Nitartha Digital Library
Tibetan
གླེགས་བམ་བཅུ་གཉིས་པ།


   
   
   
   
   
   
   
   
རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ།
   
   
   
   
   
   
   
   
   
   
   
   
   


 
previousརྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ།next

རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ།


MR12_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་བཞུགས་སོ། །


MR12_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། པྲ་ཏཱི་ཏྱ་ས་མུ་ཏྶཱ་ད་ཧྲྀ་ད་ཡ་ཀཱ་རི་ཀཱ། བོད་སྐད་དུ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡན་ལག་བྱེ་བྲག་བཅུ་གཉིས་གང་། །ཐུབ་པས་རྟེན་འབྱུང་གསུང་དེ་དག །ཉོན་མོངས་ལས་དང་སྡུག་བསྔལ་དང་། །གསུམ་པོ་དག་དུ་ཟད་པར་འདུས། །དང་པོ་བརྒྱད་དང་དགུ་ཉོན་མོངས། །གཉིས་དང་བཅུ་བ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །བཅུ་གཉིས་ཆོས་ནི་གསུམ་དུ་འདུས། །གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། །འདི་ལ་སེམས་ཅན་ཅི་ཡང་མེད། །སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བར་ཟད། །བདག་དང་བདག་གི་མེད་པའི་ཆོས། །ཁ་ཐོན་མར་མེ་མེ་ལོང་རྒྱ། །མེ་ཤེལ་ས་བོན་སྒྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཤིན་ཏུ་ཕྲ་བའི་དངོས་ལ་ཡང་། །གང་གིས་ཆད་པར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང་། །འདི་ལ་བསལ་བྱ་གང་ཡང་མེད། །བཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །


MR12_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མངྒ་ལཾ། ༈ །རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པའི་འགྲེལ་པ་ཟབ་མོ་རྣམ་པར་མཐོང་བ་ཞེས་བྱ་བ། ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་བཛྲ་ཏཱིཀྵ་ཡ། ཐ་གྲུ་མི་མངོན་སྲིད་པའི་ཁམས་ཀུན་ཏུ། །རབ་འཁྱུད་རྟེན་འབྱུང་དྲྭ་བས་ཉེར་བཅིངས་འགྲོ། །དཀྲོལ་བའི་ལམ་འདི་དགེ་སྦྱོང་ཆེན་པོས་ཏེ། །ཚངས་བཅས་འཇིག་རྟེན་གཞན་ན་ཡོད་མ་ཡིན། །དེ་སླད་སྙིང་ནས་གུས་པས་སྟོན་པ་ནི། །མཚུངས་མེད་དེ་དང་དེ་ཡི་རྗེས་ཞུགས་སྲས། །སྤྱི་བོས་མཆོད་དེ་དེ་ཡི་བསྟན་པའི་ལམ། །བླ་ན་མེད་པ་བདག་གིས་གསལ་བར་བྱ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ནི། རྒྱལ་བ་ཤཱཀྱ་སེང་གེའི་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་ཡིན་ཏེ། སློབ་དཔོན་ཀླུས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ཉིད་རྣམ་པར་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པའི་རྣམ་མཆོག་མཐོང་། །ཞེས། སངས་རྒྱས་རང་ཉིད་ཀྱི་མདོ་སྡེའི་ལུང་དོན་དང་མཐུན་པར་གསུངས་པ་ཡིན་ཅིང་། དེ་ལྟ་བུའི་རྟེན་འབྲེལ་ཀྱི་བཀའ་ཡི་དགོངས་པ་འགྲེལ་བ་ལ་རྒྱལ་བ་ཉིད་ཀྱིས་བླ་ན་མེད་པའི་ཐེག་པ་གསལ་བའི་བྱེད་པོར་ལུང་བསྟན་པ། དཔལ་མགོན་ཀླུ་སྒྲུབ་ཉིད་ཀྱི་གསུང་དྲི་མ་མེད་པ་རྟེན་འབྲེལ་སྙིང་པོའི་ཚིག་ལེའུར་བྱས་པ་འདི་ཉིད་གསལ་བར་བཤད་པ་ལ་གསུམ། ཀླད་དོན། གཞུང་དོན། མཇུག་གི་དོན་ནོ། །དང་པོ་ལ་མཚན་དང་འགྱུར་ཕྱག་གཉིས་ཀྱི། དང་པོ་ནི། རྒྱ་གར་སྐད་དུ། པྲ་ཏཱི་ཏྱ་ས་མུཏྤ་ད་ཧྲཱྀ་ད་ཡ་ཀཱ་རི་ཀཱ། བོད་སྐད་དུ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་


MR12_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ། དེ་གཉིས་ཤན་སྦྱར་ན། པྲ་ཏཱི་ཏྱ་ས་མུཏྤཱ་ད། རྟེན་ཅིང་འབྲེལ་པར་འབྱུང་བའི། ཧྲཱྀ་ད་ཡ་སྙིང་པོ། ཀཱ་རི་ཀཱ་ཚིག་ལེའུར་བྱས་པའོ། །དེའི་དོན་ནི། འོ་མ་ལས་མར་ལྟར་རྒྱལ་བས་གསུངས་པའི། རྟེན་ཅིང་འབྲེལ་བར་འབྱུང་བའི་མདོ་ཤིན་ཏུ་མང་པོ་རྣམས་ཀྱི་དོན་མ་ལུས་པ་འདུས་ཤིང་། དེ་དག་གི་ཟབ་གནད་ཟད་པར་རྟོགས་པས་ན་སྙིང་པོ་སྟེ། རྒྱ་ཆེ་བ་འདུས་ཤིང་ཟབ་པ་རྟོགས་པའི་རྒྱུ་མཚན་གྱིས་སོ། །དེ་ལྟ་བུའི་དོན་ཚིག་ལེའུར་བྱས་པས་དེ་སྐད་ཅེས་བྱའོ། །གཉིས་པ་ནི། ཉོན་མོངས་པའི་རྩུབ་རེག་དང་བྲལ་པས་འཇམ་ཞིང་ཤེས་སྒྲིབ་ཟད་པས་མཁྱེན་གཉིས་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པའི་རྒྱལ་སྲས་གཞོན་ནུར་གྱུར་པ་དེ་ལ་ཕྱག་འཚལ་ལོ་ཞེས་ལོ་ཙཱ་བས་འགྱུར་ཕྱག་མཛད་པའོ། །གཉིས་པ་ནི། དེ་ལ་སྤྱིར་རྟེན་འབྲེལ་དེ་ནི་རྒྱལ་བའི་བཀའ་ཀུན་དང་ས་ལུ་ལྗང་པའི་མདོ་ལ་སོགས་པ་ལས་མང་དུ་གསུངས་ཤིང་། སྤྱིར་སངས་རྒྱས་ཀྱི་གསུང་ཐམས་ཅད་ཐེག་པ་ཆེ་ཆུང་མེད་པར་བདེན་པ་བཞིའི་ཆིང་གིས་བཅིང་དགོས་ཏེ། སངས་རྒྱས་ཀྱིས་ཇི་སྙེད་བཀའ་སྩལ་པ་ཐམས་ཅད་སྲིད་རྩ་གཅོད་པ་དང་མྱང་འདས་ལ་གཞུག་པ་ཉིད་དུ་གཅིག་ཅིང་། དེ་རེ་རེ་ལའང་ནང་གསེས་རྒྱུ་འབྲས་གཉིས་སུ་གྲངས་ངེས་པས་སོ། །དེས་ཕྱིར་རྒྱལ་བའི་གསུང་གི་ཐོག་མར་དམ་པའི་ཆོས་ཐམས་ཅད་ཀྱི་རྨང་གཞིར་བདེན་པ་བཞི་བཤད་དེ། འདི་ནི་སྲིད་པ་གང་གིས་ལྡོག་པ་ཤེས་པའི་རང་ལུགས་བླ་ན་མེད་པ་སྟེ། འདི་ལྟར་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཅན་འདི། རྒྱུ་གང་ལས་བྱུང་ཞིང་འདི་ལས། ཐབས་གང་གིས་ཐར་བར་འགྱུར་སྙམ་དུ་


MR12_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་པ་ན། ཕྱི་རོལ་པ་རྣམས་ཀྱིས་ཚངས་དབང་བདག་སོགས་ལས་བྱུང་ཞིང་བདག་བསྒོམས་པ་སོགས་ཀྱིས་ཐར་པར་འགྱུར་རོ་ཞེས་འཁྲུལ་པས་བསླད་པའི་མུན་སྤྲུལ་གྱི་ཚུལ་དུ་མ་ཞིག་རྣམ་པར་བཞག་པར་གྱུར་ལ།རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ནི་ཕྱི་དང་ནང་གིས་ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་སྣང་སྟེ་འདི་ལྟར་མ་དག་པའི་སྣོད་བཅུད་ཀྱི་འཇིག་རྟེན་ཀུན་ནས་འབྱུང་བའི་རྒྱུ་ནི་ལས་ཉོན་དུ་གསུངས་ཤིང་། དེ་ལྡོག་པའི་ཐབས་ནི་སྲིད་པ་འགག་པའི་ལམ་ཡིན་ནོ་ཞེས་གང་གསུངས་པ་དེ་ལྟ་བུ་ནི། ཚངས་པ་སོགས་སུས་ཀྱང་མ་ཤེས་པའི་ལམ་ཆེན་པོ་སྔ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཡིན་ནོ། །དེ་ལྟ་བུའི་རྟེན་འབྲེལ་ཟབ་མོ་དེ་གང་ཡིན་སྙམ་ན། དོན་སྙིང་པོར་དྲིལ་ཏེ་གསུངས་པ་ལེགས་སྦྱར་དུ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱཉྟ་ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿཞེས་པ་འདི་བོད་སྐད་དུ་བསྒྱུར་ན། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུང་། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །ཞེས་པ་འདིར་འདུ་སྟེ། དེ་ཡང་ཆོས་ཐམས་ཅད་རྒྱུ་མེད་ངོ་བོ་ཉིད་ཀྱིས་མ་བྱུང་བར། རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་ངོ་། །དེ་ལྟ་བུའི་རྒྱུ་དེ་ཡང་ཕྱི་རོལ་པའི་ལུགས་ལྟར། དུས་དང་དབང་ཕྱུག་ལ་སོགས་པས་བྱས་པ་མིན་པར་འདི་ཡོད་ན་འདི་འབྱུང་། མེད་ན་མི་འབྱུང་བའི་རྒྱུ་འདི་དང་འདི་ལྟ་བུ་ཞིག་ལས་བྱུང་ངོ་ཞེས་དེ་བཞིན་གཤེགས་པས་རྟེན་འབྲེལ་གྱི་མདོ་འདི་བཀའ་སྩལ་ཏེ། དེ་ལ་ཀུན་ནས་ཉོན་མོངས་པའི་རྒྱུ་དེ་གང་གིས་


MR12_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པའམ། དེ་འགོག་པའི་ཐབས་སུ་གྱུར་པའི་ལམ་མ་ནོར་བ་བསྟན་པས། འབྲས་བུ་འགོག་པ་མྱང་འདས་ཀྱི་གནས་ཐོབ་པ་གང་ཡིན་པ་གསུངས་པའི་ལམ་འདི་ནི། དགེ་སྦྱོང་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཁོ་ནས་འདི་སྐད་དུ་གསུངས་ཀྱི། གཞན་ལྷ་དང་བཅས་པའི་འཇིག་རྟེན་ན་འདི་ལྟ་བུའི་ལམ་སྨྲ་བ་མེད་དོ་ཞེས་སྟོན་ཏེ། དེ་ལྟ་བུའི་རྟེན་འབྲེལ་གྱི་དོན་བཤད་པ་ལ་དྲུག །རྟེན་འབྲེལ་བཅུ་གཉིས་ཀྱི་ངོ་བོ་ངོས་བཟུང་བ། དེ་ཉིད་གསུམ་དུ་འདུ་བའི་ཚུལ་བཤད་པ། ཇི་ལྟར་རྟེན་ནས་འབྱུང་བའི་དོན་བསྟན་པ། རྟེན་འབྱུང་གི་དོན་སྟོང་པ་ཉིད་དུ་བཤད་པ། དེ་ཉིད་དཔེས་བསྒྲུབ་པ། མཐའ་གཉིས་དང་བྲལ་བའི་རྟེན་འབྱུང་དེ་ཁོ་ན་ཉིད་མཐོང་བས་གྲོལ་བར་གདམས་པའོ། །དང་པོ་ནི། ཡན་ལག་བྱེ་བྲག་ནས་གསུང་གི་བར་གྱིས་བསྟན་ཏེ།དེ་ཡང་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་རྒྱུ་འབྲས་ལ་མང་ཉུང་གི་མཐའ་ཁེགས་པའི་ཡན་ལག་བྱེ་བྲག་སོ་སོ་བ་བཅུ་གཉིས་སུ་གང་འགྱུར་བ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕན་ཚུན་རྟེན་ནས་འབྱུང་བས་དེ་དག་རྟེན་ཅིང་འབྲེལ་བའི་དོན་དུ་གསུངས་ཏེ། འདི་ལྟར། འདི་ཡོད་པས་ན་འདི་འབྱུང་སྟེ། གང་ཞེ་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་སྟེ། དེ་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་དྲི་མ་མེད་པ་ཇི་ལྟ་བ་བཞིན་དུ་རེག་པའི་མི་མཐུན་ཕྱོགས་སུ་གྱུར་པ་དེ་ལ་མ་རིག་པ་ཞེས་བྱ་སྟེ། ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པ་ཉིད་དོ། །དེ་ལས་བདག་དང་གཞན་དུ་བཟུང་སྟེ་ཆགས་སྡང་ལ་སོགས་པའི་ལས་མངོན་པར་འདུ་བྱེད་པ་ལ་འདུ་བྱེད་ཅེས་གཏགས་སོ། །འདུ་བྱེད་པ་དེས་གང་དུ་སྐྱེ་བ་ལེན་པའི་བྱེད་པོ་རྣམ་པར་


MR12_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་འབྱུང་བར་བྱེད་དོ། །དེས་འབྲས་བུ་གང་དུ་སྐྱེ་བ་བླངས་ཏེ་རྣམ་པར་ཤེས་པ་འཁོར་བཅས་མིང་དང་ཕུང་པོ་གཞན་གཟུགས་སུ་བརྗོད་དེ། དེ་ལྟ་བུ་གྲུབ་པའི་གནས་སྐབས་གང་ཡིན་པ་དེ་ལ་མིང་གཟུགས་ཞེས་སོ། །མིང་གཟུགས་དེ་ལས་མིག་ལ་སོགས་པའི་དབང་པོ་ལྔ་དང་ཡིད་དེ་སྐྱེ་མཆེད་དྲུག་འགྲུབ་པའི་སྐབས་དེ་ལ་སྐྱེ་མཆེད་དྲུག་ཅེས་བྱའོ། །སྐྱེ་མཆེད་རང་ཡུལ་དྲུག་པོ་དང་མངོན་པར་སྦྱར་བའི་སྐབས་གང་ཡིན་པ་དེ་ལ་རེག་པ་ཞེས་བྱ་སྟེ། ཕྱི་ནང་གི་ཡུལ་ཡུལ་ཅན་ཕྲད་པའི་དོན་ཏོ། །ཕྲད་པ་ན་དེ་ལས་བྱུང་བའི་སེམས་བྱུང་ཚོར་བ་གང་ཡང་རུང་བ་ཞིག་འབྱུང་བ་དེ་ལ་ཚོར་བ་ཞེས་བྱའོ། །ཚོར་བ་དེ་བྱུང་བ་ན་ཅི་མི་སྙམ་དུ་མི་བཞག་པར་འདོར་ལེན་དང་དབང་དུ་བྱ་བའི་ཚུལ་གྱིས་དེ་ལ་ཞེན་པའི་གནས་སྐབས་དེ་ལ་སྲེད་པ་ཞེས་བྱའོ། །སྲེད་པ་ཙམ་དུ་མི་སྡོད་པར་དེ་དང་དུ་ལེན་པར་གྱུར་པའམ། དེ་ལ་ཡང་དག་པར་ཞུགས་པ་ལ་ལེན་པ་ཞེས་བྱའོ། །དེ་ལྟར་རང་རྒྱུད་ལ་བླངས་ཟིན་པའི་སྐབས་ན་འབྲས་བུ་ཞིག་འགྲུབ་པའི་རྒྱུར་སོང་བས་བསག་པའི་ལས་དེ་ལ་སྲིད་པ་ཞེས་བྱ་སྟེ། ཕྱི་མའི་སྲིད་པ་འགྲུབ་པའི་ལས་ཡིན་པས་སོ། །ལས་དེས་སྲིད་པ་མངོན་དུ་གྱུར་པ་ལ་སྐྱེ་བ་ཞེས་བྱ་སྟེ། ལས་ཀྱི་འབྲས་བུ་གྲུབ་པ་ཡིན་པས་སོ། །དེ་ལྟར་སྐྱེ་བ་གྲུབ་ན། འདུས་བྱས་ཀྱི་ཆོས་ཡིན་པས་གནས་འགྱུར་གྱི་རྒ་བ་དང་། མཐར་ཞིག་པའི་ཤི་བ་གཉིས་གྲུབ་སྟེ། དེ་གཉིས་དོན་དུ་སྐྱེ་བ་མི་རྟག་པར་སྟོན་པ་ལ་འདྲ་བས་ཡན་ལག་གཅིག་ཏུ་བཞག་གོ། དེ་ལྟར་ཉོན་མོངས་པས་ལས་བསགས། ལས་ཀྱིས་འཕངས་པའི་སྐྱེ་བ་ཡིན་ཕྱིན་ཆད་མི་རྟག་པ་དང་


MR12_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་བྱེད་པས་བཅིང་བ་དེས་མཚོན་ཏེ་སྡུག་བསྔལ་གྱིས་སྡུག་བསྔལ་དག་གི་རྟེན་དུ་ཡང་གྲུབ་པས་འཁོར་བ་འདི་ལུ་གུ་རྒྱུད་དུ་རྟེན་ནས་འབྱུང་བའི་ཚུལ་ལོ། །དེ་ལྟ་བུའི་རྟེན་འབྲེལ་བཅུ་གཉིས་པོ་དེ། སྔ་མའི་རྒྱུས་འཕང་བའི་འབྲས་བུ་ཡོད་ཕྱིན་ཆད་ཕྱི་མའི་རྒྱུར་འགྱུར་ལ། རྒྱུ་དེ་ཡོད་ཕྱིན་ཆད་འབྲས་བུ་མི་ལྡོག་པས་འབྲས་བུ་གྲུབ། གྲུབ་ནས་ཕྱི་མའི་རྒྱུར་གྱུར་བའི། རྒྱུ་འབྲས་བར་མ་ཆད་དུ་སྔ་མ་ལྟར་འཁོར་བའི་ཚུལ། རྟེན་འབྲེལ་བཅུ་གཉིས། རྒྱུ་འབྲས་ཚར་གཉིས་ཀྱིས་རྫོགས་པ་འདི་ནི། ད་ལྟའི་སྐྱེ་བ་བར་མ་ལ་མཚོན་ཏེ་བརྗོད་པས་གཞན་དུ་ཡང་ཁ་སྤོས་ཏེ། རྒྱུ་འབྲས་ཕར་ཡིན་ཚུར་ཡིན་གྱི་བར་མེད་འགལ་མེ་ལྟར་འཁོར་བའི་གནད་ཤེས་པར་བྱ་བ་ནི་ཤེས་རབ་ཐམས་ཅད་ཀྱི་མཆོག་གོ། དེ་ལ་རྒྱུ་འབྲས་རྟེན་འབྲེལ་རྣམས་གནས་སྐབས་ཀྱི་ཕུང་པོ་ལྔ་ལ་འདོད་ཚུལ་ཉན་ཐོས་ཀྱི་བཞེད་པ་ལྟར་དང་། སྐད་ཅིག་མའི་རྟེན་འབྲེལ་སོགས་མང་ཡང་། འདི་ཡོད་ན་འདི་འབྱུང་བའི་རྒྱུ་འབྲས་བར་མ་ཆད་ཅིང་། གྲངས་ངེས་པའི་རྒྱུན་གྱི་རྟེན་འབྲེལ་ཟབ་མོའི་གནད་རྟོགས་ན། ལུགས་དེ་དག་ཐམས་ཅད་དོན་གཅིག་ཅིང་། རྟེན་འབྲེལ་འདི་རྟོགས་དཀའ་བའི་གནད་ཤེས་ནས་ཤིན་ཏུ་གུས་པར་འགྱུར་རོ། །གཉིས་པ་དེ་ལྟ་བུའི་རྟོགས་དཀའ་ཞིང་རྟོགས་ན་དོན་ཆེ་བ། སྐྱེས་བུའི་ལུས་ལ་གཅེས་པའི་སྲོག་ལྟར། རྒྱལ་བའི་བསྟན་པ་ལམ་ཐམས་ཅད་ཀྱི་ནང་ནས་ཤིན་ཏུ་གཅེས་པའི་རྟེན་འབྲེལ་དེ་ཉན་པར་འདོད་ནས་དྲིས་པ། བཅུ་གཉིས་པོ་དོན་བསྡུས་ན་གང་དུ་འདུ་བར་འགྱུར་ཞེ་ན། དེ་དག་ནས་གསུམ་དུ་འདུས་ཞེས་པའི་བར་གྱིས་བསྟན་ཏེ། ཐུབ་པས་གསུངས་པའི་རྟེན་འབྲེལ་བཅུ་གཉིས་པོ་དེ་དག་


MR12_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་དང་ལས་དང་སྡུག་བསྔལ་དང་གསུམ་པོ་དེ་དག་ཏུ་ཟད་པར་ཏེ་མ་ལུས་པར་འདུས་ཞེས་སོ། །བཅུ་གཉིས་པོ་གསུམ་དུ་འདུ་བའི་ཚུལ་དེ་གང་ཡིན་སྙམ་ན། དེ་ལ་བཅུ་གཉིས་པོའི་ནང་ནས། དང་པོ་མ་རིག་པ། བརྒྱད་པ་སྲེད་པ། དགུ་པ་ལེན་པ་གསུམ་ནི་ཉོན་མོངས་པའི་ཆོས་ཡིན་ནོ། །གཉིས་པ་འདུ་བྱེད་དང་བཅུ་པ་སྲིད་པ་གཉིས་ནི་འཕེན་བྱེད་ཀྱི་ལས་ཡིན་ཏེ། དེ་ལྔའི་ལྷག་མ་འཕང་འབྲས། རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ།ཚོར་བ། སྐྱེ་བ། རྒ་ཤི་བདུན་པོ་ཡང་ནི་སྡུག་བསྔལ་ཡིན་ནོ། །ཡང་གི་སྒྲ་ནི་སྡུད་པ་སྟེ། མི་འདོད་པ་ཕྲད་པ། འདོད་པ་ཕོང་བ་རྣམས་དེར་སྡུད་པའོ། །ཡང་ན་ཡང་གི་སྒྲས་འདི་རང་བདུན་པོར་མ་ཟད་ལས་ཉོན་གྱི་གནས་སྐབས་དག་ཀྱང་སྡུག་བསྔལ་ལས་མ་འདས་ཞེས་སོ། །དེ་ལྟར་ན་བཅུ་གཉིས་པོ་དེ་དག་ཆོས་ནི་རྣམ་པ་གསུམ་དུ་འདུ་སྟེ། མི་འདུ་བ་རྡུལ་ཙམ་མེད་པར་འདུས་ཞེས་སོ། །གསུམ་པ་ནི། ལས་དང་ཉོན་མོངས་སྡུག་བསྔལ་དེ་གང་ལས་ཇི་ལྟར་འབྱུང་བའི་ཚུལ་ནི། གསུམ་པོ་དག་ལས་ནས། འཁོར་ཞེས་པའི་བར་ཤོ་ལོ་ཀ་གཅིག་གིས་སྟོན། ཉོན་མོངས་པ་གསུམ་པོ་དག་ལས་ལས་གཉིས་པོ་འབྱུང་སྟེ། མ་རིག་ལས་འདུ་བྱེད་དང་སྲིད་ལེན་ལས་སྲིད་པ་མངོན་པར་སྐྱེ་བས་སོ། །འདུ་བྱེད་དང་སྲིད་པ་གཉིས་ལས་སྡུག་བསྔལ་གྱི་གཞི་བདུན་འབྱུང་སྟེ། འདུ་བྱེད་བས་རྣམ་ཤེས་ནས། ཚོར་བའི་བར་དང་། སྲིད་པས་སྐྱེ་རྒ་གཉིས་འབྱུང་བས་སོ། །བདུན་པོ་དེ་ལས་ཀྱང་སླར་གསུམ་འབྱུང་སྟེ། གཞི་དེ་དག་ལ་བསྟེན་ནས་ཉོན་མོངས་


MR12_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་དངོས་དང་བརྒྱུད་པའི་སྒོ་ནས་འབྱུང་བ་ཡིན་ནོ། །གཞི་གཅིག་ལྟ་བུ་ལའང་སྔ་མའི་འབྲས་བུ་དང་། ཕྱི་མའི་རྒྱུར་གྱུར་པས། རྒྱུ་འབྲས་བར་མ་ཆད་དུ་སྲིད་པའི་འཁོར་ལོ་དེ་ཉིད་ནི། འགལ་མེ་འཁོར་བ་ལྟར་བར་མེད་པར་ཡང་དང་ཡང་དུ་འཁོར་ཞེས། སྲིད་པ་སྟེ་ཁམས་གསུམ་ནི་གང་དུ་འཁོར་བའི་གནས་སོ། །སོ་སོའི་སྐྱེ་བོ་ནི་གང་འཁོར་བའི་སེམས་ཅན་ནོ། །ཚུལ་ཇི་ལྟར་འཁོར་ཚུལ་ནི་འཁོར་ལོ་ལྟར་བར་མེད་དུ་འཁོར་རོ། །དེ་ཡང་འདྲ་བའི་ཕྱིར་ན་ཐམས་ཅད་དུ་མཚུངས་པ་མིན་ཏེ། འཁོར་ལོ་རིམ་གྱིས་འཁོར་བ་ལྟར། འཁོར་བ་ཡང་རིམ་གྱིས་འཁོར་བའི་ངེས་པ་མེད་པར། མཐོ་དམན་སྣ་ཚོགས་པའི་ཚུལ་དུ་འཕྱན་པ་ཡིན་པས་ན། འཁོར་བའི་འཁོར་ལོར་གྱུར་པ་སོ་སྐྱེ་དགར་བའི་དོན་གྱིས་ནི་སྒྲ་སྨོས་ཏེ་ངེས་མེད་དུ་འཁོར་བ་སྟོན་ཏོ། །བཞི་པ་ནི། དེ་ལྟར་སྲིད་པར་སྐྱེ་བའི་ལུས་སྣ་ཚོགས་པ་དེ་ཐམས་ཅད་ཀྱི་བདག་ཉིད་དམ། དབང་ཕྱུག་ཏུ་གྱུར་པའི་སེམས་ཅན་ཞེས་བགྱི་བ་གང་ལགས། དེའི་བྱ་བའམ་བགྱི་བ་ཇི་ལྟ་བུ་ཞེ་ན། འགྲོ་ཀུན་རྒྱུ་དང་ནས། མེད་པའི་ཆོས་ཀྱི་བར་རོ། །དེ་ལ་དེ་ལྟ་བུ་སྲིད་པ་སྣ་ཚོགས་པ་འཛིན་པའི་གནས་སྐབས་ན། བྱེད་པོའམ་འགྲོ་བ་རྣམས་སུ་འགྲོ་བ་པོ་སེམས་ཅན་ཀུན་ནི། སྔ་མ་རྒྱུ་དང་ཕྱི་མ་འབྲས་བུ་སྟེ་གནས་སྐབས་དེ་དང་དེ་ལ་རིལ་བོ་དང་གཅིག་དང་རྟག་སོགས་ཉིད་དུ་བློས་བཏགས་པ་ཙམ་པ་སྟེ། གང་བཏགས་པ་དེ་ནི་རྫས་སུ་ཡོད་པར་མི་རུང་བས་ན་འགྲོ་བ་ཐམས་ཅད་ཀུན་སྔ་མའི་རྒྱུ་ལ་བསྟེན་ཏེ་བྱུང་བའི་འབྲས་བུ་བཅོས་མ་གློ་བུར་གྱི་ཆོས་བཏགས་པ་ཙམ་གྱི་གནས་སྐབས་


MR12_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་སེམས་ཅན་ཞེས་བྱ་རང་ཚུགས་ཀྱིས་གྲུབ་པ་ནི་ཅི་ཡང་མེད་ཅེས་སོ། །མེད་ཚུལ་ནི། རྒྱུ་དུས་ན་ཕྱི་མའི་གང་ཟག་དེ་ནི་མ་སྐྱེས་པས་མེད་ཅིང་། སྔ་མའི་རྒྱུ་མེད་ན་ཕྱིས་ཀྱི་དེ་སྐྱེ་བར་ཡང་མི་རིགས་ལ། སྐྱེས་པའི་ཚེ་ན་སྔར་གྱི་རྒྱུ་ཟད་པར་འགགས་པས་སྔ་ཕྱིའི་གནས་སྐབས་སོ་སོ་བ་དེ་ནི་གཅིག་ཡིན་པར་མི་རིགས་བས་ན། སེམས་ཅན་རྣམས་ཀྱི་བཟུང་བ་ལྟར་གྱི་རྟག་གཅིག་རང་དབང་གི་བདག་དེ་ནི་མ་གྲུབ་བོ། །དེ་བས་དེ་ལྟར་རྣམ་པར་དཔྱད་ན། ལྟོས་པ་མེད་ན་མ་སྐྱེས་པ་ནམ་མཁའི་པདྨོ་ལྟར་འགྱུར་ངེས་པས། ཡོད་ན་ལྟོས་ཏེ་བྱུང་བའམ་རྒྱུ་ལས་བྱུང་བ་ཁོ་ནའོ། །དེ་ལྟར་རྒྱུ་ལས་བྱུང་ཕྱིན་ཆད་རང་གི་ངོ་བོ་ཉིད་ཀྱིས་མི་གྲུབ་སྟེ། སྔར་མེད་པ་རྐྱེན་གྱིས་བཅོས་པའི་ཕྱིར་གཟུགས་བརྙན་དང་མི་ཚུངས་པ་ཅུང་ཟད་ཀྱང་མེད་དོ། །མདོར་ན་རྐྱེན་ལས་བྱུང་བ་དེ་ཉིད་སྟོང་པའི་རྟགས་སུ་སོང་བའི་གོ་བ་ཆགས་པ་དང་དངོས་རྣམས་ངོ་བོས་གྲུབ་ན་བདག་གཞན་སོགས་བཞི་པོ་གང་རུང་ལས་སྐྱེ་རིགས་པ་ལས། དེ་ལྟར་རྣམ་པར་དཔྱད་ན་མཐའ་བཞི་ལས་མི་སྐྱེ་བ་དེའི་ཕྱིར་བརྟེན་ནས་འབྱུང་བ་ཁོ་ནར་ཤེས་ཤིང་། རྟེན་ནས་བྱུང་བའི་དོན་གྱིས་རང་བཞིན་མི་རྙེད་པས་སྟོང་པ་ཉིད་དུ་ཤེས་པར་བྱའོ། །འོ་ན་འདི་ནས་ཕ་རོལ་ཏུ་སུ་ཞིག་མཆི། འགྲོ་འོང་གི་ཆོས་འདི་དག་ཇི་ལྟར་སྙམ་ན། སྲིད་པ་འདི་དག་ནི་རྒྱུ་ལས་ཉོན་ལྔ་པོ་དག་ཀྱང་རང་བཞིན་བརྟགས་ན་མི་རྙེད་པའི་སྟོང་པ་ཉིད་ཡིན་པས་ན། མི་སྟོང་བ་ཅུང་ཟད་ཀྱང་མེད་པའི་སྟོང་པ་ཁོ་ནའི་ཆོས་རྒྱུ་རྣམས་ལས། རང་བཞིན་བརྟགས་ན་སྟོང་པའི་ཆོས་འབྲས་བུ་རྣམས་འབྱུང་བར་ཟད་སྟེ། རྒྱུ་འབྲས་


MR12_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཆར་ཡང་མི་སྟོང་པ་མེད་པས། འཇིག་རྟེན་ཕ་རོལ་ཏུ་རྡུལ་ཕྲ་མོ་ཙམ་ཡང་དོན་དམ་པར་ན་མི་འགྲོ་སྟེ། འགྲོ་བར་སྣང་བ་ཐམས་ཅད་རྒྱུ་འབྲས་ཀྱི་གནས་སྐབས་ལ་བསྟེན་དེ་བཏགས་པ་འབའ་ཞིག་གོ། དེས་ན་ཐམས་ཅད་དུ་བདག་དང་བདག་གི་མེད་པའི་ཆོས་ཁོ་ནར་ཁོང་དུ་ཆུད་པར་བྱའོ་ཞེས་སོ། །ལྔ་པ་ནི། རང་བཞིན་གྱི་བདག་མེད་པའི་ཆོས་ལས། རང་བཞིན་གྱི་བདག་མེད་པའི་ཆོས་འབྱུང་བའི་དཔེ་ཅི་མཆིས་སྙམ་ན། ཁ་ཐོན་མར་མེ་ནས་རྟོགས་བྱ། ཞེས་པའི་བར་གྱིས་བསྟན་ལ། དེ་ཡང་བདག་མེད་ཀྱང་འཇིག་རྟེན་ཕ་རོལ་གྲུབ་པའི་དཔེ་ནི། འདི་ལྟར་བླ་མའི་ཁ་ནས་བརྗོད་པ་དེ། སློབ་མ་ལ་འཕོ་བ་ནི་རྟེན་འབྲེལ་ཙམ་ཡིན་གྱི་རྟག་ཅིང་ཆད་པ་ནི་མ་ཡིན་ནོ། །ཇི་ལྟར་ན་གང་གཞན་ཞིག་གི་ཁ་ནས་བརྗོད་པའི་ཁ་ཏོན་ཡེ་དྷརྨཱ་ལྟ་བུ་ཞིག །གཞན་ཞིག་གིས་བློར་ཆུབ་པར་གྱུར་ན། ཁ་ཏོན་བདག་པོའི་ཡེ་དྷརྨཱ་ལྟ་བུ་རྟག་པ་ཞིག་ཅིག་ཤོས་ལ་དངོས་སུ་འཕོས་པ་མིན་ཏེ། འཕོས་ན་སྔ་མའི་གང་ཟག་དེས་དེ་ཕྱིན་ཆད་ཡེ་དྷར་འདོན་མི་ཤེས་པ་དང་། ཡེ་དྷར་གྱི་སྒྲ་སོགས་རྟག་པར་འགྱུར་བ་སོགས་རིགས་པ་དུ་མས་འཕོར་མི་རིགས་པར་ཤེས་སོ། །སློབ་བུའི་ཡེ་དྷར་ཤེས་རྒྱུ་དེ་ཡང་རྒྱུ་སྔ་མ་ལ་མ་བརྟེན་པར་རྒྱུ་མེད་དུ་མི་འབྱུང་སྟེ་མངོན་སུམ་དང་རྗེས་སུ་དཔག་པས་གནོད་པའི་ཕྱིར་རོ། །བླ་མའི་ཁ་ནས་བརྗོད་པ་དེ་དང་མཚུངས་པར་འཆི་སེམས་ཀྱང་རྟག་པའི་སྐྱོན་དུ་འགྱུར་བའི་ཕྱིར་ན་འཇིག་རྟེན་ཕ་རོལ་ཏུ་མི་འགྲོའོ། །འཇིག་རྟེན་ཕ་རོལ་ཡང་ཕུང་པོ་སྔ་མའི་རིགས་འདྲ་རྒྱུ་མེད་པ་ལས་མི་འབྱུང་སྟེ། རྒྱུ་མེད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །


MR12_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བརྗོད་པའི་རིམ་པས་རྒྱུ་དང་འབྲས་བུ་དེ་དག་ནི་ངོ་བོ་ཉིད་ཀྱིས་གཅིག་དང་། གཞན་དུ་བརྗོད་པར་མི་ནུས་པ་ལྟར། འཆི་བའི་སེམས་ལ་བརྟེན་ནས་སྐྱེ་བའི་སྲིད་པར་གཏོགས་པའི་སེམས་ཀྱང་དེ་བཞིན་ཏེ། དེ་དག་ཉིད་དང་དེ་ལས་གཞན་ཞེས་བརྗོད་པར་མི་ནུས་སོ། །གལ་ཏེ་རང་གིས་ངོ་བོས་གྲུབ་པའི་གཞན་ཡིན་ན་ནི་སྔ་མ་ལ་བསྟེན་ཅི་ལ་དགོས་ཏེ་མི་དགོས་པས་སོ། །དེ་བཞིན་དུ་མར་མེ་ལས་མར་མེ་མཆེད་པ་དང་། བཞིན་ལས་མེ་ལོང་ལ་སོགས་པའི་ནང་དུ་གཟུགས་བརྙན་འབྱུང་བ་དང་། རྒྱ་སྟེ་སྐུ་སྤར་དང་ཐེ་ལ་དམ་ཡིག་སྤར་ལ་སོགས་པ་ལས་རྒྱའི་འབུར་སོགས་འབྱུང་བ་དང་། མེ་ཤེལ་ལས་མེ་འབྱུང་བ་དང་། ས་བོན་ལས་མྱུ་གུ་འབྱུང་བ་དང་། ཤིང་ཏོག་སྐྱུར་པོ་ཟོས་པའམ་མཐོང་བ་ཡིད་ལ་བྱས་པ་ལས་འགྲམ་ཆུ་ལྡང་བ་དང་། སྒྲ་ལས་བྲག་ཆ་འབྱུང་བ་རྣམས་ཕན་ཚུན་བསྐྱེད་པ་དང་སྐྱེད་དོ་སྙམ་པ་ཡང་མེད་པར་རང་བཞིན་གྱིས་རྒྱུ་ཚོགས་ན་འབྲས་བུ་ཇི་སྲིད་དུ་འབྱུང་བ་དེ་རྣམས་ནི། བྱིས་པའི་ངོར་མི་ཞིག་ཁང་པ་ནས་ཁང་པ་གཞན་ཞིག་དུ་འགྲོ་བ་མཐོང་བ་ལྟར། རྒྱུ་དེ་མ་འགག་པ་ངོ་བོ་ཉིད་ཀྱི་འབྲས་བུའི་གོ་སར་འཕོ་བ་མེད་པས། དེ་གཉིས་གཅིག་གོ་ཞེས་མི་བརྟགས་ལ། འབྲེལ་མེད་དོན་གཞན་ཉིད་དུ་བྱས་ཏེ། རྒྱུ་འབྲས་སོ་སོར་ངོ་བོས་གྲུབ་པ་ཉིད་དུ་བཞག་པར་མི་རིགས་པས་ཐ་དད་དུ་ཡང་མ་གྲུབ་པའི་དཔེ་བརྒྱད་པོ་འདི་རྣམས་ཀྱིས། གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་ཤེས་ཀྱི་ཕུང་པོ་རྣམས་སྔ་མའི་གནས་སྐབས་ཀྱིས་ཕྱི་མ་བསྐྱེད་དེའི་འགགས་པ་དང་སྐྱེ་བའི་ཚུལ་གྱིས་ཉིང་མཚམས་སྦྱོར་བ་དེ་ཡང་།


MR12_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ནས་གཅིག་ཏུ་འཕོ་བ་མིན་པའམ། མི་འཕོ་བར་ཡང་མཁས་པ་རྣམས་ཀྱིས་རྟོགས་པར་བྱའོ་ཞེས་སོ། །དེ་ལྟར་དངོས་པོའི་གནས་ཚུལ་གྱི་དབང་དུ་ན། ཕྱི་དང་ནང་གིས་བསྡུས་པའི་འདུས་བྱས་ཀྱི་ཆོས་འདི་དག་ཐམས་ཅད་རྒྱུ་རྐྱེན་ཚོགས་ན་སྐྱེ་ཞིང་མ་ཚོགས་ན་མི་སྐྱེ་ལ། གང་སྐྱེས་པ་དེ་ཡང་སྐད་ཅིག་གཉིས་པར་མི་སྡོད་པའི་ཆོས་ཅན་དུ་རིགས་པས་ལེགས་པར་གྲུབ་ཀྱང་། འདི་ལ་འགྲོ་བ་རྣམས་ནི་ནང་གི་བློ་རྨོངས་པས་བསླད་པས་ཡང་དག་པའི་དོན་ལ་གོམས་པ་མི་གསལ་བ་དང་། ཕྱིའི་རྐྱེན་འདྲ་བ་གཞན་བར་མ་ཆད་དུ་བྱུང་བ་ལ་འཁྲུལ་རྒྱུ་བྱས་ཏེ། སྔར་གྱི་དངོས་པོ་དེ་ནི་ད་ལྟའི་འདིའོ། །ད་ལྟའི་འདི་ནི་ཕྱིས་སུ་འདིར་འགྲོའོ་ཞེས། སྔ་ཕྱི་གཅིག་ཏུ་སེམས་ཤིང་རྟོག་པས་རྟག་པ་དང་གཅིག་པུར་ཞེན་པར་བྱེད་དེ། ཆུ་བོ་འདི་སྔར་བདག་གི་ལན་གཅིག་བརྒལ་ལོ། །སང་གི་དུས་སུ་ཡང་འདི་བརྒལ་བར་བྱའོ་ཞེས་སྐད་ཅིག་གིས་རྒྱུན་སོ་སོར་འཇུག་པའི་ཆུ་ལ་རིལ་པོ་གཅིག་དུ་ཞེན་པ་བཞིན་ནོ། །རྣམ་པར་རྟོག་པ་འདི་འདྲ་བའི་དབང་གིས་སྲིད་པ་མི་བརྟན་གཡོ་བའི་ངང་ཚུལ་ཅན་ལ་རྟག་པར་ཞེན་པ་སོགས་ཀྱིས་བདག་རྒྱུད་སྲིད་པར་དམ་དུ་བཅིངས་པར་འགྱུར་ལ། གང་གནས་ཚུལ་ཤེས་ཤིང་གོམས་པ་རྣམས་ནི་འཆིང་བ་དེ་ལྷོད་པ་ནི་ཆོས་ཡིན་ཏེ། སྲིད་པ་སྡུག་བསྔལ་ནི་སུ་ཞིག་གིས་མི་སྦྱིན་ལ་མི་འཕྲོག་ཅིང་རང་གིས་རྣམ་པར་རྟོག་པས་བྱས་པ་ཙམ་དུ་ཟད་པས་སོ། །ཡང་དག་པའི་གནས་ལུགས་ལ་ནི། མི་རྟག་པ་ཉིད་དུ་གྲུབ་པ་མེད་མོད་དེ། འོན་ཀྱང་འདུས་བྱས་ཀྱི་སྣང་ཚུལ་


MR12_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་བསླུ་བ་མེད་པ་ཡིན་པས་སྣང་ངོའི་དབང་དུ་བྱས་ནས་དོན་བྱེད་ནུས་པ་ལ་སྐད་ཅིག་མས་ཁྱབ་པ་ཤེས་པར་བྱའོ། །དེ་ལྟར་འདི་ནས་ཕ་རོལ་ཏུ་འཕོ་བས་རྟག་པའི་བདག་ཉམས། རྒྱུ་ལས་མ་བྱུང་བ་མེད་པས་ད་ལྟའི་བདག་ངོ་བོ་ཉིད་ཀྱིས་གྲུབ་པ་ཉམས་ཏེ། སེམས་ཅན་ཞེས་བྱ་བ་རང་དབང་མེད་པར་ལས་ཉོན་གྱིས་སྲིད་པ་གཅིག་ནས་གཅིག་ཏུ་ཟོ་ཆུའི་རྒྱུད་མོ་ལྟར་འཕྱན་པ་དང་། མི་རྟག་ཅིང་ཕུང་པོ་ལས་དེར་བརྟགས་པར་ཙམ་དང་། ངོ་བོ་ཉིད་ཀྱིས་མ་གྲུབ་པའི་སྟོང་པར་ཤེས་སོ། །དེས་ན་དེ་ལ་དམིགས་པའི་སྙིང་རྗེ་གསུམ་ཡང་དེ་ལྟར་སྐྱེའོ། །དཔེ་བརྒྱད་པོ་དེ་དག་ཀྱང་སྔ་མའི་དོགས་པ་ཕྱི་མས་གཅོད་པའི་ཚུལ་མདོ་ལས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དང་དེ་ལྟ་བུའི་ཚུལ་དུ་ཕྱི་དང་ནང་གིས་བསྡུས་པའི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུར་ཁོང་དུ་ཆུད་པར་བྱའོ། །ཚུལ་འདིས་འཁོར་བ་ནི་ནོར་བའི་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསྐྱེད་པ་ཙམ་ཡིན་ནོ། །ཡང་གི་སྒྲས་ནི་རྨོངས་པའི་རྟོག་པ་ལས་བཟློག་སྟེ། དངོས་པོ་རྣམས་མི་རྟག་པ། སྡུག་བསྔལ་བ། སྟོང་པ་བདག་མེད་པར་རྟོགས་ན་དངོས་པོ་ལ་རྨོངས་པར་མི་འགྱུར་རོ། །རྨོངས་པ་མེད་ན་མི་ཆགས་སོ། །མ་ཆགས་ན་ཞེ་སྡང་བར་མི་འགྱུར་རོ། །ཞེ་སྡང་མེད་ན་ལས་མི་བྱེད་དོ། །ལས་མེད་ན་དངོས་པོ་མི་ལེན་ནོ། །ལེན་པ་མེད་ན་སྲིད་པ་མངོན་པར་འདུ་མི་བྱེད་དོ། །སྲིད་པ་མེད་ན་མི་སྐྱེའོ། །མ་སྐྱེས་ན་ལུས་དང་སེམས་ལ་སྡུག་བསྔལ་


MR12_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྱུང་ངོ་། །དེ་ལྟར་འདིར་རྒྱུ་ལྔ་པོ་དེ་དག་མ་བསགས་པས་གཞན་དུ་འབྲས་བུ་མི་འབྱུང་སྟེ། འདི་ན་ཐར་པ་ཞེས་བྱའོ། །དེ་ལྟར་ན་སྡུག་བསྔལ་གྱི་རང་བཞིན་འཁོར་བའི་རྒྱུ་ཀུན་འབྱུང་ལས་ཉོན་བརྒྱུད་པར་འཕྱན་པ་སྲིད་པའི་འཁོར་ལོ་གང་གིས་ལྡོག་པའི་ལམ་གཅིག་པུ་སྟོང་པ་ཉིད་ཀྱི་སྒོ་ནས་འགགས་ཤིང་ལུགས་ལས་ལྡོག་པའི་ལམ་གྱིས་འབྲས་བུ་ཐར་པ་སྟེ། ཀུན་ནས་ཉོན་མོངས་དང་རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་གཉིས་གཉིས་ཏེ། བདེན་པ་བཞིས་བསྟན་ཏོ། །དྲུག་པ་ནི་ཤིན་ཏུ་ཕྲ་བའི་དངོས་ནས་རྣམ་པར་གྲོལ་བའི་བར་གྱིས་བསྟན་ཏེ། དེ་ལྟར་ན་ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་ཅིང་འབྲེལ་བ་ལས་བྱུང་བའི་དངོས་པོ་འདི་དག་ཐམས་ཅད་ཤིན་ཏུ་ཕྲ་བ་སྟེ། བརྟག་པར་དཀའ་བ་ཡིན་པས་ན། ཤིན་ཏུ་ཕྲ་བའི་དངོས་ལ་ཞེས་སྨྲོས་པའོ། །ཡང་ན་དེ་ལྟར་དངོས་པོ་ཡོད་པར་འཛིན་པ་སྐྱོན་དུ་འགྱུར་བར་མ་ཟད་ཅེས་པའི་སྡུད་སྒྲའོ། །གང་ཟག་གང་གིས་ཆད་པར་རྣམ་པར་བརྟག་པའམ་བལྟ་བ་སྟེ། ཚེ་ཕྱི་མ་མེད་པའི་ལྟ་བ་དང་།རྟེན་ནས་འབྱུང་བའི་སྣང་ཚུལ་ཟབ་མོ་མི་ཤེས་པར། དོན་དམ་པར་ཅི་མེད་རི་བོང་གི་རྭ་ལྟར་མཐོང་བ་དེ་ནི་རྣམ་པར་མི་མཁས་པའི་སྐྱེས་བུ་དེ་ཡིས་ནི། དངོས་པོ་རྣམས་རྐྱེན་ལས་བྱུང་ཞིང་རྐྱེན་མ་ཟད་པར་འབྲས་བུ་མི་ལྡོག་པར་འགྱུར་བའི་དོན་མ་མཐོང་བ་དེས་ལན་ནོ། །ཡང་ན་ཤིན་ཏུ་ཕྲ་བའི་དངོས་པོ་རྡུལ་དང་སྐད་ཅིག་མ་ལྟ་བུ་ལའང་། དང་པོ་བདེན་གྲུབ་ཅིག་སྐྱེས་ནས་ཡོད། མཐར་འགོག་སྟེ་ཆད་པར་རྣམ་པར་བརྟགས་པ་དེས་ནི། དངོས་པོ་རྣམས་རྐྱེན་ལས་


MR12_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་ཕྱིར། དང་པོ་གང་ནས་མ་སྐྱེས་ཏེ། མཐར་འགགས་པ་མེད་པའི་འགྲོ་འོང་དང་བྲལ་བའི་དོན་མ་མཐོང་བ་ཡིན་ནོ། །རྐྱེན་ལ་བྱུང་བའི་དོན་མཐོང་ན་ཆད་པའང་མེད་དོ་ཞེས་སོ། །འདི་ལྟར་རྒྱུ་རྐྱེན་རྟེན་ཅིང་འབྲེལ་པའི་དོན་མཐོང་ན་དངོས་རྣམས་རང་གི་ངོ་བོ་ཉིད་ཀྱིས་མ་གྲུབ་པའི་སྟོང་པ་དང་། རྒྱུ་རྐྱེན་རྟེན་ཅིང་འབྲེལ་བའི་གནད་གཉིས་ཕན་ཚུན་མི་འགལ་བ་ཙམ་དུ་མ་ཟད་གཅིག་གྲོགས་གཅིག་འགྲོ་བས་ངེས་པ་བརྟན་པོ་རྙེད་ནས་སྣང་སྟོང་དབྱེར་མི་ཕྱེད་པའི་ཡེ་ཤེས་ལ་འཇུག་པར་འགྱུར་རོ། །དེ་ལྟར་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་ལམ་བསྟན་པས་ལྟ་བ་ངན་པ་རྣམས་བསལ་བ་ཡིན་ནོ། །དེས་ན་དངོས་པོ་རྣམས་ཀྱི་ཆོས་ཉིད་དམ། རང་བཞིན་འདི་ལ་བློ་གྲོས་དྲི་མ་མེད་པས་དཔྱད་ཚེ། དམིགས་བྱའི་ཆོས་མ་རྙེད་པས། ཀུན་ནས་ཉོན་མོངས་པའི་ཆོས་ངོ་བོས་གྲུབ་པ་བསལ་བྱ་གང་ཡང་མེད་ལ། རྣམ་བྱང་གི་ཆོས་སླར་བཞག་པར་བྱ་བའམ་བཅད་དུ་རུང་བའི་དམིགས་གཏད་ཅིག་ཅི་ཡང་མེད་དོ། །འོ་ན་སྲིད་པ་ཇི་ལྟར་གྲོལ་ཞེ་ན། སྔར་བཤད་པ་ལྟར་འཁྲུལ་བའམ་མ་ཤེས་པ་ཙམ་གྱིས་འཁོར་བ་འདི་གྲུབ་ན། དེ་ཡང་ཡང་དག་པ་སྟེ་གནས་ལུགས་དྲི་མ་མེད་པ་ཉིད་ཐོས་བསམ་དྲི་མ་མེད་པས་སྒྲོ་འདོག་བཅད་ནས་ཆོད་པའི་དོན་ཉིད་ལ། དེ་དང་རྗེས་སུ་མཐུན་པར་ཡང་དག་པར་རིག་པ་དྲི་མེད་ཀྱིས་བལྟ་བར་བྱ་སྟེ། ཡང་དག་པའི་དོན་མཐོང་ན་རྣམ་པར་གྲོལ་བ་ཡིན་ཏེ། མགོན་པོ་བྱམས་པས། དེ་ཕྱིར་ཐར་བ་ནོར་ཙམ་ཟད་པ་ཡིན། །ཞེས་གསུངས་སོ། །གསུམ་པ་ནི།


MR12_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་ཚིག་ལེའུར་བྱས་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།ཞེས་པ་ནི་གོ་སླའོ། །དེ་ལྟར་ན་དེ་རྣམས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོའི་འགྲེལ་བ་སློབ་དཔོན་ཀླུ་སྒྲུབ་རང་ཉིད་ཀྱི་རྣམ་བཤད་ལ་གཞིར་བྱས་ཏེ་སམ་ཊ་ལ་མ་བརྟེན་པར་གང་ཤར་ཡི་གེའི་ལམ་དུ་རང་ཉིད་ཀྱི་སུག་རིས་བགྱིས་པའོ། །གང་གིས་རྒྱལ་བར་འགྱུར་བའི་ལམ་བཟང་དེ། །ཉིད་ཀྱིས་གཞན་ལ་འདོམས་པ་རྟེན་འབྲེལ་ཆོས། །གང་ལ་དད་ནས་རྣམ་དཔྱོད་དག་གིས་བཀྲལ། །དེ་ཡི་དགེ་བས་བྱང་ཆུབ་སྙིང་པོའི་བར། །ཤེས་བྱ་ཀུན་ལ་ཐོགས་པ་མེད་བློ་དང་། །རྒྱལ་དང་རྒྱལ་བའི་ཆོས་ལ་དད་པའི་ཤུགས། །ཟབ་མོ་བླ་ན་མེད་པའི་རྟེན་འབྱུང་དོན། །མངོན་སུམ་རྟོགས་པའི་སྐལ་བཟང་ཐོབ་གྱུར་ཅིག །ཕན་མཛད་སྐྱོབ་པ་རྣམས་ཀྱི་དྲིན་ལན་དུ། །མཐའ་ཡས་ཞིང་བཟང་ཀུན་ཏུ་རྟག་པར་ཡང་། །ཟབ་མོའི་རྟེན་འབྱུང་སྟོན་པའི་གཏམ་གྱིས་ནི། །འགྲོ་བ་མ་ལུས་རྣམ་པར་དགྲོལ་གྱུར་ཅིག །འདི་ལྟར་འབད་པས་རབ་དགེའི་རླུང་ཤུགས་ཀྱིས། །འཇམ་མགོན་ཟླ་བ་དྲང་བའི་འོད་དཀར་རྒྱུན། །སྙིང་དབུས་ཆུ་གཏེར་ཆེ་ལ་སིམ་པའི་མོད། །འགྲོ་ཀུན་སྐྱོབ་པའི་དཔལ་དུ་བདག་གྱུར་ཅིག །ཅེས་བློ་གྲོས་རྣམ་པར་འཕེལ་བའི་ས་བོན་དུ་དམིགས་ཤིང་གཞན་ཕན་བློ་ཡིས་བསྐུལ་ཏེ་སྙན་པར་རེ་བའི་ཚིག་གི་སྤྲོས་པ་སྐྱུངས་ནས་རང་ལོ་ཉེར་


MR12_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་རབ་ཚེས་ལྕགས་ལུག་རྒྱལ་ཟླའི་ཚེས་གསུམ་ལ་བན་དྷེ་བློ་གྲོས་དྲི་མེད་དམ་མིང་གཞན་ལྔ་རིག་སྨྲ་བ་འཇམ་དཔལ་དགྱེས་པའི་རང་མདངས་མཚོ་བྱུང་བཞད་པའི་གེ་སར་དུ་འབོད་པའི་ཕྱི་ཐུན་གཅིག་ལ་བྲིས་པ་འདིས་རང་གཞན་གྱི་ཆོས་ལ་སྤྱོད་པའི་གེགས་མཐའ་དག་ལྷག་མེད་དུ་ཞི་ནས་འཇམ་དཔལ་དགྱེས་པའི་འོད་ཟེར་སྙིང་ལ་རྟག་ཏུ་སིམ་ཞིང་རེ་བ་མཐར་ཕྱིན་པར་གྱུར་ཅིག་གུ། དགེའོ།།


previousརྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ།next