ་མོད། ཞིབ་ཏུ་ན་ཟླ་རྐང་དང་ཟླ་རྐང་གི་ཆ་ཤས་ཀྱི་ཁྱད་འབྱེད་པ་དང་། དེ་གཉིས་དངོས་པོ་ལ་གནས་པ་ཡིན་མིན་གྱི་ཁྱད་ཡོད་ཚུལ་འདི་དག་མཁས་པར་གྲགས་པའི་རྩིས་པ་རྒན་


MR12_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཀྱང་རྟོགས་དཀའ་བར་མཐོང་ནས་འདི་ལྟར་ཞིབ་དུ་ཕྱེས་པ་ཡིན་ནོ། །སྤྱི་སྔ་མའི་ཆ་ལ་བརྟེན་ནས་ད་ལྟར་དེ་དང་དེ་ལྟར་བཏགས་པ་ཡིན་ཡང་། བཏགས་པ་དོན་མཐུན་རྣམས་ཀྱིས་འཇིག་རྟེན་ཐ་སྙད་ཀྱིས་དངོས་པོ་ལ་གནས་པའི་གོ་ཆོད་པ་ནི་འདི་ཙམ་དུ་མ་ཟད། སེམས་ཅན་གྱི་སྐྱེ་བ་དང་གནས་པ་རྒས་པ་ཤི་བ་ཞེས་བྱ་བའང་སྐད་ཅིག་ལ་མིན་ཏེ། རྒྱུན་ལ་ལྟོས་ནས་འཇོག་པ་སོགས་དང་། ཡུལ་གཞན་དུ་འགྲོ་བ་དང་འོངས་པ། བསྐལ་པ་དུ་མར་འཚོ་བ་སོགས། ཕྱོགས་དང་དུས་ལས་བཏགས་པ་ཐམས་ཅད་ཀྱང་འདི་དང་ཚུལ་མཐུན་པའི་འཇིག་རྟེན་ཐ་སྙད་ཀྱི་རྣམ་བཞག་ཕལ་མོ་ཆེ་ཡང་བདེ་བླག་ཏུ་ཤེས་པར་འགྱུར་རོ། །ཞིབ་ཏུ་ཤིན་འབྱེད་འདི་ལྟར་མ་བཤད་ན། ཟླ་རྐང་ཆ་ཤས་བརྒྱ་དང་ཉི་ཤུ་བོ། །རེས་འགའ་དངོས་གནས་རེས་འགའ་བཏགས་པ་འདྲའི། །ཐེ་ཚོམ་སྦུབས་ནས་བློ་ལྡན་སུ་ཞིག་གྲོལ། །རགས་པའི་བློ་ཡིས་ཐུག་རེག་མ་ཕོག་པར། །སླ་སླ་འདྲ་ཡང་གཞིག་ན་འཆར་དཀའ་བའི། །རྩིས་ཀྱི་དཀའ་གནད་ཅུང་ཟད་བཤད་པ་འདི། །ཀུ་ཤའི་རྩེ་ལྟར་ཕྲ་བའི་བློ་ལྡན་གྱིས། །བརྟག་ནས་དོན་ལ་ངེས་པ་རྙེད་གྱུར་ན། །དོན་ཆུང་འདྲ་ཡང་ཡ་མཚན་དོན་ཀྱང་མཐོང་། །བཏགས་པ་འདྲ་ཡང་དོན་ལ་གནས་པར་ཤེས། །དེ་ཕྱིར་རབ་ཚེས་ལྕགས་ཁྱིའི་རྒྱལ་ཟླ་བའི། །བཅུ་གཅིག་ཚེས་ལ་མི་ཕམ་པ་ཡིས་བཀོད། །འདི་ཡིས་རྩིས་རིག་སྨྲ་རྣམས་དགྱེས་གྱུར་ཅིག །དགེའོ། །མངྒ་ལཾ།


previousཟླ་རྐང་གི་དོགས་གནས་ལ་དཔྱད་པ།next