Nitartha Digital Library
Tibetan
གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
གླུ་བྲོ་སྒྱུ་མའི་རོལ་མོ།
   
   
   


 
previousགླུ་བྲོ་སྒྱུ་མའི་རོལ་མོ།next

གླུ་བྲོ་སྒྱུ་མའི་རོལ་མོ།


MR13_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

གླུ་བྲོ་སྒྱུ་མའི་རོལ་མོ་ཡོད་དོ། །


MR13_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་སྒྱུ་མར་འཆར་བའི་ཐབས་མཁས་འཕྲུལ། །བརྩེ་བའི་ཤུགས་ཀྱིས་བསྐྱོད་ཅིང་བསྐྱོད་པ་ལས། །སྲིད་པ་ཀུན་ན་ཀུན་དགའི་རོ་སྟེར་བ། །གར་གྱི་དབང་ཕྱུག་འཇམ་དཔལ་གཞོན་ནུས་སྐྱོངས། །མཆོག་ཏུ་བྱི་དོར་བྱས་པའི་ལུས་ལ་ནི། །རྒྱན་མང་སྤྲས་པ་འགྱིང་ཞིང་འགྱིང་ཚུལ་དུ། །སྟངས་སྟབས་སྣ་ཚོགས་འཁྲུགས་བཞིན་འགྱུར་ཁུགས་གླུ། གསེར་གྱི་དྲིལ་ཆུང་འཁྲོལ་བའི་སྒྲ་འདྲ་ཞིང་། །ལྡེམ་ལྡེམ་གཡོ་བའི་སྐེད་སྐབས་འཁྲི་ཤིང་ལ། །ནོར་བུའི་དྲ་ཕྱེད་འཕྱང་བའི་རྩེ་མོ་ནས། །ངང་རྒྱལ་སྒྲ་འདྲ་གསེར་གྱི་དྲིལ་གཡེར་འཁྲོལ། །ཡིད་འོང་སྲེད་པ་འཕེལ་བའི་རྨི་ལམ་མཐོང་། །ཐུན་མཚམས་དབུས་ན་མཛེས་པའི་ཟླ་བ་ལྟར། །དཀར་དམར་རབ་ཏུ་སྡུག་པའི་བཞིན་རས་ཅན། །སྐྲ་ཡི་ལེན་བུ་ཤིག་ཤིག་པོར་གཡོ་ཞིང་། །ཙནྡ་ག་བུར་ལི་ཤིའི་དྲི་བསུང་འཕྲོ། །སྔ་མཐོང་ཕྱི་མར་ལྷག་


MR13_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ཚུལ་གྱིས། །བཞི་ཕྲག་བརྒྱད་ཀྱི་ཁྱེའུ་བུ་མོ་རྣམས། །སྤེལ་མའི་ཚུལ་དུ་ལག་པ་སྦྲེལ་ནས་འཁྲབ། །གོས་རྒྱན་ཉམས་འགྱུར་མི་གཅིག་དུ་མས་རྩེ། །དེར་ནི་རྟོག་ཆེན་བློ་གྲོས་གསལ་བའི་མིག །པདྨའི་འདབ་མ་ལྟ་བུར་རྣམ་ཡངས་པ། །དེ་ཡིས་དེ་དག་རྣམས་ཀྱི་གནས་ཚུལ་རྣམས། །ཕན་ཚུན་ལན་གྱི་ཚུལ་དུ་སྨྲ་བར་བྱེད། དང་པོ་བྲོ་པ་ཁྱེའུ་རྣམས་ཀྱི་ངག་ལྷའི་རྔ་དབྱངས་ལྟ་བུ་ལ་དྲངས་ནས་བལྟ་བའི་དགའ་བ་བརྗོད་པ་འདི་སྐད་དུ། འཇིག་རྟེན་རྩེ་དགའི་རོལ་མོ་དགའ་བའི་མཆོག །མྱ་ངན་ཡིད་ལ་འཐད་པ་སྦྲང་རྩི་འདྲ། །འཐུང་མ་ཐག་ཏུ་སྙིང་གི་དབུས་སུ་འཇུ། །ཅི་ཙམ་སྤྱད་ཀྱང་འདི་ལ་སུན་པ་མེད། །ཁྱད་པར་ན་ཆུང་མཛེས་པའི་ལང་ཚོ་ཡི། །རོ་མཆོག་ཕན་ཚུན་མྱོང་པ་གསལ་སྟོན་པ། །ཟུར་གྱིས་འཛུམ་བཞིན་སྟངས་སྟབས་བསྐྱོད་པའི་གླུས། །གཟུགས་མེད་ཡིད་ཀྱང་བཞུ་བ་


MR13_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་བྱེད། །ཉི་མའི་སྣང་བ་བྲལ་བའི་པདྨ་བཞིན། །བློ་ངན་རྣམས་ནི་རྟག་ཏུ་ངོ་ཟུམ་གནག །ཟླ་བའི་འོད་ཀྱིས་ཕོག་པའི་ཀུ་མུད་བཞིན། །བསོད་ནམས་ལྡན་པ་རྟག་ཏུ་དགའ་བས་འཛུམ། །འོ་མའི་མཚོ་ལ་ཨུཏྤལ་སྔོན་པོ་བཞིན། །མཛེས་པའི་གདོང་ལ་འཁོར་བའི་འདྲེན་བྱེད་ཟུང་། །ཅུང་ཟད་ཟུམ་པའི་ལྟ་སྟངས་གློག་གི་ཟེར། །ཕན་ཚུན་སྙིང་ལ་ཞགས་པ་བཞིན་དུ་བསྐྱངས། །བརླན་ཏེ་ལྟ་བའི་མིག་དཀྱུས་པདྨའི་འདབ། །ཆགས་པའི་དམར་འོད་སྦྲང་རྩིའི་རྡུལ་དམར་ཅན། །འཐུང་འདོད་བུང་བ་གཞོན་ནུའི་མདུན་བལྟས་པ། །འདི་ན་ཕན་ཚུན་འགྲན་པ་ལྟ་བུར་གནས། །ཞེས་ཟེར། །དེའི་ཚེ་ན་རྟོག་ཆེན་པ་དེ་འཛུམ་མུལ་གྱིས་ཕྱུངས་ནས་བུང་བ་རྣམ་པར་རོལ་པའི་དབྱངས་ལ་དྲངས་ནས།རང་གི་གོང་བའི་ཐད་ནས་ཐོས་ཙམ་དུ་མི་རྟག་པའི་གཏམ་འདི་སྐད་དུ། ཀྱེ་མ་ཕན་ཚུན་ལྟ་བས་བྲེལ་བ་ཡི། །སྤྲིན་མཐོང་རྨ་བྱ་བཞིན་དུ་འདི་ན་དགའ། །འཆི་བདག་འཇིགས་པའི་ཁར་ནི་གནས་བཞིན་དུ། །དོགས་པ་མེད་པར་རྩེ་འཇོའི་གླུ་གར་འཁྲབས། །སྐད་ཅིག་མི་སྡོད་གར་གྱི་རྣམ་འགྱུར་འདིས། །དཔེ་ཞིག་སྐྱེས་བུའི་སྙིང་ལ་བསྟན་མོད་ཀྱི། །མི་ཤེས་བཞིན་དུ་ད་རུང་གར་ལ་བལྟ། །ཚེ་སྲོག་གར་དང་མཚུངས་པ་མི་སེམས་སམ། །ཡང་ཡང་གཡོ་ཞིང་བསྐྱོད་པའི་ལྷུ་ཚིགས་རྣམས། །རྡོ་བཞིན་གཡོ་མེད་ཐང་ལ་ཉལ་བའི་མཐར། །ཤ་དང་བྲལ་བ་རུས་པའི་དུམ་བུ་ནི། །ཕྱོགས་དང་ཕྱོགས་སུ་བཀྲམ་པ་བཞིན་དུ་འཐོར། །འདི་ན་ཕན་ཚུན་གཅིག་ལ་གཅིག་བརྩེ་བས། །ལུ་གུ་རྒྱུད་དུ་འབྲེལ་བ་འདི་


MR13_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་། །ལས་ཀྱི་དབང་གིས་འཇིག་རྟེན་ཕ་རོལ་དུ། །གནས་རིས་མི་གཅིག་ཉིད་དུ་སོ་སོར་འགྲོ། །ནམ་ཞིག་སོ་དཀར་ཟེའུ་འབྲུ་འཐོར་བའི་བཞིན། །འཛུམ་ན་འདམ་རྫིད་རླུང་གིས་འཁྲུགས་འདྲ་བ། །འཁར་བ་ལ་བརྟེན་དལ་བུས་བསྐྱོད་ན་ཡང་། །འཆི་བདག་འཇིགས་པ་དྲན་པ་བཞིན་དུ་འདར། །ཉི་འོད་ཀྱིས་རྒྱས་ཨུཏྤལ་གཞོན་ནུ་བཞིན། །རྟག་ཏུ་དགའ་བས་འཛུམ་པར་འདོད་ན་ཡང་། །བུ་ཡུག་རླུང་གིས་པདྨ་རྙིང་པ་ལྟར། །དུས་ཀྱིས་དབང་མེད་རྒ་བ་ཤེས་པར་གྱིས། །ཞེས་ཟེར། དེ་ནས་གཞོན་ནུ་མ་རྣམས་ཀྱིས་མགྲིན་གཅིག་ཏུ་ལྷ་ཡི་སིལ་སྙན་གྱི་སྒྲ་ལྟ་བུའི་དབྱངས་ཀྱིས་དགོད་པའི་རྩེ་དགའ་རྗེས་སུ་མཚོན་པའི་གླུ་འདི་འདྲ་བ་ལེན་ཏོ། །གདོང་བཟང་ཟླ་བའི་གདོང་ཅན་མཐོང་མ་ཐག །ཟླ་འོད་ཀྱིས་ཕྱེ་ཟླ་དགའི་གེ་སར་ལྟར། །རབ་དཀར་སོ་ཡི་ཟེའུ་འབྲུ་ཉེར་མཛེས་པ། །མཆུ་སྒྲོས་པདྨ་དམར་པོའི་དབུས་ནས་ངོམས། །སྙིང་དབུས་དགའ་བའི་འོ་མཚོ་ཕྱུར་བའི་རླབས། །མགུལ་གྱི་བུམ་པ་བཟང་པོར་ལེགས་འཁྱིལ་བ། །ཉེ་བར་མཚོན་པ་གླུ་བྲོ་སྒྱུ་མའི་རོལ་མོ། ཚ་ཡིད་དུ་འོང་བའི་སྒྲ། དགོད་པ་ཞེས་སུ་འཇིག་རྟེན་དག་ན་གྲགས། །གང་ན་ལྷ་ཡི་སིལ་སྙན་ལྟ་བུར་ནི། །ཐོས་ན་དགའ་བས་དགོང་པ་ཞེས་བྱའི་སྒྲ། གནས་པ་དེ་ན་འཇིགས་པ་ཆེན་པོ་དང་། །མྱ་ངན་ཟུག་རྔུས་མནར་བ་ངེས་པར་མེད། །གཞོན་ནུ་ཚོགས་པའི་དགའ་བ་འདི་ཡི་རོ། །མ་མྱོང་གྱི་ནར་བཞག་པའི་སྐྱེ་བོ་དེས། །མཐོ་རིས་དགའ་བ་གཞན་དང་གཞན་མྱོང་ཡང་། །རོ་མེད་དེ་ཡིས་བདེ་བ་མི་ཤེས་སོ། །


MR13_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཟེར། དེ་ནས་དཔྱོད་རབ་པས་གཞོན་ནུ་མ་རྣམས་ཀྱིས་ཚིག་བདེན་ཁ་བདེ་ཐོས་ནས་མིག་བགྲད་དེ་བལྟས་ནས། ཁུ་བྱུག་རྩེ་བའི་རྟ་ལ་དྲངས་ནས་ཕྱེད་ཐོས་ཕྱེད་མི་ཐོས་སུ་སྡུག་བསྔལ་བའི་ཚུལ་མཚོན་པའི་གླུ་འདི་བླངས་སོ། །ཤ་ལ་ཁྲག་གིས་བརླན་པའི་མཆུ་སྒྲོས་དབུས། །ཤ་མེད་རུས་པ་དཀར་པོའི་རང་མདོག་གང་། །ཤིན་ཏུ་གཙང་བའི་མེ་ཏོག་རྣམས་དང་བསྒྲུན། །ཀྱེ་མ་འདོད་ལྡན་རྣམས་ཀྱི་ཚུལ་ལ་ལྟོས། །འདོད་པས་དྲངས་ཏེ་རྣམ་པར་གཡེང་བའི་རླུང་། །སྙིང་གི་ནགས་ཚལ་མཐུག་པོར་ཞུགས་གྱུར་པས། །དྲན་པའི་ཤིང་བལ་དབང་མེད་བསྐྱོད་པ་དག །མགྲིན་པའི་གཅོང་རོང་དོགས་པོར་འཁྲི་ཤིང་དགོད། །གང་ན་ན་ཆུང་ཕན་ཚུན་དགོད་པའི་སྒྲ། །གནས་པ་དེ་ན་འདོད་པའི་མེ་ཆེན་འབར། །དེས་ནི་ལྕེ་བདུན་དྲག་ཏུ་དགོད་པ་ལྟར། །འཁྲུགས་པའི་དབུས་ན་གར་མཁན་བཞིན་དུ་འཕྱོ། །རྨི་ལམ་རྨིས་པའི་ཆུ་འཐུང་ཇི་བཞིན་དུ། །ངོམ་པ་མེད་པར་འདོད་པའི་རོ་མྱོང་བ། །དེས་ནི་སྲིད་པའི་མྱོང་བྱ་ཇི་མི་ཤེས། །འབར་བའི་ཁྲོ་ཆུ་འཐུང་བའི་རོ་ཡང་ཤེས། །ཕན་ཚུན་གཅིག་ཏུ་འདུ་ལ་ཇི་དགའ་བ། །དེ་ལྟ་དེ་ལྟར་འབྲལ་བའི་སྡུག་བསྔལ་ཆེ། །མི་འདོད་པར་ཡང་རྒ་དང་འཆི་བ་ཡིས། །ལག་ནས་དྲངས་པ་བཞིན་དུ་ཉེ་བར་འཁྲིད། །བདག་ཉིད་རྒ་བའི་ཟིལ་གྱིས་ནོན་པའི་ཚེ། །ན་ཆུང་ཚོགས་པའི་རྩེ་དགའ་སྙིང་ལ་གཟེན། །ཀྱེ་མ་གཞོན་རྣམས་བགྲེས་པོར་མི་འགྱུར་དང་། །གཞོན་མ་མྱོང་བའི་རྒན་པ་སུ་ཞིག་གོ། ཞེས་ཟེར་བས་ཀུན་གྱིས་རྟོག་ཆེན་པ་དེ་ལ་ཅུང་ཟད་བལྟས་ནས་


MR13_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཞོན་ནུ་དེ་དག་གིས་ནི་གུ་མ་རྣམས་དང་ལག་པ་སྦྲེལ་བཞིན་དུ་གླིང་བུ་རྣམ་པར་འགྱུར་བའི་གླུ་རྟ་ལ་དྲངས་ནས་ལག་བཅང་གི་དགའ་བ་རྗེས་སུ་མྱོང་བའི་དབྱངས་བརྗོད་པ། ལང་ཚོ་དར་ལ་བབས་པའི་ལག་པ་ཡི། །པདྨའི་འདབ་མ་ཕན་ཚུན་འཐབ་བྱས་པའི། །རེག་པ་ལས་སྐྱེས་གུར་གུམ་གསར་བའི་ཆབ། །སྐོམ་པའི་རིམས་ནད་སེལ་བའི་སྨན་མཆོག་ཡིན། །འཆར་ཁའི་དམར་འོད་ཆགས་པའི་ཟླ་བ་ལྟར། །དཀར་དམར་ཡིད་དུ་འོང་བའི་ཞལ་གྱི་ཁྱིམ། །མཐོང་བས་སྙིང་གི་རྙོགས་པ་དྭངས་ནུས་ན། །གཙང་མའི་ལུས་ལ་རེག་པས་སྨྲོས་ཅི་འཚལ། །མཐོང་མ་ཐག་ཏུ་སྐྱེ་བོ་བྱེ་བ་བརྒྱ། །མི་མཐོང་ལྕགས་ཀྱུ་རྣོན་པོའི་འཕྲུལ་ཐབས་ཀྱིས། །བརྟན་པའི་ངང་ཚུལ་འཕྲོགས་ནས་བཀུག་པ་རྣམས། །ཁ་ལས་བབས་པ་བདུད་རྩི་བཞིན་དུ་འཐུང་། །ཆགས་དང་བྲལ་བ་རྣམས་ཀྱིས་མཐོང་གྱུར་ནའང་། །ཆགས་པའི་ས་བོན་མྱུར་དུ་བསྐྱེད་ནུས་པ། །ཆགས་དང་བཅས་པ་དེ་ཡིས་གང་གི་ལུས། །མ་མཐོང་གྱི་ནར་བཞག་པ་སྙིང་རྗེའི་ཡུལ། །སྙིང་ལ་ཆགས་པ་མི་བཟད་མེ་འབར་ཡང་། །ལུས་ཀྱི་ཆུ་གླུ་བྲོ་སྒྱུ་མའི་རོལ་མོ། ཚ་རྙོགས་འཁྲུགས་པས་ནོན་གྱུར་པས། །འདོད་པའི་སྤྱོད་ཡུལ་མི་ཤེས་དེ་དག་རྣམས། །འདོད་ལ་གཡེང་བ་སྤངས་པའི་ཟོལ་གྱིས་རྒྱུ། །བདེ་བའི་མེ་ཆེན་སྙིང་ལ་སྦར་བ་ཡི། །འདོད་པའི་སྒྱུ་རྩལ་ཆོ་ག་མི་མཁས་ན། །མཐོ་རིས་སྐྱེ་བས་ཐོབ་པའི་བློ་གྲོས་ནི། །རི་མོར་བྲིས་པའི་མར་མེ་ཉིད་དང་མཚུངས། །ཞེས་ཟེར་བ་ལ་དཔྱོད་ར་གཏོང་བས་ཕན་ཚུན་བལྟས་ནས་ཉེ་བ་ན་གནས་པ་རྣམས་ཀྱིས་ཐོས་ཙམ་དུ་རྨ་བྱ་མྱོས་པའི་


MR13_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

གླུ་ལ་དྲངས་ནས་མི་གཙང་བ་སྟོན་པའི་གླུས་བསྐུལ་བ། ཀྱེ་མ་ལུས་ནི་བསྐྱོད་ཅིང་ཆེར་བསྐྱོད་པ། །དེ་ལྟ་དེ་ལྟར་ཁོངས་པའི་ནང་དུ་ཡང་། །མི་གཙང་དྲི་མའི་ཚོགས་རྣམས་འཁྲུག་ཅིང་འཁྱོམ། །གཤང་གཅིའི་བུམ་པ་མཁའ་ལ་བསྐྱོད་པ་བཞིན། །གལ་ཏེ་འདི་གཅིག་གི་ནི་ཁོངས་གནས་པའི། །དྲི་མའི་ཚོགས་ཀུན་ས་ལ་ལྷུང་གྱུར་ན། །འདི་དག་ཀུན་ཀྱང་མྱོས་མྱོས་པོ་རུ་འགྱུར། །དེ་འདྲ་ཁོངས་པར་བཟུང་བཞིན་གར་ཡང་བྱེད། །གཅི་ལ་སོགས་པ་མི་གཙང་གཅིག་འདོར་བའི། །སྣོད་དེ་ཡང་ནི་ཉེ་བར་སྨད་འོས་ན། །མི་གཙང་སུམ་ཅུ་དྲུག་གི་འབྱུང་གནས་གང་། །རྟག་ཏུ་ཁྲུས་ཀྱིས་མི་འདག་སུ་ཞིག་འདོད། །གཤང་གཅི་ཁྲག་ཞགས་སྣབ་ལུད་རྫིང་བུ་ན། །ཁྲི་ཕྲག་བརྒྱད་ཀྱི་སྲིན་བུའི་གྲོང་ཁྱེར་ཀུན། །ཀུན་ནས་ཤིག་ཤིག་པོར་ནི་གཡོ་གྱུར་པ། །འདི་གཙང་ན་ནི་མི་གཙང་གཞན་སུ་ཞིག །ཀར་བུར་སྦྲང་གི་ཟས་གཙང་ཟོས་ན་ཡང་། །དེ་མ་ཐག་ཏུ་མི་གཙང་མཆོག་གྱུར་ན། །ཁ་དགུའི་རྨ་ནས་དྲི་ང་རྒྱུད་མར་འཛག །འདི་ལ་རེག་པས་སུ་ཞིག་བདེ་བར་སེམས། །སྟེང་དུ་རྒྱུ་བའི་རླུང་གིས་མགྲིན་པ་ཡི། །ཡི་གེ་བསྐྱོད་པའི་དབྱངས་འདི་སྙན་ན་ཡང་། །ཐུར་སེལ་རླུང་གིས་བུས་པ་གཤོང་བའི་དྲི། །མི་བཟད་དུས་སུ་འབྱུང་བས་སྨ་ཡང་ཕབས། །བཤང་བ་སྲིན་བུས་འཐོར་བའི་ཐུན་མཚམས་མདོག །པགས་པ་ཁྲག་གིས་གང་ཚེ་བྱེ་རུའི་མདངས། །ཚིལ་གྱིས་བརྒྱངས་པ་ཟླ་བ་འདྲའོ་ཞེས། །འཇིག་རྟེན་རྨོངས་པ་དག་གིས་ཉེ་བར་བརྟགས། །མི་གཙང་མི་གཙང་ཞེས་སུ་གང་གྲགས་པ། །ལུས་ལས་མ་བྱུང་


MR13_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཡང་མ་དམིགས་ཀྱང་། །འདི་ན་ལུས་ལ་ཞེན་པའི་བློ་གྲོས་ཀྱིས། །མི་གཙང་མངོན་སུམ་གྱུར་པ་མ་རྟོགས་སོ། །རྨོངས་པས་བསླད་པའི་སྐྱེ་བོ་འདི་དག་ནི། །ཕག་བཞིན་མི་གཙང་བ་ལ་ཤིན་ཏུ་བསྐམས། །ཆགས་བྲལ་རྣམས་ཀྱི་ཡིད་ལ་གནས་པ་ཡི། །རྨད་བྱུང་བདུད་རྩིའི་རོ་མཆོག་མི་ཤེས་སོ། །མཛེ་ཅན་སྲིན་བུས་ཉེན་པ་དག་གིས་ནི། །མེ་ལ་བརྟེན་འདྲ་འདོད་པའི་བདེ་བ་ལས། །མཛེ་ནད་ཞི་འདྲ་ཆགས་དང་བྲལ་བ་ཡི། །བདེ་བ་ནམ་ཡང་བླུན་པོས་མ་མྱོང་ངོ་། །ཞེས་ཟེར་བས་ཁྱེའུ་དང་བུ་མོ་ཕལ་ཆེར་དེ་ལ་ཅུང་ཟད་ཅུང་ཟད་ཉན་ནས་ཡང་ཡིད་བག་མེད་པའི་དབང་དུ་གྱུར་པས། སླར་གཞོན་ནུ་མ་རྣམས་ཀྱིས་འཁྱུད་པའི་རྩེ་དགའ་གསལ་བར་བྱེད་པའི་གླུ་འདི་གསེར་གྱི་དྲིལ་གཡེལ་འཁྲོལ་བའི་རྟ་རུ་དྲངས་ནས་འདི་སྐད་དུ། །ཕན་ཚུན་ལག་ནས་དྲངས་ཏེ་ཡངས་པའི་བྲང་། །གཞོན་ནུའི་ཤ་ཚུགས་རེག་པའི་བདེ་མྱོང་ནས། །རྩེ་དགས་སླར་ཡང་དམ་པོར་བཅིང་གྱུར་པ། །འོ་མའི་མཚོ་ལ་ཟླ་ཟེར་བབས་པ་བཞིན། །སྦྲང་རྩི་འཐུང་བ་རྣམས་ཀྱིས་སྦྲང་རྩི་ལྟར། །འདར་བ་དང་ལྡན་ཧ་གླུ་བྲོ་སྒྱུ་མའི་རོལ་མོ། ཚ་སིང་མྱོས་པའི་དབྱངས། །བརྒྱུད་མར་སྒྲོགས་པ་མཆུ་ཡི་བུང་པ་ཡིས། །གཅིག་ཤོས་མཆུ་སྒྲོས་པདྨའི་བཅུད་ལ་འཇིབས། །རེག་པ་ལས་སྐྱེས་འོད་ཀྱི་ཤིང་རྟ་ཡིས། །བདེ་མཆོག་སྦྲང་རྩིའི་རི་བོ་བཞུ་བ་དང་། །ལྷན་ཅིག་གཟུགས་མེད་ཡིད་ཀྱང་ཞུ་བའི་མཚོར། །དེ་དང་དེར་ནི་རོ་གཅིག་ཉིད་དུ་འདྲེས། །སོས་ཀའི་དུས་ཀྱི་དཔལ་འདྲ་སྨད་མེད་པའི། །ན་ཆུང་དགའ་བ་བཅུད་ཀྱིས་ལེན་


MR13_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྨན། །ཁ་མེད་ཡིད་ཀྱིས་འཐུང་བའི་དེ་མ་ཐག །སྙིང་ནང་བདུད་རྩིས་གང་བ་བཞིན་དུ་གྱུར། །ཞེས་ཟེར་བས་རྟོག་ཆེན་བློ་གྲོས་གསལ་བ་དེའི་གདོང་ཡེ་རེ་བཏེགས་ནས་སྟོང་པར་རྗེས་སུ་བསྟན་པའི་གླུ་འདི་ངང་པའི་རྒྱལ་པོ་རབ་ཏུ་དྲེགས་པའི་དབྱངས་སུ་བསྒྱུར་ནས་ཀུན་གྱིས་ཐོས་པར་འདི་སྐད་དུ། ཨེ་མ། སྤྱད་པས་མི་ངོམ་འདོད་པའི་གློག་ཞགས་འདི། །ཀུན་རྨོངས་སྤྲིན་གྱི་ནང་ན་གྱ་གྱུར་རོལ། །བརྟག་ན་དབེན་པ་སྨིག་རྒྱུའི་ཆུ་འདྲ་ཡང་། །སྲིད་པ་གསུམ་པོ་བཅིང་བར་ནུས་པ་མཚར། །ཚེ་རབས་བརྒྱུད་མར་ཡང་ནས་ཡང་སྤྱད་པའི། །སྐྱེ་བོ་གཅིག་གི་འདོད་འདི་གཟུགས་ཡོད་ན། །རི་རབ་ལྷུན་པོ་སྟོང་ཡང་ཆུང་ངུར་བགྱིད། །ད་རུང་ཕྱིར་ཞིང་སྲེད་པ་འཕེལ་ལ་ལྟོས། །གསུམ་ལས་སྐྱེས་པ་རེག་པའི་བདེ་བ་དེ། །གསུམ་པོ་དག་ཏུ་ཡོད་པ་མ་ཡིན་ཀྱང་། །གསུམ་ན་གནས་པའི་སྐྱེ་བོ་འདི་དག་ཀུན། །འདི་ལ་རྨོངས་ནས་དུག་གསུམ་གྱིས་ཡང་ཡང་སྐྱེ། །ཚོར་བ་སེམས་ཀྱི་ངོ་བོ་ཉིད་ཡིན་ན། །རྐྱེན་ལ་མི་ལྟོས་རྟག་ཏུ་བདེའམ་སྡུག །སེམས་ལས་གཞན་པར་གྱུར་པའི་མྱོང་བྱ་ནི། །སེམས་དང་ཇི་ལྟར་འཕྲད་པ་བརྟགས་པར་གྱིས། །ནམ་མཁའ་ལྟ་བུའི་སེམས་ཀྱི་ཆོས་ཉིད་ནི། །འདི་ཞེས་ཐུབ་རྣམས་ཀྱིས་ཀྱང་མ་གཟིགས་ན། །འདི་ལ་བདེ་དང་སྡུག་པའི་མཚན་མ་ཡིས། །ཇི་ལྟར་ཕན་དང་གནོད་པ་གསལ་པོར་སོམས། །བློ་གྲོས་གསལ་བ་ངས་ནི་དེར་བལྟས་ན། །སྲིད་པ་སྣ་ཚོགས་སྒྱུ་མའི་རོལ་མོར་མཐོང་། །སྒྱུ་མས་བསླུས་པར་གྱུར་པ་ཁྱེད་ལ་ཡང་། །སྒྱུ་མའི་སྙིང་


MR13_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་མེ་བཞིན་བདག་ལ་འབར། །ཞེས་ཚིག་འབྲུ་གསལ་ཞིང་སྒྲ་གདངས་ཤིན་ཏུ་སྙན་པས་དྲི་ཟའི་དབྱངས་ཀྱིས་མི་རྣམས་ཀྱི་སྐད་བཞིན་དུ་དེ་དག་ཟིལ་གྱིས་མནན་པས་བྲོ་བ་དེ་དག་རྟོག་ཆེན་པ་དེ་ལ་ཤིན་ཏུ་དགའ་ནས་ཀུན་གྱིས་དེ་ལ་བལྟའ་ཞིང་མགྲིན་གཅིག་ཏུ་དྲི་ཟའི་པི་ཝང་གི་ངག་ལ་དྲང་ནས་གླུ་འདི་འདྲ་བསྒྲགས་སོ། །རྒྱུ་སྐར་ནངས་ན་རྒྱུ་སྐར་བདག་པོ་དང་། །པདྨའི་ནངས་ན་པདྨ་དཀར་པོ་བཞིན། །ཁྱོད་ཀྱི་གླུ་ཡིས་བདག་ཅག་རྣམས་ཀྱི་གླུ། །གདངས་དང་སྡེབ་སྦྱོར་མཛེས་པའི་སྒོ་ནས་མནན། །དེ་དོན་བདག་ཅག་རྣམས་ཀྱིས་དཔྱད་ན་ཡང་། །དེ་ལྟར་དོན་དུ་གྲུབ་པར་རིགས་ནས་ནི། །ཁྱོད་ནི་བདག་ཅག་ཉམས་ངའི་གཡང་ས་ལས། །རབ་ཏུ་བསྲུངས་པའི་ར་བ་ཉིད་དུ་མཐོང་། །དམ་པ་རྣམས་ནི་རྨིས་ནའང་དགེར་འགྱུར་ན། །དངོས་སུ་མཐོང་བ་ལྟ་ཞིག་སྨྲོས་ཅི་འཚལ། །མཐོང་ནས་དེ་ཡི་གདམས་ངག་ཉན་པ་ལ། །སྲིད་དང་ཞི་བའི་དཔལ་ཡོན་པང་ན་གནས། །དེ་ཕྱིར་ཁྱུ་ཡི་སྔོན་ན་ཁྱུ་མཆོག་བཞིན། །བདག་ཅག་རྣམས་ཀྱི་མདུན་དུ་ཁྱོད་བསྟར་ནས། །སྡུག་བསྔལ་རྒྱ་མཚོ་ཆེན་པོའི་ཕ་རོལ་དུ། །ངང་པས་བསྐོར་བའི་ངང་རྒྱལ་བཞིན་དུ་འཕུར། །བརྩེ་བའི་སྲད་བུ་གཅིག་གིས་བདག་ཅག་རྣམས། །ཕྲེང་བ་བཞིན་དུ་བརྒྱུས་པ་འདི་དག་ཀྱང་། །ཕྱིར་ཞིང་བདེ་བ་མི་ཤིགས་རྡོ་རྗེ་ཡིས། །གཅིག་ཏུ་བཟླུམས་པའི་ཐབས་མཆོག་ཁྱོད་ལ་ཞུ། །འཇའ་ཚོན་པ་ཏྲ་འཛིངས་པའི་དར་ལམ་ལ། །རྩེ་བཞིན་དུ་ཡང་མང་པོ་གཤེགས་ཞེས་ཐོས། །ངེད་ཅག་མི་འབྲལ་བཞིན་དུ་


MR13_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

དེར་འགྲོ་བ། །ཤིན་ཏུ་འདོད་ན་དཔའ་བོས་ཐབས་སྟོན་ཅིག །ཅེས་ཟེར་བས་དེ་རྣམས་རིག་པ་མཆོག་དང་ལྡན་པར་ཤེས་ནས་རྟོག་ཆེན་པ་དེ་བྲོ་ར་ཟླུམ་པོའི་དབུས་སུ་སོང་ནས་རྡོ་རྗེའི་ཌཱ་དྲིལ་གསང་བའི་དབྱངས་ལ་བརྟེན་ནས་ཁྱེའུ་དང་བུ་མོ་དེ་དག་ལ་སྙིང་བརྩེ་བའི་ཟབ་མོའི་གདམས་པ་བསྟན་པའི་གླུ་ལེན་བཞིན་རྐང་བྲོ་ཅུང་ཟད་འཁྲབ་ནས། ཨེ་མ་ངོ་མཚར་ཆེ་བའི་གྲོགས་པོ་རྣམས། །བདེ་སྟོང་གསང་བའི་ལམ་བཟང་འཇུག་ངོགས་བདེ། །ཁྱེད་ཀྱང་དེ་ལ་དགྱེས་ཤིང་ང་ཡང་དགྱེས། །ང་དང་ཁྱེད་ཅག་ལྷན་དུ་བྲོ་གཅིག་བརྡུང་། །བུ་མོ་མ་སྐྱེས་ཆོས་ཀྱི་དབྱིངས་ལས་འོང་། །ཁྱེའུ་བཅུ་དྲུག་བདེ་བའི་ལང་ཚོ་རྫོགས། །རྟོག་ཆེན་གསལ་བ་རིག་པའི་ཡེ་ཤེས་ཏེ། །ང་དང་ཁྱེད་ཅག་འཛོམ་པས་དགོས་པ་འགྲུབ། །རྐང་མཛེས་གསེར་གྱི་དྲིལ་ཆུང་འཁྲོལ་བ་ཡི། །སིལ་སིལ་རྐང་བྲོ་བརྡུང་བའི་ཉམས་འདི་ལ། །སྲིད་པ་ཧྲུལ་པོར་བཤིག་པའི་གནད་ཡོད་དེ། །སྐལ་བཟང་ཁྱེད་ཅག་རྣམས་ཀྱིས་ཤེས་པར་མཛོད། །གཉིས་མཉམ་སྣང་བ་བདེ་བ་ཆེན་པོའི་མེས། །དངོས་ཀུན་སྟོང་པར་བཞུས་པའི་འོད་གསལ་ངང་། །འདོད་ཆགས་བདེ་སྟོང་སྒྱུ་མའི་ཡོ་ལངས་བསྐྱངས། །ཟག་མེད་འཇའ་སྐུ་འགྲུབ་པའི་རྟེན་འབྲེལ་འགྲིགས། །ཁྱེད་ཅག་ཕྱི་ཡི་བྲོ་ར་གྲུ་གསུམ་ནང་། །ང་ནི་ཉི་མའི་ཐིག་ལེའི་གཟུགས་སུ་གནས། །གཞུ་ཡི་རྣམ་པ་ལྟ་བུའི་བྲོ་བརྡུངས་པས། །གློག་གི་ཟེར་མ་རྩེ་གསུམ་དབྱིབས་སུ་འབྱུང་། །ཁྱེད་ཅག་ཕྱི་ཡི་བྲོ་ར་ཟླུམ་པོ་


MR13_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ང་ནི་ཟླ་བའི་ཐིག་ལེའི་གཟུགས་སུ་གནས། །མེ་ལྕེ་འབར་བ་ལྟ་བུའི་བྲོ་བརྡུང་བས། །འོ་མའི་ཐིགས་པ་སྐར་ཕྲེང་བཞིན་དུ་འབབས། །ཁྱེའུ་དང་པོ་བཞི་དང་བུ་མོ་བཞི། །མེ་ཏོག་དཀར་པོ་རྒྱས་པའི་ཚལ་དུ་སོང་། །དགའ་དང་སྟོང་པ་ཟུང་དུ་སྦྱར་བའི་བྲོ། །བྲོ་ཆེན་དེ་ནི་འགྲན་ཟླ་མེད་པར་བརྡུང་། །ཁྱེའུ་གཉིས་པ་བཞི་དང་བུ་མོ་བཞི། །མེ་ཏོག་དམར་པོ་རྒྱས་པའི་ཚལ་དུ་སོང་། །མཆོག་དགའ་སྟོང་ཆེན་ཟུང་དུ་སྦྱར་བའི་བྲོ། །བྲོ་ཆེན་དེ་ནི་འགྲན་ཟླ་མེད་པར་བརྡུང་། །དེ་འོག་ཁྱེའུ་བཞི་དང་བུ་མོ་བཞི། །མེ་ཏོག་སྔོན་པོ་རྒྱས་པའི་ཚལ་དུ་སོང་། །ཁྱད་པར་དགའ་དང་ཤིན་ཏུ་སྟོང་སྦྱར་བྲོ། །བྲོ་ཆེན་དེ་ནི་འགྲན་ཟླ་མེད་པར་བརྡུང་། །ཁྱེའུ་ཐ་མ་བཞི་དང་བུ་མོ་བཞི། །མེ་ཏོག་སེར་པོ་རྒྱས་པའི་ཚལ་དུ་སོང་། །ལྷན་སྐྱེས་དགའ་བ་ཐམས་ཅད་སྟོང་པའི་བྲོ། །བྲོ་ཆེན་དེ་ནི་འགྲན་ཟླ་མེད་པར་བརྡུང་། །དེ་མཐར་དེ་དག་ཀུན་ཀྱང་འབྲེལ་གྱུར་ནས། །སེར་མཐིང་དམར་པོའི་ཚལ་དུ་བྲོ་བརྡུང་ནས། །སླར་ཡང་ཀུ་མུད་དཀར་པོའི་དགའ་ཚལ་ན། །ཁྱེད་དང་ང་ཡང་རོ་གཅིག་འདྲེས་པར་འགྱུར། །དེ་ཚེ་ཀུན་རྟོག་འཁོར་བའི་མུན་པ་ཀུན། །རང་སར་ཡལ་བ་རྡོ་རྗེ་ནམ་མཁའི་དཀྱིལ། །རིག་སྟོང་བརྗོད་དུ་མེད་པའི་ཐིག་གླུ་བྲོ་སྒྱུ་མའི་རོལ་མོ། ཚ་ལེ་རུ། །དོན་དམ་འཇམ་དཔལ་གཞོན་དུ་ངེས་པར་མཇལ། །ཞེས་ཟེར་བས་དེ་དག་ཀུན་གྱིས་བརྡ་དོན་གློ་བར་ཆུད་དེ་མཆོག་ཏུ་དགའ་ནས་རྟོག་ཆེན་པོ་དང་བཅས་པ་ཐམས་ཅད་སྟབས་གཅིག་ཏུ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་སྒྲ་ལ་དྲངས་ནས།


MR13_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་འགྱུར་བ་མེད་པའི་གླུ་འདི་དང་བསྒྲགས་ཏེ་ནོར་བུའི་ཆར་འབེབས་ཞེས་བྱ་བའི་རྐང་བྲོ་བརྡུང་ནས། ཨེ་མ་ཧོ། སྲིད་པ་སྣ་ཚོགས་སྒྱུ་མའི་གྲོང་ཁྱེར་གྱི་དབུས་ན། །སྒྱུ་མ་རྡོ་རྗེ་བཙན་པོའི་བྲོ་གར་ལ་བརྟེན་ནས། །སྒྱུ་མའི་རང་མཚངས་མཐོང་བའི་ཤེས་རབ་དེ་འབར་བྱུང་། །སྒྱུ་མའི་ཟློས་གར་རྩེ་བའི་གང་ཟག་དེ་སྐྱིད་དོ། །སྣང་སྟོང་སྒྱུ་མར་ཤར་བའི་རྣལ་འབྱོར་གྱི་ཉམས་ལ། །གང་བྱས་ཇི་ལྟར་བྱས་ཀྱང་བདེ་ཆེན་གྱི་རོལ་མོ། །འདིར་སྐྱིད་ཕྱི་མར་སྐྱིད་པའི་སྣང་ཚུལ་ལ་བསམས་ན། །ཉམས་དགའི་རྐང་བྲོ་མི་འཁྲབ་དབང་མེད་དུ་འདུག་གོ། རྟེན་མེད་མཁའ་ལ་ལྡིང་བའི་ཁྱུང་ཆེན་གྱི་ངང་ཚུལ། །དོགས་མེད་སྲིད་པའི་ཁམས་ན་བག་བསྐྱངས་སུ་འཕྱོ་བ། །བཟོད་མེད་སྙིང་རྗེ་འབར་བའི་ཡོ་ལང་གི་ངང་ནས། །འགག་མེད་རིག་པའི་རྩལ་བྲོ་དུ་མ་ཞིག་འཁྲབ་བོ། །སྣང་བ་སྒྱུ་མར་ཤར་བའི་ངང་ཚུལ་གྱིས་བོས་པ། །གདམས་ངག་དོན་ཟབ་མགྲིན་པའི་རླུང་ཆེན་དེ་གཡོས་པས། །སྙིང་ལ་ཡེ་ཤེས་སྒྱུ་མའི་མེ་ཆེན་རང་འབར་ནས། །སྲིད་པའི་ནགས་ཚལ་མཐུག་པོ་ཡམ་ཡམ་དུ་བསྲེགས་སོང་། །དཀར་དམར་མེ་ཏོག་འབྲེལ་བ་བདེ་སྐྱིད་ཀྱི་ཚོམ་བུ། །མི་འབྲལ་ལུག་རྒྱུད་རྡོ་རྗེའི་ཕྲེང་བ་རུ་སྦྲེལ་ནས། །གཅིག་ལ་གཅིག་བརྟེན་ཨཱ་ལི་ཀཱ་ལི་ཡི་འདུ་འཕྲོས། །གཤོག་ཟུང་རྒྱས་པའི་བྱ་བཞིན་མཁའ་སྤྱོད་ལ་འཕུར་འགྲོ། པདྨའི་འོད་ཟེར་འཁྲུགས་པའི་ལྡིང་གུར་གྱི་དབུས་ན། །པདྨའི་རྒྱལ་པོ་རྟག་ཏུ་རྒུད་མེད་དེ་ཡོད་པས། །མི་ཟད་སྦྲང་རྩིས་མྱོས་པའི་བུང་ཚོགས་ཀྱི་


MR13_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ས། །གཅིག་ཏུ་དགའ་བའི་གནས་དེར་བདག་ཅག་ཀུན་འགྲོའོ། །གཡུལ་རྒྱལ་ལྷ་ཡི་རྔ་འདྲའི་གླུ་དབྱངས་འདིས་བོས་བས། ཚེ་དཔལ་སྟོབས་ཐུ་གསེར་གྱི་སྙིང་པོ་ཡི་སྤྲིན་ཆེན། འཛམ་གླིང་ཡངས་པའི་རྒྱལ་ཁམས་འདི་དག་ཏུ་དཀྲིགས་ནས། །དགའ་སྐྱིད་རྩེད་འཇོའི་འབྲུག་སྒྲ་སྒྲོགས་པར་ནི་གྱུར་ཅིག །ཅེས་ཟེར་ནས་རྨི་ལམ་ལྟ་བུའི་སྣང་བ་དེ་རེ་ཞིག་ཡལ་ལོ། །ཁ་མཚར་ཇི་བབ་གང་བབ་ཞིག །བྲིས་ཞེས་སྙན་ངག་ལེགས་སྨྲ་བ། །པདྨ་ཡེ་ཤེས་ཞེས་བྱ་བས། །ཡང་ཡང་བསྐུལ་བ་ལ་བརྟེན་ནས། །རྟག་ཏུ་རྣམ་གཡེང་ལ་གོམས་པའི། །རྣམ་དཔྱོད་དོན་མེད་གྱི་ན་པ། །མི་ཕམ་རྣམ་རྒྱལ་ཞེས་པ་ཡིས། །འཆལ་ངག་འདི་ག་འཕྲལ་དུ་བྲིས། །མངྒ་ལཾ། ། གླིང་བྲོ་བདེ་ཆེན་རོལ་མོ་བཞུགས། །དང་པོ་བྲོ་ཡི་བྱིན་འབེབས་ནི། །མོས་གུས་གདུང་བའི་ཡིད་མཆོག་གིས། །རབ་བསྐུལ་ཞི་ཞིང་དགའ་བའི་ཉམས། །སྙན་འགྱུར་ཚངས་པའི་དབྱངས་ལྟ་བུ། །གླུ་ནི་འདི་ལྟར་བླང་བར་བྱ། །ཨོཾ། ལོ་འུ་ལ་ཨ་ཧོ་ཡ་སོགས། མི་རྗེ་སེང་ཆེན་ལྷ་ཡི་ནོར་བུ། །དགྲ་བླ་ཝེར་མའི་དཔུང་དང་བཅས་ཏེ། །བག་དྲོ་གཟི་བྱིན་ཐིབས་སེ་བྱོན་ནས། །གཡས་གྲལ་ལྷ་ཡི་བྲོ་ལ་བཞུགས་ཤོག །ཕོ་རྒྱུད་དཔའ་བའི་བྱིན་ཆེན་ཕོབ་ཤོག ། ཨ་ཧོ་ཡ་སོགས། བུ་ཡིས་ཕ་ཆེན་བརྗེད་པ་མི་སྲིད། །ངས་ནི་མི་བརྗེད་གསོལ་བ་འདེབས་སོ། །ཡིད་ལ་སེང་ཆེན་རྒྱལ་པོ་དྲན་ནས། །རྐང་པའི་བྲོ་དང་ལག་པའི་གར་སྟབས། །ངག་གི་གདུང་དབྱངས་ལྷང་ལྷང་སྒྲོགས་ན། །མཁྱེན་པའི་


MR13_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མ་གསལ་བའི་ལྷ་སྲས། །བརྩེ་བའི་ཟླ་བ་རྒྱས་པའི་མི་རྗེ། །བྱིན་བས་གློག་ལྟར་མྱུར་བའི་སེང་ཆེན། །སྐུ་རྗེ་དོན་གྲུབ་ཝེར་མ་དཀར་པོ། །འཛུམ་པའི་ཞལ་རས་སྟོན་ལ་བྱོན་ཤོག །སྙན་པའི་གསུང་དབྱངས་སྒྲོགས་ལ་བྱོན་ཤོག །དགྱེས་པའི་ཐུགས་ཀྱིས་དགོངས་ལ་བྱོན་ཤོག །བྱིན་རླབས་བརྡ་རྟགས་སྟོན་ལ་བྱོན་ཤོག །ཕྲིན་ལས་བྱིན་ཆེན་ཕོབ་ལ་བྱོན་ཤོག །ཨ་ཧོ་ཡ་སོགས། ལུས་ངག་ཡིད་གསུམ་མཆོད་པ་འབུལ་ན། །མ་གཡེལ་ཐུགས་རྗེས་དགོངས་ཤིག་ནོར་བུ། །ཕ་ཡིས་བུ་དེ་བརྗེད་པ་མི་སྲིད། །མ་བརྗེད་ཡོད་ན་ད་ལྟ་ཕེབས་ཤོག །ཕེབས་ནས་བཀྲ་ཤིས་བྱིན་རླབས་མཛོད་ཅིག །ཨ་ཧོ་ཡ། ཨ་ཧོ་ཡ། ལེའུ་ཚན་དང་པོའོ། །དེ་ནས་བུད་མེད་རྣམས་ཀྱིས་ནི། གླུ་ནི་འདི་བཞིན་བླང་བར་བྱ། ཨོཾ། སྟོང་ཉིད་ལྷ་མོ་ཆོས་ཀྱི་མཚོ་མོ། །མ་ཚོགས་མཁའ་འགྲོའི་འཁོར་དང་བཅས་ཏེ། །བག་དྲོ་གཟི་བྱིན་ཐིབས་སེ་བྱོན་ཤོག །གཡོན་གྲལ་ལྷ་ཡི་བྲོ་ལ་བཞུགས་ཤོག །མོ་རྒྱུད་མཛེས་པའི་བྱིན་ཆེན་ཕོབ་ཤོག །བུ་མོས་ཨ་མ་བརྗེད་པ་མི་སྲིད། །ངས་ནི་མི་བརྗེད་གསོལ་འདེབས་སོ། །ཡིད་ལ་དྭང་སྨན་ཌཱ་ཀཱི་དྲན་ནས། །རྐང་པའི་བྲོ་དང་ལག་པའི་གར་ཐབས། །ངག་གི་གདུང་དབྱངས་ལྷང་ལྷང་སྒྲོགས་ན། །མཁྱེན་པའི་ཉི་མ་གསལ་བའི་མཁའ་འགྲོ། བརྩེ་བའི་ཟླ་བ་རྒྱས་པའི་ཡུམ་ཆེན། །བྱིན་རླབས་གློག་ལྟར་མྱུར་བའི་དྭངས་སྨན། །དགྱེས་ཡུམ་བཀྲ་ཤིས་གསང་བའི་ལྷ་མོ། །འཛུམ་པའི་ཞལ་རས་སྟོན་ལ་བྱོན་ཤོག །སྙན་པའི་གསུང་དབྱངས་སྒྲོགས་ལ་བྱོན་ཤོག །དགྱེས་པའི་ཐུགས་ཀྱིས་དགོངས་ལ་


MR13_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ཤོག །བྱིན་རླབས་བརྡ་རྟགས་སྟོན་ལ་བྱོན་ཤོག །ཕྲིན་ལས་བྱིན་ཆེན་ཕོབ་ལ་བྱོན་ཤོག །ལུས་ངག་ཡིད་གསུམ་མཆོད་པ་འབུལ་ན། །མ་གཡེལ་ཐུགས་རྗེས་དགོངས་ཤིག་སྒྲོལ་མ། །མ་ཡིས་བུ་མོ་བརྗེད་པ་མི་སྲིད། །མ་བརྗེད་ཡོད་ན་ད་ལྟ་ཕེབས་ཤོག །ཕེབས་ནས་བཀྲ་ཤིས་བྱིན་རླབས་མཛོད་ཅིག །ཨ་ཧོ་ཡ། ཨ་ཧོ་ཡ། ཞེས་སོ། །དེ་ནས་མཆོད་ཅིང་བསྟོད་པའི་གླུ། །ཕོ་མོ་ཁྱད་མེད་ཅི་བདེར་བླངས། །བཀྲ་ཤིས་དར་གྱི་འཕྱངས་འཕྲུལ་ཐོགས། །སྒེག་ཅིང་འཛུམ་པའི་ཚུལ་གྱིས་ནི། །ཡིད་འཕྲོག་ངག་གིས་བླང་བར་བྱ། ཨཱ༔ སྐུ་རྗེ་སེང་ཆེན་ཡིད་བཞིན་ནོར་བུ། །རྩ་གསུམ་དགྲ་བླའི་སྤྲིན་དཔུང་འཁྲིགས་པ། །བདེ་ཆེན་དངས་སྨན་ཌཱ་ཀིའི་ཚོགས་དང་། །དགྱེས་བཞད་ཆགས་པའི་ཉམས་འགྱུར་གཡོ་ཞིང་། །ཨ་ལ་ལ་ཧོ། ཨ་ལ་ལ་ཧོ། བྱིན་རླབས་གཟི་བྱིན་འབར་བར་བཞུགས་ལ། །འདིར་འཚོགས་དད་ལྡན་བདག་ཅག་རྣམས་ཀྱིས། །གནས་ལུས་ལོངས་སྤྱོད་མཆོད་པར་འབུལ་ན། །བརྩེ་བའི་ཐུགས་ཀྱིས་བཞེས་པར་མཛོད་ཅིག །ཨ་ལ་ལ་སོགས། །མཛེས་མཛེས་ལུས་ཀྱི་བྲོ་གར་སྟངས་སྟབས། །སྙན་སྙན་ངག་གི་གླུ་དབྱངས་འགྱུར་ཁུག །དུང་དུང་སེམས་ཀྱི་དད་གུས་གདུང་ཤུགས། །ཡང་ཡང་སེང་ཆེན་རྗེ་ལ་མཆོད་དོ། །ཨ་ལ་ལ་སོགས། སྔོན་ཚེ་སེར་པོ་ཧོར་གྱི་ས་ནས། །སྟོང་ཉིད་མགར་བཟའ་ཆོས་ཀྱི་སྒྲོན་མས། །དགྲ་བླའི་སྐུ་ཆས་ཁྱེད་ལ་གསོལ་བས། །བསྟན་དགྲ་ཐུལ་པའི་རྟེན་འབྲེལ་འགྲིགས་སོང་། །ཨ་ལ= སྔོན་ཚེ་དྭང་སྨན་མཁའ་འགྲོའི་ཚོགས་


MR13_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལྷ་ཀླུ་མི་ཡི་དྲེགས་ལྡན་རྣམས་ཀྱིས། །སྣ་ཚོགས་རྫས་མཆོག་ཁྱེད་ལ་ཕུལ་བས། །ཕྲིན་ལས་ཀུན་འགྲུབ་རྟེན་འབྲེལ་འགྲིགས་སོང་། །ཨ་ལ་ལ་ཧོ་ཨ་ལ་ལ་ཧོ། །དེ་བཞིན་ད་ལྟ་མོས་ལྡན་ངེད་ཀྱིས། །དགྲ་བླའི་སྐུ་ཆས་རྟེན་འབྲེལ་རྫས་མཆོག །སྣ་ཚོགས་སྤྲིན་ལྟར་གཏིབས་པའི་མཆོད་པས། །དགྲ་བླ་ཝེར་མའི་དབུ་འཕང་བསྟོད་ན། །ཨ་ལ་ལ= འཛུམ་འཛུམ་སྤྱན་གྱིས་གཟིགས་ལ་བཞེས་ཤིག །དགྱེས་དགྱེས་ཐུགས་ཀྱིས་དགོངས་ལ་བཞེས་ཤིག །བྱམས་བྱམས་ཕ་མ་ལྟ་བུའི་ཚུལ་གྱིས། །ཡང་ཡང་མགོན་སྐྱབས་སྡོང་གྲོགས་མཛོད་ཅིག །ཨ་ལ་ལ་ཧོ། །ཨ་ལ་ལ་ཧོ། །བྲོ་ལེའུ་ཚན་གཉིས་པའོ། །དེ་ནས་སྣ་ཚོགས་ཕྲིན་ལས་བྲོ། །དཔའ་བརྗིད་རྔམ་པའི་ཚུལ་གྱིས་བརྡུང་། །དགྲ་བླའི་ཆས་སམ་གང་མཛེས་སུ། །འཇིགས་ལ་ཟིལ་ཆེ་སྙན་པའི་དབྱངས། །རིག་པའི་བརྟུལ་ཞུགས་བཅས་ཏེ་བླང་། །ཧཱུྃཿ སྔོན་ཚེ་འཛམ་གླིང་ནོར་བུ་དགྲ་འདུལ། །དགྲ་བླའི་སྐུ་ཆས་སྐུ་ལ་མནབ་ནས། །བདུད་དང་སྲིན་པོ་འདུལ་དུ་གཤེགས་ཤིང་། །ནག་ཕྱོགས་ཧོར་བདུད་གདན་ལ་བཞུགས་ཚེ། །དགྲ་བླ་ཝེར་མའི་དམག་དཔུང་འདུས་སོང་། །དགྲ་བླ་ཝེར་མའི་དམག་དཔུང་འདུས་སོང་། །འཇམ་དཔལ་རྣོན་པོ་ཤེས་རབ་རལ་གྲིས། །ལྔ་ཕུང་སྒྱུ་མའི་དྲྭ་བ་བཤིག་ནས། །ཤ་ཁྲག་དགྲ་བླའི་མཆོད་སྟོན་འགྱེད་སོང་། །དགྲ་བླ་དཔའ་བའི་གད་རྒྱང་བསྒྲགས་སོང་། །དགྲ་བླ་དཔའ་བའི = ས་སྟེང་བདུད་སྲིན་བསྟན་པ་ནུབ་སོང་། །ས་སྟེང་སོགས་ཉིས་བསྐྱར། དཀར་ཕྱོགས་དགའ་བའི་རྒྱལ་མཚན་བསྒྲེངས་སོང་། །དཀར་ཕྱོགས་


MR13_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

དགའ༴ ལྷ་ཀླུས་སྐྱིད་པའི་བྲོ་གར་བརྡུང་སོང་། ལྷ་ཀླུས་སྐྱིད= ཡང་ཅིག་འཛམ་གླིང་ལྷ་ཡི་ནོར་བུ། །དགྲ་བླའི་སྐུ་ཆས་སྐུ་ལ་མནབ་ནས། །རྫུ་འཕྲུལ་རྟ་རྒྱུག་མཛད་པ་བསྟན་ཞིང་། །རིན་ཆེན་གསེར་གྱི་ཁྲི་ལ་བཞུགས་ཚེ། །དགྲ་བླ་ཝེར་མའི་དམག་དཔུང་འདུས་སོང་། །འདི་ཉིས་བསྐྱར་སོགས་གོང་གི་རིགས་འོག་མ་ཀུན་ལ་འགྲེས་ཤེས་པར་བྱ། རྟ་མཆོག་རོལ་པ་དབང་གི་ང་རོ། །བཞད་པ་བརྒྱད་ཀྱི་དབྱངས་སུ་འཚེར་བས། །སྣང་སྲིད་འདོད་དགུ་དབང་དུ་བསྡུས་ནས། །དགྲ་བླ་དགྱེས་པའི་མཆོད་སྟོན་མཛད་སོང་། །ས་སྟེང་བདུད་སྲིན་བསྟན་པ་ནུབ་སོང་། །དཀར་ཕྱོགས་དགའ་བའི་རྒྱལ་མཚན་བསྒྲེངས་སོང་། །ལྷ་ཀླུས་སྐྱིད་པའི་བྲོ་གར་བརྡུང་སོང་། །ཡང་ཅིག་སེང་ཆེན་སྐྱེས་བུ་དོན་གྲུབ། །དགྲ་བླའི་སྐུ་ཆས་སྐུ་ལ་མནབ་ནས། །སྣ་ཚོགས་མཛད་པའི་རོལ་རྩེད་ངོམས་པས། །མཐའ་བཞིའི་ཆེ་དགུ་ཆབ་འོག་འཛུད་ཚེ། །དགྲ་བླ་ཝེར་མའི་དམག་དཔུང་འདུས་སོང་། །དགྲ་བླ་སོགས། མཐུ་སྟོབས་མཚུངས་པ་མེད་པའི་ལྷ་མཆོག །ཐོགས་མེད་རྡོ་རྗེའི་ནུས་རྩལ་ལྡན་པས། །གང་འདོད་ཕྲིན་ལས་རང་དབང་བསྒྱུར་ནས། །དགྲ་བླ་དགྱེས་པའི་མཆོད་སྟོན་མཛད་སོང་། །ས་སྟེང་བདུད་སྲིན་བསྟན་པ་ནུབ་སོང་། །ས་སྟེང་སོགས་ཉིས་བསྐྱར་སྔ་མ་ལྟར་རོ། །དཀར་ཕྱོགས་དགའ་བའི་རྒྱལ་མཚན་བསྒྲེངས་སོང་། །ལྷ་ཀླུས་སྐྱིད་པའི་བྲོ་གར་བརྡུང་སོང་། །ཡང་ཅིག་སྐྱེས་མཆོག་གེ་སར་རྒྱལ་པོ། །བསམ་གྲུབ་བདེ་མཆོག་ནོར་བུའི་ཕོ་བྲང་། །བཀྲ་ཤིས་གསེར་གྱི་ཁྲི་ལ་བཞུགས་ཏེ། །དད་དམ་དག་པ་འདུས་པའི་


MR13_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ། །རང་སྣང་ཆོས་སྐུའི་དགོངས་པ་གཏད་ཚེ། །མཐོང་བ་ཀུན་སྨོན་གླིང་དཀར་ཡུལ་གྱི། །དཔའ་ཐུལ་དང་སྨན་འདུས་པའི་ཚོགས་ཀྱིས། །རང་རིག་ཀུན་བཟང་དགོངས་པ་མཐོང་ནས། །འཆི་མེད་འོད་ལུས་དྭངས་མ་འགྲུབ་སོང་། །དེ་ཚེ་རྩ་གསུམ་སྲུང་མའི་ཚོགས་རྣམས། །ཡེ་ཤེས་དགྲ་བླ་ཝེར་མའི་རྣམ་པས། །ངོ་མཚར་ཤིས་པའི་གད་རྒྱང་བསྒྲགས་སོང་། །ངོ་མཚར་ཤིས་སོགས་ཉིས་ཟེ། ས་སྟེང་བདུད་སྲིན་བསྟན་པ་ནུབ་སོང་། །དཀར་ཕྱོགས་དགའ་བའི་རྒྱལ་མཚན་བསྒྲེང་སོང་། །ལྷ་ཀླུས་སྐྱིད་པའི་བྲོ་གར་བརྡུང་སོང་། །འདི་ནས་དབྱངས་དལ་བུས་ལུས་ཀྱི་སྟབས་རྣམས་བྱ་སྟེ། ལག་གཡས་ཐབས་ཆེན་དཔའ་བོའི་ཕྱག་རྒྱ། །གཡས་གྱེན་དུ་གདངས། རྔམ་རྔམ་ནམ་མཁའི་ཁམས་ལ་གདེངས་སོང་། །ལག་གཡོན་ཤེས་རབ་དཔའ་མོའི་ཕྱག་རྒྱ། །མཛེས་མཛེས་ས་གཞིའི་ངོས་ལ་གཏད་སོང་། །ལག་གཡོན་མཛེས་པ་བསྒྱུར་ཞིང་ཐུར་དུ་ཕབ། རྐང་པ་གཡས་གཡོན་སྟོང་ཉིད་སྙིང་རྗེ། །ལྡེམ་ལྡེམ་གཡོ་བའི་བྲོ་ར་འགྲིགས་སོང་། །རྡོག་བྲོ་རས་འཐབ་དང་མཉམ་སྡེབ། རོ་སྟོད་དགྱི་དགུ་གཡུ་འབྲུག་འཁྱུག་འགྲོས། །སྟོད་འཁྱུག་ལྡེམ། རྐང་པ་དམར་ཡག་སྟག་གི་མཆོངས་སྟངས། །རྐང་འདེགས་མཆོང་ཆེན། ལག་པ་ཁྱུང་ཆེན་གཤོག་པའི་ལྡིང་སྟབས། །བརྐྱང་འདེགས། མགོ་བོ་སེང་གེ་རྔམ་པའི་ལྟ་སྟངས། །ཕྱོགས་སུ་བརྗིད་བར་བལྟ། ཝེར་མ་ལུས་ལ་ཆགས་པའི་སྒྱུ་རྩལ། །ཁམས་གསུམ་ཟིལ་གནོན་བྲོ་ཡི་སྟབས་ཀྱིས། །མི་འདོད་དགྲ་བདུད་ཆམ་ལ་ཕབ་སོང་། །འཁྲབ་ཆུང་། མི་འདོད་དགྲ་བདུད་ཆམ་ལ་ཕབ་སོང་། །འཁྲབ་ཆེན། དེ་ནས་དལ་བུས་བྲོ་གྲལ་གཡས་སུ་བསྐོར་ལ།


MR13_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བསྐོར་ཕོ་རྒྱུད་དཔའ་བོའི་དཔའ་དར། །གཡོན་དུ་བསྐོར་ལ། གཡོན་སྐོར་མོ་རྒྱུད་དཔའ་མོའི་དཔའ་སྐྱེམས། །བྲོ་ཡི་རོལ་རྩེད་དེ་རིང་ངོམས་ན། །དགྲ་བླ་དགྱེས་པའི་དབུ་འཕང་བསྟོད་ཅིང་། །ཝེར་མ་དགའ་བའི་ངོ་སོ་མཐོ་བའི། །དགའ་སྟོན་བྲོ་གར་རྟེན་འགྲེལ་འདི་ཡིས། །རྒྱལ་ཁམས་ཡོངས་ལ་བཀྲ་ཤིས་རྒྱས་ཤིང་། །འདིར་ཚོགས་ཡོངས་ལ་དགེ་ལེགས་འཕེལ་ཤོག །ཕྱོགས་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ། །དེ་རིང་ལྷུན་གྱིས་འགྲིགས་པར་ཤོག་ཅིག །ཨ་ཏེ་ཧོ། ཨ་ཏེ་ཧོ། ཞེས་འཁྲབ་ལ་རྒྱ་རོལ་བསྒྲགས། དེ་ནས་དཔའ་སྐྱེམས་དྲངས་བར་བྱའོ། །བྲོ་ལེའུ་ཚན་གསུམ་པའོ། ༈ །དེ་ནས་བཀྲ་ཤིས་རྫས་སྣ་ཚོགས། ཐོགས་ལ་དལ་བུར་བག་ཕེབས་ཤིང་། ཡིད་འོང་ཚིམ་པའི་ཚུལ་གྱིས་སུ། བཀྲ་ཤིས་དབྱངས་སྙན་བླང་བར་བྱ།ཧོཿ རྩ་གསུམ་ཀུན་འདུས་སེང་ཆེན་རྒྱལ་པོ། །མཆོག་གསུམ་བཀྲ་ཤིས་སྙན་པའི་ནོར་བུ། །སྐུ་རྗེ་དོན་གྲུབ་ཝེར་མ་དཀར་པོ། །བཀྲ་ཤིས་དགེ་ལེགས་ཕུན་སུམ་ཚོགས་མཛོད། །ཨེ་མ་ཧོ། ཨེ་མ་ཧོ། ཀུན་ལ་འགྲེ། སྐུ་ཡི་བཀྲ་ཤིས་ཡིད་འོང་བྱིན་ཆགས། །ནད་མེད་བདེ་སྐྱིད་འཕེལ་བའི་རང་བཞིན། །མི་ནུབ་རྒྱལ་མཚན་ལྟ་བུའི་བཀྲ་ཤིས། །འདིར་འཚོགས་ཡོངས་ལ་འཛོམས་པར་ཤོག་ཅིག །ཨེ་མ་སོགས། གསུང་གི་བཀྲ་ཤིས་དགའ་སྐྱིད་གླུ་དབྱངས། །སྙན་གྲགས་ས་སྟེང་ཁྱབ་པར་སྒྲོགས་པ། །འགག་མེད་དུང་སྒྲ་ལྟ་བུའི་བཀྲ་ཤིས། །འདིར་ཚོགས་ཡོངས་ལ་འཛོམ་པར་ཤོག་ཅིག །ཨེ་མ་སོགས། ཐུགས་ཀྱི་བཀྲ་ཤིས་ཆོས་ཀྱི་ཞིང་ས། །བདེ་སྟོང་གསལ་འབར་བག་དྲོ་ལྷུན་ཆགས། །མི་འགྱུར་ནམ་མཁའ་ལྟ་བུའི་བཀྲ་ཤིས། །འདིར་


MR13_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

འཚོགས་ཡོངས༴ །ཨེ་མ༴ །ཡོན་ཏན་བཀྲ་ཤིས་དགོས་འདོད་ཀུན་འབྱུང་། །ཆོས་སྲིད་ཕུན་ཚོགས་བསྟན་པ་དར་རྒྱས། །བསམ་འཕེལ་ནོར་བུ་ལྟ་བུའི་བཀྲ་ཤིས། །འདིར་ཚོགས༴ ཨེ་མ༴ ཕྲིན་ལས་བཀྲ་ཤིས་མཐུ་སྟོབས་དཔལ་འབར།།ཕྱོགས་ལས་རྣམ་རྒྱལ་དབུ་འཕང་མཐོ་བའི། །དགུང་ལ་ཉི་ཟླ་ལྟ་བུའི་བཀྲ་ཤིས། །འདིར་ཚོགས་ཡོངས་ལ་འཛོམས་པར་ཤོག་ཅིག །ཨེ་མ་སོགས། གནས་འདི་མཁའ་སྤྱོད་མཐོང་བ་ཀུན་སྨོན། །འདིར་ཚོགས་དཔའ་ཐུལ་དང་སྨན་རིག་འཛིན། །མི་འབྲལ་ཚོམ་བུ་གཅིག་ཏུ་ཚོགས་ནས། །བདེ་ཆེན་འགྲུབ་པའི་བཀྲ་ཤིས་ཤོག་ཅིག །ཨེ་མ་ཧོ། ཨེ་མ་ཧོ། བྲོ་ལེའུ་ཚན་བཞི་པའོ། །བྲོ་ཡི་དགའ་སྟོན་འདིར་འབྲེལ་བར། །ལྟད་མོ་རྣམ་པ་སྣ་ཚོགས་བྱ། །འདུས་པ་རྣམས་ཀྱིས་སེང་ཆེན་རྗེ། །དྲན་པས་གསོལ་འདེབས་དབྱངས་སྙན་བསྒྲགས། །དེས་ནི་གནས་སྐབས་དགའ་བ་དང་། །ཡུན་དུ་ཆོས་སྲིད་ལེགས་ཚོགས་འཕེལ། །རྟེན་འབྲེལ་བཟང་པོའི་སྒོ་འཕར་དབྱེ། །བཀྲ་ཤིས་དོན་གྲུབ་ཕྱོགས་ལས་རྒྱལ། ས་མ་ཡ། ཞེས་པའང་བསེ་རུ་འོད་ལྡན་དཀར་པོས་དགོས་པ་ཁྱད་པར་ཅན་གྱི་ཕྱིར་བྲིས་པ་མངྒ་ལཾ།། ༈ །།རྟེན་འབྲེལ་ལམ་ཡག་འཆམས་ལུགས་བཞུགས། མི་གོས་དཀར་པོ་ཅན། ཞྭ་པདྨ་ཁ་འབུས་ལྟ་བུ། མེ་ལོང་དར་སྣ་རྨ་བྱའི་སྒྲོས་བརྒྱན། །ལག་གཡས་སྦ་དབྱུག་རྩེ་ལ་དར་སྣ་དྲིལ་བུ་བཏགས་པ་ཐོགས་ཏེ་འཆམས་ནས་འདི་སྐད་ཟེར་རོ། །ཨ་ལ་ལ། ཨ་ལ་ལ། བཀྲ་ཤིས་སོ། །ཡག་གོ། །ང་ད་ནང་ཟངས་མདོག་དཔལ་རིའི་ཕོ་བྲང་ནས་འོང་ངོ་། །ལྷ་ཨོ་རྒྱན་པདྨས་མངགས་པ་རང་ཡིན་ནོ། །ཁྱོད་གར་སོང་བཀྲ་ཤིས་བརྗོད་ཅིག་གསུངས་སོ། །ཨ་ལ་ལ་སྔར་ལྟར་


MR13_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཆི་མེད་ཡེ་ཤེས་མཚོ་རྒྱལ་ཕེབས་བྱུང་། ཞྭ་པདྨ་ཁ་འབུས་མགོ་ལ་བསྐོན་བྱུང་། འདི་སུས་མཐོང་བཀྲ་ཤིས་ལ་ཉེ་ཡག་གོ་གསུངས་སོ། །ལག་བཀྲ་ཤིས་ཚངས་པའི་སྦ་དབྱུག་ལྡེམ་མོ། །འདི་སུས་མཐོང་བཀྲ་ཤིས་ལ་ཉེ་ཡག་གོ་གསུངས་སོ། །འཆམས་བཀྲ་ཤིས་གཡས་བྲོ་གཡོན་བྲོ་གྱིལ་གྱིལ། །འདི་སུས་མཐོང་བཀྲ་ཤིས༴ ངག་བཀྲ་ཤིས་གླུ་རྟ་རིང་ཐུང་སྤེལ་མ། །འདི་སུས་ཐོས༴ ཨ་ལ་ལ་སོགས། ཕྱོགས་བཅུ་ན་སངས་རྒྱས་བཞུགས་སོ། །བཀྲ་ཤིས་སོ། །བཀྲ་ཤིས་སོ། །ཞིང་ཀུན་ན་དམ་ཆོས་སྒྲོགས་སོ། །བཀྲ་ཤིས༴ ས་ཐམས་ཅད་དགེ་འདུན་ཁྱབ་བོ། །བཀྲ་ཤིས༴ བཀྲ་ཤིས་པས་ནམ་མཁའ་ཁྱབ་བོ། །དགེ་ལེགས་པས་བར་སྣང་༴ བདེ་སྐྱིད་པས་ས་སྟེང་ཁྱབ་བོ། །ཨ་ལ༴ པདྨ་ཁ་འབུས་ཞྭ་མོ། །པདྨ་འབྱུང་གནས་དབུ་ཞྭ། །མི་ལ་འཆི་བ་མེད་པའི། །འཆི་མེད་རྟེན་འབྲེལ་འགྲིགས་སོ། ཨ་ལ༴ རྩེ་ལ་རྨ་བྱའི་སྒྲོ་གུར། །འཇའ་ཚོན་འོད་ལྔའི་ཚོམ་བུ། །རིགས་འཛིན་བླ་མའི་བཀྲ་ཤིས། །རྟེན་འབྲེལ་དེ་རིང་འགྲིགས་སོ། །ཨ་ལ༴ བར་ན་མེ་ལོང་འོད་གསལ། །མེ་ལོང་གསལ་གྲིབ་མེད་པ། །ཡི་དམ་འཇམ་དབྱངས་བཀྲ་ཤིས། །རྟེན་འབྲེལ་དེ་རིང་༴ དེ་ལ་དར་སྣ་ལྔ་ལྡན། །རིགས་ལྔའི་མཁའ་འགྲོའི་སྤྲིན་ཕུང་། །མ་རྒྱུད་མཁའ་འགྲོའི༴ རྟེན་འབྲེལ༴ །ལུས་ལ་གོས་དཀར་གྱོན་པ། །འགོ་བའི་ལྷ་སྲུང་བཟང་ངོ་། མི་འབྲལ་ཁ་འཛིན་མཛད་བའི། རྟེན་འབྲེལ༴ ལག་ན་སྦ་དབྱུག་ཐོགས་པ། །སྦ་ལྡེམ་ལྷ་ཡི་ནོར་བུ། །


MR13_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྲུང་ངོ་སོ་མཐོ་བའི། །རྟེན་འབྲེལ༴ །དེ་ལ་དར་སྣ་བཏགས་པ། །སྲིད་པའི་ཕྱ་གཡང་ཕྱུག་མོ། །འབོད་ཅིང་འབོད་ཅིང་འདུ་བའི༴ །རྟེན་འབྲེལ༴ །དེ་ལ་དྲིལ་ཆུང་བཏགས་པ། །ལྷ་སྲུང་དགྱེས་པའི་བཞད་སྒྲ། །རྒྱལ་ཁ་ཐོ་ལེས་ཐོབ་པའི། །རྟེན་འབྲེལ༴ ང་བཀྲ་ཤིས་ལ་ཉེ་བཟང་པོ། །རྟེན་འབྲེལ་ལམ་ཡག་འཆམས་ན། །སུ་དང་འཕྲད་ཀྱང་ཁ་དགེ། །གང་དང་འཕྲད་ཀྱང་བཀྲ་ཤིས། །བླ་མའི་ཆོས་ར་གསུང་དུས། །ང་དང་ཐུག་ན་བསྟན་པ་དར། །མི་དཔོན་ཁྲིམ་སར་འཛིན་དུས། །ང་དང་ཐུག་ན་ཆུས་སྲིད་རྒྱས། །སྐྱེ་བོ་དོན་གཉེར་འགྲོ་དུས། །ང་དང་ཐུག་ན་ཇི་བསམ་འགྲུབ། །དགའ་སྐྱིད་སྟོན་མོ་བྱེད་དུས། །ང་དང་ཐུག་ན་ཡར་དར་འོང་། །ཨ་ལ༴ །ང་རྟེན་འབྲེལ་ལམ་ཡག་ཟེར་བ། །ནད་པར་ཐུག་ན་སོས་ལྟས་ཡིན། །ནད་པ་ཡར་སོས་ཧ་བགད་བྱེད། །གཤིན་པོ་བསྡུར་དུས་ཤི་སྒབ་ཆོད། །གསོན་པོ་མི་འཆི་ཚེ་རིང་ཡིན། །སྡུག་བསྔལ་ཅན་གྱི་སྡུག་མཐའ་སང་། །སྐྱིད་པའི་ཉི་མ་ཤར་ལྟས་ཡིན། །ཨ་ལ་ལ། །དམག་ཇག་འགྲོ་ན་གཡུལ་རྒྱལ་ཡིན། །སོ་ནམ་འདེབས་ན་འབྲུ་འཕེལ་ཡིན། །བག་མར་འགྲོ་ན་སྐྱིད་མཐུན་ཡིན། །ཚོང་པ་འགྲོ་ན་ཚོང་ཡག་ཡིན། །ལམ་འགྲིམ་འགྲོ་ན་བྱེས་ཡག་ཡིན། །ཨ་ལ་ལ༴ ། ཁྱེད་འདི་ན་ཚོགས་པའི་ལྷ་ཕྲུག་རྣམས། །ང་རྟེན་འབྲེལ་ལམ་ཡག་འཆམ་དུས་འདིར། །ཁ་དགེ་བའི་དགེ་ཚིག་བརྗོད་དང་རྟེན་འབྲེལ་ཡག །ལས་དགེ་བའི་ཟས་ནོར་བྱིན་དང་རྟེན་འབྲེལ་ཡག །སེམས་དགེ་བའི་དགའ་སྤྲོ་གྱིས་དང་རྟེན་འབྲེལ་ཡག །


MR13_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་གསུམ་འབྲས་བུ་ཁྱེད་ལ་ཡག་པོ་འོང་། །ཨ་ལ་ལ༴ །བྱ་ཤང་ཤང་ཏེའུ་གྲགས་པ་དང་། །ནོར་བསམ་འཕེལ་རྒྱལ་མཚན་ཕྱར་བ་དང་། །ང་རྟེན་འབྲེལ་ལམ་ཡག་འཆམ་པ་གསུམ། །སུ་དང་ཐུག་ཀྱང་བཀྲ་ཤིས་དོན་གྲུབ་ཡིན། །རྟེན་འབྲེལ་ལ་ཉེ་དེ་རིང་བཟང་། །ཡག་གསུམ་ཡག་གི་གོང་བ་ལ། །ཁྱེད་ཅི་བསམ་འགྲུབ་པའི་བཀྲ་ཤིས་ཤོག །བླ་མ་ཨོ་རྒྱན་པདྨའི་བཀྲ་ཤིས་ཤོག །ཡི་དམ་འཇམ་པའི་དབྱངས་ཀྱིས་བཀྲ་ཤིས་ཤོག །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བཀྲ་ཤིས་ཤོག །ཆོས་སྐྱོང་གེ་སར་རྒྱལ་པོའི་བཀྲ་ཤིས་ཤོག །ཚེ་རིང་བའི་བཀྲ་ཤིས་ཤོག །ནད་མེད་པའི་བཀྲ་ཤིས་ཤོག །ནོར་འཕེལ་བའི་བཀྲ་ཤིས༴ །དོན་གྲུབ་པའི༴ ཨ་ལ་ལ༴ །ཕྱོགས་གང་དུ་བལྟས་ཀྱང་བཀྲ་ཤིས་རེད། །དུས་གང་དུ་བསམས་ཀྱང་བཀྲ་ཤིས་རེད། །དེ་སྣང་སྲིད་དག་པ་རབ་འབྱམས་རེད། །དུས་དེ་རིང་དགའ་པོ་སྐྱིད་དོ་ཨཱ། །ལྷ་ཨོ་རྒྱན་པདྨས་མངགས་དོན་གྲུབ། །མགོན་འཇམ་དཔལ་དཔའ་བོའི་བཞེད་དོན་གྲུབ། །མ་ཡེ་ཤེས་མཚོ་རྒྱལ་ལས་དོན་གྲུབ། །སྐུ་སེང་ཆེན་རྒྱལ་པོའི་བཀའ་དོན་གྲུབ། །ང་གར་སོང་ས་ན་ལ་ཉེ་ཡག །གར་སྡད་ས་ན་ཕྲིན་ལས་འཕེལ། །ཁྱེད་འདིར་ཚོགས་རྣམས་ལ་བཀྲ་ཤིས་ཤོག །བཀྲ་ཤིས་སོ་མི་འགྱུར་བཀྲ་ཤིས་འཕེལ། །བཀྲ་ཤིས་སོ་ལམ་ཡག་གོ་ལྷ་རྒྱལ་ལོ། །ཞེས་པའང་བསེ་རུ་འོད་ལྡན་དཀར་པོས་མེ་སྤྲེལ་ཟླ་བ་དྲུག་པའི་ཚེས་གསུམ་ལ་འབྲས་དཀར་ཞིག་གི་རྐྱེན་ལས་ཡིད་ལ་ཤར་བ་མངྒ་ལཾ།། །།


previousགླུ་བྲོ་སྒྱུ་མའི་རོལ་མོ།next