Nitartha Digital Library
Tibetan
གླེགས་བམ་བཅུ་གཉིས་པ།


   
   
   
   
   
   
   
   
   
   
ཉི་ཤུ་པའི་ཚིག་ལེའུར་བྱས་པའི་མཆན་འགྲེལ།
   
   
   
   
   
   
   
   
   
   
   


 
previousཉི་ཤུ་པའི་ཚིག་ལེའུར་བྱས་པའི་མཆན་འགྲེལ།next

ཉི་ཤུ་པའི་ཚིག་ལེའུར་བྱས་པའི་མཆན་འགྲེལ།


MR12_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཤུ་པའི་ཚིག་ལེའུར་བྱས་པའི་མཆན་འགྲེལ་བཞུགས་སོ། །


MR12_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བི༷ངྴ་ཀ་ཀཱ་རི་ཀཱ། བོད་སྐད་དུ། ཉི་ཤུ་པའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོ་ལས་ཁམས་གསུམ་པོ་རྣམ་རིག་ཙམ་དུ་རྣམ་པར་བཞག་པ་སྟེ། མདོ་ལས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་འབྱུང་བའི་ཕྱིར་རོ། །སེམས་དང་ཡིད་དང་རྣམ་ཤེས་དང་རྣམ་པར་རིག་པ་ཞེས་བྱ་བ་ནི་རྣམ་གྲངས་སོ། །སེམས་དེ་ཡང་མཚུངས་ལྡན་དང་བཅས་པར་དགོངས་པའོ། །ཙམ་སྒྲས་ཕྱི་དོན་དགག་པའོ། །དེས་ན་ཁམས་གསུམ་གྱི་སྣང་བ་འདི་དག་ནི་རྣམ་པ་རང་གི་རྣམ་པར་རིག་པ་ཙམ་ཉིད་དེ། གཟུང་འཛིན་ཐ་དད་དུ་ཡོད་པ་མ་ཡིན་པའི་དོན་སྣང་བའི་ཕྱིར།དཔེར་ན་རབ་རིབ་ཅན་དག་གིས། སྐྲ་ཤད་དང་ཟླ་གཉིས་ལ་སོགས་པ་མེད་པ་མཐོང་བ་བཞིན་ནོ། །དེ་ལ་བརྒལ་བ། གལ་ཏེ་རྣམ་པར་རིག་པ་ཙམ་ལ ས་དོན་ཡོད་པ་མིན་ན། ཅིའི་ཕྱིར་ཡུལ་ལ་ལར་བུམ་སོགས་ཀྱི་སྣང་བ་འབྱུང་བ་དང་དུས་ལ་ལར་ཡང་དེ་ལྟར་ངེས་པ་མེད་ཅིང་། ཡུལ་དུས་དེར་འཁོད་པ་རྣམས་ཀྱི་སེམས་ཀྱང་ངེས་མེད་མ་ཡིན་པར་འགྱུར་ལ། རབ་རིབ་ཅན་ལ་སྐྲ་ཤད་གྲོང་སོགས་སྣང་བས་དེ་དེའི་བྱ་བ་མི་བྱེད་ལ་སྐྲ་དངོས་ཀྱི་བྱ་བ་བྱེད་པའང་མི་རིགས་པར་འགྱུར་རོ། །ཞེས་སྣང་བ་རྣམས་ཡུལ་དུས་རེས་འགར་ངེས་པ་དང་། སེམས་ཀྱང་ངེས་ལ། སྐྲ་ཤད་དང་། དྲི་ཟའི་གྲོང་ཁྱེར་དང་། རྨི་ལམ་གྱི་ཟས་སོགས་ཀྱིས་བྱ་བ་དེ་དང་དེ་མི་བྱེད་ལ། སྐྲ་དང་གྲོང་དང་ཟས་སོགས་ཀྱིས་བྱེད་པའི་ངེས་པ་འདི་


MR12_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཐད་དེ་ཕྱི་དོན་མེད་ན་རྣམ་རིག་དེར་སྣང་བ་ཙམ་དུ་ཁྱད་མེད་པས་སོ་སྙམ་དུ་རྩོད་པའོ། །དེ་ལ་ཡུལ་དང་དུས་དང་དེ་བཞིན་སེམས་ལ་སོགས་པ་རེས་འགའ་བར་ངེས་པས་འགྲུབ་སྟེ། ཇི་ལྟར་ན་རྨི་ལམ་ན་ཡང་གྲོང་དང་སྐྱེས་པ་བུད་མེད་ཀུན་དགའ་ར་བ་སོགས་གང་དག་སྣང་གི་ཐམས་ཅད་མི་སྣང་བ་བཞིན་དུ་ཡུལ་དུས་ཀྱི་སྣང་བ་རྣམས་ཀྱང་རེས་འགའ་བར་སྣང་གི་ཐམས་ཅད་ཐམས་ཅད་དུ་སྣང་བ་མ་ཡིན་པའི་ཕྱིར་རྨི་ལམ་དང་འདྲའོ་སེམས་ཀྱང་ཡུལ་གྱི་དབང་གིས་འབྱུང་བའི་ངེས་པ་མེད་དེ། དཔེར་ན་ཡི་དྭགས་བཞིན་ཏེ་ཇི་ལྟར་ན་ལས་མཚུངས་པ་དེ་ཐམས་ཅད་ཀྱིས། ཆུ་ཀླུང་དྲི་མ་མེད་པ་ལ་རྣག་དང་གཅིན་མེ་མུར་ལ་སོགས་སུ་མཐོང་བ་བཞིན། བྱ་བྱེད་ཀྱང་ཡུལ་གྱི་རང་དབང་གིས་མིན་ཏེ་རྨི་ལམ་ན་གཉིས་སྤྲོད་རྨིས་པ་དེ་གཉིས་ཕྲད་པ་མེད་ཀྱང་ཁུ་བ་འབྱུང་བའི་གནོད་པ་དང་འདྲ། ཐམས་ཅད་ཀྱི་སྣང་བ་ཡང་ལས་སྣང་སྟེ་དཔེར་ན་སེམས་ཅན་དམྱལ་བ་པ་བཞིན་ཏེ། དེ་དག་གིས་སེམས་ཅན་དམྱལ་བའི་སྲུང་མ་ཁྱི་དང་བྱ་རོག་ལྕགས་ཀྱི་རི་སོགས་མཐོང་བ་དང་། དེ་དག་གིས་ནི་སེམས་ཅན་དེ་རྣམས་ལ་དངོས་སུ་གནོད་པའི་ཕྱིར་རོ། །དམྱལ་སྲུང་དང་བྱ་ཁྱི་སོགས་སེམས་ཅན་དངོས་མ་ཡིན་ནམ་ཞེ་ན་ཡིན་པར་མི་འཐད་དེ། དེ་དག་གིས་སྡུག་བསྔལ་མི་མྱོང་བའི་ཕྱིར་ཏེ། དེ་དག་ལྕགས་སྲེག་གི་ས་གཞི་སོགས་ཀྱིས་གནོད་ན་ཇི་ལྟར་གཞན་མནར། དེ་དག་དམྱལ་བའི་སྡུག་བསྔལ་མྱོང་བའི་དམྱལ་བ་པ་མ་ཡིན་ཏེ་དམྱལ་སྲུང་ཞེས་བཞག་གོ། དེ་ལྟ་ན་དུད་འགྲོ་མཐོ་རིས་སུ་འབྱུང་


MR12_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བའང་དུད་འགྲོ་མིན་པའམ། ཡིན་ན་དམྱལ་སྲུང་དེ་དག་ཀྱང་ཡི་དྭགས་ཀྱི་རིགས་དང་བྱ་སོགས་དུད་འགྲོས་བསྡུས་སྙམ་ན། ཇི་ལྟར་དུད་འགྲོ་རྣམས་མཐོ་རིས་སུ། འབྱུང་བ་དེ་ལྟར་དམྱལ་བ་ན་འབྱུང་བ་མིན་ལ། དམྱལ་སྲུང་རྣམས་ཡི་དྭགས་ཀྱང་མིན་ཏེ་ཅིའི་ཕྱིར་ན་འདི་ལྟ་བུར། དམྱལ་བ་དེ་ན་ཡོད་པའི་སྡུག་བསྔལ་དེས་མི་མྱོང་བའི་ཕྱིར་རོ། །གལ་ཏེ་དམྱལ་བ་པ་དེ་ཡི་ལས་ཀྱིས་དེར། ལྕགས་སྲེག་གིས་གཞི་དང་ཆུ་ཚན་སོགས་འབྱུང་བ་དག་ནི་འབྱུང་བ་དང་། དེ་བཞིན་རྣམ་པ་གཞན་དུ་འགྱུར་བ་འདོད་ན་གོ། ལས་ཀྱི་རྣམ་སྨིན་གྱི་དབང་གིས་རྣམ་པར་ཤེས་པ་ཉིད་སྣང་བ་དེ་ལྟ་བུར་གྱུར་པ་ཅིས་མི་འདོད་དེ་འབྱུང་བ་ཕྱི་དོན་དུ་འདོད་ཅེས་སོ། །མཐོ་རིས་ཀྱི་དུད་འགྲོ་རྣམས་ནི་སྣོད་ཀྱི་འཇིག་རྟེན་དེའི་བདེ་བ་མྱོང་བར་འགྱུར་བའི་ལས་ཀྱིས་དེར་སྐྱེ་ཞིང་དེ་ན་ཡོད་པའི་བདེ་བ་མྱོང་ངོ་། །དམྱལ་སྲུང་རྣམས་ནི་དམྱལ་བ་པའི་ལས་ཀྱིས་དཔེར་ན་ལུག་ལྟ་བུའི་རི་ཆེན་པོ་དག་འོང་བ་དང་འགྲོ་བ་དང་། ལྕགས་ཀྱི་ཤལ་མ་ལའི་ནགས་ས་ཚེར་མ་ཁ་ཐུར་ལྟ་དང་གྱེན་བསྟན་འབྱུང་བ་ལྟར་ལས་ཀྱི་དབང་གིས་དེར་སྣང་བར་ཟད་དོ། །དོན་སྣང་སེམས་ལས་གཞན་ན་འབྱུང་བ་དེ་རྒྱུ་དང་འགྱུར་བར་ཡང་རྟོག་པའི་ལས་དེའི་ལས་ཀྱི་བག་ཆགས་ལ། དེའི་འབྲས་བུ་དག་ནི་ཕྱི་དོན་གཞན་དུ་རྟོག། སེམས་ཀྱི་རྒྱུད་གང་ན་སྣང་བ་སྣང་འགྱུར་གྱི་བག་ཆགས་ཡོད་པ་དེར། དེའི་འབྲས་བུ་རྣམ་ཤེས་འགྱུར་བ་དེ་འདྲ་ཅིའི་ཕྱིར་ན་འདོད་པར་མི་བྱ་ཞེས་སོ། །འདི་ལུང་ལས་འདོད་དེ། སངས་རྒྱས་ཀྱིས་གཟུགས་སོགས་ཀྱི་སྐྱེ་མཆེད་ཡོད་པར་གསུངས་


MR12_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ་ཟེར་ན་གཟུགས་སོགས་སྐྱེ་མཆེད་ཡོད་པ་གསུངས་པ་ནི། ཕྱི་དོན་ལ་དགའ་བ་ཐབས་དེས་འདུལ་བ་ཡི་སྐྱེ་བོ་ལ། དགོངས་པའི་དབང་གིས་གསུངས་པ་སྟེ། དཔེར་ན་རྫུས་ཏེ་བྱུང་བའི་སེམས་ཅན་ཡོད་དོ་ཞེས་གསུངས་པ་བཞིན་ཏེ། ཕྱི་མ་ལ་སེམས་ཀྱི་རྒྱུད་རྒྱུན་མི་ཆད་པ་ལ་དགོངས་ནས་གདུལ་བྱ་བཀྲི་བའི་ཕྱིར་དགོས་པའི་དབང་གིས་གསུངས་པ་སྟེ། བདག་གམ་སེམས་ཅན་རྫུས་སྐྱེས་དངོས་ཤིག་ཡོད་པར་གསུངས་པ་མིན་ཏེ། འདི་ན་བདག་གམ་སེམས་ཅན་མེད། །ཆོས་འདི་རྒྱུ་དང་བཅས་ལས་བྱུང་། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་གཟུགས་སོགས་ཡོད་པར་གསུངས་པ་ཅི་ལ་དགོངས་སྙམ་ན། གཟུགས་སུ་སྣང་བའི་རྣམ་རིག་རང་གི་ས་བོན་འགྱུར་བའི་བྱེ་དྲག་ཏུ་གྱུར་པ་གང་ལས་སུ། རྣམ་པར་རིག་པའི་ཆོས་ཅན་གྱི་སྣང་བ་གང་འབྱུང་བ། དེ་དག་དེ་ཡི་སྐྱེ་མཆེད་ནི། ནང་དང་ཕྱིའི་རྣམ་པ་གཉིས་ཐུབ་པས་གསུངས་ཏེ། གཟུགས་སྣང་གི་ས་བོན་འགྱུར་བའི་བྱེ་བྲག་གང་ལས་བྱུང་བའི་ས་བོན་ལ་དམིགས་དང་དེའི་སྣང་བ་གཟུགས་སོ། །དེ་བཞིན་སྒྲ་དྲི་རོ་རེག་ལའང་ཤེས་པར་བྱའོ། །དེ་ལྟར་ཕྱི་ནང་གི་ས་བོན་དང་སྨིན་པའི་ཆ་ལས་རྣམ་ཤེས་དྲུག་འབྱུང་བར་ཤེས་ན། ལྟ་བ་པོ་ནས་རེག་པ་པོའི་བར་དུ་མེད་པར་ཤེས་ནས་གང་ཟག་ནི་བདག་མེད་པར། འཇུག་པར་འགྱུར་ཏེ་དེ་ལས་གཞན་དུ་ཡང་། རྣམ་པར་རིག་པ་ཙམ་དུ་བསྟན་པས་ཆོས་ལ་བདག་མེད་པར། འཇུག་པར་འགྱུར་ཏེ་རྣམ་རིག་ཙམ་ལས་ཕྱི་དོན་མེད་པས་འཛིན་པའང་མེད་པས་བརྟགས་པའི་བདག་ཉིད་ཀྱིས་སོ། །གལ་ཏེ་ཆོས་ཐམས་


MR12_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མེད་པས་རྣམ་རིག་ཙམ་དུའང་མེད་དོ་སྙམ་ན། ཆོས་ཐམས་ཅད་མེད་པ་མ་ཡིན་ཏེ། གང་བྱིས་པ་རྣམས་ཀྱིས་མིང་དང་མཚན་མར་བཟུང་བའི་ཀུན་བརྟགས་ཀྱི་སྤྱོད་ཡུལ་ཐམས་ཅད་མེད་པ་ཡིན་གྱི་སངས་རྒྱས་ཀྱི་ཡུལ་བརྗོད་དུ་མེད་པ་ནི་རྣམ་པ་ཀུན་ཏུ་མེད་པ་མ་ཡིན་ཏེ། དེའི་ཕྱིར་དབུ་མའི་ལམ་ཡིན་གྱི། རྣམ་པ་ཐམས་ཅད་ཀྱིས་མེད་པ་ནི་དབུ་མར་མི་རུང་ངོ་། །རྣམ་པ་རིག་པ་ཙམ་ཡང་། རྣམ་རིག་གཞན་གྱིས་ཀུན་ཏུ་བརྟགས་པའི་བདག་ཉིད་ཀྱིས་བདག་མེད་པར་རྟོགས་པའི་ཕྱིར། རྣམ་རིག་ཙམ་དུ་རྣམ་པར་བཞག་པས་ཆོས་བདག་མེད་པར་འཇུག་གོ། གཟུགས་སོགས་ཡོད་བཞིན་དུ་དེ་དག་མིག་ཤེས་སོགས་ཀྱི་རྣམ་རིག་སོ་སོའི་ཡུལ་དུ་ཇི་ལྟར་མི་འགྱུར་ཞེ་ན། གཟུགས་སོགས་དེ་ནི་ཆ་མེད་པའི་གཅིག་པུ་ཞིག་ཡིན་ནའང་ཡུལ་ཅན་རྣམས་ཀྱི་ཡུལ་མིན་ལ་སྟེ་ཆ་རྣམས་ལས་གཞན་པའི་ཆ་ཅན་མེད་པས་སོ། །ཕྲ་རབ་རྡུལ་གྱི་ངོ་བོ་ཉིད་དུ་དུ་མའང་མིན་ཏེ་ཕྲ་རབ་སོ་སོ་མི་འཛིན་པའི་ཕྱིར་རོ། །རྡུལ་ཕྲ་རབ་དེ་དག་འདུས་པ་ཞེས་བྱ་བའང་མ་ཡིན་ཏེ། ཅིའི་ཕྱིར་འདི་ལྟར་རྡུལ་ཕྲན་ཉིད་མི་འགྲུབ་པའི་ཕྱིར་རོ། །ཇི་ལྟར་མ་གྲུབ་ན། ཕྱོགས་དྲུག་ནས་རྡུལ་ཕྲ་རབ་དྲུག་གིས་ཅིག་ཅར་སྦྱར་བ་ན། ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར་ཏེ་ཆ་དྲུག་པོའི་གོ་ཐ་དད་པས་སོ། །རྡུལ་དྲུག་པོ་དག་ནི་གོ་ས་གཅིག་ཡིན་ན། གོང་བུ་ཡང་རྡུལ་ཕྲན་ཙམ་དུ་འགྱུར་ཏེ་དྲུག་ཚོགས་ཀྱང་གོ་གཅིག་ལས་ཆེ་བར་མི་འགྱུར་རོ། །ཁ་ཆེའི་བྱེ་བྲག་སྨྲ་བས་ཉེས་པ་དེ་སྤོང་ཕྱིར་ཕྲ་རབ་ལ་ཆ་མེད་ཕྱིར་སྦྱོར་བ་མིན་གྱི་འདུས་པ་དག་ཕན་ཚུན་སྦྱོར་རོ་ཟེར་ན་ཡང་རྡུལ་ཕྲན་ཕན་ཚུན་སྦྱོར་བ་མེད་ན་ནི།


MR12_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་འདུས་པ་ཡོད་པ་དེ་རྒྱུ་མཚན་གང་གིས་ཡིན་ཏེ་མེད་དོ། །རྡུལ་ཕྲ་རབ་ལ་ཆ་ཤས་ཡོད་པ་མ་ཡིན་པས། དེ་ཕན་ཚུན་སྦྱོར་བ་མི་འགྲུབ་ཅེས་མ་ཟེར་ཞིག །གལ་ཏེ་ཟེར་ན་འདུས་པ་སྦྱོར་བའང་མི་འགྲུབ་པའི་ཕྱིར་རོ། །འདུས་པ་ལའང་སྦྱོར་བ་མེད་ཟེར་ན། འདུས་པ་ཆ་ཤས་དང་བཅས་པར་སྦྱོར་བ་ཁས་མི་ལེན་ན། རྡུལ་བསགས་པའི་གོང་བུར་ཇི་ལྟར་འགྱུར་ཏེ་འགྱུར་མི་རིགས་སོ། །ཕྲ་རབ་སྦྱོར་བར་འདོད་རུང་མི་འདོད་རུང་རྡུལ་གང་ལ་ཤར་སོགས་ཕྱོ༷གས་ཀྱི་ཆ་ཐ་དད་ཡོད་པ། དེ་ནི་ཆ་མེད་གཅིག་ཏུ་མི་རུང་ངོ་། །ཆ་ཐ་དད་མེད་ན་ཉི་མ་ཕོག་ཚེ་ངོས་གཞན་ལ་གྲི༷བ་མ་ཇི་ལྟར་འབབ་པ་དང་རྡུལ་རྡུལ་གཞན་གྱིས་སྒྲིབ་པར་ཡང་ཇི་ལྟར་འགྱུར་ཞིང་གཅིག་ལ་གཅིག་ཐོགས་པར་ཇི་ལྟར་འགྱུར། ཐམས་ཅད་གོ་གཅིག་ན་འདུས་པ་ཐམས་ཅད་རྡུལ་ཕྲ་རབ་ཏུ་འགྱུར་རོ། །རྡུལ་དང་གོང་བུ་གཞན་མིན་ན། ཕྲ་རབ་ལ་གྲིབ་མ་དང་སྒྲིབ་ཐོགས་སོགས་ཡོད་པར་འགྱུར་ལ། དེ་ལྟ་ན་ཆ་བཅས་སུ་འགྱུར་རོ། །སྒྲིབ་སོགས་མེད་ན་དེ་དེའི་མིན་པར་འགྱུར་བས་གོང་བུ་དེ་དག་རྡུལ་དེའི་མིན་པའམ། རྡུལ་དེ་གོང་བུའི་མིན་པར་དེ་གཉིས་ཐ་དད་དུ་འགྱུར་ལ། དེ་ལྟ་ན་རྡུལ་ཕྲ་རབ་ཀྱིས་ཅི་ཡང་མ་བྱས་པའི་གོང་བུའི་རྫས་རྩོམ་པའི་གཞི་མིན་པར་འགྱུར་བ་དང་། གོང་བུ་ཆ་ཤས་མེད་པའམ་ཆར་གསིལ་དུ་མེད་པར་འགྱུར་རིགས་ན་དེ་མི་འཐད་དོ། །དེ་དག་གོང་བུའི་ཡིན་གྱི་ཕྲ་རབ་ཀྱི་མིན་ན་རྡུལ་ཕྲ་རབ་རྣམས། གོང་བུ་ལས་གཞན་མིན་ན་གྲིབ་མ་དང་སྒྲིབ་ཐོགས་སོགས་དེ་དག་རྡུལ་དེའི་མིན་པར་གྲུབ་བོ། །འདི་འདྲའི་རྟོག་པ་འདི་ནི་གནས་པའི་


MR12_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཏེ། གཟུགས་སོགས་ཀྱི་མཚན་ཉིད་མི་ཁེགས་མ་འགག་ན་རྡུལ་ཕྲ་རབ་ཅེའམ། འདུས་པ་ཞེས་བསམ་པ་འདིའི་ཅི་བྱ་ཞེ་ན། གཟུགས་སོགས་ཀྱི་མཚན་ཉིད་གང་ཡིན། མིག་སོགས་ཀྱི་ཡུལ་ཉིད་དང་། སྔོན་པོ་སོགས་ཉིད་དོ་ཞེ་ན། ཅི་མིག་སོགས་ཀྱི་ཡུལ་སྔོ་སེར་སོགས་ཆ་མེད་ཀྱི་རྫས་གཅིག་ཡིན་ནམ་དུ་མ་ཡིན། དེས་ཅི་བྱ་ཞེ་ན་དུ་མའི་ངེས་པ་ནི་བཤད་ཟིན། རྫས་གཅིག་ན་ས་གཞན་དུ་རིམ་གྱིས་འགྲོ་བ་མེད་དེ་དེ་གོམ་གཅིག་བོར་བས་ཐམས་ཅད་དུ་སོན་པར་ཐལ་ཏེ་རྫས་ཆ་མེད་གཅིག་ཡིན་པས་སོ། །ཚུ་རོལ་གྱི་ཆ་ཟིན་པ་དང་ཕ་རོལ་ཀྱི་ཆ་མ་ཟིན་པ་ཅིག་ཅར་ཡོད་པ་མེད་པར་འགྱུར་ཏེ་རྫས་གཅིག་ལ་ཆ་གཉིས་མེད་པས་སོ། །རྟ་གླང་སོགས་གནས་པ་ཐ་དད་རིས་ཆད་དུ་མར་གནས་པ་མི་འཐད་དེ་གཅིག་གནས་པར་གཞན་ཡང་གནས་པས་གནས་པ་རིས་མ་ཆད་པར་འགྱུར་བ་དང་རྟ་གླང་སོགས་ཡུལ་གྱི་གོ་ས་གང་ནོན་པ་དང་མ་ནོན་པ་དེ་དག་གཅིག་ཏུ་ཇི་ལྟར་རུང་སྟེ་སོ་སོའི་གོ་ས་རིས་ཆད་ཐ་དད་དང་བར་ན་སྟོང་པ་བཅས་མངོན་སུམ་གཟུང་དུ་ཡོད་པའི་ཕྱིར་རོ། །གལ་ཏེ་མཚན་ཉིད་ཐ་དད་པས་རྫས་གཞན་ཁོ་ནར་རྟོག་གི་གཞན་རྫས་ཀྱི་ཆས་དུ་མ་ཡིན་ན། ཆུའི་སྐྱེ་བོ་ཕྲ་མོ་རྣམས་ཀྱང་ཆེན་པོ་རྣམས་དང་གཟུགས་མཚུངས་བས། དེ་ལྟར་ན་མིག་གིས་སོད་མི་སོད་ཀྱི་ཆ་གཉིས་སུ་འགྱུར་རོ། །དེས་ན་མིག་གིས་མི་སོད་པའི་ཕྲ་བའང་མེད་པར་འགྱུར་རོ། །དེས་ན་གཟུགས་མཐའ་རྡུལ་ཕྲ་རབ་ཐ་དད་པ་རྣམས་ལ་བརྟགས་པས་དེ་དག་གཅིག་ཏུ་མི་འགྲུབ་ལ། དེ་མ་གྲུབ་པས་གཟུགས་སོགས་མིག་སོགས་ཀྱི་ཡུལ་དུ་མི་འགྲུབ་ལ། མངོན་སུམ་མྱོང་བ་ཡོད་ཕྱིར་རྣམ་པར་རིག་པ་ཙམ་དུ་གྲུབ་བོ། །གལ་ཏེ་ཚད་


MR12_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དབང་གིས་ཡོད་དམ་མེད་པ་དམིགས་ཕྱེ་སྟེ་རྟོགས་པར་འགྱུར་ན། ཚད་མ་ཐམས་ཅད་ཀྱི་ནང་ན་མངོན་སུམ་མཆོག་ཡིན་ཏེ། དེས་ན་གཟུགས་སོགས་དོན་དེ་མེད་ན་འདི་ལྟར་བདག་གི་མངོན་སུམ་རིག་པའི་བློ་འདི་ཇི་ལྟར་འབྱུང་ཞེ་ན་མངོན་སུམ་མྱོང་བའི་བློ་ནི་རྨི་ལམ་སོགས་ཀྱི་རང་བཞིན་དོན་མེད་པ་སྔར་བཤད་ཟིན་ཏོ། །དེ་ཡང་གང་གི་ཚེ་ཡུལ་འདི་དག་གིས་མངོན་སུམ་མོ་སྙམ་དུ་མངོན་སུམ་གྱི་བློ་འབྱུང་བ་རྟོག་པ་དེ་ཡི་ཚེ། ཁྱོད་ཀྱི་ཡིད་ཤེས་ཀྱིས་འདི་ཞེས་བཅད་པ་དང་མིག་ཤེས་ཀྱང་དེ་ཚེ་འགག་པའི་ཕྱིར་དོན་དེ་མི་སྣང་ན། དེ་ནི་མངོན་སུམ་དུ་ཇི་ལྟར་འདོད་ལ་ལྷག་པར་ཡང་སྐད་ཅིག་མར་སྨྲ་བས་མངོན་སུམ་དུ་ཇི་ལྟར་འདོད་དེ་དེའི་གཟུགས་དང་རོ་ལ་སོགས་པ་དེ་ནི་འགག་ཟིན་ཏོ། །དཔེར་ན་དོན་མེད་པར་དེར་སྣང་བའི་མིག་ཤེས་ལ་སོགས་པའི་རྣམ་རིག་བཞིན་ནོ་ཞེས།བཤད་ཟིན་པ་དེ་འདྲའི་མྱོང་བ་དེ་ལས་ཡེ་ཤེས་ཀྱིས་དེ་དྲན་པར་ཟད་ལ་དྲན་པས་མྱོང་བ་མིན་ནོ། །གལ་ཏེ་རྨི་ལམ་ལ་ཡུལ་མེད་པ་ལྟར་སད་ཚེའང་ཡིན་ན། དོན་མེད་པར་འཇིག་རྟེན་པས་ཀྱང་རྟོགས་རིགས་ན་དེ་ལྟར་མིན་པའི་ཕྱིར་རྨི་ལམ་བཞིན་དུ་དམིགས་པ་ཐམས་ཅད་མེད་པ་མིན་ནོ་ཞེ་ན། རྨི་ལམ་མཐོང་བ་ལ་ཡུལ་མེད་པར། ཇི་སྲིད་མ་སད་བར་དུ་ཕལ་པས་རྟོགས་པ་མ་ཡིན་ལ་སད་ནས་ཡུལ་མེད་པར་ཤེས་པ་འབྱུང་ཡང་། སད་པའི་ཚེ་རྨི་ལམ་ལྟར་ཡུལ་མེད་པ་མི་ཤེས་པ་ནི་ལོག་པར་རྟོག་པའི་རྣམ་རྟོག་གོམས་པས་ཡིན་ལ། གང་ཚེ་གཉེན་པོ་འཇིག་རྟེན་འདས་པ་མི་རྟོག་ཡེ་ཤེས་ཐོབ་པ་ན། དེའི་རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་དེས་སད་པའི་ཚེའང་ཡུལ་མེད་པ་ཁོང་དུ་ཆུད་པ་ཡིན་ནོ། །དེས་ན་འཇིག་རྟེན་པའི་བློ་རང་ག་བས་རྨི་སད་ཀྱི་ཡུལ་ཁྱད་ཡོད་དུ་འབྱེད་པ་འདི་ཕྱི་དོན་མེད་པར་སྒྲུབ་པ་ལ་གཏན་ཚིགས་སུ་མི་རུང་ངོ་། །གལ་ཏེ་རང་གི་སེམས་རྒྱུད་འགྱུར་བའི་


MR12_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ལས་དོན་དུ་སྣང་བའི་རྣམ་རིག་འབྱུང་གི དོན་གྱི་ཁྱད་པར་ལས་མིན་ན། བརྟེན་པ་དེ་དང་བཤད་པ་དེ་མེད་པས་སྡིག་གྲོགས་དང་། དགེ་བའི་བཤེས་གཉེན་བརྟེན་པ་དང་། དམ་པ་དང་དམ་པ་མིན་པའི་ཆོས་མཉན་པ་ལས་སེམས་ཅན་རྣམས་ཀྱི་རྣམ་པར་རིག་པ་ཡང་དག་དང་ཡང་དག་མིན་པར་ངེས་པ་ཇི་ལྟར་འགྲུབ་ཅེ་ན། སེམས་ཅན་གཅིག་ལ་གཞན་སེམས་ཅན་གཅིག་གི་རྣམ་པར་རིག་པའི་དབང་གིས་ན། རྣམ་པར་རིག་པ་ཕན་ཚུན་རྣམ་རིག་རྣམས་ངེས་པར་འགྱུར་ཏེ་རྒྱུད་གཞན་གྱི་རྣམ་རིག་གི་ཁྱད་པར་ལས་རྒྱུད་གཞན་ལ་རྣམ་པར་རིག་པའི་ཁྱད་པར་འབྱུང་གི་དོན་ལས་མ་ཡིན་ནོ། །གཉིད་ལོག་པའི་སྐབས་སུ་དོན་མེད་པ་བཞིན་གཉིད་མ་ལོག་པའི་ཡང་དེ་འདྲ་ན། དགེ་མི་དགེའི་ལས་སད་དུས་སྤྱད་ན་རྨི་ལམ་བཞིན་འབྲས་བུ་མེད་པར་ཅིས་མི་འགྱུར་ཞེ་ན། སེམས་ནི་འཁྲུལ་བའི་གཉིད་ཀྱིས་ནོན་པས་ན། དེ་ཕྱིར་རྨི་ལམ་དང་སད་པའི་ལས་ཀྱི་འབྲས་བུ་མི་མཚུངས་ཏེ་འདི་དོན་ཡོད་མེད་ཀྱིས་མ་ཡིན་ཀྱང་རྒྱུའི་དབང་གིས་སོ། །གལ་ཏེ་འདི་ཀུན་རྣམ་རིག་ཙམ་དུ་ཟད་ན་གང་ལ་ཡང་ལུས་དང་ངག་ཀྱང་མེད་པས་ཤན་པ་སོགས་ཀྱིས་གསོད་པ་ན་ལུག་སོགས་ཇི་ལྟར་འཆི་བར་འགྱུར། ལུག་སོགས་འཆི་བ་དེ་ཤན་པ་སོགས་ཀྱིས་མ་བྱས་ན། ཤན་པ་སོགས་ལ་སྲོག་གཅོད་པའི་སྡིག་པ་ཇི་ལྟར་འབྱུང་ཞེ་ན། གཞན་འཆི་བ་ནི་རྒྱུད་གཞན་གྱི་རྣམ་རིག་གི། བྱེ་བྲག་ལས་ཏེ་དཔེར་བྱ་ན། འདྲེ་ལ་སོགས་པའི་ཡིད་ཀྱི་རྣམ་རིག་གི་དབང་གིས། གཞན་གྱི་དྲན་པ་ཉམས་ཏེ་སྨྱོ་བ་སོགས་སུ་འགྱུར་སོགས་བཞིན། འདིར་སོགས་སྒྲས། རྨི་ལྟས་སུ་མཐོང་བ་དང་། འབྱུང་པོའི་གདོན་ཕབ་པ། རྫུ་འཕྲུལ་དང་ལྡན་པའི་ཡིད་ཀྱིས་དབང་གིས་དཔེར་ན། འཕགས་པ་ཀཱཏྱཱའི་བུ་ཆེན་པོའི་བྱིན་རླབས་ཀྱིས་ས་ར་ཎས་རྨི་ལྟས་མཐོང་བ་དང་། དྲང་སྲོང་དགོན་པ་བ་ཡིད་འཁྲུགས་པས་ལྷ་མིན་དབང་པོ་ཐག་བཟང་རིས་


MR12_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཕམ་པ་བཞིན་དུ་གཞན་གྱི་རྣམ་རིག་གི་བྱེ་བྲག་གིས་གཞན་གྱི་སྲོག་དབང་དང་མི་མཐུན་པའི་འགྱུར་བ་འགའ་འབྱུང་སྟེ་སྐལ་མཉམ་གྱི་རྒྱུད་རྒྱུན་ཆད་པ་འཆི་བར་རིག་པར་བྱའོ། །གཞན་གྱི་རྣམ་རིག་གིས་གཞན་འཆི་བར་མི་འདོད་ན་དྲང་སྲོང་རྣམས་ཁྲོས་པས་དམོད་བོར་བས་དན་ཏ་ཀའི་དགོན་པ་དང་། ཀ་ལིང་ཀ་དང་མ་ཏང་ཀའི་དགོན་པ་དག་ཇི་ལྟར་སྟོང་བར་གྱུར། དེ་ལྟ་བུའི་རྒྱུས་ཡིད་ཀྱི་ཉེས་པ་ཁ་ན་མ་ཐོ་ཆེར། དེ་ཡིས་ཇི་ལྟར་འགྲུབ་པར་འགྱུར། དེ་རྣམས་དྲང་སྲོང་ཁྲོས་པས་མིན་ཞིང་དེ་ལ་དགའ་བའི་མི་མ་ཡིན་རྣམས་ཀྱིས་ཁ་བཏགས་པར་བྱས་སོ་སྙམ་ན། ཡིད་ཀྱི་ལས་དེ་ལུས་ངག་གི་ལས་ལས་ཁ་ན་མ་ཐོ་བ་ཆེ་བར་ཇི་ལྟར་འགྲུབ། དེས་ན་ཡིད་འཁྲུགས་པ་ཙམ་གྱིས་སེམས་ཅན་དེ་སྙེད་འཆི་བར་བྱས་པས་སོ། །ཐམས་ཅད་རྣམ་རིག་ཙམ་དུ་ཟད་ན་གཞན་སེམས་རིག་པས་གཞན་སེམས་ཤེས་སམ་མི་ཤེས་མི་ཤེས་ན་གཞན་སེམས་རིག་པར་མི་འགྱུར་ལ། ཤེས་ན་སེམས་ཕྱིན་ཅི་མ་ལོག་པར་རྟོགས་པར་འགྱུར་རོ་ཞེ་ན། གཞན་སེམས་གཞན་གྱི་རྣམ་པར་རིག་པས་ཤེས་པ་ནི། སེམས་ཀྱི་དོན་ཇི་ལྟ་བ་བཞིན་མ་ཡིན་ཏེ་གཟུང་འཛིན་ཏུ་ཞེན་པ་དང་དེའི་རྣམ་པ་དང་ཆ་འདྲའི་རང་སེམས་རིག་པའི་ཕྱིར་ཇི་ལྟར་དཔེར་ན། རང་སེམས་རང་གིས་ཤེས་པས་སངས་རྒྱས་ཀྱི། སྤྱོད་ཡུལ་བརྗོད་དུ་མེད་པའི་དོན་ཇི་བཞིན་མི་ཤེས་པའི་ཕྱིར་སེམས་རྟོགས་པ་མིན་པ་བཞིན་ནོ། །ཆོས་ཐམས་ཅད་རྣམ་རིག་ཙམ་དུ་གྲུབ་པ་འདི། དབྱིག་གཉེན་བདག་གིས་བདག་གི་བློ་ཡི་མཐུ་དང་མཚམས་པའམ་འདྲ་བར། བྱས་ཀྱི་རྣམ་རིག་ཙམ་གྱི་གྲུབ་མཐའ་དེ་ཡི་རྣམ་པ་ཡི་དབྱེ་བ་ཀུན།


MR12_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡས་རྟོག་གེས་གཏིང་མི་དཔོག་ཅིང་ཟབ་པ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ་ཏེ་ཁོ་ནའོ། །ཉི་ཤུ་པའི་ཚིག་ལེའུར་བྱས་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེན་དྲ་བོ་དྷི་དང་།དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །མཆན་འདི་སངས་རྒྱས་གཉིས་པའི་རང་འགྲེལ་དང་བསྟུན་ཏེ་ཐམས་ཅད་མཁྱེན་པ་མི་ཕམ་རྒྱ་མཚོའི་ཕྱག་བྲིས་ལས་ཞེ་ཆེན་རི་ཁྲོད་དུ་ཞལ་བཤུས་ཏེ་གཏན་ལ་ཕབ་པའོ། །འདིས་ཀྱང་རྣལ་འབྱོར་སྤྱོད་གཞུང་གི། རིང་ལུགས་པདྨའི་དགའ་ཚལ་མཆོག །སྲིད་མཐའི་བར་དུ་ཆེར་རྒྱས་ཏེ། །བློ་གསལ་བུང་བའི་ངལ་འཚོར་ཤོག །མངྒ་ལཾ།། །།


previousཉི་ཤུ་པའི་ཚིག་ལེའུར་བྱས་པའི་མཆན་འགྲེལ།next