Nitartha Digital Library
Tibetan
གླེགས་བམ་བཅུ་གཉིས་པ།


   
   
   
   
   
   
   
   
   
ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་མཆན་འགྲེལ་མུ་ཏིག་གི་ཕྲེང་བ།
   
   
   
   
   
   
   
   
   
   
   
   


 
previousཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་མཆན་འགྲེལ་མུ་ཏིག་གི་ཕྲེང་བ།next

ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་མཆན་འགྲེལ་མུ་ཏིག་གི་ཕྲེང་བ།


MR12_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་མཆན་འགྲེལ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །


MR12_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། གང་ཞིག་སྤྲོས་མཚན་ཀུན་བྲལ་བའི། །ཟབ་མོ་དབུ་མའི་དེ་ཁོ་ན། །སྟོན་མཛད་འཕགས་པ་ཡབ་སྲས་དང་། །དབྱེར་མེད་བླ་མ་མཆོག་གིས་སྐྱོངས། །འདིར་ཟབ་མོ་ལྟ་བའི་ཤིང་རྟའི་རིང་ལུགས་གསལ་མཛད་སློབ་དཔོན་འཕགས་པ་ལྷས་མཛད་པའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་གཞུང་འདི་ཉིད་འཆད་པ་ལ་གསུམ། ཀླད་དོན། གཞུང་དོན། མཇུག་གི་དོན་བཤད་པའོ། །དང་པོ་ལ་གཉིས། མཚན་སྨོས་པ་དང་། འགྱུར་ཕྱག་བསྟན་པའོ། །དང་པོ་ནི། རྒྱ་གར་སྐད་དུ། ཛྙཱ་ན་སཱ་ར་ས་མུཙྪ་ཡ་ནཱ་མ། བོད་སྐད་དུ། རྣམ་པར་གྲོལ་བའི་ལམ་གྱི་ཡེ་ཤེས་མཐའ་དག་གི་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ། གཉིས་པ་ནི། སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ་ཞེས་ལོ་ཙཱ་བས་བཀོད་པའོ། །གཉིས་པ་གཞུང་དོན་ལ་གསུམ། བསྟན་བཅོས་རྩོམ་པ་ལ་


MR12_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པའི་ཡན་ལག རྩོམ་བྱ་བསྟན་བཅོས་ཀྱི་ལུས་དངོས་བཤད་པ། རྩོམ་པ་མཐར་ཕྱིན་པའི་དགེ་བ་བསྔོ་བའོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བའོ། །དང་པོ་ནི། ཚོགས་གཉིས་ཀྱི་དཔལ་དང་ལྡན་ཞིང་དམ་པའི་གནས་སུ་ཁྲིད་པའི་མགོན་དང་སྐྱབས་སུ་གྱུར་པ་བླ་མ་ལ་བཏུད་ནས། ཅེས་བླ་མ་ནི་འཕགས་པ་ཀླུ་སྒྲུབ་སྟེ་དེ་ནི་སྤྲིན་ཆེན་པོའི་མདོ་སོགས་ནས་སྔོན་བསྐལ་པ་གྲངས་མེད་པའི་སྔ་རོལ་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་པའི་ཚེ་སངས་རྒྱས་སྒྲ་གཅན་ཞེས་པར་ཐུགས་བསྐྱེད་མར་མེ་མཛད་ཀྱི་དུས་སུ་འཁོར་ལོས་བསྒྱུར་བའི་སྲས་སུ་གྱུར་པ་ན་སངས་རྒྱས་དེས་མ་འོངས་པ་ན་ད་ལྟའི་བསྐལ་པ་བཟང་པོ་སངས་རྒྱས་སྟོང་བྱོན་རྗེས་བསྐལ་པ་དྲུག་ཅུ་རྩ་གཉིས་འདས་ནས་རང་སངས་རྒྱས་འབུམ་དང་། མགོན་པོ་བརྒྱད་མྱ་ངན་ལས་འདས་པའི་འོག་ཏུ་ཞིང་དེར་དེ་བཞིན་གཤེགས་པ་ཡེ་ཤེས་


MR12_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཅེས་བྱ་བར་ལུང་བསྟན། ཤཱཀྱའི་རྒྱལ་པོའི་སྤྱན་སྔར་ལི་ཙྪ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་གྱུར་པ་དེ་ལ། རྒྱལ་བས་ང་འདས་ནས་ལོ་བརྒྱད་ཅུ་ན་ངའི་མིང་འཛིན་པའི་དགེ་སློང་དུ་གྱུར་ནས་ལོ་བརྒྱར་བསྟན་པ་རྒྱས་པར་བྱེད། ས་རབ་ཏུ་དགའ་བ་བསྒྲུབས་ནས་ཕྱིས་ས་བརྒྱད་པ་ཐོབ་པའི་འོག་ཏུ་བདེ་བ་ཅན་གྱི་ཞིང་དུ་སྐྱེ་ཞིང་། སྤྲུལ་པའི་ལུས་ཀྱིས་བྱམས་པ་ལས། ཆོས་ཉན་པར་ལུང་བསྟན། གཞན་ཡང་ལང་ཀར་གཤེགས་པ་ལས། །ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་ལུང་བསྟན། དེ་ཉིད་ལ་གཞུང་རྩོམ་པ་པོས་ཕྱག་མཛད་པ་སྟེ། ནས་ནི་ལྷག་མ་འདྲེན་པའི་ཚིག་གོ། གཉིས་པ་ནི། གྲུབ་མཐའ་རབ་འབྱམས་མི་ཤེས་པའི་བྱིས་པ་རྣམས་ཀྱི་སྡུག་བསྔལ་གསུམ་དང་བརྒྱད་སོགས་ཞི་བྱའི་ཕྱིར། རྣམ་གྲོལ་ལམ་གྱི་ཡེ་ཤེས་མཐའ་དག་གི་སྙིང་པོ་ཀུན་ལས་དོན་དམ་པའི་ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ལྟ་བ་ངན་པ་རྣམས་དང་། རྣམ་པར་རྟོག་པའི་དགྲ་ཡི་དཔུང་བཅོམས་པས་ཉོན་མོངས་དང་སྡུག་བསྔལ་གྱི་ཚོགས་རབ་ཏུ་ཞི་བའི་ཕྱིར་བཏུས་པ་ཞེས་བྱ་བའི་གཞུང་འདི་ནི། ཁོ་བོ་འཕགས་པ་ལྷ་ཡིས་སྦྱར་བའོ་ཏེ་སྦྱར་བར་བྱའོ་ཞེས་རྩོམ་པར་དམ་བཅས་པ་སྟེ། དེ་ཡང་འཕགས་པ་ནི་ས་བརྒྱད་པ་ཐོབ་པ་དང་སྐུ་ལུས་ལྷ་ལྟར་


MR12_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་པས་མཚན་དེ་ལྟར་གྲགས་ལ། གང་ཚེ་མཆོག་སྲེད་སོགས་བཏུལ་ནས་དཔལ་གྱི་རི་ལ། བླ་མའི་སྤྱན་སྔར་གཤེགས་པའི་ལམ་དུ་སྐྱེས་བུ་ཞིག་འདིའི་སྤྱན་ལ་ཆགས་པས་བསྟོད་པ་ན་དེའི་སྲིད་པ་ཞི་བའི་ཕྱིར་སོར་མོའི་གཅེས་སྤྱན་གཡས་པ་ཕྱུང་ནས་དེ་ལ་གནང་བ་ལ་སློབ་དཔོན་མ་དགྱེས་ནས། ཁྱེད་ནི་ཞར་བ་གླེན་པའོ་ཞེས་སྤྱོས་པར་གྲགས་ས་འདི་ཉིད་མཐོ་ཡང་འོག་མའི་སློབ་མར་གནས་པ་ནི་མ་འོངས་པའི་བྱང་སེམས་རྣམས་བླ་མ་ལ་གུས་པ་བསྟན་པའི་ཕྱིར་དང་།གང་གི་དང་པོར་ཡོངས་སུ་སྨིན་པར་བྱས་པའི་དགེ་བའི་བཤེས་གཉེན་ནི་སངས་རྒྱས་ཀྱི་ས་པས་ཀྱང་། སོ་སོའི་སྐྱེ་བོའི་ས་བདག་ཀྱང་ཉིན་ལན་གསུམ་མཚན་གསུམ་ལན་གསུམ་དུ་ཕྱག་འཚལ་ཞིང་བསྐོར་བ་བྱ་བའི་ཕྱིར་རོ། །མཐར་ཀླུ་སྒྲུབ་ཀྱིས་རྒྱལ་པོ་མཐར་འགྲོ་ཞོན་གྱི་བུའི་ཕྱིར་སྐུ་ཚེ་བཏང་བ་ན། འཕགས་པ་ལྷས་ཀྱང་སྐུ་ཚེ་བཏང་སྟེ་གཉིས་ཀ་བདེ་བ་ཅན་དུ་གཤེགས་སོ། །གཉིས་པ་བསྟན་བཅོས་ཀྱི་ལུས་སམ་གཞུང་དངོས་བཀོད་པ་ལ་གསུམ། ཡེ་ཤེས་སྙིང་པོ་མཆོག་དེ་ཇི་ལྟར་བསྒོམ་པའི་ཚུལ་སྤྱིར་བསྟན་པ། བྱེ་བྲག་ཕྱི་ནང་གི་གྲུབ་པའི་མཐའ་འམ་ཡེ་ཤེས་ཉིད་རྒྱས་པར་བཤད་པ། དེ་ལ་ནན་ཏན་གྱིས་བསླབ་པར་གདམས་པའོ། །དང་པོ་ལ། བསྒོམ་ཚུལ་དངོས་དང་། དེའི་མི་མཐུན་ཕྱོགས་བཤད་པ།རྟོགས་བྱའི་ཡེ་ཤེས་ངོས་བཟུང་བ་གསུམ་ལས། དང་པོ་ལ་བཞི་སྟེ། ཡེ་ཤེས་དེ་ཇི་ལྟར་བསྒོམ་པ་ཡོན་ཏན་དང་བཅས་པ། དེ་ཉིད་རྟོགས་དཀའ་བའི་རྒྱུ་མཚན་འཐད་པ་བསྟན་པ། དེ་བླ་མའི་ལུང་གིས་འཁྲུལ་པ་སེལ་ཚུལ། རྟོགས་པའི་


MR12_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་དེའི་ཆེ་བ་བསྟན་པའོ། །དང་པོ་ནི། རྟག་པ་དང་བདེན་གྲུབ་སོགས་དངོས་པོ་དང་རྒྱང་འཕེན་པ་ལྟར་ཆད་པའི་དངོས་པོ་མེད་པ་ལས་གྲོལ་ཞིང་། དེས་ན་ཀུན་རྫོབ་བམ་ཐ་སྙད་དུ་སྒྱུ་མ་ལྟ་བུའི་དངོས་པོ་དང་དོན་དམ་པར་བདེན་པའི་དངོས་པོ་མེད་པ་སྟེ་བདེན་པ་གཉིས་ཀྱི་ཚུལ་དང་རབ་ཏུ་ལྡན་པ་སྟེ། རང་བཞིན་འོད་གསལ་བའི་སེམས་ཉིད་འགྱུར་བ་མེད་པ་དེ་ནི་རྒྱུ་དང་ལམ་དང་འབྲས་བུའི་དུས་ན་གྲོལ་བའི་མཆོག་ཏུ་གྱུར་པ་དེ་ནི། ཡིད་ཀྱི་རང་བཞིན་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་རང་གིས་རང་གི་སེམས་ལས་ཡོངས་སུ་བཙལ་བར་བྱའོ་ཞེས་གསུངས་པ་ལྟར་རྣམ་པར་གྲོལ་བའི་གནས། གང་ཡིན་པ་དེ་ལ་རྩེ་གཅིག་ཏུ་གནས་པའི་བསམ་གཏན་གྱིས། རྣམ་པར་རྟོག་པའམ་རྟོག་བཅས་ཀྱི་སེམས་གང་ཞིག་འཇུག་ལྡོག་འཁོར་ལོ་ལྟར་བར་མེད་པ་དེ་འཛིན་པར་བྱེད་པ་ནི། ནང་བཅུད་ཀྱི་འགྲོ་བ་དང་ཕྱི་རོལ་སྣོད་ཀྱི་དངོས་པོའི་ངོ་བོ་རྣམས་ཀྱི་དེ་ཁོ་ན་ཉིད། རྟོགས་པའམ་རིག་པའི་མིང་དུ་དེ་བརྗོད་དོ། །དེ་ཡང་ཀུན་རྫོབ་ཏུ་ནི། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་སྟེ་དུས་གསུམ་ཡང་སེམས་ཙམ་མོ་ཞེས་གསུངས་པས། རང་གི་སེམས་ཤེས་པས་མ་ལུས་པ་ཤེས་པ་ཡིན་ལ། དོན་དམ་པར་ནི། དངོས་གཅིག་དངོས་པོ་ཀུན་ཀྱི་ངོ་བོ་ཉིད། །དངོས་ཀུན་དངོས་པོ་གཅིག་གི་ངོ་བོ་ཉིད། །གང་གིས་དངོས་གཅིག་དེ་བཞིན་ཉིད་དུ་མཐོང་། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་གསུངས་པས་ན་འདི་འཐད་པར་འགྱུར་རོ། །གཉིས་པ་ནི། ཡོད་པ་དང་མེད་པ་གཉིས་ཀའི་དངོས་པོ་མེད་པའི་སྟོང་པ་ཉིད་ནམ་མཁའ་དང་འདྲ་


MR12_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བ་རང་བཞིན་གྱི་འོད་གསལ་བས། ཀུན་རྫོབ་ཏུ་ཡོད་པ་དང་དོན་དམ་པར་མེད་པར་འཛིན་པ་སོགས་ཀྱི་དམིགས་པ་ཅན་གྱི་མཚན་མའི་སྤྱོད་ཡུལ་མཐའ་དག་རྣམ་པར་སྤོངས་པ་ནི། ཟབ་མོའི་གནས་ལུགས་སམ་དེ་ཁོ་ན་ཉིད་ཀྱི་མཆོག་ཡིན་པར་འདོད་དེ་ཕྱི་རོལ་པ་དང་ཆོས་འདི་བ་པ་འཁོར་བ་ལས་ཐར་བར་འདོད་པ་རྣམས་ནི། དེའི་དོན་ལ་ཕྱིན་ཅི་ལོག་ཏུ་འཁྲུལ་བ་དང་དེ་ལ་མངོན་ཞེན་གྱི་རྨོངས་པ་ཆེན་པོ་སྐྱེ་བའི་གནས་ཡིན་པས་ཤིན་ཏུ་རྟོགས་དཀའ་བ་ཡིན་ནོ། །དེའི་འཐད་པ་ནི། རེ་ཞིག་ཅེས་དང་པོར་དངོས་པོ་གང་ཞིག་བྱིས་པས་བརྟགས་པ་ལྟར་ཡོད་པར་གྱུར་ན་ནི། སྐད་ཅིག་རེ་རེ་བཞིན་དུ་རྣམ་པར་སྐྱེ་ཞིང་འཇིག་པའི་མཐར་རྒྱུན་ཆད་པའི། གནས་ལ་གནས་པར་འགྱུར་ཞིང་། གལ་ཏེ་དངོས་པོ་རྣམས་ནི་རྒྱུ་དང་འབྲས་བུའི་ངོ་བོར་མེད་ན་ཡང་། རྒྱུ་རྐྱེན་མེད་པར་སྟོང་པ་ཉིད་ལས་སྐྱེ་བར་འགྱུར་ཞིང་དེ་ལྟ་ན་རྟག་ཏུ་ཡོད་པའམ་མེད་པར་འགྱུར་ཏེ་རྒྱུ་ལ་རག་ལས་པ་མེད་པའི་ཕྱིར་རོ། །གསུམ་པ་ནི། རྒྱུ་མཚན་དེའི་ཕྱིར་ཡོད་མེད་ཀྱི་ཕྱོགས་ནི་གཉིས་པོ་གང་དུ་ཡང་གཟུང་བར་མི་བྱ་སྟེ། ཡོད་པའི་ཕྱོགས་སྙེམས་ཤིང་མེད་པའི་ཕྱོགས་ཀྱང་ཡོངས་སུ་སྙེམས་པ་ནི། བློ་ལྡན་མཁས་པའི་ལམ་གྱིས་བགྲོད་པར་བྱ་བའི་གོ་འཕང་གི་ཆོས་མཆོག་ཏུ་ཟབ་ཅིང་ཆེས་ཕྲ་བ་ཡིན་ཏེ། དེ་ནི་བདག་རྐྱེན་དགེ་བའི་བཤེས་གཉེན་ནམ་བླ་མའི་ཞལ་ལ་གནས་པའོ་སྟེ་དེའི་ཞལ་ལུང་གིས་ཤེས་དགོས་པར་བསྟན་པའོ། །བཞི་པ་ནི། གང་ཡོད་པ་དེ་ཀུན་འདི་རྣམས་ནི་སྐྱེ་ཞིང་འཇིག་ལ། གང་མེད་པ་དེ་ཡང་འབྲས་


MR12_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མེད་པས་དེ་གཉིས་ཀ་མི་འཐད་དོ། །དེས་ན་དེ་གཉིས་ཀྱི་དབུས་ན་ཐ་སྙད་དུ་གནས་པ་དང་དོན་དམ་པར་དབུས་ཙམ་དུའང་གྲུབ་པ་མེད་པས་ཆོས་གང་ལ་ཡང་མི་གནས་པའི་དོན། རབ་ཏུ་ཕྲ་བ་དེ་མཁས་པ་གང་གིས་རྟོགས་པ་ནི། དེ་ཁོ་ན་ཉིད་རིན་ཆེན་གྱི་མཆོག་ཡིན་ཏེ། ཡོད་ཅེས་མེད་ཅེས་གཉིས་ཀ་མཐའ། །དག་དང་མ་དག་འདི་ཡང་མཐའ། །དེ་བས་མཐའ་གཉིས་རབ་སྤངས་ཏེ། །མཁས་པས་དབུས་ལའང་གནས་མི་བྱེད། །ཅེས་བསྟན་པ་བཞིན་ནོ། །གཉིས་པ་དེའི་མི་མཐུན་ཕྱོགས་བསྟན་པ་ལ་གཉིས། ཆད་པར་ལྟ་བའི་ཉེས་པ་དང་། དངོས་པོར་འཁྲུལ་བའི་ཉེས་པ་བསྟན་པའོ། །དང་པོ་ནི། དངོས་པོ་མེད་པ་ཉི་ཚེ་བ་གསུམ་ལ། བླུན་པོའམ་རྨོངས་པ་རྣམས་ནི་ཉེ་བར་གནས་ཏེ། དངོས་མེད་ཉི་ཚེ་ལ་གནས་པ་གསུམ་ནི། འཇིག་རྟེན་སྔ་ཕྱི་མེད་པར་འདོད་པ་རྒྱང་འཕེན་པ་དང་། སངས་རྒྱས་པས་རྣམ་པར་མི་རྟོགས་པའི་ཡེ་ཤེས་མེད་པར་འདོད་པ་འབྲས་བུ་ལ་སྐུར་བ་འདེབས་པ་དང་། སྟོང་ཉིད་ཡིན་པས་སྡིག་པ་སྤྱོད་ཀྱང་མི་གནོད་ཅེས་ཆོས་ལ་སྒྲ་ཇི་བཞིན་དུ་འཛིན་པའི་ལྟ་བ་ཅན་ནོ། །དེ་ལ་དང་པོ་མི་འཐད་དེ་སྒྲུབ་བྱེད་མེད་ཅིང་གནོད་བྱེད་ཡོད་པ་དང་རྟག་ཏུ་ཡོད་མེད་དུ་ཐལ་བས་གནོད་དོ། །གཉིས་པ་ཡེ་ཤེས་མེད་པ་མི་འཐད་དེ། །ཉོན་མོངས་ཟད་པའི་དགེ་སློང་གི། འཁོར་བ་གལ་ཏེ་རྣམ་ལྡོག་ན། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །ཅི་ཕྱིར་དེ་མི་རྩོམ་མི་བཤད། །རྩོམ་པ་ཡོད་ན་ངེས་པར་ཡང་། །ལྟ་བར་འགྱུར་བ་ཡོངས་སུ་འཛིན། །ཅེས་བརྗོད་པའི་ཉེས་པ་གནས་ལ། གལ་ཏེ་བདག་གཅིག་མེད་པར་གྱུར་ན་ནི། །དེ་ཡི་སྤྱོད་ཡུལ་ཞི་བ་སྟོང་


MR12_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད། །རང་བྱུང་རྡུལ་རྣམས་ཤིན་ཏུ་བསལ་བ་ནི། །བདེ་གཤེགས་རྣམས་ཀྱི་སྐུ་ཡང་ཇི་ལྟར་འབྱུང་། །ཞེས་གསུངས་པ་ཡང་ཇི་ལྟར་དང་། འདིར་བདག་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱ་བར་ངེས་སོ། །གསུམ་པར་ཡང་མེ་སོགས་དོན་དམ་པར་མེད་ཀྱང་ཐ་སྙད་དུ་ཚ་བ་སོགས་ཡོད་པ་ལྟར་རྒྱུ་འབྲས་བསླུ་མེད་དུ་ཚད་མས་གྲུབ་པའོ། །དེས་ན། རི་རབ་ཙམ་དུ་གྱུར་པ་ཡི། །བདག་ཏུ་ལྟ་བས་མི་གནོད་ཀྱི། །སྟོད་ཉིད་ལྟ་བས་གནོད་པ་ནི། །ང་རྒྱལ་མི་བདེན་བརྟགས་པས་སོ། །ཞེས་དང་། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་འགྱུར་ཏེ། །ཇི་ལྟར་སྤྲུལ་བཟུང་ཉེས་པ་དང་། །རིག་སྔགས་ལོག་པར་བསྒྲུབ་པ་བཞིན། །ཞེས་གསུངས་སོ། །གཞན་ཡང་ཐེག་པ་ཆེན་པོ་ལས། བྱང་ཆུབ་སེམས་དཔའ་ཆོས་ལ་སྒྲ་ཇི་བཞིན་པར་འཛིན་པ་ལ་ཆད་པར་ལྟ་བ་ཉི་ཤུ་རྩ་བརྒྱད་འབྱུང་བར་གསུངས་པ་དེ་དག་ནི་ས་བོན་རུལ་བ་དང་འདྲ་བས། ཁོང་མྱགས་ཏེ་རུལ་པ་དམན་པའི་གནས་ལ་ནི། བླུན་པོ་གསུམ་པོ་དེ་དག་ཚུལ་འདི་ནར་གནས་པ་ཡིན་ཏེ།གང་ཟག་ལོག་པར་བལྟ་བས་ལེགས་སྤྱད་ཀྱང་། །ཐམས་ཅད་རྣམ་པར་སྨིན་པ་མི་ཟད་ལྡན། །ཞེས་པས་ལྟ་བ་ལོག་པ་དེ་ཉིད་དམན་པའི་གནས་ཡིན་པའི་ཕྱིར་རོ། །གཉིས་པ་ནི། འོ་ན་དངོས་པོ་ཡོད་པར་བཟུང་ངམ་སྙམ་ན་མ་ཡིན་ཏེ། དེ་ཁོ་ན་ཉིད་དམ་ནམ་མཁའ་དང་འདྲ་བར་སྔར་བསྟན་པ་བཞིན་ལ། གྲུབ་མཐའ་སྨྲ་བ་སེམས་ཙམ་པའི་བར་གྱི་རྣལ་འབྱོར་པ་གང་དག་སེམས་ནི་རབ་ཏུ་རྨོངས་པ་སྟེ། དེ་དག་ཆོས་ཉིད་དུ་མ་ཟད་ཆོས་ཅན་གྱི་ནམ་མཁའ་ལ་ཡང་། མཆོག་ཏུ་རྨོངས་པ་དག་


MR12_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འགྱུར་ཏེ། ཇི་ལྟར་ན་ནམ་མཁའ་ལ་བརྟག་ན་ཤེས་པས་བཟུང་བྱ་ཅི་ཡང་མེད་ཀྱང་ཐ་སྙད་དུ་གོ་འབྱེད་པ་སོགས་ཀྱི་ཐ་སྙད་བྱར་རུང་བ་ཡིན་ཀྱང་། གཞན་ཅི་ཡང་མེད་པའམ་ཡང་ན་ནམ་མཁའ་དངོས་པོ་ཡོད་པར་འཛིན་པ་བཞིན་ནོ། །དེའི་དབང་གིས་སྦྱིན་སོགས་ཀྱི་འབྲས་བུ་འཁོར་བའི་བདེ་བའི་དངོས་པོ་ཉམས་སུ་མྱོང་བ་ཡང་། ཟག་བཅས་ཀྱི་གནས་ཡིན་པས་གཏན་དུ་ཕན་པའི་རྟེན་མེད་དེ། དེ་དག་ཅུང་ཟད་དུས་ཀྱི་ཆ་ལ་བདེ་བ་ཐོབ་ཀྱི། འཁོར་བའམ་ལས་ཉོན་ལས་རྣམ་པར་གྲོལ་བར་མི་བརྗོད་དོ། །དེ་ཡང་ཀླུ་སྒྲུབ་ཀྱིས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་སླར་ཡང་ས་སྟེང་ལྟུང་། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ནི། །འཁོར་བ་ཉིད་དུ་ཡང་བྲན་ཉིད་དུ་འགྱུར། །ཞེས་སོགས་གསུངས་པ་ཡིན་ནོ། །གསུམ་པ་ནི། འོ་ན་ཅི་ཞིག་གིས་གྲོལ་སྙམ་ན། སྔར་མཐར་འཛིན་ཀྱི་ཉེས་པ་བསྟན་པ་དེ་ཡི་ཕྱིར་དངོས་པོ་ཡོད་ཅེས་མི་བྱ་ཞིང་། དངོས་པོ་མེད་པར་འདོད་པའི་ཡིད་ཀྱང་སྤངས་ཏེ། ཀུན་མཁྱེན་ཀྱི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས་ནི། མཐའ་གཉིས་ལ་མི་གནས་པ་དེ་བཞིན་དུ་དེ་གཉིས་ཀྱི་དབུས་སམ་བར་དུ་འང་གནས་པར་མི་བྱ་སྟེ་དེ་ལྟར་གང་ལའང་མི་གནས་པ་ནི་གྲོལ་བའོ། །གཉིས་པ་ཕྱི་ནང་གི་གྲུབ་མཐའ་བྱེ་བྲག་ཏུ་བཤད་པ་ལ། གང་ཞིག་ཤེས་ནས་སྤང་བྱ་ཕྱི་རོལ་བའི་གྲུབ་མཐའ་དང་། བླང་བྱ་ནང་པའི་གྲུབ་མཐའ་བཤད་པ་གཉིས་ལས། དང་པོ་ལ་གསུམ། ལྟ་བའི་འདོད་པ་བརྗོད་པ། དེ་དག་གི་བརྟུལ་ཞུགས་དང་བསྒོམ་པ་བསྟན་པ། དེ་ཕྱིན་ཅི་ལོག་འཁྲུལ་བར་བསྟན་ནས་སུན་དབྱུང་


MR12_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དང་པོ་ལ་རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་གཉིས་ཀྱི། དང་པོ་ནི། ལྷ་ཆེན་པོ་ཞི་བ་པ་ལྷར་འཛིན་པས་ཞི་བ་པའམ་དབང་ཕྱུག་པ་དང་དུས་རྒྱུར་སྨྲ་བ་ལ་སོགས་པས་རང་རང་གི་ཡོན་ཏན་སྣ་ཚོགས་པར་འདོད་དེ། དེ་ཡང་དབང་ཕྱུག་པས་དབང་ཕྱུག་གི་ཡོན་ཏན། སྣ་ཚོགས་སུ་བྱེད་པས་ཕྲ་བ་དང་། འབྱུང་བ་རྣམས་སྡུད་རྒྱས་གནས་པར་བྱེད་པར་ཡང་བ་དང་། ཐམས་ཅད་ཀྱིས་བརྗོད་པས་མཆོད་པར་བྱ་བ་དང་། ཐམས་ཅད་ཀྱི་རྗེ་བོའི་བདག་པོར་གྱུར་པ་དང་ཐམས་ཅད་དེའི་དབང་དུ་གྱུར་པ་དང་། ཡིད་ཀྱིས་བསམ་པ་ལྟར་གར་ཡང་ཕྱིན་པ་དང་། གང་འདོད་མིག་ཕྱེ་ཙམ་གྱིས་བྱེད་པས་འདོད་དགུར་ལྡན་པ་དང་། ཇི་འདོད་བསམ་པ་ཙམ་གྱིས་ཐོབ་པས་དགའ་མགུར་གནས་པ་སྟེ་བརྒྱད་པོ་དང་ལྡན་ཞིང་། དེ་ཉིད་ཀྱིས་ཐམས་ཅད་བྱེད་པར་འདོད་དེ། གང་ཞིག་ཕྲར་གྱུར་གཅིག་པུ་སྐྱེ་གནས་འདུག །དེ་ཡིས་འདི་ཀུན་སྐྱེ་ཞིང་འཇིག་པར་བྱེད། །དེ་ནི་དབང་ལྡན་ལྷ་མཆོག་ལྷ་མཆོད་བྱ། །ཡོན་ཏན་བྱེད་པ་ཤིན་ཏུ་ཞི་བ་འཐོབ། །སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་གཡང་སའམ། །མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། །ཞེས་སྨྲ། དུས་ཀྱི་ཡོན་ཏན་སྨྲ་བས། འབྱུང་བ་རྣམས་ནི་དུས་ཀྱིས་འབྱིན། །སྐྱེ་དགུ་རྣམས་སྡུད་དུས་ཀྱིས་བྱེད། །དུས་ཀྱིས་གཉིད་ལོག་སད་བྱེད་པས། །དུས་ནི་འདའ་བར་དཀའ་བ་ཡིན། །ཞེས་དུས་ཀྱིས་ཐམས་ཅད་བྱེད་པས་དུས་ལས་འདའ་དཀའ་བར་འདོད་དོ། །དེ་བཞིན་དུ་ཆུ་ལྷ་དང་། རྣམ་ཐོས་ཀྱི་བུ་དང་། སྲེད་མེད་ཀྱི་བུ་དང་། ཉི་མ་དང་། ཟླ་བ་སོགས་ཀྱི་བྱེད་པའི་


MR12_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་བརྟག་པར་བྱེད་དོ། །གྲངས་ཅན་པའི་གྲུབ་མཐའ་སྨྲ་བ་རྣམས་ལྷའི་ཡོན་ཏན་དུ་ཁས་བླང་བ་མེད་ཀྱང་གཙོ་བོ་ལས་དངོས་པོ་རྣམས་འབྱུང་བས། རང་བཞིན་རྒྱུར་སྨྲ་བ་སྟེ། ཤེས་བྱ་ཐམས་ཅད་དེ་ཉིད་ཉེར་ལྔར་གྲངས་ངེས་པར་སྨྲ་ཞིང་འདི་ཉིད་མ་ཤེས་པ་ནི་འཁོར་བ་ཡིན་ལ་ཤེས་པས་གྲོལ་བར་འདོད་དོ། །ཚངས་པ་ཆེན་པོའི་གོ་འཕང་རྟག་པར་འདོད་པ་ནི་བྲམ་ཟེ་རིག་བྱེད་སྨྲ་བ་རྣམས་ཏེ། བྱེ་བྲག་པ་རྣམས་ཀྱིས་འཇིག་རྟེན་ཞིག་རྗེས་འབྱུང་བཞིའི་རྡུལ་སིལ་བུ་པ་ཆ་མེད་རྟག་པ་དེ་དབང་ཕྱུག་ཆེན་པོས་འཇིག་རྟེན་འབྱིན་པར་འདོད་པ་དང་། སེམས་ཅན་རྣམས་ཀྱི་ལས་ཀྱི་མཐུས། རླུང་གི་རྡུལ་ཕྲ་རབ་གཉིས་སྦྱར་ཏེ། དེ་ནས་གསུམ་འབྱར་ན་རྡུལ་ཕྲ་རབ་གཉིས་ཀྱི་རྡུལ་ཕྲ་མོ་ཞེས་བྱ་ཞིང་། དེ་ནས་སེ་གོལ་གཏོགས་པ་ཙམ་གྱིས་རྡུལ་ཕྲན་རྣམས་ཕྲད་དེ་ཚོགས་ནས་རླུང་དཀྱིལ་གྲུབ་ཅིང་། ཚུལ་དེས་ཆུ་དང་ས་དང་མེའི་དཀྱིལ་འཁོར་གྲུབ་ཅིང་། དེའི་དབུས་སུ་ཚངས་པའི་སྒོང་ཆེན་པོ་འོད་འབར་བ་རྡོལ་བ་ལས་འཇིག་རྟེན་གྱི་མེས་པོ་ཚངས་པ་པདྨའི་མངལ་ལས་བྱུང་ཞེས་པདྨ་ལ་འདུག་པ་གདོང་བཞི་པ་ཞིག་བྱུང་སྟེ། དེས་འཇིག་རྟེན་ཐམས་ཅད་སྤྲུལ་པའོ་ཞེས་འདོད་དོ། །དེ་དག་འདི་རྣམས་ནི་དེ་ཉིད་རྣམ་པ་གསུམ་དུ་གནས་ཏེ། ཚངས་པ་ཉིད་ན་འཇིག་རྟེན་འབྱིན། །སྐྱེ་དགུ་སྡུད་པ་དྲག་པོ་སྟེ། །སྐྱེས་བུ་ཉིད་ན་བཏང་སྙོམས་སོ། །རང་འབྱུང་གནས་སྐབས་གསུམ་དུ་གནས། །ཞེས་བཤད། གཞན་དག་ནི་དང་པོ་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་། གཉིས་པ་གཙོ་བོའི་ཡོན་ཏན་གསུམ་དང་། གསུམ་པ་རང་བྱུང་གི་གནས་སྐབས་གསུམ་ནི་དེ་ཉིད་གསུམ་ཞེས་འདོད། ཡང་ན་བཤད་མ་ཐག་པ་


MR12_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གསུམ་གྱིས་ཕྱི་རོལ་པ་ཀུན་བསྡུས་པར་འདོད་ཅེས་ཟེར་རོ། །དྲང་སྲོང་ཆེན་པོ་སེར་སྐྱའི་སློབ་མ་སེར་སྐྱ་པ་རྣམས་ནི་དངོས་པོ་ཐམས་ཅད་སྟོང་པའི་ཚུལ་ལས་འབྱུང་བས་སྟོང་པ་ཉིད་བྱེད་པ་པོར་འདོད་དོ། །ཡུལ་ལས་དབང་པོ་སྡོམ་པའི་ཐུབ་རྣམས་ནི་དབང་པོ་ཐམས་ཅད་ནམ་མཁའི་ཡོན་ཏན་དུ་འདོད་པས་ནམ་མཁའི་ཚུལ་ཏེ་འདི་དག་ནི་བྱེ་བྲག་པའི་ཁྱད་པར་རོ། །གང་རང་གི་སྐྲ་ཉིན་གཅིག་བཞིན་དུ་ཟད་པར་བྱེད་པས་ཐར་པ་ཐོབ་པར་འདོད་པ་ཟད་བྱེད་པ་རྣམས་ནི་ལྷ་ཆེན་པོ་རྒྱལ་བའི་གཟུགས་བརྙན་རྣམས་བྱས་ནས། དེ་ལ་དད་པས་འབད་དེ་མཆོད་པའི་ལས་ལ་གཞོལ་བའོ། །མིག་སོགས་དབང་པོ་ལྔ་དང་ཉེར་ལྡན་ཏེ་ཉེར་བར་ལྡན་པའི། བདག་ཡོད་པར་འདོད་པ་བྲམ་ཟེ་མཆོག་རྣམས་ཏེ་བྲམ་ཟེ་ཁོ་བོ་ཅག་མཆོག་གོ་ཞེས་རློམ་པས་སོ། །འདི་དག་གིས། རིག་བྱེད་འདྲ་བའི་ཐོས་པ་མེད། ཅེས་རིག་བྱེད་ཚད་མར་འདོད་ཅིང་། དེ་ཉིད་ལས། ཆེན་པོ་གཉིས་མདོག་མུན་མདུན་གནས། །སྐྱེས་བུ་དེ་ནི་ཁོ་བོས་རིག །དེ་རྟོགས་འཆི་བའི་འཇིགས་མེད་དེ། །ཐར་ཕྱིར་དེ་ལས་ལམ་གཞན་མེད། །ཅེས་འབྱུང་བ་ལྟ་བུའི་དབང་པོ་ལྔ་དང་ཉེ་བར་ལྡན་པའི་བདག་ཡོད་པར་འདོད་པ་དང་། གཞན་ཡང་སྐྲ་རྩེ་འབུམ་གྱི་ཆ་ཙམ་དང་། ཤེལ་སྒོང་དག་པ་ལྟ་བུའི་བདག་མཐེ་བོང་ཙམ་དང་། ཡུངས་འབྲུ་ཙམ་ནས། རི་རབ་ཙམ་གྱི་བར་བསྟན་པར་མི་ནུས་པར་འདོད་པ་རྣམས་ཀྱང་བསྡུས་སོ། །གཉིས་པ་ནི། དྲང་སྲོང་འཇིག་རྟེན་མིག་ཅེས་བྱ་བས་ཆད་ལྟའི་གཞུང་འབུམ་ཕྲག་བྱས་ཏེ། དེའི་བརྒྱུད་འཛིན་རྣམས་ལ་རྒྱང་འཕེན་པ་སྟེ།


MR12_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཡོ་ཏི་ནི་ཞེས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལས་གུད་དུ་སོང་བའམ་བྲལ་བ་དང་འགྲོ་བའི་དོན་ཏོ། །དེ་དག་གིས། ལས་མེད་ཅེས་རྒྱུ་ལ་སྐུར་བ་འདེབས་པ་དང་ངན་སོང་ལས་ཐར་པའི་མཐོ་རིས་སམ་འཁོར་བ་ལས་གཏན་དུ་ཐར་པ་མེད་ཅེས་འབྲས་བུ་ལ་སྐུར་བ་འདེབས་ཀྱང་རུང་། དེ་དག་ནི་ལྟ་བ་ཀུན་ལས་དམན་པའི་གཞུང་ངན་རྒྱང་འཕེན་པ་ཡི་གཞུང་ཡིན་ནོ། །གཞན་ཡང་ཚུར་མཐོང་ལ་སྤྱོད་པ་ཐམས་ཅད་འཇིག་རྟེན་རྒྱང་འཕེན་དུ་བཤད་དེ། ཇི་སྲིད་སེམས་ནི་འཇུག་པའི་བར། །དེ་སྲིད་འཇིག་རྟེན་རྒྱང་འཕེན་པ། །ཞེས་གསུངས། འཇིག་རྟེན་གསང་ཚིག་གི་དབང་དུ་བྱས་ཏེ། མ་འོངས་པའི་དུས་ན་དགེ་སློང་དག་འཁོར་གྱི་དབུས་ན་སེང་གེའི་ཁྲི་ལ་འདུག་སྟེ། འཇིག་རྟེན་རྒྱང་འཕེན་པའི་གཞུང་འཆད་ཅིང་དེའི་བསྔགས་པ་སྨྲ་བར་བྱེད་དོ། །ཞེས་གསུངས་ཏེ། གཞུང་གང་དག་འདོད་ཆགས་དང་བྲལ་བར་མི་འགྱུར། ཡིད་འབྱུང་བར་མི་འགྱུར། ནམ་ཡང་དངོས་པོར་འཛིན་པ་ལས་མི་འབྲལ་བ་གཅིག་པུའི་གསང་ཚིག་རྣམས་ཏེ། ཤཱ་རིའི་བུ་དགེ་སློང་གང་དག་འཇིག་རྟེན་རྒྱང་འཕེན་པའི་གཏམ་ལྷུར་ལེན་པ། སངས་རྒྱས་ཀྱི་གསུང་སྤངས་ནས་གཞན་མུ་སྟེགས་ཅན་གྱི་གསང་ཚིག་སྨྲ་བ་དེ་དག་ནི་འཁོར་གྱི་ནང་དུ་དང་པོ་ནས་དེ་དག་ཆོས་ཀྱི་སྒྲས་འཁོར་དགའ་བར་བྱེད་དེ། སྐྱེས་བུ་དེ་དག་དམ་པ་མ་ཡིན་པ་དེ་ལྟ་བུ་དེ་དག་ནི་དགེ་སློང་རུལ་བ་ཞེས་བྱའོ་ཞེས་གསུངས་པས་བཀག་པས་སོ། །འདི་དག་ཀྱང་ཆད་པར་ལྟ་བའི་དབང་དུ་བྱས་ཏེ་འདིར་བརྗོད་པའོ། །གཉིས་པ་བརྟུལ་ཞུགས་དང་སྒོམ་པ་བསྟན་པ་ནི། གང་དག་


MR12_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་པ་སྟེ་ཕྱུགས་བདག་ཆེན་པོའི་ཆོས་འཛིན་པའམ་བསྟན་པ་ལ་སྤྱོད་པ་རྣམས། ལྷོ༷་དང་བྱང་དང་ནུབ་ཏུ་ཁ་བལྟས་ནས་གནས་པ་ནི་བརྟུལ་ཞུགས་སྟེ། དེ་ཡང་ཡིད་དུ་འོང་བའི་ལྷ་མོ་ཨུ་མ་སོགས་ཆགས་པ་བསྐྱེད་ནུས་པ་ཅན་དང་མཁའ་གསང་མཉམ་པར་སྦྱོར་བར་བྱེད་ཅིང་ཕན་ཚུན་སྲེག་པའི་མིག་ལྟར་མིག་ནི་འཛུམ་པར་ལྟ་བའོ། །དེ་ལྟར་ཡང་དབང་ཕྱུག་སྒྲ་བསྒྲགས་པའི་རྒྱུད་ལས། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །དབང་ཕྱུག་ནུས་ཅན་མཉམ་སྦྱོར་ལས། །རྨད་དུ་བྱུང་བའི་བདེ་བ་སྐྱེ། །གུས་པའི་ཚུལ་གྱིས་བསྒོམས་པ་ཡིས། །ཡང་དག་ཏུ་ན་དངོས་པོ་མེད། །ནུས་ཅན་ཡང་ནི་སྟོད་ཉིད་ལྟ། །སྒྲོ་འདོགས་ཐམས་ཅད་འཇོམས་པའོ། །ཞེས་དེ་དག་འཁྲིག་པའི་བདེ་བ་དངོས་དང་དངོས་མེད་ལྷན་ཅིག་བསྒོམ་པའོ། །གང་དག་བླ་མ་ཟླ་བའི་གྲུབ་མཐའ་འཛིན་པ་རྣམས་ནི་རྟག་ཏུ། ལྷ་ཆེན་པོ་འཕྲོག་བྱེད་པ་ལ་ནི་གུས་ཤིང་མཆོད་པར་གཞོལ་བ་ཡང་དབང་པོ་ཏུལ་ཏེ། ཨོཾ་ཞེས་བརྗོད་ཅིང་སྲེད་མེད་ཀྱི་བུ་རྗེས་སུ་དྲན་པར་བྱས་ན་མཐོ་རིས་ཐོབ་ཅེས་ཟེར། ལྷ་དེ་ཉིད་ལྷ་ཀུན་ཀྱི་མཆོག་ཏུ་འཛིན་ཅིང་། ཁ་ཅིག་འཕྲོག་པོ་དབང་ཕྱུག་ལ་འདོད་ནས་དེ་མཆོད་པར་བྱེད་དོ། །དེ་དག་གི་ནང་གི་རྣལ་འབྱོར་ཡང་། སྙིང་གའི་པདྨའི་ང་གིས་ནི།བསྐལ་བར་མི་འཆི་བའི་རྣལ་འབྱོར་ལྡན་པའང་སྒོམ་པར་བྱེད་དེ། བདག་ཉིད་ལྷའི་རྣལ་འབྱོར་ལ་གནས་པའི་སྙིང་གི་དབུས་སུ་པདྨ་བསམས་ལ། དེའི་དབུས་ནས་བྱུང་བའི་རླུང་སྣ་བུག་དང་ཁ་ནས་བྱུང་བ་ཐུར་དུ་རྐང་པའི་མཐིལ་


MR12_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དགང་བའི་བུམ་པ་ཅན་ཞེས་བྱ་བའི་མན་ངག་སྒོམ་པས། དབུགས་འགག་པ་གྲུབ་ནས་བསྐལ་བར་མི་འཆི་བའི་རླུང་གི་རྣལ་འབྱོར་བསྒོམ་པར་བྱེད་དོ། །དབུགས་འགག་པ་ཙམ་ལས་གཞན་མན་ངག་ནི་མེད་དོ། །དེ་དག་ཏུ་མ་ཟད་རླུང་བཀག་ནས་འཇུག་ཤེས་ཆད་པ་འདི་ལ་ཕྱི་རོལ་པ་དང་ཆོས་འདི་བ་པ་ཐོས་པ་མེད་པའི་རྣལ་འབྱོར་ལྡན་པ་གཞན་འགས་ཀྱང་། དེ་ལ་ཡེ་ཤེས་སུ་བཟུང་ནས་དེ་ཁོ་ན་ཞེས་རྟོགས་ཤིང་གནས་ལ། དེར་མ་ཟད་གཞན་ལའང་བདེན་པ་གང་ཡིན་དེ་ཉོན་ཞེས། སྒྲུབ་བོ་སློབ་མ་གཞན་ལ་སྨྲ་སྟེ། ཅི་ལྟར་སྨྲ་ན་དབུགས་རྒྱུ་བ་དང་སེམས་ཀྱི་རབ་ཏུ་རྟོག་པ་མེད་པ་གང་ཞིག ཡིད་ནི་ཡུལ་དུས་གར་སོང་མེད་པར་རང་ཤི་བ་འདི་ནི་བདེན་པའོ་ཞེས་སྨྲ་བའོ། །གསུམ་པ་ནི། དེ་ལྟར་དེ་དག་གིས་བསྟན་པའི་དེ་ཉིད་མཆོག་དེའང་སུན་དབྱུང་བར་གསུངས་པ་ནི། དེ་ལྟའི་རྣལ་འབྱོར་པ་རང་ངམ་བདག་ཉིད་ནི་དངོས་པོའི་དོན་ལ་རྗེས་སུ་རྨོངས་པ་དེ་དག་གིས། གལ་ཏེ་མི་གནས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དེ་མི་ཤེས་པ་ཡིན་ན། དེ་འདྲའི་ཡེ་ཤེས་ནི་ཤིང་དུ་ཐལ་བར་འགྱུར་ཏེ་སེམས་མེད་པ་ཙམ་གྱི་ཕྱིར་རོ། །དེ་ལྟ་བུའི་བདེན་པ་དང་ཏིང་ངེ་འཛིན་གྱི་ལམ་འདི་ནི། རྣམ་པར་གྲོལ་བའི་ལམ་མ་ཡིན་ཏེ་སྲིད་པ་གང་ཡིན་པ་དེར་སླར་འཆིང་བར་བྱེད་པ་ཉིད་དུ་སྣང་ངོ་། །དེ་བས་ན། ཐོས་པ་ཆུང་བའི་ཏིང་ངེ་འཛིན་སྙེད་པ་ནི་བདུད་ཀྱི་ལས་སོ། །ཞེས་གསུངས་སོ། །ཕྱི་རོལ་པའི་ལྟ་བ་འདི་དག་ཀྱང་ཁོང་དུ་ཆུད་པར་བྱས་ལ་དེ་བཟློག་པར་བྱ་ཡི་རྣམ་པར་སྡང་བར་བྱ་བ་ནི་མ་ཡིན་ཏེ། འཕགས་


MR12_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོར་ཕྲེང་གི་མདོ་ལས། འཇམ་དཔལ་དེ་ལྟར་འཇིག་རྟེན་པའི་ཚུལ་ཁྲིམས་དང་སྤྱོད་པ་དང་བྱ་བའི་ཆོ་ག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་སྤྲུལ་པའོ། །ཞེས་གསུངས་པའི་ཕྱིར་དང་། དེ་དག་སྙིང་རྗེའི་ཡུལ་ཡིན་པའི་ཕྱིར་ཏེ། དེ་ཕྱིར་ལོག་པར་བསྟན་པ་ཡི། །གྲུབ་མཐའ་འཆལ་བའི་བློ་ཅན་ལ། །དེ་ལུགས་རྗེས་འཇུག་བློ་ཅན་རྣམས། །སྙིང་རྗེ་ཉིད་ནི་རབ་ཏུ་སྐྱེས། །ཞེས་བཤད་པའི་ཕྱིར་རོ། །གཉིས་པ་ནང་པ་སངས་རྒྱས་པའི་གྲུབ་མཐའ་བཤད་པ་ལ་གཉིས།མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ནང་པ་སངས་རྒྱས་པའི་ཆོས་ནི་གྲུབ་མཐའ་རྣམ་པ་བཞིར། ལུས་དང་ངག་གི་བྱ་བ་ཙམ་གྱིས་མི་གྲོལ་བར་ཡིད་ཀྱིས་གྲོལ་བར་འདོད་པ་རྣམས་ཀྱི་སྔོན་གསུངས་པ་དང་ཡང་དག་པར་བསྡུས་པའི་གཞུང་ལས་མཐོང་སྟེ། བྱེ་བྲག་སྨྲ་བ་ལ་སོགས་ཏེ་མདོ་སྡེ་པ་དང་རྣལ་འབྱོར་སྤྱོད་པ་དང་དབུ་མ་པའི་ལམ་བཞི་པོ། ལུང་གིས་བཤད་པས་ཤེས་པར་བྱས་ནས་རང་རང་གི་འབྲས་བུ་དེ་ཁོ་ན་ཉིད་སྒྲུབ་པར་བྱེད་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི། བྱེ་བྲག་པ་དང་། མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པ་དང་། དབུ་མ་པའོ། །དང་པོ་ནི། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་སོགས་ཀྱིས་ནམ་མཁའ་དང་སོ་སོར་བརྟགས་འགོག་དང་བརྟགས་མིན་གྱི་འགོག་པ་གཉིས་དག་སྟེ།དེ་ལྟར་འདུས་མ་བྱས་གསུམ་པོ་ནི་རྟག་པ་ཡིན་པར་འདོད་ལ། ཡུལ་དབུས་ཀྱི་བྱེ་སྨྲ་དག་གིས་ནི་དེ་བཞིན་ཉིད་བསྣན་ཏེ་འདུས་མ་བྱས་བཞིར་འདོད་པས། དེ་དག་ལྟར་ན་སྐྱེ་བ་མེད་པ་སོགས་ཀྱི་ཁྱད་པར་དང་ལྡན་པའི་རྟེན་ཅིང་འབྲེལ་


MR12_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གི་ངོ་བོ་འདུས་མ་བྱས་ཉིད་ཡོད་པར་འདོད་དེ་བཞི་པོ་དེ་རྫས་ཡོད་དུ་འདོད་དོ། །འདུས་མ་བྱས་མ་གཏོགས་པ་འདུས་བྱས་ཏེ་རྒྱུ་རྐྱེན་འདུས་པ་ལས་བྱུང་བ་འབྲས་བུ་ལྔར་གཏོགས་པ་རྣམས་སོ། །འདི་དག་འདས་པ་དང་མ་འོངས་པའི་རྒྱུ་ཁས་ལེན་ཅིང་། དུས་གསུམ་པོ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བའམ། ཡང་ན་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོའི་རྗེས་སུ་འབྲངས་པས་ན་མིང་དེ་སྐད་དུ་བཏགས་སོ། །དེ་ལ་འདུས་བྱས་ནི་རྒྱུ་རྐྱེན་ལས་འབྱུང་ཞིང་ཆོས་དེ་དག་བདག་གིས་ཀུན་ནས་སྟོང་ལ། དེའི་ཕྱིར་བྱེད་པ་པོ་གཞན་མེད་དེ་ལས་ལས་བྱུང་བའམ་འདུས་བྱས་པ་སྟེ་དེ་དག་ཀྱང་སྐད་ཅིག་མ་ཡིན་པར་འདོད་དེ། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ། །ལས་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་བསྟན་ཏོ། །མིག་སོགས་དབང་པོ་དག་ལས་སྐྱེ་བའི་བློ་རྣམས་མེད་ཅིང་རྡུལ་བསགས་པ་མེད་ལ། དེས་ཡུལ་གཟུགས་སོགས་རྣམ་མེད་ལྗན་ཅེར་དུ་མངོན་སུམ་རིག་པ་ཡིན་ལ་ཡུལ་གཟུགས་སོགས་དེ་དག་ནི་རྡུལ་གྱི་ཚོགས་བསྐོར་བ་བར་བཅས་ཏེ། འདི་དག་ཕྱི་རོལ་པ་ལས་འཕགས་པའི་བློ་གྲོས་དང་ལྡན་པ་ཞེས་བྱ་བར་བརྗོད་ཅིང་ནུབ་ཕྱོགས་ཁ་ཆེ་ཡི། བྱེ་བྲག་སྨྲ་བའི་གཞུང་དུ་བཤད་དེ་ཡུལ་དབུས་ཀྱི་བྱེ་སྨྲ་དག་ཀྱང་གྲུབ་མཐའ་ཕལ་ཆེར་དེ་དང་ཆ་འདྲ་བས་ལོགས་སུ་མ་བཤད་དོ། །གཉིས་པ་ནི། མདོ་སྡེ་པ་དག་གཟུགས་སོགས་མངོན་སུམ་མཐོང་བ་ནི་དབང་པོའི་དངོས་ཡུལ་མིན་ཏེ། ཡུལ་དབང་ཤེས་གསུམ་ཚོགས་པས་ཤེས་པ་ཡུལ་གྱི་རྣམ་པ་དང་


MR12_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་སྐྱེ་བ་ཡིན་ཏེ། ཡུལ་བེམ་པོ་རྣམས་རྡུལ་ཕྲན་བར་མེད་པར་མ་རེག་པའམ་རེག་ལ་མ་འབྱར་བར་འདོད། དེ་ཡང་ཤེལ་ཚོན་གྱིས་བསྒྱུར་བ་མིག་གིས་མཐོང་བའི་ཚེ་ཤེལ་མངོན་སུམ། ཚོན་གཟུགས་བརྙན་བཟུང་བ་ཡིན་པ་ལྟར་མངོན་སུམ་གྱི་སྣང་བ་འདི་ནི་ཤེས་པ་ཁོ་ནའི་རྣམ་པ་ཡིན་ལ། ཁ་དོག་དང་དབྱིབས་སོགས་སྣང་བའི་གཞི་ནི་ཤེས་པ་ལས་གཞན་པའི་ཕྱི་དོན་ལྐོག་ན་མོར་ཡོད་པར་འདོད་པའོ། །འདུས་མ་བྱས་ཀྱང་ནམ་མཁའ་ནི་མེད་པ་མིང་ཙམ་སྟེ་དཔེར་ན་མོ་གཤམ་གྱི་བུ་དང་འདྲ་ལ། འགོག་པ་ཡང་ནམ་མཁའ་དང་འདྲའོ་སྟེ་བརྟགས་པ་ཙམ་ལས་རང་མཚན་ཉིད་ཀྱིས་གྲུབ་པ་མེད་དོ། །དེ་བཞིན་དུ་ལྡན་མིན་འདུ་བྱེད་རྣམས་ཀྱང་བརྟགས་པ་ཙམ་དུ་འདོད་དོ། །གང་འདུས་བྱས་པའི་བེམ་པོ་ཡོད་པ་མིན་པ་སྟེ། སེམས་དང་བེམ་པོ་འདུས་ནས་གཟུགས་དང་ཤེས་པ་འདྲེས་པ་ལྟ་བུར་སྣང་གི་རེ་རེ་བཞིན་དཔྲལ་ཏེ་སྣང་མི་སྲིད་དེ། ལྷན་ཅིག་དམིགས་ཀྱང་བེམ་པོ་སེམས་རང་དང་འདུས་ནས་བྱས་པར་མི་འཐད་དེ་དེ་དག་ལ་འདུ་བའི་རྣམ་རྟོག་མེད་པའི་ཕྱིར། དཔེར་ན་རྡུལ་དང་རྡུལ་ལྟ་བུའོ་ཞེས་དང་གཞན་ཡང་ཅི་རིགས་སུ་སྦྱར་བར་བྱའོ། །འདས་མ་འོངས་སོགས་དུས་གསུམ་པོ་དག་ཀྱང་རྫས་ཡོད་དུ་ཁས་མི་ལེན་ནོ། །ཤེས་པ་རྣམ་པ་དང་བཅས་པར་སྐྱེ་ན་སེམས་ཙམ་པ་དང་ཁྱད་ཅི་ཡོད་ཅེ་ན། དེའི་ཁྱད་པར་རྣམ་ཤེས་ལས་གུད་ན་རྡུལ་ཕྲན་བསགས་པའི་གཟུགས་ལྐོག་ན་མོ་མེད་པ་མིན་ཞེས་ཡོད་པར་འདོད་པ་སྟེ། འདི་དག་ནི་སྒོ་དྲུག་པ་དང་། བཟང་སྤྱོད་སོགས་མདོ་སྡེ་རྣམས་


MR12_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཇི་བཞིན་པར་ཁས་ལེན་ཞིང་། མདོ་སྡེ་དེ་དག་གི་རྗེས་སུ་འཇུག་པས་མདོ་སྡེ་པ་སྟེ། མིང་གཞན་དཔེས་སྟོན་པ་ལ་མཁས་པས་དཔེས་སྟོན་པའོ། །དགེ་བ་བླ་མེད་བྱང་ཆུབ་ཏུ་བསྔོ་བ་དང་སྨོན་ལམ་གྱིས་མྱ་ངན་ལས་འདས་པའི་ཉན་ཐོས་ཡིན་པས་ལོ་བརྒྱད་ཁྲིས་སླར་ལྡང་བའི་ཕྱིར་མཁས་པའོ། །བྱེ་བྲག་སྨྲ་བ་ནི་ཞི་བའི་དབྱིངས་དེར་བསྐལ་པ་གྲངས་མེད་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་དུ་མར་འདའ་བར་བྱེད་དེ། ཏིང་ངེ་འཛིན་གྱི་ལུས་ཐོབ་ནས། །བསྐལ་པའི་བར་དུ་འདི་མི་སད། །ཅེས་གསུངས་པས་སོ། །དེས་ན་མདོ་སྡེ་པ་ནི་བྱེ་བྲག་སྨྲ་བ་ལས་མཁས་པ་རྣམས་ཀྱི་ལུགས་སོ་ཞེས་པའོ། །གསུམ་པ་ནི། རྣལ་འབྱོར་སྤྱོད་པའི་ལྟ་བ་བསྟན་པའི་ཕྱིར། རྡུལ་ཕྲ་རབ་བསགས་པའི་གོང་བུ་ཆ་ཤས་ཅན་ཞེས་བྱ་བ་མེད་ཅིང་།དེའི་རྒྱུ་རྩོམ་གཞི་ཕྲ་རབ་རྡུལ་རྣམས་ཀྱང་མེད་པ་དང་སྟེ། ཅིའི་ཕྱིར་ན། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་བྱ་བ་སོགས་ཀྱིས་གནོད་པའི་ཕྱིར་རོ། །མཚན་ཉིད་ཐ་དད་པར་བརྟགས་པ་སྲ་གཤེར་དྲོ་སོགས་སོ་སོར་སྣང་བ་རྣམས་རིགས་པས་བརྟགས་ན་སོ་སོར་དམིགས་སུ་མེད་པ་དང་སྟེ། བུད་མེད་གཅིག་གི་ལུས་གཅིག་ལ། །ཀུན་ཏུ་འདོད་ལྡན་ཁྱི་རྣམས་ཀྱིས། །རོ་དང་འདོད་བྱ་བཟའ་བ་ཞེས། །རྣམ་པ་གསུམ་དུ་རྟོག་པར་བྱེད། །ཅེས་དང་། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་པའི་རིགས་པས་སོ། །དེའི་ཕྱིར་ཡུལ་སྣ་ཚོགས་ཉམས་སུ་མྱོང་བ་འདི་རྨི་ལམ་དང་འདྲ་སྟེ། རྣམ་པར་ཤེས་པ་དེ་


MR12_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སོ་སོར་སྣང་བའོ། །དེ་ལྟ་ནའང་གཟུང་བ་དང་འཛིན་པ་ལས་གྲོལ་བའི། རྣམ་པར་ཤེས་པ་ནི་དམ་པའི་དོན་དུ་ཡོད་ཅེས་འདོད་དེ། བཅོམ་ལྡན་འདས་ཀྱིས། ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར། །ཕྱི་རོལ་དོན་ནི་ཡོད་མ་ཡིན། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བར་རབ་ཏུ་འབྱུང་། །ཞེས་གསུངས་པས་སོ། །ཚུལ་འདི་ནི་ཕྱི་དོན་ལ་མངོན་ཞེན་སྤང་བའི་བློ་མཚོའི་ཕ་རོལ་ཏུ་ཕྱིན་པ་ཡི། སེམས་ཙམ་པའམ་རྣལ་འབྱོར་སྤྱོད་པའི་གཞུང་དུ་བསྒྲགས་པའོ། །དེ་ཡང་། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་སྟེ། དུས་གསུམ་ཡང་སེམས་ཙམ་མོ་ཞེས་གསུངས་པའི་ལུང་གི་དོན་དང་མཐུན་པར་སྨྲ་བ་སྟེ། དེ་ལའང་རྣམ་བཅས་པ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོ་སོགས་ཏེ་རྣམ་ཤེས་ཚོགས་དྲུག་ཏུ་སྨྲ་བའོ། །རྣམ་མེད་ནི་འཕགས་པ་ཐོགས་མེད་སོགས་ཏེ། དོན་ནི་རབ་ཏུ་གྲུབ་གྱུར་ན། །མི་རྟོག་ཡེ་ཤེས་མེད་པར་འགྱུར། །དོན་མེད་པས་ན་སངས་རྒྱས་ཉིད། །ཐོབ་པར་འཐད་པ་མ་ཡིན་ནོ། །ཞེས་དང་། མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་ཕྱིར་ཡང་། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་གསུངས་ཤིང་རྣམ་ཤེས་ཚོགས་བརྒྱད་དུ་འདོད། ཁ་ཅིག་གཅིག་བུར་སྨྲ་བ་སྟེ། དེ་ནི་རྣམ་མེད་དུ་མ་ཟད་རྣམ་བཅས་པ་ལའང་ཡོད་པར་གསུངས་སོ། །བཞི་པ་ནི། སྔར་བསྟན་པ་ལྟར་གྱི་རྣམ་ཤེས་རིགས་པས་མི་གནོད་པས་དམ་པའི་དོན་གྱི་མཚན་ཉིད་དང་ལྡན་པའམ་གྲུབ་པར་འདོད་པ། དེ་ཡང་དེ་ཁོ་


MR12_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ན་དཔྱོད་པའི་བློ་རབ་ཏུ་བརྟན་པ་དབུ་མ་པ་རྣམས་མི་འདོད་དེ། ཅིའི་ཕྱིར་ན། ཤེས་དེ་གཅིག་དང་དུ་མའི་རང་བཞིན་དང་། བྲལ་བའི་ཕྱིར་དཔེར་ན་ནམ་མཁའི་པདྨ་བཞིན་ནོ། །འོ་ན་དབུ་མ་པས་ཅི་ཞིག་ཁས་ལེན་ཞེ་ན། ཅི་ཡང་ཁས་མི་ལེན་ཏེ་དངོས་སྨྲ་ལྟར་ཡོད་པ་མིན་ལ་རྒྱང་འཕེན་པ་ལྟར་མེད་པའང་མིན་ཞིང་གལ་ཏེ་དེ་གཉིས་དང་བྲལ་བའི་བདག་ཉིད་དོ་ཞེ་ན་ཡོད་མེད་གཉིས་ཀ་མིན་ཏེ་ཕུང་གསུམ་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་གཉིས་ཀ་གཅིག་པར་འགྱུར་རོ་ཞེ་ན་གཉིས་ཀའི་བདག་ཉིད་ཀྱང་མིན་པས། །དེ་ལྟར་མཐའ་བཞི་ལས་རྣམ་པར་གྲོལ་བ་ནི་དབུ་མ་པ་སྟེ། ཡོད་དང་མེད་དང་ཡོད་མེད་ཅེས། །ཁས་མི་ལེན་པ་གང་ཡིན་པ། །དེ་ལ་ནན་ཏན་ལྡན་པས་ཀྱང་། །ཅིར་ཡང་ཀླན་ཀ་བྱ་མི་ནུས། །ཞེས་སོ། །ཚུལ་འདི་ནི་ཡང་དག་པའི་དོན་ལ་མཁས་པ་རྣམས་ཀྱི་དེ་ཁོ་ན་ཉིད་ཡིན་ཏེ་གྲུབ་མཐའ་སྨྲ་བ་གཞན་གྱིས་ནི་མ་ཡིན་ནོ། །དབུ་མ་པ་དེ་དག་ཀྱང་ཀུན་རྫོབ་རྣམ་པར་བཞག་པ་གཉིས་ཏེ། ཕྱི་དོན་འདོད་པ་སློབ་དཔོན་བྷ་བྱ་སོགས་དང་། རྣལ་འབྱོར་སྤྱོད་པ་ཞི་འཚོ་སོགས་ཀྱི་ལུགས་སོ། །གསུམ་པ་དེ་ལ་ནན་ཏན་གྱིས་བསླབ་པར་གདམས་པ་ལ། དངོས་དང་། ཇི་ལྟར་བསླབ་པའི་ཚུལ། དེའི་ཐབས་བསྟན་པ་གསུམ་ལས། དང་པོ་ནི། སྔར་བསྟན་པ་ལྟར་གྱི་ཕྱི་ནང་གི་གྲུབ་པའི་མཐའི་ལྟ་བ་སྣ་ཚོགས་པས་གཟིང་པ་དག་ཡང་དག་པའི་ཆོས་ལ་ཐོས་བསམ་གྱིས་འབད་པ་མེད་པ་ནི། གང་ཕྱིར་དེ་ཁོ་ན་ཉིད་ཤེས་པ་མངོན་དུ་བྱ་བ་མི་འགྲུབ་པ། དེ་ཕྱིར་དོན་ལ་མཁས་པས་ནན་ཏན་གྱིས། དཔྱད་པ་གསུམ་གྱིས་དག་


MR12_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

པ་འམ་དམ་པའི་ཆོས་ལ་ལེགས་པར་བལྟ་བར་བྱའོ། །གཉིས་པ་ནི། འཇིག་རྟེན་གསུམ་གྱི་མགོན་པོ་སངས་རྒྱས་ཀྱིས་གསུངས་པ་ལ་ཡང་། དྲང་ངེས་ལྡེམ་དགོངས་ཀྱི་དབྱེ་བ་མང་ཞིང་མཆོག་ཏུ་ཟབ་པས་གང་ཟག་ཕལ་གྱིས་འཇུག་པའམ་བརྩམ་པར་བྱ་ནུས་པ་མིན་པ་ལ། ཐོག་མར་གུས་པས་ཕྱག་བྱས་ནས་ནི་འབད་པས་བརྩམས་པར་བྱ་བ་ལ་འཇུག་སྟེ། དེ་ཡང་གང་དང་གང་ཉན་པ་དེ་ལ་ཡིད་གུས་པས་ཉན་ཞིང་རྣམ་དཔྱོད་ཀྱིས་དཔྱད་པར་བྱ་དགོས་སོ། །ཇི་ལྟར་ན་མགར་བ་མཁས་པས་བསྲེགས་བཅད་བདར་བའི་གསེར་བཟང་པོ་བཞིན་དུ། དགེ་སློང་དག་གམ་དེ་ལས་གཞན་པའི་ཡང་མཁས་པ་རྣམས་ཀྱིས། དཔྱད་པ་གསུམ་གྱིས་ཡོངས་སུ་བརྟགས་ལ་སངས་རྒྱས་བཅོམ་ལྡན་འདས་ང་ཡི་བཀའ། བླང་བར་བྱ་ཡིས་གང་ཟག་གི་རྗེས་སུ་འབྲང་བ་ཙམ་གྱིས་གུས་པའི་ཕྱིར་མིན་ཞེས་གསུངས་སོ། །དེའི་ཕྱིར་སློབ་དཔོན་ཉིད་ཀྱིས། དོན་གང་ལུང་དང་རིགས་པ་ཡིས། །ལེགས་པར་མངོན་པར་བརྗོད་པ་དང་། །སྔ་ཕྱི་འགལ་བ་མེད་པ་དེ། །དམ་པ་རྣམས་ཀྱིས་ཡོངས་སུ་ཟུངས། །ཞེས་བསྟན་པའོ། །གསུམ་པ་ལ་གསུམ། བདག་རྐྱེན་བཤེས་གཉེན་བརྟེན་ཚུལ། ཐབས་དེའི་གདམས་ངག་ལ་གོམས་པར་བྱ་བ། དེ་ལྟར་གོམས་པའི་འབྲས་བུ་བསྟན་པའོ། །དང་པོ་ནི། རྣམ་པར་དཔྱོད་པ་དེ་ཡང་བདག་རྐྱེན་བླ་མ་ལ་རག་ལས་པས། དེས་ན་རང་གི་འབད་པས་བདེན་གཉིས་ཕྱིན་ཅི་མ་ལོག་པའི་ལྟ་བ་དང་སྙིང་རྗེ་དང་ཐབས་ལ་མཁས་པ་དང་ལེ་ལོ་སྤངས་


MR12_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་ཆོས་བཞི་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་ནི། ཡང་དང་ཡང་དུ་གུས་པས་མཆོད་པར་བྱ་ཞིང་། གང་ཕྱིར་སེམས་ནི་རྣམ་གྲོལ་གྱི་དེ་ཁོ་ན་ཉིད་ཚོལ་བ་ལ་བློ་བརྟན་པར་གྱུར་པས། སེམས་ཀྱི་རང་བཞིན་ཤེས་པའི་གདམས་ངག་ཉེ་བར་བསྟན་པ་ཡོངས་སུ་དྲི་ཞིང་བརྟག་པར་བྱའོ། །གཉིས་པ་ནི་གང་གི་ཚེ་སེམས་ནི་སེམས་རང་བཞིན་གྱིས་མེད་པ། རྣམ་པར་རྟོག་པ་ཐམས་ཅད་ཀུན་ནས་བསལ་བར་བྱེད་པ། དེ་ཚེ་སེམས་ནི་ཕྱོགས་གར་སོང་བ་དང་། གར་གནས་པའང་མཐོང་བར་མི་འགྱུར་རོ། །དེ་ལྟར་སེམས་ཀྱི་རང་བཞིན་ནི་ཡོངས་སུ་ཤེས་པ་ལས། འགྲོ་བ་ཐམས་ཅད་ཀྱི་རང་བཞིན་ཤེས་པར་འགྱུར་བའང་ཡིན། དེ་ཕྱིར་འབད་པའི་ཚུལ་རྣམས་ཀྱི། །རྣམ་པ་སྣ་ཚོགས་སུ་སྣང་བ་སྟོན་པ་ཡི་སེམས་འདི་ལ་གོམས་པར་བྱའོ། །ཡིད་འདི་ནི་ཡུལ་གང་དང་གར་འགྲོ་བ་སྟེ། འགྲོ་ཞིང་དམིགས་པ་དེ་དག་དེ་ལྟར་སེམས་ལ་དམིགས་ཤིང་ཡོངས་སུ་དག་པ་ཉིད་དུ་སྦྱར་ཤེས་པར་བྱ་སྟེ། དེ་ལྟ་ན་གང་དུ་གཡོ་ཞིང་འགྲོ་བར་བྱེད་པ། །ཐམས་ཅད་སེམས་ཉིད་དེ་ཡི་རང་བཞིན་ནོ། །དེ་ལྟར་སློབ་དཔོན་ནི་ཐ་སྙད་དུ་སེམས་ཙམ་རྣམ་མེད་པ་དང་མཐུན་པར་སྟོན་ཞེས་གསུངས་སོ། །དེའི་ཕྱིར་སེམས་འདི་ནི་ཐོས་ཏེ་རྟོག་པའི་བག་ཆགས་བཅས་པ་ཡིས། བག་ཆགས་ཀྱིས་ནི་འཁོར་བའི་སྣང་བ་སྣ་ཚོགས་སུ་ཁྲིད་ཅིང་ཁྱེར་བར་བྱེད་ལ། སེམས་ཀྱི་རྣམ་རྟོག་ཐ་མལ་པ་འཇུག་པ་འགོག་པ་ཡིས། བག་ཆགས་ལུས་ནི་རྣམ་པར་གྲོལ་བར་བཀྲི་ཞིང་བཀྱེར་ཏེ་བྲལ་བར་བྱེད་པས་ན། སྣང་བ་རྣམས་ཀྱིས་སྐྲག་ཏེ་


MR12_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་བསལ་བར་མི་བྱ་སྟེ་སངས་རྒྱས་ཀྱི་ས་ནའང་བྱིན་གྱིས་བརླབས་པའི་སྣང་བ་རབ་འབྱམས་འབྱུང་བས་རྣམ་མེད་པ་ལྟར་སྤངས་པས་ཅི་ཞིག་བྱ། གསུམ་པ་དེའི་འབྲས་བུ་ནི། རྐྱེན་གང་དང་གང་གིས་མི་རྣམས་ཀྱི། ཡིད་ནི་ཡང་དག་པར་སྦྱོར་པར་གྱུར་པ་དེ་དང་དེ་བཞིན་དུ། སྣ་ཚོགས་པའི་ཚོན་དང་ལྡན་པའི་གཟུགས་ཅན་གྱི་ནོར་བུ་ཆུ་ཤེལ་དག་པ་དེ་རྐྱེན་ཇི་ལྟ་བའི་ཁ་དོག་ཏུ་འགྱུར་བ་བཞིན། སེམས་ཀྱི་རང་བཞིན་ཡང་རྐྱེན་བཟང་ངན་གང་དང་འཕྲད་པ་དེ་དང་དེར་འགྱུར་རོ། །དེའི་ཕྱིར་དེ་ཁོ་ན་ཉིད་དང་སྙིང་རྗེ་ཐབས་མཁས་སོགས་ཀྱིས་བསྒྱུར་བར་བྱའོ། །གསུམ་པ་མཇུག་ཡོངས་སུ་གྲུབ་པའི་དགེ་བ་བསྔོ་བ། གཞུང་འདི་ཉིད་བྱས་པས་བསོད་ནམས་གང་ཞིག་བསམ་ཡས་ཤིང་། དེ་ཉིད་རྟོན་པ་དང་ལྡན་པའི་ཚོགས་གཉིས་ཁྱད་འཕགས་སུ་གྱུར་པས་བཟང་པོ་བདག་གིས་བསྐྱེད་པ་དེས། འཇིག་རྟེན་མ་ལུས་པས་སངས་རྒྱས་ཀྱི། ཡེ་ཤེས་བཞིའམ་ལྔ་པོ་ལ་ནི་གཞོལ་བར་ཤོག་ཅིག་པའོ། །རྩ་བའི་གསུམ་པ་མཇུག་གི་དོན་ལ་གཉིས། མཛད་བྱང་སྨོས་པ་དང་། འགྱུར་བྱང་བསྟན་པའོ། །དང་པོ་ནི། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་འཕགས་པ་ལྷའི་ཞལ་སྔ་ནས་ཀྱི་མཛད་པ་རྫོགས་སོ། །གཉིས་པ་ནི། རྒྱ་གར་གྱི་མཁན་པོ་ཀྲི་ཥྞ་པ་དང་། ལོ་ཙ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།འཇིག་རྟེན་འདི་ན་ཉི་མ་ཇི་བཞིན་དུ། །ཡོངས་ལ་གསལ་


MR12_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཟབ་མོ་ལྟ་བའི་གཞུང་། །རྣམ་པར་འབྱེད་པ་འཕགས་པའི་བཞེད་གཞུང་མཆོག །འཇམ་མགོན་བླ་མས་མཆན་གྱིས་གསལ་བར་མཛད། །དེ་ཉིད་མཆོག་ཏུ་དགའ་དང་དྭངས་པའི་བློས། །ལེགས་པར་བཤུས་ལས་བསོད་ནམས་གང་ཐོབ་པ། །དེ་ཡིས་འགྲོ་ཀུན་ཟབ་མོ་དེ་ཁོ་ན། །ལེགས་རྟོགས་ཐམས་ཅད་མཁྱེན་པ་ཉིད་གྱུར་ཅིག །ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་མཆན་འགྲེལ་གངས་ཅན་སྨྲ་བའི་སེང་གེ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཕྱག་བྲིས་ལས། ལྕགས་སྤྲེལ་ལོར་ཞེ་ཆེན་རི་ཁྲོད་དུ་གུས་འབངས་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཞལ་བཤུས་བགྱིས་ཤིང་སློབ་དཔོན་བྱང་ཆུབ་བཟང་པོའི་འགྲེལ་བ་དང་བསྟུན་ཏེ་ཞུས་དག་བགྱིས་པའོ། །འདིའི་གྲུབ་མཐའ་རྒྱས་པར་ཤེས་འདོད་ན་སློབ་དཔོན་དགྲ་ལས་རྣམ་རྒྱལ་གྱིས་མཛད་པའི་བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་བཤད་པ་ལས་རྟོགས་པར་བྱའོ།། ༈ །།རྒྱ་གར་སྐད་དུ། ཧསྟཱ་བྷ་བ་པྲ་ཀ་ར་ཎ་ཀཱ་རི་ཀཱ། བོད་སྐད་དུ། རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པ། བཅོམ་ལྡན་འདས་ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །གང་ཞིག་ཐག་པ་ལ་ནི་སྦྲུལ་ལམ་སྙམ་དུ་འཛིན་ཅིང་འཁྲུལ་པ་ཅན་དེས། གལ་ཏེ་ཐག་པར་མཐོང་ན་སྦྲུལ་འཛིན་དོན་མེད་དོ། །ཐག་པ་དེའི་ཆ་སྣལ་མ་སོགས་མཐོང་ཐག་པ་དེ་ལ་ཡང་། སྦྲུལ་དུ་འཁྲུལ་པ་བཞིན་ཐག་འཛིན་ཤེས་པ་ཡང་འཁྲུལ་པ་ཡིན་ཡང་དེའི་ཆ་དང་ཆ་ཅན་རིམ་པས་བརྟགས་པས་ཐམས་ཅད་སྦྲུལ་ཇི་ལྟར་ཆ་ལ་བརྟགས་པར་འགྱུར་ལ། དེ་བཞིན་ཤིང་རྟ་དང་བུམ་པ་སྣམ་བུ་རྫ་མ་


MR12_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཕོར་བུ་སོགས་བརྟགས་པར་བྱ་བའི་དངོས་པོ་ཐམས་ཅད་ལ། རང་རང་གི་ངོ་བོ་གང་ཡིན་ཞེས་བློས་བརྟགས་པ་ན། ཀུན་རྫོབ་ཐ་སྙད་པའི་ཤེས་པའི་སྤྱོད་ཡུལ་དམིགས་ཤིང་གང་རུང་དུ་ཡོད་པ་ཆོས་གཞན་ལས་དེ་དང་དེར་བཏགས་ནས་དེར་བཟུང་བ་ཙམ་ལས་རང་གི་ངོ་བོས་མེད་དོ། །དེ་ལྟར་རྩོམ་གཞི་རྡུལ་ཕྲན་ཆ་མེད་པར་དུ་ཕྱེ་ཞིང་ཆ་མེད་ལ་དཔྱད་ན་ངོ་བོ་ཡོད་པ་ཉིད་དུ་བརྟགས་པར་བྱ་བ་མིན་པའི་ཕྱིར། དངོས་པོ་རྣམས་ཀྱི་གདགས་གཞི་ཐ་མ་ཡང་ནི་ཅུང་ཟད་ཀྱང་མེད་པར་མཚུངས་སོ། །དེ་ཕྱིར་མཁས་པས་ཁམས་གསུམ་པོ་ཐམས་ཅད་འཁྲུལ་བ་ཙམ་དུ་རབ་རིབ་ལ་སོགས་པ་ལྟར་སྣང་གི་ཡང་དག་པའི་དོན་དུ་ཡོད་པ་མིན་པར་བརྟགས་པར་བྱའོ། །གལ་ཏེ་ཡུལ་མེད་ཀྱང་འཁྲུལ་ཤེས་ཡོད་དགོས་སོ་སྙམ་ན། དེ་ལྟར་མེད་པ་ལ་འཛིན་པའི་ཤེས་པ་དེ་འཁྲུལ་བ་ཡིན་ན་ཤེས་པ་དེ་ཡང་མ་དག་པ་ཡིན་པའི་ཕྱིར། གལ་ཏེ་ཡུལ་ཡོད་ན་ཇི་ལྟར་སྣང་བ་མ་འཁྲུལ་ཡང་དེ་ལྟར་མེད་པ་བཤད་ཟིན་ཏོ། །དོན་ཡོད་པ་མ་ཡིན་པར་དོན་དུ་སྣང་བ་ནི། ཇི་ལྟར་དོན་དེ་ཡི་བདག་ཉིད་ཅན་དུ་འགྱུར་བས་བཟུང་བར་མི་འགྱུར་རོ། །གང་ཞིག་དེ་ལྟར་ཞིབ་མོའི་བློ་ཡིས་ནི། ཀུན་རྫོབ་སྣང་བ་ཐམས་ཅད་བློས་བཏགས་པའི་བརྟགས་པ་ཁོ་ནར་ཤེས་པའི་བློ་ལྡན་དེ་ནི་འདོད་ཆགས་ལ་སོགས། ཉོན་མོངས་པ་རྣམས་བདེ་བླག་གམ་བདེ་བར་ཇི་ལྟར་ན་ཐག་པ་མཐོང་བས་སྦྲུལ་གྱིས་འཇིགས་ཤིང་སྐྲག་པ་ཞི་བ་བཞིན་དུ་སྤོང་ངོ་། །འཇིག་རྟེན་པ་ཡི་དོན་ནི་བཏགས་པ་ཙམ་དུ་རྟོགས་པས། འཇིག་རྟེན་ན་ཇི་སྐད་གྲགས་པ་བཞིན་དུ་ཐ་སྙད་རྣམས་མ་དཔྱད་པར་བསྒྲུབ་པར་བྱ། ཆོས་རྣམས་ལ་དེར་ཞེན་པའི་དབང་གིས་བྱུང་བའི་ཀུན་ནས་ཉོན་མོངས་པ་རྣམས་སྤོང་བར་འདད་པས། དོན་དམ་པའི་མཚན་ཉིད་ཅན་གྱི་དོན་གྱིས་དངོས་པོ་རྣམས་ཡོད་མེད་བཙལ་པར་བྱའོ། །རབ་ཏུ་བྱེད་པ་ལག་པའི་ཚད་ཀྱི་ཚིག་ལེའུར་བྱས་པ་སློབ་དཔོན་འཕགས་པ་ལྷས་མཛད་པ་རྫོགས་སོ།། ༄༅། །གཞི་ལམ་འབྲས་བུའི་ཤན་


MR12_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

འབྱེད་སངས་རྒྱས་པདྨའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་མཉྫུ་ཤྲཱི་བཛྲ་ཏཱིཀྵྞ་ཡ། རྨད་བྱུང་བརྩེ་མཆོག་གསེར་གྱི་སྙིང་པོའི་སྤྲིན། །མཁྱེན་བཟང་རིག་ལམ་འབུམ་གྱི་གློག་ཕྲེང་ཅན། །འཆད་རྩོད་རྩོམ་པའི་སྙན་འགྱུར་འབྲུག་སྒྲས་མཛེས། །ཕན་བདེ་ནོར་བུའི་ཆར་འཛིན་དེ་ལ་འདུད། །གཞུང་མང་མེ་ཏོག་རྒྱས་པའི་ཚལ་ཀུན་ཏུ། །རྣམ་དཔྱོད་བུང་བ་འགྱུ་བའི་སྐལ་བཟང་ལ། །བློ་གྲོས་ལང་ཚོ་ངོམས་པའི་རྣམ་འགྱུར་འགའ། །ལེགས་བཤད་སྦྲང་རྩིའི་ཟོལ་གྱིས་འདི་ན་བཞག །ཇི་ལྟར་སེང་གེའི་ང་རོ་ནི། ། རི་དྭགས་རྣམས་ཀྱི་སྙིང་ལ་གཟན། །དེ་བཞིན་སྟོང་ངོ་ཞེས་བརྗོད་ན། །ཉན་ཐོས་རྣམས་ནི་སྐྲག་ཅིང་སྨོད། །འོན་ཀྱང་སྟོང་ཉིད་ཅེས་མི་བདེན། །དེ་བཞིན་ཐེག་མཆོག་ཨ་ཏིའི་ཆོས། །འོག་མིའི་ཁུར་དུ་མི་བཟོད་ཀྱང་། །ཅི་ཕྱིར་ཐེག་ཆེན་མི་བདེན་མིན། །གང་དུ་ཆོས་སུ་ཅི་སྣང་བ། །རང་བཞིན་གདོད་ནས་དག་པ་ཡི། །ལྷུན་གྲུབ་ཡེ་ཤེས་སངས་རྒྱས་ཉིད། །དེས་ན་སངས་རྒྱས་འབའ་ཞིག་ལས། །ནམ་ཡང་གཞན་དུ་མི་རྙེད་དོ། །སྡུག་ཀུན་ལམ་གྱི་བདེན་པ་རྣམས། །འདི་དོན་མ་མཐོང་མཐོང་ཕྱིར་ཏེ། །མཐོང་ན་གང་ལས་མི་འདའ་བ། །དེ་ནི་གྲུབ་མཐའི་སྙིང་ནོར་འདོད། །ཇི་ལྟར་འཁྲུལ་དང་མ་འཁྲུལ་བའི། །གནས་སྐབས་བློ་ཡི་བཞག་པའི་དོན། །གང་བཟུང་ཞེ་ན་ཕྱི་མ་སྟེ། །འཁྲུལ་པ་ཟད་པར་སྤངས་ཏེ་གྲུབ། །གལ་ཏེ་སྡུག་བསྔལ་ཀུན་འབྱུང་དག །ངེས་པར་འགྲུབ་པ་ཞིག་ན་ནི། །སུ་ཞིག་སངས་རྒྱས་འགྲུབ་པར་འགྱུར། །མ་གྲུབ་དབྱིངས་དེ་ཡེ་སངས་རྒྱས། ༈ །ཇི་ལྟར་འཐོར་རླུང་གཡོ་བ་ཡིས། །སྒྲོན་མེ་ཆུང་ངུ་གསོད་བྱེད་ཀྱང་། །ནགས་ལ་མེ་ཆེན་མཆེད་པ་ན། །མེ་སྟོབས་སྦར་བའི་གྲོགས་སུ་འགྱུར། །དེ་བཞིན་ཆགས་སོགས་ཉོན་མོངས་གིས། །བློ་ཆུང་རྣམས་ལ་ཡེ་ཤེས་སྒྲིབ། །ཡེ་ཤེས་ཆེན་པོ་འབར་བ་ན། །དེ་ཉིད་གྲོགས་སུ་འཆར་བ་ཡིན། །དེས་ན་ཡེ་ཤེས་སྒྲིབ་ཅེས་པ། །བློ་ལ་ལྟོས་ཀྱི་དོན་ལ་སྨིན། །དོན་ནི་ཡེ་ཤེས་ཆོས་སྐུ་ལ། །སྒྲིབ་པར་ནུས་པ་དེ་སུ་ཞིག །འཁྲུལ་སྣང་གཞོམ་པ་དོན་དམ་དེ། །


MR12_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་སུས་ཀྱང་མི་ཤིགས་པས། །དེ་ལ་ཅི་ལྟར་སྣང་བ་དེ། །ཡང་དག་ཉིད་ཡིན་དེ་གྲུབ་མཐའ། །ཐ་སྡུ་ན་ཀུན་འདི། སྙད་འདི་ཀུན་མི་རུང་བས། །ཀུན་རྫོབ་རྩད་འཁྲུལ་བའི་ཀུན་རྫོབ། ནས་འཇིག་ཞེ་ན། །རྨོངས་སོགས་ཉོན་མོངས་བརྟེན་གྱིས་དང་། །རེ་ཞིག་ཁྱོད་ལ་བརྟེན་ཀྱང་སྲིད། །ཅི་ལྟར་འཁོར་བ་འགྲུབ་ཅེ་ན། །རབ་རིབ་སྣང་བའི་མིག་སྐྱོན་བཞིན། །འཁྲུལ་པས་བྱས་པ་དེ་སེལ་བའི། །གཉེན་མཆོག་ད་རུང་མི་བརྟེན་ནམ། །འཁྲུལ་ཞེས་རྒྱུ་དང་འབྲས་བུ་ནི། །གང་ན་དོན་དམ་སུ་ཡོད་ན། །དེ་དག་དོན་དམ་ཡེ་ཤེས་ལས། །གཞན་པས་དེ་དག་སངས་རྒྱས་མིན། །ཐམས་ཅད་ཡེ་ཤེས་འབའ་ཞིག་ན། །གང་གིས་བཅིངས་ཏེ་འཁོར་ཞེ་ན། །ཐམས་ཅད་སྟོང་ཉིད་འབའ་ཞིག་ཀྱང་། །གང་གིས་བཅིངས་ཏེ་འཁོར་བ་སོམས། །གང་ཚེ་གྲུབ་ལ་ཞུགས་པ་ན། །ཅི་ལྟར་བརྟགས་ཀྱང་རི་མགུལ་མཐོང་། །དེ་ཀུན་རང་ལས་བྱུང་བ་སྟེ། །ཕ་རོལ་སོན་ན་དེ་མི་སྣང་། །དེ་བཞིན་ཟབ་མོའི་གནས་ལུགས་ལ། །ཅི་ལྟར་བརྟགས་ཀྱང་མི་བསྐྱོད་མོད། །བསྐྱོད་པར་སྣང་བ་རང་གི་བློས། །མཁའ་ལ་མདུད་པ་བོར་བ་ཡིན། ༈ །སྤྲོས་བྲལ་ཤིན་ཏུ་དྲི་མེད་ཆོས་ཀྱི་དབྱིངས། །མི་བཟད་བྱང་ཆུབ་ཡོན་ཏན་མཆོག་གི་གནས། །ཀ་དག་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ནི། །མཐར་ཐུག་སྙིང་པོའི་རྒྱལ་བ་ཉིད་དུ་གསུངས། །མཁའ་ལྟར་རྟག་ཁྱབ་རྡོ་རྗེའི་སྐུ་དེ་ནི། །གཙང་བདེ་བདག་གི་དམ་པ་ཡིན་མོད་ཀྱི། །མི་སྟོང་ཡོད་པ་ཁོ་


MR12_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ནའི་ཕྱོགས་ལྷུང་མིན། །སྟོང་ཞིང་དག་པ་གཞོམ་དུ་མེད་པ་ཡིན། །དེ་ཉིད་རིང་པོའི་དུས་ནའམ། །ཡང་ན་ད་ལྟ་ཉིད་ཀྱང་རུང་། །ནམ་ཞིག་མངོན་དུ་བྱས་པ་ན། །དེ་ཚེ་ཡང་དག་རྫོགས་སངས་རྒྱས། །གལ་ཏེ་དུས་ཀྱི་དབང་དུ་ན། །ཚད་མེད་བསོད་ནམས་ཕུང་པོ་དེ། །དུས་གསུམ་སྐད་ཅིག་ཆ་སྙེད་ཀྱི། །སྐལ་པར་བསྐྲུན་ཀྱང་ག་ལ་འགྲུབ། །གྲངས་མེད་གསུམ་སོགས་གསུངས་པ་ནི། །ལམ་ལ་ལྟོས་ཀྱི་དོན་དུ་མིན། །གལ་ཏེ་ཡུན་རིང་འབད་དགོས་ན། །ཚེ་གཅིག་གིས་འགྲུབ་རྒྱལ་དེས་ཅི། །དེ་ཡན་ནི་འབྲས་བུ་བཤད་པའམ། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་དེ། །གཞི་འབྲས་དབྱེར་མེད་བདེ་གཤེགས་སྙིང་། །རང་གི་ངོ་བོ་རྒྱུ་རྐྱེན་བྲལ། །ལྷུན་གྲུབ་འདུས་མ་བྱས་ཉིད་དོ། །བདེ་གཤེགས་སྙིང་པོ་རྒྱལ་མིན་ཡང་། །ལམ་གྱི་སྟོབས་ལས་དེར་འགྱུར་ན། །བཅོས་མ་འདུས་བྱས་རྒྱལ་བ་དེ། །མི་རྟག་རྒྱུན་ཆད་རྩིས་མ་ཡིན། །དེ་གཞིའོ། །ཇི་ལྟར་བྱ་ལ་གཤོག་པ་ནི། །ཟུང་མེད་མཁའ་ལ་བསྒྲོད་མི་ནུས། །དེ་བཞིན་ཐབས་ཤེས་བྲལ་བའི་ལམ། །ཡང་དག་མིན་ཅེས་རྒྱལ་བས་གསུངས། །དེ་སླད་མེད་དགག་སྟོང་རྐྱང་ཙམ། །སྙིང་རྗེའི་ལམ་དང་མ་འབྲེལ་བར། །དེ་གཉིས་རེ་རེས་


MR12_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་མཆོག །འཐོབ་པ་རྒྱལ་བས་གསུངས་པ་མེད། །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །དེ་འཐོབ་ལམ་ལ་ཐབས་ཤེས་གཉིས། །མེད་ན་མི་མཐོང་རྒྱུ་ཡི་ཕྱིར། །སྟོང་ཆེན་ལྔ་བདག་བདེ་བ་ཝྃ་གྱི་ཚུལ། །སྙིང་རྗེའི་དམ་པ་མཐའ་ཡས་པ་ཡི་ཐབས། །ཐིག་ལེ་སྟོང་དྲུག་འདུས་པའི་ཨེ་ཀློང་དུ། །ཞུགས་པའི་ལམ་གྱི་ཡེ་ཤེས་མངོན་བྱེད་གསུངས། །དེས་ན་སྟོང་དང་ཡེ་ཤེས་གཉིས། །ཟུང་དུ་ཞུགས་པའི་ལམ་ཁྱད་ཀྱིས། །ཡེ་ཤེས་ལ་སྦྱོར་རྒྱུ་ཉིད་ལས། །ཡེ་ཤེས་ཉིད་བསྒྲུབས་འབྲས་བུར་བཤད། །དེ་ལྟར་ཐབས་ཤེས་འབྲེལ་དེའང་། །ཐབས་ཤེས་ཅི་ལྟར་ཉེ་གྱུར་པ། །དེ་དང་དེ་ལྟར་རྒྱལ་བ་ཉིད། །འགྲུབ་པའི་ལམ་ལ་ཁྱད་ཞུགས་པས། །ཐབས་ཤེས་རང་བཞིན་ངང་གིས་ཡང་། །འདུ་འབྲལ་མེད་པའི་འབྲས་བུ་ལ། །ལམ་བྱེད་ཨ་ཏི་ཡོ་ག་ལས། །ལྷག་པའི་ཐེག་པ་མི་རྙེད་ནས། །གང་ཕྱིར་གཉིས་མེད་ཡེ་ཤེས་ནི། །དེ་བཞིན་གཤེགས་མཐར་ཐུག་པས་ན། །དེ་ལས་ལྷག་པར་གྱུར་ཡོད་པ། །ཤཱཀྱའི་རིང་ལུགས་ལ་ནི་མེད། །དེ་ལམ་དེ་འབྲས་སངས་རྒྱས་པས། །གདོད་ནས་སངས་རྒྱས་མིན་ཞེ་ན། །འདི་ནི་སོར་རྟོག་ཤེས་རབ་ཀྱིས། །ཤན་འབྱེད་ཡིན་གྱི་ལ་ཟློས་མིན། །གལ་ཏེ་ཤན་འབྱེད་


MR12_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་ཡང་། །མིང་ཙམ་བྲོས་པས་དེར་འགྱུར་ན། །དབུ་མའི་གཞུང་དུ་དངོས་པོ་རྣམས། །སྨྲོས་པས་སྟོང་ཉིད་དངོས་འགྱུར་རམ། །རྒྱལ་ཉིད་ཡིན་ཀྱང་ལམ་དེ་གང་། །མ་ཐོབ་པ་ལ་མི་སྣང་སྟེ། །ཇི་ལྟར་སྟོང་པ་རྟག་གནས་ཀྱང་། །ལམ་མ་ཞུགས་ལ་ཅི་ལྟར་སྣང་། །ཐབས་ཤེས་འདུ་འབྲལ་མེད་པ་ཡི། །དེ་བཞིན་གཤེགས་པའི་སྙིང་པོ་དེ། །ས་བཅུའི་སེམས་དཔའ་ཆེན་པོས་ཀྱང་། །མཚན་མའི་གཟུགས་ལྟར་མི་གསལ་ཞེས། །གསུངས་ཕྱིར་རྟོག་གེའི་ཡུལ་མིན་ཡང་། །ཐབས་ཤེས་ཟུང་འཇུག་ལམ་ཁྱད་ཀྱིས། །དབྱེར་མེད་སྲས་སུ་གྲུབ་པ་ཡི། །ཡེ་ཤེས་པྲ་ཕབ་ལྟ་བུར་སྣང་། །ཡེ་ཤེས་ལམ་བྱེད་མི་ནུས་ན། །སྟོང་ཉིད་གཙོ་བོས་བགས་རྒྱུད་ལ། །ཡོད་དེར་འཇུག་པའི་ཐབས་མེད་དམ། །སྔགས་ཀྱི་ཉེ་ལམ་དགོས་པ་ཅི། །འོ་ན་ལམ་གྱི་ཅི་བྱ་ན། །གཤིས་ཀྱི་ཡེ་ཤེས་དེ་མཐོང་ཕྱིར། །ཇི་ལྟར་གཟུགས་ནི་འགྱུར་མིན་ཡང་། །མིག་སྐྱོན་སེལ་བའི་སྨན་བཞིན་ནོ། །གལ་ཏེ་མིག་སྐྱོན་ལྟ་བུ་འདི། །འཁོར་བ་ཉིད་དུ་གྲུབ་ཞེ་ན། །ཐ་སྙད་ཤན་འབྱེད་སྐབས་སུ་ནི། །དེ་འདྲ་རུང་སྟེ་འཁོར་འདས་ནི། །རིག་དང་མ་རིག་ཁྱད་ཅེས་གསུངས། །འོན་ཀྱང་དོན་དམ་ལྟ་བའི་གཞིར། །མིག་སྐྱོན་ལྟ་བུའི་མི་རིག་པའང་། །ཡང་དག་མ་གྲུབ་དབྱིབས་ཉིད་དོ། །ཨེ་མ་སྟོན་མཆོག་


MR12_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དེས། །བློ་ངན་བཟློག་པའི་ཐེག་རིམ་ནི། །སྐས་ཀྱི་གདངས་བུ་ལྟ་བུར་བསྟན། །མཐར་ཕྱིན་གཉིས་མེད་ཡེ་ཤེས་ཡིན། །དེ་ལྟར་བསམ་གྱིས་མི་ཁྱབ་རྒྱལ་བའི་དབྱིངས། །གྲངས་མེད་འགྲོ་བ་ཀུན་གྱི་རྟེན་གྱུར་པ། །ནམ་ཞིག་བདག་གི་མངོན་དུ་བྱ་སྙམ་དུ། །ལམ་མཆོག་མཐར་ཐུག་གྱུར་ལ་སྲེད་པ་འཕེལ། །ཤན་འབྱེད་སོ་སོར་རྟོགས་པའི་ཤེས་རབ་ལས། །དངོས་ཀུན་ཡེ་ཤེས་གཅིག་པུར་ལ་ཟློ་བའི། །ལྟ་དང་ཁས་ལེན་བསྲེས་ནས་རྨོངས་རྣམས་ལ། །གཞུང་བཞིན་གོ་བདེར་བཤད་པའི་དགེ་བ་ཡིས། །ལྟ་མཆོག་རྒྱལ་པོ་བརྟེན་པའི་བློ་གྲོས་ལས། །མི་ཟད་སྤོབས་པ་སེང་གེའི་སྒྲ་དབྱངས་ཀྱིས། །ལྟ་དམན་རི་དྭགས་བྱེ་བ་ཟིལ་གནོན་ཅིང་། །དྲི་མེད་ཡེ་ཤེས་སྤྱན་བཟང་འབྱེད་གྱུར་ཅིག །བློ་ངན་ཕལ་ཆེའི་སྙིང་ལ་ཞུགས་པའི་ཡིད་ལ་འཕྲིག་གཟུད་པའི་ཚིག་རེ་ཟུང་ངོ་། །ཞེས་པའང་བློ་གྲོས་དྲི་མེད་དུ་འབོད་པའི་གྱི་ན་པས་རང་ལོ་ཉེར་ལྔ་ལྕགས་རྟ་ཟླ་༡༢ཚེས་༢༣ལ་བྲིས་པ་མངྒ་ལཾ།། །།


previousཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་མཆན་འགྲེལ་མུ་ཏིག་གི་ཕྲེང་བ།next