Nitartha Digital Library
Tibetan
གླེགས་བམ་བཅུ་གཉིས་པ།


   
   
   
   
རྩིས་གསར་ཐུབ་བསྟན་མཛེས་རྒྱན་ལ་དཔྱད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྩིས་གསར་ཐུབ་བསྟན་མཛེས་རྒྱན་ལ་དཔྱད་པ།next

རྩིས་གསར་ཐུབ་བསྟན་མཛེས་རྒྱན་ལ་དཔྱད་པ།


MR12_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་གསར་ཐུབ་བསྟན་མཛེས་རྒྱན་ལ་དཔྱད་པ་བཞུགས།


MR12_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། མཁའ་ལྟར་སྔོ་བ་ཡེ་ཤེས་རལ་གྲི་དང་། །ཟླ་འདྲ་རྒྱལ་བའི་གསུང་རབ་གླེགས་བམ་གྱིས། །ཉེར་མཚན་པདྨ་དཀར་པོའི་སྡོང་བུ་ཡིས། །ཕྱག་གི་འཁྲི་ཤིང་མཛེས་པ་དེ་ལ་འདུད། །མགོན་ཁྱོད་སྙིགས་མ་ལྔ་ཡི་སྐྱེ་བོའི་ངོར། །མཐོན་མཐིང་རལ་པའི་ཟུར་ཕུད་དབྱིངས་སྦས་ནས། །ངུར་སྨྲིག་འཛིན་པའི་གཟུགས་སུ་རྣམ་རོལ་བ། །མཚུངས་མེད་བླ་མ་དེ་ལ་བདག་ཅག་དད། །འདི་ན་རང་གི་ཕྱོགས་དང་གཞན་གྱི་ཕྱོགས། །འདི་ཞེས་རིས་སུ་བཅད་པ་མ་མཆིས་ཀྱང་། །གང་ལ་རྒྱུད་དོན་རྡོ་རྗེའི་ཚིག་ཉེ་བ། །དེ་ལ་རྟོག་གེ་བདག་ཀྱང་མངོན་པར་དགའ། །མ་བརྟགས་གསར་པ་དང་ལེན་ཅིང་། །གཞན་ཟེར་ཁོ་ནའི་རྗེས་སུ་ཟློས། །རིགས་པ་དང་འགལ་ལམ་སྨྲ་བ། །བླུན་པོ་ཤེས་རབ་འཆལ་བའི་རྟགས། །བརྟགས་ནས་དོན་དང་མཐུན་པ་འཛིན། །ཟབ་མོ་རྟོགས་པར་


MR12_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ལ་མོས། །རིགས་པས་གནོད་མེད་ཚུལ་སྟོན་པས། །བློ་དང་ལྡན་པ་ལེགས་པར་མཚོན། །དེ་ཕྱིར་ཀུན་རྨོངས་བདག་འདྲས་ཀྱང་། །ཀུན་དགའི་གསུང་རབ་ཀུནྡའི་ཚལ། །ཀུན་ནས་དག་པར་བགྱི་སླད་དུ། །ཀུན་རྟོག་སེམས་ཀྱིས་ཅུང་ཟད་དཔྱད། །དེ་ལ་འདིར་དཔྱད་གསུམ་གྱིས་དག་པའི་ལུང་ནི་ཡིད་ཆེས་སུ་རུང་བ་ཡིན་ལ། བཅོམ་ལྡན་འདས་ནི་ཤེས་བྱ་ཐམས་ཅད་ལ་སྒྲིབ་པ་ཕྲ་མོ་ཡང་མི་མངའ་བས། དེའི་གསུང་ནི་ཇི་ཙམ་བརྟགས་པ་དེ་ཙམ་དུ་ཡིད་ཆེས་ཤིང་དཔྱད་བཟོད་པ་ཡིན་ནོ། །དེའང་རྒྱལ་བས་དཔལ་ལྡན་རྩ་བའི་རྒྱུད་དུ་ཇི་སྐད་བསྟན་པའི་དོན་མཐའ་དག་ཡོངས་སུ་རྫོགས་པར་དངོས་ཤུགས་ཅི་རིགས་ལ་བསྟན་པའི་བསྡུས་པའི་རྒྱུད་འདི་ནི་སྡུད་པ་པོ་གཞུང་འགྲེལ་པ་དང་བཅས་པ་བཅོམ་ལྡན་འདས་ཉིད་ཀྱིས་ལུང་བསྟན་པ་ཡིན་པས་ལུང་འདི་ལ་བརྟེན་ནས་ཅུང་ཟད་དཔྱད་པར་བྱ་ན། དེ་ལ་རྒྱུད་དཔལ་དུས་ཀྱི་


MR12_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་འདིར་ནི། ཕྱི་རི་གླིང་གཟའ་སྐར་གྱི་རྣམ་བཞག ནང་རྩ་རླུང་ཐིག་ལེའི་འདུ་འཕྲོད། གཞན་དཀྱིལ་འཁོར་གྱི་འཁོར་ལོའི་དག་པ་བཅས་གཅིག་ཏུ་བསྒྲིགས་པའི་གནད་ཐུན་མོང་མིན་པ་ཡོད་པས་འདི་ནི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ནོ་ཞེས་འཕགས་བོད་ཀུན་ཏུ་རླུང་ལྟར་གྲགས་པ་ཡིན་ལ། ཁ་ཅིག་གིས་ཕྱིའི་གཟའ་སྐར་ལ་སོགས་པའི་རྣམ་བཞག་གསུངས་པ་ནི་མུ་སྟེགས་ཅན་གཞུག་པ་ཙམ་ཡིན་གྱི་དོན་ཆེན་མེད་ཟེར་བ་ནི། རྒྱུད་དོན་མ་རྟོགས་པའི་གྱི་ན་ཏེ། ཕྱི་དུས་ཀྱི་འཁོར་ལོ་མ་ཤེས་པས་ནང་དུས་ཀྱི་འཁོར་ལོ་མི་ཤེས་པ་སོགས་དང་། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། ཞེས་སོགས་གསུངས་པ་ལྟར་ཕྱིར་སྣང་གི་རྣམ་པ་མ་ལུས་པ། ནང་གི་ཁམས་ཀྱི་འཕོ་བ་ལས་བྱུང་བའི་གནད་ཐུན་མིན་ལ་ངེས་པ་རྙེད་པས་ཕྱི་རོལ་གྱི་སྣང་བ་མ་ལུས་པ་ནང་གི་བདག་ཉིད་ཅན་དུ་རྟོགས། ནང་གི་ཆོས་ཀུན་ཀྱང་རང་བཞིན་གྱིས་རྣམ་པར་དག་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་ཉིད་ཅན་དང་། དེའང་འགྱུར་བ་མེད་པའི་བདེ་བ་ཆེན་པོ་དང་ཟུང་དུ་ཞུགས་པའི་སྟོང་ཉིད་ཕྱག་རྒྱ་ཆེན་མོ་འཁོར་འདས་ཀུན་ལ་ཁྱབ་པའི་ཧེ་རུ་ཀར་གཏན་ལ་འབེབ་པ་ནི། རྒྱུད་འདིའི་དབུ་ཞབས་ཀྱི་དོན་ཐམས་ཅད་བསྡུས་པའི་སྙིང་པོའི་གནད་ཐུན་མིན་ཡིན་པས་ན། འདིར་བསྟན་གྱི་གཟའ་སྐར་ཁྱིམ་གྱི་བགྲོད་པ་མཐའ་དག་ལ་ནང་གི་འཕོ་བ་དང་སྦྱར་བའི་དག་པ་ཁྱད་པར་ཅན་ཡོད་པ་ཡིན་པས། དེ་དག་གི་གནད་མ་རྟོགས་བཞིན་དུ་ཚུལ་མཐོང་རི་མོ་འདྲི་ཚུལ་ཙམ་ལ་ཞེན་པ་དག་ནི་ཕྱི་དུས་ཀྱི་འཁོར་ལོའི་གནད་སྟོར་བ་ཡིན་ནོ། །དེའི་ཕྱིར་ན་རྩིས་ཚུལ་གསར་པ་འདི་འདྲ་བ་ཡོད་སྐད་རིང་མོ་ནས་ཐོས་པ་དགའ་བ་འཕེལ་


MR12_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རྒྱུ་མཚན་ཅིས་ན། ཕུག་མཚུར་དགོན་ལུང་པ་སོགས་ཀྱི་རང་འདོད་ཀྱི་རྩིས་གཞི་འདི་རྣམས་ཕལ་ཆེར་མིག་སྐར་དང་གཟའ་འཛིན་སོགས་འགྲིག་དཀའ་བ་དང་། སྟོང་འཇུག་གི་རི་མོ་སོགས་རྒྱུད་ཀྱི་དག་པ་དང་མི་འགྲིག་པ་ལ་སོགས་པས་ན། དཔལ་ལྡན་རྩ་བའི་རྒྱུད་ཀྱི་དངོས་བསྟན་བསྡུས་རྒྱུད་དབུ་ཞབས་ཀྱི་དོན་ཐམས་ཅད་དང་མི་འགལ་བ། དུས་ཚིགས་དང་གཟའ་སྐར་དང་ལྔ་སྒྲ་བཅས་པའི་འགྲོས་མངོན་སུམ་བསྙོན་དུ་མེད་པ་ཞིག་ཡོད་ན་དེ་ལ་ཡི་རང་ལན་བརྒྱར་འབུལ་ཞིང་དེའི་རྗེས་སུ་འབྲང་བར་རིགས་པས་སོ། །དེ་ལ་རྩིས་ཚུལ་འདི་སྐྱབས་མགོན་འཇམ་པའི་དབྱངས་ཀྱི་ཕྱག་ཏུ་འབྱོར་འཕྲལ་དཔྱད་པ་གྱིས་ཤིག་པའི་བཀའ་ལུང་དང་བཅས་ཏེ་ཕེབས་པའི་དོན་ལྟར། ཚུལ་འདི་ལ་བློ་ཁ་ཅུང་ཟད་ཕྱོགས་པའི་སྐབས་སུ་འདི་ལྟར་སེམས་ཏེ། རྩིས་གསར་འདི་ཕུག་མཚུར་སོགས་གང་གི་ཡང་རེས་གཟའ་གསུམ་གྱིས་ཉུང་ཞིང་། ཉི་ཟླའི་སྐར་མ་གཉིས་ཀྱིས་མང་བ་དང་། གཟའ་ལྔ་སོགས་ཁམ་རང་གི་གཞུང་དུ་བཤད་པ་ལྟར་གྱི་དགོས་ཞག་མང་བ་ལ་སོགས་པས་ཤིན་ཏུ་ཁྱད་ཆེན་པོ་འདུག་པས། རྩིས་ཀྱི་བླང་དོར་རྩ་བ་ནས་མི་འདྲ་བས་འདི་ལ་དཔྱད་པ་བྱར་འོས་སུ་འདུག་ལ། དེའང་རྩིས་འདི་འདྲ་བ། ལྷ་དང་ཌཱ་ཀིས་ལུང་བསྟན་པའམ། རྒྱུད་དང་འགྲེལ་པའི་མན་ངག་ལས་རྙེད་པའམ། དངོས་སྟོབས་ཀྱི་རིགས་པ་སྟེ། དེ་གསུམ་པོ་གང་གིས་རྟོགས་པའི་ཚུལ་དཔྱད་ན། འདི་རྩོམ་པ་པོ་གང་གིས། དང་པོར་རིགས་ལྡན་གྱིས་བྱིན་གྱིས་རླབས་པའི་རྟགས་མཚན་ཕྲ་མོ་ཐོབ་པ་ནས་བརྩམས་ཏེ། ལོ་དུ་མར་རྒྱུད་དང་འགྲེལ་བའི་དོན་ལ་ཡང་ཡང་དཔྱད་པས་རྒྱུད་ཀྱི་


MR12_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཤུགས་ཟུར་གྱི་དོན་རྣམས་གབ་སྦས་མེད་པར་ཁོང་དུ་ཆུད་པར་གྲགས་པས་ན། འདིར་རྒྱུད་ཀྱི་ལུང་དོན་བླངས་པ་དེ་དག་ལ་རིགས་པས་གྲུབ་པའི་ཚུལ་ངེས་པ་འདྲོང་བའི་གནད་ཇི་ཡོད་བསམ་པར་བྱའོ། ༈ །དེ་ལ་དང་པོ་གོ་ལའི་སྐབས་སུ་ཁྱིམ་སོ་སོ་པ་བཅུ་གཉིས་ཡོད་པར་འདོད་པ་དྲུ་འཛིང་མའི་ལུགས་འདི་མི་འཐད་དེ། འདི་ལྟར་ན་དཔྱིད་མཉམ་སྐབས་དབྱར་ཉི་ལྡོག་དུས་ཀྱི་འཆར་ས་དེ་ནས་ཤར་ནས། དགུ་ཉི་ལྡོག་དུས་ཀྱི་ནུབ་ས་དེར་ནུབ་དགོས་ལ། སྟོན་མཉམ་པ་ན། དགུན་ཉི་ལྡོག་དུས་ཀྱི་འཆར་ས་དེ་ནས་དབྱར་ཉི་ལྡོག་དུས་ཀྱི་ནུབ་ས་དེར་ནུབ་དགོས་ལ་དེ་ལྟར་མི་འགྱུར་བ་དང་། མཐོ་ཚད་ཀྱང་བསིལ་རིའི་ཐད་དུ་འཁོར་བར་འདོད་པའང་མི་འཐད་དེ། དེ་ལྟར་ན་དབྱར་ཉི་ལྡོག་དུས་ཀྱི་གྲིབ་མ་ལྷོར་འགྲོ་དགོས་པ་ལ་དེ་ལྟར་མི་འགྱུར་བས་སོ་ཞེས་ཟེར། རང་ལུགས་ཟླུམ་སྐོར་གྱི་གཞི་གཅིག་ལ་ཆ་བཅུ་གཉིས་སུ་ཕྱེ་བའི་ཆ་རེར་ཁྱིམ་རེར་འཇོག ཁྱིམ་བཅུ་གཉིས་པོ་མགུལ་བར་དོ་ཤལ་བསྐོར་བ་བཞིན་དུ་ཡོད་དོ་ཞེས་ཟེར་རོ། །དེ་ལ་གོ་ལ་འདི་ཐད་སྔོན་ཡང་སྟེང་བསྐྱེད་ཕྱིར་བསྐྱེད་རྨོག་བརྩིགས་ལྕགས་སྒྲོག་གོ་རློན་མ་སོགས་འདུ་ཤེས་སྣ་ཚོགས་སུ་གྱུར་པས་དེང་སང་བར་རྩོད་པ་ཆེའང་། ཕྱིས་ཡོངས་གྲགས་དྲུ་འཛིང་མ་ཡིན་ལ། དྲུ་འཛིང་མ་ཡིན་པའི་ལུགས་གཞན་སུ་ཡིན་ཀྱང་གླིང་བཞི་དུས་བཞི་མི་མཉམ་པར་འབྱུང་མི་ཤེས་པའི་ཕྱིར།དེ་འདྲ་བ་མི་འཐད་ཅིང་། གླིང་བཞིར་དུས་བཞི་མི་མཉམ་པར་འཁོར་བ་ངེས་པར་ཁས་བླངས་དགོས་ཏེ། དེ་ལ་ལུང་རིགས་གཉིས་ལས། དང་པོ་ལུང་ནི། རྒྱུད་ལས། གང་ཕྱིར་རི་ལ་སྐྱེ་བོ་རྣམས་ཀྱིས་ཉིན་མཚན་མཉམ་པར་འགྱུར་ཏེ། ཅེས་པ་


MR12_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དུམ་བུ་དུམ་བུ་ངག་ཏུ་ཟླ་བར་འགྱུར་ཏེ་ས་གཞི་བཅུ་གཉིས་རྩི་བ་རྣམ་ལ་ནི་རིམ་པའོ། །ཚད་གང་དུམ་བུ་གང་དུ་ཉིན་མོའི་དབང་གིས་ཡིན་པ་དེ་ནི་བདུན་པ་དག་ཏུ་མཚན་མོ་ལའོ། །ཞེས་པའི་བར་གྱིས་གསལ་བར་བསྟན་ཅིང་། འགྲེལ་པར། ད་ནི་སྟེང་དུ་ཉི་མ་འཁོར་བའི་དབང་གིས་དུམ་བུ་བཅུ་གཉིས་ལ་སའི་གོ་ལ་གསུངས་པ། ཅེས་པ་ནས། ད་ནི་ཉི་མས་ཁྱིམ་འཁོར་བའི་དབང་གིས་ས་དུམ་བུ་བཅུ་གཉིས་སུ་བྱང་དུ་བགྲོད་པ་བཅུ་གཉིས་དང་།ལྷོར་བགྲོད་པ་བཅུ་གཉིས་གསུངས་པ་ཞེས་པའི་བར་དང་། ཡང་དེ་ནས། ཁྱིམ་གྱི་འཁོར་ལོ་འཁོར་བའི་དབང་གིས་མེ་ལ་རེག་པ་གང་ཡིན་པ་དེ་ནི་བདུན་པའི་ཕྱོགས་ཐོབ་པ་ན་ལྷུན་པོའི་རྭ་ལ་རེག་ཅིང་གངས་ཀྱི་རིའི་སྟེང་དུ་འགྲོའི་ཞེས་པའི་རིགས་པས་ཞེས་པའི་བར་དང་། ཡང་། དེ་ནས་འདིར་ས་གཞི་རྩིབ་བཅུ་གཉིས་པོ་ལ་དུམ་བུ་སོ་སོ་དག་ཏུ་ཟླ་བ་སོ་སོར་འགྱུར་རོ་ཞེས་པའི་བར་དང་། ཡང་། དེ་ནས་ཁྱིམ་གཅིག་ལ་དཔེར་བརྗོད་དེ་ཉི་མ་ལུག་ལྟ་བུ་ལ་གནས་ཚེ། ཁྱིམ་དེ་དུམ་བུ་སོ་སོའི་ལྷོ་བྱང་དབུས་སོགས་སུ་འགྲོ་བ་ལ་བརྟེན་ནས་ཟླ་བ་བཅུ་གཉིས་སོ་སོར་འཆར་ཚུལ་གསུངས་པ་འདི་ལ་བརྟེན་ནས་གྲུ་འཛིང་མ་རྣམ་པར་གཞག་པ་ཡིན་ཏེ། གཞན་དུ་སྐར་མ་སྣུབས་ལྟ་བུ་བྱང་གླིང་དབུས་མའི་སྟེང་དུ་རི་རབ་ལ་ཨི་ཉེ་སུས་བལྟས་ནས་ལུགས་འདི་བཞག་པ་མ་ཡིན་མོད་ཀྱི། འོན་ཀྱང་འདི་རྒྱུད་དོན་ལྟར་རིགས་པས་ཡང་དག་པར་གྲུབ་པས་འདི་ཁས་བླང་པར་བྱ་སྟེ། དེ་ལ་མི་འདོད་མཁན་རྣམས་ཀྱིས་རྒྱུད་ཀྱི་ལུང་ནི་དགོངས་པ་ཅན་ཡིན་ནོ་ཟེར་ཡང་། དགོངས་པ་ཅན་ཡིན་ན། དགོང་གཞི། དགོས་པ་དངོས་ལ་


MR12_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་གསུམ་ཡོད་དགོས་ལ། དེ་གསུམ་མེད་ཅིང་སྒྲ་ཇི་བཞིན་དུ་ཁས་ལེན་དུ་བཏུབ་པས་སོ། །དེ་ལ་རྒྱུད་དངོས་བསྟན་གྱི་ཕྱེད་པ་ལྟ་བུ་ནི་གྲུབ་མཐའ་གསལ་བར་མ་བསྣན་པའི་སྦས་རྩིས་ཡིན་པར་འགྲེལ་པ་པོ་པད་དཀར་གྱིས་བཤད་ཅིང་རྩ་རྒྱུད་དངོས་བསྟན་གྱི་དཀྱིལ་འཁོར་དང་ལོངས་སྤྱོད་ཀྱི་ཆ་ལས་བྱུང་བས་ན། མ་དག་པར་ལུང་རིགས་གཉིས་ཀས་གྲུབ་ལ། འདི་ནི་སྒྲ་ཇི་བཞིན་མ་ཡིན་པར་སྟོན་པའི་ལུང་མེད་ལ། གནོད་བྱེད་ཀྱི་རིགས་པ་ཡང་གོང་གི་ཉི་མ་འཆར་ནུབ་ཀྱི་སྐབས་སུ་བརྗོད་པའི་སྐྱོན་དེ་ནི་རང་གིས་དཔྱད་ཉེས་པ་ཁོ་ན་སྟེ། དེ་དག་གི་བསམ་ངོར། དཔེར་ན་མཉམ་གཉིས་ལྟ་བུའི་སྐབས་ཤར་ནུབ་ཀྱི་གླིང་དབུས་མ་གཉིས་པོར་ཉི་མ་སླེབས་པ་མཐོང་དགོས་ཤིང་། ཉི་མ་རིང་དུས་དེ་བས་ཀྱང་རིང་དུ་མཐོང་། ཐུང་དུས་ཀྱང་དེ་ལས་ཐུང་བ་མཐོང་དགོས་ཀྱང་། དྲུ་འཛིང་མའི་ཐིག་ལྟར་ན། ཤར་ནུབ་ཀྱི་ཚངས་ཐིག་གི་ཐད་དུ་ལྷོ་བགྲོད་མཐར་ཐུག་པའི་ཁྱིམ་གྱི་ཐིག་གི་རྒྱབ་ཏུ་ཁྱིམ་གཞན་གྱི་ཐིག་ཡོད་པ་དང་། བྱང་བགྲོད་མཐར་ཐུག་གིས་ཐིག་གི་ནང་དུ་ཐིག་གཞན་ཡོད་པས་སོ། །སྙམ་པའོ། །འདི་ལ་རྟོགས་ལྡན་དོགས་པ་སྐྱེ་བ་བདེན་ཀྱང་། དེ་ནི་དེ་ལྟར་མ་ཡིན་ཏེ། ཡུལ་གྱིས་བཀང་པའི་དོན་བློ་ལ་མ་ཤོང་པའི་རྟགས་སུ་མཐོང་སྟེ། གནས་ཚུལ་དེ་ལྟར་ཡིན་ཀྱང་། འདི་ནས་མཐོང་ཚུལ་ལ་དེ་ལྟར་མ་ཡིན་ཏེ། ཅིའི་ཕྱིར་མ་ཡིན་ན།གནམ་ས་བར་འགྱང་ཆེ་བས། རིང་པོ་ཐུང་ངུར་སྣང་། ཆེན་པོ་ཆུང་ངུར་སྣང་ནས། རང་གླིང་གི་བསིལ་རི་དང་མེའི་བར་ཟླུམ་པོར་བསྐོར་བའི་མཐོ་གང་ནམ་མཁའི་ཐིག་འདི་བཞིན་ཏུ་རྒྱུ་བ་ཡིན་ལ། འདིའི་ཐིག་གི་ལམ་དང་མངོན་སུམ་ཤིན་ཏུ་མཐུན་པ་


MR12_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

འདིའོ། །རིང་པོ་དེ་དག་ཐུང་ངུར་སྣང་ནས་མེ་དང་བསིལ་རིའི་སྟེང་ཚད་ཀྱི་ནམ་མཁའ་ཙམ་དུ་སྣང་བ་ཡིན་ཏེ། དཔེར་ན་བྱ་ཆེན་པོ་མི་ཙམ་ནམ་མཁའ་ལ་འཕུར་སོང་ན། ཇེ་མཐོར་ཕྱིན་པ་དང་ཇེ་ཆུང་དུ་སོང་ནས་མཐར་ཧ་ཅང་རིང་ན་མི་མཐོང་བ་དང་།ཉི་ཟླ་དཔག་ཚད་ལྔ་བཅུའི་ཁྱོན་ཙམ་ཡང་འདི་ནས་དེ་ཙམ་ཨེ་སྣང་མངོན་སུམ་གྱིས་ཤེས་པ་དང་། ལྷོ་བགྲོད་མཐར་ཐུག་གི་ཉི་མ་ལན་ཚྭའི་རྒྱ་མཚོའི་སྟེང་དུ་ཡོད་ཀྱང་། འདི་ནས་བལྟས་ཚེ་ལྷོའི་རི་རྩེ་ཕར་ཁ་ལྟ་བུ་དང་། ཉི་མ་དེ་ཚུན་ན་ཡོད་པ་འདྲ་ཞིག་ལས། ཉི་མ་རིའི་རྒྱབ་ཏུ་ཡོད་པ་དང་། རི་ཉི་མའི་མདུན་དུ་ཡོད་པ་འདྲ་ཞིག་མི་སྣང་སྟེ། སྣང་ན་ཉི་མ་བྱང་དང་རི་ལྷོ་ངོས་སུ་མཐོང་བའི་བར་ན་ནམ་མཁའ་སྔོ་ཏིང་ངེ་བ་མཐོང་མི་སྲིད་པ་ཡིན་མིན་ད་ལྟ་མངོན་སུམ་གྱིས་ཤེས་རྒྱུ་འདི་ལ་དཔག་ནས་གོ་ལའི་གནམ་ཐིག་དང་། ས་ཐིག་གི་བར་འགྱང་ལ་ཡིད་ཆེས་འཚལ་ལོ། །ཡུལ་དུས་ཀྱི་བསྐལ་པ་འདི་ལ་དཔྱད་མ་ཤེས་ན་བསླུ་བར་འདུག་སྟེ་འཁར་རྔའི་སྒྲ་ལྟ་བུ་ལའང་། ཉེ་བ་ན་དབྱུག་གུ་བརྡེག་པ་དང་སྒྲ་དུས་མཉམ། རིངས་ནས་བལྟས་ན་དབྱུག་གུ་བརྡེག་ཚར་བའི་རྗེས་ནས་སྒྲ་གཟོད་འབྱུང་བ་ལྟ་བུའོ། །དེ་ལྟར་ན་དེ་ལས་ཀྱང་ཇེ་ཆུང་དུ་མི་འགྲོ་བ་ཇི་ཡིན་སྙམ་ན། གནམ་སའི་བར་འགྱང་དེ་ཙམ་ཞིག་ཡོད་པས་དེ་ལས་ཆུང་དུ་མ་སོང་བ་ཡིན་གྱི། ད་ལྟའི་གནམ་སའི་བར་ཁྱད་འདི་ལས་ཆེས་ན་དེ་ལས་ཀྱང་ཐུང་དུ་འགྲོ་བ་ཡིན་ནོ། །སྤྱིར་ཉི་མ་མཉམ་དུས་ཡིན་ན། ཤར་ནུབ་གྱི་གླིང་དབུས་མའི་ཚངས་ཐིག་ཏུ་ཉི་མ་སླེབས་ཙམ་གྱི་བར་དོན་ལ་མཐོང་དགོས་ཀྱང་། འདི་ནས་ཤར་ནུབ་ཀྱི་རིའི་ཕྲག་ཏུ་འཆར་ནུབ་བྱེད་པ་ཙམ་ལས། དེ་ནས་རིང་དུ་འཆར་ནུབ་བྱེད་པ་


MR12_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སུས་མཐོང་མྱོང་ངམ། ཤར་ནུབ་ཀྱི་རིའི་བར། བོད་འདིར་མཚོན་ན་ཇི་ལྟར་ཡངས་ཀྱང་རྟ་པས་དགུང་བསྐོར་ཞིག་གི་ལམ་རེད་པས་ནམ་མཁའ་དེ་ཙམ་ཆེ་བ་ཤར་ནུབ་ཀྱི་རིའི་ཕྲག་པར་ཆུད་པར་མཐོང་བས་ན། ནམ་མཁའི་ཐིག་ཚད་ཐུང་དུ་སོང་བ་ཡིན་མིན་དེ་ལ་སོམས་དང་ཤེས་སོ། །ཞར་བྱུང་བསིལ་རིའི་ཐད་དུ་འཁོར་བ་མི་འཐད་ཟེར་ཡང་། མེ་ནས་བསིལ་རིའི་བར་དུ་གསུངས་པ་ནི། གོ་ལ་སྤྱིའི་རྒྱ་ཚད་ཡིན་གྱི། ཉི་ལམ་ཁྱིམ་བཅུ་གཉིས་པོ་བྱེ་བྲག་པའི་མཐའ་ཚད་ནི་མ་ཡིན་ནོ། །འོ་ན་ཁྱིམ་བཅུ་གཉིས་ལས་གཞན་པའི་རླུང་ཁྱིམ་འདོད་དམ་ཟེར་ན་འདོད་དེ། འཇམ་དཔལ་རྩ་རྒྱུད་ལ་སོགས་པའི་ལུང་དང་། བགྲོད་མཐའ་གཉིས་ཀྱི་མཐའ་ན་སྐར་མ་གཞན་སྣང་བ་དང་། བརྟན་པ་ཞེས་པའི་སྐར་མ་མི་འཕོ་བ་སོགས་ཀྱི་རིགས་པས་གྲུབ་པ་མིན་པས་ཐག་གཅོད་སྔ་མ་མཛད་ཅིག །དེ་ལྟར་ན་ལུང་འདི་ལ་རིགས་པས་གནོད་པ་མེད་སྟེང་སྒྲུབ་བྱེད་ཀྱི་རིགས་པ་ཡོད་དེ། དེང་སང་ཉི་མ་ཐུང་དུས་དགུང་ཐག་རིང་བ་དང་། རིང་དུས་དགུང་ཐག་ཐུང་བ་འདི་ལ་རྗེས་སུ་དཔགས་ན།དྲུ་འཛིང་མ་ལྟར་ངེས་ཏེ། ཉི་མ་ཐུང་དུས་གླིང་གཞན་སྟེང་ཇེ་མཐོར་འགྲོ་བའི་འོད་ཕོག་པ་དང་། རིང་དུས་གླིང་གཞན་སྟེང་ཇེ་དམར་སོང་བས་འོད་མི་འཕོག་པ་ཡིན་ནོ། །གཞན་གྱི་ལུགས་ལྟར་ན། ཉི་མ་རིང་ན་དགུང་ཐག་རིང་། ཐུང་ན་ཐུང་དགོས་ཏེ། ལྷོ་བགྲོད་དུས་ཉི་མ་ཐག་རིང་བ་མཐར་ཐུག་དང་། བྱང་བགྲོད་དུས་ཉེ་བ་མཐར་ཐུག་པས་ན། ཉི་མ་ཉེ་ན་འོད་ཅིས་མི་ཉེ། རིང་ན་འོད་ཅིས་མི་རིང་སོམས་ཤིག །གཞན་ཡང་ལུགས་གསར་པ་འདི་ལྟར་ན་སྐར་དྲུག་ཞེ་ལྔ་ལ་རྣམ་པ་


MR12_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་དབྱར་ཉི་ལྡོག་པར་ཁས་ལེན་པས། བླ་བའང་དེ་དང་འདྲ་བའི་སྐར་མ་མགོ་ལ་ཟླ་བ་ཡོད་པ་གླིང་གི་དབུས་སུ་སོན་པའི་ཐུར་གྲིབ་དང་། ནབས་སོ་ལ་ཡོད་པ་གླིང་དབུས་སོན་པའི་ཐུར་གྲིབ་ལ། ནབས་སོའི་ཐུར་གྲིབ་ཀྱིས་ཐུང་དགོས་པར་མངོན་སུམ་གྱིས་གྲུབ་དགོས་པ་དང་། སྣུབས་དང་ཆུ་སྨད་ལ་ངེས་འགྲེ་ཡིན་པས། བློ་ལྡན་རྣམས་ཀྱིས་ལེགས་པར་དཔྱོད་ཅིག །བདག་གིས་དཔྱད་པའི་སྒོ་ཙམ་སྨྲས་པ་ཡིན་པས་གནད་ཆེན་པོ་འདི་ལ་རྩིས་རིག་སྨྲ་བ་ཀུན་གྱིས་སོམས་ཤིག །བདག་ནི་བརྩོན་པ་ཞན་པས་ལོ་སྐོར་གྱི་ཐུར་གྲིབ་སོགས་བརྟག་མི་ཐུབ་པར་འདུག་གོ། ལུགས་གཞན་དྲུ་འཛིང་མ་མ་ཡིན་པའི་ཕྱོགས་ཀུན་ལ་ཚད་མས་གནོད་པ་ཤིན་ཏུ་འབབ་སྟེ། ད་ལྟའི་དྲུ་འཛིང་མའི་གོ་ལའི་ཕྱི་ཐིག་ནང་ཐིག་གཉིས་བཏབ་ནས་ཆ་བཅུ་གཉིས་ལ་ཁྱིམ་རེར་བྱས་པ་འདི་སྤྱི་མིང་བྱེ་བྲག་ལ་བཏགས་པའི་ཁྱིམ་བཅུ་གཉིས་པོ་རྒྱུ་སྐར་གྱི་རྐང་པ་དང་བཅས་པ་གཞུ་ཁ་སྦྱར་གྱི་རྣམ་པ་ལྟ་བུ་སོ་སོ་ནས་འཁོར་བ། འགྲོས་མཉམ་པའི་སྐར་མ་ལུ་གུ་རྒྱུད་དུ་འགྲེལ་བའི་མི་འཐོར་བུ་ཁྱིམ་རེ་རེར་ཡང་གླིང་སོ་སོར་འཁོར་ཚུལ་མི་འདྲ་བ་ཅན། རྒྱུད་དོན་དྲི་མ་མེད་པ་སོ་སྐྱེའི་རྟོག་གེས་དེ་འདྲ་ཞིག་དང་པོར་དྲན་ཐབས་མེད་པ། ཤེས་ན་དོན་དང་ངོ་མཚར་ཆེ་བ། མི་འཕྱུག་པའི་ཐིག་གིས་བཙལ་བའི་ཚུལ། རྒྱ་བོད་མཁས་གྲུབ་རྣམས་ཀྱི་མན་ངག་བཞིན། ད་ལྟ་བདག་གིས་ཤིན་ཏུ་གསལ་བར་བྱས་པའི་དཔེའུ་རིས་སོགས་ཡོད་པ་འདི་ལྟ་བུའི་གནད་ཟབ་མོ་དང་མ་ཕྲད་པ་ཁ་ཅིག །དྲུ་འཛིང་མའི་ལུགས་རྒྱུད་དོན་དགོས་པ་ཅན་སྒྲ་ཇི་བཞིན་མ་ཡིན་པའོ། །ཟེར་བའི་ཕྱོགས་ལྟར་ན། དང་པོ་ཁྱོད་ལ་འདི་འདྲི་སྟེ། ཁྱོད་ལ་གོ་ལའི་ཆ་ཞེས་པ་འདི་ཅི་ཞིག་ཡིན། གོ་ལ་གདུགས་ལྟ་བུ་ལེབ་ཆགས་གཅིག་ལ་པད་འདབས་ལྟ་བུའི་འདབ་མ་བཅུ་གཉིས་ལ་ཁྱིམ་རེ་ཟེར་རམ། ཁྱིམ་གྱི་གཞི་དེ་ལ་ཟླུམ་སྐོར་གཅིག་འཕྲོ་གཅིག་


MR12_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

མཐུད་བཅུ་གཉིས་ལུ་གུ་རྒྱུད་དུ་འབྲེལ་ནས་རི་རབ་ལ་འཁོར་ཡོད་པ་གང་ཡིན། དེ་མིན་པའི་ཕྱོགས་གཞན་ཞིག་ཡིན་ནམ། ཅི་ཡིན། དང་པོ་གཉིས་གང་ཅི་ཡིན་ཀྱང་འདྲ་སྟེ། མདོར་ན་གླིང་བཞི་དུས་བཞི་མཉམ་པའི་ལུགས་དེ་ལ། ཀརྚའི་ཁྱིམ་དེ་གླིང་ཀུན་གྱི་རི་རབ་ལ་ཉེ་བ་དང་། ཆུ་སྲིན་གླིང་ཀུན་གྱི་མཐའ་ན་འཁོར་བར་འདོད་དགོས་ལ། དེ་ལྟར་ན་སྐར་མ་ནབས་སོ་ལྟ་བུ་རི་རབ་ལ་ཉེ་ཤོས་དེ། གླིང་འདིའི་ཚངས་ཐིག་ཏུ་ཡོད་ཚེ། སྐར་མ་གཞན་ཕར་ཕར་ལྷོ་ནས་བྱང་དུ་སྣང་དགོས་རྒྱུ་ལ། འདི་ན་མངོན་སུམ་གྱི་བལྟས་ན་སྐར་མ་མགོ་རི་རབ་ལ་ཉེ་བ་བྱང་གི་དབུས་དྲང་པོར་ཡོད་ཚེ། གཡས་གཡོན་གྱི་སྐར་མ་རྣམས་ཚུར་ཚུར་བྱང་ནས་ལྷོར་ཇེ་འགྱང་དུ་སོང་ནས། ཁྲུམས་སྨད་དང་རྟ་ཆུང་ལྟ་བུ་ཤར་ནུབ་དང་དབུས་དྲང་པོར་སྣང་བའི་གཞུ་ཡི་དབྱིབས་ཅན་དུ་འདུག་པ་འདི་ལ་ལྟོས་ཤིག །དེ་འདྲ་བའི་མངོན་སུམ་དང་ཐུར་གྲིབ་སོགས་ལ་བརྟེན་པའི་རྗེས་དཔག་གི་ངེས་པ་དུ་མ་སྣང་ཡང་། རེ་ཞིག་ཡི་གེས་འཇིགས་པས་སྤྲོས་པ་བསྐྱུངས་ནས་བློ་ལྡན་རྣམས་ལ་སྒོ་ཙམ་བསྟན་པ་ཡིན་ནོ། །དེ་ལྟར་གོལ་ལ་དཔྱད་པ་འདི་གལ་ཆེ་སྟེ། གླིང་བཞིར་དུས་བཞི་མཉམ་ན་ཉི་ལྡོག་སོགས་སྐར་མ་གཅིག་ལ་ངེས་པའི་ལུགས་དང་། མིན་ན་དེ་གའི་ཚུལ་གཅིག་ཡོད་པས། ལུགས་གསར་པ་འདིས་ཀྱང་དཔྱད་པ་ཐམས་ཅད་གླིང་ཀུན་ཏུ་དུས་བཞི་མཉམ་པ་བཞིར་བཞག་བྱས་ཏེ་ཐུར་གྲིབ་སོགས་ལ་བརྟེན་ནས་ལོངས་སྤྱོད་རྣམས་ཆེས་སྔ་བསྣུར་བྱས་འདུག་པས་སོ། །ཐུབ་བསྟན་འཛེས་རྒྱན་གྱི་གོལ་ལ་དཔྱད་པའི་སྐབས་སོ། ༈ །གཉིས་པ་ཞག་གསུམ་རྣམ་དབྱེ་ལ་ནི། རྩ་རྒྱུད་རྡོ་རྗེའི་ཚིག་གིས་བསྟན་པའི་དོན་བཞིན། རྣམ་ཀུན་རྩིས་རོ་འདོར་རྒྱུ་མེད་པའི་གྲུབ་རྩིས་ཀྱི་ཆུ་མགོ་གངས་ལ་ཐུག་པ་ལྟ་བུ་ཡིན་པས། འདི་ལ་སུས་ཀྱང་མི་མཐུན་པ་ཅུང་ཟད་ཀྱང་མེད་པ་ལུགས་གསར་འདི་ནའང་འདི་དངོས་གཙང་མཛད་འདུག་པས་དཔྱད་པར་བྱ་བ་ཅི་ཡང་མི་སྣང་ངོ་། ༈ །གསུམ་པ་ལྔ་བསྡུས་ལ་ནི་དཔྱད་བྱ་


MR12_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ཆེ་སྟེ། དེ་ལ་སྤྱིར་ཉི་མའི་ལོངས་སྤྱོད་དག་པ་ཤིན་ཏུ་གལ་ཆེ། དེ་མ་དག་ན་དེ་དང་ལོངས་སྤྱོད་ཐུན་མོང་དུ་གྱུར་པའི་གཟའ་གཞན་ཡང་མི་དག་གོ། དེའང་དཔལ་ལྡན་རྩ་བའི་རྒྱུད་ལས་ཀྱང་། གཞན་དུ་བྱེད་པའི་ལམ་གྱིས་ནི། ཉི་མ་རྟག་ཏུ་དག་པ་མེད། །ཉི་མའི་ལོངས་སྤྱོད་མ་དག་ན། །འདི་ལས་དག་པའི་མིག་དམར་སོགས། །རྩ་བ་ཉམས་པའི་ལྗོན་པ་བཞིན། །འདིར་ནི་གསལ་བ་ཉིད་མི་འགྱུར། །ཞེས་གསུངས་སོ། །དེས་ན་འདིར་ཅུང་ཟད་དཔྱད་ན། སྤྱིར་ཆ་སོགས་མེད་པའི་ཉུང་ངུའི་བྱེད་པ་ནི་ལོ་ཇི་ཙམ་མང་བ་ཙམ་དུ་སྐྱོན་ཆེར་འོང་བ་རིགས་པས་གྲུབ་ཅིང་། རྩ་རྒྱུད་ལས་བསྟན་པའི་རྣམ་པ་ཀུན་ཏུ་མ་དག་པ་ཕྲ་མོ་ཡང་མེད་པའི་གྲུབ་པའི་གཟའི་དཀྱིལ་འཁོར་དང་ལོངས་སྤྱོད་ནི་ཞག་གསུམ་རྣམ་དབྱེ་ལྟར་ཡིན་པས་སུས་ཀྱང་བསྙོན་དུ་མེད་པས་ན། བསྒྱུར་བགོད་ཀྱི་འཁོར་ལོ་ལ་སོགས་པ་ནི་རི་མོའི་རྣམ་འགྱུར་ཙམ་ལས་དོན་དུ་མི་འདྲ་བ་སུ་ལའང་མེད། ལུགས་འདི་ལའང་མི་སྣང་། སྦྱིན་རྒྱུའི་རྩིས་འཕྲོ་དེ་ནི་བོད་རྩིས་ཐམས་ཅད་མི་འདྲ་བ་ཤ་སྟག་འདུག །རེས་གཟའ་ལ་རྒྱ་ནག་ཚུན་ཆད་མི་འདྲ་བ་ཅུང་ཟད་མེད། ལར་གྱི་ཅོ་ལོ་ཙཱ་སོགས་དང་པོ་བརྒྱུད་པའི་མན་ངག་ཡོད་པ་དེ་ལ་འཁྲུལ་པ་མེད་དགོས་རྒྱུ་འདྲ་ཡང་རྩིས་ཚུལ་ཟབ་གནད་སྦས་པའམ། ལག་ལེན་འཕྱུག་པའམ། ལོ་མཚམས་ནོར་པ་སོགས་གང་ཡིན་ཀྱང་། བོད་ན་རང་རང་གི་ཕུག་གཏུགས་རེ་ཡོད་ཀྱང་དོན་དུ་མི་འདྲ་བ་དུ་མ་བྱུང་བ་མངོན་སུམ་པ་འདི་ལྟར་ལ། དེ་ལ་རྣམ་པར་དག་པ་གང་ཡིན་པ་གཅིག་ལས་མང་པོ་ཡོད་མི་ཤེས་རྒྱུ་འདྲ། ཐ་ན་ལོ་མགོ་ཙམ་ལ་ནོར་བ་ཡང་མི་སྲིད་རྒྱུ་འདྲ་ཡང་། བོད་ན་ནག་རྩིས་ལོ་མགོ་གསུམ་བྱུང་བ་དང་། རྒྱ་གར་ནའང་པཎྜི་ཏ་སོ་སོའི་བཞེད་པས་སྟོན་པ་འཁྲུངས་ལོ་སོགས་མི་འདྲ་བ་དུ་མ་ཡོད་པ་དེ་དེའི་རྗེས་འབྲང་གིས་ཤེས་ནུས་རྒྱུ་འདི་ལྟར་ཡིན་པས་ཡེ་ཤེས་ཀྱི་གཟིགས་པ་མ་གཏོགས་མཐའ་གཅིག་ཏུ་ངེས་དཀའ་ནའང་། རེ་ཤིག་རྗེས་དཔག་ཚད་མས་ངེས་ནུས་


MR12_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་དང་། དོན་གཟིགས་ཀྱི་སྐྱེས་བུ་དམ་པ་བུ་དོལ་རང་བྱུང་ལ་སོགས་པའི་རྗེས་སུ་འབྲང་ན། བོད་འདིར་རྩིས་མགོ་ཡོད་ཚད་ལ་རེས་གཟའ་རྣམ་པ་ཀུན་ཏུ་གཅིག །ཚེས་ལོངས་ལ་ཅུང་ཟད་ཁྱད་ཡོད། ལྔ་སྒྲ་འདྲ། ཉི་མ་བྱེད་གྲུབ་ཆུ་ཚོད་དང་བདུན་ཙམ་རེའི་མང་ཉུང་དང་། ཟླ་སྐར་ཆུ་ཚོད་རེ་གསུམ་ཙམ་རེ་དང་། བྱེད་གྲུབ་རང་ནང་ལའང་དབྱུག་གུ་ཅུང་ཟད་རེའི་འཕེལ་འགྲིབ་ཡོད་ཀྱང་། དོན་དུ་སྐར་མ་གཉིས་རེའི་བར་འགྱང་གཅིག་ལའང་མེད། ལུགས་གསར་པ་འདི་ལ་བོད་རྩིས་སྔ་མ་ཐམས་ཅད་དང་ཁྱད་ཧ་ཅང་ཆེ་བ་ཡོད། ཡོད་ཀྱང་རྒྱུད་རྡོ་རྗེའི་ཚིག་གི་དོན་ངེས་པར་རྙེད་པ་ཞིག་ཡིན་ན་ཀུན་དོར་ནས་འདི་ཁོ་ན་བླང་དགོས་རྒྱུར་འདུག་ལ། རྒྱུད་དོན་ཡིན་མིན་རྡོ་རྗེའི་ཚིག་ཟབ་མོ་མཐའ་དྲུག་ཚུལ་བཞིས་བཤད་དུ་ཡོད་ཅིང་བརླིང་བས་བདག་ལྟ་བུས་རྟོགས་དཀའ་ནའང་རྩོམ་པོ་ཁོ་རང་གི་རྩིས་འཕྲོ་ཅི་ལ་བརྟེན་ནས་རྙེད་དཔྱད་པ་དང་། སྐར་བཟུང་སོགས་སུ་ཡོངས་སུ་མ་གྲགས་པ་འདི་དག་བརྒྱུད་དོན་དང་ཨེ་འགྲིག་ཅུང་ཟད་བརྟག་གོ། དེ་ལ་རྩིས་འཕྲོ་འདིར་སྔ་ཡང་དཔྱད་པ་མང་པོ་བྱས་ཕུག་པ་ཞལ་ལུང་མཁན་པོས་ཀྱང་སྟོན་པ་སངས་རྒྱས་དུས་ཀྱི་གཟའ་འཛིན་ལ་སོགས་སྔར་སོང་མང་ཞིག་དང་ཨེ་འགྲིག་གཟིགས་ནས་རྣམ་པར་དག་ཁུལ་གྱིས། ཐུན་མོང་མིན་པའི་རྩིས་འཕྲོ་རྙེད་ཚུལ་བཅས་ཕུག་ལུགས་ཞེས་གྲགས་པ་འདི་མཛད། དེ་སྐབས་ཕུག་ལུགས་དེས་ས་འདི་ཁྱབ། འདིའང་ཅུང་ཟད་དཔྱད་བྱར་སྣང་སྟེ། སྟོད་རྩིས་རྒྱུད་དང་མི་འགྲིག །མ་འགྲིགས་ཚད་དགོངས་པ་ཡིན་ཟེར། འགྲིག་ཆོད་ངེས་པ་ཡིན་ཟེར། ནང་གི་རྩ་རླུང་གི་འཕོ་བའི་ཚུལ་དང་སྦྱར་བའི་དག་པ་ཁྱད་པར་ཅན་དགོངས་པས་གསུངས་པ་ཡིན་ན་བསྡུས་རྒྱུད་སྤྱིར་རྩ་རྒྱུད་ཀྱི་དོན་ལ་མི་རེག་པས་འཐད་དཀའ་བ་དང་། སྒྲ་གཅན་གྱི་ལོངས་སྤྱོད་རྣ་ལམ་ལ་ཟླ་འཛིན་ཉི་འཛིན་སྐབས་ཕྱིར་དགྱེད་ཅིག་དགོས་པ་སོགས་ཅི་ཡིན་སྙམ་པ་འགའ་ཞིག་འདུག །ཀརྨ་རང་བྱུང་


MR12_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་དང་ཁྱད་པར་ཚུར་ཕུ་འཇམ་དབྱངས་པའི་རྗེས་འབྲང་དཔལ་སྤུངས་དབོན་པོ་ཀརྨའི་རྩིས་སོགས་དེ་ལས་ཅུང་སྔ། གཞུང་དང་གཞན་ལ་མངོན་སུམ་གྱིས་གནོད་པ་དང་། འདི་ནི་དབང་མངོན་ཚད་མས་བལྟས་ཆོག་གསུངས་ཀྱང་། དེ་དུས་ཟླ་འཛིན་སོགས་རེ་གཉིས་ཐིག་པ་དེ་འདྲ་ཡིན་ཐད། ད་ལྟ་ནི་སྐབས་དེར་དབང་མངོན་ཚད་མས་གནོད་པའང་འདུག་གོ། མདོར་ན་དེ་དང་དེ་ལ་སོགས་པ་ཅུང་མི་མཐུན་པ་ཐམས་ཅད་ཀྱང་། དང་པོའི་རྩིས་འཕྲོའི་མཚམས་ལེགས་པར་མ་ཟིན་པ་ཁོ་ན་ལ་ཐུག །དང་པོའི་རྩིས་འཕྲོ་ལ་མ་དག་པ་ཇི་ཡོད་རྒྱུན་དུ་གནས་རྒྱུ་ལས། ལོ་མང་པོ་སོང་བའི་སྐྱོན་ཇེ་ཆེར་འགྲོ་རྒྱུ་ནི་མེད་དེ། ཆ་དང་བཅས་པའི་ལོངས་སྤྱོད་ཀྱིས་བསྒྱུར་བགོད་རི་མོ་མ་འཕྱུག་པའི་ཕྱིར་རོ། །ཕར་བལྟས་ན་ཕུག་མཚུར་གྲུབ་བྱེད་དག་རིམ་པས་མིག་སྐར་དང་མཐུན་ཤས་ཆེ་བ་དེ་གཟའ་འཛིན་སོགས་ལའང་རྣོ་བར་གྲུབ། ལྡོག་གཉིས་དུས་གཟེར་དུས་སྦྱོར་ཐམས་ཅད་ཀྱང་ཉི་མའི་དབང་གིས་ཕྱེད་པས་ན། ཉི་མའི་ལོངས་སྤྱོད་མ་དག་པ་ལ་བྱེད་དོན་མི་འདུག་ཅིང་། ཉི་དག་ལས་བརྩམ་དགོས་རྒྱུ་དང་། རི་མོའི་ཚད་དང་མངོན་སུམ་གྱི་རྟོགས་བྱ་ཐུར་གྲིབ་གཟའ་འགྲོས་ཟླ་འཛིན་རྣམས་མཚུངས་དགོས་པར་གོར་མ་ཆག་པས་རྩིས་སྔ་མ་འདི་རྣམས་ལས་ཀྱང་དག་པ་ཞིག་ཡོད་འོས་ཀྱང་། ལུགས་གསར་པ་འདི་ནི་ཧ་ཅང་ཐལ་ཆེས་པས་དེའང་ལུང་དང་རིགས་པ་དང་ཇི་མཐུན་མ་ཤེས་པས། འདིའི་ལུགས་ཐུན་མིན་གང་ཡོད་ལ་བརྟག་ན། དང་པོར་འདི་ལ་མི་འདྲ་བ་ཟླ་རྐང་ཉི་རྐང་རིམ་རིམ་མིན་དུ་འཛིན་པ་དང་། བྱང་བགྲོད་སྐར་མ་ཉི་ཤུ་དབྱུག་བཅོ་ལྔ། ལྷོ་བགྲོད་སྐར་དྲུག་ཞེ་ལྔའི་སྦྱང་བར་སྣང་ལ། དེ་ནི་རི་མོའི་རྣམ་འགྱུར་ཙམ་མ་གཏོགས་དོན་དུ་ཁྱད་པར་ཅིའང་མེད་དེ། སྐར་དྲུག་ཞེ་ལྔ་ལ་འཁོར་ཕྱེད་བསྣན་པས་སྐར་མ་ཉི་ཤུ་དང་དབྱུག་བཅོ་ལྔ་འོང་བ་དང་། རྐང་


MR12_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ཕྱི་གྲངས་གཅིག་པ་ལྡོག་སྟེ་བྲིས་པ་གྱེན་ཐུར་གང་ནས་བརྩིས་ཀྱང་གྲངས་དང་འཕེལ་འགྲིབ་སོགས་རྣམ་པ་ཀུན་ཏུ་གཅིག་པས་ཇི་ལྟར་བྱས་རུང་ལ། རྒྱུད་ལས་འདི་ཐད་རིམ་རིམ་མིན་དུ་རྐང་པ་བཟུང་ཞེས་པ་མེད། གཟའ་ལྔ་སོགས་མྱུར་རྐང་སྔ་ཕྱི་མི་འདྲ་བས་རིམ་རིམ་མིན་ལ་ཁྱད་ཆེན་པོ་འོང་བ་དེ་ལྟར་དགོས་ཀྱང་དེ་ནི་རྩིས་སྔ་མ་རྣམས་དང་མཐུན། སྐྱེས་ཁྱིམ་གཅིག་ལས་མེད་པའི་གོ་བབས་དང་བསྟུན་ན་འཁོར་ཕྱེད་དོར་བ་བདེ། རྒྱུད་ལས་ཀྱང་བསྟན་མོད་འདི་གང་བདེས་ཆོག །དེ་ནས་ཉི་བར་ལ་ཟླ་བའི་སྐྱེས་ཁྱིམ་སྐར་བུག་དབྱུག་ཐིག་སྦྱང་རྒྱུ་འདི་སྔར་སུ་ལ་ཟུར་ཙམ་མ་གྲགས། འདི་ཡིས་ཀྱང་ཁྱད་ཅུང་ཟད་ཡོད་འདུག །རྒྱུད་ལས་ནི། དེ་ལ་ཉི་མའི་རབ་ཏུ་དབྱེ་བས་གསལ་བྱས་ཉི་མའི་རྐང་པ་དག་ནི་སྦྱིན་དང་དོར་བར་འགྱུར། ཞེས་རྐང་སྡོམ་བྲི་ཚུལ་གྱི་རྗེས་སུ་གཅིག་དང་། ཡང་ཡང་རྒྱུའི་ཆུ་ཚོད་སོགས་བྲི་ཚུལ་རྗེས་སུ་ཡང་། དེ་ཉིད་ལ་ནི་ཉི་མའི་རབ་ཏུ་དབྱེ་བས་ཉི་མའི་རྐང་པའི་ཆུ་ཚོད་སྦྱིན་དང་དོར་བར་འགྱུར། ཞེས་པ་ཙམ་གསུངས་ལ། འགྲེལ་པར་ཉི་མའི་བུ་ལོན་ནི་དེ་ལ་བུ་ལོན་ནོ། །ཉི་མའི་ནོར་ནི་དེ་ལ་ནོར་ཉིད་དོ། །ཞེས་སོགས་གསུངས་པ་འདི་ལ་བརྟེན་ནས་ཉི་ཟླའི་སྐྱེས་ཁྱིམ་ཐ་དད་དུ་བསྟན་ནོ་ཞེས་ཟེར་ཡང་། འདིར་རྐང་སྡོམ་དང་ཡང་རྒྱུའི་ཆུ་ཚོད་སོ་སོའི་སྐབས། ཉི་མའི་དེའང་སོ་སོར་བརྗོད་པ་ལས། ཟླ་བའི་སྐྱེས་ཁྱིམ་ཟུར་དུ་སྦྱང་དགོས་པའི་དོན་ཡེ་མ་ཡིན་ཏེ། ཉི་མའི་རྐང་པའི་ཞེས་དང་། ཉི་མའི་ནོར་ནི་དེ་ལ་ནོར་ཉིད་དོ། །ཞེས་པས་ཉི་མའི་རྐང་པའི་ལོངས་སྤྱོད་དང་ཐུན་མོང་དུ་བསྟན་པ་ལས་གཞན་ག་ལ་ཡིན། གཟའི་ལོངས་སྤྱོད་ཡིན་ན་རང་གི་སྐྱེས་ཁྱིམ་སྦྱང་དགོས་པས་མ་ཁྱབ་སྟེ། གདོང་འཇུག་དང་དུ་བ་བཞིན་ནོ། །གལ་ཏེ་སྦྱངས་ཀྱང་འདི་ཟླ་བའི་སྐྱེས་ཁྱིམ་ཡིན་མིན་ཁོ་རང་གིས་སྒྲོ་འདོགས་པའི་རྒྱུ་རྣམས་བརྟགས་པས་གསལ་ལོ། །དེ་ལ་གཟའི་རྐང་པ་འདི་དག་སྐྱེས་བུ་ལོ་བརྒྱ་


MR12_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་ཀྱི་རླུང་བསྡོམས་པ་ལས་ལོ་གསུམ་ཕྱོགས་གསུམ་འབྱུང་བ་ཞག་ཏུ་གསིལ། དེའི་སྟེང་དུ་མངལ་གྱི་ཟླ་དགུའི་རིང་གི་ཞག་དགུ་བསྣན་པའི་ཞག་ཆིག་སྟོང་ཆིག་བརྒྱ་སོ་བཞི་དང་། གཟའ་ལྔའི་མྱུར་རྐང་བསྡོམས་པ་གྲངས་མཉམ་པའི་དག་པ་འགྲིག །གཟའ་ལྔའི་ངལ་རྐང་ལོ་གསུམ་དང་ཕྱོགས་གཅིག་གི་བརྒྱད་ཆའི་གྲངས་ལས་འཆར་བ་དང་། མ་སྦྱར་བ་ཕྱོགས་གཉིས་གཉིས་ལས་སྒྲ་གཅན་དང་། དེ་ལས་མཇུག་རིང་གི་ལོངས་སྤྱོད་བཙལ་བ་དང་། དུ་བའི་རྐང་ལྷག་ཉི་རྐང་དུས་སོགས་དང་། ཟླ་རྐང་མདའ་སོགས་ལ་སྦྱར་བའི་དག་པ་ཡོད་ལ། གསར་དུ་ལྷགས་པའི་ཟླ་བའི་རྐང་ལོངས་དྲུག་པོ་འདི་གང་ལ་སྦྱར་སོམས་ལ་སྨོས་ཤིག །འདི་ནི་ཧ་ཅང་ཁྱད་ཆོས་ཆེ་བར་འདོད་པས་རྒྱུད་ལ་སྤར་ཚོད་དུ་འདུག་སྙམ་ཀྱང་བདག་གིས་མ་རྟོགས་ན་གཞུང་རྩོམ་པ་པོ་ལ་མཐོལ་ལོ། །ད་རུང་ཕྱི་ནང་གི་དག་པ་དང་ཡིད་ཆེས་སུ་རུང་བ་འགའ་སྟོན་རྒྱུ་ཡོད་ན་འདི་འཐད། མིན་ན་འདི་འགྲུབ་དཀའ་འོ། །ལུང་མེད་ན་མངོན་སུམ་དང་རྗེས་སུ་དཔགས་པས་འགྲུབ་རིགས་སུ་མི་སྣང་ངོ་། །དེ་ནས་གཙོ་བོར་དཔྱད་བྱར་འོས་པ་རྩིས་འཕྲོའི་དབང་གིས། རྩིས་གཞུང་སྔ་མ་གཅིག་དང་ཕྱོགས་བསྒྲིག་ཏུ་ཡང་མེད་པ་འདི། རྒྱུ་མཚན་གང་གིས་བྱས་བརྟགས་པ་ན། མིག་སྐར་དང་ཉི་ལྡོག་གི་གྲིབ་མ་ལ་བརྟེན་ནས། ཉི་མ་སྔ་བསྣུར་བྱས་འདུག་ལས་དེ་ཚད་མར་འགྲོ་མི་འགྲོ་དཔྱད་པ་ལ། ༧ སྤྱིར་ཟླ་ཉི་ལྔ་སྒྲ་འདི་རྣམས་ཡུལ་གྱི་ལོངས་སྤྱོད་ལ་ངེས་པ་མཛད་པ་དང་། ཡུལ་དེའང་རྒྱུ་སྐར་རྐང་པ་སོགས་ཚད་མཉམ་པ་དང་། ཁྱིམ་ཅན་གཟའ་ཡང་དལ་མྱུར་གྱི་ཆུ་ཚོད་ངེས་པ་ཅན་དུ་གསུངས་པས་ན། ས་ནས་རྩིས་བརྩིས་པས་


MR12_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ནས་གཟའ་འགྲོ་བའི་ས་ཚད་ནས་གང་ཚུན་ཆད་ངེས་པ་བྱར་ཡོད་པའི་རྒྱུ་མཚན་དེ་ཡིན་པས། དབང་མངོན་གྱིས་བལྟར་ཡོད་པ་ནི་གཞིར་བཅས་ཀྱང་། མངོན་སུམ་དེས་ཀྱང་རགས་པ་ལས་ཞིབ་པ་ནི་ག་ལ་རྟོགས། ཁྱིམ་རྣམས་ཚད་མཉམ་པའི་ཁྱིམ་གྱི་ཆ་དགུ་རེར་རྒྱུ་སྐར་རྐང་པ་རེ་ཡོད་པའི་གནས་སོ་སོའི་སྟེང་དུ་གཟའ་སླེབས་པར་བཞག་པ་ལས། རྒྱུ་སྐར་རྣམས་པར་སོགས་ཡངས་དོགས་མེད་པ་ཁོ་ནར་མི་སྣང་ཞིང་། ལ་ལ་ཆེར་སྐར་མ་དུ་ཡོད་སོགས་ཞིབ་ཆ་དཀའ་བ་དང་། གཟའ་འགྲོས་བཞིའི་དབང་གིས་རྒྱུ་སྐར་དང་ཉེ་མི་ཉེ་ཅི་རིགས་ཡོད་པར་མངོན་སུམ་གྱིས་གྲུབ་པ་འདི་ལྟར་ལ། དེའང་རེ་ཞིག་ཁྱིམ་ཚེས་ཀྱི་གཟའ་ལ་མིག་སྐར་དང་དུས་བསྒྲིག་དཀའ་བས། ཉིན་ཞག་མ་དང་སྦྱར་ན། ཉིན་ཞག་གི་ལོངས་སྤྱོད་དེ་ནམ་ལངས་ལག་རིས་རིག་དུས་ཀྱི་སྐབས་གཟའ་དེ་དེ་ན་ཡོད་པ་ཡིན། དེ་ཕྱིན་ཞིབ་རྩིས་སུ་དེ་ལ་འཕར་འཕྲི་ཡོད་པས་ཟླ་བ་ལ་ཉིན་གང་གིས་ཀྱང་ཁྱད་ཆེན་པོ་འོང་། གཟའ་གཞན་ལ་མཐོང་རྒྱུ་ཆེན་པོ་ཅི་ཡོད། དེས་ན་ཟླ་བ་ལྟ་བུ་ལ་བརྟགས་ན། ཡུལ་དུས་སྒྲིགས་པའི་གནད་ཀྱིས། ད་ལྟ་བལྟ་དུས་ཀྱི་སྐབས་ཀྱི་གཟེར་བཏབ་ནས། རི་མོ་དང་མཐོང་བ་ཨེ་མཐུན་བལྟ་རྒྱུ་འདུག་མོད། ལར་སྨིན་དྲུག་ལྟ་བུ་ལའང་སྐར་མདེའི་ཐད་དྲང་པོར་གཟའ་དེ་སླེབས་པ་དང་སྨིན་དྲུག་གི་ཆུ་ཚོད་དང་པོར་སླེབས་པ་དུས་མཉམ་པ་འདྲ་ཞིག་དགོས་ཏེ། དེ་ཤེས་བྱེད་ནི་དཔེར་ན་གཞི་ཁྱིམ་ཆགས་རྗེས་རྒྱུ་སྐར་རྣམས་རིམ་པར་སྐྱེས། དེ་ནས་གཟའ་རྣམས་སྐྱེས་པ་ཡིན་པས་ཐ་སྐར་ཆགས་པ་དང་། ཐ་སྐར་གྱི་རྐང་པའི་ཆུ་ཚོད་དང་པོར་འཇོག་དགོས་རྒྱུ་འདྲ་ཡང་། རྒྱུད་ཀྱི་ལུང་ལྟ་བུ་ནི་མེད་པས་ཚུར་མཐོང་ཁོ་ནས་དཔྱད་དཀའ། དེང་སང་མིག་སྐར་


MR12_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་མཁན་ཁ་ཅིག་གིས་བསམ་ངོར་སྨིན་དྲུག་ལྟ་བུའི་སྐར་མ་རང་གི་ཐད་དང་པོར་གཟའ་དེ་སླེབས་པ་ན། སྨིན་དྲུག་གི་ཆུ་ཚོད་སུམ་ཅུ་སོང་བ་ལྟ་བུ། མདོར་ན་སྐར་མ་རྣམས་རང་རང་གི་རྐང་པའི་དབུས་སུ་ཡོད་རྩིས་བྱེད་ཀྱང་། འཇིག་རྟེན་མ་དག་པས་དབྱར་སྨིན་དྲུག་མི་མཐོང་བ་མོན་གྱི་ཡུལ་དུ་སོང་བ་རེད་ཟེར་བ་དང་འདྲ་བར་མ་དཔྱད་པའི་གྱ་ཚོམ་མོ། །དེས་ན་ཚུལ་དེ་ལྟ་བུས་དཔྱད་ན་རྐང་པ་ཞིབ་པར་མི་རྟོགས་ཀྱང་སྐར་མ་གང་ཐད་ཡོད་པ་ངེས་པར་རྟོགས་དགོས་པས་དཔྱོད་ལྡན་གཟུ་བོར་གནས་པ་རྣམས་ཀྱིས་བརྟག་ཅིང་དཔྱད་ནས་རི་མོ་སུ་དང་འགྲིགས་འཛིན་པར་བྱའོ། །ཟླ་འཛིན་དང་ཉི་འཛིན་འདི་ནི་སྤྱིར་རི་མོ་ཐད་ཐད་བྲིས་ཆོག་པ་དང་། ཚེས་ལོངས་ལའང་དབྲི་བསྣན་མི་དགོས་པ་རྒྱུད་དོན་དང་འབྱོར་ཡང་། འདི་ཡང་རྟེན་འབྲེལ་ཁྱད་པར་བའི་མཐུ་ལས་བསམ་གྱིས་མི་ཁྱབ་པ་ཞིག་སྟེ། ཉི་ཟླ་ཡོད་ས་དེར་སྒྲ་གཅན་ཡོད་ཀྱང་སྐར་མ་སོགས་ནི་མི་སྒྲིབ། ཉི་ཟླ་སྒྲིབ། དེའང་ཉི་ཟླ་དང་ནམ་འཕྲད་འཕྲད་དུ་མི་སྒྲིབ། དཀར་ནག་གི་མཚམས་སུ་སྒྲིབ་པ་འདི་ཚོ་སྤྱིར་ཕྱིའི་ཁྱིམ་ལ་གནས་པའི་གཟའི་འགྲོས་དང་། ནང་གི་ཁམས་ཀྱི་བྱེད་ལས་ཡིན་པར་དཔལ་ལྡན་རྒྱུད་ལས་ཇི་སྐད་བསྟན་པ་བཞིན་དགོངས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པ་དག་གིས། ནམ་ཉི་ཟླ་གཟུང་བ་ནང་གི་རླུང་ལ་བརྟེན་དེ་ཤེས་པ་དང་། རླུང་གི་སྦྱོར་བའི་ཉི་ཟླ་མི་འཛིན་པ་སོགས་སྲིད་པས་ན། ཕྱི་ནང་གཉིས་ཀའི་རྟེན་འབྲེལ་ཟུང་ཚོགས་ཀྱི་མཐུ་ལས་ནི་ཡིན་མོད་ཀྱང་རེ་ཞིག་རི་མོས་ཐིག་རྒྱུ་འདི་ནི། ཚད་ལ་སོགས་པའི་ངེས་པ་ཞིག་ཡོད་པར་འདུག་ཀྱང་ལར་འདི་གོང་བཤད་ལྟར་སྒྲ་གཅན་དང་ཟླ་བ་སྟེང་འོག་ཏུ་གནས་ནས་ཇི་ལྟར་སྒྲིབ། ཡུན་བཅུ་དྲུག་དང་བཅུ་གཉིས་ལས་སྒྲ་གཅན་མི་འགྲོགས་པ་སོགས། ཉི་ཟླ་རང་


MR12_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་ཀྱི་དབང་གིས་སམ། སྒྲ་གཅན་ལས་སམ། གང་གིས་ཡིན་པ་དང་། ཟླ་བ་ཉ་མ་གང་བར་དུ་གཟའི་གྲིབ་མ་མི་སྣང་བའི་རྒྱུ་མཚན་དང་། ཉི་ཟླ་འགྲོས་བཞི་གང་ཡིན་ཀྱང་སྒྲིབ་དུས་ཆ་ལ་སོགས་པ་ཐིག་པའི་གནད་འདི་ཅི་ཡིན་ཡིད་ཀར་འཇུ་དཀའ་སྟེ་རྒྱུས་མེད་ཡུལ་གྱིས་བསྐལ་པའི་ན། ཇི་ལྟར་རྒྱ་བལ་གྱི་འཕྲུལ་བཟོ་སོགས་འཕྲུལ་མཐོང་ཡང་དེ་ལྟར་འབྱུང་བའི་རྒྱུ་མཚན་ཤེས་དཀའ་ན། མཐོང་མ་མྱོང་བ་གནམ་གྱི་སྟེང་ན་ཅི་འདྲ་ཡིན་ལུང་མེད་ན་རིགས་པ་ཁོ་ནས་གཏན་ལ་ཕེབས་དཀའ་སྟེ། རང་གི་མཐོང་བ་ཁབ་མིག་ཙམ་ཚད་མར་བཞག་རྒྱུ་མི་འདུག །མངོན་ཤེས་དང་རྫུ་འཕྲུལ་མེད་པས་ཤིན་ཏུ་བསྐལ་དོན་ལ་རང་གར་དཔྱད་པ་ནི་གྱི་ནའོ། །རྫུ་འཕྲུལ་ལྟ་བུ་ཞིག་ཡོད་ན་བྱང་གླིང་དུ་སོང་ནས་བལྟས་ན་སྐར་མ་སྣུབས་རི་རབ་ལ་ཉེ་བར་ཡོད་པ་མཐོང་ན་དྲུ་འཛིང་མ་ཡིན་པར་མངོན་སུམ་དང་། མཐའ་ན་འཁོར་ན་གླིང་བཞིར་དུས་བཞི་མཉམ་པར་དེ་མ་ཐག་ངེས་ནུས་ནའང་། རང་རེ་རྣམས་རྒྱ་བལ་གྱི་ས་ཙམ་ལ་འགྲོ་མ་མྱོང་བས་ཉི་ལྡོག་སོགས་གཅིག་ཡིན་ཟེར་དཀའ་འམ་སྙམ། ལར་རི་མོ་མ་ཤར་བཞིན་དུ་ཉི་ཟླ་འཛིན་པར་མཐོང་ན་མི་དགེའི་ལྟས་སུ་བཤད་པ་སོགས་ཕྱོགས་གཅིག་གིས་མཐོང་བ་དབང་བཙན་དུ་མི་རུང་འདྲ་ལ་དེའང་ཉིན་མཚན་མཉམ་པའི་དུས་ཟླ་སྒྲ་མཉམ་པས་རི་མོ་བཞིན་དང་། བྱང་བགྲོད་དུས་མཐོ་བས་མཐོང་སྔ་ཞིང་སྒྲིབ་ཆ་ཆེ། ལྷོ་བགྲོད་དུས་ཕྱི་ཞིང་ཆ་ཆུང་བ་གོ་དོན་ལས་སློང་བ་མངོན་སུམ་དང་འགྲིགས་པས། ཕལ་ཆེར་སྒྲིབ་ཆ་སོགས་ཅུང་འཛོལ་བ་ལོངས་སྤྱོད་མ་དག་པ་ཁོ་ནས་མིན་འདྲ་ཞིང་། ཉི་མ་དང་པ་སངས་ཁྱིམ་གཅིག་ན་འཛིན་ཆ་ཆུང་བ་སོགས་རྐྱེན་གཞན་ཡང་ཡོད་པས་སོ། །འདི་སྐོར་ལར་ཟླ་ཉི་སྒྲ་གཅན་གྱི་གོ་བབ་མ་ངེས་ན་མངོན་སུམ་འགལ་མི་འགལ་ཟེར་བ་མོ་གཤམ་བུ་


MR12_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ཁ་དོག་བརྗོད་པ་དང་འདྲ་བས། འདི་ལ་སྔ་མེད་ཀྱི་གོ་བ་ཅུང་ཟད་སློང་སྤྲོ་ཡང་འདིར་ཡི་གེ་ཉུང་བར་བྱ་བའི་ཕྱིར་མ་བྲི་ལ། དེ་བཞིན་དུ་ལྔ་བསྡུས་དང་། རཱ་ཧུ་ཉི་ཟླའི་འགྲོས་ལམ་གྱི་མན་ངག་ཀྱང་། གནམ་ལ་བལྟས་མས་སྟེས་དབང་གང་འགྲིག་གི་རི་མོའི་ཆོ་ག་མ་ཡིན་པར། གོ་བ་ནང་ནས་སློང་སྟེ་བྲིས་པ་ལ་སླར་ཚད་མས་ངེས་པ་སྐྱེ་བ་ཅུང་ཟད་རྒྱུད་རྣལ་མའི་དོན་དཀྲུགས་མི་དགོས་པ་ཡོད་ཀྱང་ཕྱིས་སུ་བྲི་བར་བྱ་བ་ཁོ་ནའོ། །དེ་དག་གིས་བློ་གསལ་རྣམས་ལ་མངོན་སུམ་སྒྲིག་ཚུལ་ཅུང་ཟད་བཤད་ནས། ད་ནི་དཀྱུས་ཀྱི་ཉི་ཟླའི་ལོངས་སྤྱོད་སྔ་བསྣུར་བྱས་པ་འདི་དཔྱད་དེ། དེ་ལ་འདིས་མིག་སྐར་དང་ལྡོག་གཉིས་ཀྱི་ཐུར་གྲིབ་ལ་བརྟེན་ནས་ཇི་འགྲིག་བྱས་པ་ལས། རྒྱུད་ན་གྲུབ་པའི་རྩིས་འཕྲོའི་མཚམས་ཟིན་ངེས་པའི་ཚིག་དངོས་སམ་ཤུགས་ཟུར་གྱིས་མཚན་པ་ཇི་ཡོད་ད་རུང་ཡང་རྒྱུད་རིན་པོ་ཆེ་བཞུགས་བཞིན་པ་འདི་ལ་བལྟས་ནས་ཡང་ཡང་དཔྱད་པས་རྟོགས་རྒྱུ་འདི་བཞིན་ལ། མིག་སྐར་གྱི་སྐར་མ་ཙམ་ལས་ཆུ་ཚོད་སྲང་སོགས་ནི་ངེས་པར་མི་རྟོགས་པའི་སྤམ་ཚོད་དཀའ་ཞིང་ཉི་ལྡོག་ཀྱང་གྲིབ་མས་ཞག་ནམ་བྱུང་ཙམ་རྟོགས་སུ་ཆུག་ཀྱང་། ཞག་དེའི་དུས་ནམ་ཙ་ན་ལྡོག་པའི་ཕྲ་བ་མི་ཤེས་པའི་དབྱུག་སྲང་སོགས་དཀའ་བས་ན་རྩིས་འཕྲོ་འདི་ནི་ཡང་དག་པའི་ལུང་ཡོད་ན་མ་གཏོགས་ཇི་བཞིན་པ་ཐོན་དཀའ། ༢ཁྱད་པར་འདིའི་རྒྱུ་སྐར་བགྲང་ལུགས་གཅིག་ཨང་བྲ་ཉེ་མ་ཡིན་ཐ་སྐར་ཡིན། རྒྱུ་མཚན་རྒྱུད་འགྲེལ་ལས། རྒྱུ་སྐར་ནི་ཐ་སྐར་དང་བྲ་ཉེ་དང་ལ་སོགས་པ་གསུངས་པ་དང་། དེ་བཞིན་གཟའ་སྦྱོར་བ་བྱེད་པ་སོགས་གསུངས་པ་ཀུན་གྱི་གཅིག་ཨང་ནས་མགོ་འཛིན་པས་སོ། །ཟེར། དེ་ལ་ངེས་པ་མ་མཐོང་སྟེ། ལར་རྒྱུ་སྐར་


MR12_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐ་སྐར་བྲ་ཉེ་སྨིན་དྲུག་ནས་བརྩི་ཚུལ་གསུམ་ཡོད་ཀྱང་། རྒྱུད་འདིར་ནི། ཁྱིམ་གྱི་དང་པོ་ལུག །རྒྱུ་སྐར་དང་པོ་ཐ་སྐར། གཟའ་དང་པོ་ཉི་མར་གསུངས་པ་དེ་གཞུང་གི་རྩིས་དང་འགྲིགས་ཚུལ་གྱིས་འདིར་སྐར་གནས་སྟོང་པ་ཐ་སྐར་ལ་ངོས་འཛིན་པ་འཐད་དེ་རྒྱུ་མཚན་ཅིས་ཤེས་ན། གཟའ་སོ་སོ་སྐྱེས་པའི་ཁྱིམ་དང་། སྐྱེས་སྐར་རྐང་པ་དང་བཅས་པ་རྒྱུད་ལས་གསུངས་པ་ལྟར། རང་རང་གི་ལོངས་སྤྱོད་ཀྱང་ཐོག་མར་དེ་ནས་བརྩམས་པའི་དོན་གྱིས་སྐྱེས་ཁྱིམ་སྦྱངས་པ་ཡིན་ཏེ། རྒྱུད་ལས། དུས་ཀྱི་རྒྱུ་སྐར་རྐང་པ་གསུམ་བཅས་བུ་ལོན་དག་སྟེ་ཉི་མའི་ལོངས་སྤྱོད་དབུས་ནས་སྦྱང་བར་བྱ། ཞེས་ཉི་མའི་སྐྱེས་ཁྱིམ་དང་། དེ་བཞིན་གཟའ་ལྔ་སོ་སོ་ལ། མིག་དམར་ལ་ནི་ཕྱེད་བཅས་དགུ་སྦྱང་། ཞེས་སོགས་ཀྱིས་གསལ་བ་ལྟར་ཐམས་ཅད་ཀྱིས་ལག་ལེན་བསྟར་རྒྱུ་འདི་བཞིན་ལ། གལ་ཏེ་ཉི་མའི་སྐར་མ་དྲུག་པ་དེ་ཁྱོད་ལྟར་ན་ལག་དང་། དགུ་པ་དེ་སྐག་ཡིན་པ་སོགས་དགོས་པ་ལ། དེ་ལྟར་ན་འགྲེལ་ཆེན་ལས། པ་སངས་སྐར་མ་ནབས་སོ་ལའོ། །བཀྲ་ཤིས་སྐར་མ་མཆུ་ལའོ། །ཕུར་བུ་སྐར་མ་མེ་བཞི་ལའོ། །གཟའ་ལྷག་སྐར་མ་ལྷ་མཚམས་ལའོ། །ལ་སོགས་པས་སྐྱེས་ཁྱིམ་སྦྱངས་པའི་ཨངྐའི་གྲངས་དེ། འདིར་སྐར་མའི་མིང་དང་སྦྱར་ནས་གསལ་བར་ཡོད་པ་འདི་དགུང་ལོ་རེ་གསུམ་པར་མ་གཟིགས་སམ། རིགས་ལྡན་གྱིས་བྱིན་གྱིས་རླབས་ནས་ལོ་ཉེར་བདུན་རྒྱུད་ལ་སྦྱང་རྒྱུའི་རྒྱུད་དེ་དུས་འཁོར་དང་རིགས་ལྡན་དེ་ཤམ་བྷ་ལའི་རིགས་ལྡན་མིན་ནམ་ཅི། རྒྱ་བོད་ཧོར་གསུམ་ན་ཡོངས་གྲགས་འདི་ཅིའི་སླད་དུ་བསྒྱུར་སྙམ་པ་དེ་ཞེ་ནས་ཤར། གཞན་ཡང་རྒྱུད་ལས། ལོ་ནི་འདི་དག་རྣམས་ཀྱི་དུས་ཀྱི་མཐའ་རུ་གཟའ་ཚོགས་རྒྱུ་བ་ཁྱིམ་ནི་


MR12_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་དག་ལ་གནས། སླར་ཡང་ཐ་སྐར་ལ་སོགས་དག་དང་རབ་བྱུང་ཞེས་དང་དེ་བཞིན་ནག་པའི་ཟླ་བ་ལ་སོགས་དང་། གཟའ་དང་སྦྱོར་བ་ཚེས་དང་བྱེད་པ་རྣམས་ཀྱང་དེ་བཞིན་དང་པོ་དག་སྟེ་དེ་ཡི་དུས་སུ་ནི། ལྷ་རྣམས་དག་དང་ལྷ་མིན་རྣམས་ཀྱིས་འཁྲུག་པ་དྲག་པོ་ས་བཞིའི་གནས་རྣམས་སུ་ནི་འབྱུང་བར་འགྱུར། ཞེས་ཟད་བྱེད་མེ་སྟག་གི་དབོ་ཟླའི་སྟོང་ལ་དུས་མེ་མ་གཏོགས་པའི་གཟའ་ཀུན་གྱི་ལོངས་སྤྱོད་སྟོང་པར་ཞུགས་ནས། སླར་ཡང་རབ་བྱུང་ནག་ཟླའི་ཚེས་གཅིག་ལ། ཚེས་གཅིག་གི་རྟག་ལོངས་ཁོ་ནས་གཟའ་སྐར་བསྒྲུབས་པས་རྒྱུད་ལས་གསུངས་པ་ལྟར་འཆར་བ་འདི་ལ་ཁྱོད་ལྟར་ན་ཟླ་སྐར་ལ་གཅིག་ཨང་འཆར་དགོས་པ་ལ་དེ་མི་འཆར་བ་མངོན་སུམ་འདི་དང་། རྒྱུད་ལས། ཐ་སྐར་དང་བྲ་ཉེ་སྨིན་དྲུག་གི་རྐང་པ་གཅིག་ནི་ལུག་ལའོ་ཞེས་ཐ་སྐར་ལུག་གི་ཐོག་མར་རྩི་ཞིང་། དེའི་དབང་གིས་འཁོར་ལོ་རྫོགས་པ་ལུག་ཁྱིམ་དུ་སླེབས་པར་བཞག །ཁྱོད་ཀྱི་ནམ་གྲུ་ནས་བརྩིས། དེ་ལྟར་ན་གཟའི་སྐྱེས་ཁྱིམ་རྒྱུད་དང་འགལ་བ་དང་། ཁྱིམ་གྱི་དང་པོ་དང་། རྒྱུ་སྐར་དང་པོ་མི་འགྲིགས་པ་ལ་སོགས་པ་དང་། རྒྱུད་དབུ་ཞབས་མཐའ་དག་དང་འགལ་བར་རྟོགས་སླ་བ་འདི་སུ་ཞིག་གིས་བཅོལ། རེས་གཟའ་དང་ཁྱིམ་རྒྱུ་སྐར། གཟའ་དགུའི་ལོངས་སྤྱོད་བཅས། རྒྱ་བོད་སུ་དང་ཡེ་མི་འདྲ་བ་འདི་དང་། རྩིས་ཀྱི་བླང་དོར་མཐའ་དག་པ་རྐང་སྤྲུགས་ནས་མི་འདྲ་བ་འདིས། ཡང་ན་ཤིན་ཏུ་འཚེར་བ་དང་། ཡང་ན་དེ་ལས་ལྡོག་སྟེ་འབྱུང་རྒྱུ་ལས་ཕུང་གསུམ་པ་མི་གདའ་བས་འདི་ལ་ཀུན་གྱིས་རྒྱུད་དཔང་པོར་བཞག་སྟེ་རིགས་པས་དཔྱད་ནས་འཁྲུལ་མེད་ཀྱི་ལུགས་བཟང་ཡིན་ངེས་ན་རྒྱ་བོད་ཀྱི་མཁས་པ་སུས་


MR12_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མཐོན་པ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་མཆོད་ཅིག དེ་ལྟར་མིན་ན་དེའི་ལྡོག་ཕྱོགས་སུ་ཟུངས་ཤིག །ཁྱི་དང་གློ་བ་འཕྲད་པ་ལྟར་གང་བྱུང་དུ་ལེན་རྒྱུ་ཞིག་མིན་པ་འདྲ། དཔྱད་དགོས་པར་སྣང་ངོ་། ༢ །དེ་ནས་ཉི་ལྡོག་ལ་དཔྱད་དེ། རྒྱུད་འགྲེལ་ལས།འདིར་ཆད་པ་དང་ལྷག་པ་ཇི་ལྟར་ཤེས་ན་བྱང་དུ་བགྲོད་པའི་ཟླ་བ་དང་པོ་ལ་ཉི་མ་བཅུ་བཞི་བར་དུ་ཐུར་མའི་གྲིབ་མས་ཡོངས་སུ་བརྟག་པར་བྱ་སྟེ། ཉིན་ཞིག་གང་ནས་བརྩམས་ཏེ་ཐུར་མའི་གྲིབ་མ་བྱང་ནས་ལོག་པར་གྱུར་པ་གཟའ་དེ་དང་ཆེས་དེ་དང་། སྦྱོར་བ་དེ་དང་བྱེད་པ་དེས་ཉི་མ་འཕོ་བའི་ཉིན་ཞག་གོ། ཉིན་ཞག་དེ་ལ་ནི་ཉི་མའི་ལོངས་སྤྱོད་སྐར་མའི་གནས་སུ་ཉི་ཤུ་དང་། ཆུ་ཚོད་ཀྱི་གནས་སུ་བཅོ་ལྔ་ཞེས་པ་རྩ་བའི་ངེས་པའོ། །ཞེས་སོགས་དང་དེ་ནས་རྒྱུ་སྐར་ཕྱེད་བཅུ་སུམ་འདས་པ་སྐར་དྲུག་ཞེ་ལྔ་ལ་དབྱར་ཉི་ལྡོག་པ་གསུངས་པ་དང་། ཡང་རྒྱུད་ལས། བྱང་དུ་བགྲོད་པའི་ཉི་ཞག་ལ་གྲིབ་མས་ཡོངས་སུ་བརྟག་པར་བྱེད་པ་གཞན་ལའང་ཉི་མ་དག་པ་མ་མཐོང་ངོ་། །བྱང་དུ་བགྲོད་པ་ལ་གྲིབ་མ་དག་པ་མེད་ན་ཉི་མའི་ལོངས་སྤྱོད་མ་དག་པའོ། །ཞེས་གསུངས་པས་ན།ནམ་ས་འདིར་ཐུར་གྲིབ་ལྷོ་བྱང་དུ་འགྱུར་བའི་ཉིན་དེ་ལ་གླིང་ཀུན་ན་ཉི་མ་སྐར་དྲུག་ཞེ་ལྔ་དང་། སྐར་མ་ཉི་ཤུ་དབྱུག་བཅོ་ལྔ་དེ་ཡིན་དགོས་པར་བསམས་ནས། ས་འདིའི་ཉི་ལྡོག་དང་གོང་གི་ཚད་བསྒྲིགས། དེས་གཟའ་འཛིན་སོགས་མི་རྟོགས་པས་ལྔ་སྒྲ་བཅས་དེ་ཡིས་རིགས་བསྒྲེས་ནས་མང་དུ་བཏང་འདུག་པ་འདི་ལ་དཔྱད་ན། དེ་ལ་རྒྱུད་ཀྱི་ཉི་ལྡོག་གི་ཚད་དེ་ནི། ཀཻ་ལ་ཤའི་དབང་དུ་བྱས་པར་ཐེ་ཚོམ་མེད་དེ། ཅིས་ཤེས་ན་ལུང་དང་རིགས་པ་གཉིས་ཀས་ངེས་ཏེ། དང་པོ་ལུང་ནི། རྒྱུད་ལས། ཉི་མ་རི་བོང་ཅན་གྱི་ཉི་ཆུ་ཚོད་དྲུག་


MR12_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཅུ་དག་ལས་འགྲིབ་དང་འཕེལ་བ་དྲུག་ཆས་སོ། །ཞེས་པའི་ཐད་ཀྱི་འགྲེལ་ཆེན་ལས། འདིར་དྲུག་ཆས་འགྲིབ་པར་འགྱུར་ཞིང་འཕེལ་བར་སོགས་ཀྱི་མཐར། འདིར་ཀཻ་ལཱ་ཤའི་དུམ་བུ་ལ་གྲིབ་མས་ངེས་པ་ནི་འཕགས་པའི་ཡུལ་དུ་མ་ཡིན་ཏེ་ཞེས་པ་ནས། དེ་བཞིན་དུ་བོད་དང་ལི་དང་རྒྱ་ནག་ལ་སོགས་པའི་ཡུལ་རྣམས་སུ་དགུ་ཆ་དང་བརྒྱད་ཆ་དང་བདུན་ཆ་དག་གིས་ཤམྦྷ་ལའི་ཡུལ་ལ་ཐུག་གི་བར་དུ་གྲིབ་མའི་དབང་གིས་འགྲིབ་ཅིང་འཕེལ་བར་རིགས་པར་བྱའོ། །ཞེས་དང་། ཡང་། ཉིན་ཞག་སོ་སོར་དེ་ནི་དབུགས་ཟུང་ཆུ་སྲང་གསུམ་ཞེས་པ་ནི་འདིར་གཡས་དང་གཡས་མིན་དག་ཏུ་ཟླ་བ་གསུམ་པོ་རྣམས་ཀྱི་ཉིན་ཞག་སོ་སོ་ལ་ཉིན་མོ་དང་མཚན་མོ་འཕེལ་བའམ་འགྲིབ་པ་ནི་དབུགས་གཉིས་དང་ཆུ་སྲང་གསུམ་མོ། །ཚད་འདི་ནི་ཀཻ་ལཱ་ཤའི་དུམ་བུ་ལ་ཡིན་གྱི་འཕགས་པའི་ཡུལ་ལ་སོགས་པ་ལ་མ་ཡིན་ནོ། །འཕགས་པའི་ཡུལ་དུའང་ཉིན་མཚན་སོ་སོ་ལ་ཆུ་སྲང་གཉིས་འཕེལ་བ་འགྲིབ་པར་ཤེས་པར་བྱ་སྟེ། ཞེས་སོགས་དང་། དུས་སྦྱོར་ལའང་། ད་ནི་ཀཻ་ལཱ་ཤའི་དུམ་བུའི་དབྱེ་བས་དུས་སྦྱོར་བཅུ་གཉིས་འཆར་བའི་དུས་གསུངས་པ།ཞེས་སོགས་དང་། སྔར་གོ་ལའི་སྐབས་སུ་བཤད་པའི་ལུང་དེ་དག་གིས་གླིང་དང་ས་ཚིགས་སོ་སོར་ཉི་མ་ལྡོག་ཚིགས་མི་འདྲ་བ་ཡོད་པར་བསྟན་ནོ། །རིགས་པ་དང་ཇི་ལྟར་འགལ་ན། སྐར་དྲུག་ཞེ་ལྔར་ཉི་མ་སླེབས་ཚེ་གླིང་ཐམས་ཅད་དུ་དབྱར་ཉི་མཉམ་དུ་ལྡོག་ཅིང་།དེ་དུས་ཀྱི་ཉི་མ་ཡོད་པའི་གོ་ལ་དེ་གླིང་ཀུན་གྱི་དབུས་ན་ཡོད། སྐར་མ་ཉི་ཤུ་པ་རྣམ་པ་ཀུན་ཏུ་གླིང་ཀུན་གྱི་མཐའ་ན་ཡོད་ན། གོ་ལའི་སྐབས་སུ་དཔྱད་པ་ལྟར། སྐར་མ་དྲུག་པ་གླིང་འདིའི་རི་རབ་ལ་ཉེ་ན། བྱང་དྲང་པོར་ཡོད་དུས་ནུབ་ཏུ་ཁྲུམས་སྨད།


MR12_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དུ་རྟ་ཆེན་ལྟ་བུ་ལ་ཐུག་གི་བར་རི་རབ་ལ་ཇེ་རིང་ཇེ་རིང་ལ་སོང་བ་མངོན་སུམ་དང་། དེ་ལྟར་ཡིན་ཡང་དགོས་ཏེ། རྒྱལ་ལས་སྐག །སྐག་ལས་མཆུ་རིམ་པས་ཉི་མ་འཆར་ས་དམའ་བ་དང་། མགོ་ལས་སྣར་མ། སྣར་མ་ལས་སྨིན་དྲུག་སོགས་ཀྱང་རིམ་པས་འཆར་ས་ནུབ་ས་དམའ་བར་གྲུབ་པས་མཐོང་བའི་ཁྱིམ་དྲུག་པོ་འདི་ནི་མངོན་སུམ་ཚད་མས་གཞུའི་རྣམ་པ་ཅན་རྒྱབ་ངོས་རི་རབ་ལ་བསྟན་པ་ཞིག་ཡིན་པར་ཀུན་གྱིས་མཐོང་སྣང་དུ་གྲུབ་པ་འདི་ལ་བསྙོན་དུ་མེད་ཅིང་། ལྷོ་དབུས་དྲང་པོར་སྣུབས་ཡོད་ཚེ་སྣྲོན་སོགས་ཀྱང་ཚུར་ཚུར་དང་ཆུ་སྟོད་སོགས་ཀྱང་ཚུར་ཚུར་བྱུང་བ་ལས་སྣུབས་ཕན་ནི་ཕར་ཕར་སོང་བ་མེད་པའི་པད་འདབ་ཀྱི་རྣམ་པ་ཅན་ཡིན་པར་མངོན་སུམ་དང་། དེ་ལྟར་ཡིན་ཀྱང་དགོས་ཏེ་སྣུབས་ལ་དགུན་ཉིའི་བགྲོད་པ་མཐར་ཐུག་ཅིང་། དེ་ལས་ཉི་མ་ཐུང་བ་གཞན་མེད་པའི་ཕྱིར་རོ། །དེ་ལྟར་ན་གླིང་འདི་ན་ཁྱིམ་གྱི་རྣམ་པ་ཇི་ལྟར་ཡོད་པ་དེ་གླིང་གཞན་ལའང་དེ་ལྟར་ཡོད་དགོས་པས་ན་འདི་ན་མགོ་སོགས་གཞུ་ཡི་རྣམ་པ་ཅན་དུ་ཡོད་སྐབས་དེ་ན། བྱང་དབུས་མའི་ཚངས་ཐིག་ཏུ་སྣུབས་ཡོད་དགོས་ལ། ཁྱད་ལྟར་ན་ཁྱིམ་ནི་རྣམ་པ་ཀུན་ཏུ་ཚེས་གསུམ་གྱི་ཟླ་བ་ལྟ་བུའམ་དོ་ཤལ་ཕྱེད་པོ་ལྟ་བུ་ཞིག་གླིང་ཐམས་ཅད་ཀྱི་ཀླད་དུ་འཁོར་བར་མཐོང་དགོས་པས། དེ་ལྟར་ན་འདི་ཡི་ཁྱིམ་གྱི་ལྟོང་ལྟོང་པོ་ཕར་བསྟན་ཡོད་ན་ཁྱེད་ཀྱི་ལུགས་ལ་འགྲིགས་ཀྱང་། འདིར་ཚུར་བསྟན་ཡོད་པས་དེ་གཉིས་ཇི་ལྟར་འགྲིགས། ཟླ་ཚེས་ཀྱི་རྩེ་མོ་གཉིས་ལྟ་བུ་ནི་མཉམ་གཉིས་ཡིན་དགོས་ལ། ཁྱོད་ལྟར་ན་སྐར་མ་ཁུག་བ་བྱས་པ་ལྟ་བུར་མཐོང་དགོས་པས་མངོན་སུམ་འདི་ལ་རྟོགས་འཚལ། དེའི་ཕྱིར་ན་གདོན་མི་ཟ་བར་སྣུབས་ལྟ་བུ་གླིང་འདིའི་ལྷོ་མཐར་འཆར་བ་དམའ་ཤོས་དེ། མདུན་གྱི་གླིང་བདུན་


MR12_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཁའ་ལ་བྱང་དུ་རི་རབ་ལ་ཉེ་བའི་མཐོ་བ་མཐར་ཐུག་པ་རྗེས་སུ་དཔགས་ནུས་པ་འདི་འཇམ་པའི་དབྱངས་དངོས་བླ་མའི་བྱིན་རླབས་ལས་ཁོ་བོ་ཁོ་ནས་རྟོགས་པ་དེ། གཞན་དུ་དྲུ་འཛིང་མ་སྒྲུབ་མཁན་སུས་ཀྱང་དཔྱད་པ་ཙམ་ཡང་མི་སྣང་ཞིང་། ས་དགེའི་མཛོད་འགྲེལ་གྱི་ཡིག་ཆ་ཕལ་ཆེར་ན་གླིང་བཞིར་དུས་བཞི་མཉམ་པར་ཁས་ལེན་པ་གཞན་ལ། ཉི་མ་རིང་ན་མཚན་ཡང་རིང་དགོས་པ་སོགས་ཉི་མཚན་གྱི་ཚད་མང་ཉུང་གི་སྐྱོན་འཕེན་པ་ཙམ་ཁོ་ན་རྗེས་སུ་ཟློས་ཀྱང་། ཉི་མ་རིང་དུས་མཐོ་བས་གླིང་བདུན་གསལ་ནུས། ཐུང་དུས་དམའ་བས་གླིང་ལྔ་ལས་མི་གསལ་ཞེས་སྨྲས་ན་སྐྱོན་དེ་ནི་གཞན་ལུགས་ལའང་སྤོང་ནུས་པས་རིགས་པ་བཟང་པོར་མི་སྣང་བར་བདག་གིས་སེམས། དེས་ན་ཚུལ་འདི་ལ་སོགས་པ་དངོས་སྟོབས་ཀྱི་རིགས་པ་དང་། རྒྱུད་ཀྱི་ལུང་གིས་ཉི་མ་ལྡོག་ཚིགས་མི་འདྲ་བ་ཡོད་པར་གྲུབ་པས་ན་ལུགས་འདི་མ་དག་པར་ངེས་སམ་སྙམ་སྟེ། གཟུར་གནས་ཀྱི་བློ་གྲོས་རྣམ་པར་དག་པས་དཔྱོད་དང་རྟོགས་པར་འགྱུར་རོ། ༢ །ཡང་། འདིས་ཉི་མ་སྐར་དྲུག་ཞེ་ལྔས་དབྱར་ཉི་ལྡོག་ཚད་དེ་ནས་ཉི་མ་ལྷོ་རུ་འགྲོ་བས་ཉི་རྐང་ཡང་འབྲི་དགོས་ཟེར་ཡང་། འདི་ནི་སྐྱེས་ཁྱིམ་གང་ཡིན་པ་དེ་ནས་དལ་རྐང་ནོར་བུ་ལོན་དུ་རྩམ་པའི་དོན་ཡིན་གྱི། ལྷོ་བགྲོད་ལ་རྣམ་པ་ཀུན་ཏུ་དོར་བ་སོགས་སུ་མ་ངེས་ཏེ། གཟའ་ལྔའི་སྐབས་སྐར་དྲུག་ཞེ་ལྔ་སྦྱང་རྒྱུ་མིན་པའི་གཟའ་གཞན་ལའང་། སྐྱེས་ཁྱིམ་ནས་འཁོར་ཕྱེད་བར་ངལ་རྐང་ཚར་གཅིག་དང་། དེ་ནས་ཡང་ཚར་གཅིག་སྤྱོད་པས་སོ། །དེ་ལ་དལ་རྐང་སྐྱེས་ཁྱིམ་ནས་ཁྱིམ་རེར་མི་འདྲ་བ་རེ་དང་། མྱུར་རྐང་སྐྱེས་སྐར་ནས་བརྩམས་ཏེ་རྒྱུ་སྐར་རེ་ལ་རྐང་པའི་འཕེལ་འགྲིབ་མི་འདྲ་བར་རེ་ཡོད་པའི་གོ་བ་སྟེ།


MR12_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་ཡེ་རླུང་དང་སྦྱར་བ་དང་། ཕྱི་རོལ་གྱི་གཟའ་ལ་འགྲོས་དལ་མྱུར་སྣ་ཚོགས་འབྱུང་ཚུལ་འདི་ཆོས་ཉིད་ཀྱི་རིགས་པ་སྟེ། ལུང་མེད་པར་འདི་ཅི་ཞེས་དཔྱད་པས་རྟོགས་པ་མ་ཡིན་ནོ། །དེས་ན་ཞལ་ལུང་མཁན་པོ་སོགས་སྔ་རབས་བདག་གིས་ཀྱང་ཐུར་བྲིས་ལ་ལན་དུ་མར་བརྟགས་ནས་བསྒྲིགས་པར་སྣང་ལ། སྤྱི་ཙམ་དུ་ཕུག་རྩིས་དོན་ཁྱིམ་ལ་རི་ཡིས་ཕྲི་རྒྱུ་སོགས་མི་དགོས་པར་ཞག་བརྒྱད་རེའི་ཉི་མའི་ལོངས་སྤྱོད་ཇེ་སྔར་སོང་བ་ཅུང་ཟད་དག་པར་འདུག་གོ། དེས་ན་ལུགས་གསར་པ་འདིའི་ཉི་ལྡོག་ཉིན་སྐར་དྲུག་ཞེ་ལྔ་འཆར་བའི་རྩིས་འཕྲོ་ཞིག་བྱས་པ་འདི་ལྟར་ན། ཨང་གྲངས་དྲུག་པ་འདི་ཡོངས་གྲགས་ལྟར་གཏན་ལ་ཕབ་པ་ཡིན་ན་ནབས་སོ་དང་། ལུགས་འདི་པ་ལྟར་ན་ལག་རེད་པས་ལག་དང་མགོ་གང་གིས་སྟེང་ནས་ལྷོར་བགྲོད་བྱེད། ཟླ་བ་ལ་རྟོགས་ཤེས་ན་ཐག་ཆོད་པར་སྣང་བས་དཔྱོད་ལྡན་ངག་གིས་རྟོགས་ཤིག ༢ །དེ་ནས་རེས་གཟའ་འདི་ལ་ནི་མིག་སྐར་ལྟ་བུ་དང་བསྒྲིགས་རྒྱུ་ཡང་མེད་པས། མན་ངག་ཁ་ཅིག་ལས། གཟའ་གང་ཡིན་བརྟགས་པའི་རྟེན་འབྲེལ་ཞིག་གསུངས་པ་དེ་འདྲ་མ་གཏོགས། གཞན་ཅི་ཤེས་ཀྱང་།ལུགས་སྔ་མ་རྣམས་དང་རྒྱ་ནག་ཚུན་ཆད་མཐུན་ཞིང་། གཟའ་རྐྱང་ཙམ་ཉིན་ཞག་གི་རྩིས་ཡིན་པས་མཚམས་ཙམ་མ་ནོར་བས་ཆོག་པས་སྔ་མ་རྣམས་ཡིན་ལས་ཆེ་སྙམ། ལུགས་འདིའི་ཉི་མའི་རྩིས་འཕྲོ་ལ་ཇི་ཙམ་སྣོན་པ་དེའི་འགྲེས་སྦྱར་བ་སོགས་ཡིན་ན་ནི་གོང་བཤད་ལྟར་ཡིད་བརྟེན་དཀའ་ལ། གཞན་གྱི་ཤེས་བྱེད་ཡིད་ཆེས་སུ་རུང་བ་ཇི་ཡོད་ད་རུང་བརྟག་པར་གྱིས་ཤིག །དེ་ནས་སྐབས་འདིའི་རེའུ་མིག་སྤེལ་འཛིན་རང་གི་ཐད་ན་མི་འདྲ་བ་ག་ལ་ཡོད་ཀྱང་། རྩིས་འཕྲོའི་དབང་གིས་ལྔ་བསྡུས་མི་འདྲའོ། །


MR12_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་རྩིས་ཀྱང་འདི་ཁོ་ནའི་ལུགས་མ་ཡིན་པས་དཔྱད་བྱ་གཞན་མི་འདུག་གོ། ཐུབ་བསྟན་མཛེས་རྒྱན་གྱི་གྲུབ་པའི་ཡན་ལག་ལྔ་བཤད་པའི་སྐབས་ལ་དཔྱད་པའོ། ༈ །དེ་ནས་བཞི་པ་དུས་བཞིའི་ཚད། ཉི་མ་ཁྱིམ་དུ་སླེབས་ཚད་ནི།རྒྱུ་སྐར་གྱི་རྐང་པ་བཀོད་ལུགས་ལྟར་གོ་ལར་ཉི་མ་སླེབས་ཚོད་ཡིན་པས་ཁྱད་མེད་ཀྱང་། ཉི་ལྡོག་སོགས་ས་ལ་དུས་བཞི་འཁོར་ཚུལ་ནི་ཕལ་ཆེར་རྒྱུད་ཀྱི་ནང་ན་ཡོད། ཀཻ་ལཱ་ཤའི་ཚད་དེས་འདི་ལའང་འཆར་རྒྱུ་བྱས། འཁོར་ལོ་རྫོགས་པ་ཐ་སྐར་ལུག་གི་ཐོག་ནས་གསུངས་པ་ལྟར་འདིར་ཚད་མ་འགྲིག་ཀྱང་། ཐིག་ནམ་གྲུར་བཟུང་བ་ནོངས་པའི་མཚངས་སྒྲིབ་ཏུ་རྒྱུད་དང་འགྲེལ་བ་མན་ངག་གཅིག་ལ་མ་གྲགས་པའི་ནམ་གྲུའི་རྐང་པ་དང་པོ་ནས་ལུག་ཁྱིམ་བྱས། རྒྱུད་ཀྱི་ལྡོག་གཉིས་ཀྱི་ཚད་དེས་འདིར་ཡང་དེ་ཁོ་ན་ལྟར་ཡིན་ན།ཉིན་མཚན་གྱི་ཚད་སོགས་ཀྱང་དེ་ལྟར་ཡིན་དགོས་མོད། རྒྱུད་ལས་ཉིན་མཚན་འཕེལ་འགྲིབ་དྲུག་ཆས་བྱེད་པར་གསུངས་པའི་དོན། རྒྱུད་འགྲེལ་ལས་ཆུ་སྲིན་ནས་འཁྲིག་པའི་མཐར་ཐུག་པའི་བར་དུ་མཚན་མོ་འགྲིབ། ཉིན་འཕེལ་ཀརྚ་ནས་གཞུའི་བར་ཉིན་འགྲིབ་མཚན་མོ་འཕེལ་བར་གསུངས་པ་ལ། ཁྱོད་ཀྱི་མཉམ་གཉིས་ནས་དྲུག་ཆས་འཕེལ་འགྲིབ་བྱེད་པར་བསྒྱུར་བས། དེ་ལྟར་ན་སུམ་ཆས་འཕེལ་འགྲིབ་བྱེད་པར་ཅིས་མ་བསྟན། ཉིན་རེ་དབུགས་ཟུང་ཆུ་སྲང་གསུམ་གྱིས་འཕེལ་འབྲི་བྱེད་པར་གསུངས་ན། དེ་ཟླ་བ་དྲུག་ཏུ་བསགས་པ་ལ་ཆུ་ཚོད་ཉི་ཤུར་ཇི་ལྟར་ལངས་རྒྱུད་འགྲེལ་ལས་ཀྱང་། ཚད་འདི་ལ་ལྷོར་བགྲོད་པའི་འཕོ་བའི་ཉིན་ཞག་ལ་ཆུ་ཚོད་སུམ་ཅུ་རྩ་དྲུག་གིས་ཉིན་མོར་འགྱུར་ཞིང་། ཉི་ཤུ་རྩ་བཞིས་མཚན་མོར་འགྱུར་རོ། །དེ་བཞིན་དུ་བྱང་དུ་བགྲོད་པ་ལ་མཚན་མོ་དང་ཉིན་མོའི་ཚད་བཟློག་པས་


MR12_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ། །ཞེས་གསུངས་པས་ཉིན་མཚན་རིང་མཐའ་སོ་དྲུག་དང་། ཐུང་མཐའ་ཉེར་བཞི་ལས་མ་གསུངས་ཡང་། ཁྱོད་ཀྱི་ཉིན་མཚན་རིང་ཐུང་མཐར་ཐུག་པའི་སྐབས་ལོག་པོ་བྱས་འདུག་པ། ཟླ་འཛིན་གྱི་སྐབས་འགར་ཐུར་གྲིབ་ལ་བརྟེན་ནས་རྙེད་ཚོད་དུ་འདུག་ཀྱང་། ལར་རྒྱ་བལ་གྱི་ཆུ་ཚོད་རྟོགས་པའི་འཁྲུལ་ཐབས་འཁོར་ལོ་དང་། ཆུ་བུམ་སོགས་དང་། མ་ནོར་བར་བགྲངས་པའི་དབུགས་ཐུར་གྲིབ་ཉིན་གུང་དང་ཤར་མ་ཐག་པའི་བར་དུ་ཇི་ཡོད་ལ་སོགས་པའི་རྗེས་དཔག་གིས་རྩད་བཅད་ན་མ་གཏོགས་ཞིབ་ཆ་དཀའ་ཡང་། རྒྱུད་དང་དབྱངས་འཆར་མདོ་ཡི་ལུང་སོགས་ཞལ་འཆམ་པར་རིང་མཐའ་ཆུ་ཚོད་སོ་དྲུག་གམ། ཡུད་ཙམ་བཅོ་བརྒྱད་དུ་གསུངས་པ་ལས་བརྒལ་ནས་རིག་པས་མི་འགྲུབ། འདི་ལ་འཐམ་པས་ཇི་བྱེད་སྙམ་ཡང་ད་དུང་བློ་ལྡན་རྣམས་ཀྱིས་རྟོགས་ལ་ཐག་ཆོད་ཅིག ༢ །དེ་ནས་དུས་སྦྱོར་ལ་ཉིན་མཚན་འཕེལ་འགྲིབ་སྔར་བསྟུན་གསར་བ་དང་། ཐུར་མའི་བགོ་གཞི་ཡང་མི་འདྲ་ཞིང་། འདས་ལུས་ཀྱི་སྲང་ནི་དུས་སྦྱོར་གྱི་འཆར་ཚད་ཐམས་ཅད་རྣམ་པ་ཀུན་ཏུ་ཆུ་སྲང་སུམ་བརྒྱར་མཉམ་པར་བྱས་པའི་དབང་གིས་མི་འདྲ་བ་དང་། ཏརྐཱ་ལ་ངོས་འཛིན་ཚེའང་ཆུ་སྲང་སོ་སོ་མེད་པར་ཐམས་ཅད་སུམ་བརྒྱ་རེས་ཕྲིས་ནས། གང་གི་སྐལ་བ་མ་ལྡང་བ་དེ། དེའི་ཏརྐཱ་ལ་ཉིད་དུ་ངོས་འཛིན་པའི་མཉམ་པ་རགས་པའི་དུས་སྦྱོར་དེ་ལས། ཕྲ་བ་མི་མཉམ་པའི་དུས་སྦྱོར་རྒྱུད་ནས་བསྟན་པ་མུ་སྟེགས་པའི་ལུགས་ཡིན་ཟེར་རོ། ༢ །དེ་ལ་ཐུར་གྲིབ་ཀྱི་ཆུ་ཚོད་རྟོགས་པ་འདིའི་གནད་ཟླ་རེར་གྲིབ་དེའི་འཕེལ་འགྲིབ་ཡོད་པས་ཆ་བདུན་དང་། བགོ་གཞིའང་རགས་པ་ཟླ་བ་དེའི་ཉིན་ཚད་དང་། ཞིབ་པ་ཉིན་དེའི་ཉིན་ཚད་ལ་དེ་འདྲ་ནི་བྱས་མི་འདུག བསམ་བློ་


MR12_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་ལུགས་ཇི་འདྲ་ཞིག་གིས་འདི་བགྱིས་པ་ཡིན། དེས་ན་ཆུ་ཚོད་རྟོགས་པའི་རྒྱུ་མཚན་ཅི་ཡིན། གཞུང་འདི་འཛིན་པ་ཀུན་གྱིས་བརྟགས་ནས་སྨོས་ཤིག ༢ །དེ་ལ་ཁྱིམ་ཐམས་ཅད་འཆར་ཡུན་རིང་ཐུང་མེད་པར་རྟག་ཏུ་ཆུ་ཚོད་ལྔ་ཁོ་ནར་བྱེད་པ་མི་འཐད་དེ། རྒྱུད་ལས། ལུག་གི་དུས་སྦྱོར་ལ་ནི་ཆུ་སྲང་དུ་འགྱུར་མཁའ་དགུ་ལག་སྟེ་ཅེས་པ་ལ་སོགས་པས་གསལ་བར་བསྟན་ཅིང་། འགྲེལ་པས་དེ་རྣམས་ཀཻ་ལཱ་ཤའི་དབང་དུ་བཤད་ཅིང་། དུས་སྦྱོར་འཆར་བའི་དུས་ཀྱི་དབང་གིས་ཉིན་མོ་དང་མཚན་མོ་རིང་ཐུང་བྱེད་པར་གསུངས་པ་དང་། དེ་འདྲ་བ་དབྱངས་འཆར་ལས་ཀྱང་བཤད་པའི་རྩིས་ཀྱི་སྐོར་མགོ་འདི་ཅི་ལ་དཀྲུགས་ན་སྙམ། དེ་ལ་སྐབས་འདིར་འདི་སྐད་དུ། ཡུལ་དྲུག་དུས་སྦྱོར་ཐ་དད་དུ་འདོད་པའི། མུ་སྟེགས་ལུགས་དེ་སྒྲ་ཇི་བཞིན་ཡིན་ན། ཉིན་མཚམས་འཕེལ་འགྲིབ་ཚེས་ལོངས་སྤྱོད་རྫོགས་མཚམས་ཀྱི། །རི་མོར་གཟའ་འཛིན་མངོན་སུམ་འགལ་ཅི་དགོས། །ཞེས་ཟེར་ཡང་། བདག་ནི་འདི་སྙམ་དུ། ཡུལ་དྲུག་དུས་སྦྱོར་ཐ་དད་དུ་མེད་པའི། །ཁྱོད་ཀྱི་ལུགས་འདི་སྒྲ་ཇི་བཞིན་ཡིན་ན། །ཉིན་མཚན་ཆུ་ཚོད་ཉི་ཤུའི་མང་ཉུང་གི། འཕེལ་འགྲིབ་ཡོད་པའི་གཞུང་འདི་རྩོམ་ཅི་དགོས། །ཞེས་ཟློག་ནས་སྨ་བར་འདོད་དེ། རྒྱུ་མཚན་ཅིས་ན་ཁྱིམ་ཐམས་ཅད་ཆུ་ཚོད་ལྔ་རེར་མཉམ་ན། ཁྱིམ་གང་དང་དེའི་བདུན་པའི་ཁྱིམ་ཕན་ཚུན་འཆར་ནུབ་བྱེད་པར་ལུང་དང་མངོན་སུམ་གྱིས་གྲུབ་པས་ན། ཁྱོད་ལྟར་ན་ཁྱིམ་དྲུག་གི་ཆུ་ཚོད་སུམ་ཅུ་རྫོགས་ཚེ་ཉི་མ་རྟག་པར་འཆར་ནུབ་བྱེད་དགོས་པས། དུས་ཀུན་ཏུ་ཉིན་མཚན་མཉམ་པ་ཁོ་ནར་སྣང་དགོས་ཏེ་དཔེར་ན་ཉི་མ་ལུག་ཁྱིམ་གྱི་ཐོག་མར་ཡོད་པ་ནུས་པ་དང་གླིང་འདིར་སྲང་འཆར་བ་དུས་


MR12_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་ངེས་པར་དགོས་ལ། དེ་ལྟར་སྲང་ནས་ཉའི་བར་ཁྱིམ་དྲུག་པོ་ཆུ་ཚོད་ལྔ་རེར་བསྡད་པའི་ཆུ་ཚོད་སུམ་ཅུ་རྫོགས་ན་ལུག་གི་ཁྱིམ་འཆར་བ་དང་ཉི་མ་འཆར་བ་དུས་མཉམ་པ་དེ་བཞིན་ཏུ། ཉི་མ་ཆུ་སྲིན་དུ་ཡོད་ཚེ་ཆུ་སྲིན་ནུབ་ནས་ཀརྚ་ཤར་བ་དང་མཚན་ཐོག་མ་མགོ་མཉམ། དེ་ནས་ཆུ་ཚོད་སུམ་ཅུ་རྫོགས་ཚེ་ཡང་ཉི་མ་འཆར་དགོས་པས། ཁྱོད་ཀྱིས་ཆུ་སྲིན་ལ་ཉི་མ་ཡོད་ཚེ་མཚན་ཆུ་ཚོད་བཞི་བཅུར་ཁས་བླངས་པ་ནང་འགལ་བ་དང་། ཉི་མ་ཀརྚ་ན་ཡོད་དུས་ཀྱང་དེས་རིགས་བསྒྲེས་པས་ཉིན་མཚན་ལ་འཕེལ་འབྲི་ཨེ་ཡོང་སོམས་དང་ཤེས། མཐོང་བའི་མངོན་སུམ་ལའང་རྣམ་པ་ཀུན་ཏུ་རྒྱུ་སྐར་ཕྱེད་བཅུ་གསུམ་ཙམ་ལས་ལྷག་པ་མི་མཐོང་བས། ཉི་མ་སྐར་དྲུག་ཞེ་ལྔ་དང་། སྐར་མ་ཉི་ཤུ་དབྱུག་བཅོ་ལྔ་ལ་གནས་དུས་ཀྱི་ཉིན་མཚན་ལ་ཁྱད་པར་མེད་པར་ཐལ་བས་གནོད་དེ། ཁྱོད་ཀྱི་ལུགས་ལ་གང་ནས་བརྩིས་ཀྱང་བདུན་པའི་ཁྱིམ་ཆུ་ཚོད་སུམ་ཅུའི་རྗེས་སུ་ངེས་པར་འོང་དགོས་པས་སོ། །དེས་ན་ཁྱིམ་རང་ལ་ཆེ་ཆུང་མེད་ཀྱང་། མཐོ་དམན་དང་འཁོར་ཚུལ་གྱི་དབང་གིས་ས་ལ་འཆར་ཚད་རིང་ཐུང་སྣ་ཚོགས་སུ་འགྱུར་མོད། བསྡོམས་ན་ནམ་ཡང་ཆུ་ཚོད་དྲུག་ཅུར་མཉམ་པ་འདིའི་གོ་བ་གལ་ཆེའོ། །དེ་ལ་ཁྱོད་ལྟར་ན། ཉི་མ་མཐོ་དུས་ཁྱིམ་བརྒྱད་ཉིན་མོ་འཆར། བཞི་མཚན་མོ་འཆར། ཉིན་ཐུང་བ་དམའ་དུས་དེས་དེ་ལས་ལྡོག་དགོས་པ་དེ་ལྟ་ན། ཚེས་བཅོ་ལྔའི་ཟླ་བ་འཆར་ནུབ་དང་མཚན་གྱི་ཐོག་མཐའ་སྤྱི་ཙམ་དུ་འགྲིག་དགོས་པས། མཉམ་གནས་ཁོ་ན་ཙམ་མ་གཏོགས་རྣམ་པ་ཀུན་ཏུ་ཉའི་ཉིན་ཞག་གི་ཉི་ཟླ་འཁོར་ཕྱེད་ཀྱི་བར་ཁྱད་ཡོད་པའི་ཐད་ཀར་འགྲིག་མི་སྲིད་ལ། དེ་མི་འགྲིག་ན་དུས་གཞན་དུ་ག་ལ་འགྲིག་པས་ཁྱོད་ལ་ལོ་གཅིག་ལ་ཟླ་བ་ཉ་གང་བའི་དུས་ཞག་


MR12_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས་མེད་པར་ཐལ་བ་དང་། ཟླ་ལོངས་སོགས་ཐམས་ཅད་ཀུན་རྩ་བ་ནས་མི་འཐད་ཅིང་། དེ་ལྟར་ན་ཕྱི་དུས་ཀྱི་འཁོར་ལོའི་རྣམ་པར་གཞག་པ་ཀུན་བཤིག་ནས། མཐར་ཁྱོད་རང་གིས་གཞུང་ཡང་བྱེ་མའི་ཁང་བུ་ལྟར་ངང་གིས་འཇིག་པར་མི་འགྱུར་རམ། འདིའི་རྗེས་འབྲང་ཀུན་ལ་རྣ་བ་ཡོད་ན་ཚིག་འདི་ཉོན་ལ། སེམས་ཡོད་ན་དཔྱོད་དང་ཤེས་པར་འགྱུར་རོ། །ཐུབ་བསྟན་མཛེས་རྒྱན་གྱི་དུས་བཞི་དང་དུས་སྦྱོར་འཆར་ཚུར་ལ་དཔྱད་པའི་སྐབས་སོ། ༈ །ལྔ་པ་ཉི་ཟླ་འཛིན་ཚུལ་ལ། དེ་ལ་དང་པོ་སྒྲ་གཅན་ལ་བསྒྱུར་བགོད་སོགས་འདྲ་ཡང་། རྩིས་འཕྲོའི་དབང་གིས་ཧ་ཅང་མི་འདྲ་བ་ཆེན་པོ་སྐར་མ་གཉིས་རེའི་བར་ཁྱད་འདུག་པ་འདི་བྱས་པར་གདའ་སྟེ། སྤྱིར་བོད་སྔ་རབས་པའི་རྩིས་ཐམས་ཅད་ཉུང་ངུའི་བྱེད་པ་ལ་བརྟེན་པའི་རྩིས་ཀྱི་དབང་གིས་ལོངས་སྤྱོད་ཉུང་བ་ཡིན་ཟེར་ནས་ལོངས་སྤྱོད་མང་དུ་བཏང་བ། དེ་དང་ཤེད་སྙམས་པའི་ཕྱིར་སྒྲ་གཅན་གྱི་ལོངས་སྤྱོད་མར་ཕྲི་ནས་ཟླ་ཕྱེད་ཉེར་དགུ་ཞག་བཞི་བརྒྱ་སོ་ལྔ་ཙམ་གྱིས་སྔ་མ་རྣམས་ལས་ཉུང་བ་འདི། ཉི་མ་ཕྱིར་བསྣུར་བ་དང་བསྒྲིག་པའི་ཆེད་དུ་སྒྲ་གཅན་དེ་ཙམ་ཡར་དེད་པ་ལས། རྒྱུད་ལས་འདི་ལྟར་བསྟན་རིགས་པས་འདི་ལྟར་འཐད་ཟེར་བའི་གཏན་ཚིག་མི་སྣང་སྟེ། སྒྲ་གཅན་དུས་རྒྱུན་མིག་སྐར་དང་བསྒྲིག་རྒྱུ་ནི་མེད། གལ་ཏེ་རྩིས་སྔ་མ་རྣམས་ཀྱིས་ཉི་ཟླའི་ལོངས་སྤྱོད་ཉུང་བའི་སྐྱོན་ཡིན་ན་ཉི་ཟླར་བསྣན་པའམ། ཡང་ན་སྒྲ་གཅན་གདོང་མཇུག་ལ་དེ་ཙམ་བྲི་བས་འགྲིག་པའམ། ཡང་ན་ད་ལྟའི་ཁོ་རང་གི་ཉི་ཟླའི་ལོངས་སྤྱོད་ལ་སྒྲ་གཅན་རང་སོར་བཞག་པས་ཉི་འཛིན་སོགས་འགྲིག་ན་རྩིས་སྔ་མའི་ཉི་ལོངས་སོགས་ཉུང་བར་དེས་རྗེས་སུ་དཔོགས་ཀྱང་དེ་ལྟར་མིན་པར་ཁྱོད་ཀྱི་འདི་བཞིན་དུ་སྒྲ་གཅན་ཀྱང་ཡར་ཕྲི་ནས་ཇི་འགྲིག་བྱས་ན། དེའི་འགྲོས་ཀྱིས་ཉི་ཟླའི་ལོངས་སྤྱོད་ཧ་ཅང་ཀྱང་


MR12_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བའི་སྐར་མ་བཅུ་བཞི་ཙམ་གྱིས་ཁྱོད་ཀྱི་འདི་ལས་ད་རུང་མང་དུ་བཏང་ནས། ཨང་གྲངས་ལ་བགྲང་ལུགས་གསར་པ་རེ་བྱས། སྒྲ་གཅན་ཡང་དེ་དང་ཤེད་སྙོམས་པའི་རིགས་མདའ་ཞིག་སྦྱར་ན། ཟླ་འཛིན་སོགས་ནམ་ཡོད་ལ་ཁྱོད་ཀྱི་རི་མོ་དེས་ཇི་ཐིག་པ་དེ་ལས་ཀྱང་ཐིག་པ་ཞིག་ངས་ཀྱང་འཕྲུལ་ཤེས་ཤིང་། སྐར་མ་ཨང་གྲངས་ལ་མིང་བཏགས་ལུགས་མི་འདྲ་བ་ཙམ་དུ་བྱས་ནས་བྱེད་པ་དང་སྒོ་བསྟུན་ན་མིག་སྐར་དང་འགྲིབ་པ་ཞིག་བྱས་ཆོག་ཀྱང་། གཟའ་སྐར་གྱི་བླང་དོར་འདི་དག་ཀུན་རྟོག་ཅན་ལ་བསླུ་བ་མེད་པར་གསུངས་པའི་སངས་རྒྱས་ཀྱི་བཀའ་ལ་སོགས་པ་འདི་བདེན་ན་འགྲོ་བ་འདི་རྣམས་སྙིང་རྗེ་བས་བྱ་དོན་མི་འདུག ༢ །རྒྱུད་དོན་གྱི་གོ་བ་མེད་པ་བླུན་པོ་ཁ་ཅིག །འདི་མི་དག་ན་གཟའ་འཛིན་སོགས་ཅི་ལ་ཐིག་སྙམ་དུ། དེ་ཙམ་གྱིས་འཇུག་པར་སྣང་ཡང་། ཤེས་རབ་ཅན་གྱིས་བལྟས་ན། རྣོ་ཐིག་ཅུང་ཟད་འདུག་པ་རྣམས་ནི་གཞུང་རི་མོ་དག་མི་དག་གི་ཁྱད་པར་ལས་མ་བྱུང་ལ། མཐོང་མཚམས་དང་མན་ངག་གི་གནད་ཕྲ་མོ་དེའི་མཐུར་འདུག །ཉི་ཟླ་མང་དུ་བཏང་བ་བཞིན། སྒྲ་གཅན་ཉུང་ངུར་བཏང་བའི་ཆུ་མཐོ་ན་གྲུའང་མཐོ་ཟེར་བའི་དཔེ་བཞིན་འདི་བྱུང་བས། རྩིས་གཞུང་རྩ་བ་ནས་འཆོལ་བས་གཡག་རྔ་བོང་ཤའི་དཔེས་ཇི་ལྟར་འགྱུར་ཆ་མེད་པས་ཀུན་གྱིས་གཟོབས་ཤིག ༢ །དེ་ནས་གཞུང་གི་འཛིན་ཆ་སོགས་ནི། རི་མོའི་རྣམས་འགྱུར་མ་གཏོགས་དོན་དུ་འདྲ་ལ། འགྲོག་ཡུལ་གྱི་རྐང་པ་འཛིན་རྒྱུ་འདི་ནི་ཁོང་རང་གི་བློ་ལས་ཐོན་པ་མི་འདྲ་སྟེ། སྤྱིར་གཟའ་འཛིན་གྱི་མན་ངག་ཟུར་བ་ཞིག་འདི་སྦྱར་བ་འདྲ་བས་རྩད་ཆོད་དང་ཤེས་སོ། །མཐོང་མཚམས་ལ་སོགས་པ་འདི་ནི་རྩོམ་པོ་ཉིད་ཀྱི་བློ་ལས་ཐོན་པའམ། སྔར་ཡོད་པ་འདིར་བྲིས་པ་ཡིན་ནམ་ཅི་ཡིན་ཡང་འདྲ། ཞིབ་ཆ་ཞིག་བྱས་པར་འདུག་པས་ཐིག་རྒྱུ་ཡང་འདྲ། དེ་ནས་ཉི་འཛིན་སྐབས་ཚོས་


MR12_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུད་ལ་སྦྱང་པར་བཤད་པ་ནི། འདི་ཉིན་གྱི་ཚེས་འཁྱུད་དང་ཉི་དག་ལ་ཁྱད་མེད་པའི་དོན་གྱིས་ཡིན་ལ། རྒྱུད་སྡེ་དག་ལས་ཉི་ཟླ་ཕྲད་པ་ན། ཟླ་བ་ལ་སྒྲ་གཅན་དང་པོར་འཇུག་པར་གསུངས་པ་དང་། ཉི་ཟླའི་སྒྲིབ་ཆ་ཡུན་སོགས་ཟླ་བ་དང་མི་འདྲ་བ་ཐིག་དཀའ་བ་འདི་ཕར་ཆེར་ཟླ་བའི་དབང་ལས་བྱུང་བའི་གནད་སོགས་མངོན་སུམ་ཚད་མས་ཡིད་ཆེས་སུ་རུང་བའི་གནད་ཁ་ཤས་བདག་གི་ཡིད་ལ་ཅུང་ཟད་གསལ་འདྲ་ཡང་། གཟོད་ཀྱིས་དཔྱད་ནས་ཡི་གེར་བྲི་བ་སྔ་མོ་ནས་འདུན་པ་ཡོད་བཞིན་པའང་ཡིན་ནོ། །སྐབས་འདིའི་ཚིགས་མཚམས་ཀྱི་ཟླ་ཉིའི་ལོངས་སྤྱོད་འདྲ་བས། འདིར་ཡང་རི་མོའི་རྣམ་འགྱུར་ཙམ་མ་གཏོགས་འདྲ་ལ། འདི་ཐད་རྐང་འཛིན་འདིའང་གོང་ལྟར་སྔར་ཡོད་ཞིག་འདྲ་སྟེ། རྩོམ་པོས་གསར་དྲན་ཡིན་ནའང་གཟའ་འཛིན་ལ་ཆེས་ཐིག་རྒྱུའི་ལེགས་བཤད་ཞིག་ཡིན་ཚོད་གདའ་སྙམ་སྟེ། འདི་ཕུག་མཚུར་གྱི་རྩིས་ལ་སྦྱར་ན་ཧ་ལམ་དོན་གཅིག་ཨེ་འོང་ལྟོས་ཤིག །གཞན་མཐོང་སྔ་ཕྱི་སོགས་ནི་སུ་ལ་སྦྱར་ཀྱང་རུང་བས་དཔྱད་བྱ་གཞན་མི་དགོས་སོ། །ཐུབ་བསྟན་མཛེས་རྒྱན་གྱི་གཟའ་འཛིན་ལ་དཔྱད་པའི་སྐབས་སོ། ༈ །དེ་ནས་དྲུག་པ་གཟའ་ལྔ་ལ། བསྒྱུར་བགོད་རྐང་པ་རྣམས་འདྲ་ཡང་། སྒོས་ཞག་ལ་སྟེར་རྒྱུའི་རྩིས་འཕྲོ་མང་དུ་བཏང་བས་གྲུབ་དོན་ལ་མི་འདྲ་བ་ཆེན་པོ་འདུག །དེ་ལ་གཟའ་ལྔ་ནི་མིག་སྐར་དང་མཐུན་པ་སྔར་གྱི་རྩིས་འདི་རྣམས་བཅོས་དགོས་སུ་མི་འདུག་ཀྱང་། རང་གི་གཅིག་ཨང་བྲ་ཉེར་བཟུང་བའི་སྐྱོན་གྱིས་མིག་སྐར་དང་མ་མཐུན་པས་འདི་ལའང་ལོངས་སྤྱོད་ཇེ་མང་དུ་བཏང་འདུག་ལ། དེར་ཡང་རྒྱུ་མཚན་དུ། རྒྱུད་ལས། ཟླ་བ་ལ་ནི་ས་སྐྱེས་ལོངས་སྤྱོད་དགུ་བཅུ་དག་སྟེ་ལྔ་དང་འཇིག་རྟེན་ཟླ་བའི་གྲངས། ཞེས་སོགས་དབུ་མའི་དབུགས་ལས་གཟའ་རྒྱུ་སྐར་ལ་འཆར་བའི་རྐང་པ་


MR12_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པའི་རྗེས་སུ་བསྟན་པ་འདི་སྨོན་དགོས་པ་ཡིན་ཞིང་། དེང་སང་གྲུབ་མཐའི་རྩིས་ནི་བྱེད་པ་ལས་ཀྱང་ཉུང་བས་ན། དེ་ལས་ཀྱང་མང་པོ་བསྣན་དགོས་ཟེར་ནས། གཟའ་སོ་སོ་ནས་སྒོས་ཞག་ཧ་ཅང་མང་པོ་བསྣན་འདུག་པ་རི་མོར་བྲིས་པས་ཤེས་པར་སྣང་རྒྱུ་འདི་ལྟར་ལ།དེ་ལ་རྒྱུད་ཀྱི་སྒོས་ཞག་དེ་བྱེད་པ་ལ་ལྟོས་པ་ཡིན་པར་འགྲེལ་བ་ནས་གསུངས་པས་ཡིན་མོད་ཀྱི། དེང་སང་བོད་ཀྱི་རྩིས་འཕྲོ་འདི་དེ་ཡིན་ནམ་ཅི། རྒྱུད་ཀྱི་ལུང་དོན་དེ་ཡང་ཟླ་གཅིག་གི་ལོངས་སྤྱོད་ལ་སྦྱར་ནས། ཁྱིམ་གསུམ་ལོངས་སྤྱོད་པ་ལས། ལོ་གསུམ་གྱི་ཉིན་ཞག་དང་མཚུངས་པའི་ཆུ་ཚོད་གསུངས་པ་དེས་ཁྱོད་ཀྱི་ལུགས་འདིའི་སྒོས་ཞག་གབ་པའི་ཤེས་བྱེད་དུ་འགྲོ་བ་དཔྱད་བྱ་ཞིག་གོ། ཡང་གཟའ་ལྔའི་མྱུར་རྐང་གི་ལྷག་ལུས་པ་སོགས་ལོངས་སྤྱོད་མ་དག་པ་ཡིན་པས་འདིར་ནི་ལྷག་མ་མི་ལུས། གལ་ཏེ་ལུས་ན་བསྐྱར་བས་དག་ཟེར་ཡང་། ལར་གཟའ་ལྔའི་སྒོས་ཞག་མང་ཉུང་དུ་བྱས་ཀྱང་རི་མོ་དག་ན་ལྷག་མི་ལུས། རྐང་འཛིན་དང་ཤེད་སྙོམས་སོགས་མ་ཤེས་ན་ལུས། ཁྱོད་ཀྱི་དག་ཐབས་ཀྱི་རི་མོ་དེ་ཕུག་མཚུར་གྱི་ལུགས་ལའང་སྦྱར་ན་དག །ཁྱོད་དང་ཕུག་མཚུར་མི་འདྲ་བ་སྒོས་ཞག་མང་ཉུང་ཙམ་ལས། གནས་སོགས་ནི་སྤྲོ་བསྡུ་ཇི་བྱས་རུང་འདྲ་བས་ན། འུད་ཀྱིས་བློ་ཆུང་རྣམས་འདྲིད་བར་མ་མཛད་ཅིག །ད་མདོར་ན་ཉི་ལོངས་ལ་རིགས་བསྒྲེས་ནས་སྒོས་ཞག་ཀྱང་དེར་འཚམས་པར་མང་དུ་བཏང་བ་ལས་ཤེས་བྱེད་གཞན་མི་སྣང་སྙམ་སྟེ་ཀུན་གྱིས་དཔྱོད་ཅིག །མང་དུ་བཏང་དགོས་པ་ཅི་ལ་ཐུག །གཅིག་ཨང་ཐ་སྐར་ནས་བརྩིས་པའི་གཟའ་ལྔ་མིག་སྐར་དང་མི་མཐུན་པའི་མཚང་འགེབ་ཙམ་ལས་དོན་ཆེན་པོ་ཨེ་ཡོད་ཀུན་གྱིས་རྟོགས་ཤིག །དུ་བ་ལ་སྒེར་དུ་དཔྱད་བྱ་མི་དགོས་པ་འདྲ། དེ་ལ་སྐབས་འདིར། ཐ་སྐར་ནས་བགྲང་དགོས་ཞག་གབ་པ་གང་། །དངོས་སུ་བསྟན་ལ་སྣོན་པའི་གནད་གོ་ན། །ཉུང་ལས་ཉུང་ངུར་བཏང་ལུགས་རི་མོ་


MR12_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མིག་སྐར་འགལ་བའི་དལ་བར་འཐམ་ཅི་དགོས། །ཟེར་ཡང་། བདག་གིས་འདི་སྙམ་དུ། །རྒྱུད་བཞིན་ཐ་སྐར་ཐིག་ནས་བགྲང་བ་ན། །གཟའ་ལྔའི་རྒྱུད་ལམ་མངོན་སུམ་མི་འགལ་བར། །མང་ལས་མང་དུ་བཏང་བའི་བློ་བཟོ་ཡིས། །དོན་མེད་ངལ་བར་དང་དུ་ལེན་ཅི་དགོས། །སྙམ་མོ། །ཐུབ་བསྟན་མཛེས་རྒྱན་གྱི་གཟའ་ལྔ་ལ་དཔྱད་པའི་སྐབས་སོ། ༈ །དེ་ནས་བསྟན་རྩིས་ལ་ཕུག་མཚུར་ཡོངས་གྲགས་ལས་ལོ་བརྒྱ་ལྷག་ཙམ་གྱིས་འཕྱི་བར་འདུག དེ་ལྟ་ན་བསྟན་པའི་གནས་ཚད་ཀྱང་རིང་བས་དགའ་འོ། །སྤྱིར་བསྟན་རྩིས་འདི་སྐོར་འདྲ་མི་འདྲ་སྣ་ཚོགས་ཁ་ཚོན་གཅོད་དཀའ་རྒྱུད་ཀྱི་བབ་ལྟར་ཅུང་ཟད་དཔྱད་བྱར་སྣང་ཡང་། བསྟན་རྩིས་དག་ཀྱང་བཟང་མོད། མ་དག་ཀྱང་གཟའ་སྐར་སོགས་གནད་བཅོས་བ་དང་མི་འདྲ་བས། ཕན་གནོད་ཆུང་བས་དཔྱད་པ་མ་བྱས་སོ། །དགུ་པ་ལོ་མགོ་བཅུ་པ་དོགས་སེལ་ལ་དཔྱད་པའི་ལན་ནི་གོང་དུ་ཇི་སྐད་བསྟན་པ་དེར་འདུས་སོ། ༈ །དེ་ལྟར་མདོར་ན་ཐུབ་བསྟན་མཛེས་རྒྱན་ཞེས་བྱ་བ་རྩིས་སྔ་མ་གཅིག་དང་ཡང་ཕྱོགས་ཙམ་བསྒྲིགས་རྒྱུ་མེད་པ་འདི། ཀུན་རྨོངས་བདག་གིས་བསམ་པ་ལ་འདི་ལེགས་ཆེ་ཉེས་ཆེ་ལྟ་བུར་འདུག་པས་མ་དཔྱད་པར་ལེན་རྒྱུ་ཞིག་མིན་གཤིས། ལུགས་སྔ་མ་དང་སུ་འཐད་རྒྱུད་རྡོ་རྗེའི་ཚིག་དཔང་པོ་བྱས་ནས་དཔྱད་པས་འདི་མཐུན་ན་འདི་གཟུང་འོས་ལ་མི་མཐུན་ན་སྔ་མར་འདོར་མི་རུང་སྙམ་པ་བཅོས་མིན་སྐྱེས་ནས་བརྟགས་ཚེ། འདིས་རྩིས་འཕྲོ་ཇི་ལྟར་རྙེད། གང་ལས་རྙེད། དེ་ཚད་མ་ཡིན་མིན་བསམ་པར་བྱས་ན། ས་འདིར་ཉི་ལྡོག་ཐུར་གྲིབ་ལོག་ཉིན་སྐར་དྲུག་ཞེ་ལྔ་དང་། མཁའ་མིག་དབྱུག་ཚེས་གང་རུང་ཡིན་ངེས་པར་དགོས་བསམ་ནས། དྷཱུ་བའི་རྩིས་འཕྲོ་དེ་ཙམ་མང་དུ་བཏང་། དེས་ཟླ་སྐར་


MR12_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མང་དུ་སོང་བའི་མིག་སྐར་དང་མ་འགྲིགས་ནས། གཅིག་ཨང་ཐ་སྐར་དུ་བསྒྱུར་དེ་ལྟར་ན་ཁྱིམ་སླེབས་ཀྱི་རི་མོ་དང་མི་འགྲིག་པས་ནམ་གྲུ་ལུག་ཁྱིམ་དུ་ཡོད་པར་བྱས། སྐར་མ་བགྲང་ལུགས་དེ་དང་། གཟའ་ལྔ་མིག་སྐར་དང་མ་མཐུན་པས་སྒོས་ཞག་རྩིས་འཕྲོ་མང་དུ་བཏང་། ཉ་སྟོང་གི་གཟའ་འཛིན་དང་མ་འགྲིགས་པས་སྒྲ་གཅན་ཡར་ལོག་བྱེས། ལུགས་དེ་ལྟར་ན་གླིང་བཞིར་དུས་བཞི་མཉམ་པ་སོགས་འདོད་དགོས་པས། དུས་སྦྱོར་རྒྱུད་དང་འགྲེལ་པ་མན་ངག །གཞུང་གཞན་དབྱངས་འཆར་ལ་སོགས་པ་གང་དང་མི་འདྲ་བ་ཞིག་རང་བློ་ཁོ་ནས་བཅོས་པ་སོགས་རྩིས་ཤེས་པའི་བླང་དོར་ཕྲ་མོ་ཚུར་ཆད་ཀྱང་། སྔ་མ་རྣམས་དང་རྒྱབ་འགལ་དུ་འདུག་པ་འདི། རྒྱུད་འགྲེལ་པ་དང་བཅས་པའི་དངོས་ཤུགས་གང་རུང་གི་དོན་ཡིན་མིན། དངོས་སྟོབས་ཀྱི་རིགས་པ་ཚད་མས་གནོད་མི་གནོད་སོགས་གང་གི་དཔྱད་པ་རང་རང་གི་སྐབས་སུ་སྒོ་ཙམ་བསྟན་པ་དེ་ལྟར་དཔྱོད་ཅིག །ཉི་མ་གླིང་བཞིར་འཁོར་ཚུལ་མི་འདྲ་བ་དང་། གཟའ་འགྲོས་མངོན་སུམ་ཚང་མས་བརྟག་ཚུལ། དུས་སྦྱོར་འཆར་ཚད་མི་མཉམ་པ་ལ་སོགས་པ་རིགས་པས་གཏན་ལ་ཕབ་པ་དེ་ལྟར་དང་། ཐིག་ཤར་ན་ཐ་སྐར་དུ་ངོས་འཛིན་པའང་། གོང་བཤད་རྒྱུད་འགྲེལ་གྱི་ལུང་མཐོང་བ་ཙམ་གྱིས་ཤེས་ནུས་རྒྱུ་དེ་ལྟར་ལགས་པས། བོད་རྣམས་ཀྱི་ཐིག་ཐ་སྐར་དུ་འཁྲུལ་ཡང་རུང་སྟེ། རིགས་ལྡན་ལ་འཁྲུལ་པ་མི་མངའ་འམ་སྙམ། རིགས་པའང་གཟའ་སྦྱོར་པ་བྱེད་པ་རྣམས་རང་རང་ལོངས་སྤྱོད་པ་པོ་ཡིན་པས་གཅིག་ཨང་དང་ཐོག་མ་བསྒྲིགས་ཀྱང་སྐར་མ་ནི་དེ་དང་མི་འདྲ་སྟེ། རྒྱུ་སྐར་ཉེར་བདུན་པོ་ལོངས་སྤྱད་བྱ་སྟེ་དཔེར་ན་གཟའ་ཉི་མ་ལྟ་བུའི་ཚེས་ཞག་གི་ལོངས་སྤྱོད་དབྱུག་བཞི་ལ་སོགས་པ་ཐ་སྐར་ནས་རིམ་པས་སྤྱད་ན། རྒྱུ་སྐར་ཉེར་


MR12_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གྱི་དང་པོ་དེའི་ས་ཁྱོན་ལས་མ་བརྒལ་བར་དུ་སྐར་མའི་གནས་སུ་ཐིག་ལེ་ལས་མེད། ཆུ་ཚོད་སོགས་སྐར་མ་དེ་ལྟ་བ་དེའི་ས་ཚད་ཡིན། དེ་ནས་ཐ་སྐར་ལས་བརྒལ་བ་ན་ཐ་སྐར་གྱིས་ཁྱོན་ཡུལ་གྱི་ཆུ་ཚོད་དྲུག་ཅུ་པོ་འདས་ཚར་བའི་སྐར་མའི་གནས་སུ་གཅིག་འོང་བ་དེ་བྲ་ཉེའི་སར་སླེབས་པའི་རྟགས་ཡིན། དེའི་ཆུ་ཚོད་སོགས་ཀྱི་གནས་ན་གང་འདུག་པ་ནི་བྲ་ཉེ་རང་གིས་ཚད་དེ་ཙམ་འདས་པ་ཡིན། མདོར་ན་ལོངས་སྤྱོད་ལ་སྐར་དབྱུག་སྲང་སོགས་ཇི་ཙམ་ཤར་བ་དེ་ཙམ་གྱི་ཡུལ་ཚད་གཟའ་དེས་བརྒལ་བའི་མཚམས་དེ་ན་དེ་དུས་ཡོད་དགོས་པས་ན། སྐར་མ་ལ་གཅིག་ཤར་དུས་རྒྱུ་སྐར་གྱི་དང་པོ་ཐ་སྐར་གྱི་ས་ཁྱོན་ཆུ་ཚོད་དྲུག་ཅུ་པོ་བརྒལ་ཟིན་པའི་སྟེང་དུ་དབྱུག་སོགས་ཡོད་ན། ད་ལྟ་བ་བྲ་ཉེ་རང་གི་ས་ཚད་ལས་ཀྱང་དེ་ཙམ་བརྒལ་བའི་དོན་ཡིན། དཔེར་ན་ཁྱིམ་གྱི་དང་པོ་ལུག་ཡིན་པས་འདས་ཁྱིམ་ལ་ཐིག་ཤར་ན་ངོ་ཐོག་པ་ལུག །གཅིག་ཤར་ན་གླང་ཡིན་པ་དང་རིགས་པ་འདྲ་དེས་ན་སྐྱེས་ཁྱིམ་སྦྱངས་སྐབས་ཀྱང་། དོན་དུ་ཐ་སྐར་གྱི་ཆུ་ཚོད་དང་པོ་ནས་བརྩམ་སྟེ། ཡུལ་གྱི་ཆུ་ཚོད་མཁའ་མིག་རྒྱལ་པོ་ལས་ཇི་ཙམ་འདས་པ་དེ་ཕྲི་བ་ཡིན་ཏེ། སྐར་དྲུག་ཞེ་ལྔས་སྦྱང་བ་ལྟ་བུ་ལ་མཚོན་ན། ཐ་སྐར་ནས་ལག་གི་བར་གྱི་སྐར་མ་དྲུག་འདས་པ་སྟེ། སྐར་མ་དྲུག་དང་ཆུ་ཚོད་སུམ་བརྒྱ་དྲུག་ཅུ་དོན་གཅིག །དེའི་སྟེང་དུ་ནབས་སོ་རང་གི་ཆུ་ཚོད་ཞེ་ལྔ་བསྣན་པས། དོན་དུ་སྔར་སོང་གི་ཡུལ་གྱི་ཆུ་ཚོད་བཞི་བརྒྱ་དང་ལྔ་པོ་དེས་སྦྱངས་པ་ཡིན་ནོ། །དེ་ལྟར་ན་སྐར་མའི་གནས་སུ་དྲུག་ཤར་བ་དེ་ཐ་སྐར་ནས་སྐར་མ་དྲུག་འདས་པའི་དོན་ཡིན་པས། ནབས་སོ་ལ་ངོས་འཛིན་དགོས་པ་དང་། གཅིག་ཀྱང་མ་འདས་པར་ཐིག་རང་ཤར་ན། ད་ལྟ་ཐ་སྐར་གྱི་སྟེང་ན་ལོངས་སྤྱོད་བཞིན་བར་འཛིན་པ་ནི་


MR12_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་མེད་དོ། །གཅིག་ཨང་ཐ་སྐར་ནས་བརྩི་ན་རྒྱུ་སྐར་གྱི་དང་པོ་ནམ་གྲུ་ཡིན་པར་དོན་གྱིས་གྲུབ་པས་ཁོ་རང་གི་སྒྲུབ་བྱེད་དུ་རློམ་པའི་རྒྱུད་འགྲེལ་གྱི་ལུང་ངེས་ཅི་བྱ། གོ་བ་མེད་པ་རྣམས་ཀྱི་ཞེ་འདོད་ལ། གཅིག་ནས་ཉེར་བདུན་མཐར་ཡོད་པས་འཁོར་ལོ་དྲིལ་ཕྱིར་ཐིག་ཐ་མའོ། །སྙམ་པ་ནི་མཁས་པས་བརྟགས་ན་བཞད་གད་ཀྱི་གནས་སོ། །རྒྱུ་སྐར་ལ་ཉེར་བདུན་ལས་མེད་ན་འཁོར་ལོ་ཅིས་མི་དྲིལ། གོ་བ་ལ་བཞིགས་ཤིག །དེ་ལྟར་འདིའི་ལུགས་ཀྱི་གཟའ་རྣམས་ཀྱི་ལོངས་སྤྱོད་ཀྱི་རི་མོ་འདི། རྒྱུད་དང་རིགས་པས་གྲུབ་པ་ལྟར་གྱི་ཨང་གྲངས་ཀྱི་སྐར་མ་བརྩིས་ན་མིག་སྐར་དང་ཨེ་མཐུན་ལྟོས་དང་གསལ། ལར་མིག་སྐར་དང་བྱེད་པའི་རི་མོ་ཤས་ཆེར་འགྲིག་པས། དོན་དུ་སྐར་མ་གཉིས་སྔ་བ་ལ་མིང་བཏགས་ལུགས་ཀྱིས་གཅིག་ཡར་དེད་པས་མིག་སྐར་དང་མཐུན་པ་དེའི་དོན་དང་། ཟླ་འཛིན་སོགས་ལ་ཉི་སྒྲ་ཤེད་སྙོམས་ནས་རྣོ་ཐིག་ཕྲན་བུས་ཟུར་བརྒྱན་པས། རྒྱུད་དོན་དང་བློ་གྲོས་ཆེར་མ་འདྲིས་པས་རྩིས་ཚུལ་ཟབ་མོའི་གོ་བ་མེད་ཅིང་། རི་མོ་ཙམ་ལ་ཞེན་པའི་རྩིས་མཁན་གྱི་གཟུགས་བརྙན་འཛིན་པའི་བསོད་ནམས་དམན་པ་དག །ཇི་ལྟར་བསླུས་ཀྱང་རུང་བས་བདག་གིས་ནི་ལྷག་བསམ་རྣམ་པར་དག་པའི་དཔྱད་པ་ཅུང་ཟད་བགྱིས་ཏེ་ཚུལ་འདི་ལྟར། རྒྱུད་དང་མི་འགྲིག་པ་དང་རིགས་པས་གནོད་པ་འབབ་ཚུལ་རྣམས་སྡེབ་སྦྱོར་སྤངས་ཏེ་ཤིན་ཏུ་གོ་བདེ་བར་བྲིས་པ་ཡིན་ལ། འདི་མཐའ་གཅིག་ཏུ་སྤོང་བའམ་ལོངས་ཤིག་ཅེས་ཐག་བཅད་པ་མ་ཡིན་པས་ནོར་འཛིན་གྱི་ཐ་གྲུ་ཀུན་ན་བཞུགས་པའི་གང་ཟག་དམ་པ་དང་ཡེ་ཤེས་དང་ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་སུ་བདེན་གཟིགས་ལ། རྩིས་གསར་འདི་དང་དཔྱད་པ་འདི་གཉིས་ལས་གང་ལུང་རིགས་དྲི་མ་མེད་པ་དང་འགལ་བསྣུབས་ཤིག་སོ་སོའི་


MR12_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བོ་ཡིན་པས་བདག་གིས་ནི་མ་ཤེས་ཀྱང་རུང་། འགལ་འཁྲུལ་དུ་གྱུར་ཀྱང་རུང་། དེ་ལ་སྤྱིར་ཉེན་ཆུང་བར་གདའ། འདི་མ་ཡིན་ན་ནི་གངས་ཅན་པའི་རྩིས་ཀྱི་བླང་དོར་ཀུན་འཕྱུག །ཁྱད་པར་ཀླ་ཀློའི་གཉེན་གཅིག་རྒྱུད་དུས་ཀྱི་འཁོར་ལོའི་ཕྱི་འཇིག་རྟེན་ལེའུའི་གནད་བཅོས་པ་ཡིན་པས་དོ་གལ་ཆེ་བ་འདྲ་ཡང་། འདི་ལ་དགའ་མཁན་མང་པོ་ཡོད་པ་གྲགས་པས། བློ་གྲོས་ཆུང་བ་ནི་མིན་ལས་ཆེ། ལུང་རིགས་དང་མི་འགལ་བར་མཐོང་བ་ཡིན་ལས་ཆེ་བས་ཀུན་གྱིས་རྟོག་ཤིག །ཁ་ཅིག་རྙིང་མ་བ་གཏེར་སྟོན་ཚད་ལྡན་ཡིན་མིན་མི་བརྟགས་པར་འདོན་ཆ་གསར་པ་ཞིག་ལ་དགའ་བ་དང་ལ་ལ་དག་གྲུབ་མཐའ་གསར་པ་ཁོ་ན་ལ་དགའ་བ་སོགས། གསར་པ་མང་པོ་འདི་ཚོ་དུས་ཀྱི་ལོ་མ་ཞིག་ཡིན་ནམ་སྙམ། ཁྱད་པར་འདི་ནི་རིགས་ལྡན་ནམ། མིན་ཀྱང་འདོད་པའི་ཁམས་ན་ལྷ་དེ་བས་སྟོབས་ཆེ་མེད་པ་ཞིག་གི་འཕྲུལ་ལས་བྱུང་བ་འདྲ་སྟེ་ཡ་མཚན་དུ་འདུག་པས་དཔྱོད་ཅིག །བདག་གིས་ནི་ཕྱོགས་ལྷུང་གི་བརྒལ་བ་དང་། གྲགས་འདོད་ཀྱིས་གཞན་ཟིལ་གྱིས་གནོན་པའི་ཀུན་སློང་གིས་བརྩམ་པ་དང་། གཟུ་བོར་མི་གནས་པའི་ཀྱོག་པོར་བྱེད་འདོད་ཀྱི་བསམ་པ་སྣ་གཅིག་མེད་པ་རྒྱལ་བ་སྲས་དང་བཅས་པ་དཔང་། ༢ སྐྱབས་རྗེ་བླ་མ་དམ་པའི་བཀའ་དང་། ཀུན་ལ་ལྷག་བསམ་དག་པའི་ཁུལ་གྱིས་ཅུང་ཟད་དཔྱད་པ་འདི་ཀུན་ནས་ལྟོས་ཤིག །སོམས་ཤིག །གོམས་པར་གྱིས་ལ་བླང་དོར་མ་བསྣོལ་ཅིག །ལུང་འདི་རིགས་པ་དང་མཐུན་པ་ཞིག་ཡིན་ན་དཔྱད་པ་འདིས་ཀྱང་དག་པར་འགྱུར་གྱི་འཇིག་པར་མི་འགྱུར་བས་ཕྱོགས་ལྷུང་སྤོངས་ལ་རིགས་པ་དྲི་མེད་ངར་ཐོན་ཅིག །སྨྲས་པ། མངོན་གྱུར་གནས་ལ་མངོན་སུམ་ཚད་མ་ཉིད། །ལྐོག་གྱུར་གནས་


MR12_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྗེས་སུ་དཔག་པས་ཏེ། །ཤིན་ཏུ་ལྐོག་གྱུར་ཚད་མའི་ལུང་གིས་འབྱེད། །རིགས་པར་སྨྲ་བའི་ལམ་ཚུལ་འདི་དག་ཡིན། །ལྟར་སྣང་སྣ་ཚོགས་སྒྱུར་མའི་རོལ་མོ་ཡིས། །མགོ་བོ་གདུགས་ལྟར་བསྐོར་བའི་དུས་འདི་ན། །སྐལ་བཟང་རྣམས་ཀྱིས་ཡིད་རྟོན་འོས་གྱུར་པ། །དྲི་མེད་རྒྱལ་བའི་གསུངས་མིན་གཞན་སུ་ཞིག །ཀྱེ་མ་སྟོན་པ་མཆོག་གི་བསྟན་པ་དང་། །རིག་པའི་ལམ་བཟང་དྲི་མ་མེད་པ་རྣམས། །ཚོང་དུས་འོ་མ་བཞིན་དུ་བསླད་གྱུར་པ། །སྐལ་པ་ངན་པ་རྣམས་ཀྱིས་དེ་དག་འཛིན། །རྒྱ་དང་རིགས་ལྡན་ཞལ་བཟང་མ་མཇལ་ཞིང་། །བགྲང་བྱ་དུ་མའི་ངལ་བ་མ་བརྟེན་པར། །ཞག་གསུམ་ཐུན་ལ་དཔྱད་པ་འདི་རྫོགས་པས། །རྩོམ་པོའི་དགོངས་དོན་གཏིང་མ་དཔོག་ན་འཆག །སྣ་ཚོགས་འདྲི་བསུབ་རི་མོའི་ངལ་བ་ཡིས། །ད་གཟོད་ལྟར་སྣང་འགྲིག་འགྲིག་མ་བཟུང་བར། །དང་པོར་རྒྱུད་དོན་གོ་བར་ལེགས་གཞིག་པའི། །ཕྱི་ནས་བསྒྱུར་བགོད་ཆོ་གའི་ངེས་པ་རྟོགས། །རྒྱ་བོད་མཁས་གྲུབ་བྱེ་བའི་བློ་གྲོས་ཀྱིས། །མ་རྙེད་གྲུབ་མཐའ་དུས་ཀྱི་མཐར་རྙེད་པས། །དྲག་པོའི་རིགས་ལྡན་རི་དྭགས་འཛིན་པའི་གཟུགས། །ཉེ་བའི་ལྟས་བཟང་མཚོན་པར་ནུས་པ་འདི། །འཕྲད་པ་ཙམ་ན་རྩྭ་ལ་མེ་བཞིན་དུ། །སྐལ་བཟང་རྣམས་ཀྱིས་དང་དུ་ལེན་ན་ཡང་། །ཇི་ལྟར་དཔྱད་ཀྱང་སྐལ་ངན་བདག་གིས་ནི། །སྙིང་ལ་བདེ་བླག་ཞུགས་པར་མ་གྱུར་ཏོ། །ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོའི་གནད། །རྟོག་གེ་ཟོལ་མས་རྙོགས་མར་བྱས་པ་མང་། །དེ་ཕྱིར་ལམ་མཆོག་དེ་ལ་མོས་རྣམས་ལ། །རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་དགོངས་པར་མཛོད། །གསར་བྱུང་ལོག་པར་རྟོག་པ་ཟློག་བྱེད་ཅིང་། །སྔར་བྱུང་རྒྱུད་དོན་ཕྱི་རོལ་དུས་ཀྱི་གནད། །དངོས་སྟོབས་རིགས་པའི་ལམ་ནས་གསལ་བྱེད་པ། །འདི་ནི་ཞིབ་མོའི་བློ་ཅན་བློ་ཡི་གཉེན། །


MR12_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བྱས་ཀུན་གྱི་ནང་ན་སྟོབས་ཆེ་བ། །རྒྱལ་བའི་དམ་ཆོས་སྲུང་བར་གསུངས་པ་ཡི། །དགེ་བ་དེ་དག་གལ་ཏེ་འདིར་ཡོད་ན། །དེས་ནི་རྒྱལ་བསྟན་རིན་ཆེན་འཕེལ་གྱུར་ཅིག །འཇམ་པའི་དབྱངས་ཀྱིས་སྤོབས་པ་བྱིན། །ལེགས་པའི་བློ་ཡིས་མཚམས་སྦྱར་ནས། །མི་ཕམ་རྣམ་པར་རྒྱ་བའི་ངག །འདི་ན་ཡི་གེའི་གཟུགས་སུ་འཕོས། །ཅེས་པའང་། ༢ ཁྱབ་བདག་བརྟན་པའི་འཁོར་ལོ་འཇམ་དབྱངས་མཁྱེན་བརྩིའི་དབང་པོ་དང་། གནས་ལྔ་རིགས་པའི་པཎྜི་ཏ་ཆེན་པོ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་དང་། རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པ་ཕྱོགས་ལས་རྣམ་པར་རྒྱལ་བ། རྒྱལ་བའི་སྲས་པོ་འཇིགས་མེད་ཆོས་ཀྱི་དབང་པོ་ལ་སོགས་པ་དམ་པ་དུ་མའི་ཞབས་རྡུལ་གྱིས་རལ་པའི་ཅོད་པན་དགེ་བར་བྱས་པའི་མཐུས། ལེགས་བཤད་ཀྱི་འོད་ཟེར་འབར་ཡང་བྱིས་པའི་ལག་ཏུ་ནོར་བུ་བཞག་པ་ལྟར་ངོ་མཚར་མི་ཤེས་པ་དང་། ཉེས་བཤད་ཀྱི་དྲི་ངན་བརྐུལ་ཡང་ཁྱི་ཕག་གི་མདུན་ཏུ་མི་གཙང་བ་ལྟར་འཛེམ་མི་ཤེས་པའི་ངང་ཚུལ་འཛིན་མི་དགོས་ཙམ་གྱི་བློ་གྲོས་ཀྱི་སྣང་བ་དཀར་བའི་བཙུན་ཆུང་ཨ་ཛི་ཏས་བྲིས་པ་དགེའོ། །དགེའོ། །དགེའོ། །མངྒ་ལཾ། ༈ །བསྟན་རྩིས་ཉེར་མཁོ་བཞུགས། ན་མོ་གུ་ར་བེ། འདིར་རང་ལོ་རེ་ལྔ་པ་རབ་བྱུང་བཅོ་ལྔ་པའི་ནང་ཚན་སྭཱ་དྷ་ར་ཎ་སྟེ་ཐུན་མོང་ཞེས་པ་ལྕགས་ཕོ་ཁྱི་ཡི་གནམ་ལོ་གསར་ཚེས་དབོ་ཟླའི་དགའ་བ་དང་པོར་གོ་ཐི་བཀྲ་ཤིས་དཔལ་འབར་གླིང་དུ་བསྟན་རྩིས་བཀོད་པ་ཕུག་ལུགས་བཞེད་པའོ། །བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ལྕགས་སྤྲེལ་ལ་བལྟམས་པ་ནས། ༢༨༧༠ ཉིས་སྟོང་བརྒྱད་བརྒྱ་བདུན་ཅུ་འདས། དེ་ལ་བརྒྱད་ཅུས་ཕྲི་བའི་ལྕགས་འབྲུག་ནག་ཉར་དུས་འཁོར་རྩ་རྒྱུད་གསུངས་ཤིང་ལོ་དེའི་ས་གའི་ཉ་ལ་མྱ་ངན་འདས་


MR12_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ༢༧༩༠ ཉིས་སྟོང་བདུན་བརྒྱ་དགུ་བཅུ་འདས། འདི་ལ་གསུམ་གྱིས་ཕྲི་བ་དུས་འཁོར་རྒྱུད་ཆུ་ལུག་ལ་བསྟན་པ་འཐད། བཞིས་ཕྲི་བའི་ཤིང་སྤྲེལ་འདི་ལྷ་དབང་ཁྲིར་ཕེབ་པ་དང་པད་འབྱུང་བལྟམས་ལོ་ཡིན། འདི་ཆོས་རྒྱལ་རིགས་ལྡན་གྱི་ཁྲི་ལོ་དང་པོ་བརྩི་བའི་གཞིའོ། ༢༧༨༦ །འདི་ལ་ལྕགས་ཁྱི་ལོར་འདས་ལོ་ཉིས་སྟོང་བདུན་བརྒྱ་གྱ་དྲུག་ཡོད་དོ། །དེ་བཞིན་ལྕགས་ཁྱི་ཁོ་ནའི་དབང་དུ་བྱས་པའི་འདས་ལོ། །གོང་ལ་ཉེར་བཞིས་ཕྲི་བའི་ས་སྤྲེལ་ལོར་རིགས་ཅན་དྲྭ་མ་ལྔར་གསང་བདག་གིས་ཆོས་འཁོར་བསྐོར་ཞིང་རྒྱལ་པོ་ཛར་གསང་སྔགས་གླེགས་བམ་བབས་ནས་ལོ། ༢༧༦༢ འདས་སོ། །དེ་ལ་དོན་གཉིས་ཀྱིས་ཕྲི་བའི་ལྕགས་སྤྲེལ་ལ་ཁ་བ་ཅན་དུ་མཚོ་བྲི་ནས་སཱ་ལའི་ནགས་ཚལ་ཆགས་ནས་ལོ་༢༦༩༠འདས། དེ་ལ་ཉིས་བརྒྱ་ཞེ་ལྔས་ཕྲི་བའི་ཤིང་གླང་དགའ་རབ་རྡོ་རྗེ་འཁྲུངས་ནས་༢༤༤༥འདས། དེ་ལ་ང་ལྔས་ཕྲི་བའི་ལྕགས་སྤྲེལ་ཀླུ་སྒྲུབ་འཁྲུངས་ནས་༢༣༩༠འདས་སོ། །དེ་ལ་བཞིས་ཁྲི་བའི་ཤིང་ཕྱིར་སྣ་ཚོགས་གཟུང་ཁྲིར་ཕེབས་ནས་༢༣༨༦འདས། ལོ་དེ་ལ་བརྒྱས་ཕྲི་བའི་ཤིང་འབྲུག་ལ་ལྷའི་དབང་ལྡན་ཁྲིར་ཕེབས་ནས་༢༢༨༦འདས། ལོ་དེ་ལ་བརྒྱས་ཕྲི་བའི་ཤིང་སྤྲེལ་འཇམ་དཔལ་གྲགས་པ་ཁྲིར་ཕེབ་ནས་༢༡༨༦འདས། སྟོན་པ་འདས་ལོ་༣༤༠༧ཡིན་འདུག ལོ་དེ་ལ་བརྒྱས་ཕྲི་བ་ཤིང་བྱི་ལ་གྲགས་པས་རྒྱུད་བསྡུས་པད་དཀར་ཁྲི་འཁོད་འགྲེལ་ཆེན་བརྩམ་ནས་༢༠༨༦ལོ་དེའོ། །དེ་ལ་ལྔ་བཅུས་ཕྲི་བའི་ཤིང་སྟག་ལ་གཉའ་ཁྲི་བཙད་པོ་བོད་རྗེར་ཕེབས་ནས་༢༠༣༦ལོ་འདི་འདས་སོ། །དེ་ལ་བརྒྱ་ཞེ་དྲུག་གིས་ཕྲི་བའི་ལྕགས་འབྲུག་ལ་འཕགས་པ་ཐོགས་མེད་འཁྲུངས་ནས་༡༨༩༠ལོ་འདི་སོང་། དེ་ལ་སུམ་བརྒྱ་དང་བཞིས་ཕྲི་བའི་ཤིང་སྤྲེལ་རྒྱལ་པོ་


MR12_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་འཇུག་སྦས་པ་ཁྲིར་འཁོད་ནས་༡༥༨༦ལོ་འདི་ཙམ་འདས་སོ། །དེ་ལ་ལྔ་བཅུས་ཕྲི་བའི་ཤིང་ཁྱི་ལ་ལྷ་ཐོ་རི་གཉན་བཙན་འཁྲུངས་ནས་༡༥༣༦ལོ་འདི་འདས། དེ་ལ་ལྔ་བཅུས་སྦྱངས་པས་ཤིང་བྱི་ལ་རིགས་ལྡན་ཉི་མ་གྲགས་པ་ཁྲིར་ཕེབ་ནས་༡༤༨༦འདས་ལོ་དེ་ལ་དགུས་དམན་ཆུ་བྱར་ཡུམ་བུའི་མཁར་སྟེང་ཙིནྟ་མ་ཎི་སོགས་བབས་ཏེ་ཆོས་ཀྱི་དབུ་བརྙེས་ནས་༡༤༧༧འདི་འདས་སོ། །དེ་ལ་བརྒྱ་དང་བདུན་ཅུ་དོན་གཅིག་གིས་ཕྲི་བ་ཤིང་བྱི་ལ་གནམ་རི་སྟོང་བཙན་འཁྲུངས་ནས་༡༣༠༦ལོ་འདི་འདས་སོ། །དེ་ལ་ཉི་ཤུས་སྦྱངས་པའི་ཤིང་སྤྲེལ་ལ་རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབ། མཁར་ཀླ་ཀློ་ཞུགས་ཅིང་ཕྱི་རོལ་བྱེད་པའི་རྩིས་འགོ་ཟུག་ནས་༡༢༨༦ལོ་འདི་འདས་སོ། །དེ་ལ་ལྔས་དམན་པའི་ས་གླང་ལ་ཆོས་རྒྱལ་སྲོང་བཙན་སྒོམ་པོ་འཁྲུངས་ནས་༡༢༨༡ལོ་འདི་འདས་སོ། །དེ་ལ་ཉེར་གཉིས་ཀྱིས་ཕྲི་བའི་ལྕགས་ཕག་ལ་ར་ས་འཁྲུལ་སྣང་བཏབ། ༡༢༥༩ དེ་ལ་བརྒྱད་གཅིག་གིས་ཕྲི་བའི་ཆུ་རྟ་ལ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་འཁྲུངས་༡༡༠༨དེ་ལ་བཞིས་སྦྱང་མེ་ཁྱི་ལ་རྒྱལ་དཀའ་ཁྲིར་ཕེབས་རང་ལུགས་བྱེད་པའི་རྩིས་འགོ་ཟུག་ནས་༡༡༠༤ལོ་འདི་འདས། དེ་ལ་བཅུ་དྲུག་གིས་ཕྲི་བའི་ཆུ་སྟག་ལ་ཨོ་རྒྱན་པདྨ་འབྱུང་གནས་བོད་དུ་ཕེབས་ཤིང་བསམ་ཡས་བཏབ་ནས་༡༠༨༨དེ་ལ་བཞིས་སྦྱངས། མེ་རྟ་ལོར་བསམ་ཡས་རབ་གནས་མངའ་གསོལ་མཛད་ནས་༡༠༨༤ལོ་འདི་ཙམ་མོ། །དེ་ལ་གཅིག་གིས་ཕྲི་བ་མེ་ལུག་སད་མི་བདུན་རབ་བྱུང་ནས་༡༠༨༣འདི་འདས་སོ། །དེ་ལ་བཅུ་བདུན་གྱིས་ཕྲི་བའི་ཤིང་བྱི་ལ་གནུབས་ཆེན་སངས་རྒྱས་ཡེ་ཤེས་འཁྲུངས་ནས་༡༠༦༦དེ་ལ་ཉེར་གཉིས་ཀྱིས་ཕྲི་བའི་མེ་ཁྱི་ལ་མངའ་བདག་ཁྲི་རལ་འཁྲུངས་ནས། ༡༠༤༤དེ་ལ་བཅུས་


MR12_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་མེ་སྤྲེལ་ཨོ་རྒྱན་རྗེ་རྔ་ཡབ་གླིང་དུ་གཤེགས་༡༠༣༤ ནས་ལོ་འདི་སོང་། དེར་བཅུ་དྲུག་གིས་ཕྲི་བའི་ཆུ་བྱིར་བླ་ཆེན་དགོངས་པ་རབ་གསལ་འཁྲུངས་ནས། ༡༠༡༨ དེ་ལ་དགུས་སྦྱང་ལྕགས་བྱར་གླང་དར་མས་བསྟན་པ་བསྣུབས་ནས་༡༠༠༩ དེ་ལ་ང་གཉིས་ཀྱིས་ཕྲི་བའི་ཆུ་གླང་དེ་བསྟན་པ་ཕྱི་དར་གྱི་ཐོག་མ་ནས་༩༥༧ སོ། །དེ་ལ་ལྔས་སྦྱངས་ས་རྟ་ལ་ལོ་ཆེན་རིན་བཟང་འཁྲུངས། ༩༥༢ དེ་ལ་ཚེས་སྦྱངས་ཆུ་བྱ་དེ་༩༣༧ ཕྱི་དར་ཐོག་མར་བུ་སྟོན་བཞེད། དེ་ལ་ལྔས་སྦྱངས་ས་སྟག་དེ་ཕྱིར་དར་ཐོག་མར་༩༣༢ འབྲོམ་སྟོན་བཞེད་ཁྱུང་པོ་རྣལ་འབྱོར་འཁྲུངས་ལོ་ཡིན་ནོ། །དེ་ལ་བཞིས་སྦྱངས་ཆུ་རྟ་ལ་ཇོ་བོ་དཱི་པཾ་ཀ་ར་འཁྲུངས། ༩༢༨ དེ་ལ་ཉེར་གཉིས་ཀྱིས་ཕྲི་བའི་ཤིང་འབྲུག་ལ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་འཁྲུངས་༩༠༦ དེ་ལ་བརྒྱད་ཀྱིས་སྦྱངས་ཆུ་བྱི་ལོ། །མངའ་བདག་མར་པ་ལོ་ཙཱ་དང་གྲྭ་པ་མངོན་ཤེས་འཁྲུངས། ༨༩༨ དེ་ལ་གཉིས་ཀྱིས་སྦྱངས་ཤིང་སྟག་ལ་ཟུར་ཆུང་བལྟམས། ༨༩༦ དེ་ལ་བཅུ་གསུམ་གྱིས་ཕྲི་བའི་མེ་ཡོས་འདི་༨༨༣ རབ་བྱུང་དང་པོའི་ཐོག་མ་རིགས་ལྡན་ཉི་མ་ཁྲིར་ཕེབས་ཤིང་རྒྱུད་འགྲེལ་འཕགས་བོད་ཕེབས་པའི་ལོའོ། །དེ་ལ་བཅུ་གསུམ་གྱིས་སྦྱངས་པའི་ལྕགས་འབྲུག་ལ་མི་ལ་བཞད་པ་རྡོ་རྗེ་འཁྲུངས། ༨༧༠ དེ་ལ་བཅུ་བདུན་གྱིས་སྦྱངས་པའི་མེ་བྱ་ལ་རྭ་བསྒྲེང་བཏབ། ༨༧༣ དེ་ལ་གཉིས་ཀྱིས་ཕྲི་རྔོག་ལོ་ས་ཕག་ལ་འཁྲུངས། ༨༥༡ དེ་ལ་བཅུ་བཞིས་ཕྲི་བ་ཆུ་གླང་ལོ་གསང་ཕུ་དང་ས་སྐྱའི་ཆོས་སྒྲ་བཏབ། ༨༣༧ གཅིག་གིས་ཕྲི་གསང་བདག་ཤཱཀ་༨༣༦ སེང་འཁྲུངས། དྲུག་གིས་སྦྱངས་ས་མོ་ལུག་ལོར་དྭགས་པོ་ཟླ་འོད་གཞོན་ནུ་འཁྲུངས། ༨༣༡དེ་ལ་བརྒྱད་ཀྱིས་


MR12_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲི་མེ་ཡོས་དེ་རབ་བྱུང་གཉིས་པའི་ཐོག་མའོ། ༨༢༣ །དེ་ལ་བཞིས་ཕྲི་ལྕགས་ལུག་ལ་བྱ་འདུལ་བལྟམས་དམ་པ་དིང་རིར་ཕེབས། ༨༡༩ གཅིག་གིས་ཕྲི་ཆུ་སྤྲེལ་ལ་ས་ཆེན་འཁྲུངས། ༨༡༨ དེ་ལ་བཅུ་བདུན་གྱིས་སྦྱངས་པའི་ས་གླང་ལ་ཕྱ་པ་ཆོས་སེང་འཁྲུངས་རྔོག་ལོ་གཤེགས། ༨༠༡ གཅིག་གིས་ཕྲི་ལྕགས་སྟག་ལ་ཕག་གྲུ་དུས་མཁྱེན་རྣམ་གཉིས་འཁྲུངས། ༨༠༠ དེར་བཅུ་གཉིས་ཀྱིས་སྦྱངས་པའི་ཆུ་སྟག་ལ་ཀཿདམ་པ་བདེ་གཤེགས་འཁྲུངས་ནས། ༧༨༨ དེ་ལ་གཉིས་ཀྱིས་སྦྱངས་པའི་ཤིང་འབྲུག་ལ་ཉང་རལ་ཉི་མ་འོད་ཟེར་འཁྲུངས་ནས། ༧༨༦ དེར་གསུམ་གྱིས་ཕྲི་མེ་ལུག་ལ་པཎ་ཆེན་ཤཱཀ་ཤྲཱི་བལྟམས། རིགས་ལྡན་སྣ་ཚོགས་གཟུགས་ཁྲིར་ཕྲེ་བ། ༧༨༣ དེ་ལ་བཅོ་ལྔས་ཕྲི་བའི་ཆུ་ཁྱི་ལ་ས་སྐྱ་བསོད་ནམས་རྩེ་མོ་དང་སྟག་ལུང་ཐང་པ་འཁྲུངས། ༧༢༨ དེ་ལ་གཅིག་གིས་ཆུ་ཕག་ལ་འབྲི་གུང་འཇིག་རྟེན་གསུམ་མགོན་འཁྲུངས། ༧༦༧ དེ་ལ་བཞིས་སྦྱངས་རབ་བྱུང་གསུམ་པའི་མེ་ཡོས་རྗེ་བཙུན་གྲགས་པ་རྒྱལ་མཚན་འཁྲུངས། ༧༦༣ དེ་ལ་སོ་ལྔས་ཕྲི་བའི་ཆུ་སྟག་ལ་ས་སྐྱ་པཎ་ཆེན་འཁྲུངས། ༧༢༨དེ་ལ་ཉེར་བཞིས་སྦྱངས་པའི་མེ་སྟག་ལ་ཀརྨ་པཀྴི་འཁྲུངས། ༧༠༤ དེ་ལ་གཅིག་གིས་ཕྲི་རབ་བྱུང་བཞི་པའི་ཐོག་མ་ཡིན། ༧༠༣ དེ་ལ་ལྔས་སྦྱངས་ཆུ་སྤྲེལ་གུ་རུ་ཆོས་དབང་འཁྲུངས། ༦༩༨དེ་ལ་བཅུ་གསུམ་གྱིས་ཕྲི་བའི་ཤིང་བྱ་ལ་བྱང་རྡོར་གཉིས་ཀྱི་ཆོས་སྡེ་བཙུགས། ༦༨༥ དེ་ལ་བཅུས་སྦྱངས་ཤིང་ལུག་ལ་ཆོས་རྒྱལ་འཕགས་པ་འཁྲུངས། ༦༧༥དེ་ལ་བཞིས་ཕྲི་ས་ཕག་ལ་གྲུབ་ཐོབ་མན་ལུང་གུ་རུ་འཁྲུངས། ༦༧༡ དེ་ལ་བཞིས་སྦྱངས་ཆུ་ཡོས་ལ་གྲུབ་ཐོབ་མེ་ལོང་རྡོ་རྗེ་དང་། ཀུན་སྤངས་ཐུགས་རྗེ་བརྩོན་


MR12_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་བལྟམས། ༦༦༧ དེ་ལ་བཅུས་སྦྱངས་པའི་ཆུ་གླང་ལ་ས་སྐྱ་པས་བོད་ཁམས་ཁ་ལོ་སྒྱུར། ༦༥༧ དེ་ལ་བཅུ་གསུམ་གྱིས་སྦྱངས་པའི་མེ་སྟག་ལ་རིག་འཛིན་ཀུ་མཱ་རཱ་ཛ་འཁྲུངས། ༦༤༤ དེ་ལ་གཅིག་གིས་ཕྲི་མེ་ཡོས་རབ་བྱུང་ལྔ་པར་སླེབས། ༦༤༣ དེ་ལ་དགུས་ཕྲི་མེ་བྱིར་དཔང་ལོ་འཁྲུངས། ༦༣༤ དེ་ལ་བདུན་གྱིས་སྦྱངས་ཆུ་ལུག་ཟུར་བྱམས་སེང་འཁྲུངས། ༦༢༧ དེ་ལ་གཅིག་གིས་ཕྲི་ཤིང་སྤྲེལ་ལ་ཀུན་མཁྱེན་རང་བྱུང་རྡོ་རྗེ་དང་། གཡུང་སྟོན་རྡོ་རྗེ་དཔལ་གཉིས་འཁྲུངས། ༦༢༦ དེ་ལ་དྲུག་གིས་སྦྱངས་ལྕགས་སྟག་ལ་བུ་སྟོན་ཆོས་རྗེ་འཁྲུངས། ༦༢༠ དེ་ལ་གཉིས་ཀྱིས་སྦྱངས་ཆུ་འབྲུག་ལ་དོལ་པོ་པ་ཤེས་རབ་རྒྱལ་མཚན་འཁྲུངས། ༦༡༨ དེ་ལ་གཉིས་ཀྱིས་སྦྱངས་ཤིང་རྟ་ལ་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེ་འཁྲུངས། ༦༡༦ དེ་ལ་བཅུ་བཞིས་སྦྱངས་པའི་ས་སྤྲེལ་ཀུན་མཁྱེན་དྲི་མེད་འོད་ཟེར་འཁྲུངས། ༦༠༢ དེ་ལ་བཞིས་སྦྱངས་ཆུ་བྱི་ལ་དཔལ་ལྡན་བླ་མ་དམ་པ་འཁྲུངས། ༥༩༨ བཅོ་ལྔས་སྦྱངས་པའི་རབ་བྱུང་དྲུག་པའི་མེ་ཡོས་ལ་རིགས་ལྡན་མཐའ་ཡས་སེང་ཁྲིར་ཕེབས། ༥༨༣ དེ་ལ་བཅུ་དགུས་སྦྱངས་པའི་མེ་ཁྱི་ལ་རྡོ་རྗེ་གླིང་པ་འཁྲུངས་ནས། ༥༦༤ དེ་ལ་གཉིས་ཀྱིས་སྦྱངས་ས་བྱི་ལ་ཀུན་མཁྱེན་གཡག་པོ་འཁྲུངས། ༥༦༢ དེ་ལ་གཅིག་གིས་སྦྱངས་ས་གླང་ལ་ཕག་གྲུ་ཏཱ་སིས་བོད་དབང་བསྒྱུར། ༥༦༡ དེ་ལ་བརྒྱད་ཀྱིས་སྦྱངས་མེ་བྱ་ལ་རྗེ་བློ་བཟང་གྲགས་པ་འཁྲུངས། ༥༥༣ དེ་ལ་བཅུས་སྦྱངས་མེ་ལུག་ལ་རོང་སྟོན་ཤཱཀྱ་རྒྱལ་མཚན་འཁྲུངས། ༥༤༣ དེ་ལ་བཅོ་ལྔས་ཕྲི་བའི་ཆུ་ཁྱི་ལ་ངོར་ཆེན་ཀུན་དགའ་བཟང་པོ་དང་། རྫོང་པ་ཀུན་དགའ་རྒྱལ་མཚན་འཁྲུངས། ༥༢༨ དེ་ལ་གཉིས་


MR12_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཕྲི་ཤིང་བྱི་ལ་པཎ་ཆེན་ནགས་ཀྱི་རིན་ཆེན་འཁྲུངས། ༥༢༦ དེ་ལ་གཅིག་གིས་ཕྲི་ཤིང་གླང་ལ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་འཁྲུངས། ༥༢༥ དེ་ལ་གཉིས་ཀྱིས་ཕྲི་མེ་ཡོས་དེ་རབ་བྱུང་བདུན་པའི་ཐོག་མ་ཡིན། ༥༢༣ དེ་ལ་བཞིས་ཕྲི་ལྕགས་ལུག་ལ་པཎ་ཆེན་དགེ་འདུན་གྲུབ་པ་འཁྲུངས། ༥༡༩ དེ་ལ་གཅིག་གིས་དམན་ཆུ་སྤྲེལ་ལ་འགོས་ལོ་གཞོན་ནུ་དཔལ་འཁྲུངས། ༥༡༨ དེ་ལ་བརྒྱད་ཀྱིས་སྦྱངས་ལྕགས་འབྲུག་ལ་པཎ་ཆེན་བསོད་ནམས་རྣམ་རྒྱལ་འཁྲུངས། ༥༡༠ དེ་ལ་གསུམ་གྱིས་ཕྲི་ཆུ་ལུག་ལ་རཏྣ་གླིང་པ་འཁྲུངས། ༤༠༧ དེ་ལ་དྲུག་གིས་སྦྱངས་པའི་ས་གླང་ལ་ལྷ་ལྡན་སྨོན་ལམ་ཆེན་མོ་བཙུགས། རི་བོ་དགེ་ལྡན་ཆོས་གྲྭ་བཏབ། ༥༡༡ དེ་ལ་གསུམ་གྱིས་སྦྱངས་པའི་ཆུ་འབྲུག་ལ་བྱམས་ཆེན་རབ་འབྱམས་འཁྲུངས། ༤༩༨ དེ་ལ་བཞིས་སྦྱངས་མེ་སྤྲེལ་འབྲས་སྤུངས་བཏབ། ༥༩༤ དེ་ལ་གསུམ་གྱིས་སྦྱངས་ས་ཕག་ལ་སེ་ར་ཐེག་ཆེན་གླིང་བཏབ། ༤༩༡ དེ་ལ་དགུས་ཕྲི་བའི་ས་སྤྲེལ་ལ་པཎ་ཆེན་ཤཱཀྱ་མཆོག་ལྡན་འཁྲུངས། ༤༨༢དེ་ལ་གཅིག་གིས་ཕྲི་ས་བྱ་ལ་གོ་རམ་པ་བལྟམས་ངོར་གྱི་ཆོས་སྡེ་བཏབ། ༤༨༡ དེ་ལ་ལྔས་སྦྱངས་ཤིང་སྟག་ལ་མཁས་གྲུབ་རྗེས་དུས་འཁོར་འགྲེལ་ཆེན་བརྩམ། ༤༧༦ འདི་རང་གིས་བསྣན་དཔྱོད། དེ་ལ་བདུན་གྱིས་སྦྱངས་ལྕགས་བྱ་ལ་ལོ་ཆེན་ཆོས་སྐྱོང་བཟང་པོ་འཁྲུངས། ༤༦༩ དེ་ལ་དྲུག་གིས་སྦྱངས་རབ་བྱུང་བརྒྱད་མེ་ཡོས་ལ་བཀྲ་ཤིས་ལྷུན་པོ་བཏབ་ཅིང་པད་དཀར་ཞལ་ལུང་བརྩམས་པའི་ལོ། ༤༦༣ དེ་ལ་གཉིས་ཀྱིས་ཕྲི་ས་སྦྲུལ་ལ་སྐྱེད་ཚལ་ཆོས་སྡེ་བཏབ། ༤༦༡ གཟུགས་


MR12_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཕྲི་ལྕགས་རྟར་པད་གླིང་འཁྲུངས། ༤༦༠ གསུམ་གྱིས་ཕྲི་ཆུ་བྱ་ལ་སྤྱན་སྔ་ཆོས་གྲགས་འཁྲུངས། ༤༥༧ དེ་ལ་དྲག་པོས་སྦྱངས་ཤིང་སྤྲེལ་རྡོར་གདན་ཆོས་གྲྭ་བཏབ། ༤༤༦ དེ་ལ་བཅུ་གཉིས་ཀྱིས་སྦྱངས་པའི་མེ་སྤྲེལ་ལ། ༤༣༤ པཎ་ཆེན་དགེ་འདུན་རྒྱ་མཚོ་བལྟམས། དེ་ལ་བཅོ་བརྒྱད་ཀྱིས་ཕྲི་ཤིང་སྟག་ལ་ཚར་ཆེན་དང་། སྣ་ཚོགས་རང་གྲོལ་འཁྲུངས། ༤༡༦ དེ་ལ་བཅུ་གསུམ་གྱིས་སྦྱངས་པའི་རབ་བྱུང་དགུ་པའི་མེ་ཡོས་ལ་ཀུན་དགའ་གྲོལ་མཆོག་དང་མི་བསྐྱོད་རྡོ་རྗེ་འཁྲུངས། ༤༠༣ ཉི་ཤུས་ཕྲི་བའི་མེ་ཕག་ལ་རིགས་ལྡན་དཔལ་སྐྱོང་ཁྲིར་ཕེབས་འབྲུག་པ་པད་དཀར་འཁྲུངས། ༣༨༣ དེ་ལ་བཅུ་དྲུག་གིས་སྦྱངས་པའི་ཆུ་ཡོས་ལ་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་འཁྲུངས། ༣༦༧ དེ་ལ་ཉེར་བཞིས་ཕྲེ་བའི་རབ་བྱུང་བཅུ་པའི་མེ་ཡོས། ༣༤༣ ཀ་རབ་བྱུང་བཅུ་པའི་མེ་ཡོས་འདས་ལོ་དེ་ལ་བཅུ་དྲུག་ཕྲི་བའི་ཆུ་ལུག་ལོར་རྒྱལ་བ་གསུམ་པ་བསོད་ནམས་རྒྱ་མཚོས་བྱང་ཕྱོགས་སྐུ་འབུམ་བྱམས་པ་གླིང་བཏབ་ནས། ༣༢༧ བློ་བཟང་རབ་གསལ་སྐུ་འབུམ་དཀར་ཆག་ཏུ་འདུག་མཆན། ཁ་རབ་བཅུའི་མེ་ཡོས་དེ་ལ་ཉེར་གཉིས་ཀྱིས་སྦྱངས་པའི་ས་གླང་ལ་རྒྱལ་བ་བཞི་པ་ཡོན་ཏན་རྒྱ་མཚོ་འཁྲུངས། ༣༢༡ དེ་ལ་ཉེར་གཉིས་སྦྱངས་པའི་ལྕགས་ཕག་ལ་གསང་བདག་ཕྲིན་ལས་ལྷུན་གྲུབ་འཁྲུངས། ༢༩༩ དེ་ལ་དྲུག་གིས་ཕྲི་མེ་སྦྲུལ་ལ་རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་འཁྲུངས། ༢༩༣ དེ་ལ་བཅུས་སྦྱངས་རབ་བྱུང་བཅུ་གཅིག་པའི་མེ་ཡོས་ལ་རིགས་ལྡན་སེང་གེ་ཁྲིར་ཕེབས། ༢༨༣ དེ་ལ་བཅུ་བཞིས་སྦྱངས་པ་ལྕགས་སྦྲུལ་ལ་རྡོར་བྲག་པདྨ་ཕྲིན་ལས་འཁྲུངས།


MR12_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

༢༦༩ འདི་ལོ་གོ་ཤྲཱིའི་དཔུང་གིས་བོད་ཀུན་དབང་བསྡུས། དེ་ལ་གཅིག་གིས་ཕྲི་ཆུ་རྟ་ལ་ལྔ་པ་ཆེན་པོར་ཕུལ། ༢༦༨ དེ་ལ་བཞིས་སྦྱངས་མེ་ཁྱི་ལོར་གཏེར་ཆེན་འགྱུར་མེད་རྡོ་རྗེ་འཁྲུངས་ནས། ༢༦༤ དེ་ལ་ཉེར་བཞིས་སྦྱངས་པའི་ལྕགས་ཁྱིར་ཨོ་རྒྱན་སྨིན་གྲོལ་གླིང་བཙུགས། ༢༤༠ དེ་ལ་དྲུག་གིས་སྦྱངས་མེ་འབྲུག་ལ་བཞུགས་གནས་གཙུག་ལག་ཁང་ཆེན་བཏབ། ༢༣༤ དེ་ལ་གསུམ་གྱིས་ཕྲི་ས་ལུག་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བོད་རྗེར་བྱོན། ༢༣༡དེ་ལ་མིག་གིས་སྦྱངས་ལྕགས་བྱར་ཉིན་སྣང་དང་པོར་བརྩམས། ༢༢༩ གཅིག་གིས་ཕྲི་ཆུ་ཁྱིར་ལྔ་པ་གཤེགས། ༢༢༨དེ་ལ་ལྔ་ཕྲི་རབ་ཉིའི་མེ་ཡོས་ནས་བཻ་དཀར་རྩིས་འགོ་བཟུང་། ༢༢༣ དེ་ལ་བདུན་གྱིས་སྦྱངས་ཤིང་ཁྱི་ལ་ལྷ་ལྡན་ཚོགས་མཆོད་ཆེན་མོ་བཙུགས། ༢༡༦ དེ་ལ་གཉིས་སྦྱངས་མེ་ཁྱི་ལ་ཇིང་གིར་རྒྱལ་པོས་བོད་ཁམས་དབང་བསྒྱུར། ༢༠༤དེ་ལ་བརྒྱད་ཀྱིས་སྦྱངས་པའི་ཉིན་སྣང་འདས་ལོ་སྤྲོས་པ་རབ་ཉིའི་རྒྱལ་བ་ཤིང་རྟ་ཕྱིན་གྱི་ལོ། ༡༩༦ ཤིང་རྟ་འདིའི་སྔ་ལོ་རྣམ་རྒྱལ་ཆུ་སྦྲུལ་ལོ་སྡེ་དགེ་བསྟན་པ་ཚེ་རིང་ཁྲིར་བཞུགས་ནས་ལོ་ཉེར་ལྔ་ཡིན། དེ་རྗེས་ཀྱི་ལོ་ཉི་ཤུ་འདས་པ་ཆུ་གླང་ལོ་དེར་བཀའ་འགྱུར་སྤར་གྲུབ་ནས་ལོ་བཞི་སོང་། དེ་ནས་ལོ་བཞི་སོང་བའི་མེ་སྦྲུལ་སྣོན་ཟླའི་བཅོ་ལྔར་བསྟན་འགྱུར་ལས་མགོ་བཙུགས་ལས་མཇུག་སྡེ་དགེ་བླ་མ་ཀུན་དགའ་ཕྲིན་ལས་རྒྱ་མཚོས་མཛད། ལོ་བདུན་འདས་པའི་མིག་དམར་ཤིང་བྱིའི་ནག་ཟླའི་ཚེས་བཅོ་ལྔར་གྲུབ། བསྟན་འགྱུར་སྤར་རྩོམ་པའི་མེ་སྦྲུལ་ཡན་ལ་སྡེ་དགེ་ལྷུན་གྲུབ་སྟེང་བཞེངས་ནས་ལོ་བརྒྱ་ཉེར་གཅིག་སོང་


MR12_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཞུས་ཆེན་བསྟན་འགྱུར་དཀར་ཆག་ཏུ་འདུག་མཆན། རབ་ཉིའི་ཤིང་རྟའི་འདས་ལོ་དེ་ལ་བཅོ་བརྒྱད་ཀྱིས་ཕྲི་བའི་རབ་བྱུང་བཅུ་གཉིས་པའི་ཡོངས་འཛིན་ཆུ་བྱི་ལ་ལོ་མགོ་བཟུང་བ་མཚུར་རྩིས་ཉེར་མཁོ་བུམ་བཟང་གི་༡༧༨འདས་ལོའོ། །དེ་ལ་བཅོ་ལྔས་ཕྲི་བ་ཉིན་སྣང་ལོ་འགོ་རབ་བྱུང་བཅུ་གསུམ་པའི་མེ་ཡོས་ལ་སྤོས་པ་ཉིན་བྱེད་སྣང་བ་གསར་པའི་༡༦༣ འདས་སོ། །དེ་ལ་དྲུག་ཅུ་ཕྲི་བ་རབ་ཡིད་མེ་ཡོས་ལ་ལོ་འགོ་སྤོས་པའི་༡༠༣ འདས་ལོ། །དེ་ལ་དྲུག་ཅུས་ཕྲི་བ་རབ་བྱུང་བཅོ་ལྔ་པའི་ལོ་འགོ་སྤོས་པའི་འདས་ལོ།༤༣ འདི་སྟེང་བཅུ་བདུན་པ་བསྣན་པས་ལོ་དྲུག་ཏུ་རྫོགས་ནས་རབ་བྱུང་བཅུ་དྲུག་པའི་མེ་ཡོས་གསར་དུ་ཤར་བ་ཡིན་ནོ། །གཞན་ཡང་རབ་ཚེས་ལྕགས་ཁྱི་ལོ་འདིར་བུམ་བཟང་གི་ལུགས་ཀྱི་སྟོན་པ་འདས་ནས། ༢༧༨༧ འདས་ཏེ་ཕུག་པའི་དེ་ལ་གསུམ་ཕྲི་བ་དང་འདྲའོ། །རིགས་ལྡན་མི་ཡི་སེང་གེ་ཁྲིར་བཞུགས་ལོ་༨༦ འདས་པའོ། །འདི་རི་མོས་བདེ་བླག་དུ་བརྩི་ན། སྟོན་པ་འདས་ནས་ལོ་དུ་སོང་ལྔ་བརྒྱས་བགོས་ཐོབ་གང་ཡིན་པ། སྡེ་ཚན་བཅུ་ལས་དེ་ཙམ་འདས། ལྷག་མ་ད་ལྟར་བའི་འདས་ལོ། །དེ་ཡིས་ལྔ་བརྒྱར་ཕྲི་ལྷག་ནི། །དེ་ཡི་མ་འོང་ཚད་ཡིན་ནོ། །འདི་ལ་ཕུག་མཚུར་ཁྱད་མེད་ཀྱང་། །འདས་ལོ་ལོ་གསུམ་ཕུག་ལུགས་མང་། །རིགས་ལྡན་ཁྲི་རབས་བརྩི་འདོད་ན། །མཚུར་ལུགས་ཀྱི། སྟོན་པ་འདས་ལོར་གཅིག་ཕྲི་བ། །ཤིང་སྤྲེལ་ལྷ་དབང་ཁྲིར་ཕེབས་ལོ། །དེ་ནས་ད་ལྟའི་བར་དག་ཏུ། །ལོ་གྲངས་དུ་འདས་དེ་ཉིད་ལ། །དྲུག་བརྒྱས་ཕྲི་བས་ཆོས་རྒྱལ་དྲུག །ཁྲི་ལ་བཞུགས་པའི་ལོ་གྲངས་རྫོགས། དེ་ནས་བརྒྱས་བགོས་ཐོབ་པའི་ནོར། །གྲགས་པ་ནས་བརྩམ་རིམ་བགྲང་གྲངས། །ཡིན་ཡང་


MR12_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་འདིས་རྒྱལ་དཀའ་དང་རྒྱ་མཚོ་རྣམ་རྒྱལ་གཉིས་ཀྱི་ཁྲི་ལོ་ལྷག་པོ་མ་བརྩིས་པར་མི་འགྲིགས་པ་ཡོད། མཆན། དེ་འདས་ལྷག་མ་གང་ཡོད་པ། །ད་ལྟ་བ་ཡི་ཁྲི་ལོ་འདས། །དེ་ཡིས་བརྒྱར་ཕྲི་མ་འོངས་ལྷག །ཞེས་སོ། །ཕུག་ལུགས་པ་ཡི་བསྟན་རྩིས་ནི། སྟོན་པ་འདས་པའི་ལོ་གྲངས་ལ། །ལྔ་བརྒྱས་བགོ་སོགས་དེ་བཞིན་ནོ། །གདན་རབས་ཁྲི་ལོ་སྟོན་པ་ཉིད། །འདས་ནས་ལོ་གྲངས་དུ་སོང་ལ། །བཞི་ཡིས་ཕྲི་བ་ཤིང་སྤྲེལ་ལོར། །ལྷ་དབང་ཁྲི་ལ་ཕེབས་ནས་ལོ། ༢༧༨༦ །དེ་ལ་མེ་༡༩༠༣མཁའ་བུག་གཟུགས་སྦྱངས། །རྒྱལ་དཀའི་༨༨༣ ཁྲི་ལོ་ཡན་ཆད་རྫོགས། །དེ་ལྷག་བརྒྱ་ཡིས་བགོས་པའི་ནོར། །རིགས་ལྡན་བཅུ་གཉིས་པར་གྱུར་པ། །ཉི་མ་ནས་ནི་རིམ་བཞིན་ཏེ། །ཉི་མ་༡དང་ནི་སྣ་ཚོགས་༢ གཟུགས། །ཟླ་འོད་༣དང་ནི་མཐའ་ཡས་༤དང་། །ས་སྐྱོང་༥དང་ནི་དཔལ་སྐྱོང་༦དང་། །སེང་གེ་༧དང་ནི་རྣམ་པར་༨གནོན། །སྟོབས་༩པོ་ཆེ་དང་མ་འགགས་༡༠པ། །མི་༡༡ཡི་སེང་གེ་དབང་ཕྱུག་༡༢ཆེ། །མཐའ་༡༣ཡས་རྣམ་རྒྱལ་འཁོར་ལོ་ཅན་༡༤། །རིགས་ལྡན་བཅུ་བཞིའི་དུས་འདས་རྟོགས། །ལྷག་མ་རིགས་ལྡན་ད་ལྟ་བ། །གང་ཡིན་དེ་ཡི་ཁྲི་ལོ་འདས། །དེ་ཡིས་བརྒྱར་ཕྲི་མ་འོངས་ལོའོ། །སོ་སོའི་གྲངས་ཀྱི་ཨངྐི་ལ། །བཅུ་གཅིག་བསྣན་པ་ལྟར་བྱས་ན། །རིགས་ལྡན་དུ་ཡིན་དེས་ཤེས་སོ། །འཁོར་ལོ་ཅན་ནི་ཁྲིར་བཞུགས་ལོ། །གོ་བརྒྱད་ཀླ་ཀློ་འདུལ་དུ་འབྱོན། །རིགས་ལྡན་རྒྱ་མཚོ་རྒྱལ་དཀའ་གཉིས་མ་གཏོགས། །གཞན་རྣམས་ཁྲིར་བཞུགས་ལོ་གྲངས་བརྒྱར་ངེས་སོ། །འདི་ལྟར་རི་མོས་པ་རྟགས་ན་བདེ་བླག་ཤེས། ༈ །གཞན་ཡང་ཉེར་མཁོའི་རི་མོ་འགའ། །འདིར་ནི་


MR12_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་བྱ་བ་ལ། །རི་མཚོ་ཀླུ་གཟུགས་ལོ་ཚོགས་ལ། །རབ་བྱུང་དུ་ཡིན་རབ་བྱུང་དང་པོ་ལ་༦༠་བསྟན། མཆན། གྲངས་དེ་ནི། །དྲུག་བཅུས་བསྒྱུར་བ་བསྲེས་བྱས་ན། །རབ་བྱུང་དེ་ཡི་མེ་ཡོས་ལ། །སྟོན་པ་མྱ་ངན་འདས་ནས་ལོ། །དུ་འདས་ཕུག་ལུགས་བཞེད་པ་འཆར། །དེ་ལ་གསུམ་ཕྲི་མཚུར་ལུགས་སོགས། །དུ་མས་རྩ་རྒྱུད་བསྟན་ལོར་བཞེད། །བཞིས་ཕྲི་ཁྲི་ལོ་བརྩི་བའི་གཞི། །ཕུག་ལུགས་སྟོན་པ་འདས་ལོ་ལ། །བཞི་བཅུ་ཞེ་དགུས་ཕྲི་བ་ན། །རྩ་རྒྱུད་བསྟན་ལོ་ནས་བསྟན་བརྩམས་པའི། །ད་དུང་ཞེ་དྲུག་བཞུགས་བཞེད་པའི། །མཁས་གྲུབ་རྗེ་སོགས་སྟོན་པ་ནི། །འདས་ནས་ལོ་གྲངས་དུ་འདས་གྲངས། །ཁྲི་ལོ་ཤིང་སྤྲེལ་ནས་བརྩི་འདྲ། །རབ་བྱུང་གང་ཡིན་དེའི་མེ་ཡོས། །སྟོན་པའི་འདས་ལོ་ཤེས་པ་ན། །རབ་བྱུང་དེ་ཡི་ནང་ནས་ནི། །དུ་འདས་དྲུག་ཅུའི་ཤོག་ཁྲས་རྟོགས། །གང་ཟག་དགོན་གནས་རྩིས་འགོ་སོགས། །རབ་བྱུང་གྲངས་ནི་དུ་ཡིན་པའི། །དྲུག་ཅུའི་ནང་གི་ལོ་ཚིགས་དེར། །དེ་རྗེས་རབ་བྱུང་དུ་སོང་བའི། །གྲངས་ཀྱིས་དྲུག་ཅུ་བསྒྱུར་བའི་གྲངས། །དེ་ལ་ལོ་ཚིགས་དེ་སྟེང་འབབ། ༈ །ད་ལྟའི་བརྩི་ལོ་ལོ་ཚིགས་དེའི་གོང་དུ་ཤིང་རྟ་ཆུ་བྱི་ལྟ་བུའི་རྗེས་སུ་ཡོད་ན་དྲུག་ཅུའི་ཤོག་ཁྲ་དེད་ལ་བརྩི་ལོ་དེ་དང་པོར་བྱས་ནས་ལོ་ཚིགས་དེའི་སྔ་ལོ་བར་བགྲང་བའི་གྲངས་དེ་ལ་ཕྲི་བ་དེ་འདས་ལོ་ཡིན་ནོ། །ལོ་ཚིགས་རྩིས་འགོ་བཟུང་བ་ཉིན་སྣང་གི་ཤིང་རྟ་དང་། ཉེར་བུམ་གྱི་ཆུ་བྱི་ལྟ་བུ་འདི་ལོ་ལྕགས་ཁྱིའི་གོང་དུ་ཡོད་ན་དཔེར་ན་ཤིང་རྟ་ནས་ས་བྱ་བར་ལོ་བཅུ་དྲུག་བསྣན་པས་འདས་ལོ་ངོས་ཟིན་ནོ། ༈ །མ་འོངས་བསྟན་རྩིས་རབ་ཚེས་ལྕགས་ཁྱི་ལོ། །ལྷ་དབང་ཁྲིར་ཕེབ་ཁྲི་ལོ་༢༧༨༦ འདི་ལ་གོང་ལྟར་མེ་མཁའ་བུག་གཟུགས་ཀྱིས་སྦྱངས་ལྷག་


MR12_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

༨༨༣ འདིས་བརྒྱས་བགོས་བརྒྱད་ཐོབ་པ་ཉི་མ་ནས་བརྒྱད་འདས་པས། ད་ལྟ་རིགས་ལྡན་ཉི་ཤུ་པ་སྟོབས་པོ་ཆེ་ཁྲི་ལ་བཞུགས་ནས་ལོ་༨༣ འདས། ལྕགས་ཁྱི་ངོ་ཐོག་པ་བཅས་ལྷག་བཅུ་༡༧ བདུན་ཡོད། བཅུ་བདུན་རྫོགས་ནས་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ལ་མ་འགག་པ་ཁྲི་ཕེབ། ད་ལྟ་ལྕགས་ཁྱིའི་ལོ་ནས་ལོ་བཞི་བརྒྱ་དང་བཅུ་བདུན་རྫོགས་པ་འདས་ནས་འཁོར་ལོ་ཅན་ཁྲིར་ཕེབས། གོ་བརྒྱད་ཀླ་ཀློ་འདུལ་བར་བྱོན་པས་ད་ལྷའི་ལྕགས་ཁྱི་ནས་ལོ་༥༡༤ལྔ་བརྒྱ་དང་བཅུ་བཞི་འདས་པ་ན་རིགས་ལྡན་གྱི་ལོ་ངོ་ཐོག་བཅས་ཁྱོན་ལྔ་བརྒྱ་བཅོ་ལྔ་དམག་སླེབས་ངེས་སོ། ༈ །སྟོན་པས་རྩ་རྒྱུད་བསྟན་ནས་འདས་ལོ་ཕུག་ལུགས་ལས་གསུམ་ཉུང་བ་ཆུ་ལུག་ལོ་ཡིན། དེའི་དབང་དུ་བྱས་ན་སྟོན་པ་འདས་ནས་ལྕགས་ཁྱི་འདི་ཡན་༢༧༨༧ཉིས་སྟོང་བདུན་བརྒྱ་གྱ་བདུན་ཡིན། འདི་ལྔ་བརྒྱས་བགོས་ཐོབ་ལྔ་ཐོབ་པས། འབྲས་དུས་གསུམ་དང་། ཤེར་ཏིང་གི་དུས་འདས་ནས་དྲུག་པ་བསྒྲུབ་པའི་ཚུལ་ཁྲིམས་ཀྱི་དུས་ཡིན། ལྷག་༢༨༧ཤར་བ་འདི་ཚུལ་ཁྲིམས་ཀྱི་དུས་ལས་ཉིས་བརྒྱ་གྱ་བདུན་འདས། ལྷག་གཉིས་བརྒྱ་བཅུ་གསུམ་ཡོད་རིགས་ལྡན་དཔུང་དམག་ཆས་ལོ་ངོ་ཐོག་པ་དེར་སྟོན་པ་ཆུ་ལུག་ས་གནས་ལོ་སུམ་སྟོང་སུམ་བརྒྱ་གཅིག་ཡིན་བསྟན་པ་ལྔ་བརྒྱ་ཕྲག་བཅུ་ལས་ཚུལ་ཁྲིམས་རྫོགས་ནས་མངོན་པའི་ལུང་གི་དུས་སྟེང་ནས་སུམ་བརྒྱ་དང་གཅིག་༣༠༡ འདས་མཚམས་ཡིན་དགེ །༈ །ངོ་ཐོག་བརྩིས་ན་ལོ་ངོ་སུམ་བརྒྱ་དང་གཉིས་ཡིན། །ལྕགས་ཁྱིའི་ལོ་ལ་ལྕགས་ཕག་ནས་འདས་ལོ་སྣོན་རྒྱུ་འདི་ལྟར་རང་སྟེང་ཨངྐི་བསྣན་པས་འདས་ལོ་ཤེས། རབ་བྱུང་བཅུ་དྲུག་པའི་མེ་ཡོས་ནས་གོང་ལྟར་བརྩི་ཆོག །དེ་ནས་དྲུག་ཅུའི་ཤོག་ཁྲ་དེད་པས་གསལ་ལོ། །རབ་ཚེས་ཐུན་མོང་ལྕགས་༠


MR12_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི། འགལ་བྱེད་ལྕགས་༡ཕག །ཡོངས་འཛིན་ཆུ་བྱི༢། བག་ཡོད་ཆུ་གླང ༣། ཀུན་དགའ་ཤིང་སྟག༤ སྲིན་པོ་ཤིང་ཡོས ༥། མེ་ཞེས་ས་མེ་འབྲུག༦ དམར་སེར་ཅན་མེ་སྦྲུལ༧། དུས་ཀྱི་ཕོ་ཉ་ས་རྟ༨། དོན་གྲུབ་ས་ལུག༩ དྲག་པོ་ལྕགས་སྤྲེལ༡༠། བློ་ངན་ལྕགས་བྱ ༡༡། རྔ་ཆེན་ཆུ་བྱི ༡༢། ཁྲག་སྐྱུག་ཆུ་ཕག༡༣ །མིག་དམར་ཤིང་བྱི ༡༤། ཁྲོ་བོ་ཤིང་གླང་༡༥། ཟད་པ་མེ་སྟག ༡༦ དེ་ནས་སླར་རབ་བྱུང་བཅུ་དྲུག་པའི་རབ་བྱུང་མེ་ཡོས་འཆར་རོ། །རབ་ཚེས་ལྕགས་ཕག་ཟླ་༨པ་ཚེས་༢༩ཉིན་གུང་ལ་མི་ཕམ་པས་བྲིས་པ་དགེ ། ༈ །ཆུ་ལུག་ལོར་དུས་འཁོར་རྩ་རྒྱུད་གསུངས་པའི་ལོ་དེ་བཅོམ་ལྡན་འདས་དགུང་ལོ་བདུན་ཅུ་དོན་གསུམ་བཞེས་པ་ཡིན་རྒྱུར་བྱས་ན། དེའི་ཕྱི་ལོ་ཤིང་སྤྲེལ་ལྷ་དབང་ཁྲིར་འཁོད་སོགས་འདྲ། དུས་འཁོར་གསུངས་ནས་ད་དུང་ལོ་དགུ་བཞུགས་ཏེ་གྱ་གཅིག་པ་ལྕགས་ཡོས་ལ་ཞི་བར་གཤེགས། ལྕགས་ཡོས་ནས་ལོ་ལྔ་འདས་པའི་མེ་སྤྲེལ་པད་འབྱུང་འཁྲུངས་ལོ་བཅུ་རུ་གཉིས་ཆད་ཅེས་ཕྱེད་ལོ་ལ། སངས་རྒྱས་འདས་ལོ་ལྕགས་ཡོས་མ་བརྩིས་པ་འདྲ། དེ་ལྟ་ན་བཅོམ་ལྡན་འདས་ལྕགས་ལུག་ལ་བལྟམས་པ་བྱས་ན་འགྲིགས་འདྲ། ཟླ་འཛིན་སོགས་ཨེ་འགྲིགས་དཔྱད། ༈ །རིགས་ལྡན་དཔུང་བྱོན་ལོ་དེ། རབ་བྱུང་ཉི་ཤུ་རྩ་བཞི་པའི་མེ་ཡོས་ནས་ལོ་བཅུ་བདུན་འདས་པ་ངོ་ཐོག་པ་ཤིང་སྤྲེལ་ཡིན་འདྲ། དེ་ལོ་སྟོན་པ་ཆུ་ལུག་འདས་ནས་ལོ་སུམ་སྟོང་སུམ་བརྒྱ་གཅིག་འདས། ཕུག་པ་ལྟར་ན་བཞི་བསྣན་པས་སུམ་སྟོང་སུམ་བརྒྱ་བཞི་འདས་འདྲའོ། །མངྒ་ལཾ་མཆན། །


previousརྩིས་གསར་ཐུབ་བསྟན་མཛེས་རྒྱན་ལ་དཔྱད་པ།next