Nitartha Digital Library
Tibetan
གླེགས་བམ་བཅུ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས་གཤིན་རྩིས་ཕན་བདེ་མྱུར་སྟེར།


 
previousནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས་གཤིན་རྩིས་ཕན་བདེ་མྱུར་སྟེར།no next

ནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས་གཤིན་རྩིས་ཕན་བདེ་མྱུར་སྟེར།


MR12_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས། གཤིན་རྩིས་ཕན་བདེ་མྱུར་སྟེར་ཞེས་བྱ་བ་བཞུགས་སོ། །


MR12_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འཇམ་དབྱངས་ལ་བཏུད་ནས། །གཤིན་རྩིས་མདོར་བསྡུས་འདི་ན་འཆད། །དབྱེ་ན་གསོན་ཁོག་གཤིན་ཕྱུང་བའི། །རྡེའུ་ཉི་ཤུ་འབོར་བ་དང་། །དེ་ནས་གཤིན་གྱི་དུར་ཤིད་ཀྱི། །རྡེའུ་བརྒྱ་དང་གོ་དགུ་བཅས། །སྤྲོས་པར་འདོང་ན་བཻ་དཀར་སོགས། །ཚད་ལྡན་གཞུང་ལས་ལེན་པར་འཚལ། །འདི་ཉིད་ཡུལ་དུས་དང་འཚམས་པའི། །ལག་ལེན་སྙིང་པོར་དྲིལ་བ་ནི། །ལོ་༡ཟླ་༢ཞག་༣དུས་༤སྤར་༥ སྨེ་༦དང་། །གཟའ་༧སྐར་༨དུར་༩ལྔ་གཤིན་གྱི་ལས། །ས་བཅད་རྣམ་པ་དགུ་ཡིས་བསྟན། །དང་པོ་གཤེད་བཞི་ལོ་པ་ཞིག །ལོ་ཟླ་གཤེད་བཞི་གཅིག་དང་འདོམ། །ཟོན་ཤི་དུར་ལོག་ཅེས་ཏེ་ངན། །དེ་ལ་རིམ་འགྲོ་གཤེད་གཏོ་དང་། །སྤར་དེའི་བཅོས་ཀ་གནད་སྨིན་བྱ། །གཤིན་པོ་ལྕགས་བཞི་མེ་བརྒྱད་གཅིག །ལོག་མེན་ལྕགས་བཞི་མེ་བརྒྱད་དང་། །གནམ་ལོ་ལྕགས་བཞི་མེ་བརྒྱད་པོ། །གང་རུང་འདོམ་ན་འཕྲལ་ལ་ངན། །དུར་བཅོས་ཤི་སྒབ་


MR12_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་གཏོ་བྱ། །གཞན་ཡང་འདི་ལྟར་འཆད་པ་ཡོད། །གླང་སྟག་གིན་དང་འབྲུག་སྦྲུལ་ཟོན། །ལུག་སྤྲེལ་ཁོན་ལ་བྱི་ཕག་ཁེན། །ཤིན་གཤིན་ལག་གསོན་གཡོ་བ་ཟེར། །ཁམས་དགྲའི་གཟའ་གྱོད་གུད་ན་འགྲམ། །རྒན་རྒོན་མཐུན་གསུམ་ཤི་ན་འགྲམ། །དར་མ་བདུན་ཟུར་ཤི་ན་འགྲམ། །བྱིས་པ་བཞི་གཤེད་ཤི་ན་འགྲམ། །གཅིག་སྐྱེས་གཅིག་གཅིག་དཀར་ལ་སྐྱེས་གཅིག་དཀར་ལ་ཤི་བ་ལྟ་བུའོ་ལ་ཤི་ན་འགྲམ། །གང་ལ་ཟློས་དང་འགྲམ་པ་ནི། །རང་གི་ལོ་དང་བདུན་ཟུར་དང་། །གདན་ས་གཅིག་དང་ཐད་དགྲ་དང་། །མཐུན་གསུམ་སྤྱི་ཆག་གང་ཆེར་ཟློས། །དུས་དེར་ཀེག་ཐོག་བབ་པ་ཡིན། །གསོན་དེའི་སྤར་སྨེའི་རིམ་གྲོ་བྱ། །དེ་བཞིན་ལོག་མིན་སྤར་སྨེ་གསུམ། །ཁམས་མཐུན་འབྱུང་ལྔའི་འབོད་སྒོ་ཡིན། །ས་ཤིང་འབོད་སྒོ་མཁར་ལ་ངན། །མེ་ཡི་འབོད་སྒོ་ཁྱིམ་མེས་འཆོར། །ཆུ་ཡི་འབོད་སྒོ་ཆར་རླུང་འབབས། །


MR12_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཀྱི་འབོད་སྒོ་འཁྲུགས་རྩོད་བྱེད། །གཞན་ཡང་དགུ་མིག་སྟེང་ཤི་དང་། །རང་ལོའི་སྟེང་དུ་ཤི་བ་འགྲམ། །བདུན་ཟུར་དགྲ་ཐོག་ཤི་བ་དང་། །བཞི་གཤེད་སྟེང་དུ་ཤི་བ་འཁྲུགས། །དེས་ནི་ཕ་ཁུ་ཆེ་རིམ་ངན། །མི་རྒན་བཅུ་གསུམ་སྟོན་མོ་བྱ། །གསུང་རབས་སཱཙྪ་དཀར་ཆོས་འབད། །ཟླ་བ་འབྲུག་གི་ཟླ་བར་ཤི། གླང་ལོ་བ་ངན་སྦྲུལ་ཟླར་ཤི། སྤྲེལ་ངན་རྟར་ཤི་ཡོས་ལ་ངན། །དེ་སོགས་ཕོ་ཟླས་ཡར་བཞི་དང་། །མོ་ཟླས་མར་བཞི་ལོ་པར་ངན། །ཡང་གཅིག་ཟླ་བའི་འགྲམ་འཁྲུགས་ནི། །གཤིན་པོའི་ལོ་རུས་ཟླ་བ་ཡི། །སྟེང་དུ་ཤི་ན་འགྲམ་པ་ཡིན། །བདུན་ཟུར་དང་ནི་བཞི་གཤེད་ཀྱི། །ཟླ་བར་ཤི་ན་འཁྲུགས་པ་ཡིན། །མ་དང་བུ་མོ་འབྲིང་རྒྱུད་ངན། །རྒན་མོ་ལྔ་ལ་སྟོན་མོ་བྱ། །ཀླུ་བཅོས་རིགས་དང་ས་སྒོ་བཅོས། །ཡང་ན་གླང་ཉིས་སྤུན་ཟླར་ངན། །མདོ་སྡེ་བཀླགས་ལ་སྟག་ཉི་ལ། །རྩུབ་པས་སྲི་མནན་ཡོས་ཉི་ལ། །བྱིས་པ་ལ་ངན་འབྲུག་ཉི་ཡིས། །ཁྱོ་ཤུག་ནོར་ངན་ཕུང་སྲི་མནན། །སྦྲུལ་ཉིས་རྒན་རྒོན་རྟ་ཉིས་ནི། །དམེ་འཁྲུགས་ཟློས་ཡོད་ཁྲུས་ལྷ་སེལ། །ལུག་ཀྱང་ཟློས་ཡོད་སྤྲེལ་གོད་འགྲམ། །དེ་ལས་གཞན་ལ་བཤད་པ་མེད། །ར་བ་བཞི་ཡི་ཚེས་དྲུག་ཤི། གནམ་དུར་གནམ་ལ་རོ་མི་བསྟན། །འབྲིང་བཞིའི་བཅུ་དྲུག་བར་དུར་ལ། །རོ་མི་བསྲེག་དང་ཐ་ཆུང་བཞི། །ཉེར་དྲུག་ས་དུར་སར་མི་སྦ། །སྟོང་དང་ཉི་ལྡོག་ལྷག་པར་གཉན། །དེ་ནས་ཞག་གི་འགྲམ་འཁྲུགས་ནི། །གཤིན་པོའི་ལོ་རུས་ཉི་མ་ལ། །ཤི་ན་འགྲམ་ཡིན་བདུན་ཟུར་དང་། །བཞི་གཤེད་སྟེང་དུ་ཤི་བ་འཁྲུགས། །


MR12_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་བརྒྱུད་བྱིས་པ་སོགས་ལ་ངན། །བྱིས་པ་ལྔ་ལ་སྟོན་མོ་བྱ། །བསྐང་བཟློག་མདོས་དང་ཚེ་མདོ་བཀླག །ས་སྒོ་བཅད་ལ་ལམ་འཕྲང་བཅོས། །དུས་ཚོད་ཡོས་ལ་ཤི་བ་ན། །བྱིས་པ་ཆུང་ངན་ཁྱི་དུས་སུ། །གཞོན་ནུ་ཤི་ན་བཟློག་པར་བྱ། །དུས་ཚོད་འགྲམ་འཁྲུགས་གཤིན་པོ་ཡི། །ལོ་རུས་དུས་ཚོད་སྟེང་ཤི་འགྲམ། །བདུན་ཟུར་བཞི་གཤེད་སྟེང་ཤི་འཁྲུགས། །ཟས་ནོར་ལ་ངན་ནོར་སྒྲུབ་དང་། །གཡང་སྒྲུབ་རིགས་དང་གོད་མནན་བྱ། །ལི་ལ་ཤི་བ་མིག་ལོང་ཞེས། །གཙུག་ཏོར་ལྷ་མོ་རོལ་པ་དང་། །རྣམ་འཇོམས་ཚེ་གཟུངས་མདོ་སྡུད་འདོན། །བཙན་མདོས་གླིང་བཞི་སྤྱི་མདོས་བྱ། །བྱི་ཕག་ཤི་ན་བསྲེག་མི་རུང་། །ཆུ་དུར་ཚེ་མདོ་སྦྱིན་སྲེག་བྱ། །རྟ་སྦྲུལ་ཤི་ན་ཁོག་འགྲམ་སྟེ། །དེ་ལ་རང་གཞུང་བཅོས་རིམ་བྱ། །བྱ་སྤྲེལ་ཤི་ན་དཔྲལ་བ་ཡི། །མ་ཚོར་མིག་ཚིལ་འདོན་ཞེས་བཤད། །གཙུག་ཏོར་གདུགས་དཀར་སྟོང་ཟློག་བྱ། །ལོག་མེན་དབང་ཐང་མེ་བར་བབས། །རོ་ཡི་ཁ་ཡར་ཟློས་པའོ། །ཁོན་ཐོག་གང་ཤི་རྒྱབ་རི་ཉིལ། །བགྲེས་མོས་ཞུས་མདོ་ཕལ་བོ་ཆེ། །ལངྐར་གཤེགས་པ་ལོ་གྲངས་སྒྲོགས། །གཏོར་མ་བརྒྱ་བཞི་ས་སྒོ་བཅད། །གླང་ལུག་ཤི་འགྲམ་དུར་སྒོ་བཅད། །འབུམ་དང་འཆི་བསླུ་དུར་ཁ་བཅད། །སྟག་ཡོས་དུར་འགྲམ་དུར་སྲི་མནན། །བྱི་ཕག་ཤི་ན་སྒོ་བྲལ་ཞེས། །འབུམ་ཆེན་སྡེ་ལྔ་འུར་འདོན་བྱ། །བྱ་སྤྲེལ་ཤི་ན་དུར་ཆུང་འགྲམ། །དྭ་ལ་གང་ཤི་སྙིང་འགྲམ་ཞེས། །འདི་ལ་སུ་ཤི་ཤིན་ཏུ་འགྲམ། །མཚན་


MR12_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཏོག་གཟུངས་ལོ་གྲངས་དང་། །དབང་ཆེན་རྒྱལ་མདོས་དམ་སྲི་བཀར། །བྱ་སྤྲེལ་ཤིའམ་སྟག་ཡོས་ཤི། །ས་བདག་སེར་པོ་སྙིང་འགྲམ་སྟེ། །ཕལ་ཆེན་རྡོ་རྗེ་མཆུ་གཟུངས་དང་། །ཤ་རུ་བཙན་མདོས་གྲི་བྲུབ་དང་། །རྒྱལ་རོལ་ཁྱེའུའི་ཞུས་མདོ་འདོན། །གྲི་ཁ་མཚོན་བསྒྱུར་བདུད་མདོས་བྱ། །ཁེན་ལ་ཁྱི་འབྲུག་ཤི་ན་འགྲམ། །ལྕགས་མཆུ་ཕལ་ཆེན་དབང་ཆེན་འདོན། །རྟ་སྦྲུལ་དུར་འགྲམ་བྱི་ཕག་ཆུང་། །གསེར་འོད་ཏོག་གཟུངས་གཟུངས་འདུས་འདོན། །གསས་མཁར་བསྟོད་ཅིང་གནམ་སྒོ་བཅད། །གནམ་ཐིལ་དང་ནི་རྒྱལ་མདོས་བྱ། །ཁམ་ལ་རྟ་སྦྲུལ་ཤི་ན་འགྲམ། །སྣང་བརྒྱད་ཀླུ་མཆོད་ཀླུ་གཏོར་བྱ། །བྱི་ཕག་ཤི་ན་ཁོག་འགྲམ་ཡིན། །སྤྲིན་ཆེན་སྟོབས་ཆེན་ཀླུའི་སྦངས་སྐོང་། །གདོན་ཆེན་བཅོ་ལྔ་གུར་མདོས་བྱ། །ལོག་མེན་དབང་ཐང་ས་ཆུར་བབས། །རོ་ནི་ཁ་ཡར་མཚམས་པ་ཡིན། །གིན་ལ་གླང་ལུག་ཤི་ན་འགྲམ། །ཆུ་གཏོར་རི་ཁྲུས་བརྟན་མའི་མདོས། །རི་རབ་བརྩེགས་མདོས་ཚེ་ཆོག་བྱ། །བྱ་སྤྲེལ་དུར་གཤེད་ཆེ་བར་འགྲམ། །གྲ་ལྔ་མདོ་ཐིག་རི་རབ་ཟམ། །གླང་རུ་ལུང་བསྟན་ཕར་ཕྱིན་འདོན། །སྟག་ཡོས་དུར་ཆུང་སྲོག་བསླུ་བྱ། །ཟིན་ལ་གཤེད་བཞི་ཤི་ན་འགྲམ། །ཉི་ཁྲི་སྡོང་རྒྱན་སྟག་ཞུས་མདོ། །ཀླུ་གཉན་བཅོས་དང་གནོད་སྦྱིན་མདོས། །སྟག་ཡོས་སྙིང་འགྲམ་སྙིང་གཏེར་སྦ། །ལྗོན་ཤིང་ཚེ་གཟུངས་བློ་གྲོས་མདོ། །སྤང་སྐོང་བརྟན་མ་མོ་འདྲེའི་མདོས། །ས་བདག་སྙིང་དཀར་བཅོས་པ་བྱ། །ལོག་མེན་དབང་ཐང་ཤིང་ས་བབས། །རོ་ནི་ཁ་ཡར་ཟློས་པའོ། །ཟོན་ལ་ཤི་ན་སྙིང་སྟོང་སྟེ། །བུ་མོ་ཆེ་ངན་


MR12_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་དཀར་དང་། །བརྒྱད་སྟོང་གྲ་ལྔ་གསེར་འོད་འདོན། །རྟ་སྦྲུལ་ཤི་ན་དུར་ཆུང་འགྲམ། །གཤེད་བཞི་བྱི་བ་ལོ་བ་ཤི། །དུར་འགྲམ་ཆེ་བ་ཞེས་ཏེ་ངན། །གཤེད་མདོས་དུར་སྲི་མནན་པ་དང་། །མ་ཏྲཾ་ཁྲག་མདོས་མགོ་གསུམ་བྱ། །དེ་ནས་དུར་ཁ་བཅད་ལུགས་ནི། །ལི་སོགས་རིམ་བཞིན་རྟ་ལུག་ར། །ཁྱི་ཕག་གླང་དང་བོང་བུ་མཛོ། །དེ་དག་སོ་སོས་བཅག་པར་བྱ། །སྨེ་བའི་སྒོ་ནས་འགྲམ་རྩིས་ནི། །དཀར་གསུམ་བྱིས་པ་ཆུང་ལ་འགྲམ། །གཉིས་ནག་གདོས་བདག་མནའ་མ་དང་། །བུ་སྲིང་ཡང་ན་གསུམ་མཐིང་ནི། །ཤིང་ཐུན་བུ་མག་ཚ་ཡུག་དང་། །ལྔ་སེར་ངོ་བདག་ཕོ་མོར་འགྲམ། །བདུན་དམར་ཤ་བ་མེ་ཁྱེར་དང་། །དགུ་དམར་རོ་བདག་ཞང་པོར་འགྲམ། །གཉིས་ནག་བདུན་དམར་སྤྱི་ཟློས་ཡིན། །སྲོག་སྨེའི་ཐོག་གམ་དགྲ་ཐོག་བབ། །སྐྱེས་སྨེའི་སྟེང་ཤི་ངན་པ་སྟེ། །སྨེ་བ་རང་རང་གཏོ་བཅོས་བྱ། །རེས་གཟའ་ཉི་མར་དགུ་ཟློས་ཡིན། །སྟེང་དུ་ཆུ་ཡི་འཁོར་ལོ་བྲི། །འོག་ཏུ་ཟླ་བའི་སྙིང་པོ་བཀོད། །ལག་པའི་གཟའ་ལ་ཕྱི་རུ་འདོན། །མིག་དམར་གསུམ་ཟློས་ལྷག་པ་ལ། །ཕོ་ཤི་བྲན་ངན་ཕུར་བུ་ལ། །ཕོ་ཤི་བུ་སྲིང་སྲིང་མེད་དང་། །མོ་ཤི་མག་ཚ་དག་ལ་ངན། །སྤེན་པ་ནོར་གཡང་ཉམས་པར་བཤད། །སྐར་མ་སྨིན་དྲུག་དྲུག་ལ་ངན། །བིལ་རྫི་གཡང་ཉམས་རྒྱལ་སྟོད་སྨད། །མི་ཡི་གཡང་ཉམས་རྟ་ཆེན་གྱིས། །སྔར་ཤིའི་གཞུག་ཆད་མ་ཤི་ན། །དུར་སྒོ་བྱེའོ་ནག་པ་ལ། །ཤི་ཁ་ཆོད་ཅིང་ས་རི་ལ། །གནམ་སྒོ་བྱེ་འོ་ས་ག་ལ། །ས་སྒོ་རལ་བ་ཡིན་ནོ་ཟེར། །ལག་སོར་བུད་མེད་རབ་


MR12_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

འཆིའམ། །ཡང་ན་ཕྱུགས་ལ་གོད་ཁ་ལྡང་། །སོག་པས་གཅིག་ངན་བྲེ་གཡང་ཉམས། །སྒྲོག་གིས་ཡུལ་མི་རྟ་བོང་ངན། །ནམ་གྲུ་རྩིས་མཁན་དག་ལ་ངན། །ཐ་སྐར་ཡུལ་མི་གསུམ་ལ་ངན། །པྲ་ཉེ་ཚ་ཞང་གཉིས་ལ་ངན། །ཤར་སྐར་སྟ་གྲི་རོ་ཟླར་སྦ། །ལྷོ་སྐར་འབྲི་རྭ་ཆུས་བཀང་བཞག །ནུབ་སྐར་བྱང་བུ་མིག་དགུ་པ། །མེ་ལ་བསྲེག་པ་ལག་གཡོན་གཏད། །བྱང་སྐར་རོ་རྒྱབ་པདྨ་བྲི། །མཚམས་སྐར་རོ་སྣ་ཕུར་པས་བུག །གཞན་ཡང་སྐར་མས་ཁྱིམ་མཚེས་གཉན། །སྐར་ཆོག་བརྒྱ་བཞི་བྱ་བར་བཤད། །བརྒྱད་པ་དུར་ལྔ་བསྟན་པ་ནི། །བསྲེག་པ་མེ་དང་སྦ་བ་སར། །སྐྱེལ་བ་ཤིང་དང་སྒྲུབ་པ་ལྕགས། །སྐྱུར་བ་ཆུ་རུ་ཤེས་པར་བྱ། །མེ་ལ་བསྲེག་ཏུ་མི་རུང་བ། །བྱ་སྤྲེལ་ལོ་པ་ཁམས་ནི་ལྕགས། །སྤར་ཁ་དྭ་དང་སྨེ་དཀར་གསུམ། །རེས་གཟའ་པ་སངས་ནུབ་སྐར་དྲུག །ནད་མཛེ་གྲུམ་བུ་དམུ་ཆུ་དང་། །སྐྲན་དང་གན་ལྷོག་འབྲུམ་བུ་གྲིབ། །མཁྲིས་པ་ཤ་ཡ་མེར་མི་བསྲེག །ལོ་ནི་བྱི་ཕག་ཆུ་ཁམས་པ། །སྦར་ཁ་ཁམ་དང་སྨེ་ནག་མཐིང་། །རེས་གཟའ་ཟླ་ལྷག་བྱང་སྐར་དྲུག །དུད་པས་འཚུབ་དང་གླང་ལུག་བརྡུང་། །ཟས་ཀྱིས་གནང་དང་འཐིབ་གྲིར་ཤི། དགེ་བཤེས་བཙད་སྔགས་སར་མེ་སྦ། །སྟག་ཡོས་ཤིང་ཁམས་སྦར་ཁ་ཟིན། །སྨེ་བ་བཞི་ལྗང་གཟའ་ཕུར་བུ། །ཤར་སྐར་དྲུག་དང་མཛེ་གྲིབ་དམེ། །བན་བོན་སྔགས་པ་སྒྲུབ་པ་མིན། །རྟ་སྦྲུལ་མེ་ཁམས་སྤར་ཁ་ལི། །སྨེ་བ་དམར་གཉིས་གཟའ་ཉི་མིག །ལྷོ་སྐར་དྲུག་དང་མེས་ཚིག་དང་། །དམུ་ཆུ་སྐྲན་དང་ཆུས་ཁྱེར་ཞིང་། །གཅོང་ནད་འཁྲུ་ཅན་ཆུར་མི་བསྐྱུར། །གཤེད་བཞི་ས་ཁམས་


MR12_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་མཚམས་བཞི། །ལྔ་སེར་སྤེན་པ་མཚམས་སྐར་བཞི། །འགགས་གྲི་མཆེར་ནད་རྦབ་གྲི་སྨྱོ། །བོང་བུ་སྟག་གྲི་རིར་ལི་སྐྱེལ། །དགུ་པ་གཤིན་གྱི་ལམ་བསྟན་པ། །གཟའ་སྐར་ཚེས་དུས་ཕྱོགས་རུ་ཁུར། །སྣ་སེལ་རིམ་གྲོ་བཤད་པར་བྱ། །ཉི་མ་ལ་ནི་གཤིན་ལས་འབྲིང་། །རོ་བསྲེག་བྱ་བ་ཤིས་པ་ཡིན། །མིག་སྤེན་གཉིས་ངན་ལྷག་ཟླ་དང་། །པ་སངས་ཕུར་བུ་རྣམས་ནི་བཟང་། །སྐར་མ་བྲ་སྨིན་རོ་བསྲེག་བཟང་། །ལག་རྒྱལ་སྟོད་སྨད་སྣྲུབས་བྱི་བཞིན། །ཁྲུམས་སྟོད་ཁྲུམས་སྨད་རྣམས་བཟང་ཞིང་། །དབོ་དང་ཆུ་སྨད་འབྲིང་པོའོ། །ཚེས་གཅིག་གནམ་སྟོང་གཉིས་ལ་ནི། །ཤིན་ཏུ་ངན་པས་གཤིན་ལས་སྤངས། །ར་བཞིའི་ཚེས་དྲུག་འབྲིང་ཉེར་དྲུག །ཐ་བཞིའི་བཅུ་དྲུག་བརྒྱད་གསུམ་རྣམས། །དུར་གཤེད་དུར་སྒོ་རྣམས་ལ་སྤངས། །ཚེས་གཉན་རཱ་ཧུ་ཉི་ནག་དང་། །ཟིན་ཕུང་ལ་སོགས་འཛེམ་པར་བྱ། །དུས་ཚོད་རང་ལོ་བདུན་ཟུར་དུར། །གསོན་པོའི་ལོ་རྣམས་སྤང་བར་བྱ། །ཕྱོགས་ནི་ལོ་ཟླ་ཞག་དུས་ཀྱི། །ས་བདག་གཙང་ཕྱོགས་དག་དང་བསྟུན། །གཞན་ཡང་རང་ལོ་བདུན་ཟུར་དུར། །མཐུན་གསུམ་གསོན་པོའི་ལོ་རྣམས་སྤངས། །སྨེ་བ་དཀར་བཟང་སེར་པོ་འབྲིང་། །གཉིས་ནག་ཕྱོགས་སུ་རོ་མི་བཏང་། །ལིར་ཤི་བྱང་དང་ཟིན་ཤི་ནུབ། །དྭ་ཤི་ལྷོ་དང་ཁམ་ལྷོ་ནུབ། །མཚམས་རྣམས་ཤར་དུ་སྤང་བར་བྱ། །ཤི་ཁ་མ་ཆོད་དེ་རྣམས་དྲངས། །དེར་ཡང་དང་པོ་སྒོར་འདོན་དུས། །གཙང་བའི་ཕྱོགས་དེར་ཁ་གཏད་ནས། །གོམ་པ་བརྒྱད་ཅུའི་བར་དུ་ཁུར། །དེ་ནས་གང་བདེར་འདྲེན་པས་ཆོག །རོ་ཁུར་སྲོག་ལུས་དབང་ཀླུང་གིས། །གཤིན་ལ་བཅད་བཟང་ཚུར་


MR12_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་ངན། །ལོ་སྤར་གདན་གཅིག་དགྲ་གཤེད་སྤངས། །རོ་ཁུར་དེ་ཡིས་ཁུར་ཐུལ་པ། །རོ་འདོན་ཆེ་ཆུང་གཉིས་ལ་བབས། །སྲོག་གིས་ཐུབ་པ་རབ་ཏུ་བཟང་། །དེ་སྐབས་རྩིས་མཁན་བླ་རྡོ་ལྔ། །རང་འཐག་ཀ་བ་བོང་བ་དང་། །ཐེམ་པ་གཉིས་དང་སྒྱེད་པོ་དྲུག །དེ་ལ་ར་ཐུག་རྩེས་སར་ངན། །གཏོ་མཁན་བསྐྱེད་རྫོགས་ཏིང་འཛིན་གསལ། །གསེར་གྱི་སྐྱེམས་འབུལ་ཀུབ་ལ་བཏགས། །རུས་སྦལ་ཁོག་པ་ལུས་ལ་བཅང་། །སྒྲོ་མདངས་བྱི་དུར་མགོ་ལ་གཟེར། །དགུ་ཐུབ་བཙོད་དུ་ཐོགས་ཏེ་འགྲོ། །དེ་ཉིན་སྣ་སེལ་རིམ་གྲོ་ནི། །མཚན་བརྗོད་གདུགས་དཀར་གཟའ་སྐར་ཡུམ། །ཉེས་སེལ་མདོ་ཐིག་ཀེག་བཟློག་དང་། །སྟོབས་ཆེན་ཕྱིར་བཟློག་རྣམ་རྒྱལ་དང་། །སྣང་བརྒྱད་བཀྲ་ཤིས་བརྩེགས་པ་དང་། །གསེར་འོད་གཡང་འབོད་ནོར་རྒྱུན་གཟུངས། །མདོ་ཕྲན་ཅི་ནུས་བཀླག་པ་དང་། །དཀར་གཏོར་གསེར་སྐྱེམས་ཆ་གསུམ་དང་། །སྒོམ་ཆིངས་འབྱུང་བཞི་ཨུར་ནོན་དང་། །སྲིད་པ་ཧོ་ཕྱག་འདོད་གསོལ་སོགས། །ལག་ལེན་ཤིན་ཏུ་གསལ་བ་གཅེས། །དུར་ལྔ་མི་རུང་བཅོས་པ་ནི། །བསྲེག་མི་རུང་བ་བསྲེགས་པ་ན། །ཆུ་སྐྱོགས་བརྒྱད་ཀྱིས་ཐ་མ་བསྐོར། །མི་དེ་ཆུ་ཁམས་བྱི་ཕག་ལོས། །མེ་ལྕེ་སྔོན་མ་ཆུ་སྣས་བསད། །ཆུ་སྣ་དགུ་བསྡུས་སྒོང་སར་བླུགས། །མེ་ཤི་བར་དུ་ཆད་མེད་དུ། །སྟེང་ནས་ཐིགས་པ་འཛག་པར་བྱ། །བསྲེག་པར་བཟང་ནས་སྦ་དགོས་ན། །མི་ཁ་གཞན་གཏད་བསྲེག་ཚུལ་བྱ། །སྦ་བར་བཟང་ནས་བསྲེག་དགོས་ན། །ཞག་གསུམ་ས་ཡིས་བྱིབས་ནས་བསྲེག །བསྒྲུབ་


MR12_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མི་རུང་བསྒྲུབ་པ་ན། །ལུས་ལ་མེ་བཙའ་བྱས་ནས་སྦ། །ཆུ་ལ་བསྐྱུར་དུ་མི་རུང་བསྐྱུར། །ས་སྣ་དང་ནི་སཱཙྪས་མནན། །སྦ་རུ་མི་རུང་སྦ་བ་ན་། །ཚེར་མ་ཅན་གྱིས་བྲན་ལ་བཏང་། །རི་སྐྱེལ་མི་རུང་སྐྱེལ་བ་ན། །ལྕགས་སྣ་ལྔ་དང་སྦྲགས་ལ་བཏང་། །བཅོས་སྒྲིབ་རྒྱས་པ་གཞན་ནས་ལོངས། །སྨྲས་པ། བླང་དོར་ཤེས་པའི་བློ་དང་སྟོན་པའི་ངག །མེད་ཀྱང་གསོན་གཤིན་དཀོར་ལ་ལག་བསྒྲེངས་ནས། །ཟ་འདོད་ལྕེ་གཡོ་ལྟོ་ན་མེ་འབར་པའི། །རོ་ཟན་བྱ་ཁྱིའི་མཆེད་ལ་འདིས་ཅི་མཁོ། །དེ་ལྟར་ན་ཡང་དོན་གཉེར་བློ་ལྡན་ལ། །ཕན་འདོད་སྟབས་བདེའི་ལེགས་བཤད་བཅུད་བསྡུས་འདི། །སྤེལ་བས་གནས་སྐབས་ཤེས་རབ་མིག་ཐོབ་ཅིང་། །མཐར་ཐུག་ཐམས་ཅད་མཁྱེན་པའི་རྒྱུར་གྱུར་ཅིག །ཅེས་ནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས། གཤིན་རྩིས་ཕན་བདེ་མྱུར་སྟེར་ཞེས་བྱ་བ་འདི་ནི། མཁས་དབང་ཀརྨའི་གསུང་ལ་མཁས་པ་གཞན་གྱི་ལེགས་བཤད་ལས་ཅུང་ཟད་བསྣན་ཏེ་ཤིན་ཏུ་གསལ་བ་དྷཱིཿམིང་པས་བྲིས་པ་དགེ་ལེགས་འཕེལ། །དགེའོ།


previousནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས་གཤིན་རྩིས་ཕན་བདེ་མྱུར་སྟེར།no next