Nitartha Digital Library
Tibetan
 
previousགཞན་གྱིས་བརྩད་པའི་ལན་མདོར་བསྡུས་པ་རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད།next

གཞན་གྱིས་བརྩད་པའི་ལན་མདོར་བསྡུས་པ་རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད།


MR14_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱིས་བརྩད་པའི་ལན་མདོར་བསྡུས་པ་རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད་བཞུགས་སོ། །


MR14_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མཉྫུ་ཤྲཱི་བཱ་དཱི་སིཾ་ཧ་བཱ་དཱ་ཡ། ལུང་དང་རིགས་པ་རྡོ་རྗེའི་མཚོན་རྣོན་པོས། །ཕས་རྒོལ་ལྷ་མིན་དྲེགས་པའི་སྟོབས་འཇོམས་ཤིང་། །ཡང་དག་ལམ་བཟང་འདོམས་པའི་བཀའ་དྲིན་ཅན། །བཤེས་གཉེན་ལྷ་ཡི་དབང་པོ་རྒྱལ་གྱུར་ཅིག །ཆོས་ཀུན་གཟོད་ནས་སྤྲོས་དང་བྲལ་ན་ཡང་། །རྣམ་པ་སྣ་ཚོགས་སྣང་བ་མི་འགོག་པ། །རྒྱལ་བའི་རིང་ལུགས་ཐེག་མཆོག་དམ་ཆོས་ཀྱི། །བདེན་པས་ཡང་དག་ཆོས་ཚུལ་རྒྱལ་གྱུར་ཅིག །ཆགས་སྡང་སྙེམས་པ་མཐོ་བའི་ཁ་འུར་དང་། །གཞན་ལ་རྫུན་ལྷངས་འདེབས་པའི་མུན་སྤྲུལ་དང་། །སྐབས་མིན་རང་བསྟོད་ཆེ་བའི་ཚིག་འཁྱལ་རྣམས། །གཟུ་བོས་དཔྱད་ན་གཏམ་གྱི་ཉེས་པ་ཡིན། །དེ་ཕྱིར་དེ་རྣམས་ལེགས་པར་སྤངས་ནས་སུ། །རིགས་པའི་ལམ་ནས་ཚུལ་བཞིན་དཔྱད་པ་ཡི། །གཏམ་གྱི་སྦྱོར་བས་ཆགས་སྡང་མི་སློང་ཞིང་། །བློ་ལྡན་སྐྱེ་བོའི་ཚོགས་ཀུན་དགའ་


MR14_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད། །འདིར་དེང་སང་གི་སྐབས་ན་རིགས་པ་སྨྲ་བའི་དབང་ཕྱུག་ཏུ་གྲགས་པ་དཔལ་རི་བ་བློ་བཟང་རབ་གསལ་ཞེས་བྱ་བས། ཤེར་འགྲེལ་ཀེ་ཏ་ཀའི་ཚིག་དང་དོན་ལ་དགག་པ་བརྗོད་པ་འཇམ་དབྱངས་དགོངས་རྒྱན་རིགས་པའི་གཟི་འབར་གདོང་ལྔའི་སྒྲ་དབྱངས་ཞེས་པ་སྔར་མེ་བྱ་ལོར་བརྩམས་ནས་བསྐུར་བར་འདུག་ན་ཡང་བདག་གི་ལག་ཏུ་ཆུ་སྟག་རྒྱལ་ཟླའི་ནང་བར་མ་སོན་ལ། དེ་དང་ཆ་འདྲ་ལྷ་ལྡན་ཕྱོགས་ནས་རྩོད་པ་ཚན་གཉིས་དང་། བྱང་ཁ་ནས་གཅིག་བཅས་སྔར་ནས་འབྱོར་མོད་སྔ་མ་རྣམས་ལུང་ཙམ་གཙོ་བོར་བྱས་ཤིང་རིགས་པ་ལྟར་སྣང་བ་མང་བས་རེ་ཞིག་ལན་གྱི་སྤྲོས་པ་དགོས་པ་མེད་པར་མཐོང་ནས་མ་བྱས་ལ། དེ་དག་གི་ནང་ན་རབ་གསལ་གྱི་རྩོད་ལན་འདི་ཕལ་ཆེར་རིགས་པས་དཔྱད་པ་བྱས་ཤིང་གཞན་གྱི་དྲོད་ཉུལ་བ་ཙམ་དུ་མཐོང་ནས་འདི་ལ་བསྟེན་ཏེ་ཆགས་སྡང་སོགས་རྐྱེན་དུ་མི་འགྱུར་བར་ཉམས་མཚར་ཙམ་དུ་ལན་ཅུང་ཟད་བརྗོད་ན། རྩོད་ཡིག་སྔ་ཕྱི་རྣམས་སུ་རྗེ་ཙོང་ཁ་པའི་བསྔགས་པ་བརྗོད་པ་ནི་ཡི་རངས་པའི་གནས་ལས་ཅི་ཡོད། ཁོ་བོས་ཀྱང་རྗེ་ཙོང་ཁ་པ་ཆེན་པོས་མཁས་ཚུལ་བཟང་པོའི་ཕྱག་རྗེས་ལ་ཁྱེད་ཅག་གིས་


MR14_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པ་ལས་མི་ཞན་པ་ཙམ་ཤེས་ནས། །དེའི་གསུང་གི་ཟབ་གནད་དུ། དངོས་སྨྲ་བ་རྣམས་ཀྱིས་སྟོང་ཉིད་མ་ཡིན་དགག་ཏུ་བཟུང་བས་སྟོང་པ་ཉིད་ལེགས་པར་གཏན་ལ་འབེབས་པར་མ་སོང་ལ། རང་ལུགས་མེད་དགག་གི་སྟོང་ཉིད་དང་རྟེན་འབྱུང་འགལ་མེད་དུ་གོ་ཚུལ་གསུང་པ་སོགས་དེ་དེ་བཞིན་ནོ་སྙམ་དུ་ངེས་ཤེས་སྐྱེས་མོད་ཀྱི། དེང་སང་རྗེ་བདག་ཉིད་ཆེན་པོའི་བརྒྱུད་པ་འཛིན་པར་ཁས་འཆེ་བ་དག་གིས་ཀུན་རྫོབ་རྣམས་རང་གི་ངོ་བོས་མི་སྟོང་པར་དགག་བྱ་ཡན་གར་བ་བདེན་གྲུབ་ཀྱིས་སྟོང་པར་བཞེད་པ་མང་བས་སྟོང་ཉིད་མ་ཡིན་དགག་ཏུ་སོང་ཞིང་། དེ་ལྟར་ན་རང་རྒྱུད་པ་དངོས་སྨྲ་བའི་གྲལ་དུ་འཕེན་པའི་རིགས་པའི་འཕུལ་མཚམས་རང་ཉིད་ལའང་མཚུངས་པ་དང་། བདེན་གཉིས་འགལ་འདུར་འཛིན་པ་དངོས་སྨྲ་བའི་ལུགས་དབུགས་འབྱིན་པར་འགྱུར་བ་སོགས་ཀྱིས། དེ་ལྟར་འདོད་པ་དེ་དག་རྗེ་ཙོང་ཁ་པའི་དགོངས་པ་གསལ་བའི་རྒྱན་དུ་འགྱུར་བར་དཀའ་སྙམ་སྟེ། ལྟ་མགུར་ལས་ཀྱང་། ད་ལྟ་རང་རེ་ཡི་བློ་གསལ་འགའ་ཞིག །སྣང་བ་ལིང་ལིང་དེ་རང་སར་བཞག་ནས། །དགག་རྒྱུ་རྭ་ཅན་ཞིག་ཚོར་བར་འདུག་ཀྱང་། །ཨ་མ་རྒན་མོ་དེ་བྲོས་དོགས་འདུག་གོ། །ཞེས་གསུངས་པ་སོགས་དགེ་ཕྱོགས་ཀྱི་བསྟན་འཛིན་ཕལ་མོ་ཆེའི་ཐུགས་མཛོད་ན་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་ཉིད་རྗེའི་དགོངས་པར་གནས་པ་ཡོད་པས་ལེགས་པར་དཔྱད་ན་བོད་སྔ་ཕྱིའི་དམ་པ་བདག་ཉིད་ཆེན་པོ་རྣམས་དགོངས་པའི་གནད་གཅིག་པར་མཐོང་མོད་ཀྱི། དེང་སང་ནི་དེ་དག་དགོངས་པ་གཏན་མི་གཅིག་ཅེས་ནན་ཏན་སྒྲུབ་པའི་སྐབས་སུ་ཆོས་བཞིན་དཔྱད་ཀྱང་ཆགས་སྡང་གི་རྒྱུ་བྱེད་པ་ལས་དགོས་པ་མེད་པར་གྱུར་ན་ཡང་། བློ་བཟང་རབ་གསལ་ཁོང་གི་རྩོད་ཡིག་ཏུ། ཀྱེ་མ་རྒན་བུ་ལྔ་པའི་ལམ་དུ་བཏང་ན་དགེ་སྦྱོང་གི་ཚུལ་འཇིག་མོད། ད་རེས་འཛམ་གླིང་གི་མཁས་མི་མཁས་བགྲང་ཡས་པས་སྡིག་ཆེན་ཁུར་དུ་ཁྱེར་བའི་གྲོགས་ངན་བྱེད་པར་འདུག་པས་མི་སྐྱོན་སྙམ་དུ་སེམས་དཔའ་བསྐྱེད་


MR14_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྨྲས་པ་ཞེས་གསུངས་པ་དང་ཚུལ་འདྲ་བར། བདག་གིས་ཀྱང་ཆགས་སྡང་གི་ཀུན་སློང་མེད་པར་རྣམ་གྲོལ་ལམ་གནད་འཚོལ་བའི་བསམ་པས་བོད་སྔ་ཕྱིའི་མཁས་གྲུབ་རྣམས་ཀྱི་དགོངས་པའི་ཞེ་ཕུག་བརྟགས་པའི་ཆེད་དུ་ཅུང་ཟད་རེ་སྨྲས་པ་ལ་སྡང་ཞུགས་མེད་པར་དཔྱད་ན་སུ་ལ་ཕན་ཆ་མེད་སྙམ་ཞིང་། གལ་ཏེ་བདག་རང་ཉིད་ནི། ཅི་སྐད་དུ། རྟོག་གེ་རྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །ཞེས་གསུངས་པ་ལྟར་ཡིན་གཤིས། ལམ་ཡང་དག་དང་མི་མཐུན་པའི་སྨྲ་བ་བྱུང་ན། གང་སུ་ཞིག་གིས་བཀག་ཀྱང་། ཡང་དག་རིགས་པས་དེ་ལྟར་གྲུབ་པ་ཞིག་ན་ནད་འབྱིན་པའི་སྨན་བཞིན་དུ་བལྟ་ཡིས་ལོག་པར་སུན་ཅི་ཕྱིན་དུ་མི་བགྱི་སྟེ། བདག་ཅག་རྣམས་རྣམ་གྲོལ་དོན་གཉེར་སྟོན་པ་གཅིག་གི་བསྟན་པ་ལ་ཞུགས་པ་ཡིན་པས་ང་ཁྱོད་ཀྱི་ལུགས་ཞེས་རིས་སུ་ཆད་པ་ཅི་ཡང་མི་དགོས་པའི་ཕྱིར་རོ། །དངོས་དོན་རྩོད་ཡིག་ཏུ། ཡན་ལག་འདི་དག་སོགས་ཀྱི་སྐབས་སུ། ཡན་ལག་འདི་དག་ཅེས་པ་བསམ་གཏན་ལ་འདོད་དགོས་ཀྱི། ཕར་ཕྱིན་གཞན་ཤེས་རབ་ཀྱི་ལྷན་ཅིག་བྱེད་པའི་གྲོགས་སུ་བཤད་པ་མི་འཐད་པ་མདོ་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །ཞེས་དང་། སྤྱོད་འཇུག་རྩ་བར། གུས་པས་བསོད་ནམས་ཚོགས་བསགས་ཏེ། །ཞེས་སོགས་ལུང་མང་པོས་སྒྲུབ་པ་ལ། ལན་གྱི་ངལ་བ་མི་བྱ་སྟེ། ཕར་ཕྱིན་སྔ་མ་སྔ་མ་རྒྱུ་དང་ཕྱི་མ་ཕྱི་མ་འབྲས་བུར་བཤད་ཚུལ་ཀྱང་ཡོད་ལ། ཕར་ཕྱིན་གཞན་ལྔ་ཤེས་རབ་ཀྱི་ལྷན་ཅིག་བྱེད་པའི་གྲོགས་སུ་བཤད་པའི་ཚུལ་ཡང་ཡོད་དེ། །གང་ཚེ་ཤེས་རབ་ཀྱིས་ནི་ཡོངས་སུ་ཟིན་གྱུར་ན། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་ཐོབ་བོ། །ཞེས་སོགས་ལུང་མང་ཡང་མ་སྤྲོས་ཏེ། མདོར་ན་བཤད་ཚུལ་གཉིས་པོ་གང་ལྟར་ཀྱང་འགལ་བ་མེད་པས་མཐའ་གཅིག་ཏུ་ཞེན་པའི་ཉི་ཚེ་བའི་ཤེས་རབ་ཙམ་ལ་ཕན་གནོད་ཅི་ཡང་མི་འདུག་མོད། རྒྱ་གཞུང་ལ་འདྲིས་སྐད་ཀྱིས་རྫུན་ཕུག་གཏིབ་པོ་ཞེས་བར་


MR14_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱི་ཚིགས་བཅད་བཅས་བརྗོད་པ་ནི་ཉམས་མཚར་ཙམ་སྟེ། རིགས་པས་གནོད་པ་མེད་ན་གཞུང་གི་བཞེད་ལུགས་འཐེན་རྩོད་ཙམ་གྱིས་སྨྲ་བ་ཉབ་ཉོབ་ཅིག་འཇིགས་མེད་སེང་གེའི་ང་རོར་ག་ལ་འགྱུར། ཡང་ཁྱོད་ཀྱི་ཊཱི་ཀར། ཤེས་རབ་ཀྱིས་སྤངས་རྟོགས་མཐར་ཕྱིན་པ་ལ་སྦྱིན་སོགས་དེའི་གྲོགས་སུ་བསྟན་ཟེར་བ་ལྟར་ན། དོན་ཞེས་པའི་འབྲུ་བརྣན་པ་མི་འཐད་དེ། དོན་ནི་ཤེས་རབ་ལ་བྱེད་དགོས་ཏེ། ཤེར་འབྱུང་གི་འགྲེལ་པར། དོན་དུ་ཞེས་སྔར་བརྗོད་པའི་ཤེས་རབ་དེ་ཉིད་དགོས་པ་ཡིན་ཞིང་ཞེས་སོགས་དྲངས་ནས་བརྒལ་བ་ནི། ཤེས་རབ་སྐྱེད་པའི་དོན་དུ་ཞེས་པ་དང་། ལམ་གྱི་གཙོ་བོ་ཤེས་རབ་ཀྱིས་སྤངས་རྟོགས་མཐར་ཕྱིན་པར་བྱེད་པའི་དོན་དུའམ་གྲོགས་སུ་ཞེས་པའི་འགྲེལ་ཚུལ་གཉིས་ཡོད་པ་ལས་འདིར་ཕྱི་མ་ལྟར་བཤད་པའི་སྐབས་ན་སྔ་མ་ལྟར་བཤད་པའི་ལུང་གིས་ག་ལ་གནོད་དེ། གྲོགས་སུ་བཤད་མི་རུང་བའི་རིགས་པ་ཡང་དག་མེད་ལ། ཅིས་ཀྱང་དེ་ལྟར་བཤད་པ་མི་འཐད་ན། ཁྱེད་ཅག་གིས་ཀྱང་ཚོགས་མཐའ་ཡས་པས་ཟིན་པའི་ཤེས་རབ་ཀྱི་དོན་དུ་ཞེས་འགྲེལ་བའི་ལུགས་རྣམས་ཀྱང་ཞར་ལ་མི་འཐད་པར་འགྱུར་རོ། །གཞན་ཡང་ཇི་སྐད་དུ། ཡང་དག་ཤེས་ཚོལ་སྔོན་བཏང་སྟེ། །ལྟ་ངན་ཐིབ་གནས་འཇིག་རྟེན་ལ། །ཞེས་སོགས་ཞི་འཚོའི་གསུང་ཚིགས་སུ་བཅད་པ་ཟུང་གི་དོན་བཞིན། །ཤེས་རབ་སྔོན་དུ་འགྲོ་བ་དང་། རྗེས་སུ་འོང་བའི་ཚུལ་གཉིས་ཀ་རྗེ་བླ་མས་ཀྱང་བཞེད་པའི་སྙིང་པོར་གསལ་བཞིན། ཁྱོད་ཀྱིས་ཕྱོགས་གཅིག་པའི་འཆད་ཚུལ་སྒོ་དོག་པོ་འདི་ཞིབ་པར་འབེལ་ན་སུ་ལ་གནོད་ཆ་མ་མཆིས་ཀྱང་མང་དུ་སྤྲོ་མ་དགོས་སོ། །ཡང་ལྷན་ཅིག་པའི་ཐབས་ཤེས་ཀྱང་ཕན་ཚུན་གྲོགས་སུ་ཐལ་བ་འཕེན་པ་དང་། ཚིག་གི་ནུས་པ་བཏོན་ན་རྒྱལ་པོའི་འདོད་དོན་ལྟ་བུར་གོ་བར་འགྱུར་བ་སོགས་ཀྱི་སྐྱོན་བརྗོད་པ་ལ་ནི་སྙིང་པོ་ཅི་ཡང་མེད་དེ། ཐབས་ཤེས་ཕན་ཚུན་གྲོགས་ཡིན་ཡང་


MR14_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་འདིར་བརྗོད་འདོད་ཀྱི་དབང་གིས་ཤེས་རབ་ནི་ལམ་གྱི་གཙོ་བོའི་དོན་དུ་བཞག་པར་གནོད་པ་ཅི་ཡང་མེད་ལ། ཁྱོད་ལྟར་ཤེས་རབ་སྐྱེད་པའི་དོན་དུ་བཤད་ན་ཡང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་མ་ཟིན་པར་ཕར་ཕྱིན་གྱི་མིང་མི་ཐོབ་པས་ཕན་ཚུན་གྲོགས་སུ་ཐལ་བ་དང་། རྒྱལ་པོའི་འདོད་དོན་ཅེས་དམིགས་སུ་བཀར་མི་དགོས་ཏེ། རྒྱལ་པོ་རང་ཉིད་ལྷན་ཅིག་པའི་འཁོར་དང་བཅས་པས་བསྒྲུབ་བྱའི་དོན་བསྒྲུབས་པ་དེ་ཙམ་གྱིས་དཔེ་ཉིད་དུ་རུང་བར་འགྱུར་རོ། །ཡང་ཤེས་རབ་གཙོ་བོར་བསྟན་པ་ཙམ་ཡིན་ཞེས་པའི་ཙམ་སྒྲས་ཚིག་སྔ་མ་སྲོག་དང་བྲལ་བར་སྣང་སྟེ་ཁྱོད་ཀྱི་སློབ་དཔོན་སློབ་དཔོན་ཙམ་དང་ཁྱོད་སློབ་མ་ཙམ་ནི་ཡིན་པར་སྣང་ཞེས་ཟེར། དེ་ལ་ལན་བརྗོད་པ། ཁོ་ན་དང་ཙམ་སོགས་ཀྱི་སྒྲ་འདི་དག་བརྗོད་འདོད་དང་སྦྱར་ཚུལ་གྱི་དབང་གིས་མི་ལྡན་རྣམ་གཅོད་དང་གཞན་ལྡན་རྣམ་གཅོད་སོགས་ཀྱི་གནས་སྐབས་སོ་སོར་གོ་རྒྱུ་ཡོད་པས། ཕྱོགས་རེའི་ཨུ་ཚུགས་འདིས་ཅི་བྱ་སྟེ། གཙོ་བོར་བསྟན་པ་ཙམ་ཡིན་ཞེས་པས་གཙོ་བོ་མ་ཡིན་པ་གཅོད་དེ་སེམས་ཙམ་ཞེས་པས་སེམས་ལས་གཞན་པ་སེམས་མ་ཡིན་པ་གཅོད་པ་བཞིན་ནོ། །གལ་ཆུང་ལ་ནན་ཏན་བརྟགས་པ་ཁྱེད་ནི་ཙམ་སྒྲ་འཆད་པའི་སློབ་དཔོན་ཙམ་ནི་ཡིན་པར་མངོན་ནོ། །ཡང་ཊཱི་ཀར། ཁྱོད་བཏགས་པའི་བདག་ལས་བློ་ལྡོག་པར་མི་ནུས་པ་དེ་བཞིན་དུ་རང་བཞིན་གྱིས་གྲུབ་པའི་བདག་དེ་ལས་ཀྱང་ཞེས་སོགས་བཤད་པ་ཕྱོགས་སྔར་དྲངས་ནས། དེ་མི་འཐད་དེ། ཤེར་འབྱུང་གིས་བདག་མཐོང་བ་ལས་ཀྱང་ངོ་ཞེས་སོགས་དང་། དགེ་བ་ལྷས། སེམས་ཙམ་དུ་སྒྲོ་འདོགས་པའི་ཁྱོད་ཀྱི་རྨོངས་པ་དེས་ཀྱང་ང་རྒྱལ་བཟློག་པར་མི་འགྱུར་ཏེ། ཞེས་སོགས་གསུངས་པས་ཁྱོད་ཀྱི་འཆད་ཚུལ་འདི་རང་བློའི་དྲི་མ་འཕགས་ཡུལ་བའི་གཞུང་བཟང་ལ་བསྒོ་བའོ་ཞེས་ཟེར། དེ་ལ་བརྗོད་པ། གཞུང་སོ་སོས་འཆད་ཚུལ་མི་འདྲ་བ་བྱས་ཀྱང་དོན་ལ་འགལ་བ་མེད་ན་སྔ་མ་ཁོ་ན་བསྐྱར་ཟློས་མ་བྱས་པ་ཙམ་


MR14_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གིས་སྐྱོན་ཅི་ལ་འགོ། །ཁྱེད་ཅག་གི་ལུགས་ཀྱི་འཆད་ཚུལ་རྣམས་ཀྱང་རྒྱ་གཞུང་སོ་སོའི་འཐད་ཕྱོགས་བཟུང་བའི་འཆད་ཚུལ་དུ་མ་ཡོད་ཀྱི་དགེ་ལྷ་དང་ཤེར་འབྱུང་ཁོ་ནའི་བསྐྱར་ཟློས་སུ་མ་ངེས་པ་བཞིན་ནོ། །གཞན་ཡང་ཁྱོད་ཀྱིས་རྩོད་ལན་འདིར་ལུང་སྔ་མ་དྲངས་པའི་དོན་བཤད་པར་འདོད་ནས། སེམས་ཙམ་དུ་སྟེ་སེམས་ལྡན་དུ་ཞེན་པའི་འབྲས་བུའི་རྨོངས་པ་ང་རྒྱལ་བཟློག་པར་མི་འགྱུར་ཏེ་བྱ་བའི་རྨོངས་པའང་རྨོངས་པ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་གྱི་རྒྱུ་བཟློག་པར་མི་ནུས་པ་ཞེས་བཀོད་པ་ལྟར། སེམས་ལྡན་དུ་ཞེན་པ་འབྲས་བུའི་རྨོངས་པ་ཡིན་པ་དང་། བྱ་བའི་རྨོངས་པའང་རྨོངས་པ་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་གྱི་རྒྱུ་མི་བཟློག་ཅེས་འདོད་ན། འོག་ཏུ་ཐོབ་བྱར་ཞེན་པ་བཀག་པས་བྱང་ཆུབ་ཀྱི་སེམས་སོགས་ཐབས་ཀྱི་རྣམ་པ་ཐམས་ཅད་འགོག་པའི་བདུད་སྡིག་ཅན་བཙུན་པའི་གཟུགས་སུ་འོང་ཞེས་པའི་སྐྱོན་དེ་ཁྱེད་རང་གིས་ཀྱང་རང་སྨྲས་རང་གི་ཁུར་དུ་ལེན་དགོས་པས་ཚིག་སྔ་ཕྱི་འགལ་བ་དངོས་སུ་བསྟན་པར་ཟད་དོ། །འདི་སྐབས། །དབེན་པ་རི་དྭགས་ཚོགས་ལ་ཅི་ཡང་རུང་། །མཁས་པའི་ཁྱུ་འཁྲིགས་ཆོས་ཀྱི་ཚོང་བརྡལ་དུ། །ཞེས་སོགས་བར་སྐབས་ཀྱི་ཚིགས་སུ་བཅད་པའི་དོན་ལྟར། མཁས་པའི་ཁྱུ་འཁྲིགས་པའི་ཆོས་ཀྱི་ཚོང་བརྡལ་ནས་འོང་བའི་ཤེས་རབ་ཀྱི་རང་གཟུགས་བརྒལ་བརྟག་གི་ཡིག་འཕྲིན་མཐོང་བས་ཡ་མཚན་སྙམ་མོ། །ཡང་ཊཱི་ཀར། བཏགས་ཙམ་རྟེན་འབྱུང་གི་སྣང་བ་སོ་སྐྱེའི་ངོར་མི་སྣང་བའི་སྒྲུབ་བྱེད་མེད་ལ་ཞེས་པའི་ལ་སྒྲ་དང་ར་སྒྲ་རྣམ་དབྱེ་གཉིས་པ་ཡིན་དགོས་པས་ལས་ཀྱི་སྒྲ་ལྷག་པའི་ཕྱིར་དང་། དེ་ལྟར་ན་རང་བཞིན་གྱིས་གྲུབ་པ་ཡང་སོ་སྐྱེའི་ངོར་མི་སྣང་བའི་རིགས་པའི་སྒྲུབ་བྱེད་མེད་པས་དེ་གཉིས་མི་མཚུངས་པར་བསྒྲུབ་པའི་དམ་བཅའ་ཉམས་པའི་ཕྱིར་རོ། །མི་འདྲ་བར་སྦྱར་ན་སྔ་ཕྱི་འགལ་ཏེ་ཞེས་སོགས་ཟེར་


MR14_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདི་གྱ་ཚོམ་གྱི་བརྒལ་བརྟགས་འབའ་ཞིག་སྟེ། སྣང་བ་ལ་ཞེས་པའི་ལ་སྒྲ་སྒྲུབ་བྱེད་འགོད་པའི་རྟེན་གནས་ཀྱི་སྒྲ་ཡིན་ལ། སོ་སྐྱེའི་ངོར་ཞེས་པ་གང་གི་ངོར་མི་སྣང་བར་བསྒྲུབ་པའི་གཞི་ཐ་དད་པས་ན་ལས་ཀྱི་སྒྲ་ཅི་ལ་ལྷག རང་བཞིན་གྱིས་གྲུབ་པ་སོ་སྐྱེའི་ངོར་སྣང་དུ་མེད་པར་རིགས་པའི་སྒྲུབ་བྱེད་མེད་ཀྱང་། སྣང་བ་ལྟར་མ་གྲུབ་པའི་སྒྲུབ་བྱེད་ཡོད་པས། རྟེན་འབྱུང་གི་སྣང་བ་དང་། སོ་སྐྱེའི་ངོར་རང་བཞིན་གྱིས་མ་གྲུབ་ཀྱང་གྲུབ་པར་སྣང་བ་གཉིས་འདྲ་བར་བཞེད་པ་ཁྱེད་ཀྱིས་ཚིག་འདི་བདེན་གཉིས་དཔྱོད་པའི་རིགས་པ་ལ་མཁས་པའི་གསུང་གི་ཁྱད་ཆོས་ཞིག་ལོས་ཡིན་སྙམ་མོ། །ཡང་ཁོང་ན་རེ། སངས་རྒྱས་པའི་ཚེ་སེམས་དང་བློ་ཟད་པས་དེས་བཞག་པའི་ཀུན་རྫོབ་ཀྱི་སྣང་བ་ནུབ་པར་མང་དུ་བཤད་ལ། མཐར་ཐུག་གི་མཁྱེན་གཉིས་ཞེས་ཀྱང་བྲིས་པ། ཀུན་མཁྱེན་ངག་གི་དབང་པོས། ལྗོངས་འདིར་འགལ་འདུ་མང་བྲིས་ཁུར་ཆེ་ཡང་། ལེགས་བཤད་སྐད་དུ་བྲག་ཆ་ལྟར་སྒྲོགས་བྱེད། །ཅེས་པ་ཁོ་ནའོ་ཞེས་ཟེར་བ་ལ་བརྗོད་པ། གཟུང་འཛིན་ཅན་གྱི་སེམས་དང་བློ་འགག་པར་གསུངས་པ་པོ་དེ་བཞིན་གཤེགས་པ་དང་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་ལས་ཡོངས་སུ་གྲགས་པ་ཡིན་ལ། སེམས་ལོག་ཀྱང་གཟུང་འཛིན་མེད་པའི་ཡེ་ཤེས་ཡོད་པས་མཁྱེན་གཉིས་ཡོད་པ་ཡིན་གྱི། གཞན་དུ་ན་ཕྱོགས་རེའི་མིག་ཅན་དག་གིས་ཕྱོགས་རེའི་ཁས་ལེན་གྱིས་དེ་བཞིན་གཤེགས་པའི་གསུང་རབ་ཟབ་མོའི་དོན་འགལ་འདུར་མཐོང་བ་རང་གི་བློ་སྐྱོན་དུ་ཟད་དོ། །ཡང་ཁོང་ན་རེ། བདག་མེད་བསྒོམས་ནས་སྤོང་ཟེར་བའང་འགལ་ཏེ། མ་ཡིན་པར་བཀག་ཀྱང་དངོས་མཐའ་ཙམ་དང་། དངོས་མེད་དུ་བཟུང་ན་ཡང་མཐར་ལྷུང་བའི་ཕྱིར། རྟགས་ཁས་བླངས་ཏེ། དགག་སྒྲུབ་ཀྱི་འཛིན་སྟངས་ཞིག་པ་དགོས་ཞེས་བྲིས་པས། ལྟ་མགུར་དུ། རིག་འཛིན་ཞིག་པོ་


MR14_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བཟང་ཞེན་མི་དགོས། །ཞེས་པའི་རང་མདོག་བསྟན་ཞིང་ལུགས་མེད་ཕུག་རྡུགས་ཀྱི་གྲུབ་མཐའ་འཆའ་བར་ཟད་དོ། །ཞེས་ཟེར། དེ་ལ་ལན་སྨྲས་པ། མཉམ་བཞག་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་རྣམ་གྲངས་མིན་པའི་དོན་དམ་གཞལ་བའི་སྐབས་སུ་འཛིན་སྟངས་མཐའ་དག་ཞིག་པར་བཤད་པ་ནི་བདེན་ཡང་། རྗེས་ཀྱི་ངེས་ངོར་འཛིན་སྟངས་ཐམས་ཅད་ཅི་ཡང་མི་རུང་ཞེས་གླུ་བརྒྱ་ངག་གཅིག་བྱེད་མཁན་གྱི་ཕྱོགས་སྔ་སྨྲ་བ་སུ་ཡང་མེད་བཞིན། ཕྱོགས་སྔའི་ནམ་མ་ལངས་པར། དགག་གཞག་གི་ཉི་མ་འཆར་བ་ཞེས་པའི་དཔེར་སོང་ངོ་། །ཡང་ཁོ་ན་རེ། ཊཱི་ཀར། བདག་ཏུ་འཛིན་པའམ་ངའོ་སྙམ་པའི་ང་རྒྱལ་ནི་བདག་ཡོད་དུ་བཟུང་བའི་རྨོངས་པས་འཕེལ་བར་བྱེད་དེ། ཞེས་དང་། རྨོངས་པ་མེད་ན་བདག་ཏུ་མི་འཛིན། བདག་འཛིན་མེད་ན་འཁོར་བར་མི་སྐྱེ་ཞེས་ཟེར་བར་བརྟག་པར་བྱ་སྟེ། སྔ་མ་མེད་ན་ཕྱི་མ་མེད་པའི་འབྲེལ་པ་འདི་བདག་གཅིག་འབྲེལ་ལམ། དེ་བྱུང་འབྲེལ་གང་ཡིན། དང་པོ་ལྟར་ན་བདག་འཛིན་དེ་མེད་ན་བདག་ཡོད་དུ་བཟུང་བའི་རྨོངས་པ་དེ་ཡང་མེད་ཅེས་མཚུངས་ཤིང་། གང་འཕེལ་བ་དང་གང་གིས་འཕེལ་བའི་ཁྱད་པར་ཆུ་ཤིང་གི་སྙིང་པོར་སོན་ནོ། །རྨོངས་པ་དེའམ་བདག་འཛིན་དེ་མེད་ན་ཞེས་པའི་ཚིག་གིས་ཟློས་པའི་ཁུར་མ་ཐེག་པའི་སྨྲེ་སྔགས་ཏེ། ཆེས་བརླིང་པའི་གཞུང་གི་ཞུགས་བཙན་ཞིང་ཡིད་རྨྱ་བའི་འབྲེལ་འགྲིགས་པར་དཀའ་ཞེས་འཛེར་བ་བདེན་ངེས་སོ་ཞེས་ཀྱེ་མ་ཀྱི་ཧུད་སོགས་ཚིགས་བཅད་དང་བཅས་ཏེ་བརྗོད་པར་རྒྱས་སོ། །ཡང་གཉིས་པ་དེ་བྱུང་འབྲེལ་ལྟར་ན་བདག་ཡོད་དུ་བཟུང་བའི་རྨོངས་པ་དེ་བདག་འཛིན་ཡིན་ནམ་མ་ཡིན་པ་དང་། །བདག་གཉིས་ཀྱི་ཁྱད་པར་དཔྱད་དེ་ཕྱི་མ་སྔ་མའི་རྒྱུར་ཡང་བཟློག་གོ། །བྱམས་མགོན་གྱིས། འཇིག་རྟེན་རྨོངས་པའི་རྣམ་པ་ཚབ་ཆེན་འདི་ཀོ་ཅི་ལྟ་བུ། ཞེས་གསུངས་པ་མད་དོ། །འོ་ན་ཁྱོད་ཀྱིས་ཇི་ལྟར་འགྲེལ་ཞེ་ན། ཆོས་ཀྱི་བདག་འཛིན་གྱི་རྩ་བ་


MR14_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པས་ན། འབྲས་བུ་སྡུག་བསྔལ་ཕྱི་ཕྱིར་འཕེལ་བར་བྱེད་པའི་ཕྱིར་ཞེས་པ་ལ། ཁོ་ན་རེ། གང་ཟག་གི་བདག་འཛིན་བཟློག་པ་དེ་ལས། ཡང་ཆོས་ཀྱི་བདག་ཏུ་འཛིན་པ་བཟློག་པ་མེད་དོ་ཞེ་ན། ཆོས་ཀྱི་བདག་མེད་པ་རྟོགས་པའི་ཤེར་ཕྱིན་བསྒོམ་པ་མཆོག་ཡིན་པའི་ཕྱིར་ཞེས་པ་སྟེ་ཞེས་སོགས་ཇི་སྲིད་ཕུང་པོར་འཛིན་ཡོད་པ་སོགས་ཀྱི་ལུང་དང་བཅས་ནས་རང་བསྟོད་རྦད་ཁམ་ཆེན་པོ་སྔོན་དུ་བཏང་ནས་དེ་ལྟར་སྨྲས་སོ། །འདི་ལ་ལན་བརྗོད་པ། གོང་ལྟར་བཤད་ཚུལ་དེ་ནི་དེ་བྱུང་གི་འབྲེལ་ཡིན་ཀྱང་ཁྱོད་ཀྱིས་བརྗོད་པའི་སྐྱོན་དེ་ག་ལ་ཡོད་དེ། གང་འཕེལ་བ་བདག་ཏུ་འཛིན་པའི་ང་རྒྱལ་ལམ་ངའོ་སྙམ་པའི་ང་རྒྱལ་ཡིན་ལ། གང་གིས་འཕེལ་བྱེད་བདག་ཡོད་དུ་བཟུང་བའམ་བདག་འཛིན་ཡིན་ཏེ། བདག་ཏུ་འཛིན་པ་ལས་ངའོ་སྙམ་པའི་ང་རྒྱལ་འབྱུང་ཞིང་། བདག་འཛིན་ནི་ལྟ་བའི་ཆ་དང་། ང་རྒྱལ་ནི་ང་རྒྱལ་བདུན་གྱི་ནང་ཚན་དུ་བཤད་པ་ལྟར་བྱས་ན་མི་འཐད་པ་གང་ཡང་མེད་དོ། །ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་ཞེས་སོགས་གསུངས་པ་བཞིན་ནོ། །རྨོངས་པའི་རྣམ་པ་ཚབ་ཆེན་ཟེར་བ། འཇིག་ལྟ་ལས་ང་རྒྱལ་བྱུང་བར་བཤད་པ་ལ་ཟེར་ན། དེ་འདྲ་མི་འཐད་ཅེས་བསམ་པས་ཕ་རོལ་ལ་དགག་སྒྲུབ་ཀྱི་ལས་སུ་དགོངས་ཁྲོལ་བྱིན་པ་ལྟར་ཉན་དུ་བཏུབ་ན་མ་གཏོགས་རིགས་པའི་ལན་གྱི་གོ་སྐབས་རྒྱ་ཆེར་ཕྱེས་པས་སྨྲ་བ་བསྐྱུང་བར་ནི་མི་བྱེད་དོ། །ཆད་ཚུལ་གཞན་ཡང་། བདག་ཏུ་འཛིན་པའི་ང་རྒྱལ་འདི་ལ་རྟག་གཅིག་རང་དབང་ཅན་སོགས་སུ་འཛིན་པའི་ཀུན་བརྟགས་དང་། དེ་འཕེལ་བྱེད་བདག་འཛིན་ལྷན་སྐྱེས་གཉིས་ཀྱི་དོན་དུ་བཤད་ཀྱང་མི་རུང་བ་མེད་པས་གནོད་པ་དེ་ནི་སྨིག་རྒྱུའི་རྗེས་སུ་བསྙགས་སོང་ངོ་། །ཡང་ན་བདག་ངོ་བོས་ཡོད་པར་བཟུང་བའི་རྨོངས་པ་ཙམ་ཞིག་གིས། བདག་ཏུ་ཆགས་ཤིང་ང་རྒྱལ་བ་བསྐྱེད་པའི་དོན་དུའང་རུང་སྟེ། ཉོན་ཡིད་ཀྱི་


MR14_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་རྨོངས་སོགས་བཞི་བཤད་པ་བཞིན་ཏེ། འཇིག་ལྟའི་རྒྱུ་དང་རྒྱུ་ཅན་གྱི་ཉོན་མོངས་དུ་མ་ཡོད་པར་བཤད་པ་བཞིན་མེད་ན་མི་འབྱུང་བའི་དོན་གྱིས་སོ། །འོ་ན་བདག་ཡོད་དུ་བཟུང་པའི་རྨོངས་པ་བདག་ཆགས་སོགས་གཞན་འཕེལ་བྱེད་ཡིན་པ་ལྟར། བདག་ཏུ་ང་རྒྱལ་བ་སོགས་ཀྱང་མེད་ན་ཅིག་ཤོས་མི་འབྱུང་བའི་ཕྱིར། ཕན་ཚུན་རྒྱུར་ཐལ་བའི་སྐྱོན་སོ་ན་གནས་སོ་སྙམ་ན། སྐྱོན་འདི་མེད་དེ། བདག་ཡོད་པར་བཟུང་བ་ཙམ་ཞིག་བཟློག་པར་བྱ་རྒྱུའི་རྨོངས་པ་ཡིན་ནམ་མིན་སྙམ་པའི་དོགས་པ་བསལ་ཏེ། དོན་དམ་པར་བདག་ཡོད་པར་བཟུང་བ་ཙམ་གྱིས་སྡུག་བསྔལ་གྱི་རྒྱུ་ཉིད་དུ་གྱུར་པའི་བདག་ཏུ་ང་རྒྱལ་བ་འཕེལ་བར་བྱེད་དེ། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་པ་སྟེ། །ཞེས་གསུངས་པ་བཞིན་དུ། འཇིག་ལྟ་དང་འདྲེས་པའི་མ་རིག་པ་དེའི་ཆ་ནས་དེ་བདག་ཏུ་ང་རྒྱལ་བའི་རྒྱུར་བཤད་པ་མེད་ན་མི་འབྱུང་གི་འབྲེལ་བ་བརྗོད་པ་ལ་འགལ་བ་ཅུང་ཟད་མེད་ཅིང་། གཞུང་སྤྱི་ལས་རྨོངས་པའི་དབང་གིས་བདག་ཏུ་འཛིན་པ་འབྱུང་ཞེས་གྲགས་པ་ལྟར་རྨོངས་པ་མེད་ན་བདག་ཏུ་མི་འཛིན་ལ། རྨོངས་པའི་དབང་གིས་སྡུག་བསྔལ་གྱི་རྒྱུར་གྱུར་པའི་བདག་འཛིན་འཕེལ་བས་ན་རྨོངས་པ་དེ་ཉིད་བཟློག་དགོས་པར་གྲུབ་པ་ཉིད་སྐབས་ཀྱི་བསྒྲུབ་བྱ་ཡིན་པས་དེ་ཉིད་གནོད་མེད་དུ་འགྲུབ་བོ། །དེས་ན་འབྲེལ་བ་གཉིས་པོ་གང་ལྟར་བཤད་ཀྱང་རང་གི་ལག་ན་ཐོགས་པའི་ཞགས་པ་བཞིན་དུ་བློ་ཡི་ནུས་པ་ཡོད་ན་འཆད་པའི་སྒོ་དོག་པར་ནམ་ཡང་མི་འགྱུར་རོ། །ཁྱོད་ཀྱི་བཞེད་པ་དེ་ལྟར་ན་ཆོས་ཀྱི་བདག་འཛིན་གྱིས་གང་ཟག་གི་བདག་འཛིན་གྱི་རྒྱུ་བྱེད་པའི་དེ་བྱུང་འབྲེལ་དུ་ཁས་བླངས་པ་ལྟར་ན། གང་ཟག་གི་བདག་འཛིན་གྱི་རྒྱུ་ཆོས་སུ་འཛིན་པ་དེ། གདགས་གཞི་ཕུང་པོ་རྣམས་ལ་ཕུང་པོ་ཙམ་དུ་འཛིན་པ་དང་། ཕུང་པོ་ལ་བདེན་གྲུབ་ཏུ་བཟུང་བ་གང་ཡིན། དང་པོ་ལྟར་ན་ཁྱེད་ཀྱི་ལུགས་ལ་རང་རྒྱུད་ཀྱི་ཕུང་པོ་ཙམ་དུ་བཟུང་བ་བཟློག་བྱ་མ་ཡིན་ཏེ། །


MR14_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་དོན་མཐུན་གྱིས་གཟུང་དོན་ཡིན་པའི་ཕྱིར། དཔེར་ན་ཤིང་རྟ་དང་བུམ་པ་ཐ་སྙད་དུ་འཛིན་པ་བཞིན་ནོ། །གཉིས་པ་ལྟར་བདེན་གྲུབ་ཏུ་འཛིན་པའི་ཁྱད་པར་སྦྱར་ན། དང་པོར་རྒྱུ་ཕུང་པོ་ཉིད་དུ་བདེན་པར་བཟུང་ནས་དེ་ནས་འབྲས་བུ་གང་ཟག་ཏུ་བདེན་པར་འཛིན་པའི་བློ་གཉིས་རིམ་ཅན་དུ་སྐྱེ་དགོས་ན་ཡང་། སེམས་ཅན་རྣམས་ཀྱིས་རང་རྒྱུད་ཀྱི་ཕུང་པོ་ལ་ངའོ་སྙམ་དུ་འཛིན་པར་ཟད་ཀྱི་ཆ་གཉིས་སུ་འཛིན་པ་སྔ་ཕྱི་རིམ་བྱུང་ཅན་མེད་དོ། །ཡོད་ན་དང་པོར་ཆོས་ཀྱི་བདག་ཏུ་འཛིན་ལ་གང་ཟག་གི་བདག་ཏུ་མི་འཛིན་པའི་སྐབས་ཤིག་ཡོད་པས། ཐོག་མེད་ནས་གང་ཟག་གི་བདག་ཏུ་འཛིན་པ་ཅན་མ་ཡིན་པའི་སྐབས་ཀྱང་ཡོད་པ་སོགས་རང་གིས་གཞན་ལ་གང་འཕེལ་བ་དང་གང་གིས་འཕེལ་བ་མི་འཐད་པ་སོགས་སྐྱོན་བརྗོད་པ་ཡང་དྲན་པར་བྱོས་ཤིག །ཕུང་པོར་མ་བཟུང་ན་ངར་མི་འཛིན་པས་དང་པོར་ཕུང་པོར་བཟུང་ནས་གཟོད་བདག་ཏུ་འཛིན་ནོ་ཟེར་ན། ཤིང་རྟའི་ཡན་ལག་རྣམས་མ་བཟུང་ན་ཤིང་རྟར་མི་འཛིན་པས། ཤིང་རྟར་འཛིན་པ་ལ་ཡན་ལག་རྣམས་འཛིན་པ་སྔོན་དུ་འགྲོ་དགོས་པ་དང་། དེར་ཡང་རྒྱུ་རྡུལ་ཕྲ་རབ་ཀྱི་བར་དུ་དེ་ལྟར་འཛིན་དགོས་པས། དང་པོར་རྒྱུ་ཡི་འཛིན་པ་དུ་མ་ཐུག་མེད་ཞིག་བརྒྱུད་མར་མ་སྐྱེས་ཀྱི་བར་དུ་ཆོས་གང་ཡང་འཛིན་པ་མི་སྲིད་པར་འགྱུར་ཞིང་བདེན་གྲུབ་ཀྱི་ཁྱད་པར་སྦྱར་བའང་དོན་མེད་པར་འགྱུར་རོ། །དེས་ན་ཕུང་པོར་འཛིན་པ་མེད་ན་གང་ཟག་གི་བདག་འཛིན་མི་འབྱུང་བའི་མེད་ན་མི་འབྱུང་གི་འབྲེལ་པ་བརྗོད་པ་ལ་སྐྱོན་བརྗོད་པ་མ་ཡིན་ཀྱང་། གཞན་ལ་དེ་བྱུང་གི་འབྲེལ་པའི་ཐད་ནས་ཁྱེད་རང་གིས་བརྒལ་བ་ལ་ཉམས་མཚར་དུ་ལན་བསྟན་པ་རིགས་པའི་རྣམ་འགྱུར་དུ་བྱས་སོ། །དེ་ལྟར་མདོར་ན་རྟེན་འབྱུང་གི་སྣང་བ་རྣམས་ལ་ཇི་ལྟར་སྣང་བ་ལྟར་བདེན་པར་བཟུང་བ་འདི་ལ་ཆོས་རྣམས་ཀྱི་ངོ་བོ་ཉིད་དང་། གང་ཟག་གི་ངོ་བོ་ཉིད་དུ་འཛིན་པའི་ཚུལ་གཉིས་སུ་འབྱེད་པར་མཛད་ཀྱི། བདེན་པར་མ་


MR14_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ན་ཐ་སྙད་དུ་ཕུང་པོ་དང་ཤིང་རྟ་དང་ང་ཙམ་དུ་བཟུང་ན་མི་རུང་བ་མེད་ཅེས་འདོད་པ་མིན་ནམ་དཔྱོད་ཅིག། །།ཡང་ཊཱི་ཀར། མི་གནས་པའི་མྱང་འདས་ལ་ཀུན་རྫོབ་ཙམ་དུ་ཐོབ་བྱར་ལྟ་བའི་རྨོངས་པ་ཞེས་ཟེར་ཞིང་། དེ་ཤེས་སྒྲིབ་ཕྲ་མོར་བཤད་ཅིང་ཆོས་ཉིད་མངོན་དུ་གྱུར་པའི་སངས་རྒྱས་ཀྱི་བར་དུ་མི་ལྡོག་གོ། །སངས་རྒྱས་ཚེ་འབྲས་བུའི་རེ་འདོད་ཟད་ཅེས་བཤད་པ་རྣམས་ཤིན་ཏུ་འགལ་ཏེ། མྱང་འདས་ཀུན་རྫོབ་ཏུ་ཐོབ་བྱར་ལྟ་བའི་ཚད་མ་མེད་པར་ཐལ། དེར་ལྟ་བའི་ལོག་ཤེས་ཡོད་པའི་ཕྱིར། དེར་ཐལ། དེ་ལྟར་ལྟ་བའི་མ་རིག་པ་ཡོད་པའི་ཕྱིར། རྟགས་ཁས། གོང་དུ་འདོད་ན་རང་གིས་ཁས་བླངས་དང་འགལ་ཏེ། ཊཱི་ཀ་ལས། ཕུང་སོགས་ལ་བདག་ཏུ་བརྟག་ཅིང་ཞེན་པའི་བློ་ངོར་བདེ་སྡུག་བསྙན་མེད་དུ་འཇོག་པ་དང་། རྨོངས་པའི་དབང་གིས་གཟུང་འཛིན་གྱི་སྤྲོས་པས་བཟུང་བ་ལ་འཁོར་བ་སྣང་ངོར་མི་བསླུ་བར་ཡོད་ལ། དེའི་དབང་གིས་འཁོར་བ་ལོག་པའི་མྱང་འདས་ཀྱང་ཡོད་དེ། ཞེས་བཤད་པ་ཚིག་སྐྱོན་ཡང་ཆེ་མོད། མ་རིག་པའི་ངོ་ཙམ་ལས་ཀུན་རྫོབ་ཏུ་ཡོད་པར་འཇོག་ན་བདེན་གྲུབ་དང་རི་བོང་རྭ་ཡང་ཀུན་རྫོབ་ཏུ་ཡོད་པར་འགྱུར་ལ། རྩ་བར། དེ་ནི་རང་གི་ཀུན་རྫོབ་མིན། །ཞེས་པ་དང་འགལ་ཞིང་། ཀུན་རྫོབ་ཏུ་ཡོད་པ་ལ་ཐ་སྙད་ཀྱི་ཚད་མས་མི་གནོད་པ་དེའི་འོག་ཏུ་བཤད་པའི་ཕྱིར་རོ། །སངས་རྒྱས་འཐོབ་པར་ལྟ་བ་དང་། འཐོབ་པར་རེ་བ་ཀུན་ཤེས་སྒྲིབ་ཡིན་ན། བྱང་སེམས་ཀྱི་སེམས་བསྐྱེད་དང་། སྙིང་རྗེ་ཆེན་པོ་སོགས་སངས་རྒྱ་བའི་གེགས་ཀྱི་གཙོ་བོར་ཁས་བླངས་པས་ཁྱོད་ནི། མགོན་པོ་ཞི་བ་ལྷས། བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་བསྔགས་པ་དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་བགྲོད་པ་གཅིག་པུའི་ལམ་རྨང་ནས་གཞིག་པ་ཡིད་སྲུབས་བདག་པོའི་ཕོ་ཉ་དགེ་སྦྱོང་གི་གཟུགས་ཀྱིས་བརྫུ་བ་སྟེ། དེང་འདིར་


MR14_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་རིགས་དྲི་མ་མེད་པའི་མཆོད་སྦྱིན་གྱི་གཏོར་མ་འདིས་འགྲང་བར་གྱིས་ལ། འགལ་འཁྲུལ་གྱི་རྙེད་པ་མི་བཟད་པའི་ཕུང་པོ་ཐོགས་ཤིང་འདྲུད་པས་ན་རག་ཁམས་ཀྱི་སྒོ་ཁང་ནས་བདེ་བར་བཞུད་ཅིག་ཅེས་ཁྲོས་པའི་ཚིག་གི་མཚོན་ཆ་གདེངས་པ་ཁྱོད་དལ་ཅིག་བཞུགས་ལ་གསོན་ཅིག །ལན་བརྗོད་པར་བྱའོ། །ཀུན་རྫོབ་ཐམས་ཅད་མ་རིག་པའི་ངོ་ཙམ་ལ་འཇོག་ན། བདེན་གྲུབ་དང་རི་བོང་རྭ་ཡང་ཀུན་རྫོབ་ཏུ་ཡོད་པར་འགྱུར་ལ། ཞེས་བརྗོད་པ་དོན་མེད་དེ། རི་རྭ་མེད་པར་ཐ་སྙད་དཔྱོད་པའི་ཚད་མས་ངེས་ནུས་ཀྱང་། བདེན་གྲུབ་མེད་པར་ཡང་དེ་ཉིད་ཀྱིས་ངེས་ནུས་ན། དོན་དམ་དཔྱོད་བྱེད་ཀྱི་ཚད་མ་མི་དགོས་པར་འགྱུར་ལ། མི་ནུས་ན་མ་རིག་པའི་ངོ་ཙམ་ལ་བདེན་པར་འཇོག་པ་ལས་སུའི་ངོར་འཇོག །དེའི་ཕྱིར་དོན་དམ་དཔྱོད་པས་དཔྱད་ན་བདེན་གྲུབ་ཐ་སྙད་དུ་ཡང་མེད་ཅེས་འདོད་དགོས་པ་བཞིན། དེ་བཞིན་རིགས་པ་དེས་སྐྱེ་སོགས་ཐ་སྙད་དུ་འང་མེད་པར་ངེས་ནུས་ཀྱང་། དོན་དམ་དཔྱོད་པའི་རིགས་པས་དཔྱད་བཟོད་གང་ཡང་མེད་པ་དང་རྟེན་འབྱུང་གི་སྣང་བ་བསླུ་མེད་སྐྱེ་འགག་སོགས་སུ་སྣང་བ་ཙམ་ཐ་སྙད་དུ་ཡོད་པ་གཉིས་འགལ་མེད་དུ་གོ་དགོས་པའི་ཕྱིར་ན། འདི་སྐབས་ཀྱི་མཐོང་བ་བརྫུན་པ་ཞེས་པ་དཔྱད་བཟོད་དུ་མེད་པ་ལ་འདོད་པས་ན། གཟུང་འཛིན་གཉིས་སྣང་གི་བསྡུས་པའི་ཆོས་ཐམས་ཅད་མཐོང་བ་བརྫུན་པ་ཀུན་རྫོབ་ཙམ་དུ་འདོད་མི་རུང་ན། གཉིས་སྣང་མེད་པའི་མཉམ་བཞག་ནི་ལོག་ཤེས་ཅན་དུ་འགྱུར་ཏེ། དངོས་པོ་ཡོད་པ་ལ་མེད་པར་སྐུར་འདེབས་སུ་འགྱུར་རོ། །དེ་སྐད་དུའང་ཟླ་བའི་ཞབས་ཀྱིས། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པ། །ཞེས་སོགས་ཀྱི་སྐབས་ནས་གསུངས་པ་དང་། འདུས་བྱས་ལྟ་ཞིག་སྣ་ཚོགས་བློ་གྲོས་ཀྱིས་ནི་རྟོགས་པར་འགྱུར། །ཞེས་དང་། གང་ཞིག་གཏི་མུག་བརྟེན་ནས་ལས་འབྱུང་ཞེས་སོགས་གསུངས་པ་བཞིན་ནོ། །མདོར་ན་ཀུན་རྫོབ་ཏུ་ཡོད་ཚད་མ་


MR14_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་ངོ་ལ་འཇོག་དགོས་པར་གཏན་ནས་མ་བཤད་ལ། ཀུན་རྫོབ་ཏུ་སྣང་བ་འགའ་ཞིག་མ་རིག་པའི་ངོ་ལ་བཞག་པ་ཡོད་པས། རྨོངས་པའི་དབང་གིས་གཟུང་འཛིན་གྱི་སྤྲོས་པས་བཟུང་བ་ལ་འཁོར་བ་སྣང་ངོར་ཡོད་ཅེས་འཁོར་བ་རྨོངས་པའི་དབང་གིས་བྱུང་བར་སྨྲས་པ་ལ་ཚིག་སྐྱོན་ཅི་ཡང་མེད་དེ། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་ཀུན་རྫོབ་བདེན་པ་དང་ཀུན་རྫོབ་ཙམ་གྱི་ཁྱད་པར་ཕྱེས་ཏེ་གསུངས་པ་དང་། འགྲེལ་པར། དེ་ལྟར་སྲིད་པའི་ཡན་ལག་གིས་ཡོངས་སུ་བསྡུས་པའི་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་བདེན་པ་རྣམ་པར་བཞག་གོ་ཞེས་པ་འདི་ཁྱེད་ཅག་གིས་བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པའི་ཁོངས་སུ་དྲངས་པའང་དྲན་པར་མཛོད་ཅིག །འདི་སྐབས་སུ། ཊཱི་ཀར། ཐོབ་པོ་སེམས་ཅན་དང་། ཐོབ་པའི་འབྲས་བུ་དོན་དམ་པར་མེད་པ་དང་། སྣང་ཚུལ་གྱི་ངོར་ཡོད་པར་གསལ་པོར་བཤད་པ་བོར་ནས་ཚིག་གི་དུམ་བུ་འཕྲེད་བཟུང་གི་རྫུན་ལྷངས་དངོས་སུ་འདེབས་པ་ཙམ་གྱི་དགག་པ་བྱས་པས་བཀག་གོ་ཆོད་ན། ཁྱོད་རང་དམྱལ་བར་སྐྱེ་བར་ཤོག་ཅེས་ཁྲོས་ཚིག་བརྗོད་པས་ཆོག་པར་གདའ་སྟེ། བདག་ནི་ཤིན་ཏུ་ཁོང་བགད་སྤྲོ་བ་བྱུང་ངོ་། །ཅིའི་ཕྱིར་ན་ཐོབ་བྱེད་འཐོབ་བྱ་ཐོབ་པ་གསུམ་གྱི་འཁོར་གསུམ་དུ་གཏོགས་པའི་ཤེས་སྒྲིབ་སྤང་བས། ཐ་སྙད་དུ་ཐོབ་འདོད་ལ་ཅི་ཞིག་གནོད་དེ། ཁྱེད་རང་གིས་བདེན་གཉིས་འགལ་བར་འཛིན་པའི་ཁོང་སྐྲན་དེ་བསླང་བར་ཟད་དོ། །མྱང་འདས་ཀུན་རྫོབ་ཏུ་འཐོབ་བྱར་ལྟ་བའི་ཚད་མ་ཡོད་པ་ནི་ཐ་སྙད་དཔྱོད་པའི་ཚད་མ་ཡིན་གྱི་ལོག་ཤེས་ག་ལ་ཡིན། མྱང་འདས་དོན་དམ་པར་དཔྱད་བཟོད་དུ་འཐོབ་བྱར་ལྟ་བ་ལ། དཔྱད་བཟོད་དུ་མེད་པར་གྲུབ་པའི་ཚད་མས་བསལ་བ་ནི་དོན་དམ་དཔྱོད་བྱེད་ཀྱི་དབང་དུ་བྱས་པ་ཡིན་ལ། དོན་དམ་དཔྱོད་པའི་ཚད་


MR14_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མས་བཀག་ཚད་ཐ་སྙད་དུ་ཡོད་མི་སྲིད་སྙམ་པའི་བདེན་གཉིས་འགལ་འདུར་བཟུང་བའི་བློ་སྐྱོན་གྱི་གདོན་ཆེན་དེ་འདི་ན་བསླངས་ནས་ཁྲོ་ཁྲོ་རྔམ་རྔམ་དུ་འདུག་མོད། ལུང་རིགས་ཀྱི་གཏོར་མ་ཟ་ན་ཅུང་མི་སྐྱོན་ཀྱང་། ལུང་རིགས་ལ་ལོག་པར་ཞུགས་ན་ཉེས་པའི་ཁུར་བསྣམས་ཏེ་གར་འབྱོན་པའི་ཤུལ་ལམ་རྒྱུས་ཡོད་དེར་ཅི་བདེར་བཞུད་ཅིག་ཅེས་བརྗོད་པར་འདོད་ཀྱི་སྡང་བའི་སྨྲ་བ་ནི་མ་ཡིན་ནོ། །ཊཱི་ཀར། སྲིད་ཞིར་མངོན་ཞེན་གྱི་ཤེས་སྒྲིབ་ཕྲ་བ་ལྡོག་དགོས་པར་བཤད་འདུག་ཅིང་། ཁྱོད་ཀྱིས་ཀྱང་སངས་རྒྱས་ཀྱི་སར་གཉིས་སྣང་འཁྲུལ་བའི་བག་ཆགས་ཀྱང་སྤང་བར་འདོད་དགོས་པའི་ཕྱིར་ན། འདི་ལྟར་གཞན་ལ་སྡང་བའི་ཤུགས་ཀྱིས་སྲིད་ཞིར་མངོན་ཞེན་གྱི་རྣམ་རྟོག་མངོན་གྱུར་པ་མི་སྤོང་བར་འདོད་པ་ནི། སྲས་བཅས་རྒྱལ་བའི་བགྲོད་གཅིག་ལམ་འཁོར་གསུམ་དུ་དམིགས་པ་མེད་པའི་ཤེར་ཕྱིན་མཉམ་པ་ཉིད་ཀྱི་དོན་ཟབ་མོ་འགོག་པའི་སླད་དུ་ཡིད་སྲུབས་བདག་པོས་བཏང་བའི་ཕོ་ཉ་བར་ཁྱོད་ཉིད་ཀྱིས་ཞལ་གྱིས་བཞེས་པར་གྲུབ་བོ། །ཚིག་དོན་གྱི་གནད་གང་དུ་སྙེགས་པ་མ་མཐོང་བར་ཚམ་རྔམ་གྱི་ཁ་རྦད་བགྲགས་པ་དེས། འཇིགས་མེད་སེང་གེའི་ང་རོ་ཞེས་པའི་མིང་བྲལ་བར་བྱས་ཏེ། མདོ་ལས། ཆོས་གང་ལ་ཡང་མངོན་པར་མ་ཆགས་པར་བརྗོད་པ་དེ་ནི་སེང་གེའི་སྒྲ་ཡིན་ནོ། །གང་མངོན་པར་ཞེན་པ་ཅན་ལ་ནི་སེང་གེའི་སྒྲ་མེད་དེ། ཝའི་སྒྲ། ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །དེས་ན་གཞུང་དོན་གྱི་རིགས་པ་རྣམས་ལས་སུམ་འགྱུར་གྱིས་མང་བའི་ཚིགས་བཅད་ཆལ་ཆོལ་སྨྲ་བ་ནི་ཀུ་རེའི་རྒྱུ་བསྒྲུབ་པར་ཟད་དོ། །ཉམས་མཚར་ཚིགས་བཅད་བརྩམ་ན་རྡོ་ཆག་ལྷུ་བསྒྲིགས་པ་ལྟ་བུ་མ་ཡིན་པའི་སྡེབ་སྦྱོར་དང་མཛེས་ཉམས་གཞན་ལས་མི་ཞན་ཙམ་སུམ་བིད་བྱས་པ་པོ་ཏིར་ལོངས་པ་བྱས་ཀྱང་ལས་སླ་སྟེ་ཡིག་གྲོན་ཙམ་དུ་བས་སོ། །ཡང་ཁོ་ན་རེ། ཊཱི་ཀར། ཐོབ་པ་མེད་པ་ལ་འཐོབ་པར་རེ་ནས་ལམ་སོགས་ལ་ཁྱོད་སློབ་པས་ཅི་བྱ་སྟེ། རྨོངས་པ་ནི་རྣམ་པ་


MR14_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་བཟློག་བྱ་མ་ཡིན་ནམ། ཞེས་འགྲེལ་པ་བཀོད་པའང་ལོག་པར་རྟོག་པའི་རང་བཞིན་བྲག་ཆའི་རྗེས་སུ་འགྲོ་བ་སྟེ། ཐོབ་པ་དོན་དམ་དུ་མེད་ཅིང་ཀུན་རྫོབ་ཏུ་ཡོད་པར་གྲུབ་ཟིན་པའི་སྟེང་དུ། ཐོབ་པ་མེད་པ་ལ་ཞེས་པའི་ལས་ཀྱི་སྒྲ་མ་འབྲེལ་བའི་ཕྱིར་དང་། །དེ་བཞིན་དུ་ཚིག་ཕྱི་མར་ཡང་མ་ཡིན་སྟེ་ཡིན་པའི་ཕྱིར་ཟེར་དགོས་པས། རྨོངས་པ་བཟློག་བྱ་ཡིན་ན། དེ་བཟློག་པའི་དོན་དུ་འབད་པ་དོན་ཡོད་པའི་ཕྱིར་ན། ཅི་བྱ་ཞེས་པའི་དམ་བཅའ་རང་ཉིད་ཀྱིས་སུན་ཕྱུང་བ་ནི་ཁོ་བོ་ཅག་ལས་ལ་བཤོལ་བའི་རྒྱུར་འབད་པར་གདོན་མི་ཟའོ། །གལ་ཏེ་འདི་ལྟར་གཞུང་སྤྱི་འགྲོའི་ཚུལ་ལ་རྒྱུས་མེད་པས་མ་ཡིན་ནམ་ཞེས་པ་མ་ཡིན་པའི་ཕྱིར་ཞེས་པའི་དོན་དུ་བསམས་ཏེ་བཟོད་པར་འཚལ་ལོ་ཞེ་ན། བཟོད་པ་སློང་བར་རིགས་མོད། དེ་ལྟ་ནའང་ཚིག་འོག་མ་དང་འབྲེལ་བའི་ཚུལ་ཉམས་ཏེ། །རྨོངས་པ་རྣམ་པ་ཀུན་ཏུ་བཟློག་བྱ་མ་ཡིན་པར་འདོད་པ་ལ། སླར་ཡང་འབྲས་བུའི་རྨོངས་པ་བཟློག་པར་མི་བྱ་ཞེས་ནན་ཏན་དུ་སྒྲུབ་པ་པོ་ཁྱོད་ནི་ཕྱིར་རྒོལ་ཚར་གཅོད་པའི་གནས་སུ་བདེ་བར་གཟིམ་དུ་གསོལ་ལོ། །གཞན་ཡང་ནང་འགལ་བ་འདི་ལྟར། བདག་ཏུ་ལྟ་བ་ལྷན་སྐྱེས་ཐོག་མེད་ནས་གནས་ལུགས་ལས་གོལ་བ་མ་ཡིན་ནམ། རེ་ཞིག་སྨོས་པ་དོན་མེད་དེ། ཀུན་བརྟགས་དང་ལྷན་སྐྱེས་ཀྱི་གོ་དོན་ཞིབ་མོ་ཞིག་མྱོང་རེ་ཡང་མེད་དོ་ཞེས་བར་གྱི་ཚིགས་བཅད་དང་བཅས་ཏེ། སྨྲས་པ། འདི་ལ་ལན་བརྗོད་པ། ཐོབ་པ་དོན་དམ་པར་མེད་ཀྱང་ཀུན་རྫོབ་ཏུ་ཡོད་པ་ངེས་ཟིན་ཀྱང་གཞན་དོན་དམ་པར་ཐོབ་པ་མེད་ན་ཀུན་རྫོབ་ཏུ་ཡང་མེད་སྙམ་པ་བདེན་གཉིས་འགལ་པར་འཛིན་པ་ངག་གིས་དེ་ལ་བརྒལ་བའི་ཚིག་ཏུ་བྱས་པ་ལ་ལས་ཀྱི་སྒྲ་ཅི་ལ་ལྷག་སྟེ། དོན་དམ་པར་ཐོབ་པ་མེད་ན་ཀུན་རྫོབ་ཏུ་འཐོབ་བྱར་རེ་བའང་མི་རིགས་ཞེས་པའི་སྒྲུབ་བྱེད་དུ། རྨོངས་པ་ནི་རྣམ་ཀུན་བཟློག་བྱ་མ་ཡིན་ནམ་སྟེ། ཡིན་ནོ་ཞེས་གཞན་གྱིས་དྲི་ཚིག་ཏུ་སྦྱར་བ་ཡིན་པས་གོང་དུ་སྐྱོན་བརྗོད་པ་གང་ཡང་མི་འཇུག་ལ། དེའི་ལན་དུ་ཤེར་ལེ་རྩ་བར། འབྲས་བུའི་རྨོངས་པ་མི་བཟློག་


MR14_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགོས་པ་བསྟན་པ་ཡིན་ལ། འདི་ལ་ཚིག་ཉོབ་འདི་ཙམ་ཞིག་གིས་འབད་པ་རྩོམ་པ་ནི། ལས་ལ་བཤོལ་བ་སུས་ཀྱང་མ་བཅོལ་ཏེ་རང་ཉིད་ཀྱིས་ཁུར་དུ་བླང་བར་ཤེས་སོ། །བདག་ལྟ་ལྷན་སྐྱེས་ཐོག་མེད་ནས་གཤིས་ལུགས་ལས་གོལ་བ་ཡིན་མོད། འདིར་རེ་ཤིག་ཅེས་སྨོས་པའི་དོན་ནི་ཁྱོད་རང་གིས་གོ་ལོག་ཏུ་བཟུང་བ་སྟེ། ཕྱིས་སུ་ཡང་གཏན་མི་ལྡོག་པ་མ་ཡིན་པར་གཉེན་པོས་ལྡོག་ཏུ་རུང་བའི་དོན་ལ་རེ་ཤིག་གི་སྒྲ་སྦྱར་བ་འདི་འདྲ་མདོ་དང་བསྟན་བཅོས་དུ་མར་འབྱུང་བ་མ་མཐོང་བར་ཟད། གོ་ལོག་ཚིག་བརྫུས་རྫུན་ལྷངས་འབའ་ཞིག་བཏབ་ནས་འུད་གོག་ཆེ་བ་དག་ལ། དགག་སྒྲུབ་ཀྱི་ལས་སུ་གནང་བ་ཁྲོལ་ན་མཛེས་པ་ཐུགས་མེད་དོ། །ཡང་ཊཱི་ཀར། དངོས་པོའི་གནས་ཚུལ་སེམས་ཀྱི་གཤིས་ཡིན་པས། དེ་དང་སེམས་འབྲལ་མི་རུང་ཟེར། །འོ་ན་ཕྱིའི་དངོས་པོ་རྣམས་ཀྱི་གནས་ཚུལ་ཆོས་ཅན། སེམས་ཀྱི་གཤིས་ལུགས་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འཁོར་གསུམ་འདོད་ན་སྟོང་ཉིད་ཉི་ཤུའི་དབྱེ་བ་མདོ་དང་བསྟན་བཅོས་སུ་བཤད་པ་དང་། ཁྱོད་རང་གིས་ཀྱང་བྲིས་པ་རྣམས་མེའི་ལས་སུ་སྦྱོར་ལ་ཞལ་དུ་ཐོབ་ཅིག་ཅེས་ཟེར། ལན་བརྗོད་པ། ཊཱི་ཀར། དངོས་པོའི་གནས་ཚུལ་ལ་བློ་ཞུགས་པར་བྱས་ན་དེ་སེམས་ཀྱི་གཤིས་ཡིན་ཞེས་པ་འདུག་སྟེ། དེའི་དོན་ཁྱོད་རང་གིས་མ་གོ་བར་སྣང་སྟེ། བདག་འཛིན་སོགས་འཁྲུལ་པ་རྣམས་སེམས་ཀྱི་གཤིས་ལ་མ་ཞུགས་པས་འབྲལ་རུང་དང་། བདག་མེད་རྟོགས་པ་སོགས་སེམས་དང་འབྲལ་བྱེད་ཀྱི་རྒྱུ་མེད་པས་ན། རྣམ་འགྲེལ་ལས། རྣམ་ཤེས་ཡུལ་འཛིན་པ་ཡི་ཆོས། །ཞེས་སོགས་ཀྱིས་བཤད་པ་ལྟར་ཡིན་ཀྱང་། གལ་ཏེ་ཁྱོད་ཀྱིས་འཁོར་གསུམ་མཚར་པོ་དེའི་དོན་ལྟར་ན། ཕྱིའི་དངོས་པོ་རྣམས་ཀྱི་གནས་ཚུལ་སེམས་ཀྱི་གཤིས་ལུགས་དང་ཐ་མི་དད་དུ་འདོད་མི་ནུས་པ་མ་ཡིན་ཏེ། མགོན་པོ་བྱམས་པས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་དང་། ཀླུ་སྒྲུབ་ཀྱིས། །


MR14_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །ཞེས་དང་། འཕགས་པ་ལྷས། དངོས་གཅིག་དངོས་པོ་ཀུན་གྱི་དེ་བཞིན་ཉིད། །ཅེས་དང་། སྡུད་པར། འདས་པའི་དེ་བཞིན་ཉིད་དང་སོགས། །དེ་བཞིན་ཉིད་རང་གི་ངོ་བོ་ལ་བྱེ་བྲག་མེད་པར་གསུངས་པའི་མདོ་དང་བསྟན་བཅོས་རྣམས་ཀྱི་ཚིག་ཙམ་ཁ་ལ་ཁྱེར་ཀྱང་དོན་སྣང་ལ་མ་ངེས་པར་སོང་བའི་རྟགས་སུ་ཟད་དོ། །དེ་ལྟར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་མ་འདས་པས་ཆོས་དབྱིངས་རང་གི་ངོ་བོ་ལ་དབྱེ་བ་མེད་ཀྱང་། སྟོང་གཞི་ཆོས་ཅན་གྱི་སྒོ་ནས་ཉི་ཤུར་དབྱེ་བ་ཡང་འཐད་པ་ཡིན་ལ། གལ་ཏེ་ཆོས་རྣམས་ཀྱི་དེ་བཞིན་ཉིད་མི་གཅིག་པར་ཁྱོད་འདོད་ན། གཅིག་ཏུ་བཤད་པའི་ལུང་འདི་རྣམས་བདག་གིས་བརྩམས་པ་ནི་མ་ཡིན་པས། ཇི་སྐད་གསུངས་པ་དེ་དག་ལ་ལོག་པར་ལྟོས་ལ་སྟོང་ཉིད་བཅུ་དྲུག་དང་བཅོ་བརྒྱད་དང་ཉི་ཤུ་དང་རྣམ་ཐར་གསུམ་སོགས་ཀྱི་དབྱེ་བ་མདོ་དང་བསྟན་བཅོས་སུ་གསུངས་པ་དང་། ཁྱོད་ཀྱིས་ཀྱང་བྲིས་པ་རྣམས་མེའི་ལས་ལ་སྦྱར་ནས་ཞལ་དུ་འདེབས་དགོས་སྙམ་པ་ཞིག་ཤར་ན། ངན་དབང་རྒན་པོ་ཁྱེད་རང་ཅི་འདོད་མཛོད་དང་སུས་ཀྱང་བཤོལ་བར་མི་བྱེད་དོ། །མ་གུས་སྡང་བས་སྨྲས་པ་མ་ལགས་ཏེ། །རང་སྨྲས་མཚོན་ཆ་རང་ལ་འཁོར་བ་ལ། །ལེ་ལན་ཅང་མེད་བཟོད་པར་མཛད་ནས་ཀྱང་། །བརྩེ་བས་ཆོས་མཐུན་གྲོགས་པོར་དགོངས་འཚལ་ལོ། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །ཡང་གནས་གྱུར་མཐར་ཐུག་པ་སངས་རྒྱས་པའི་ཚེ་སེམས་མི་ལྡོག་པར་ཐལ། གནས་ལུགས་མཐར་ཐུག་དོན་དམ་པའི་བདེན་པ་མི་གནས་པའི་མྱང་འདས་ཡོད་པའི་ཕྱིར། འདོད་ན་ཁྱེད་ཅག་གིས། འཇུག་པར། སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་གསུངས་པ་སེམས་འགག་པའི་ཤེས་བྱེད་དུ་དྲངས་པ་འགལ་ལོ། །ཁོ་བོ་གཅིག་པུའི་རྣམ་རྟོག་གོ་ཞེས་པ་ཡང་བརྟག་པར་བྱ་སྟེ། འཐད་སྙམ་པ་ཞེས་ནེམ་ནུར་ཡང་བྱུང་མོད། འཐད་འཛིན་གྱི་བློ་དེ་ཁྱོད་གཅིག་པུའི་ཡིན་ན་འཕགས་ཡུལ་གྱི་འགྲེལ་བྱེད་དག་


MR14_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཐུགས་ལ་མེད་པར་འགྱུར་ལ། དེ་ལྟ་ན་གཞུང་བཟང་བཞིན་དུ་ཞེས་མཚུངས་པ་གསལ་བྱེད་ཀྱི་སྒྲ་འགལ་བའི་ཕྱིར། འདོད་ན་འགྲེལ་བྱེད་དེ་དག་དང་ཁྱོད་ཀྱི་སློབ་དཔོན་རྣམས་ཀྱང་རྨོངས་པར་ཐལ་བ་དང་། ཁྱོད་ཀྱིས་རྩོམ་པའང་དམ་པའི་མན་ངག་གི་རྒྱུ་དང་བྲལ་བས་འབྲས་བུ་ཁ་ཡར་བའི་འབད་པ་དོན་མེད་པའི་ཚ་རེག་གི་གདུང་བ་བསིལ་བའི་བསླབ་ཚིག་གི་བདུད་རྩིའི་བསང་གཏོར་ཀྱང་བྱ་སྟེ། ཞེས་བར་སྐབས་ཀྱི་ཚིགས་བཅད་དང་བཅས་ཏེ་བརྗོད་པ་ལ་ལན་སྨྲས་པ། ཁྱོད་ཀྱི་ཉི་མ་འཕུལ་སྤྱད་ཙམ་གྱི་ཀུ་རེ་འདིས་ཅི་བྱ་སྟེ། གནས་གྱུར་མཐར་ཐུག་སངས་རྒྱས་ཚེ། གཟུང་འཛིན་ཅན་གྱི་སེམས་མི་འགག་པའི་གཏན་ཚིགས་སུ་མི་གནས་པའི་མྱང་འདས་བཀོད་པ་འདི། མི་གནས་པའི་མྱང་འདས་ཡོད་ན་གཟུང་འཛིན་ཅན་གྱི་སེམས་ཡོད་པའི་ཁྱབ་པ་སུ་ཞིག་གིས་ཁས་བླངས་པ་ཡིན། སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད་ཅེས་པའི་སེམས་དེ་གཟུང་འཛིན་དང་བཅས་པའི་སེམས་མིན་ན་ཅི་ཞིག་ཡིན། དེའི་ཕྱིར་ཡེ་ཤེས་ལ་སེམས་ཆེན་པོ་སོགས་ཀྱི་མིང་བཏགས་པ་ཡོད་ཀྱང་། དེ་ནི་གནས་ལུགས་གཉུག་མའི་སེམས་ཞེས་དོན་ལ་གཟུང་འཛིན་མེད་པའི་ཡེ་ཤེས་ཡིན་པས་མིང་ཙམ་ལ་མི་རྩོད་དོ། །སངས་རྒྱས་ཀྱི་ས་ན་སེམས་ལོག་ཀྱང་ཡེ་ཤེས་མེད་པ་རྣམ་པ་ཀུན་ཏུ་མི་འདོད་པས། མི་གནས་པའི་མྱང་འདས་ཀྱི་གདགས་གཞི་སྲིད་ཞིར་མི་གནས་པའི་ཡེ་ཤེས་ཡིན་ན་དེས་སེམས་མ་འགག་པར་སྒྲུབ་པ་དོན་མེད་དོ། །ཡེ་ཤེས་ཡོད་ན་སེམས་ཡོད་པའི་གོ་ཆོད་དོ་སྙམ་ན། ཟླ་གྲགས་ཀྱིས་སེམས་འགག་པའི་ཡེ་ཤེས་ཆོས་སྐུ་མངོན་དུ་བྱེད་པར་གསུངས་པ་དོན་མེད་དུ་བཏང་བས་ཁྱོད་ཀྱང་དམ་པའི་མན་ངག་གི་རྒྱུ་དང་བྲལ་བར་འགྱུར་རོ། །རྣམ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར་ཡང་། ལང་གཤེགས་ལས། སེམས་ཀྱིས་སུ་ནི་ལས་རྣམས་སོག །ཡེ་ཤེས་ཀྱིས་ནི་རྣམ་པར་འབྱེད། །ཅེས་དང་། བློ་གྲོས་མི་ཟད་པའི་མདོ་ལས། རྣམ་ཤེས་ནི་མི་རྟག་པའོ། །ཡེ་ཤེས་ནི་རྟག་པའོ། །ཞེས་སོགས་བཀའ་དང་བསྟན་བཅོས་རྣམས་ལས་


MR14_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེར་གསུངས་པ་བཞིན་གཟུང་འཛིན་གཉིས་སྣང་གི་བག་ཆགས་ཕྲ་བའང་མི་མངའ་བའི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དེ་ལ་ཐ་མལ་བའི་རྣམ་ཤེས་རང་རྒྱུད་པར་འཛིན་པ་ལ་དོན་ཟབ་མོ་གོ་རྒྱུ་ཅི་ཡང་མེད་པས་རྣམ་ཤེས་དང་ཡེ་ཤེས་འབྱེད་པའི་མདོ་རྒྱུད་བསྟན་བཅོས་ཀྱི་དགོངས་པ་བཞིན་གསུང་རབ་ཀྱི་བརྡ་བཞིན་བྱས་ན་ལེགས་པར་མངོན་ནོ། །ཊཱི་ཀར། འཕགས་ཡུལ་པའི་གཞུང་བཟང་བཞིན་དུ་ཞེས་པས་དམིགས་བསལ་བའི་སྒྲ་དེས་འཕགས་ཡུལ་པའི་འགྲེལ་བྱེད་དག་གི་ཐུགས་ལ་མེད་པར་བློ་ལྡན་ལ་དོགས་པ་སྐྱེ་མི་སྲིད་ལ། དེའི་ཤུགས་ཀྱིས་ད་ལྟ་ཡུལ་དུས་རེས་འགའ་བ་འདི་ན་ཁོ་བོ་འབའ་ཞིག་གིས་གསལ་བར་བརྗོད་དོ་ཞེས་དོན་གྱིས་ཤེས་ཤིང་། དེའི་ཕྱིར་མཚུངས་པ་གསལ་བྱེད་ཀྱི་སྒྲ་སྦྱར་བའང་མི་འགལ་ལ། སྙམ་ཞེས་པའི་ཚིག་དེ་འདྲ་རྗེ་ཙོང་ཁ་བ་སོགས་ཀྱི་གསུང་རྣམས་སུ་ཡང་མང་དུ་འབྱུང་བས་ཁོ་བོ་དང་ལྷན་ཅིག་པའི་གྲོགས་བཟང་པོ་མང་པོ་ཡོད་པས་སྨྲ་བ་དོན་མེད་ཀྱི་ཚ་རེག་གི་གདུང་བ་མེད་པའི་ཕྱིར་ཁྱོད་ཀྱི་བསླབ་ཚིག་བདུད་རྩིའི་བསང་གཏོར་ལ་རེ་བ་ཅི་ཡང་མ་མཆིས་སོ། །ཡང་རྩོད་ཡིག་ཏུ། རིང་སོང་གི་སྐབས་དང་། བདེན་གཉིས་ཀྱི་ཚུལ་དང་འབྲེལ་པ་བཀག་པའི་དང་པོ། ཊཱི་ཀར། འདི་ལ་ཉོན་མོངས་མངོན་གྱུར་ཙམ་སྤངས་པས་གྲོལ་ན་ཞེས་སྦྱར་དགོས་ཀྱི་དགྲ་བཅོམ་པ་ལ་སྦྱར་བ་མི་འཐད་ཅེས་དཔེ་ལ་ལར་བཤད་ཀྱང་རང་གི་ཞེ་འདོད་དང་མཐུན་པར་ཁྲིད་པ་ཙམ་སྟེ། ཕ་རོལ་པོས་ཀྱང་མངོན་གྱུར་ཙམ་སྤངས་པས་གྲོལ་བར་མི་འདོད་བཞིན་ཐལ་བ་དེ་འདྲ་འབྲེལ་མེད་དུ་འགྱུར་ཞིང་། དགྲ་བཅོམ་པ་ལ་སྦྱར་བ་རྒྱ་གཞུང་ཐམས་ཅད་ཞལ་འཆམས། ཞེས་བྱུང་བ་འདི་ཁས་བླངས་སྔ་ཕྱི་འགལ་བའི་བསྡུས་འཇོམས་དམྱལ་བའི་གྲོང་དུ་རྣམ་རྟོག་ལས་ངན་ང་གིས་བདས་པའི་རྟབ་ཚིག་ཤོར་བ་སྟེ། རྩ་བར། སེམས་ནི་དམིགས་དང་བཅས་རྣམས་ཀྱིས། །ནས། འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་པའི་བར། ལུགས་འདིར་མངོན་པ་ནས་བཤད་པ་ལྟར་གྱི་དགྲ་བཅོམ་དེ་ལ་བྱེད་


MR14_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་ཕྱིར། འགྲེལ་ཆེན་དུ། གང་སེམས་ནི་དམིགས་པར་བཅས་རྣམས་ཀྱི། །མྱ་ངན་འདས་པའང་དཀའ་བར་གནས། །ཞེས་པ་དེ་བརྗོད་པའི་ཕྱིར་དམིགས་པ་དང་ནི་ཞེས་པ་ལ་སོགས་པ་གསུངས་ཏེ་ཞེས་བཤད་པའི་ཕྱིར། ཁྱོད་ཀྱིས་ཀྱང་ཊཱི་ཀར། སྟོང་པ་ཉིད་སྤངས་ནས་སེམས་དམིགས་པ་དང་བཅས་པ་རྣམས་ཀྱིས་མྱ་ངན་ལས་འདས་པ་ཐོབ་པར་དཀའ་སྟེ། རྒྱུ་མཚན་བདག་ཏུ་འཛིན་པ་དྲུངས་ནས་མ་ཕྱུང་བར་ཉོན་མོངས་སྤོང་བའི་ཐབས་མེད་ལ། ཞེས་པ་ནས། ཡུལ་ཡོད་པར་ཞེན་པའི་བག་ཆགས་མ་སྤངས་པར་རེ་ཤིག་བསམ་གཏན་ལྟ་བུས་མགོ་མནན་ཀྱང་སླར་སྐྱེ་བར་འགྱུར་བ་འདུ་ཤེས་མེད་པའི་སྙོམས་འཇུག་བཞིན་ནོ་ཞེས་འཆད་པར་འགྱུར་ཏེ་ཞེས་བྲིས་ཤིང་། འོག་ཏུ་ཚིགས་བཅད་ཕྱི་མའི་དོན་ཉན་རང་དགྲ་བཅོམ་པས་སྟོང་ཉིད་རྫོགས་པར་མ་རྟོགས་པས། འགོག་པའི་དབྱིངས་སུ་ཡོད་མེད་ཀྱི་སྤྲོས་པ་དང་བཅས་པའི་སེམས་འགག་ཀྱང་རྗེས་ཐོབ་ཏུ་སླར་ཡང་སྐྱེ་བ་ལ་སྦྱར་ཏེ། སྔར་བདེན་འཛིན་མ་སྤང་པར་བཀྲལ། དེ་རྗེས་སྲེད་པ་ཉོན་མོངས་ཅན་མ་ཡིན་པ་བཞག་པའི་ཉེས་སྤོང་གི་ལན་གྱིས་དབུལ་བའི་སྡུག་ཡུས་ཀྱིས་དགྲ་བཅོམ་པར་མཚན་བསྒྱུར་བའི་སོ་མི་ཐུབ་པའི་ངང་ཚུལ་འདི་དག་ནི་སྔོན་མེད་མཁས་པའི་ལག་རྗེས་ཤིག་ཡིན་སྣང་སྟེ། འདི་སྐད་དུ། ལུང་རིགས་གདེངས་ཀ་སྟོང་གིས་ཉེར་མཛེས་པའི། །སྨྲ་མཁས་ཀླུ་དབང་ཚོགས་ཀྱིས་དབེན་པ་རུ། །ཅོལ་ཆུང་བྱིས་པ་ལང་ལ་ཤོར་བའམ། །དྲན་རིག་ལང་ཚོ་ཉམས་པས་སེམས་གདུངས་སམ། །ཆགས་སྡང་དུག་མདའི་ན་ཟུག་མ་བཟོད་དམ། །མཁས་འདོད་དབྱུག་གུས་དྲག་ཏུ་བསྣུན་པ་ལས། །འགལ་འདུའི་སུག་ལས་མཉན་འོས་རྡུལ་གྱིས་དབེན། །མཁས་རྣམས་ཅི་བདེར་ནང་དུ་ཡང་དག་གཞོལ། །ཞེས་ཀྱང་བསྐུལ་ལོ། །ད་ནི་འདི་ལྟར་ཁྱོད་ཀྱིས་བསམ་གཏན་ལྟ་བུ་ཞེས་སྨྲས་པས་འཇིག་རྟེན་པའི་བསམ་གཏན་ནི་དཔེ་


MR14_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །མངོན་པ་ནས་བཤད་པའི་བདེན་རྣམ་ཅན་གྱི་ལམ་ནི་དཔེ་ཅན་དུ་བྱེད་པ་གོང་གི་འབྲེལ་གྱིས་གྲུབ་ལ། ཡུལ་ཡོད་པར་ཞེན་པ་བདེན་འཛིན་ལ་བྱས་ན་ལམ་དེས་མགོ་གནོན་པར་ཡང་མི་རུང་ལ། མི་བྱེད་ན་གོང་དུ། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་པ་ལྟར། ཡུལ་སྟོང་པར་མཐོང་བ་ཁོ་ན་ལས་གཞན་རྩད་ནས་ལྡོག་པའི་ཐབས་མི་སྲིད་དེ། ཡུལ་ཡོད་པ་ཞེས་སྨྲས་པ་འགལ་བས་དེར་བྱས་པར་གསལ་ལ། དེ་ལྟ་ན་ས་བོན་ལས་ཀྱང་བརྒལ་ཏེ་བག་ཆགས་མ་སྤངས་ན་སླར་བདེན་འཛིན་སྐྱེ་བར་བཤད་པས། དགྲ་བཅོམ་པ་ལ་ཡང་བདེན་འཛིན་སྐྱེ་བར་འགྱུར་རོ། །ཁྱད་པར་དུ་ལམ་དེས་བདག་འཛིན་ཕྲ་བ་མི་སྤོང་བར། མངོན་པ་ནས་བཤད་པའི་རགས་པ་མངོན་གྱུར་བ་སྤོང་བར་བཤད་རིགས་པར་ཐལ། །ལུང་རིགས་དུ་མ་དང་སྔར་གྱི་དཔེ་དོན་དེའི་ཕྱིར་ཞེས་ཟེར། དེ་ལ་ལན་དུ་བརྗོད་པ། སྐབས་འདིར་འཇིག་རྟེན་པའི་བསམ་གཏན་དཔེ་དང་། བདག་མེད་ཕྲ་བ་མ་རྟོགས་པར་རགས་པའི་བདེན་རྣམ་ཅན་གྱི་ལམ་དཔེ་ཅན་དུ་བྱེད་པ་ཡིན་མོད། དེ་ལ་མངོན་པ་ནས་བཤད་པ་ཞེས་ཁྱད་པར་མི་སྦྱར་ཏེ། མངོན་པ་ནས་བཤད་པའི་བདེན་རྣམ་ཅན་ཡིན་ན་བདག་མེད་ཕྲ་བ་མི་རྟོགས་པའི་ཁྱབ་པ་སྒྲུབ་མི་ནུས་ཏེ། མངོན་པ་ནས་བཤད་པ་ལྟར་གྱི་བདེན་བཞིའི་རྣམ་ཅན་སྒོམ་པའི་གང་ཟག་ཡིན་ན་ལམ་གྱི་རྟོགས་པ་ཐོབ་པའི་གང་ཟག་གཅིག་ཀྱང་མི་སྲིད་པར་མངོན་པའི་ང་རྒྱལ་ཅན་ཁོ་ན་ཡིན་དགོས་ཞེས་སྨྲས་ན་བསྡུས་འཇོམས་ཀྱི་གྲོང་དུ་རྣམ་རྟོག་རླུང་གིས་བདས་པའི་རྟབ་ཚིག་དངོས་སུ་ཤོར་བར་མི་འགྱུར་རམ། ཁྱོད་ཀྱི་རྩོད་ཡིག་འདིར་འོག་ཏུ་ཡང་། ད་ནི་མངོན་གྱུར་བ་ཞེས་གསུངས་པའི་དགོངས་པ་ཟབ་མོ་སྦྲན་པར་བྱ་སྟེ། བསམ་གཏན་གྱི་དཔེ་མཁྱུད་ཀྱི་མདོ་ཚིག་གསལ་དུ་བཀོད་པའི་དགོངས་པ་ལྟར་མངོན་པ་ནས་དགྲ་བཅོམ་པར་སྔགས་ཤིང་འདིར་དེ་དག་གི་དོན་བསྡུས་པ་བདེན་གྲུབ་ཏུ་དམིགས་པ་དང་བཅས་པ་དེས་ལུགས་


MR14_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་མངོན་པ་ནས་བཤད་པའི་ཉོན་མོངས་དེ་དག་སྤངས་པ་མ་ཡིན་ཏེ། དེ་སྤང་ན་ས་བོན་ཡང་སྤངས་རིགས་པ་གང་ཞིག །ས་བོན་མ་སྤངས་པའི་ཕྱིར། དང་པོ་མ་གྲུབ་ན་ཉན་རང་དགྲ་བཅོམ་པས་བདེན་འཛིན་གྱི་ས་བོན་མ་སྤངས་པར་ཐལ་ཞིང་། ས་བོན་མ་སྤངས་པར་སྤང་བའི་རྣམ་གཞག་གཅིག་བཤད་ན་ཉམས་སྨད་པ་ཀུན་ཏུ་འབྱུང་བའི་སྒོ་ནས་སྤངས་པ་ཞེས་གྲགས་པ་ཉན་སར་བཤད་པ་ལྟ་བུ་སྟེ། འཇུག་འགྲེལ་དུ་འཇིག་རྟེན་པའི་དྲང་སྲོང་དང་། རྩ་བར་འདུ་ཤེས་མེད་པའི་སྙོམས་འཇུག་དཔེར་བཀོད་པའི་དགོངས་པ་དང་མཐུན་པའི་ཕྱིར། གཉིས་པ་མ་གྲུབ་ན་ས་བོན་སྤངས་ན་སླར་སྐྱེ་བར་འགལ་ཏེ། གཞན་དུ་དགྲ་བཅོམ་པ་ལས་ཉམས་པར་འགྱུར་ཞིང་། རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །ཞེས་སོགས་ལུང་རིགས་དུ་མ་དང་། རང་གི་རྒྱུ་རྐྱེན་འདུས་པ་ལ་མ་བརྟེན་པའི་འདུས་བྱས་ནི་རང་སྡེར་མ་ཟད་མུ་སྟེགས་གྲངས་ཅན་པ་ལྟ་བུས་ཀྱང་མི་འདོད་དོ། །ཁྱོད་ཀྱིས་ཀྱང་འོག་ཏུ། རང་གི་ངོ་བོས་གྲུབ་པ་མེད་པའི་སྟོང་ཉིད་མ་མཐོང་བར་དུ་རྟག་བདག་སྤངས་ཀྱང་རུང་། ཞེས་བཤད་པའི་ཕྱིར། །དེར་ཐལ། ངོ་བོས་གྲུབ་པའི་བདག་བཀག་པའི་སྟོང་ཉིད་ཅེས་ལུགས་འདིའི་སྟོང་ཉིད་དམིགས་ཀྱིས་བཀར་བ་དང་། དེ་མ་རྟོགས་པར་རྟག་བདག་གི་འཛིན་པ་སྤངས་པའི་གང་ཟག་གཅིག་བཤད་པ་དེས་མངོན་པ་ནས་བཤད་པའི་ཉོན་མོངས་ལ་ཡང་རིགས་པ་མཚུངས་པའི་ཕྱིར། དེ་ལྟར་ཁྱད་པར་དུ་མ་འབྱེད་དགོས་པའི་ཚུལ་ལུང་དང་སྦྱར་བ་ནི། ཤེར་འབྱུང་གི་འགྲེལ་པར། བདེན་པ་མཐོང་ནས་གྲོལ་ཞེས་བཤད་པ་དེ་ལ་བརྟག་པར་བྱ་སྟེ། བདེན་པ་མཐོང་བ་ལ་རྣམ་པ་གཉིས་སྲིད་དེ། དོན་དམ་པའམ། ཀུན་རྫོབ་བོ། །བརྟག་པ་དང་པོ་ལྟར་ན་ཁོ་བོ་ཅག་ལ་ལོག་པར་རྟོག་པ་མེད་དོ། །གཉིས་པ་ལྟར་ན་མི་བཟོད་དེ་རིགས་པ་དང་འགལ་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དགེ་བ་ལྷས་ཀྱང་། དེ་ཉོན་མོངས་ཅན་མ་ཡིན་ཡང་། ལྷན་ཅིག་བྱེད་པའི་རྒྱུ་དང་འཕྲད་ནས་ཉོན་


MR14_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་ཅན་སྐྱེད་དོ། །ཞེས་བྱ་བ་ནི་ཡང་ཞེས་བྱ་བའི་སྒྲས་སྟོན་ནོ། །དེ་བས་སྲིད་འདི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ཞེས་གསུངས་ཏེ། འདི་ལྟར་ན་ཉོན་མོངས་པ་བག་ལ་ཉལ་ས་བོན་ཙམ་དུ་གནས་པ་ལྷན་ཅིག་བྱེད་པའི་རྐྱེན་དང་འཕྲད་དེ་ཉོན་མོངས་པའི་ངོ་བོར་སད་པ་ལ་བཤད་པས་ཁྱེད་ཅག་གིས་དགྲ་བཅོམ་པ་ལ་སྦྱར་བ་བོད་ཀྱི་ཞེ་འདོད་དང་མ་བསྲེས་པའི་རྫུན་ཕུག་བརྡིབས་པར་གསལ་ཏེ། དཔལ་རྣལ་འབྱོར་ཟླ་བའི་འགྲེལ་པ་ཁྱད་པར་གསལ་བྱེད་ལས། ཉོན་མོངས་ཅན་མ་ཡིན་པའི་སྲེད་པ་ཡང་ཁྱེད་ཅག་གི་རྣལ་འབྱོར་པ་ལ། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་བཞིན་དུ་ཅི་སྟེ་མེད། ཅེས་པ་ནས། སླར་ཡང་ཆགས་པ་སྐྱེ་སྲིད་པས་མྱ་ངན་ལས་འདས་པ་ལ་ཐེ་ཚོམ་ཟའོ། །ཞེས་གསུངས་ཏེ། རྒྱ་གཞུང་རྣམས་ནི་ཚད་མར་མི་བྱེད་པར་ངེས་ཏེ་སྟོན་པ་སུ་ཡིན་ཀྱང་བརྟག་དགོས་པར་སྣང་ངོ་། །མདོར་ན་རྩ་བའི་བཤད་བྱ་བསམ་གཏན་དཔེ་མཁྱུད་ཀྱི་མདོ་ལས། དེ་གཅིག་ཏུ་དབེན་པར་སོང་སྟེ་ཆོས་དེ་དག་ཡིད་ལ་བྱེད་པ་ན་ཞི་གནས་ཐོབ་པར་འགྱུར་རོ། །ཞེས་པ་ནས། བདག་ནི་དགྲ་བཅོམ་པར་གྱུར་ཏོ་ཞེས་བྱ་བར་བདག་ཉིད་ཤེས་སོ། །དེ་འཆི་པའི་ཚེ་བདག་ཉིད་སྐྱེ་བར་མཐོང་ནས། དེ་སངས་རྒྱས་ཀྱི་བྱང་ཆུབ་ལ་ཐེ་ཚོམ་དང་སོམ་ཉིར་འགྱུར་རོ་ཞེས་གསུངས་པས་ཟླ་བས་ཚིག་གསལ་དུ་དྲངས་པ་དང་། ཞི་བ་ལྷས་འདིར་གསུངས་པའི་དགོངས་པ་རྣམས་གུང་འགྲིགས་དགོས་པ་ཡིན་ཡང་། ཞེས་རྩོད་ཡིག་འཇམ་དབྱངས་དགོངས་རྒྱན་ཞེས་པའི་མིང་གཡེར་པོ་ཆེ་ཅན་འདིར་བཀོད་པ་འདིའི་དོན་ལྟར་ན། མངོན་པ་ནས་བཤད་པ་ལྟར་གྱི་སྟོང་བདག་མེད་སོགས་བདེན་རྣམ་ཅན་དེ་ཇི་ལྟར་གོམས་ཀྱང་འཕགས་ལམ་ཐོབ་པ་མི་སྲིད་པའི་འཐད་པ་སྒྲུབ་དགོས་ཀྱི། རིགས་པས་འཐད་པ་མ་བསྟན་པར་མངོན་པ་ནས་བཤད་པའི་བདེན་རྣམ་ཅན་ཉམས་སུ་ལེན་པ་ལ་ཐར་པ་མེད་ཅེས་སྒྲུབ་པར་མི་བྱ་སྟེ། བསམ་གཏན་དཔེ་མཁྱུད་ཀྱི་མདོ་ནས་གསུངས་པ་དེ་དང་འདྲ་བར་དེང་སང་བོད་དུ་བཞུགས་པའི་མདོ་འགའ་ཞིག་ལས་ཀྱང་


MR14_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་རྣམས་ནི་རྟོགས་པ་མ་ཐོབ་པའི་དགྲ་བཅོམ་པ་མངོན་པའི་ང་རྒྱལ་ཅན་ཡིན་པར་གསལ་ལ། མངོན་པ་ནས་བཤད་པའི་ལམ་ཉམས་སུ་ལེན་ཚད་ལ་སྦྱར་ནས་སྐུར་འདེབས་མི་བཟད་པ་བྱེད་པ་ཤིན་ཏུ་མི་རིགས་ཏེ། ཐེག་པ་དམན་པ་ཐམས་ཅད་མངོན་པ་ནས་བཤད་པ་ལྟར་གྱི་ལམ་ཉམས་སུ་ལེན་པར་བྱེད་པ་ཤ་སྟག་ཡིན་ན། དེ་ཐམས་ཅད་ལ་ཐར་ལམ་མེད་ཅེས་བྱང་སེམས་ཀྱི་རྩ་ལྟུང་དང་ཆོས་སྤོང་གི་ལས་རང་གིར་བྱས་པས་བསྡུས་འཇོམས་ཀྱི་གྲོང་དུ་མི་འགྲོ་ན་སེམས་ཅན་སུ་ཡང་དམྱལ་བར་འགྲོ་མི་སྲིད་དོ། །དེས་ན་མངོན་པ་ནས་བཤད་མ་བཤད་ཀྱི་ཁྱད་པར་སྦྱར་མི་དགོས་ཏེ། གང་ཟག་གི་བདག་མེད་རྟོགས་པ་ལ་ཕྲ་རགས་གཉིས་སུ་ཕྱེས་ནས། ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་མངོན་པའི་ང་རྒྱལ་ཅན་དག་གིས། མངོན་པ་ནས་བཤད་པའི་བདེན་རྣམ་ཅན་གྱི་ལམ་དེ་ཇི་བཞིན་མ་རྟོགས་པར། རགས་པ་ཙམ་ལ་རྟོགས་སོ་སྙམ་དུ་བཟུང་ནས། དེ་དང་སྟོང་ཉིད་འགལ་བར་བྱས་ཏེ་རྩོད་པ་སྨྲ་བ་དག་གི་ལམ་དེ་འདྲས་ཉོན་མོངས་པའི་ས་བོན་སྤོང་མི་ནུས་པར་རིགས་པས་སྒྲུབ་པ་སྐབས་འདིའི་དོན་ཡིན་གྱི། མངོན་པ་ནས་བཤད་པའི་བདེན་རྣམ་ཅན་དེ་ཇི་བཞིན་རྟོགས་པ་བདག་མེད་ཕྲ་བ་མཐོང་བ་རྣམས་ནི་ངེས་པར་འཁོར་བ་ལས་གྲོལ་ཞིང་། ལམ་གྱི་རྟོགས་པ་ཐོབ་པ་དེ་དག་གིས་སྟོང་པ་ཉིད་ལ་རྩོད་པར་ཡང་མི་བྱེད་པར་གསུངས་སོ། །དེས་ན། བདག་མེད་ཕྲ་རགས་ཕྱེས་ནས། རགས་པ་རྟག་གཅིག་རང་དབང་བའི་བདག་མེད་པར་མཐོང་བའི་ལམ་གོམས་པ་དེས་ཉོན་མོངས་པའི་ས་བོན་སྤོང་མི་ནུས་ཞེས་བརྗོད་པ་ལ། ཁྱོད་ཀྱིས་ཡུལ་ཡོད་པར་ཞེན་པ་བདེན་འཛིན་ལ་བྱས་ན། ལམ་དེས་མགོ་ནོན་པར་ཡང་མི་རུང་ལ། ཞེས་བརྒལ་བ་དོན་མེད་དེ། བདག་འཛིན་ཀུན་བརྟགས་ཀྱི་ཞེན་ཡུལ་སུན་འབྱིན་པའི་ཞི་གནས་གོམས་པས་ཉོན་མོངས་མངོན་གྱུར་མགོ་ནོན་པ་ཙམ་སྲིད་ཅིང་། ས་བོན་མ་སྤངས་ཀྱང་ཉོན་མོངས་མངོན་གྱུར་རྣམས་


MR14_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སྨད་པ་སྲིད་དེ། ཁྱོད་ཀྱིས་གོང་དུ་དྲངས་པའི་ཉན་ས་དང་བསམ་གཏན་དཔེ་མཁྱུད་ཀྱི་མདོ་སོགས་ལུང་དྲངས་པ་དེ་རྣམས་ཀྱིས་གསལ་ལ། དེར་མ་ཟད་མངོན་པ་ཀུན་ལས་བཏུས་པར། འཇིག་རྟེན་པའི་ལམ་གྱིས་སྤང་བྱའི་ས་བོན་ཉམས་སྨད་པར་བྱས་པས་རེ་ཞིག་འགོག་པ་ལ་བརྡས་འགོག་པ་ཞེས་གསུངས་པ་དང་། སྟེང་རྒྱས་འོད་སྲུང་དང་རབ་བཟང་སོགས་ཀྱིས་བདག་དགྲ་བཅོམ་པའོ་སྙམ་དུ་སེམས་པའི་ལོ་རྒྱུས་མདོ་ལས་བྱུང་བ་བཞིན་ནོ། །ཁྱེད་ཅག་གིས་ཀྱང་ཉོན་མོངས་མངོན་གྱུར་ཙམ་སྤངས་ཀྱང་ས་བོན་མ་སྤངས་པས་ཡང་སྲིད་འཕེན་བྱེད་ཀྱི་ནུས་པ་ཡོད་པར་སྒྲུབ་པ་ཁ་ན་ཁྱེར་བཞིན་བརྗེད་ནས་གཞན་ལ་ལྟག་ཆོད་སྨྲས་པ་ཙམ་ལ་སེང་གེའི་ང་རོར་མ་རློམས་ཤིག །རྩོད་ཡིག་གི་བར་སྐབས་ཀྱི་ཚིགས་བཅད་དུ། ཅོལ་ཆུང་བྱིས་པ་ལང་ཤོར་རམ། །དྲན་རིག་ཉམས་པའི་སེམས་གདུང་སོགས་གཞན་ལ་སྡང་ཞུགས་ཀྱིས་ཇི་སྐད་སྨྲས་པ་དེ་ཐམས་ཅད་ཁྱེད་རང་ལ་འཁོར་ན་མི་མཛེས་པས་བག་ཡོད་མཛོད་ཅིག །ཡང་འདི་སྐད་དུ། ཁྱོད་ཀྱིས་ས་བོན་ལས་བརྒལ་ཏེ་བག་ཆགས་མ་སྤངས་ན་སླར་བདེན་འཛིན་སྐྱེ་བར་བཤད་པས། དགྲ་བཅོམ་པ་ལའང་བདེན་འཛིན་སྐྱེ་བར་འགྱུར་རོ་ཞེས་སུན་འབྱིན་བརྗོད་པ་ནི་སུན་འབྱིན་ལྟར་སྣང་དུ་ངེས་ཏེ། ཊཱི་ཀར། བག་ཆགས་མ་སྤངས་ན་སླར་སྐྱེ་བར་འགྱུར་བ་ཞེས་སྨོས་འདུག་གི། བདེན་འཛིན་སྐྱེ་བར་འགྱུར་བ་ཞེས་སྦྱར་བ་མེད་བཞིན་རྫུན་ལྷངས་བཏབས་པས་ཅི་ཞིག་བྱ། དགྲ་བཅོམ་པ་རྣམས་ཀྱང་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱི་སྐྱེ་བ་མ་སྤངས་པ་ཡིན་པར་སྒྲུབ་བཞིན་པའི་སྐབས་ཡིན་པས། དགྲ་བཅོམ་ལ་གང་ཟག་བདེན་པར་འཛིན་པ་སྐྱེ་བའི་ཐལ་བ་འཕེན་པ་ནི་ཁྱེད་རང་གི་བློ་སྐྱོན་གཞན་ལ་བསྒོ་བར་བས་སོ། །དེ་ཙམ་དུ་མ་ཟད་དགྲ་བཅོམ་པ་དེ་དག་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་བ་མེད་མོད་ཀྱི། གཉིས་སྣང་གི་བག་ཆགས་མ་སྤངས་པས་ཡིད་ལུས་ཀྱི་སྐྱེ་བ་མི་ཁེགས་པའི་དོན་ཡིན་ནོ། །ཡང་ཁྱོད་ཀྱིས་སྔར་བདེན་འཛིན་མ་སྤངས་པར་བཀྲལ།


MR14_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྗེས་དགྲ་བཅོམ་པར་སྦྱར་ནས་བཤད་པ་སོ་མི་ཐུབ་པའི་ངང་ཚུལ་དུ་སོང་ཞེས་པའང་གྱི་ན་སྟེ། སྔར་ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་ལ་འགལ་བ་སྒྲུབ་པ་དག་ལ། གང་ཟག་གི་ངོ་བོ་ཉིད་སྟོང་པའི་བདག་མེད་ཕྲ་བ་མ་རྟོགས་བར་དུ་མྱང་འདས་མི་ཐོབ་པར་བསྒྲུབས་ནས། སླར་ཡང་དམན་པའི་མྱང་འདས་ཐོབ་ཀྱང་ད་དུང་ཐེག་ཆེན་ལ་འཇུག་དགོས་ཏེ། ཁྱེད་རང་འདོད་པ་ལྟར་སེམས་རྒྱུན་ཆད་པར་མི་འགྱུར་ཞེས་མཐར་ཐུག་ཐེག་གཅིག་ཏུ་སྒྲུབ་པ་ནི་ཤིན་ཏུ་འབྲེལ་ཞིང་དོན་དང་ལྡན་པ་ཤིང་རྟ་ཆེན་པོ་རྣམས་ཀྱི་བཞེད་པ་ཡིན་པས་སོ་མི་ཐུབ་པར་སྔ་ཕྱི་འགལ་བའི་སྐྱོན་ཅི་ཡང་མེད་བཞིན་རིགས་པའི་འཐད་པ་མེད་པར་སུན་ཅི་ཕྱིན་ཏུ་སྨྲ་བ་ནི་མཁས་པར་གྲགས་པ་དག་ལ་མི་མཛེས་སོ། །ཡང་རྩོད་ཡིག་ཏུ། ཁྱོད་ཀྱི་ཊཱི་ཀར། རྟག་གཅིག་རང་དབང་བ་དེ་འདྲ་མེད་པར་ཤེས་ཀྱང་དེས་ངར་འཛིན་ཕྲ་བ་མི་སྤོང་སྟེ་ཞེས་སྨྲས་པ་འབྲེལ་མེད་དུ་ཐལ། ཕ་རོལ་པོས་ལམ་དེས་ངར་འཛིན་སྤོང་བར་འདོད་ཀྱི་ཕྲ་རགས་ཕྱེ་ནས་སྤོང་བར་མི་འདོད་པའི་ཕྱིར། འཁོར་གསུམ། འདི་ནི་རྡོ་རྗེའི་བྲག་རི་ཡིན། །ཞེས་གསུངས་པ་ལྟར་ལན་མེད་ཅིང་། །ཁ་ལ་སྨྲ་བཅད་བརྒྱ་ཡང་བྱིན། །ཞེས་གསུངས་པར་ངེས་སོ། །དེས་ན་ཚིག་དེས་བདག་མེད་རགས་པ་བསྒོམ་པས་ཉོན་མོངས་རགས་པ་མངོན་གྱུར་བ་སྤོང་ཡང་། ཕྲ་མོ་མ་སྤངས་པར་ཁྱོད་ཀྱིས་ཁས་བླངས་མོད། རང་ཉིད་རིགས་པའི་ལམ་ཅི་འདྲར་འགྲོ་རང་གིས་ཀྱང་མི་ཤེས་པར་ད་དུང་གསར་རྙིང་ཀར་འབྲུག་གི་མཁས་པ་དག་གི་དྲོད་ཚོལ་བ་ཁྱོད་ནི་ར་རོ་བ་ཆེན་པོ་སྟེ། དགག་སྒྲུབ་ཀྱི་ལས་སུ་གནང་བ་ཁྲོལ་ལོ། །མདོར་ན་ངར་འཛིན་ཕྲ་རགས་སྨོས་པའི་དྲན་པ་མངོན་དུ་ཞོག་ལ། དཔེ་དེས་འདིར་ཉོན་མོངས་སྤོང་མི་སྤོང་། ཉོན་མོངས་ཅན་ཡིན་མིན་གསུངས་པ་རྣམས་ལ་རགས་པའམ་མངོན་པ་ནས་བཤད་པ་ལྟ་བུའི་ཁྱད་པར་སྦྱོར་དགོས་པ་ཤེས་པར་རིགས་ཏེ། གཞན་དུ་ན། རྒྱལ་བའི་དབང་པོ་ལྔ་པས། ཐོས་བསམ་གྱི་ཚེ་དཔེ་བརྗོད་རེས་མི་དགྲོལ་ན་རེ་


MR14_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་མཛུབ་རྩིས་ཀྱི་གཡེང་བ་བཤོལ་ནས་བེམ་པོ་ཞལ་འགྲེལ་གྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པར་ཞུ་ཞེས་གདམས་པ་མན་ངག་ཟབ་ཤོས་སུ་མཐོང་སྟེ། འཛམ་གླིང་མཁས་པ་ཡོངས་ཀྱི་རྩོད་པའི་ཚོང་བརྡལ་དུ་འགྲོ་བར་བགྱིད་པའི་ཆོས་མཐུན་གྱི་མཛའ་བོ་ལགས་པས་སྙིང་གཏམ་གྱི་བསླབ་པའི་སྐྱེས་བསྟབས་པའང་ཡིན་ནོ། །ཧ་ཧ། བཞེངས་ཤིག་མཁས་རྣམས་ཏིང་འཛིན་མལ་ལས་བྱོན། །གཟིགས་ཤིག་རིགས་པའི་སེང་ཆེན་གངས་ལ་འཕྱོ། །གངས་དཀར་ལྷུན་པོའི་ཁོར་ཡུག་ཡུད་ཙམ་མཇལ། །གདིང་དྲོད་རྟོག་པའི་སྦྱིན་སྐྱེས་གང་དུ་བྲོས། །ཧེ་ཧེ། རྟག་ཆད་ཉམ་ངའི་ཆུ་གཏེར་ཀློང་དུ་བྱིང་། །རྣམ་མང་རིགས་པའི་འཁྲུལ་གྱི་ཞགས་པས་བཅིངས། །འགལ་འཁྲུལ་རིམ་པ་སྟོང་གི་ལྷུན་པོས་མནན། །མི་འགྱུར་གཡུང་དྲུང་རྡོ་རྗེའི་རྒྱ་ཡིས་བཏབ། །ཅེས་ཀྱང་སྨྲས་སོ་ཞེས་ངོ་མཐོན་དུ་བརྗོད་པ་འདི་ལ་ལན་གྱི་རིམ་པ་བསྟན་པར་བྱ་སྟེ། འཁོར་གསུམ་ཞེས་པ་ལན་ཡང་དག་གང་ཡང་མི་ཐེབས་པ་ཞིག་ཡིན་དགོས་ན། འདི་འདྲའི་ཐལ་ངག་ལ་རྡོ་རྗེའི་བྲག་རི་དང་འདྲ་བར་བསྔགས་ཤིང་། ཁ་ལ་སྨྲ་བཅད་བརྒྱ་ཡང་བྱིན་སོགས་ཀྱི་ཆེ་བསྟོད་ཅན་འདི་ཡ་མཚན་པ་ཞིག་སྟེ། ཕ་རོལ་པོས་རྟག་གཅིག་རང་དབང་བའི་བདག་མེད་པར་རྟོགས་པ་ཁོ་ནས་ངར་འཛིན་སྤོང་བར་འདོད་པ་ལ། ངར་འཛིན་ཕྲ་རགས་ཕྱེ་ནས་སྤོང་བར་མ་འདོད་ཀྱང་རུང་སྟེ། རིགས་པའི་ལམ་ནས་ལམ་དེས་ཕྲ་བ་མི་སྤོང་བའི་ཐལ་བ་འཕངས་པ་ལ། ཕ་རོལ་པོས་ཕྲ་རགས་མ་བྱས་པ་ཙམ་གྱིས་ཐལ་བ་དེ་འདྲ་འབྲེལ་མེད་དུ་འགྱུར་ན། མངོན་པ་ནས་བཤད་པའི་བདེན་རྣམ་ཅན་གྱི་ལམ་བསྒོམ་པས་ཉོན་མོངས་རགས་པ་མངོན་གྱུར་ཙམ་ལས་མི་སྤོང་བར་ཁྱེད་ཅག་གིས་ཐལ་བ་འཕང་བ་ཡང་འབྲེལ་མེད་དུ་འགྱུར་ཏེ། ཕ་རོལ་པོས་ལམ་དེས་ངར་འཛིན་སྤོང་བར་འདོད་ཀྱི་ཕྲ་རགས་དང་མངོན་གྱུར་དང་ས་བོན་གྱི་ཁྱད་ཕྱེ་ནས་སྤོང་བར་མི་འདོད་པའི་ཕྱིར། རྡོ་རྗེའི་བྲག་རི་དང་ཁ་ལ་སྨྲ་བཅད་བརྒྱ་ཡང་བྱིན་པ་དང་། །


MR14_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཧ་ཧེ་ཧེ་སོགས་ཀྱི་ཚིགས་བཅད་ཀྱང་སླར་བཟློག་པར་རིགས་སོ། །དེར་མ་ཟད་གཞན་ཡང་ཕ་རོལ་པོས་ངར་འཛིན་སྤོང་བར་འདོད་ན་ཕྲ་བ་སྤོང་དགོས་པར་དོན་གྱིས་གྲུབ་པས་ཕྲ་རགས་ཕྱེ་ནས་སྤོང་བར་མི་འདོད་ཅེས་པ་ཡང་དོན་མེད་དོ། །ཚིག་འདི་དག་ཊཱི་ཀར། ཕ་རོལ་པོས་མངོན་གྱུར་ཙམ་སྤང་བས་གྲོལ་བར་མི་འདོད་བཞིན་ཐལ་བ་དེ་འདྲ་འབྲེལ་མེད་དུ་འགྱུར་ཞེས་སྨོས་པ་ལ་ཆེར་ཁྲོས་ནས་དེའི་ལན་འདི་ཧུར་ཕྱུངས་ཏེ་བརྗོད་པ་ཡིན་འདུག་ཀྱང་། དེ་དང་ལན་འདི་གཉིས་མི་མཚུངས་ཏེ།ཉོན་མོངས་མངོན་གྱུར་ཙམ་སྤོང་བས་གྲོལ་ན་དེ་མ་ཐག་ཏུ་དེར་འགྱུར་རོ་ཞེས་བརྗོད་ན། མངོན་གྱུར་ཙམ་སྤོང་བས་གྲོལ་བ་ཚད་མ་དང་ཁས་བླང་གང་གིས་མ་གྲུབ་པས་རྟགས་དེས་བསྒྲུབ་བྱ་འགྲུབ་མི་ནུས་ལ། བདག་མེད་རགས་པ་རྟོགས་པས་བདག་འཛིན་ཕྲ་བ་མི་སྤོང་བར་ཐལ་བ་འཕང་ན། ཕྲ་བ་མི་སྤོང་བར་ཁས་བླང་གིས་མ་གྲུབ་ཀྱང་ཚད་མས་གྲུབ་པའི་འཐད་པ་བསྟན་དུ་ཡོད་པའི་ཕྱིར་རོ། །མངོན་གྱུར་སྤང་བས་གྲོལ་ན་ཞེས་རྟགས་སུ་མི་བཀོད་ཀྱི། མི་རྟག་སོགས་བཅུ་དྲུག་རྟོགས་པའི་ལམ་གྱིས་གྲོལ་བར་འདོད་པ་རྟགས་སུ་བཀོད་ནས་མངོན་གྱུར་ཙམ་སྤང་བའི་དེ་མ་ཐག་ཏུ་གྲོལ་བར་ཐལ་བ་འཕེན་ཞེས་འདོད་ཀྱང་། ཐལ་བ་དེས་ཀྱང་ཁྱབ་པ་ཁས་བླང་དང་ཚད་མ་གཉིས་ཀས་མ་གྲུབ་པའི་ཕྱིར་ལན་དང་བཅས་པར་འགྱུར་ལ། དེ་ལྟ་ན་ཡང་འོག་ཏུ་རྩ་བར་ཉོན་མོངས་མེད་ཀྱང་སོགས་ཀྱི་དོན་དང་འབྲེལ་དཀའ་བ་སོགས་ཀྱི་ཕྱིར་རོ། །དེང་སང་ཆོས་གྲྭའི་མཁས་པ་རྣམས་ཀྱིས་རྩོད་པའི་ཁ་འུད་འདི་འདྲ་མཐོང་ཚེ་གཞན་ངོར་ཉམས་མཚར་ཙམ་གྱི་ཆེད་མིན་ན་གདིང་དྲོད་སུས་ཀྱང་རྟོགས་སླ་ཞིང་ལྔ་པ་ཆེན་པོའི་གདམས་པ་ཡང་དེ་ཚོས་མན་ངག་ཟབ་མོར་མཐོང་བ་བཞིན་དེ་ལྟར་མཛོད་ཅིག་རིགས་པ་སོང་ན་རྦད་ཁམ་མེད་ཀྱང་མཛེས། །རིགས་མཚོན་རྟུལ་ན་དཔའ་སྐད་བཏོན་ཀྱང་མཚངས། །ཁ་ཤོམ་འབྲུག་སྒྲ་འདྲ་བ་འབྱིན་པའི་རྟེན། །ཐལ་ངག་འཁོར་གསུམ་


MR14_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་བྲག་ཆར་ལྟོས། །རིགས་པའི་ལན་ལ་སྤོབས་པ་བརྟན་གྱུར་ཅིང་། །སུན་འབྱིན་ཚིག་གི་མཚོན་མང་བསྐྲུན་ནུས་ཀྱང་། །སྐབས་སུ་མ་བབ་ཅོལ་གཏམ་མི་སྨྲ་བ། །འདི་ཡང་ཡ་རབས་ཚུལ་དང་མཐུན་མིན་ནམ། །ཞེས་ཀྱང་སྨྲས་སོ། །ཡང་ཁོང་གིས་བརྗོད་པ། །རྒྱ་འགྲེལ་དག་ཏུ་ཡང་། །ལས་ཀྱི་ནུས་པ་མཐོང་བ་དགྲ་བཅོམ་ལ་སྦྱར་བ་རྩ་བའི་གོང་འོག་གི་འབྲེལ་དང་འགལ་བའི་ཕྱིར། རྗེ་ཐམས་ཅད་མཁྱེན་པས་ཇི་བཞིན་རང་ལུགས་སུ་མ་མཛད་དེ། ལུང་རྣམས་ནི་སྒྲ་ཇི་བཞིན་ཡིན་མིན་དཔྱོད་པའི་གཞི་ཡིན་ཞིང་། དྲི་མ་མེད་པའི་རིགས་པས་གཏན་ལ་འབེབས་དགོས་པའི་ཕྱིར། རྣམ་ཐར་དད་པའི་འཇུག་ངོགས་སུ་གཞན་གྱི་ཚིག་ཙམ་ལ་བརྟེན་ནས་རྣམ་པར་དཔྱོད་པ་ལུང་ཙམ་སྐྱབས་སུ་གྱུར་པ་རྣམས་ཀྱི་ངང་ཚུལ་ནི་ངོ་བོ་ཉིད་ཀྱིས་མི་མངའ་བས་ཞེས་གསུངས་མོད། རང་ལྟ་ལ་ཞེན་ཆེ་བས་མཁས་པའི་གཞུང་ལམ་ཆེན་པོར་རྣམ་དཔྱོད་ཀྱི་གོམ་པ་འདོར་བར་ག་ལ་སྤྲོ། དེས་རྒྱ་གཞུང་མང་པོས་བཤད་ཟེར་བ་ཡང་སྒྲུབ་བྱེད་དུ་མི་ཆེ་སྟེ། འོ་ན་རྩ་ཤེས་ཀྱི་དགོངས་པ་ཡང་རང་རྒྱུད་པ་མན་ཆད་དུ་འགྲེལ་རིགས་པར་ཐལ། ཚིག་གསལ་ལས། སྦྱོར་བའི་ངག་རྒྱས་པར་རྗོད་པར་བྱེད་པ་འདི་ནི་འགྲེལ་པ་མཁན་པོ་རྣམས་ཀྱི་ལུགས་ཡིན་ནོ་ཞེ་ན་ཟེར་བ་ཕྱོགས་སྔར་བཀོད་པའི་ཕྱིར། མངོན་རྟོགས་རྒྱན་གྱི་དགོངས་པ་མཐར་ཐུག་ཀྱང་ཉན་རང་རིགས་དེས་སྟོང་ཉིད་མ་རྟོགས་པའི་ལུགས་སུ་འགྲེལ་རིགས་པར་ཐལ། རྒྱ་འགྲེལ་ཕལ་མོ་ཆེས་དེ་ལྟར་བཤད་པའི་ཕྱིར། གཞུང་གཞན་དུ་ཡང་། ངན་པ་མང་པོས་སྨྲས་ཀྱང་མཁས་པ་རང་ཉིད་ལེགས་པའི་ལམ་དུ་སོང་། ཞེས་དང་། བཞི་བརྒྱ་པར། ཕལ་མོ་ཆེ་ན་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །ཞེས་གསུངས་ཏེ། མང་བས་འགྲུབ་ན་ཆགས་སྡང་གི་དུག་ཆུའི་རྒྱ་མཚོ་ཧུབ་ཀྱིས་བརྔུབས་ཏེ་དགྱེས་དགུར་རོལ་ཅིག །ཡན་ལག་འདི་དག་སོགས་ཀྱི་དོན་རྒྱ་འགྲེལ་ཀུན་དང་མི་མཐུན་པར་


MR14_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་བརྗེད་ངས་རྐུན་པོས་ཁྱེར་བ་ཟད་དེ། ཕྱི་མ་བརྩམ་དུས་སྔ་མ་བརྗེད་པའི་དྲན་དབང་ཆེན་པོའི་ཉེ་གནས་ནི་རྗེད་བྱེད་ཀྱི་གདོན་དུ་གོར་མ་ཆག་གོ། ཁོ་ན་རེ། སྐྱེས་བུ་གཅིག་གི་རྒྱུད་ན་དུས་མཉམ་པའི་བདག་འཛིན་དུ་མས་དྲངས་པའི་སྲེད་པ་ཡོད་པར་འགལ་ཟེར། བདག་འཛིན་དང་སྲེད་པ་མངོན་གྱུར་བར་མ་ངེས་པས་འདིར་སྐྱོན་དུ་མི་འགྱུར་མོད། ཁྱེད་ཅག་ལུགས་འདིར་ཀུན་གཞི་དང་ཉོན་ཡིད་ཁས་བླངས་པས་དེ་ལྟར་སྐྱོན་བརྗོད་པ་མཁས་པའི་མདུན་སར་ངོ་ཚ་སྤངས་པ་སྟེ། ལུང་ལས།ལེན་དང་དང་པོ་གསལ་བ་དང་། །ཞེས་སོགས་དང་། ངེས་ཚིག་མེད་པར་ཐལ་བའི་རིགས་པ་ཤིང་རྟ་ཆེན་པོས་གསུངས་པ་རྣམས་ཀྱང་འདོད་དགོས་པས། དེ་ལྟ་ན་འཛིན་སྟངས་མི་འདྲ་བའི་རྟོག་པ་གཉིས་མངོན་དུ་འགྱུར་བ་རིག་བྱེད་བདག་པོས་ཀྱང་བཟློག་ཏུ་མེད་པའི་ཕྱིར། གཏད་སོ་མེད་པའི་འཆལ་གཏམ་ཕྲེང་བར་སྤེལ་བ་འདི་དག་ཁོ་བོ་ཅག་དལ་འབྱོར་ཆུད་གཟོན་པའི་རྒྱུར་སོང་ངོ་། །འདི་སྐད་དུ། དགེ་སྡིག་གྲོགས་ཀྱི་སྣང་བ་མི་བརྟན་པས། །བསླུ་མེད་མཆོག་གསུམ་བདེན་པས་བྱ་ར་མཛོད། །བགྲང་ཡས་སྐྱེ་བོ་ཆགས་སྡང་གཅོང་རོང་དུ། །བསྐྱུར་ན་སྡུག་བསྔལ་བཟོད་མེད་བཟློག་པར་རིགས། །ཞེས་ཀྱང་སྨྲས་སོ། །ཞེས་བརྗོད་པ་འདི་ལ་ལན་བརྗོད་པ། རྒྱ་གཞུང་དུ་མར་མ་བཤད་ཅེས་བརྗོད་རྒྱུ་མ་རྙེད་ནས། རྒྱ་གཞུང་རྩོམ་པའི་པཎ་ཆེན་དེ་རྣམས་ཀྱིས་རྩ་བའི་གོང་འོག་གི་འབྲེལ་དང་འགལ་བ་མ་མཁྱེན་པས་དེ་དག་གི་ལུང་ཙམ་སྐྱབས་སུ་མི་རུང་བར་ཁས་བླངས། དེ་དག་གི་ལུགས་བཟུང་ན་དམ་པ་མ་ཡིན་པའི་ཕྱོགས་བཟུང་བར་གྱུར་པ་བཞི་བརྒྱ་པའི་ལུང་གིས་བསྒྲུབ་ཅིང་། པཎ་ཆེན་མང་པོའི་གསུང་གི་ཕྱོགས་བཟུང་ན་ངན་པ་མང་པོས་སྨྲས་པའི་ཕྱོགས་བཟུང་ནས་ཆགས་སྡང་གི་དུག་ཆུའི་རྒྱ་མཚོ་ཧུབ་ཀྱིས་བརྔུབས་ལ་དགྱེས་དགུར་རོལ་ཅིག་ཅེས་དོན་གྱིས་འཕང་། ཡང་ཞེན་ལྟའི་དབང་གིས་མཁས་པའི་ལམ་ལ་མི་སྤྲོ་ཞེས་བརྗོད་པ་


MR14_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་དེ་ལྟར་ལོས་ཡིན། ཡང་ཡན་ལག་འདི་དག་སོགས་ཀྱི་དོན་བཤད་པ་རྒྱ་འགྲེལ་དང་མ་མཐུན་ནོ་ཞེས་གཞན་ལ་སྐྱོན་བརྗོད་པ་བརྗེད་ནས། སྐབས་འདིར་རྒྱ་འགྲེལ་མང་པོས་བཤད་ཀྱང་སྒྲུབ་བྱེད་དུ་མི་ཆེ་ཞེས་རང་ཚིག་སྔ་ཕྱི་འགལ་བ་དངོས་སུ་བསྟན་པ་འདི་ཅི་ཞིག །གཏད་སོ་མེད་པའི་འཆལ་གཏམ་ཞེས་པ་ཡང་ཅི་འདྲ་ཞིག་ལ་བསམས་ནས་སྨྲས་པ་རྟོག་ཅིག །ཡན་ལག་འདི་དག་སོགས་ཀྱི་དོན་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ཀྱི་བཞེད་པ་མི་འདྲ་བ་གང་གི་ཕྱོགས་བཟུང་ཡང་འགལ་བ་མེད་ཀྱང་། སྤྱོད་འཇུག་རྩ་བའི་དགོངས་པར་མཐུན་ཤས་ཆེ་བ་བཟུང་གི། ཤེར་འབྱུང་བ་སོགས་ཀྱིས་བཤད་པ་ལ་སྤྱིར་འགལ་བ་ཡོད་པར་ནི་མ་སྨྲས་སོ། །ལུང་དོན་རིགས་པས་དཔྱད་ནས་རིགས་པས་འཐད་པ་ཡང་དག་པ་མཐོང་ན་རིགས་པ་དབང་བཙན་དགོས་པར་བཤད་པ་ལྟར་བདག་ཅག་གིས་ཀྱང་དེ་ལྟར་འདོད་ནས་དཔྱད་པ་ལ་ཞུགས་པ་ཡིན་ནོ། །སྐྱེས་བུ་གཅིག་གི་རྒྱུད་ན་དུས་མཉམ་པར་བདག་འཛིན་རིགས་མི་འདྲ་བ་དུ་མས་དྲངས་པའི་སྲེད་པ་ཡོད་པ་འགལ་ཞེས་པ་མངོན་གྱུར་པར་མ་ངེས་པས་སྐྱོན་དེར་མི་འགྱུར་ཟེར་བ་ཡང་ངའོ་སྙམ་པའི་འཇིག་ལྟ་ལྷན་སྐྱེས་དེས་དྲངས་ནས་བདག་བདེ་བ་དང་འཕྲད་པར་བྱ་སྙམ་པ་སོགས་ཀྱི་སྲེད་པ་སྐྱེ་བ་དེ་ལས། རྟག་པའི་བདག་ཏུ་འཛིན་པ་སོགས་འཇིག་ལྟ་རིགས་མི་འདྲ་བ་གཞན་གྱིས་དྲངས་པའི་སྲེད་པ་དུ་མ་མངོན་གྱུར་དང་བག་ཉལ་གང་ཡང་ཡོད་དཀའོ། །མངོན་གྱུར་ཞེས་མ་སྨོས་ཀྱང་མངོན་གྱུར་ཡིན་པར་དོན་གྱིས་གོ་སྟེ་ཉོན་མོངས་པའི་མིང་གཞུང་རྣམས་སུ་བཤད་པ་དག་ལ་མངོན་གྱུར་བའི་ཁྱད་པར་རེ་རེ་ནས་སྦྱར་མི་དགོས་པ་བཞིན་ཏེ། ཉོན་མོངས་བག་ཉལ་བརྗོད་པའི་སྐབས་ཡིན་ན་བག་ཉལ་ཞེས་དམིགས་བསལ་ཏེ་རྗོད་པར་བྱེད་དོ། །ཁྱེད་ཅག་ཀུན་གཞི་དང་ཉོན་ཡིད་འདོད་པ་ལྟར་ན། ལེན་དང་སོགས་ཀྱི་དོན་ལྟར་ཤིང་རྟ་ཆེན་པོའི་གཞུང་བཞིན་འདོད་དགོས་པས་འཛིན་སྟངས་མི་འདྲ་བའི་རྟོག་པ་གཉིས་མངོན་གྱུར་ཡོད་པ་ཚངས་པས་ཀྱང་བཟློག་མི་ནུས་ཟེར་ན་


MR14_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཀུན་གཞི་དང་ཉོན་ཡིད་དུ་མ་ཟད་ཚོགས་དྲུག་གི་ཤེས་པ་ལའང་འཛིན་སྟངས་མི་འདྲ་བ་དུ་མ་མངོན་གྱུར་དུས་མཉམ་དུ་ཡོད་པ་སུས་ཀྱང་མི་ཁེགས་མོད་བཀག་དོན་ཀྱང་མེད་ལ། དེས་བདག་འཛིན་རིགས་མི་འདྲ་བས་དྲངས་པའི་སྲིད་པ་གཉིས་དུས་མཉམ་ཡོད་པ་ལ་ཅི་ཡང་མི་ཕན་ནོ། །རྟོག་པ་གཉིས་ཞེས་པའི་རྟོག་པ་འདི་ངོ་བོ་ཉིད་རྟོག་གི་དབང་དུ་བྱས་ཏེ་རིགས་མི་མཐུན་པའི་རྟོག་མེད་ཤེས་པ་དུ་མ་མངོན་གྱུར་བ་དུས་མཉམ་དུ་ཡོད་པར་རུང་གི་རིགས་མཐུན་གཉིས་ལྷན་ཅིག་མི་སྐྱེ་བར་གསུང་རྣམས་སུ་བཤད་པ་བཞིན་ལ། ཡིད་ཤེས་ཀྱི་བྱེ་བྲག་སྒྲ་དོན་འདྲེས་འཛིན་གྱི་རྟོག་པའི་དབང་དུ་བྱས་ན་ནི། རྟོག་གཉིས་ཅིག་ཆར་འཇུག་པ་མེད། །ཅེས་གསུངས་པ་ལྟར་ཡིན་ཀྱང་། འདི་དག་གིས་སྐབས་ཀྱི་དཔྱད་བྱ་ལ་ཕན་གནོད་ཅི་ཡང་མི་འདུག་གོ། དོན་ཆུང་ངུ་འདི་ཐད་རིགས་པས་དཔྱད་པ་བྱས་པ་ཙམ་ལ་ཆགས་སྡང་དེ་ཙམ་སྐྱེ་དོན་མི་འདུག་ཀྱང་། སྐྱེ་བར་ཉིད་ཀྱིས་གཟིགས་དུས་དེ་ལྟར་ལོས་ཡིན་ཏེ། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཡང་ཁོང་གིས་བརྒལ་བ། འཇིག་ལྟ་ཕྲ་མོས་དྲངས་པའི་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་སྲེད་པ་ལ་ཉོན་མོངས་ཅན་མིན་པ་ཅི་སྟེ་ཡོད་ཅེས་བསྙོན་འདིང་མོད། ཕྱོགས་སྔས་ནམ་མ་ལངས་པར་དགག་པའི་ཉི་མ་སྤྲོ་བའི་ངང་ཚུལ་མཚོན་པ་སྟེ། ཁོ་བོ་ཅག་མངོན་པ་ནས་བཤད་པ་ལྟར་གྱི་ཉོན་མོངས་ཅན་མ་ཡིན་པར་འདོད་ཀྱང་། །སྲེད་པ་ལ་འདོད་ཆགས་ཀྱིས་ཁྱབ་ཅིང་། སྔོན་མེད་པའི་ཆགས་བཅས་ཀྱི་དགྲ་བཅོམ་པ་འདོད་པའི་ལུགས་མིན་པས་ལེགས་པར་རྟོག་ཅིག །ཡང་དེ་མ་ཐག་ཏུ་ལས་ངན་མཚོན་ཆ་རང་ལ་འཁོར་བའི་ཚུལ་འདི་ལྟར་སྨྲས་ཏེ། ཕ་རོལ་པོས་འཇིག་ལྟས་དྲངས་པའི་སྲེད་པ་ཡོད་པར་མི་འདོད་ཅེས་རྒྱུས་གཏམ་ཁ་བོ་ཆེ་བསྒྲགས། རྒྱུས་མེད་ཀྱི་འཕོངས་ཕྱུང་བའི་རྟགས་ངན་བརྡོལ་བ་སྟེ། མཛོད་དུ་འཇིག་ལྟའི་རྒྱུ་དང་རྒྱུ་ཅན་གཉིས་ཀ་ཡིན་པའི་ཕྲ་རྒྱས་བཞི་བཅུ་བཤད་པ་དང་། རང་གི་ས་པའི་


MR14_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་ཀུན། །ཞེས་དང་། རྨོངས་ལས་ཐེ་ཚོམ་སོགས་མཐོང་ཐོས་མེད་པའི་བབ་ཅོལ་ལོ། །རྣམ་གྲོལ་ཐོབ་པ་ལ་སངས་རྒྱ་དགོས་ན། ཉན་རང་གི་ཟག་མེད་ཀྱི་ཕུང་པོ་ལྔ་དང་། མི་སློབ་པའི་ཡན་ལག་བརྒྱད་མེད་པར་ཁས་ལོངས་ལ་བྱང་སེམས་ཀྱི་སྡོམ་པའི་སྐ་རགས་བཀྲོལ་ཏེ། ཡལ་འདབ་ལྔ་པའི་ལྕུག་ཕྲན་རྒྱབ་ཏུ་བསྣོལ་ཏེ་སེམས་མེད་སངས་རྒྱས་ཀྱི་ས་ལ་ཅི་བདེར་རང་སོང་ཞིག །ཤིང་རྟ་ཆེན་པོའི་གཞུང་དུ་སེམས་མེད་ཀྱི་གནས་སྐབས་ལྔ་དང་དྲུག་དང་རྣམ་གྲངས་སྒོས་བདུན་དུའང་གསུངས་མོད། འདིར་ཁྱེད་ཅག་གིས་ལོག་རྟོག་སྒྱུ་མའི་འཕྲུལ་ལས་བྱུང་བའི་སེམས་མེད་པའི་གནས་སྐབས་བརྒྱད་པ་དེར་བྱོན་ལ་སྤྱད་བྱ་ནམ་མཁའི་པདྨོ་ལ་རྫོགས་པར་ལོངས་སྤྱོད་པའི་ངེས་པ་ལྔ་ལྡན་དུ་བཞུགས་ཤིག །ཉན་ཐོས་སྡེ་པས། སྟོན་པས་ཀྱང་དུཿཁ་མྱོང་བར་འདོད་པས་རྣམ་གྲོལ་མ་ཐོབ་པར་སྒྲུབས་ཤིག །དོན་དམ་པའི་བདེན་པ་མཐོང་བས་གྲོལ་བ་ལ་རྩོད་པ་མེད་ཅེས་ཤེར་འབྱུང་གི་འདོད་པ་སྔར་ཡང་དྲངས་ཟིན་པའི་ཕྱིར་རོ། །ཁྱོད་ལ་རྒོལ་བའི་རེ་ཐག་ཆད་མོད། བདག་ཉིད་ཆེན་པོས། །མ་བརྩམས་པ་ནི་མཆོག་ཡིན་གྱི། །བརྩམས་ནས་ལྡོག་པར་མི་བྱའོ། །ཞེས་གསུངས་པས་མཇུག་རྫོགས་ཁུལ་ཞིག་བྱ་དགོས་པར་སྣང་མོད། སྟོབས་ལྡན་འོ་མ་བསྲུབ་པའི་རང་བཞིན་མི་འདོར་རོ། །ཞེས་ཟེར། དེ་ལ་ལན་བརྗོད་པ། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་སྲེད་པ་ལ་འདོད་ཆགས་ཀྱིས་ཁྱབ་ཅིང་། དེ་རྒྱུད་ལྡན་ལ་དགྲ་བཅོམ་མི་སྲིད་པར་ཁྱེད་འདོད་པ་བདེན་མོད། གང་ཟག་རང་རྐྱ་ཐུབ་པའི་བདག་འཛིན་གྱིས་དྲངས་པའི་སྲེད་པ་མངོན་གྱུར་བ་རེ་ཞིག་སྤངས་ཀྱང་། གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟས་དྲངས་པའི་སྲེད་པ་ཅི་སྟེ་མེད་ཅེས་འགྲེལ་པའང་མཐོང་བས་ན། དེ་ལྟར་ན་གཞུང་རྩ་བར། སྲེད་འདི་ཉོན་མོངས་ཅན་མིན་ཡང་ཞེས་གསུངས་པས་གནོད་ལ། དེར་ཡང་མངོན་པ་ནས་བཤད་པའི་ཉོན་མོངས་ཅན་མིན་ཡང་


MR14_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཁྱད་པར་སྦྱར་རོ་སྙམ་ན། མངོན་པ་ནས་བཤད་པའི་ཉོན་མོངས་ཅན་ཞེས་པ་དེ་གང་ཟག་གི་བདག་འཛིན་གྱི་རྒྱུ་ཅན་ཞིག་ཡིན་ནམ་མིན། ཡིན་ན་ཉོན་མོངས་ཅན་ཡིན་པར་འགྱུར་ལ། མིན་ན་གང་ཟག་ངོ་བོ་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟས་དྲངས་པའི་སྲེད་པ་ཡང་མ་ཡིན་པར་འགྱུར་ཞིང་། སྲེད་པ་ཉོན་མོངས་ཅན་མིན་པ་ཞིག་ཡོད་པར་ཤུགས་ལ་འགྲུབ་བོ། །མངོན་པ་ནས་བཤད་པའི་བདག་འཛིན་རགས་པ་དེས་བསྐྱེད་པའི་ཉོན་མོངས་ཅན་མིན་ཞེས་ཁྱད་པར་སྦྱར་བར་འདོད་ན། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ལྷན་སྐྱེས་སུ་མངོན་པ་ནས་བཤད་པའི་ཉོན་མོངས་པ་མེད་པར་འགྱུར་ཏེ། འཇུག་པ་ལས། འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ། །ཞེས་སོགས་གསུངས་པ་ལྟར་རོ། །སྐྱོན་གཞན་ཡང་། །གང་ཟག་གི་བདག་མེད་མཐོང་བས་སྒྲིབ་གཉིས་ཀྱི་ཟླས་ཕྱེ་བའི་ཉོན་མོངས་པ་མཐའ་དག་མི་སྤོང་པར་འགྱུར་ཏེ། གང་ཟག་གི་བདག་འཛིན་གྱི་རྒྱུ་ཅན་མིན་པའི་ཉོན་མོངས་འདོད་པའི་ཕྱིར། དེ་ལྟ་ན། ཟླ་བས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ནས། ཞེས་དང་། འཇུག་པ་རང་འགྲེལ་དུ། ཉན་ཐོས་རྣམས་ལ་ཉོན་མོངས་པའི་སྒྲིབ་པ་སྤོང་བའི་ཕྱིར་གང་ཟག་གི་བདག་མེད་པ་བསྟན་ཏོ། །ཞེས་སོགས་གསུངས་པ་དང་འགལ་ལོ། །ཡང་ཕ་རོལ་པོས་འཇིག་ལྟས་དྲངས་པའི་སྲེད་པ་ཡོད་པར་མི་འདོད་ཅེས་སྨྲས་པ་ལས་ངན་མཚོན་ཆ་རང་ལ་འཁོར་བ་དང་། རྒྱུས་མེད་ཀྱི་རྒྱུས་གཏམ་བྱས་པ་དང་། མཛོད་ཀྱི་ཕྲ་རྒྱས་བཤད་ཚུལ་མ་མཐོང་བའི་བབ་ཅོལ་ལོ་ཟེར་བ་ནི་དོན་མེད་པའི་བབ་ཅོལ་ཁྱེད་རང་གིས་སྨྲས་པ་སྟེ། མངོན་པ་ནས་བཤད་པ་ལྟར་གྱི་ཉོན་མོངས་ཐམས་ཅད་སྤང་བར་གྱུར་པའི་རྒྱུད་ལ་འཇིག་ལྟས་དྲངས་པའི་སྲེད་པ་མེད་པར་འདོད་པའི་ཕྱིར་རྒོལ་བ་ཅི་སྟེ་མེད། འཇིག་ལྟའི་རྒྱུ་དང་རྒྱུ་ཅན་གཉིས་ཀ་ཡིན་པའི་ཉོན་


MR14_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་བཤད་པ་དང་། རང་གི་ས་པའི་ཉོན་མོངས་ཀུན། །ཞེས་དང་། རྨོངས་ལས་ཐེ་ཚོམ་དེ་ལས་ནི། །ལོག་ལྟ་དེ་ནས་འཇིགས་ཚོགས་ལྟ། །ཞེས་སོགས་གོ་རིམ་བཤད་པ་དེ་ལྟར་ཡིན་ཀྱང་། ཁྱོད་ཀྱི་ཞེ་འདོད་ལྟར་ན་འཇིག་ལྟའི་རྒྱུར་གྱུར་བའི་ཉོན་མོངས་པ་དེ་དག་འཇིག་ལྟ་སྤངས་པས་མི་སྤོང་བར་གྲུབ་ལ། རྒྱུ་མ་སྤངས་ན་འབྲས་བུ་འཇིག་ལྟ་ཡང་མི་ལྡོག་ལ། གང་ཟག་གི་བདག་མེད་ཕྲ་བ་མཐོང་ཡང་ཉོན་མོངས་མི་ལྡོག་པར་འགྱུར་བར་ཐལ་བས། རང་གིས་ཀྱང་བདག་མེད་ཕྲ་རགས་ཕྱེ་བ་སོགས་དོན་མེད་དུ་འགྱུར་རོ། །འཁོར་གསུམ་དུ་དམིགས་པའི་ཀུན་རྨོངས་རྣམས་ལའང་མདོ་དང་བསྟན་བཅོས་རྣམས་སུ་ཉོན་མོངས་པའི་མིང་གིས་བསྟན་པ་ཤིན་ཏུ་མང་པོ་ཡོད་ཀྱང་། སྐབས་འདིར་ཐར་པ་ལ་གེགས་བྱེད་པའི་ཆ་ནས་བཞག་པའི་སྒྲིབ་གཉིས་ཀྱི་ཡ་གྱལ་དུ་གྱུར་པའི་ཉོན་མོངས་རྣམས་ལྡོག་མི་ལྡོག་དཔྱད་པའི་སྐབས་ཡིན་ནོ། །རྣམ་གྲོལ་ཙམ་ཐོབ་པ་ལ་སངས་རྒྱ་དགོས་པར་སུ་ཞིག་གིས་ཁས་བླངས་པ་ཡིན། འབེན་མེད་པའི་མདའ་གང་དུ་འཕེན། གང་ཟག་གི་བདག་མེད་ཕྲ་བ་རྟོགས་པའི་ལམ་དེ་ཁོ་ན་གོམས་པས་ཉོན་མོངས་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཐོབ་པར་བདག་ཅག་གིས་འདོད་དེ། རྩ་ཤེས་ལས། ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་གསུངས་པ་བཞིན་ནོ། །རྣམ་གྲོལ་མཐར་ཐུག་ཐོབ་པ་ལ་སངས་རྒྱ་དགོས་ཏེ། རྒྱུད་བླ་མ་ལས། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་འཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་གསུངས་པ་ལྟར་རོ། །ཉན་རང་གི་ཟག་མེད་ཀྱི་ཕུང་པོ་ལྔ་དང་། མི་སློབ་པའི་ཡན་ལག་བརྒྱད་མེད་པར་ཁས་ལོངས་ལ་ཞེས་སོགས་བརྒལ་བ་ནི། དེ་ལྟར་ཁས་ལེན་དགོས་པས་


MR14_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པའི་འཕུལ་ཙམ་ནམ་མཁའི་པདྨོ་དང་མོ་གཤམ་བུ་ཡི་ཟླ་བོར་སོང་བས། འབྲེལ་མེད་ཀྱི་ཚིག་འཁྱལ་སྨྲ་བ་ལ་དགའ་བ་ནི་ངལ་བ་དོན་མེད་པས། འོག་ཏུ་འཁོར་བ་དབྱིངས་སྒྲོལ་གྱི་སྙིང་པོར་བགྲང་བར་བསྐུལ་པ་ལྟར། ཁྱེད་རང་གིས་ཀྱང་དོན་དེ་ཉམས་སུ་བསྟར་ན་ལེགས་པར་མངོན་ལ། བྱང་སེམས་ཀྱི་སྡོམ་པའི་སྐ་རགས་འགྲོལ་ཚུལ་ཐུགས་ལ་མངའ་བ་བཞིན། གོང་དུ་ཉིད་རང་གིས་བཀྲོལ་ཟིན་པ་ལགས་པས། ཡལ་འདབ་ལྔ་པའི་ལྕུག་ཕྲན་རྒྱབ་ཏུ་བསྣོལ་ལམ་མ་བསྣོལ་ཀྱང་ཆོག་ལ། སེམས་ཅན་ཞེས་བྱ་བའི་སངས་རྒྱས་སྔོན་མེད་རང་བློས་བསྐྲུན་པ་དེ་དག་གི་གྲྭལ་དུ་བཞུགས་ནས། རྟེན་འབྱུང་གི་སྣང་བ་ལས་ཡན་གར་དུ་གྱུར་པའི་བདེན་སྟོང་ནམ་མཁའི་པདྨོར་ལོངས་སྤྱད་དེ་ངེས་པ་ལྔ་ལྡན་གྱི་སེམས་ཅན་དུ་བཞུགས་ཤིག །ཉན་ཐོས་སྡེ་པས། སྟོན་པས་དུཿཁ་མྱོང་བར་འདོད་པ་ནི་ལོག་རྟོག་ཡིན་ལ། ལྷག་བཅས་དགྲ་བཅོམ་རྣམས་ལ་ལུས་ཀྱི་དུཿཁ་མི་སྲིད་པར་གཞུང་རྣམས་སུ་མ་བཤད་ཅིང་སེམས་མ་འགག་པས། གསུམ་འདུས་པའི་རེག་པ་ལས་བྱུང་བའི་ཚོར་བ་མེད་པར་སྒྲུབ་པའི་རིགས་པ་མེད་ལ། སངས་རྒྱས་ནི་ཚོགས་བརྒྱད་གནས་གྱུར་པའི་ཡེ་ཤེས་ལྔ་ཡི་རང་བཞིན་གྱི་སྐུ་ཆོས་ཀྱི་དབྱིངས་ལས་རྟག་ཏུ་གཡོ་བ་མེད་པས་ཚོར་བ་རང་མཚན་པ་མེད་པར་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་བདག་ཉིད་ཅན་ཏེ། མདོར་ན་ཐ་མལ་རང་རྒྱུད་ཀྱི་ཕུང་པོ་ལྟ་བུ་མ་ཡིན་པར་ཟག་མེད་ཀྱི་ཕུང་པོ་ལྔ་མཐར་ཐུག་པའི་རང་བཞིན་ཡིན་པས། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ་ཞེས་སོགས་གསུངས་པ་ལྟར་ཤེས་དགོས་ཀྱི། ཉན་ཐོས་སྡེ་པས་ཞེ་འདོད་དང་མཐུན་པར་ཐ་མལ་པའི་ཕུང་པོ་ལྔ་དང་ལྡན་པའི་སེམས་ཅན་གྱི་གྲལ་དུ་མར་བཞག་ནས་གང་ཟག་རང་རྒྱུད་པ་གཅིག་ཏུ་འཛིན་པ་དེ་དག་ཐེག་པ་ཆེན་པོའི་དོན་ལས་ཕྱིན་ཅི་ལོག་ཏུ་འགྱུར་བས་ན། བདག་ཅག་རྣམས་ཀྱིས་སངས་རྒྱས་ནི་སེམས་གནས་གྱུར་


MR14_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་ཀྱི་རང་བཞིན་དུ་འདོད་པས་ན། ཐ་སྙད་དུ་ས་བོན་མྱུ་གུར་གནས་གྱུར་པའི་ཚེ་ན་ས་བོན་འགག་པར་ཁས་ལེན་དགོས་ཀྱི། ས་བོན་ད་དུང་མ་འགག་ཅེས་སུས་ཀྱང་མི་སྨྲ་བ་ལྟར། སེམས་འགག་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་ཅེས་འདོད་པས། སྟོན་པས་རྣམ་གྲོལ་མ་ཐོབ་ཅེས་སྨྲ་བ་ལྟ་ཅི། བསམ་པ་ཙམ་ཡང་མི་བསྐྱེད་དོ། །ཁྱོད་ཀྱིས་ནི་སེམས་མ་འགག་པ་གང་ཟག་ཕལ་པ་རྣམས་དང་མཚུངས་པར་ཁས་ལེན་པས་སེང་ལྡེང་གི་ཚལ་པ་ཟུག་པ་སོགས་ལ་གསུམ་འདུས་པའི་རེག་པ་ལས་བྱུང་བའི་དུཿཁ་ཡོད་པ་ཉན་ཐོས་སྡེ་པ་དང་མཐུན་པར་ཁས་ལོངས་ལ་རྣམ་གྲོལ་མ་ཐོབ་ཅེས་སྨྲ་སྤོབས་ན་སྨྲོས་ཤིག དོན་དམ་བདེན་པ་མཐོང་བས་གྲོལ་བ་ལ་ཤེར་འབྱུང་གི་ལུང་གིས་སྒྲུབ་ཅི་དགོས་ཏེ། རྒྱལ་པའི་བཀའ་དང་ཤིང་རྟ་ཆེན་པོའི་གཞུང་རྣམས་ཀྱི་དོན་བཞིན་རིགས་པས་གྲུབ་ཟིན་པའི་ཕྱིར་ཡང་སྒྲུབ་མི་དགོས་སོ། །བདག་ཅག་ལ་རྒོལ་བའི་རེ་ཐག་ཆད་པར་ཁྱེད་ཀྱིས་ཐུགས་སྨོན་མཛད་རུང་རྒོལ་བའི་རེ་ཐག་ཆོད་པ་ཞིག་གིས་བརྒལ་བ་མི་སྲིད་མོད་ཀྱང་། བརྒལ་བ་ལ་དོན་ཆུང་བར་ཤེས་ནས་བཏང་སྙོམས་སུ་བྱེད་པར་འདོད་ན་ཡང་། སྟོབས་ལྡན་འོ་མ་བསྲུབས་པའི་ངང་ཚུལ་མི་འདོར་བའི་དཔེ་བཞིན་དུ་སོང་ཡང་ཚུར་དེ་ཉིད་ཞེན་ཕོ་རུས་ཙམ་གྱིས་མ་ཡིན་པར་རྩོད་པའི་ཚིག་འདི་འདྲ་མཐོང་ཚེ་རྒོལ་བའི་རེ་ཐག་ཆད་པ་ཕར་ཞོག །ལན་གྱི་སྨྲ་བ་མང་པོ་ལ་རང་གིས་སྤྲོ་བ་སྐྱེད་པའི་རྒྱུ་བྱེད་པར་འདུག་ཀྱང་སྐབས་དོན་ཙམ་ཞིག་མདོར་བསྡུས་ནས་སྨྲས་པའོ། །ཡང་ཊཱི་ཀར། ཁྱད་པར་གང་ཡང་མ་སྦྱར་བར་སྤྱིར་ཉོན་མོངས་ཅན་མིན་ཡང་ཞེས་རྩ་བར་བཤད་ཟེར་མོད། ཚིག་གི་འབྲུ་མ་བསྣན་པར་འགྲེལ་པ་བྱེད་པའི་བཅའ་ཁྲིམས་དེ་ཁྱོད་ཀྱིས་ཀྱང་བརྒལ་ལ་རང་ཚིག་ཀྱང་སུན་ཕྱུངས་མོད། ཁྱོད་ཀྱིས་དགྲ་བཅོམ་པའི་རྒྱུད་ཀྱི་སྲེད་པ་འདི་ངར་འཛིན་གྱིས་བསྐྱེད་པའི་ཉོན་མོངས་ཅན་མིན་ཡང་ཞེས་ཅི་ལ་སྦྱར། རིགས་པའི་རྒྱལ་པོས། དེས་ན་ངན་པའི་མུན་པས་ཁྱབ། །ཅེས་གསུངས་པ་


MR14_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནའོ། །དགྲ་བཅོམ་དམིགས་ཀྱིས་བཀར་བས་དེ་མ་ཐོབ་པའི་རྒྱུད་ཀྱི་སྲེད་པ་ཞིག་ཐོན་ཞིང་། དེ་ལ་ངར་འཛིན་གྱིས་མ་བསྐྱེད་པ་ཞིག་ཡོད་པའང་ཚིག་འོག་མས་ཤེས་པའི་ཕྱིར། དེ་ལྟར་འགལ་མོད། ད་དུང་ངོ་ཚ་བོར་ཏེ་སྨྲས་པ། སྲེད་པ་ཉོན་མོངས་ཅན་མིན་པ་ཞིག་ཡོད་པར་བསྟན་གྱི་ཉོན་མོངས་ཅན་གྱི་སྲེད་པ་ཞིག་ཡོད་པ་ཅི་ལ་སྟོན་ཏེ། ཚིག་དོན་ལ་མ་ཞུགས་པའི་ཕྱིར། དེའང་དོགས་སེལ་དང་དཔེ་སྔོན་དུ་སོང་ནས་ཅི་སྟེ་མེད་ཅེས་པའི་དམ་བཅའི་ཚིག་ཙམ་ཞིག་བསྟན་གྱི། ཡོད་རྒྱུ་ཅི་ཞིག་ཡིན་དང་ཡོད་པའི་གཏན་ཚིགས་གཉིས་ཀ་ཉམས་པའི་ངག་འབྲེལ་མེད་དེ་འདྲ་སློབ་དཔོན་བདག་ཉིད་ཆེན་པོའི་གསུང་ལས་འབྱུང་བ་གནས་མེད་ཅིང་གོ་སྐབས་མེད་དོ། །ཞེས་གཏིང་ནས་ཞེ་སྡང་གིས་ཡིད་དཀྲུགས་པའི་རྦ་རླབས་འཕྱུར་ཏེ། འདྲེན་བྱེད་དམར་ཧྲིག་གེ་ཕྱོགས་སུ་གཡོ་ཞིང་རྐང་པས་བྲོ་བརྡུང་བའི་སྨྲེ་སྔགས་ཀྱི་རྒྱང་འབོད་བྱེད་ཅིང་། ཁོ་བོ་ཅག་བག་ཚ་བ་མེད་པར་ཀྱེ་མ་ཞེ་སྡང་མི་བཟད་པའི་གདོན་གྱིས་བརླམས་པ་འདི་ལ། བཅོམ་ལྡན་འདས་ཀྱི་བཀའ་བཞིན་གྲུབ་མཐའ་རིས་མེད་ཀྱི་དགེ་འདུན་གྲངས་ཚང་བ་བསྡུས་ཏེ་སྨྱོས་པའི་གནང་བ་སྦྱིན་པ་ལ་བརྩོན་པར་གྱུར་ཏོ། །དེ་ལྟ་ནའང་བསྙོན་དོར་གྱི་རྒྱན་ལྟ་བུར་མོས་པས་བརྟག་པར་བྱ་སྟེ། ཕ་རོལ་པོས་ཁོ་རང་ལ་གྲགས་པའི་ཉོན་མོངས་སྲེད་པ་མེད་ཅེས་པ་ལ། སྲེད་འདི་ཞེས་བཀར་ཏེ་ཁྱོད་ཀྱིས་འདོད་པའི་ཉོན་མོངས་ཅན་མིན་ཡང་། ཀུན་རྨོངས་བཞིན་ཞེས་ཕ་རོལ་པོ་ལ་གྲགས་པའི་དཔེ་བསྟན་པའི་ཕྱིར། འདིར་ཕ་རོལ་པོས་མེད་ཟེར་རྒྱུའི་སྲེད་པ་ཞིག་བསྟན་ལ། འདི་ཞེས་པའི་ཉེ་ཚིག་གི་ཟླས་དྲངས་པའི་སྲེད་པ། ཁོའི་འདོད་པ་ལྟར་གྱི་ཉོན་མོངས་ཅན་མ་ཡིན་པར་ཡང་བསྟན་པས་ལུགས་གཉིས་ཀྱི་ཉོན་མོངས་ཕྲ་རགས་ཀྱི་རྣམ་དབྱེ་ལ་མཁས་དགོས་པར་གསུངས་ལ། དངོས་ཤུགས་ཀྱི་བརྗོད་བྱ་གཙོ་ཕལ་བཅས་གཞུང་སྤྱི་ལ་གྲགས་ཤིང་། དངོས་དང་ཞེན་པའི་བརྗོད་བྱ་རྗོད་བྱེད་གཞན་སེལ་སྐབས་སོགས་ཀྱིས་འགྲུབ་པའི་ཕྱིར་རོ། །ཡང་སྒྲས་ཀྱང་དོན་སྔ་མ་དང་


MR14_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མའི་དཔེ་ཡང་བསྡུས་ལ་འགྲེལ་པའང་སྔར་དྲངས་པ་ལྟར་ལ། གཞན་དུ་ན། སྲེད་པ་ཉོན་མོངས་ཅན་མིན་ཏེ། ཞེས་སྨྲས་པས་གྲུབ་བོ། །དེའི་ཕྱིར་ཡང་སྒྲས་དཔེ་དོན་གཉིས་ཀ་ལ་གཉིས་རེ་འབྱེད་པར་འཕངས་སོ། །སྲེད་པ་ལ་ཉོན་མོངས་ཅན་མིན་པ་ཡོད་ན་ང་རྒྱལ་ལའང་དེ་ཁས་ལོངས་ཤིག འཕགས་པས། དང་པོ་བརྒྱད་པ་དགུ་ཉོན་མོངས། །ཞེས་དང་། སྲེད་དང་བྲལ་ལ་འབྱུང་བ་མེད། །ཅེས་དང་། རྣམ་འགྲེལ་དུ། སྲིད་པའི་སྲེད་ལས་རྣམ་བརྒལ་བས། །ཞེས་ཀྱང་གསུངས་མོད། རྒྱ་བོད་སུ་དང་ཡང་མི་བསྟུན་པར་རྒྱ་མིན་བོད་མིན་གྱི་པི་ཤཱ་རྩིའི་གདམས་ངག་ལོངས་ལ་ཐུན་དང་ཐུན་གསེང་ཀུན་ཏུ་སྒྲུབ་པ་སྙིང་པོར་མཛོད་ཅིག ཉན་ཐོས་སྡེ་གཉིས་ཀྱིས་གོང་མ་ལྟར་བརྒྱད་པ་སྲེད་པ་ལས་ལ་གསོས་འདེབས་བྱེད་དུ་མི་འདོད་ཅིང་རྩ་བར་ཉེར་ལེན་སྨོས་ལ་བྱེ་སྨྲས་སྲེད་པ་འཁོར་རྩར་འདོད་པར་ཡང་གསུངས་པས་དཔྱད་བྱ་མང་ཡང་རེ་ཞིག་བཞག་གོ། །འདིར་སྟོང་ཉིད་རྟོགས་དགོས་པར་སྒྲུབ་པ་སྐབས་སུ་བབས་པས། དེའི་ལྡོག་ཕྱོགས་ཉོན་མོངས་དང་། དེའི་དབང་གིས་བསགས་པའི་ལས་དང་འབྲས་བུ་སྐྱེ་སྲིད་འབྱུང་བའི་ཚུལ་དཔྱད་པ་འབྲེལ་ལ། མོའུ་འགལ་གྱི་ལས་དེ་ལྟ་བུ་ལ་སྲེད་པའང་མི་དགོས་པས་ཁྱོད་ལྟར་ན་སྲེད་པ་མེད་ཀྱང་རུང་ཞེས་ལན་གདབ་རིགས་པའི་ཕྱིར། ཀུན་ཉོན་ཕྱོགས་ཀྱི་ཡན་ལག་གཞིར་བཞག་ནས་དཔྱད་སྐབས་གློ་བུར་དུ་ཤེས་སྒྲིབ་ཕྱོགས་ཀྱི་ཡན་ལག་དང་བསྲེས་ཏེ། ཉན་རང་གིས་བྱང་ཆུབ་ཐོབ་པ་ལ་སྟོང་ཉིད་མངོན་སུམ་རྟོགས་དགོས་པར་བཤད་པའི་གཞུང་གི་ཕྱེད་ཕྱི་མ་སྟོང་ཉིད་རྫོགས་པར་རྟོགས་དགོས་པའི་ཚུལ་ཞིག་བཙན་ཐབས་ཀྱིས་བཏོན་ཏེ། དེ་དང་སྦྱར་བ་ནི་སྒྲ་དོན་གཉིས་ཀ་ལས་རིང་དུ་འཁྱམས་པའི་ངང་ཚུལ་གསལ་བར་བྱེད་པའོ། །ཞེས་ཟེར་བ་ལ། ལན་བརྗོད་པ། རྩ་བར་སྲེད་འདི་ཉོན་མོངས་ཅན་མིན་ཡང་ཞེས་པ་སྒྲ་ཇི་བཞིན་དུ་བཀྲལ་ཀྱང་དོན་སྟོན་བཞིན། ཁྱད་པར་གཞན་སྦྱར་ཏེ་ཀྱོག་བཤད་མི་


MR14_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པས་འབྲུ་བསྣན་མ་དགོས་ཀྱང་སྤྱིར་འགྲེལ་པ་བྱེད་པས་རྩ་བའི་ཚིག་ལ་འབྲུ་བསྣན་ནས་བཤད་པ་ལ་བཅའ་ཁྲིམས་སུས་འཇོག་སྟེ་འབྲུ་མ་བསྣན་ན་རྩ་བ་རང་གིས་ཆོག་པས་འགྲེལ་པས་ཅི་ཞིག་བྱ། འབྲུ་བསྣན་ལུགས་ལ་རྩ་བ་རང་གིས་དངོས་ཤུགས་གང་དུའང་མི་སྟོན་པ་བསྣན་ན་བཅའ་ཁྲིམས་མེད་ཀྱང་། གཞུང་རྩོམ་པ་པོའི་དགོངས་པ་ཡིན་མིན་བརྟག་པའི་གཞིར་འགྲོའོ། །དགྲ་བཅོམ་པའི་རྒྱུད་ཀྱི་སྲེད་པ་འདི་ངར་འཛིན་གྱིས་བསྐྱེད་པའི་ཉོན་མོངས་ཅན་མིན་ཡང་ཞེས་སྦྱར་བ་ནི། རྩ་བར་ཉོན་མོངས་ཅན་མིན་ཡང་ཞེས་གསུངས་པ། ཉོན་མོངས་ཅན་ཞེས་པ་ངར་འཛིན་གྱིས་བསྐྱེད་པ་ལ་གོ་བའི་སླད་དུ་འབྲུ་དེ་ལྟར་བསྣན་ཡང་གཞུང་རྩ་བའི་ཉོན་མོངས་ཅན་མིན་ཡང་ཞེས་པའི་དོན་ལས་གཞན་དུ་མ་སོང་བས། །འགྲེལ་བས་རྩ་བ་བསུབ་པའི་ཚུལ་དུ་མ་གྱུར་ཏོ། །དེས་ན་ངན་པའི་མུན་པས་ཁྱབ་པ་གང་ཡང་མེད་དོ། །དགྲ་བཅོམ་དམིགས་ཀྱིས་བཀར་ཡང་དེའི་རྒྱུད་ཀྱི་སྲེད་པ་ཉོན་མོངས་ཅན་མིན་པར་བསྟན་ན་དེ་འདྲའི་རྟོགས་པ་མ་ཐོབ་པའི་རྒྱུད་ཀྱི་སྲེད་པ་ཉོན་མོངས་ཅན་དུ་ཤུགས་ཀྱིས་ཐོན་མོད། ངར་འཛིན་གྱིས་མ་བསྐྱེད་པ་ཞིག་ཇི་ལྟར་ཐོན་ཏེ། ཉོན་མོངས་པའི་རྩ་བ་ངར་འཛིན་ཡིན་པའི་ཕྱིར་བསྙོན་འདིང་བར་ཟད་དོ། །དེས་ན་དེ་ལྟར་འགལ་མེད་ཅེས་པའི་ཚིག་ནུས་པས་སྟོང་པར་སོང་ངོ་། །ཡང་ད་དུང་ངོ་ཚ་བོར་ཏེ། སྲེད་པ་ཉོན་མོངས་ཅན་མིན་པ་ཞིག་སོགས་ནས། གནས་མེད་ཅིང་གོ་སྐབས་མེད་དོ་ཞེས་གཏིང་ནས་ཁྲོས་པའི་རྣམ་འགྱུར་སྡང་མིག་དམར་པོར་གཡོ་ཞིང་རྐང་བྲོ་བརྡུང་བ་སོགས་ཟེར་བ། འཇིག་རྟེན་པས་རང་དཔེ་རོགས་བཀབ་ཟེར་བ་ལྟར་སོང་སྟེ། གཞན་ལ་གཤེ་བའི་ཁྲོས་ཚིག་མངོན་དུ་འབྱིན་པ་ཡོད་ན། རྟགས་དེ་ལས་ཁྲོས་པའི་རྣམ་འགྱུར་རྗེས་སུ་དཔོགས་མོད་ཀྱི། འདིར་གཞུང་རྩ་བའི་འབྲེལ་དང་ཚིག་ནུས་ཙམ་ལ་དཔྱད་ནས་གནས་མེད་ཅིང་སྐབས་


MR14_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅེས་བརྗོད་པ་ཙམ་གྱི་སྐབས་སུ་ཁོ་བོ་ཅག་ནི་དེ་ལྟར་ཁྲོས་པར་མ་གྱུར་པ། ངེད་ཅག་ལ་རང་རིག་ཡོད་པས་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་འདིས་ངེས་ནུས་སོ། །གཏིང་ནས་ཁྲོས་ཤིང་ཁྲོས་ཚིག་སྨྲ་ན་རང་མཚང་དུ་མངོན་པའི་ཕྱིར། རིགས་པ་སྨྲ་བ་དག་གིས། རིགས་པའི་དཔྱད་པ་གཙོ་བོར་བྱས་ནས་ལེགས་པར་རྗོད་པར་བྱེད་ཀྱི་ཁྲོས་ཚིག་མི་སྨྲ་སྟེ། གཞན་སེམས་རྗེས་སུ་བསྲུང་ཞིང་སྨྲ་བ་མཁས་པའི་ཚུལ་ཡིན་པའི་ཕྱིར་རོ། །སོ་སོའི་ལུགས་དང་མི་མཐུན་པར་སྨྲས་པ་ཙམ་ལ་བློ་ལྡན་སུ་ཞིག་ཁྲོ་རིགས་ཏེ། སློབ་དཔོན་ཆེན་པོ་ཆོས་གྲགས་དང་ཟླ་གྲགས་དབྱིག་གཉེན་སོགས་ཀྱི་གསུང་རྣམས་ལའང་བརྒལ་བ་དག་ཀྱང་མཐོང་སྟེ། རིན་འབྱུང་ཞབས་ཀྱི་རྗེས་འབྲངས་ཁ་ཅིག་གིས། ཟླ་གྲགས་ལ་སོགས་རྟོག་གེ་ངན་འཇོམས་ཐོ་བ་ཡིན། །ཞེས་སོགས་དང་། ཐལ་འགྱུར་བའི་ལུགས་འཛིན་པ་འགས། ཆོས་གྲགས་རྗེས་འབྲངས་དང་བཅས་པ་ཞེས་ཕྱོགས་སྔར་བཀོད་པ་དང་། ཨ་བྷཱ་ཡས། ཞི་འཚོ་རྗེས་འབྲངས་དང་བཅས་པ་ཞེས་བཀག་པ་སོགས་རྒྱ་གཞུང་ཆེན་པོ་རྣམས་སུའང་དེ་འདྲའི་རིགས་མང་ལ།བོད་དུའང་དེ་འདྲ་ཡོད་པ་སྨོས་མ་དགོས་ཏེ། ཁྱེད་ཅག་གི་ཕྱོགས་འཛིན་པ་ཐམས་ཅད་ཀྱིས་ཀྱང་བོད་སྔ་རབས་པའི་ལྟ་བ་ཐམས་ཅད་ཧ་ཤང་གི་ལྟ་བ་ཡིན་པ་དང་། ཆད་ལྟ་ཡིན་པ་དང་། སངས་རྒྱས་ཀྱི་བཀའ་མིན་ལ། ཐར་པའི་ལམ་མིན་ཞེས་དངོས་སུ་གཤེ་ཡང་འདི་ན་སུ་དག་མིག་དམར་པོར་གྱུར་ནས་རྐང་བྲོ་བརྡུང་ཞིང་ཁྲོ་ཚིག་སྨྲ་བ་གཅིག་ཀྱང་མ་མཐོང་སྟེ། སྐྱེ་བོ་རྣམས་ཀྱི་བློའི་འཆར་སྒོ་དགག་ཏུ་མེད་པ་སྣ་ཚོགས་ལ་སེམས་ཤེས་སུ་ཞིག་ཁྲོ་སྟེ་ཁྲོ་བ་དོན་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་གཞན་པ་དག་གིས་རིགས་པའི་ལམ་གྱིས་དགག་པ་བརྗོད་པ་ཉིད་གནོད་པ་ཡང་དག་ཏུ་སོང་ན་ཁྲོ་བར་མི་རིགས་ཏེ། རིགས་པའི་དབང་ཕྱུག་གིས་རྣམ་འགྲེལ་དུ། གཏན་ཚིགས་བརྗོད་དམ་མ་བརྗོད་ཀྱང་། །འགལ་ན་རྒོལ་བས་འདིར་ཅི་བྱས། །དེས་བརྗོད་ཉེས་པས་བསྟན་


MR14_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ལ། །གནོད་བྱེད་དུ་ནི་དེ་སྐྱེས་མིན། །གནོད་བྱེད་བརྗོད་ཕྱིར་སྐྱོན་ཅེ་ན། །གལ་ཏེ་མ་བརྗོད་ན་དེ་ཅི། །གནོད་པ་མིན་ནམ་མི་རིགས་བྱེད། །མིན་ཏེ་ཅིས་ན་སྐྱོན་ཅན་ཡིན། །ཞེས་གསུངས་པ་ལྟར་ངེས་ལ། གཞན་གྱིས་བརྗོད་པ་དེ་དག་རིགས་པའི་ལམ་གྱིས་སུན་ཕྱུང་ནུས་ན་ཕ་རོལ་དེ་ཉིད་ཁ་སྐྱེངས་པའི་རྒྱུ་ཙམ་དུ་སོང་བས་རང་ཉིད་ཀྱི་ལུགས་དེ་ཇེ་དག་ཏུ་འགྲོ་བའི་རྒྱན་དུ་འགྱུར་བ་ལས་གནོད་མི་ནུས་ན་ཁྲོ་བ་སྐྱེད་དོན་མེད་དོ། །རྒོལ་བ་རྣམས་ཀྱིས་རྩོད་དང་སྐྱོན། །ཁྱོད་དང་འཕྲད་ན་འཇིག་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེས་ན་ཁོ་བོ་ཅག་བག་ཚ་བ་མེད་པར་ཕྱོགས་བཞིའི་དགེ་འདུན་གྲངས་ཚང་བསྡུས་ཏེ་ཕྱོགས་སྔ་སྨྲ་བ་པོ་ལ་སྨྱོས་པའི་གནང་བ་སྦྱིན་ནོ་ཞེས་གསུངས་ཀྱང་། ཚིག་གི་འཐེན་རྩོད་ཙམ་ལ་ལེགས་ཉེས་ཆེན་པོ་མེད་པས་བག་ཚ་བ་ཅི་ལ་མངའ་སྟེ་འོན་ཀྱང་དེའི་ཕྱིར་ཕྱོགས་ཀྱི་དགེ་འདུན་བསྡུ་བ་སོགས་ཀྱི་ངལ་བའང་མ་དགོས་སོ། །མ་སྨྱོས་པར་ཚུལ་བཞིན་སྨྲ་བ་ལ་ཐོ་ཅོས་སྨྱོས་པའི་གནང་བ་སྦྱིན་པ་དེ་ཉིད་དོན་གྱིས་སྨྱོས་པར་གནང་བ་རང་གིར་བྱས་སོང་ངོ་། །དེ་ལྟ་ནའང་བསྙོན་དོར་གྱི་རྒྱན་ལྟ་བུར་མོས་པས་བརྟག་པར་བྱ་སྟེ། ཞེས་སོགས་སྨོས་པ་ནི་ངེས་པར་བསྙོན་དོར་གྱི་རྒྱན་ལྟ་བུར་བབ་ཅོལ་དུ་སོང་སྟེ། ཕ་རོལ་ལ་གྲགས་པའི་ཉོན་མོངས་སྲེད་པ་མེད་ཅེས་པ་ལ་སྲེད་འདི་ཞེས་བཀར་ཏེ་ཁྱོད་ཀྱིས་འདོད་པའི་ཉོན་མོངས་ཅན་མིན་ཡང་། ཀུན་རྨོངས་བཞིན་ཞེས་ཕ་རོལ་ལ་གྲགས་པའི་དཔེ་བསྟན་པའི་ཕྱིར། འདིར་ཕ་རོལ་པོས་མེད་ཟེར་རྒྱུའི་སྲེད་པ་ཞིག་བསྟན་ལ། འདི་ཞེས་ཉེ་ཚིག་གིས་ཟླས་དྲངས་པའི་སྲེད་པ། ཁོའི་འདོད་པ་ལྟར་གྱི་ཉོན་མོངས་ཅན་ཡིན་པར་ཡང་བསྟན་པས། ལུགས་གཉིས་ཀྱི་ཉོན་མོངས་ཕྲ་རགས་ལ་མཁས་དགོས་པ་དང་། བརྗོད་བྱ་གཙོ་ཕལ། དངོས་དང་ཞེན་པའི་བརྗོད་བྱ་རྗོད་བྱེད་གཞན་སེལ་སྐབས་སོགས་ཀྱིས་གྲུབ་པའི་ཕྱིར་རོ་ཞེས་པ་འདི་ལ་


MR14_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གོ་རྒྱུ་ཅི་ཞིག་ཡོད་ན། སྲེད་འདི་ཞེས་བཀར་ཏེ་ཁྱོད་ཀྱི་འདོད་པ་ལྟར་མངོན་པ་ནས་བཤད་པའི་ཉོན་མོངས་ཅན་མིན་ཡང་། ཕ་རོལ་ལ་གྲགས་པའི་དཔེ་ཀུན་རྨོངས་ཡོད་པ་བཞིན་དུ། ངར་འཛིན་ཕྲ་མོས་དྲང་བའི་སྲེད་པ་ཅི་སྟེ་མེད་ཅེས་སྔར་བརྗོད་པ་དེ་ལས་ཁྱད་པར་ཅི་ཡང་མེད་པའི་ཁ་ཁྲལ་འཇལ་བ་ཙམ་དུ་ཟད་ལ། ཡང་སྲེད་འདི་ཞེས་པའི་ཉེ་ཚིག་གིས་ཟླས་དྲངས་པའི་སྲེད་པ། ཕྱིར་རྒོལ་བའི་འདོད་པ་ལྟར་གྱི་ཉོན་མོངས་ཅན་ཡིན་པར་ཡང་བསྟན་པས་ཞེས་སྨོས་པ་ཕྱིར་རྒོལ་གྱི་འདོད་པ་ལྟར་གྱི་ཉོན་མོངས་ཅན་ཡིན་པ་དང་མིན་པ་གཉིས་ཀ་ཡིན་ཟེར་བ་འདི་སྤར་མར་འདུག་པས་ཚིག་ཆད་པ་འདྲ་མིན་ན་དངོས་སུ་བསྙོན་དོར་གྱི་གཏམ་ཡ་མཚན་པ་དངོས་སོ། །སྤྱིར་བརྗོད་བྱ་ལ་གཙོ་ཕལ་དང་། སྒྲའི་དངོས་དང་ཞེན་པའི་བརྗོད་བྱ་རྗོད་བྱེད་ཀྱི་མུ་བཞི་དང་། སྒྲ་དང་དོན་གྱི་རྣམ་བཅད་ཀྱི་གཞན་སེལ་གྱི་རྣམ་གཞག་ཁོང་དུ་ཆུད་ནས་འཆད་དགོས་པ་ནི་བདེན་ཀྱང་། སྐབས་འདི་ལ་གཙོ་ཕལ་དང་། དངོས་དང་ཞེན་པ་གཞན་སེལ་གྱི་དབང་གིས་ཤན་ཕྱེད་རྒྱུ་ཅི་ཡང་མེད་པས་དོན་མེད་ཁ་གཡམ་འབྲས་བུས་དབེན་པ་བསྙོན་དོར་གྱི་རྒྱན་ཏེ། ཚིག་རླུང་ལ་བསྐུར་བ། མཛོད་ལས། གཡོ་སྒྱུ་ཚངས་པས་འདྲིད་ཕྱིར་རོ། །ཞེས་གསུངས་པའི་དོན་ལྟར་སོང་ངོ་། །ཡང་འདི་སྐད་དུ། ཡང་སྒྲས་དོན་སྔ་མ་དང་ཕྱི་མའི་དཔེ་ཡང་བསྡུས་ལ་འགྲེལ་པའང་སྔར་དྲངས་པ་ལྟར་ལ། གཞན་དུ་ན་སྲེད་པ་ཉོན་མོངས་ཅན་མིན་ཏེ་ཞེས་པས་གྲུབ་བོ། །དེའི་ཕྱིར་ཡང་དཔེ་དོན་གཉིས་ཀ་ལ་གཉིས་རེ་འབྱེད་པར་འཕངས་སོ། །ཞེས་སྐབས་འདིར་ཇི་བཞིན་འཆད་དཀའ་བའི་གནོང་གིས་ཡང་སྒྲ་མང་པོ་འཐུག་གེ་བ་བརྩེགས་པ་འདི་ཚིག་རྒྱན་གྱི་ཉམས་ལ་མཁས་པའི་ཁྱད་ཆོས་འདྲ་ཡིན་ལས་ཆེ་སྟེ། གོ་རྒྱུ་ནི་ཡོད་རྒྱུ་མེད་རྒྱུའི་ཉོན་མོངས་གཉིས་སུ་འབྱེད་པ་སྔར་གྱི་དེ་ལས་ལྷག་པོ་ཅི་ཡང་མ་ཐོན་ལ། དཔེ་ནི་ཡོད་པའི་དཔེ་ཀུན་རྨོངས་ལས། །མེད་པའི་དཔེ་ཅི་ལྟར་འཕངས། །ཡང་སྲེད་པ་ལ་ཉོན་མོངས་


MR14_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མིན་པ་ཡོད་ན་ང་རྒྱལ་ལ་ཡང་དེ་ཡོད་པར་ཁས་ལོངས་ཤིག་ཅེས་པ། ཉོན་མོངས་ཅན་མིན་པའི་སྲེད་པ་ཡོད་ན་ང་རྒྱལ་ཀྱང་ཡོད་དགོས་པའི་འཐད་པ་བསྟན་པར་རིགས་སོ། །འཕགས་པས། དང་པོ་བརྒྱད་པ་སོགས་ནས་རེ་ཞིག་བཞག་གོའི་བར་ལ་དཔྱད་དགོས་པ་ཆེར་མི་སྣང་ལ། རྒྱ་མིན་བོད་མིན་པི་ཤཱ་ཙིའི་གདམས་ངག་ཅེས་པ་དང་། སྔར་སྟོན་པ་སུ་ཡིན་ཡང་བརྟག་དགོས་པར་སྣང་ངོ་ཞེས་པ་རྣམས་སྐབས་སུ་མཁོ་བའི་ཚིག་ཏུ་སྣང་ངོ་། །འདིར་སྟོང་ཉིད་རྟོགས་དགོས་པར་སྒྲུབ་སྐབས་སུ། དེའི་ལྡོག་ཕྱོགས་རྒྱུ་ལས་ཉོན་དང་འབྲས་བུ་སྐྱེ་སྲིད་འབྱུང་ཚུལ་དཔྱད་པ་འབྲེལ་ཟེར་ཀྱང་། དེ་འབྲེལ་བའི་ཕྱིར་སྔར་གཞུང་རྩ་བར་རྒྱས་པར་དཔྱད་ཟིན་ཏོ། །མོའུ་འགལ་གྱི་ལས་དེ་ལྟ་བུ་ལ་སྲེད་པའང་མི་དགོས་པས་ཁྱོད་ལྟར་ན་སྲེད་པ་མེད་ཀྱང་རུང་ཞེས་ལན་གདབ་རིགས་པའི་ཕྱིར་ཟེར་ནི། དགྲ་བཅོམ་ཐོབ་ཟིན་ནས་སྲེད་པས་གསོས་འདེབས་དགོས་པ་མ་ཡིན་གྱི། སྐུ་ཚེ་དེའི་ལུས་འཕེན་བྱེད་ཀྱི་སྲེད་པས་སྔར་གསོས་བཏབ་པའི་རྟེན་དེ་ལ་རྫོགས་བྱེད་ཀྱི་ལས་སྨིན་པ་ཡང་སྔར་སྲེད་པས་གསོས་མ་བཏབ་པར་མི་འགྱུར་ཏེ། འགྱུར་ན་སེམས་ཅན་ཐམས་ཅད་ཀྱི་རྫོགས་བྱེད་ཀྱི་ལས་ཐམས་ཅད་ཀྱང་ད་ལྟའི་སྲེད་པ་ཁོ་ནས་གསོ་བ་མིན་པས། སྲེད་པ་ནི་དུས་དང་ས་དང་དངོས་པོ་ཐམས་ཅད་ཡོངས་སུ་ཚོལ་བ་ཞེས་སྲིད་པའི་རྒྱུར་བཤད་པ་དང་། །སྲིད་པའི་སྲེད་ལས་སོགས་ཀྱི་དོན་དང་། ལས་ནི་ཤུན་བཅས་འབྲས་དང་འདྲ། །ཞེས་དང་། སྲེད་པས་གསོས་མ་བཏབ་ན་ལས་ཀྱིས་འབྲས་བུ་མི་འབྱིན་པར་གསུངས་ན་ཡང་། ཁྱེད་ཀྱིས་གསུངས་པ་ལྟར་ན། ལས་ཕལ་མོ་ཆེ་ཞིག་སྲེད་པས་གསོས་འདེབས་མི་དགོས་པར་ཐལ་བ་སོགས་དཔྱད་བྱ་མང་ཡང་བཞག་གོ། དེས་ན་སྲེད་པ་མེད་ཀྱང་རུང་ཞེས་ལན་གདབ་མི་རིགས་ལ། ད་ལྟའི་སྲེད་པ་མེད་ཀྱང་རུང་ཞེས་སྦྱར་ན་མི་རུང་བ་མེད་མོད་སྦྱར་དགོས་པའི་གལ་འགག་གང་ཡང་མི་སྣང་ངོ་། །ཉོན་མོངས་མེད་


MR14_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ལས་ཀྱི་ནུས་པ་མཐོང་བར་བཤད་པ་མོའུ་འགལ་གྱི་བུ་ལྟ་བུ་ལ་སྦྱར་ན་བདེ་ཡི། ཉོན་མོངས་ཡོད་པ་ཞིག་ལ་ལས་ཀྱི་ནུས་པ་མཐོང་བ་ནི་གྲུབ་ཟིན་བསྒྲུབ་པར་འགྱུར་རོ། །སྔ་མའི་ལན་དུ། རེ་ཞིག་ཅེས་དང་། ཡང་སྲིད་ཉེར་ལེན་གྱི་སྲེད་པ་མེད་ཅེས་བརྗོད་པའང་མོའུ་འགལ་གྱི་བུ་ལྟ་བུ་ལ་འབྱོར་གྱི། ཁྱེད་ལྟར་ན་བདག་མེད་ཕྲ་བ་མ་རྟོགས་པའི་ཉོན་མོངས་ཅན་ཡིན་པར་ནི། སྲེད་འདི་ཉོན་མོངས་ཅན་མིན་ཡང་ཞེས་པའི་སྐབས་སུ་བསྒྲུབས་ཟིན་པས། དེ་ལྟར་བདག་འཛིན་ཕྲ་བ་མ་སྤང་བར་བསྒྲུབ་པ་ལ་ལན་འདེབས་པ་བཞན་ནས། རེ་ཞིག་སྲིད་པ་ཉེར་ལེན་གྱི་སྲེད་པ་མེད་ཅེས་ལན་འདེབས་མི་རིགས་ཏེ། འཁོར་རྒྱུའི་སྲེད་པ་ཡོད་པར་དབུ་མ་པས་སྒྲུབ་བཞིན་པའི་སྐབས་སུ་རིགས་པའི་འཐད་པ་མ་བཀོད་པར། ཡང་སྲིད་འཕེན་བྱེད་ཀྱི་སྲེད་པ་མེད་ཅེས་ཚིག་ཙམ་ལན་དུ་སྟོན་མི་རིགས་སོ། །ཀུན་ཉོན་ཕྱོགས་ཀྱི་ཡན་ལག་བཤད་པའི་སྐབས་སུ་ཤེས་སྒྲིབ་ཕྱོགས་ཀྱི་ཡན་ལག་གློ་བུར་དུ་བཤད་པ་སྒྲ་དོན་གཉིས་ཀ་ལས་རིང་དུ་འཁྱམས་པའི་ངང་ཚུལ་དུ་གསལ་ཞེས་པའང་བརྗོད་པ་ཙམ་ལས་བརྗོད་དོན་སྟོང་སྟེ། ཀུན་ཉོན་ཕྱོགས་ཀྱི་ཡན་ལག་བཤད་ཟིན་ནས་ཤེས་སྒྲིབ་ཕྱོགས་ཀྱི་ཡན་ལག་བཤད་པའི་སྐབས་སུ་བབས་པ་རིག་བྱེད་བདག་པོས་ཀྱང་བཟློག་ཏུ་མེད་དེ། དེའི་རྗེས་སུ་ངག་གང་མདོ་སྡེ་ལ་འཇུག་སོགས་བཤད་པ་ལྟར་སྔ་མ་བཤད་ནས་ཕྱི་མ་བཤད་པ་ལ་འཇུག་པ་དགག་པའི་བཅའ་ཁྲིམས་སུས་ཀྱང་མ་བཅས་ཤིང་། སྟོང་པ་ཉིད་ལ་བརྟེན་ནས་རྣམ་གྲོལ་མཐར་ཐུག་ཐོབ་དགོས་པའི་རིགས་པ་སྔོན་དུ་བཏང་ནས། དེ་ལྟར་སྟོང་པ་ཉིད་ཕྱོགས་ལ། སུན་འབྱིན་པར་ནི་འཐད་མ་ཡིན། །ཞེས་སོགས་ཀྱིས་མཚམས་སྦྱར་ཏེ། སྟོང་ཉིད་རིགས་པས་བསྒྲུབ་པ་ཤིན་ཏུ་འབྲེལ་བ་ཡིན་ནོ། །སླར་ཡང་། རྩོད་ཡིག་གདོང་ལྔའི་སྒྲ་དབྱངས་སུ་བྲིས་པ། ཡང་འབྲེལ་མེད་འདི་འདྲར་སྨྲས་ཏེ། སྲིད་པ་ཉོན་མོངས་ཅན་མིན་པའང་ཅི་སྟེ་མེད། དེའི་ཕྱིར་རྒྱུ་ཀུན་རྨོངས་མི་ལྡོག་པས་དེའི་འབྲས་བུའི་ཆ་ཡང་མི་


MR14_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་སྟེ། འདི་ལྟར་ཚོར་བའི་རྐྱེན་གྱིས་སྲེད་པ་སྐྱེ་བ་ཡིན་ན། ཞེས་བྲིས་པའི་འང་སྒྲས་ཉོན་མོངས་ཅན་གྱི་སྲེད་པ་སྡུད་པར་སོང་སྟེ། ཉོན་མོངས་མིན་པ་ལའང་སྒྲ་སྦྱར་བའི་ཕྱིར། ཁྱོད་ཀྱི་རང་ལུགས་ངོས་ཟིན་ན་སྲིད་པའང་ཞེས་སྦྱར་ན་ཀུན་རྨོངས་བསྡུས་པར་འགྱུར་པས་ཚིག་སྦྱོར་ལ་མཁས་ཉམས་ཅི་ཡང་མེད་པ་མཐའ་བྲལ་སྟོང་ཆེན་གྱི་དབྱིངས་སུ་ཡལ་ལོ། །འདིར་བཤད་པའི་འབྲེལ་ལྟར་ན། སྲེད་པ་ཡོད་པ་དེའི་ཕྱིར་ཀུན་རྨོངས་ཡོད། དེ་ལས་ཟག་མེད་ལས། དེ་ལས་ཚོར་བ། དེ་ལས་ཡང་སྲེད་པ་ཞེས་བསྒྲུབ་པའི་འབྲེལ་བ་མ་གྲུབ་སྟེ། ཡན་ལག་དང་པོ་སོགས་ཡོད་ཀྱང་བརྒྱད་པ་སོགས་ཡོད་པའི་ངེས་པ་མེད་པའི་ཕྱིར་རོ། །ཀུན་རྨོངས་ཡོད་པའི་དཔེ། སྲེད་པ་ཡོད་པའི་རྟགས་དེས་བསྒྲུབ་བྱར་བཤད་པ་ཤིན་ཏུ་ནོར་ཏེ། དཔེ་དང་བསྒྲུབ་བྱ་གོ་ཟློག་ཏུ་སྦྱར་བའི་ཕྱིར། རྩ་བར་ཀུན་རྨོངས་དཔེར་བཀོད་པ་ལྟར་ཁྱོད་རང་གིས་ཀྱང་གོང་དུ་བྲིས་པའི་ཕྱིར། རྒྱུ་ཀུན་རྨོངས་དེའི་འབྲས་བུ་ཚོར་བ་ཟེར་ཞིང་། རྒྱུ་ཚོགས་གྲངས་ཚང་བས་བསྒྲུབ་པ་ལྟར་ན། ཀུན་རྨོངས་རྟགས་ཀྱི་ཆར་སོང་བས་དཔེར་གསུངས་པ་དང་འགལ་ལ། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བྱས་པ་བཞིན་ཞེས་འགོད་པར་ཐལ་ལོ། །དཔེ་ཀུན་རྨོངས་ཤེས་སྒྲིབ་ཕྱོགས་ཀྱིས་བསྡུས་པར་བསམས་ནས། དཔེ་ཅན་སྲེད་པའང་དེ་བཞིན་ཁྲིད་མོད། དཔེ་དོན་དེ་ལྟར་འདྲ་དགོས་ན་ཧ་ཅང་ཐལ་ལོ། །ཁྱེད་རང་བར་ནས་དུམ་བུ་ཞིག་ཁ་ཕྲལ་ཡང་། ཁོ་བོ་ཅག་གིས་དཀྱུས་ཀྱི་ལམ་མ་བཏང་བར་གོང་འོག་གི་དམིགས་བཅས་དང་། སྟོང་པ་ཉིད་དང་བྲལ་བ་དང་འགག་པ་སླར་སྐྱེ་བ་རྣམས་ཁོག་གཅིག་ཏུ་བསྒྲིགས་པ་ནི། དཔལ་ལྡན་ཟླ་བས། ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་ཞིང་། །གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས། །སྐྱེ་འགྱུར་དེ་ཡི་ངོ་བོ་རྟོགས་མེད་ཕྱིར། །ཞེས་གསུངས་པའི་དགོངས་པ་སྟེ། འདིར་དེ་ཉིད་


MR14_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

རྩལ་དུ་བཏོན་པར་སྣང་སྟེ། ཁྱོད་ཀྱི་བདེན་པ་མཐོང་བས་དེ་ཉིད་རྟོགས་པས་གོ་མི་ཆོད་པ་དང་། གཟུགས་ཚོར་བདེན་པར་དམིགས་ནས་འཇུག་པས་སླར་ཡང་སྲེད་པ་འདོད་ཆགས་འདྲེན་པ་དང་། དེའི་རྒྱུ་མཚན་དོན་དམ་པའི་ངོ་བོ་ཉིད་རྟོགས་པ་དང་བྲལ་བའི་ཕྱིར་ཞེས་པའི་ཤུགས་ཀྱིས་དོན་འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་བསྒོམ་པས་འདོད་ཆགས་སོགས་ཉོན་མོངས་ལྡོག་པ་ནི། འདིར་འོག་ཏུ། གང་ཚེ་ཚོར་པོ་འགའ་མེད་ཅིང་། །ཚོར་བའང་ཡོད་པ་མ་ཡིན་པ། །དེ་ཚེ་གནས་སྐབས་འདི་མཐོང་ནས། །སྲེད་པ་ཅི་ཕྱིར་ལྡོག་མི་འགྱུར། །ཞེས་གསུངས་པས་ཤེས་ཤིང་དེ་ལྟར་ན་བསྟོད་པ་དོན་དང་ལྡན་པར། དགག་སྒྲུབ་སྦྱོར་བ་ཀུན་ཚང་བ། །ཁྱོད་གསུང་ཐར་འདོད་ཡོངས་ཀྱི་གསོས། །ཞེས་བསྔགས་པ་ལྟར་ཁོ་བོ་ཅག་གི་ཡབ་རྗེ་འཇམ་མགོན་བླ་མའི་དགོངས་བཞེད་ཤིང་རྟ་ཆེན་པོའི་ལམ་སྲོལ་འདི་ཉིད་དངོས་སྟོབས་རིགས་པའི་རྩལ་གྱིས་ཚད་མར་གྱུར་པའི་ལུགས་མཆོག་ཏུ་ཡིད་ཆེས་པས་དྲངས་པའི་ཆེད་དུ་བརྗོད་པ་ནི། རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཡོངས་རྫོགས་པས། །མཁྱེན་རབ་རལ་གྲི་འབར་བ་ཁྱོད་ལ་གཏད། །མ་ལུས་ཆོས་མཛོད་པུསྟ་ཀཿཡང་སྟེ། །རྒྱལ་རྣམས་ཏིང་འཛིན་བཞེངས་སྙམ་རྟོགས་མ་གྱུར། །འོན་ཀྱང་ཆོས་ཟབ་གསང་བའི་སྒྱུ་འཕྲུལ་ལས། །འཇམ་དབྱངས་གཞོན་ནུ་ངུར་སྨྲིག་གར་གྱིས་རྩེན། །རྒྱལ་སྲས་དཔའ་བོ་རྡུལ་གྱི་གྲངས་སྙེད་ཀྱང་། །ཡ་མཚན་འཕྲུལ་ལ་རིངས་པས་ལྷགས་པ་བཞིན། །ཞེས་བྱ་བ་ནི་རང་བཞིན་བརྗོད་པའི་དབྱངས་ཀྱི་མཆོད་སྤྲིན་གྱི་མེ་ཏོག་གི་བླ་རེ་ཀུན་ཏུ་བྲེས་པའོ། །ཞེས་རྗོད་པར་བྱེད་དོ། །ལན་བརྗོད་པ། སྤྱིར་རྟོག་ལྡན་དོགས་པ་སྐྱེ་ནུས་ཀྱི་བརྒལ་བ་ཟབ་མོ་ཡིན་ན་ལན་ཀྱང་ཤིན་ཏུ་གསལ་པོར་སྟོན་རིགས་ཀྱི། སྐབས་ཀྱི་བརྗོད་པ་འདི་འདྲའི་རིགས་ལ་ལན་གྱི་ངལ་བ་མ་དགོས་མོད། གོང་འོག་གི་སྐབས་རྣམས་དང་མཚུངས་པར་


MR14_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་ཙམ་བརྗོད་ན། སྲེད་པ་ཉོན་མོངས་ཅན་མིན་པའང་ཞེས་པའི་འང་སྒྲས་ཉོན་མོངས་ཅན་གྱི་སྲེད་པ་བསྡུས་པར་སོང་སྟེ་ཉོན་མོངས་ཅན་མིན་པ་ལའང་སྒྲ་སྦྱར་བའི་ཕྱིར་ཞེས་པ་ནི། ཚིག་གི་དུམ་བུ་འཕྲེད་བཟུང་གོ་ལོག་སྟེ། འང་སྒྲས་ཅི་ཞིག་སྡུད་ཚིག་གྲོགས་ལ་ལྟོས་ཏེ་ཤེས་དགོས་པས་ན། ཊཱི་ཀར། དཔེར་ན་ཀུན་རྨོངས་ཏེ་ཡུལ་དུས་རྣམ་པ་བསྐལ་པའི་དངོས་པོ་མི་ཤེས་པའི་རྨོངས་པ་ཡོད་པར་འདོད་པ་བཞིན་དུ་སྲེད་པ་ཉོན་མོངས་ཅན་མིན་པའང་ཅི་སྟེ་མེད་ཅེས་སྦྱར་འདུག་པས་ན། བཤད་མ་ཐག་པའི་ཚིག་གྲོགས་ཀུན་རྨོངས་ཉིད་བསྡུས་པར་གོ་ཡི་ཉོན་མོངས་ཅན་ལ་མི་གོ་སྟེ། ཉོན་མོངས་ཅན་མ་ཡིན་པ་ཡོད་པར་བསྒྲུབ་པའི་སྐབས་ཡིན་པ་དང་། ཀུན་རྨོངས་ཡོད་པར་ཕ་རོལ་པོས་ཁས་ལེན་པ་དང་སྦྲེལ་ནས་སྟོན་པའི་སྐབས་ཀྱིས་གོ་བདེའི་ཕྱིར། ཁྱོད་ཀྱིས་རང་ལུགས་ངོས་ཟིན་ན་སྲེད་པའང་ཞེས་སྦྱར་ན་ཀུན་རྨོངས་བསྡུས་པར་གོ་རུང་ངོ་ཞེས་ཟེར་བ་ཚིག་སྦྱོར་ལ་མཁས་སོ་སྙམ་དུ་རློམ་ཡང་མ་མཁས་པའི་རྟགས་སུ་སོང་སྟེ། ཀུན་རྨོངས་ཡོད་པ་གྲུབ་ཟིན་པ་བཞིན། །སྲེད་པའང་ཞེས་སྦྱར་ན་སྲེད་པ་གྲུབ་ཟིན་ལྟ་བུར་བྱས་ནས། དེ་ཉོན་མོངས་ཅན་དུ་བསྒྲུབ་པ་ཙམ་ཞིག་གི་དོན་དུ་སོང་བས་བརྗོད་ཚུལ་མི་ལེགས་ལ། སྲེད་པ་ཉོན་མོངས་ཅན་མིན་པའང་ཞེས་བརྗོད་ན། ཉོན་མོངས་ཅན་མིན་པས་ཁྱད་པར་དུ་བྱས་པའི་སྲེད་པ་བསྒྲུབ་བྱར་འགྲོ་བས་གོ་ཐོབ་བདེ་མི་བདེ་ཡོད་པས་དེ་ལྟར་སྦྱར་བ་ལེགས་ཏེ། བསྡུ་བྱ་ཀུན་རྨོངས་ཉོན་མོངས་ཅན་མིན་པ་དང་། སྡུད་ཟླ་སྲེད་པ་ཉོན་མོངས་ཅན་མིན་པ་ཡིན་པས། སྲེད་པ་དང་ཉོན་མོངས་ཅན་མིན་པས་ཁྱད་གཞི་ཁྱད་ཆོས་གཞི་གཅིག་པའི་དོན་ལའང་སྒྲ་མི་སྦྱར་བར་ཁྱད་གཞི་ཁྱད་ཆོས་ཁ་ཕྲལ་ཏེ་བར་དུའང་སྒྲ་འཛུད་དགོས་པའི་སྡེབ་སྦྱོར་མཁས་ཉམས་དེ་འདྲ་བསྟན་ཀྱང་ངོ་མཚར་ཅི་ཡང་མི་སྣང་ངོ་། །ཡིན་པ་དང་མིན་པ་སོགས་གང་གི་མཐར་སྡུད་སྒྲ་སྦྱར་ཚད་ཀྱིས་ཅིག་ཤོས་སྡུད་དགོས་ན་ཧ་ཅང་


MR14_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་ཏེ། དཔེར་ན་གཙོ་བོ་རྟག་པ་ཡིན་པ་མེད་པ་བཞིན། སྒྲ་རྟག་པ་ཡིན་པའང་མེད་ཅེས་བརྗོད་ན། ཁྱོད་ལྟར་ན་སྒྲ་མི་རྟག་པ་ཡང་མེད་ཅེས་སྡུད་དགོས་པས་དེ་འདྲའི་ཚིག་སྦྱོར་མཁས་ཉམས་དེ་ཁོང་དུ་སྦས་ནས་ངག་ཏུ་མ་བཏོན་ན་ལེགས་སོ། །ཡང་འདིར། བཤད་པའི་འབྲེལ་ལྟར་ན་ཞེས་སོགས་སྨོས་པ་ནི། འབྲེལ་ཞེས་པ་ཅི་ལ་བསམས་ནས་ཟེར། སྲེད་འདི་ཞེས་དང་པོར་སྨོས་པ་ཙམ་གྱིས་ནི་དེ་ཡོད་པས་ཀུན་རྨོངས་ཡོད་པར་སྒྲུབ་པ་སོགས་ཁྱོད་རང་གིས་རྟོགས་བཟོས་སྦྱར་བ་འབྲེལ་མེད་ཀྱི་ངག་ལས་འདིར་གཞུང་རྩ་བའི་ཚིག་གི་གོ་རིམ་གྱི་འབྲེལ་ལྟར་བཤད་པ་ལས་ཁྱོད་ཀྱི་བརྗོད་པ་འདི་ལྟར་བཤད་པ་ཅུང་ཟད་ཀྱང་མི་སྣང་ལ། ཀུན་རྨོངས་ཡོད་ན། དེས་ཟག་མེད་ཀྱི་ལས་འདུ་བྱེད་པའི་ཆེད་དུ་སྲེད་པ་ཉོན་མོངས་ཅན་མ་ཡིན་པ་དམིགས་ཀྱིས་བཀར་ནས་བསྟན་པ་དང་། དེའི་རྒྱུ་ཚོར་བ་ཡིན་པར་གཞུང་རྩ་བས་བཤད་ཀྱི། གཞན་སུས་གསར་དུ་འབྲེལ་བསྒྲིགས་པ་མ་ཡིན་ལ། ཡན་ལག་དང་པོ་སོགས་ཡོད་ཀྱང་བརྒྱད་པ་སོགས་ཡོད་པའི་ངེས་པ་ཡོད་མེད་སྤྱིར་དཔྱད་མ་དགོས་ཏེ། ཀུན་རྨོངས་ཡོད་པ་དང་། །ཚོར་བ་ཡོད་པ་དང་། སྲེད་པ་ཡོད་པར་གྲུབ་པ་འདིས་སྐབས་ཀྱི་བསྒྲུབ་བྱ་འགྲུབ་པ་ལ་གེགས་སུ་གྱུར་པ་ཅི་ཡང་མེད་པའི་ཕྱིར་རོ། །ཀུན་རྨོངས་ཡོད་པའི་དཔེ། སྲེད་པ་ཡོད་པའི་རྟགས་དེས་བསྒྲུབ་བྱར་བཤད་པ་ཤིན་ཏུ་ནོར་ཟེར་ཡང་། ཀུན་རྨོངས་དཔེར་བྱས་ནས། ཚོར་བའི་རྟགས་ཀྱིས་སྲེད་པ་བསྒྲུབ་པར་བྱས་ཀྱི། དཔེ་དང་བསྒྲུབ་བྱ་གོ་ཟློག་ཏུ་སྦྱར་བ་མེད་ཀྱང་། འདི་སྐབས་འབྲེལ་མེད་ཅེས་བརྗོད་པའི་འཁོན་འཛིན་གྱི་རྒྱུས་ཚིག་ནུས་ལ་བརྟགས་ནས་འབྲེལ་མེད་ཅེས་པའི་ཀླན་ཀ་ཞིག་བརྗོད་རྒྱུ་ཚོར་བའི་བསམ་པ་དྲག་པོས་ཡང་ནས་ཡང་དུ་བཙལ་ཀྱང་ཐུགས་ཚིམ་ངེས་ཞིག་མ་རྙེད་ནས་འོ་བརྒྱལ་བྱུང་བས་དགོངས་པ་ཅུང་ཞིག་འཁྲུགས་པར་སྣང་སྟེ་བདེན་མེད་ཀྱི་དབྱིངས་སུ་ངལ་བསོ་བར་ཞུའོ། །ཡང་རྒྱུ་ཀུན་རྨོངས་ཀྱི་འབྲས་བུ་ཚོར་བ་ཞེས་རྒྱུ་ཚོགས་


MR14_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་ཚང་བས་སྒྲུབ་པ་ལྟར་ན། ཀུན་རྨོངས་རྟགས་ཀྱི་ཆར་སོང་བས་དཔེར་གསུང་བ་དང་འགལ་ལ། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བྱས་པ་བཞིན་ཞེས་འགོད་པར་ཐལ་ལོ་ཟེར་བ། དོན་གྱིས་ཀུན་རྨོངས་ཡོད་པའི་དབང་གིས་ཚོར་བ་དང་སྲེད་པ་བྱུང་བ་ཡིན་མོད་ཀྱི། གཞུང་རྩ་བར་ཀུན་རྨོངས་དཔེར་བྱས་པ་ཕ་རོལ་པོ་ལ་གྲུབ་ཟིན་གྱིས་དབང་གིས་ཡིན་ལ། ཀུན་རྨོངས་ཡོད་ན་དེའི་འབྲས་བུའི་ཆ་ཡང་རིམ་པས་འགྲུབ་པའི་ཕྱིར། སྦྱོར་བ་སྐོར་གཅིག་གི་དཔེར་བྱས་པ་དེ་སྐབས་དེའི་བསྒྲུབ་བྱར་མི་བྱེད་ཀྱི། སྦྱོར་བ་གཞན་དང་གཞན་དུ་སྔར་དཔེར་བཀོད་ན་ཕྱིས་བསྒྲུབ་བྱར་མི་རུང་བའི་བཅའ་ཁྲིམས་ནི་སྟོན་པས་ཀྱང་མ་མཛད་ལ། ཚངས་པ་དང་བརྒྱ་བྱིན་གྱིས་ཀྱང་བྱ་བར་མི་ནུས་སོ། །དཔེར་ན་གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་མར་མེ་བཞིན་སྒྲ་ཡང་བྱས་སོ་ཞེས་པའི་སྐབས་ན་དཔེ་མར་མེ་ལ་བྱས་ཀྱང་། གཞན་དུ། གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་སྒྲ་བཞིན། མར་མེ་ཡང་བྱས་སོ་ཞེས་བཀོད་པ་བཞིན་ནོ། །ཡང་དཔེ་ཀུན་རྨོངས་བཞིན་དུ་དཔེ་ཅན་སྲེད་པའང་ཤེས་སྒྲིབ་ཕྱོགས་ཀྱིས་བསྡུས་ཏེ། དཔེ་དཔེ་ཅན་དེ་ལྟར་འདྲ་དགོས་ན་ཧ་ཅང་ཐལ་ལོ་ཞེས་ཟེར་བ་ནི། དཔེ་དཔེ་ཅན་སྒོ་ཐམས་ཅད་ནས་འདྲ་དགོས་ན་ཧ་ཅང་ཐལ་མོད། དཔེར་བྱེད་པའི་སྐབས་སུ་འདྲ་ཆོས་མེད་ན་དཔེར་བྱེད་པ་དོན་མེད་པས་འདྲ་དགོས་པའང་ཡོད་དེ། ཁྱོད་ཀྱིས་ཀྱང་བརྗོད་བྱ་གཙོ་ཕལ་དང་དཔེ་དོན་གཉིས་ཀར་གཉིས་རེ་འབྱེད་དགོས་པ་སོགས་བཤད་པ་ལྟར་སྒོ་དོག་པོའི་ཨུ་ཚུགས་ཁོ་ནས་དགག་སྒྲུབ་གནད་ཆེན་མི་ནུས་ཏེ་ཡིག་ཚོགས་མང་བའི་ངལ་བ་ཙམ་མོ། །འདི་སྐབས་ལྟག་ཆོད་དགོས་མེད་ཀྱི་ངག་འདི་འདྲ་བ་ཕར་ལ་བསྐོར་ན་ཡང་མཚུངས་པ་དུ་མ་འདུག་ཀྱང་དོན་ཆུང་བས་མ་སྤྲོས་སོ། །ཡང་ཁྱེད་རང་བར་ནས་དུམ་ཆོད་དུ་འཆད་ལ། ཁོ་བོ་ཅག་དཀྱུས་ལམ་མ་བཏང་བར་འབྲེལ་བསྒྲིགས་ནས་འཆད་པ། །


MR14_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བས། ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །ཞེས་སོགས་གསུངས་པའི་ཚིགས་བཅད་ཀྱི་དོན་ཡིན་ལ། ཁྱོད་ཀྱི་བདེན་པ་མཐོང་བས་དེ་ཉིད་རྟོགས་པའི་གོ་མི་ཆོད་པ་དང་། གཟུགས་ཚོར་ལ་བདེན་པར་དམིགས་ནས་འཇུག་པས་སླར་ཡང་སྲེད་པ་འདོད་ཆགས་འདྲེན་པ་དང་། དེའི་རྒྱུ་མཚན་དོན་དམ་པ་མ་རྟོགས་པའི་ཕྱིར་ཞེས་པའི་ཤུགས་ཀྱིས་འཁོར་གསུམ་མི་དམིགས་པར་རྟོགས་པའི་ཤེས་རབ་བསྒོམ་པས་ཉོན་མོངས་ལྡོག་པ་ནི། འོག་ཏུ། གང་ཚེ་ཚོར་པོ་འགའ་མེད་ཅིང་སོགས་ཚིགས་བཅད་གསུངས་པས་ཤེས་ཤིང་། དེ་ལྟར་ན། བསྟོད་པ་དོན་དང་ལྡན་པར་སོགས་ནས་བསྔགས་པའི་བླ་རེས་བྲེས་པའི་བར་དུ་བརྗོད་པ་ནི། ཁྱེད་ཅག་གིས་དཀྱུས་ལམ་མ་བཏང་བ་ཡིན་ནམ། ཤེར་ལེའི་ཚིགས་བཅད་འདི་སྐབས་ཉན་རང་ལ་སྟོང་ཉིད་རྫོགས་པར་རྟོགས་པ་མེད་པའི་ཁུངས་སུ་ཆེ་བས་རང་ལུགས་ཀྱི་ཁས་བླངས་ལ་གནོད་དོགས་པས་དོན་གཞན་དུ་འདྲེན་པའི་འཆད་ཚུལ་གསར་བ་ཞིག་མཛད་པ་གང་ཡིན་རུང་ཡིན་དུ་ཆུག་སྟེ། སྔ་རབས་པའི་རྗེས་འབྲངས་བདག་ཅག་གིས་ནི་མངོན་པ་ནས་བཤད་པ་ལྟར་བདེན་པ་མཐོང་པའི་རང་ལམ་གྱི་དེ་ཉིད་རྟོགས་པས་གོ་ཆོད་པར་སྒྲུབ་ལ། ཁྱེད་ཅག་གིས་མི་ཆོད་པར་བསྒྲུབ་ལ། བདག་ཅག་གིས་སྟོང་པ་ཉིད་རྫོགས་པར་རྟོགས་པ་ཐེག་ཆེན་གྱི་རྟོགས་རིགས་ཐུན་མོང་མིན་པར་སྒྲུབ། ཁྱེད་ཅག་གིས་རྫོགས་པར་རྟོགས་ཀྱང་ཉན་རང་དང་ཐུན་མོང་པའི་ལམ་དུ་སྒྲུབ་ལ། དེ་བཞིན་དུ་གང་ཟག་གི་བདག་མེད་ཕྲ་མོ་རྟོགས་ཟིན་གོམས་པ་མཐར་ཕྱིན་པའི་དུས་ན། གཟུགས་སོགས་ལ་དམིགས་ནས་ཆགས་པ་སྐྱེ་བ་མེད་མོད། བདག་མེད་རགས་པ་ཙམ་རྟོགས་པ་གོམས་ཀྱང་གཟུགས་སོགས་བདེན་པར་དམིགས་ནས་ཆགས་པ་སྐྱེ་བར་འདོད་ལ། འཁོར་གསུམ་མི་དམིགས་པའི་ཤེས་རབ་དང་ལྡན་ན་ཤེས་བྱའི་སྒྲིབ་པའང་ལྡོག་ན་ཆགས་སོགས་ཉོན་མོངས་རྣམས་ལྡོག་པ་ལྟ་ཅི་སྨོས་ཏེ། སྒྲིབ་པ་གཉིས་ཀའི་གཉེན་པོར་གཞུང་ཐམས་


MR14_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་གསུངས་པ་ལྟར་འདོད་དོ། །བསྟོད་པ་དོན་ལྡན་ལྟར་རྗེ་ཙོང་ཁ་པ་ལ་བསྔགས་པ་ནི། བསྔགས་ཡུལ་ཡོན་ཏན་རྒྱ་ཆེ་བ་ལ་རྗེས་འཇུག་རྣམས་ཀྱིས་བསྔགས་པ་ཡ་རབས་དམ་པའི་ཚུལ་ཡིན་པས་རྗེས་སུ་ཡི་རངས་པ་ལས་ཅི་ཡོད། འདི་ལྟར་ཆོས་ཀྱི་ཤུགས་ཀྱིས་དད་པས་བསྔགས་པ་དང་། བྱམས་པ་ཟོལ་མེད་ཀྱིས་གཞན་ལ་བསླབ་ཚིག་བདུད་རྩིའི་བསང་གཏོར་སྙན་ངག་གི་ཕྲེང་བར་སྤེལ་བ་ནི་ལེགས་ཀྱི། འོན་ཀྱང་ཚིགས་བཅད་དུ། རྒྱལ་རྣམས་ཏིང་འཛིན་བཞེངས་སྙམ་རྟོགས་མ་གྱུར། །འོན་ཀྱང་ཞེས་པ་འདི་སྔར་གྱི་ཙམ་སྒྲ་དང་ཡང་སྒྲ་ལ་ཉིད་ཀྱིས་དཔྱད་པ་ལྟར་བྱས་ན་ཚིག་ཅུང་མི་བདེ་ཡང་དེ་འདྲའི་དཔྱད་པས་ཅི་བྱ་སྙམ་མོ། །ཡང་རྩོད་ཡིག་ཏུ། གཉིས་པ་བདེན་གཉིས་དང་འབྲེལ་པའི་ཚུལ་ལ། རྒྱན་ལས། རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་དང་། བཀའ་སྒྲུབ་ཏུ། འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན། །ཞེས་གསུངས་ཤིང་། འཕགས་པས་ཀྱང་། ཟབ་མོ་འཁུ་འཕྲིག་ཅན་འཇིགས་པ། །ཞེས་པ་ལྟར་དོན་ལ་གནས་པས། ཇི་སྐད་དུ། སྔོན་དུས་འཁྲུལ་པའི་ནགས་འབྱམས་བུད་ཤིང་དག །མཁས་གྲུབ་ཀླུ་དབང་བྱེ་བའི་མཁྱེན་རབ་ཀྱི། །སྟོང་ཕྲག་ཉི་མ་འབར་བས་བསྲེག་པའི་ཐལ། །ལྷོག་སྟེ་སྙིང་པོ་ལེན་ལ་རྨོངས་པ་བྲེལ། །དེ་ཕྱིར་ལུང་རིགས་མི་བཟད་དྲག་སྔགས་ཀྱིས། །སྦྱིན་སྒྲས་དྲེགས་པའི་ཐོད་པ་དྲལ་བ་དང་། །ལྷན་ཅིག་དམ་བཅས་བཅུད་ཀྱང་ཡལ་བ་ཡིས། །རྙེད་ཐོབ་དམ་པ་སྦྱིན་ལ་དེང་འདིར་བརྩོན། །འདིར་ཕྱོགས་སྔ་བཀོད་པ་དང་། དེ་དགག་པའོ། །དང་པོ་ནི་ཊཱི་ཀར། བདེན་མེད་ནི་རྣམ་གྲངས་པའི་དོན་དམ་ཙམ་དང་། མཐའ་ཀུན་དང་བྲལ་བའི་སྟོང་ཉིད་ནི་རྣམ་གྲངས་མ་ཡིན་པའི་དོན་དམ་ཉིད་ཡིན་ལ། རང་རྒྱུད་པའི་གཞུང་དུ་སྔ་མ་དང་། ཐལ་འགྱུར་བའི་གཞུང་དུ་ཕྱི་མ་ཉིད་རྩལ་དུ་བཏོན་ནས་བཤད་ལ། དངོས་པོའི་གནས་ལུགས་དོན་དམ་པའི་བདེན་པ་ནི་ཡོད་མེད་སོགས་ཀྱི་མཐའ་ཀུན་དང་བྲལ་


MR14_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བས་བློ་ཡི་སྤྱོད་ཡུལ་མིན་ཏེ། བློ་དང་སྒྲ་ནི་ཀུན་རྫོབ་ཡིན་གྱི་དོན་དམ་པ་མ་ཡིན་པའི་ཕྱིར་རོ། །ཞེས་ཟློས་སོ། །གཉིས་པ་ནི། འདི་ལྟར་བདེན་སྟོང་དང་བདག་མེད་པ་ལས་ལྷག་པའི་གནས་ལུགས་མཐར་ཐུག་དོན་དམ་པ་ནི་མེད་དེ། འཁོར་པའི་རྩ་བ་མཐར་ཐུག་བདེན་འཛིན་ལས་གཞན་དུ་མེད་ཅིང་། དེ་སྤོང་བའི་གཉེན་པོ་མཐར་ཐུག་པ་བདག་མེད་རྟོགས་པའི་ཡེ་ཤེས་ཉིད་ཡིན་པར་མདོ་སྔགས་ཀུན་མཐུན་པའི་ཕྱིར་ཏེ། ཤེར་མདོ་དང་དེའི་དགོངས་འགྲེལ་དབུ་མ་རིགས་པའི་ཚོགས་རྣམས་སུ་རང་བཞིན་མེད་པ་ཉིད་རྒྱ་ཆེར་བསྟན་ཅིང་། རྒྱུད་སྡེ་འོག་མ་གསུམ་དུའང་མཚན་མེད་ཀྱི་རྣལ་འབྱོར་མཆོག་ཏུ་གསུངས་ལ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དུའང་འདུས་པའི་སེམས་ལེར་རིགས་དྲུག་གི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བདག་མེད་པའི་རྣམ་པ་ཅན་དང་། དེ་བཞིན་དུ་ལེའུ་དགུ་པ་སོགས་དང་། བདེ་མཆོག་གི་རྒྱུད་དུའང་། རྒྱུ་སོགས་སྟོང་པ་སྔོན་འགྲོ་བ་ཞེས་སོགས་དང་། རྟོག་པ་བཞི་པར། ཆོས་ཐམས་ཅད་བདག་མེད་པའི་ངོ་བོར་བྱས་ནས། ཞེས་གསུངས་པ་རྣམས་ལ་བསྙོན་དུ་མེད་པའི་ཕྱིར། །ཁྱོད་ཀྱིས་ཡུལ་ལ་བདག་མེད་མཐོང་ན་ནི། །ཞེས་དྲངས་ནས་ཡུལ་སྟོང་པར་མཐོང་བ་ཁོ་ན་ལས་གཞན་རྩད་ནས་ལྡོག་ཐབས་མི་སྲིད་དེ། ཞེས་དང་། སྟོང་པ་ཉིད་སྟོན་པའི་སྐབས་སུ་གཟུགས་ལ་སོགས་པ་དགག་པ་མེད་པར་དགག་པ་ཁོ་ན་ཡིན་ཏེ། མ་ཡིན་པར་བཀག་ཀྱང་མཐར་གཏུགས་ན་དངོས་པོར་ཞེན་པས། ཞེས་ཕྱོགས་སྔ་ཕྱིར་བསྲེས་ཤིང་བཤད་དེ་གང་སྨྲས་པ་ཐམས་ཅད་དེ་འདྲ་ཤ་སྟག་སྟེ། ཊཱི་ཀར། དེ་ལས་སླར་མེད་པ་ཉིད་ཀྱང་གནས་ལུགས་མཐར་ཐུག་གི་དོན་དུ་མི་བཞེད་དེ། ཞེས་བཤད་ནས། དེའི་ཤེས་བྱེད་དུ་དབུ་མ་རྒྱན་ལས། སྐྱེ་ལ་སོགས་པ་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །ཅེས་པའི་གཞུང་དྲངས་པས་ལུང་དེའི་སོགས་སྒྲ་གཉིས་ཀྱིས་མཐའ་བཞི་བྲལ་བ་མི་སྟོན་ན་ཅི་ཞིག་སྟོན། སྟོན་ན་རང་རྒྱུད་པའི་གཞུང་དུ་དོན་དམ་སྔ་མ་ཉིད་སྟོན་ཟེར་བ་


MR14_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སུན་ཕྱུང་བའི་ཕྱིར། དེ་ལྟར་ན་ཁྱེད་ཅག་གིས་བདག་མེད་པར་བཟུང་ན་མེད་མཐའ་དང་། ཡོད་པར་བཟུང་ན་ཡོད་མཐར་ལྷུང་བར་བཤད་པས་དེ་ལྟར་ན་གཉིས་ཀ་མིན་པར་བཟུང་ན་གཉིས་མིན་གྱི་མཐར་ལྷུང་བའི་ཕྱིར། དེའི་ཕྱིར་གང་དུའང་འཛིན་པ་མེད་པས་ཧ་ཤང་མ་ཧཱ་ཡ་ནའི་རྗེས་སུ་སོང་བ་ལ་ཐེ་ཚོམ་མེད་དེ། ལྷམ་ལུས་པ་བགོ་སྐལ་དུ་ཐོབ་པའི་ཕྱིར། ལེ་ལན་བདའ་བའང་མེད་དོ། །ཤེར་འབྱུང་གིས་ཀྱང་། དེ་ལྟ་ན་རང་བཞིན་མེད་པ་ཉིད་དངོས་པོ་རྣམས་ཀྱི་གཉུག་མ་ཡིན་ཏེ། དོན་དམ་པའི་རང་བཞིན་གྱིས་གནས་པ་ནི་མ་ཡིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །ཞེས་བརྒལ་བར་བྱེད་དོ། །འདི་ལ་ལན་བརྗོད་པ། མངོན་རྟོགས་རྒྱན་ལས། འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་ཞི་ཉིད་འདི་ལ་ནི། །རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་གསུངས་པ་ལྟར་སྤྲོས་པ་ཉེ་བར་ཞི་བའི་རང་བཞིན་ཅན་གྱི་བར་ཆད་མེད་རྩེའི་དམིགས་རྣམ་ལ་རྩོད་པ་བཅུ་དྲུག་པོ་འདི་དག་བདེན་གཉིས་ཟུང་འཇུག་སྤྲོས་བྲལ་མ་རྟོགས་པའི་དམིགས་པ་ཅན་གྱི་རྒོལ་བས་རྩོད་པ་ཡིན་ཏེ། དཔེར་ན་ཆོས་ཀུན་རང་བཞིན་གྱིས་སྟོང་ན་འདུས་བྱས་འདུས་མ་བྱས་ཀྱི་དམིགས་པ་མི་འཐད་དོ་སྙམ་པ་དང་། སྤྲོས་བྲལ་གྱི་ངོ་བོ་ཉིད་ངེས་པར་བཟུང་ན་སྤྲོས་བྲལ་གྱི་རྣམ་པ་མི་འཐད་ལ། མ་བཟུང་ན་སྤྲོས་བྲལ་དུ་ཡང་མི་འཛིན་པ་སོགས་དང་། ཐུབ་པའི་མངོན་རྟོགས་མི་འཐད་དེ་དངོས་དངོས་མེད་ཀྱི་ངོ་བོར་རྟོག་པ་བཀག་པས་དེ་ལས་གཞན་རྟོགས་ཚུལ་མེད་སྙམ་པ་སོགས་ཡིན་པ་རྒྱ་འགྲེལ་ཐམས་ཅད་ན་གསལ་བ་དེ་ལྟར་འདིར་ཡང་ཁྱོད་ཀྱིས་སྨྲས་པ་སྐབས་སུ་བབས་སོ། །མདོ་རྒྱན་བཀའ་སྒྲུབ་ཏུ། རྟོག་གེ་རྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་རྟེན་པར་འདོད། །དེ་ཕྱིར་དེ་ནི་དེ་ཡུལ་མིན། །ཞེས་དང་། རྒྱ་ཆེའི་ཕྱིར་དང་ཟབ་པའི་ཕྱིར། །ཡོངས་སུ་སྨིན་དང་རྣམ་མི་རྟོག །དེ་ཕྱིར་འདི་ལས་གཉིས་


MR14_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཏེ། །དེ་ནི་བླ་ན་མེད་པའི་ཐབས། །འགྲོ་བ་དེའི་གནས་མིན་ལ་སྐྲག་པས་གདུང་བྱེད་འགྱུར། །བསོད་ནམས་མ་ཡིན་ཕུང་ཆེན་བསགས་བྱས་ཡུན་རིང་དུ། །རིགས་མེད་གྲོགས་ངན་སྔོན་དགེ་མ་བསགས་བློ་མ་སྦྱོང་། །ཆོས་འདིས་སྡུག་འགྱུར་འདི་ན་དོན་ཆེན་འདི་ལས་ལྟུང་། །དེ་ལས་གཞན་དང་གཞན་མེད་ཤིན་ཏུ་ཟབ་ཅིང་རྗེས་སོང་ཕྱིར། །སྣ་ཚོགས་སྟོན་ཅིང་མང་པོའི་སྒོ་ནས་རྟག་ཏུ་སྟོན་དང་ལྡན། །ཇི་སྐད་བཤད་བཞིན་དོན་མིན་བཅོམ་ལྡན་དགོངས་པ་ཤིན་ཏུ་ཟབ། །མཁས་པ་རྣམས་ཀྱིས་ཚུལ་བཞིན་བརྟགས་ན་ཆོས་འདིས་སྐྲག་མི་འགྱུར། །འདི་ན་དང་པོར་ཐོས་ལ་བརྟེན་ནས་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །དེ་ལས་ཆོས་ཐོབ་དེ་ཡོད་དེ་ལས་བློ་གྲོས་རབ་ཏུ་སྐྱེ། །གང་ཚེ་དེ་ནི་སོ་སོ་རང་རིག་མེད་ན་ཇི་ལྟར་ངེས། །བདག་གིས་མི་ཤེས་སངས་རྒྱས་ཟབ་མོ་མཁྱེན་མ་ཡིན། །ཟབ་མོ་ཅི་ཡི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན། །ཅིའི་ཕྱིར་ཟབ་མོའི་དོན་རིག་པ་དག་ཐར་འགྱུར་ཞེས། །བྱ་བ་དེ་ནི་སྐྲག་པའི་གནས་སུ་རིགས་མ་ཡིན། །དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན། །གྲོགས་པོ་དམན་པ་དག་གིས་ཡོངས་བསྐོར་བ། །ཟབ་ཅིང་རྒྱ་ཆེ་ལེགས་པར་བཤད་པའི་ཆོས། །འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན། །ཐོས་རྗེས་འབྲངས་ཏེ་བློ་ལྡན་ཐོབ་ནས་ནི། །གང་ཞིག་ཐོས་ལ་རབ་ཏུ་བརྙས་བྱེད་པ། །རྣམ་པ་སྣ་ཚོགས་དཔག་ཏུ་མེད་ལུས་ལ། །རྨོངས་པ་གང་གི་ཕྱིར་ན་ངེས་པར་བྱེད། །དོན་སྒྲ་ཇི་བཞིན་ཡོངས་རྟོག་ན། །བདག་ཉིད་སྙེམས་ཤིང་བློ་ཉམས་འགྱུར། །ལེགས་པར་གསུངས་པའང་སྤངས་པས་ན། །བརླག་འགྱུར་ཆོས་ལ་ཁོང་ཁྲོས་སྒྲིབ། །ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིགས་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལེགས་ཉེས་པ་མེད། །ཅེས་རྒྱལ་ཚབ་ས་བཅུའི་དབང་ཕྱུག་


MR14_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གི་གསུང་འདི་ནི་རང་གཞན་ཐམས་ཅད་ཀྱི་སྙིང་གི་བདུད་རྩིར་འཛིན་དགོས་པའི་གལ་པོ་ཆེ་སྟེ། སྟོང་པ་ཉིད་ལྟ་བའི་སྤྲོས་པ་ཐམས་ཅད་འཇོམས་པའི་ཆེད་དུ་བསྟན་པ་ལ། བདག་མེད་དང་བདེན་སྟོང་ཞེས་པ་རང་ཉིད་ལ་སྒྲ་ཇི་བཞིན་དུ་མཚན་མར་བཟུང་ནས། བདག་ཉིད་སྙེམས་ཤིང་བློ་ཉམས་སོགས་ཇི་སྐད་གསུངས་པ་ལྟར། ཐེག་པ་ཆེན་པོ་ནས་བཤད་པའི་སྤྲོས་པ་ཉེ་བར་ཞི་བའི་ཆོས་ཉིད་ལ་སྐུར་འདེབས་ཀྱིས་ཆོས་སྤང་གི་ལས་གསོག་པ་དག་མང་བའི་སྐབས་སུ་གོང་དུ་ཇི་སྐད་བསྟན་པ་ལྟར་བསམ་པར་བྱ་བའི་རིགས་སོ། །འཕགས་པས་ཀྱང་། ཟབ་མོ་འཁུ་འཕྲིག་ཅན་འཇིགས་པ། །ཞེས་དང་། རྩ་ཤེས་སུ། དེ་ཕྱིར་ཞན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །ཞེས་སོགས་གསུངས་པ་ལྟར་ཡིན་པས་ན། ཁྱེད་ཀྱིས་ལུང་འདི་རྣམས་སྐབས་སུ་བབ་པར་དྲངས་ཤིང་། སྔོན་དུས་འཁྲུལ་པའི་ནགས་འཁྱམས་སོགས་ཚིགས་བཅད་སྨྲས་པའང་ལེགས་སོ། །ཁྱོད་ཀྱི་བདག་མེད་དང་བདེན་སྟོང་ལས་ལྷག་པའི་གནས་ལུགས་མེད་དེ། འཁོར་རྩ་མཐར་ཐུག་བདག་འཛིན་ལས་གཞན་མེད་ཅིང་། དེའི་གཉེན་པོ་མཐར་ཐུག་བདག་མེད་རྟོགས་པའི་ཡེ་ཤེས་ཉིད་ཡིན་པར་མདོ་སྔགས་ཀུན་དགོངས་པ་མཐུན་ཞེས་བཤད་པ་དེ་ལྟར་ཁོ་བོ་ཅག་གིས་ཀྱང་འདོད་དེ། ཡུལ་ལ་བདག་མེད་མཐོང་ན་ནི། སོགས་ཀྱི་ལུང་བཞིན་བདེན་ཞེན་གྱི་དམིགས་པ་དྲུངས་ནས་འབྱིན་པ་ལ་མེད་པར་བཀག་པའི་ཚུལ་གྱིས་སྟོང་པར་མཐོང་དགོས་པ་ཊཱི་ཀར་ཡང་བཤད་པ་ཁྱོད་ཀྱིས་དྲངས་པ་དེ་བཞིན་ནོ། །འོན་ཀྱང་བདག་མེད་དང་བདེན་སྟོང་ཞེས་པའི་དོན་འདི་ལ་ཇི་སྐད་དུ། རྒྱལ་བ་ཀུན་གྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །


MR14_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་བསྒྲུབ་ཏུ་མེད་པར་གསུངས། །ཞེས་པ་ལྟར་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་ནས་དམིགས་པའི་སྤྲོས་པ་ཀུན་ལས་འདས་པའི་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རེག་པ་དང་། །དེར་མ་སོན་པར་བདེན་གྲུབ་ཙམ་ཁེགས་ཀྱང་དེ་ཉིད་ལ་དངོས་པོ་མེད་པའི་མཚན་མར་ཞེན་ནས་སྤྲོས་པ་ཉི་ཚེ་བ་བཀག་ཙམ་གྱི་སྟོང་ཉིད་ལ་སྟོང་ཉིད་མཐར་ཐུག་ཏུ་འཛིན་པའི་གོ་ཚུལ་གཉིས་ཡོད་པས་ན། སྤྱིར་བདེན་མེད་དང་སྟོང་ཉིད་དང་བདག་མེད་ཀྱི་དོན་གནས་ལུགས་མ་ཡིན་ནོ་ཞེས་ནམ་ཡང་མི་བརྗོད་ཀྱང་། སྤྲོས་པ་མཐའ་དག་མ་ཁེགས་པའི་སྤྲོས་པ་ཅན་གྱི་ལྟ་བ་དེ་དག་ཡུམ་ནས་བཤད་པའི་སྟོང་པ་ཉིད་མཐར་ཐུག་པ་མ་ཡིན་ཞེས་བདག་ཅག་གིས་གསར་དུ་སྨྲས་པ་མ་ཡིན་ཏེ། སྟོན་པ་བཅོམ་ལྡན་འདས་རྗེས་འབྲངས་དང་བཅས་པས་གསུངས་པ་ཡིན་པས་བདག་ཅག་སྟོན་པའི་རྗེས་སུ་འབྲངས་ནས་དེ་ལྟར་སྨྲའོ། །དེ་ལྟར་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། རབ་འབྱོར་གལ་ཏེ་ཆུང་ངུ་ན་སྐྲའི་རྩེ་མོའི་ཆ་ཤས་བཞག་པ་ཙམ་གྱི་ཁྱོན་གཅིག་མཚན་མ་ཡོད་ན་ཡང་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་མི་ནུས་སོ། །ཞེས་དང་། ཁྲི་བརྒྱད་སྟོང་པ་ལས། བཅོམ་ལྡན་འདས་དངོས་པོའི་འདུ་ཤེས་ཅན་ལ་མཐུན་པའི་བཟོད་པ་ཡང་མ་མཆིས་ན་ཐོབ་པ་ལྟ་ག་ལ་མཆིས་ཏེ་མ་མཆིས་ན། ཅི་དངོས་པོ་མ་འཚལ་བའི་འདུ་ཤེས་ཅན་ལ་མཐུན་པའི་བཟོད་པ་མཆིས་ལགས་སམ། བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། དངོས་པོ་མེད་པའི་འདུ་ཤེས་ཅན་ལ་མཐུན་པའི་བཟོད་པའང་མེད་དོ། །ཞེས་དང་། རབ་འབྱོར་བྱང་ཆུབ་སེམས་དཔའི་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་ནི་དངོས་པོའི་འདུ་ཤེས་སམ་དངོས་པོ་མེད་པའི་འདུ་ཤེས་མེད་དོ། །རབ་འབྱོར་གང་ལ་དངོས་པོའི་འདུ་ཤེས་མེད་པ་དང་། དངོས་པོ་མེད་པའི་འདུ་ཤེས་ཀྱང་མེད་པ་དེ་ནི་བྱང་ཆུབ་


MR14_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སེམས་དཔའ་ཆེན་པོའི་མཐུན་པའི་བཟོད་པ་ཡིན་ནོ། །ཞེས་དང་། ཡུམ་རྒྱས་པ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་མཚན་མ་མེད་པ་དྲན་པ་མེད་པ་ཡིད་ལ་བྱེད་པ་མེད་པ་སྟེ། ཞེས་དང་། གཟུགས་ཉིད་ཀྱང་ཆོས་ཀྱི་དབྱིངས་སོ། །ཆོས་ཀྱི་དབྱིངས་ཉིད་ཀྱང་གཟུགས་སོ་ཞེས་དང་། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་འགའ་ཞིག་མཐོང་ན་ནི། བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ལ་གནས་པར་ཡང་མི་འགྱུར་ཏེ། ཞེས་སོགས་དང་། ཤེར་ཕྱིན་སྟོང་ཕྲག་ཉེར་ལྔ་པ་ལས། བྱང་ཆུབ་སེམས་དཔའི་ཐེག་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་དམིགས་པའི་ཚུལ་དུ་འདུ་ཤེས་སུ་བགྱིད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གསོག་ཏུ་འབྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིང་དུ་སྤོང་བའོ། །ཞེས་དང་། དེ་བཞིན་དུ་མཚན་མར་འཛིན་ཅིང་དེས་རློམས་སེམས་སུ་བྱེད་ཅིང་དམིགས་པ་ལ་ཆགས་པ་དེ་དག་གིས་ཤེར་ཕྱིན་གསོག་ཏུ་འབྱིན་ཅིང་རིང་དུ་སྤང་ངོ་། །དེ་བཞིན་དུ་གཟུགས་སྟོང་པའོ་ཞེས་སོགས་ལ་སྦྱར་ཏེ་གསུངས་ཤིང་། ཆོས་དེ་དག་ལ་དེ་དང་དེ་ཡི་དམིགས་པའི་འདུ་ཤེས་མེད་པ་ཐབས་ལ་མཁས་པ་དང་ཤེར་ཕྱིན་ཡང་དག་ཏུ་གསུངས་པ་དེ་ལྟར་ཡུམ་མདོ་ཐམས་ཅད་དམིགས་པ་ཅན་དུ་སྟོན་པ་ཤེར་ཕྱིན་ལྟར་སྣང་དང་། དམིགས་མེད་དུ་སྟོན་པ་ཤེར་ཕྱིན་ཡང་དག་པར་གསུངས་སོ། །ཁྲི་བརྒྱད་སྟོང་པ་ལས། ཀཽ་ཤི་ཀ་གང་དེ་ལྟར་ཆོས་ཐམས་ཅད་ལ་སོ་སོར་རྟོག་ཀྱང་། ཆོས་གང་ལའང་མངོན་པར་ཞེན་པ་མེད་ཅིང་མི་དམིགས་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ཞེས་དང་། ཀཽ་ཤི་ཀ །མ་འོངས་པའི་དུས་ན་རིགས་ཀྱི་བུའམ་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅོས་མ་དག་སྟོན་པ་འབྱུང་བར་འགྱུར་ཏེ། ཞེས་སོགས། བཅོས་མ་དེས་རྫོགས་བྱང་


MR14_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞུགས་པ་དག་ཕུང་བར་བྱེད་དེ། ཤེར་ཕྱིན་འདི་དོན་དང་ཚིག་འབྲུ་བཅས་པར་སྟོན་པར་མི་བྱེད་ཅེས་དང་། བཅོས་མ་དེ་གང་ལགས་ཞེས་པའི་ལན་དུ། གཟུགས་སོགས་མི་རྟག་པ་དང་སྡུག་བསྔལ་དང་བདག་མེད་སོགས་ཀྱི་དམིགས་པའི་རྣམ་པར་སྟོན་པ་ལ་སྦྱར་ཏེ་རྒྱས་པར་གསུངས་ཤིང་། དེ་ཅིའི་ཕྱིར་ན། གཟུགས་ཉིད་ཀྱང་མེད་ན་རྟག་མི་རྟག་ལྟ་ག་ལ་ཡོད། གཟུགས་ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་སོགས་དང་། རིགས་ཀྱི་བུ་ཚུར་ཤོག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག །ཆོས་ཅི་ལ་ཡང་མ་ལྟ། གང་ལ་ཡང་གནས་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི། གནས་པར་བྱ་བའམ། འདའ་བར་བྱ་བ་མེད་དེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་སྐྱེ་འགག་བླང་དོར་མེད་པར་སྟོན་ན་ཤེར་ཕྱིན་བཅོས་མ་མ་ཡིན་པར་གཟུགས་སོགས་ལ་སྦྱར་ཏེ་རྒྱས་པར་གསུངས་ཤིང་། དེ་ལྟར་ལེགས་པར་བསྟན་པའི་བསོད་ནམས་ཚད་མེད་པ་བསྐྱེད་པའི་ཚུལ་གསུངས་སོ། །གཟུངས་དབང་གིས་ཞུས་པའི་མདོ་ལས། གང་སྟོང་པ་ཞེས་བྱ་བ་དེ་ནི་མངོན་པར་ཞེན་པ་མེད་ཅིང་འཛིན་པ་མེད་པའི་ཚིག་བླ་དྭགས་ཏེ། དོན་དམ་པར་གང་སྟོང་པ་ཞེས་བྱ་བའི་ཆོས་གང་ཡང་དམིགས་སུ་མེད་ཀྱང་སྟོང་པ་ཞེས་ཀྱང་བརྗོད་དོ། །ཞེས་དང་། ལས་ཀྱི་སྒྲིབ་པ་རྣམ་པར་འཐག་པའི་མདོ་ལས། སྟོང་པ་ཉིད་དུ་འདུ་ཤེས་པ་ནི་སྒྲིབ་པའོ། །འཇམ་དཔལ་མདོར་ན་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་དམིགས་པ་དེ་དག་ཐམས་ཅད་ནི་དེའི་སྒྲིབ་པ་ཡིན་པར་བལྟ་བར་བྱའོ། །ཞེས་དང་། དེ་དག་གི་དགོངས་དོན་ལྟར་མངོན་རྟོགས་རྒྱན་ལས་ཀྱང་། གཞི་ཤེས་ཀྱི་སྐབས་སུ། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་


MR14_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཉེ་བ་ཉིད་དུ་བཤད། །གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །དུས་གསུམ་གཏོགས་པའི་ཆོས་རྣམས་དང་། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །སྦྱིན་ལ་སོགས་ལ་ངར་འཛིན་མེད། །གཞན་དག་དེ་ལ་སྦྱོར་བྱེད་པ། །དེ་ནི་ཆགས་པའི་མཐའ་འགོག་པས། །རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་གསུངས་ཤིང་། འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་གསོལ་བ། བཅོམ་ལྡན་འདས་དེ་བཞིན་ཉིད་ཅེས་བགྱི་བ་འདི་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་འདི་ནི་སོ་སོ་རང་གིས་རིག་པ་ཡིན་ཏེ། འདི་ནི་ཡི་གེ་དང་ངག་གིས་གདམས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་ནི་ཡི་གེ་ཐམས་ཅད་ལས་ཡང་དག་པར་འདས་པ། སྨྲ་བ་ཐམས་ཅད་ལས་ཡང་དག་པར་འདས་པ། ཚིག་གི་སྤྱོད་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པ། ངག་གི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། བླང་བ་དང་དོར་བ་ཐམས་ཅད་དང་བྲལ་བ། ཕྱེ་བ་དང་བཙུམས་པ་ཐམས་ཅད་དང་བྲལ་བ། རྟོག་གེ་ཐམས་ཅད་དང་བྲལ་བ། བརྟག་པར་བྱ་བ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། མཚན་མ་མེད་པ། མཚན་མ་དང་བྲལ་བ། མཚན་མའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། བྱིས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། བདུད་ཐམས་ཅད་ཀྱི། ཡུལ་ལས་ཡང་དག་པར་འདས་


MR14_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཉོན་མོངས་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། གནས་མ་ཡིན་པ། མི་གནས་པ། ཞི་བ། འཕགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། དེ་དག་ཉིད་ཀྱིས་སོ་སོར་རང་གིས་རིག་པ། དྲི་མ་མེད་པ། མ་གོས་པ་དང་། རྣམ་པར་དག་པ། གྱ་ནོམ་པ། མཆོག་དམ་པ། ཕུལ། རྟག་པ། བརྟན་པ། ཐེར་ཟུག མི་འཇིག་པའི་ཆོས་ཅན་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། ཆོས་ཀྱི་དབྱིངས་འདི་ནི་འདུག་པ་ཁོ་ནའོ། །རིགས་ཀྱི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་དག་ཆོས་ཉིད་འདི་ཐོབ་ནས། སེམས་ཅན་དག་ཀྱང་ཆོས་ཉིད་འདི་ཁོ་ན་ལ་རབ་ཏུ་དགོད་དོ་སྙམ་ཏེ། དོན་གང་གི་ཕྱིར་འབད་ཅིང་རྩོལ་བ་དང་། བརྩོན་འགྲུས་རྩོམ་པ་དང་། དཀའ་བ་བརྒྱ་དག་བྱེད་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱའོ། །ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱའོ། །གཉིས་སུ་མེད་པའི་དབྱིངས་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བས་གསོལ་པ། བཅོམ་ལྡན་འདས་ཆོས་འདི་ཇི་ལྟར་མངོན་དུ་བགྱི། ཇི་ལྟར་ཁོང་དུ་ཆུད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རིགས་ཀྱི་བུ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་མངོན་དུ་བྱའོ། །རང་གིས་རིག་པར་ཁོང་དུ་ཆུད་པར་བྱའོ། །ཞེས་དང་། རིགས་ཀྱི་བུ་དེ་ལྟ་བས་ན། གང་མིང་དུ་འདོགས་པ་དང་ཐ་སྙད་དེ་ནི་ཀུན་རྫོབ་ཅེས་བྱ་སྟེ། ཀུན་རྫོབ་ཀྱི་ཆོས་རྣམས་ལ་ནི་དོན་དམ་པ་མེད་མོད་ཀྱི། ཀུན་རྫོབ་ཀྱི་ཆོས་རྣམས་མེད་པར་ཡང་དོན་དམ་པ་བསྟན་པར་མི་ནུས་སོ། །ཞེས་དང་། དོན་དམ་པ་ནི་མི་སྐྱེའོ། །མི་འགག་གོ མི་འཇིག་གོ། མི་ལེན་ཏོ། །མི་འདོར་རོ། །ཡི་གེ་དག་གིས་སྨྲ་བར་བྱ་བ་མ་ཡིན་ནོ། །ཡི་གེ་རྣམས་ཀྱིས་མི་རྗོད་དོ། །སྤྲོས་བས་མི་རྟོགས་སོ། །


MR14_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་དོན་དམ་པ་ནི་བརྗོད་དུ་མེད་པ་སྟེ་ཞི་བའོ། །འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པའོ། །ཞེས་དང་། ཆོས་ཡང་དག་པར་སྡུད་པའི་མདོ་ལས། ཡང་དག་པའི་མཐའ་ནི་སྤྲོས་པ་མེད་ལ། ཆོས་གཞན་ནི་སྤྲོས་པའི་ངོ་བོ་ཉིད་དེ། ཞེས་དང་། དམིགས་པ་ཅན་ནི་ཐ་ན་མྱ་ངན་ལས་འདས་པ་ལའང་དམིགས་ཤིང་། མངོན་པར་དགའ་བ་སྟེ། འདི་ནི་དམིགས་པ་ཅན་སངས་རྒྱས་རྣམས་ཀྱིས་སྨད་པའོ། །ཞེས་དང་། བཅོམ་ལྡན་འདས་གཞན་ཡང་གང་སྟོང་པ་ཉིད་སྒོམ་པ་དེ་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས་སོ། །དེ་ལ་སྟོང་པ་ཉིད་ནི་སྤྲོས་པ་མ་མཆིས་པའོ། །བཅོམ་ལྡན་འདས་སྤྲོས་པ་ལ་དགའ་བ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་དགའ་བ་མ་ལགས་སོ། །ཞེས་དང་། ཏིང་ངེ་འཛིན་གྱི་འཁོར་ལོའི་མདོ་ལས། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ། དེ་བཞིན་གཤེགས་པ་ཆོས་གསན་པར་བཞེད་ཀྱི། ཁྱོད་སྤོབས་པར་གྱིས་ཤིག་ཅེས་བཀའ་སྩལ་པ་དང་། འཇམ་དཔལ་གྱིས་ཅི་ལས་བརྩམ་སྟེ་སྤོབས་པར་བྱ་ཞེས་གསོལ་བ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཆོས་ཀྱི་དབྱིངས་ལས་བརྩམས་ཏེ་སྤོབས་པར་གྱིས་ཤིག །གསོལ་པ། བཅོམ་ལྡན་འདས་གང་བདག་གིས་ཆོས་ཀྱི་དབྱིངས་མ་གཏོགས་པའི་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་ལགས་སོ། །བཀའ་སྩལ་པ། །མངོན་པའི་ང་རྒྱལ་ཅན་རྣམས་རབ་ཏུ་སྐྲག་པར་འགྱུར་རོ། །གསོལ་པ། གལ་ཏེ་ཡང་དག་པའི་མཐར་སྐྲག་ན་མངོན་པའི་ང་རྒྱལ་ཅན་རྣམས་སྐྲག་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཡང་དག་པའི་མཐའ་དང་མངོན་པའི་ང་རྒྱལ་ཅན་གཉིས་གཅིག་ཅིང་དབྱེར་མེད་པའི་ཕྱིར་རོ། །ཞེས་དང་། འཕགས་པ་སྡོམ་པ་གསུམ་བསྟན་པའི་མདོ་ལས། འོད་སྲུང་མདོར་ན་དམིགས་པ་ནི་རློམ་སེམས་སོ། །གང་དང་གང་དུ་འདུ་ཤེས་འཇུག་ན་ཐ་ན་སྟོང་པ་ཉིད་དོ་སྙམ་པ་དེ་ཐམས་ཅད་ཀྱང་རློམ་སེམས་ཏེ། །


MR14_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སྦྱོང་དུ་བྱེད་པའི་ཆོས་མ་ཡིན་པ་དང་། བྲམ་ཟེར་བྱེད་པའི་ཆོས་མ་ཡིན་པ་ཐམས་ཅད་ནི་རློམ་སེམས་ཐམས་ཅད་དོ། །ཞེས་དང་། སྒོ་མཐའ་ཡས་པར་སྤྱོད་པའི་མདོ་ལས། གང་དག་དེ་བཞིན་གཤེགས་པ་ལ་ཆོས་ཉིད་དུ་རྟོག་ན་ཡང་དེ་དག་དེ་བཞིན་གཤེགས་པ་མཐོང་བ་རྣམ་པར་དག་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་བརྗོད་པ་རྣམ་པར་དག་པ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་ནི་ཟབ་པ་དང་རྒྱ་ཆེ་བ་ཚད་མེད་པ་ཡིན་ནོ། །ཞེས་དང་། གོ་ཆའི་བཀོད་པ་བསྟན་པའི་མདོ་ལས། །ཡང་དག་དོན་ལ་སྨྲར་ཡང་མེད། །ཚིག་འབྲུ་ཡི་གེ་ཡོད་མ་ཡིན། །ཚིག་ལས་ཡང་དག་འདས་པའི་ཕྱིར། །ཡང་དག་དོན་ཞེས་བྱ་བ་ཡིན། །ཞེས་དང་། རྒྱ་ཆེར་རོལ་པ་ལས། ཚིག་བྲལ་ངག་གི་ལམ་གྱིས་མ་གོས་པ། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱི་རྒྱུ་བ་རབ་གྲོལ་བ། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །ཞེས་དང་། དགོངས་པ་ངེས་འགྲེལ་ལས། ཟབ་མོ་བྱིས་པའི་སྤྱོད་ཡུལ་མ་ཡིན་པ། །བརྗོད་མེད་གཉིས་མིན་རྒྱལ་བས་བསྟན་མཛད་ཀྱང་། །བྱིས་པ་གཏི་མུག་རྨོངས་པ་འདི་དག་ནི། །སྨྲ་བའི་སྤྲོས་ལ་དགའ་ཞིང་གཉིས་ལ་གནས། །མ་རྟོགས་པའང་ལོག་པར་རྟོག་པ་དག །ལུག་དང་བ་ལང་དག་ཏུ་ཡང་སྐྱེ་ཞིང་། །དེ་དག་ཤེས་པའི་སྨྲ་བ་དེ་བོར་ནས། །ཤིན་ཏུ་ཡུན་རིང་འཁོར་བ་འདིར་འཁོར་འགྱུར། །ཞེས་དང་། སོ་སོ་རང་རིག་མཚན་ཉིད་སྤྱོད་ཡུལ་ཏེ། བརྗོད་དུ་མེད་ཅིང་ཐ་སྙད་ཡོང་ཆད་པ། །རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་དང་། ལང་ཀར་གཤེགས་པ་ལས། མགོན་པོ་རྣམས་ནི་གང་གསུངས་པའི། །སོ་སོར་རང་རིག་སྤྱོད་ཡུལ་ནི། །རྟོག་པ་ཅན་གྱི་ཡུལ་མ་ཡིན། །ཉན་ཐོས་རྣམས་ཀྱིའང་དེ་བཞིན་མིན། །ཞེས་དང་། མྱ་ངན་འདས་དང་ནམ་མཁའ་དང་། །འགོག་པ་གཉིས་པོ་ཉིད་ཀྱང་སྟེ། །མ་བྱས་པར་ནི་བྱིས་པས་རྟོག །འཕགས་པས་ཡོད་


MR14_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྤང་བར་རོ། །ཞེས་དང་། མྱང་འདས་ལས། རིགས་ཀྱི་བུ་བདག་ཅེས་བྱ་བ་དང་། བདག་མེད་པ་རང་བཞིན་གྱིས་གཉིས་སུ་མེད་པར་ཁྱོད་ཀྱིས་དེ་ལྟར་གཟུངས་སུ་ཟུངས་ལ་སྤྱི་བོས་ལོངས་ཤིག །ཅེས་དང་། རིགས་ཀྱི་བུ་བྱམས་པ། །གང་ཞིག་ཡོད་པ་དང་། མེད་པ་དང་། ཡོད་པའང་མ་ཡིན། མེད་པའང་མ་ཡིན་པ་དང་བཅས་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་དཔག་ནུས་པ་མ་ཡིན་ནོ། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཆོས་འདི་དྲི་མེད་དག་དགེ་རང་བཞིན་འོད་གསལ་ཏེ། །ནམ་མཁའ་མཚུངས་ཤིང་མཉམ་ལ་གདོད་ནས་འབྱུང་བ་མེད། །མ་སྐྱེས་མ་བྱུང་གནས་པ་མེད་ཅིང་འགག་པ་མེད། །འདི་ནི་རྒྱལ་བའི་ཕྱག་རྒྱ་དྲི་མེད་གཡོ་བ་མེད། །ཅེས་དང་། གླང་པོའི་རྩལ་ཞེས་བྱ་བའི་མདོ་ལས། །ཐམས་ཅད་མཁྱེན་པ་བླ་མེད་པའི། །སངས་རྒྱས་ཡེ་ཤེས་ཐོབ་འདོད་པས། །ཆོས་རྣམས་གང་ཡང་མི་གཟུང་ཞིང་། །ཆོས་རྣམས་གང་ཡང་མི་འདོར་རོ། །ཞེས་དང་། གང་གིས་ཆོས་རྣམས་བསམ་ཡས་པ། །ནམ་མཁའ་འདྲ་བར་མཐོང་བ་དང་། །མ་བཅིང་བ་དང་མ་གྲོལ་བ། །དེ་ཡི་ཤེས་རབ་བླ་ན་མེད། །ཅེས་དང་། ཏིང་འཛིན་རྒྱལ་པོ་ལས། སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། །འཛིན་པ་ལ་ནི་གང་གནས་པ། །དེ་ལ་ཡེ་ཤེས་ཡོད་མི་འགྱུར། །རྩོད་པ་དག་ལ་གང་སྤྱོད་ཅིང་། །འཛིན་པར་བྱེད་པ་དེ་མི་ཐར། །ཞེས་དང་། ཡེ་ཤེས་ཕྱག་རྒྱའི་མདོ་ལས། རྟོག་དང་རྣམ་པར་རྟོག་པའི་སྤྲོས་པ་འདི། །གཉིས་ཀ་ཡོངས་སུ་སྤང་ན་ཆོས་འཛིན་ཡིན། །ཞེས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་མདོ་ལས། །སྐྱེ་དང་སྐྱེ་མེད་གཉིས་ནི་སྤྲོས་པ་སྟེ། །ཀུན་ཏུ་རྟོག་པའི་ས་དང་བདུད་ཀྱི་སྤྱོད་ཡུལ་ཡིན། །ལུས་ལ་སོགས་པའི་ཆོས་འཛིན་རློམ་སེམས་འདོད་པ་ཡིས། །ལྷ་དང་ལྷ་མིན་འགྲོ་བ་རྣམས་ནི་འདིར་བརླག་གོ། ཞེས་དང་། སྐྱོབ་པ་ཤཱཀྱ་སེང་གེ་ཡི། །བསྟན་པ་ལ་ནི་སྤྲོས་མེད་


MR14_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །སེམས་ཀྱིས་རྣམ་པ་ཐམས་ཅད་དུ། །སེམས་ཀྱི་ངོ་བོ་ཉིད་མི་རྟོག །ཅེས་དང་། འཇམ་དཔལ་ལ་རིན་ཆེན་བྱིན་གྱིས་སྨྲས་པ། འཇམ་དཔལ་ཆོས་ཉིད་ནི་བསམ་དུ་མེད་པ་ཡིན་ན། དེ་བདག་གིས་ཇི་ལྟར་བསམ་སྟེ་བསྟན་པར་བྱ། ཞེས་དང་།བྱིས་པ་དེ་དག་ནི་སྐྱེ་པའི་ཆོས་སུ་ལུང་སྟོན་པར་བྱེད་དོ། །མི་སྐྱེ་བའི་ཆོས་སུ་ལུང་སྟོན་པར་བྱེད་དོ། །ཆོས་ཀྱི་དབྱིངས་འདི་ནི་རྣམ་པར་མི་རྟོག་པས་རབ་ཏུ་ཕྱེ་བ་ཡིན་ཏེ། ཆོས་འདི་རྣམས་ཀྱི་རང་བཞིན་དེ་ལྟར་རྗེས་སུ་རྟོགས་པ་གང་ཡིན་པ་དེ་ནི་བྱང་ཆུབ་པོ་ཞེས་དེ་ལྟར་གདམས་ན། གལ་ཏེ་མི་སྐྲག་མི་དངངས་ཤིང་། དངངས་པར་མི་འགྱུར་ན། ཀྱེ་མ་བྱང་ཆུབ་སེམས་དཔའ་འདི་ནི་ཕྱིར་མི་ལྡོག་པ་སྟེ། ཕྱིར་མི་ལྡོག་པའི་སྐལ་བ་ཅན་ཡིན་ནོ་སྙམ་དུ་ཤེས་པར་བྱ་སྟེ། ཞེས་དང་། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་གིས་བསྐལ་པ་འབུམ་གྱི་བར་དུ་ཐབས་ལ་མཁས་པ་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་བས། གང་གི་ཆོས་ཀྱི་རྣམ་གྲངས་འདི་སོམ་ཉི་དང་བཅས་པས་ཐོས་ན། འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་ན། གང་གིས་སོམ་ཉི་མེད་པར་ཐོས་པ་ལྟ་ཅི་སྨོས་ཞེས་གསུངས་ཏེ། མདོ་དེ་ལས། ཆོས་ཟབ་མོ་གོང་དུ་བསྟན་པ་དེ་ལ་མ་མོས་པའི་དགེ་སློང་བརྒྱད་ཁྲག་སྐྱུགས་ཏེ་ཤི་ནས་དམྱལ་བ་ངུ་འབོད་དུ་སྐྱེས་པ་ལ། སངས་རྒྱས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་དག་ཆོས་འདི་མ་ཐོས་ན་བསྐལ་པ་ས་ཡའི་བར་དུ་ནམ་ཡང་བཟང་འགྲོར་མི་སྐྱེ་ཡང་། འདི་སོམ་ཉི་དང་བཅས་པར་ཐོས་པས་དམྱལ་བ་ནས་འཕོས་ཏེ་དགའ་ལྡན་དུ་སྐྱེ་ཞིང་། དེ་ནས་བསྐལ་པ་དྲུག་ཅུ་རྩ་བརྒྱད་ཀྱི་བར་དུ་སངས་རྒྱས་མཉེས་པར་བྱེད་ཅིང་། ཐམས་ཅད་དུ་རྫུས་སྐྱེས་འཁོར་ལོས་བསྒྱུར་བ་ཤ་སྟག་ཏུ་སྐྱེས་ནས་བསྐལ་པ་གཅིག་ལ་འཚང་རྒྱ་བར་ལུང་བསྟན་ཏོ། །བྱམས་པ་འཇུག་པ་ཞེས་བྱ་བའི་མདོ་ལས། བྱམས་པ་ཅི་ཙམ་དུ་སྒྲོ་འདོགས་པ་དེ་ཙམ་དུ་ཆགས་པ་ཡོད་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པ་ནི་ཆགས་པ་མེད་


MR14_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ། །ཞེས་དང་། འདི་ལྟར་ཆོས་ཐམས་ཅད་མཉམ་པ་ལ་མི་མཉམ་པར་བཏགས་ནས་མེད་བཞིན་སྒྲོ་འདོགས་པས་སྒྲོ་འདོགས་པར་བྱེད་དེ། ཞེས་དང་། ལྷའི་བུར་བརྩལ་སེམས་ཀྱིས་ཞུས་པའི་མདོ་ལས། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་བརྗོད་དུ་མེད་པར་ཤེས་པར་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐོས་པས་དོན་ལ་རྟོན་པ་རྣམས་ཡིན་ནོ། །ཞེས་དང་། ལྷའི་བུ་གལ་ཏེ་ཅུང་ཟད་རྗེས་སུ་རྟོག་པར་བྱེད་ན་དེ་ནི་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་སྟོང་པ་ཉིད་ནི་རྣམ་པར་རྟོག་པ་མེད་པ་དང་། རྩོལ་བ་མེད་པ་ཡིན་པའི་ཕྱིར་རོ། །ཞེས་དང་། ལྷའི་བུ་འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོར་མ་ཞུགས་པའི་ཆུ་ལ་ནི་ཐ་དད་དུ་བྱ་བ་ཡོད་ཀྱི། རྒྱ་མཚོར་ཆེན་པོར་ཞུགས་པའི་ཚུལ་ནི་ཐ་དད་དུ་བྱ་བ་མེད་པ་དེ་བཞིན་དུ། ལྷའི་བུ་ཆོས་ཀྱི་དབྱིངས་ཡོངས་སུ་མ་ཤེས་པ་ལ་ནི་ཆོས་ཐམས་ཅད་ཐ་དད་དུ་བྱ་བ་ཡོད་ཀྱི། ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་པ་ལ་ནི་ཆོས་ཐམས་ཅད་ཐ་དད་དུ་བྱ་བ་མེད་དེ། ལྷའི་བུ་ཐ་དད་དུ་བྱ་བ་ནི་མཚན་མ་དང་དམིགས་པ་དང་འདུ་ཤེས་དང་སྤྲོས་པ་ལས་རབ་ཏུ་ཕྱེ་བ་ཡིན་ཏེ། ཞེས་སོགས་དང་། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། འདི་ལ་ཆོས་དབྱིངས་སེམས་ཅན་ཁམས། ཡང་དག་ཉིད་ཀྱིས་མཉམ་རྟོགས་ནས། །གཉིས་མེད་རྟོགས་པ་གང་ཡིན་པ། །དེ་ནི་མི་ལྡོག་ཕྱག་རྒྱ་ཡིན། །ཞེས་དང་། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཇི་ལྟར་ན་དད་པ་ལ་གནས་པ་རྣམས་ལགས། བཀའ་སྩལ་པ། ནམ་ཆོས་རྣམས་བརྗོད་དུ་མེད་པར་མོས་པའོ། །ཞེས་དང་། བརྫུན་པའམ་ཡང་ན་བདེན་པ་ཞིག །བསྟན་པ་ལ་ནི་རྙེད་གྱུར་ན། །མཐར་འཛིན་པར་ནི་ང་འགྱུར་ཏེ། །མུ་སྟེགས་ཅན་དང་ཁྱད་པར་མེད། །གང་ཕྱིར་ཆོས་རྣམས་ཡང་དག་མེད། །བདེན་པ་དང་ནི་རྫུན་པ་མེད། །དེ་ཕྱིར་འཇིག་རྟེན་འདས་པའི་ཆོས། །ངས་འདི་གཉིས་སུ་མེད་པར་བཤད། །ཅེས་དང་།


MR14_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མྱ་ངན་འདས་ནས་ཀྱང་། །གང་རྣམས་བཟོད་པ་འདིར་མོས་པ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །རྫོགས་པའི་སངས་རྒྱས་དེ་ལ་བཞུགས། །གང་གིས་ཚུལ་འདི་ཤེས་པ་ན། །དེས་ནི་ང་ཡི་ཆོས་བཟུང་སྟེ། །དེ་ཡིས་ང་ལ་རྟག་ཏུ་མཆོད། །དེ་དག་འཇིག་རྟེན་སྟོན་པའོ། །ཞེས་དང་། ཚངས་པ་ཁྱད་པར་སེམས་ཀྱིས་འཇམ་དཔལ་ལ་དྲིས་པ། འཇམ་དཔལ་ཇི་ལྟར་ན་དགེ་སློང་དམ་པའི་ཆོས་ཡོངས་སུ་སྲུང་པ་ཡིན། སྨྲས་པ། གང་མཉམ་པ་ཉིད་ལས་འགལ་བར་མི་བྱེད་ཅིང་ཆོས་ཀྱི་དབྱིངས་རྣམ་པར་འཁྲུགས་པར་མི་བྱེད་པ། དེ་ལྟར་ན་དམ་པའི་ཆོས་ཡོངས་སུ་བསྲུང་བ་ཡིན་ནོ། །ཞེས་དང་། ལྟ་བར་གྱུར་པ་ཐམས་ཅད་མ་མཐོང་བས་བདེན་པ་མཐོང་ངོ་། །ཞེས་དང་། མཉམ་པ་ཉིད་གང་གིས་ཆོས་ཐམས་ཅད་མཉམ་པར་མཐོང་བ་ནི། དེ་ལྟར་ན་མངོན་པར་རྟོགས་པ་ཡིན་ནོ། །ཞེས་དང་། འཇམ་དཔལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ལ་ཐ་དད་དུ་བྱ་བ་ནི་ཐ་སྙད་དོ། །ཆོས་ཉིད་ལ་ཐ་དད་དུ་བྱ་བ་མེད་དོ། །ཞེས་དང་། ཡི་གེ་རྣམ་པར་རིག་པ་ལྷུར་བྱེད་པའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པས་ཆོས་བསྟན་ཏོ་ཞེས་མོས་པར་འགྱུར་རོ། །ཆོས་ཉིད་བརྗོད་དུ་མེད་པར་ངེས་པར་བྱས་ན་ཆོས་བསྟན་དུ་མེད་དོ། །ཞེས་དང་། ཚིག་ཐམས་ཅད་སྒྲོ་འདོགས་པ། ཚིག་ཐམས་ཅད་ཚིག་མ་ཡིན་པ་དེའི་ཕྱིར་སངས་རྒྱས་ཀྱི་ཚིག་ནི་བརྗོད་དུ་མེད་པའོ། །ཞེས་དང་། ཆོས་ཀྱི་ཆོས་ཉིད་ཇི་ལྟ་བར། །དེ་དག་ཆོས་རྣམས་སྒོམ་མོད་ཀྱི། །དྲན་པ་ཡིད་ལ་བྱེད་པས་མིན། །དེ་ཕྱིར་མཉམ་པར་བཞག་ཅེས་གསུངས། །ཞེས་དང་། ནམ་མཁའ་མཛོད་ཀྱི་ཞུས་པའི་མདོ་ལས། ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ནོ། །ཞེས་དང་། གང་དག་གཉེན་པོས་མྱ་ངན་ལས་འདས་པ་འཚོལ་བ་དེ་དག་ནི། སྐྱེ་བ་དང་འཇིག་པར་ལྟ་བ་ཡིན་ཏེ། ཆོས་


MR14_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ནི་སྐྱེད་པར་བྱ། ཆོས་འདི་དག་ནི་དགག་པར་བྱ་ཞེས། དེ་དག་སྐྱེ་བ་དང་འཇིག་པ་ལ་སྤྱོད་པས། དེ་དག་མྱ་ངན་ལས་འདས་པའི་མཉམ་པ་ཉིད་མི་ཤེས་སོ། །ཞེས་གསུངས་ཏེ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པ་སྤྲོས་པ་ཉེ་བར་ཞི་བའི་གནས་ལུགས་དབང་བཙན་དུ་བྱས་ནས་དེ་ལྟར་གསུངས་པ་དང་། ཡང་དེར་འདས་པའི་ནམ་མཁའ་མཛོད་སོགས་བྱང་སེམས་ཆེན་པོ་རྣམས་ཀྱིས་སོ་སོ་ནས་བདུད་ཀྱི་ཡུལ་ལས་འདའ་བའི་ཆོས་ཀྱི་སྒོ་སྐྱེ་བ་མེད་པ་བསྟན་པའི་སྐབས་སུ། དམིགས་པའི་ཡུལ་ལས་ཤིན་ཏུ་འདས་པའི་བྱང་ཆུབ་སེམས་དཔའ་བདུད་ཀྱི་ཡུལ་ལས་འདའ་བར་གསུངས་པ་དང་། སེམས་ཀྱི་དམིགས་པ་ནི་བདུད་ཀྱི་ཡུལ་ཏེ། གང་ཞིག་གང་ལའང་མི་དམིགས་པ་དེ་ལ་བདུད་ཀྱིས་ཅི་བྱར་ཡོད་ཅེས་དང་། ཡང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བུག་པ་མེད་པའི་སེམས་དང་། བདུད་ཀྱི་ལས་དང་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་རྣམ་ཐར་སྒོ་གསུམ་དང་སྤྲོས་པ་མེད་པ་སོགས་སུ་མཚུངས་པའི་རོ་གཅིག་པ་ལ་ཞུགས་པ་ནི་བདུད་ཀྱི་ཡུལ་ལས་འདའ་བར་བྱེད་པའི་ཆོས་ཀྱི་སྒོར་བཤད་པ་ལ། འཇམ་དཔལ་གྱིས་སྨྲས་པ། སྐྱེས་བུ་དམ་པ་ཁྱེད་རྣམས་ཀྱིས་ཇི་སྐད་བཤད་པ་དེ་ཐམས་ཅད་ཀྱང་བདུད་ཀྱི་ལས་དང་བདུད་ཀྱི་ཡུལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཡི་གེར་བྱས་པ་རྣམས་ནི་རྣམ་པར་རིག་པ་སྟེ། སངས་རྒྱས་ཀྱི་གསུང་ནི་ཡི་གེ་མེད་པའོ། །ཚིག་ཇི་སྙེད་པར་བདུད་ཀྱི་ལས་ཀྱང་དེ་སྙེད་དེ། ཚིག་མེད་པ་ལ་བདུད་ཀྱིས་ཅི་ཞིག་བྱར་ཡོད། གང་ཚིག་མེད་པ་ནི་རྣམ་པར་རིག་པ་མེད་པ་སྟེ། བདག་དང་ཕ་རོལ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བདག་མེད་ཅིང་ཕ་རོལ་མེད་པས་ཆོས་གང་ལ་ཡང་ཕན་འདོགས་པའམ། གནོད་པར་བྱེད་པ་གནས་པ་མ་ཡིན་ནོ། །དེ་ལྟར་རྗེས་སུ་རྟོག་པ་ནི་བདུད་ཀྱི་ཡུལ་ལས་ཡང་དག་པར་འདའ་བ་སྟེ་ཞེས་


MR14_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་དང་། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་དོན་དམ་པ་ནི་འཕགས་པས་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་ཏེ། ཚིག་གི་རྣམ་པར་རྟོག་པའི་བློའི་སྤྱོད་ཡུལ་ནི་མ་ཡིན་ནོ། །ཞེས་དང་། བློ་གྲོས་ཆེན་པོ་ཚིག་ཏུ་རྣམ་པར་རྟོག་པའི་སྒྲའི་མར་མེས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཚིག་གི་རྣམ་པར་རྟོག་པ་དང་བྲལ་བ། སོ་སོ་རང་གིས་རིག་པའི་དོན་གྱི་ཡུལ་ལ་རྗེས་སུ་འཇུག་གོ། ཞེས་དང་། །ཇི་བཞིན་སྒྲ་ལ་རྣམ་བརྟགས་ནས། །ཆོས་ཉིད་ལ་ཡང་སྒྲོ་འདོགས་ཏེ། །དེ་དག་དེ་ལ་སྒྲོ་བཏགས་པས། །སེམས་ཅན་དམྱལ་བའི་གནས་སུ་ལྷུང་། །ཞེས་དང་། བློ་གྲོས་ཆེན་པོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་ལ་རྟོན་པར་བྱ་ཡི་ཡི་གེ་ལ་རྟོན་པར་མི་བྱའོ། །བློ་གྲོས་ཆེན་པོ་ཡི་གེའི་ཕྱིར་འབྲངས་བའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ནི་བདག་ཀྱང་དོན་ལས་ཉམས་པར་བྱེད་ཅིང་། གཞན་ལ་ཡང་ཁོང་དུ་ཆུད་པར་མི་བྱེད་དོ། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། ལང་ཀར་གཤེགས་པ་རིན་པོ་ཆེའི་མདོ་ལས། ཡོད་དང་མེད་པ་མཐའ་གཉིས་ཏེ། །ཅི་ཙམ་སེམས་ཀྱི་སྤྱོད་ཡུལ་རྣམས། །སྤྱོད་ཡུལ་དེ་དག་རབ་སྤངས་ན། །སེམས་མཉམ་རབ་དབེན་ཞི་བར་འགྱུར། །ཞེས་དང་། བློ་གྲོས་ཆེན་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་ཀྱིས་སྒྲ་ཇི་བཞིན་དུ་བཟུང་ཞིང་མངོན་པར་ཞེན་པར་མི་བྱ་སྟེ། དེ་ཁོ་ན་ཉིད་ནི་མིང་དང་ཡི་གེ་དང་བྲལ་བའི་ཕྱིར་རོ། །བློ་གྲོས་ཆེན་པོ་ཇི་ལྟར་མི་བླུན་པོ་ཁ་ཅིག་ལ་སོར་མོའི་རྩེ་མོས་དངོས་པོ་བསྟན་ན་བླུན་པོ་དེ་སོར་མོའི་རྩེ་མོ་ལ་བལྟ་བས་ཡང་དག་པའི་དོན་མི་འཐོབ་བོ། །དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་སྒྲ་ཇི་བཞིན་པའི་སོར་མོའི་རྩེ་མོ་འཛིན་ཅིང་མངོན་པར་ཞེན་ཏེ་འཆི་བ་ལ་ཐུག་གི་བར་དུ་ཡོངས་སུ་མི་གཏོང་བས། སྒྲ་ཇི་བཞིན་གྱི་སོར་མོའི་རྩེ་མོ་སྤངས་པ་དོན་དམ་པའི་དེ་ཁོ་ན་ཉིད་འཐོབ་པར་མི་ནུས། ཞེས་དང་། བློ་གྲོས་ཆེན་པོ་ཇི་ཙམ་དུ་ཚིག་གི་རྣམ་


MR14_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པ་འཇུག་པ་དེ་ཙམ་དུ་རྟག་པ་དང་མི་རྟག་པའི་ཉེས་པར་འགྱུར་གྱི། རྣམ་པར་རྟོག་པའི་བློ་ཟད་པར་གྱུར་ན་ནི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རྟག་པ་དང་མི་རྟག་པར་ལྟ་བ་རབ་ཏུ་མ་ཞི་བ་རྣམས་ཡོངས་སུ་སྤང་བར་འགྱུར་བས། ཞེས་སོགས་གསུངས་སོ། །རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ཀྱི་མདོ་ལས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣམ་པར་རྟོག་པའི་མཚན་མའི་རྣམ་པ་ཐམས་ཅད་ཡིད་ལ་མི་བྱེད་པས་ཡོངས་སུ་སྤོང་བ་ན། དེ་རྣམ་པར་མི་རྟོག་པའི་དབྱིངས་ལ་ཤིན་ཏུ་བརྩོན་པ་ཡིན་ཏེ། རེ་ཞིག་རྣམ་པར་མི་རྟོག་པའི་དབྱིངས་ལ་ནི་མ་རེག་མོད་ཀྱི། རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་པར་འགྱུར་བའི་ཚུལ་བཞིན་པའི་ཏིང་ངེ་འཛིན་ནི་ཡོད་དོ། །ཞེས་དང་། །ཅིའི་ཕྱིར་རྣམ་པར་མི་རྟོག་པའི་དབྱིངས་ལ་རྣམ་པར་མི་རྟོག་པ་ཞེས་བྱ་ཞེ་ན། དཔྱད་པའི་རྣམ་པར་བརྟག་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་དང་། བསྟན་པ་དང་དཔེར་རྣམ་པར་བརྟག་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་དང་། ཞེས་སོགས་རྒྱ་ཆེར་བསྟན་ཅིང་། རྣམ་པར་མི་རྟོག་པ་དེ་གང་ཞེ་ན། རྣམ་པར་མི་རྟོག་པ་ནི་གཟུགས་མེད་པ། བསྟན་དུ་མེད་པ། རྟེན་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མ་ཡིན་པ། གནས་མེད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་མི་རྟོག་པའི་དབྱིངས་ལ་རབ་ཏུ་གནས་པས་ནི་ཤེས་བྱ་དང་ཁྱད་པར་མེད་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་དང་མཚུངས་པར་མཐོང་ངོ་། །རྣམ་པར་མི་རྟོག་པའི་རྗེས་ལས་ཐོབ་པའི་ཤེས་པས་ནི་ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། མིག་ཡོར་དང་། བྲག་ཆ་དང་། གཟུགས་བརྙན་དང་། ཆུ་ཟླ་དང་། སྤྲུལ་པ་དང་མཚུངས་པར་མཐོང་ངོ་། །བདེ་བ་ཆེན་པོ་ལ་གནས་པ་ཤིན་ཏུ་རྒྱས་པ་


MR14_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འཐོབ་བོ་ཞེས་སོགས་ཕན་ཡོན་རྒྱ་ཆེར་གསུངས་སོ། །དཀོན་མཆོག་ཏཱ་ལ་ལའི་མདོ་ལས། རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ནི་འབྱུང་བ་མེད་པའོ། །རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ནི་བསམ་གྱིས་མི་ཁྱབ་པའོ། །རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ནི་དངོས་པོ་མེད་པར་རྟོགས་པ་སྟེ། དངོས་པོ་གང་དུ་ཡང་བརྗོད་པར་བྱ་བ་མ་ཡིན་ཞིང་བསྟན་པར་བྱ་བ་མ་ཡིན་ནོ། །ཞེས་དང་། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། གང་དམིགས་པ་ཅན་གྱིས་རྗེས་སུ་མཐུན་པའི་བཟོད་པར་ཐོབ་པར་འགྱུར་བ་དེ་ནི་གནས་མེད་དོ་ཞེས་དང་། དཀོན་མཆོག་བརྩེགས་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི། འཇིག་རྟེན་གྱི་ཐ་སྙད་ཇི་སྙེད་པ་དང་། ཡི་གེ་དང་སྒྲ་དང་བརྡར་བསྟན་པ་སྟེ། དེ་ནི་འཇིག་རྟེན་ཀུན་རྫོབ་པའི་བདེན་པ་ཞེས་བྱའོ། །དེ་ལ་དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་ལྟ་ཅི་སྨོས་ཏེ། དེ་ནི་དོན་དམ་པའི་བདེན་པའོ། །དེ་ལ་མཚན་ཉིད་ཀྱི་བདེན་པ་གང་ཞེ་ན། འདི་ལྟ་སྟེ། མཚན་ཉིད་ཐམས་ཅད་མཚན་ཉིད་གཅིག་ལ། མཚན་ཉིད་གཅིག་པ་ནི་མཚན་ཉིད་མེད་པའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཀུན་རྫོབ་ཀྱི་བདེན་པ་འཆད་པས་མི་སྐྱོ། དོན་དམ་པའི་བདེན་པ་མངོན་དུ་མི་བྱེད་པར་མི་ལྟུང་། མཚན་ཉིད་ཀྱི་བདེན་པ་མཚན་ཉིད་མེད་པར་རྟོགས་པར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །གཞན་ཡང་བདེན་པ་ནི་གཅིག་པུ་གཉིས་མ་ཡིན་པ་སྟེ། འདི་ལྟ་སྟེ། འགོག་པའི་བདེན་པའོ། །དེ་ལ་བདེན་པ་གཅིག་པུ་ལའང་སྒྲོ་མི་འདོགས་པ་དང་། སེམས་ཅན་སྒྲོ་འདོགས་པར་ལྟུང་བ་རྣམས་བདེན་པར་སྦྱོར་བར་བྱེད་པ་དེ་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་མཁས་པ་ཞེས་བྱའོ། །ཞེས་དང་། འཕགས་པ་བདེན་པ་གཉིས་བསྟན་པའི་མདོ་ལས་ཀྱང་འདི་དང་ཚུལ་འདྲ་བར་གསུངས་ཤིང་། དོན་དམ་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་


MR14_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་ལས་ཀྱང་འདས་པར་གསུངས་པ་སོགས་ཟབ་མོའི་མདོ་སྡེ་ཐམས་ཅད་ཞལ་འཆམ་པར་གསུངས་པ་འདི་ཙམ་ཞིག་བསྟན་པས་ཆོག་གི་རྒྱས་པར་མ་སྤྲོས་སོ། །དེ་ལྟར་བསྟན་པ་འདི་དག །ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པའི་མདོ་ལས། སྟོང་པ་ཉིད་སྒྲ་ཇི་བཞིན་ཏུ་ཚུལ་མ་ཡིན་པར་འབྱེད་པ་དེ་ཐེག་ཆེན་ལ་དད་པ་སྐྱེ་བའི་གནས་མིན་ལ། དེས་མཚན་མར་ལྟ་བ་དང་། ལྟ་བ་ལ་ལྟ་བ་མིན་པར་ལྟ་བ་སོགས་ཡང་དག་མ་ཡིན་པའི་ལྟ་བ་ཉེར་བརྒྱད་འབྱུང་བར་གསུངས་ཤིང་། དེ་ཐམས་ཅད་མེད་པར་ལྟ་བའི་རྩ་བ་ཅན་དུ་བསྟན་ནས། རིགས་ཀྱི་བུ་དེ་ལྟར་རབ་ཏུ་དབེན་པའི་རྣལ་འབྱོར་གྱི་ལམ་ལ་གནས་པ་ནི་བྱང་ཆུབ་སེམས་དཔའ་དེ་ཐེག་པ་ཆེན་པོའི་ཆོས་རྣམས་ཡིད་ལ་བྱེད་པས། གང་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་གསང་བ་བློས་མི་ཆུད་པ་དེ་ལ་སྟོན་པ་ཉིད་ཚད་མར་བྱེད་དོ། །སྟོན་པ་ཉིད་ཚད་མར་བྱས་ནས་ཆོས་དེ་དག་ལ་མོས་སོ། །ཞེས་སོགས་གསུངས་པ་ལྟར་ཡིན་ལ། འོན་ཀྱང་སངས་རྒྱས་ཕལ་པོ་ཆེ་ལས། །ཤེས་རབ་ཆུང་དུས་ཆོས་འདི་དག །ཀུན་ནས་ཤེས་པར་མི་ནུས་ཏེ། །ཡེ་ཤེས་མིག་ནི་རྣམ་སྦྱངས་ཤིང་། །འདི་ཡི་ཚུལ་ལ་འཇུག་པར་འགྱུར། །ཞེས་དང་། གཞན་དུ་གང་རྣམས་ཤིན་ཏུ་སེམས་བརྟན་ཞིང་། །དགེ་བའི་བཤེས་ཀྱིས་ཡོངས་སུ་གཟུང་བ་དང་། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས་པ་དག །སངས་རྒྱས་ཡེ་ཤེས་འདི་ལ་རབ་ཏུ་འཇུག །ཅེས་དང་། གནས་མེད་པ་ཡི་ཆོས་རྣམས་ལ། །གནས་ནི་ཡོངས་སུ་བརྟག་པ་ན། །དེ་ཕྱིར་སྲིད་པའི་བཙོན་ར་ན། །བྱིས་པ་རྣམས་ནི་རབ་ཏུ་འཁོར། །བརྗོད་པས་བརྗོད་དུ་མི་རུང་ཆོས། །བློ་ཞན་རྣམས་ཀྱིས་རྣམ་པར་བརྟགས། །དེས་ནི་ཡོངས་སུ་བསྒྲིབ་བྱས་ནས། །བདག་གི་སེམས་ཀྱང་རབ་རྨོངས་བྱས། །ཤེས་རབ་ཆུང་ལ་ལམ་ནོར་ཞིང་། །བདག་གི་སེམས་ལ་མི་མཁས་པ། །ཕྱིན་


MR14_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལོག་གི་བློ་དག་གིས། །མི་ཟད་ལུས་ནི་འཕེལ་བར་བྱེད། །ཅེས་དང་། འཕགས་པ་དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། ཤཱ་ར་དྭ་ཏིའི་བུ། བྱིས་པ་རྣམས་ནི་ཚིག་འབྲུའི་རྗེས་སུ་འབྲང་བ་ཡིན་གྱི། མཁས་པ་རྣམས་ནི་དོན་གྱི་རྗེས་སུ་འབྲང་བ་ཡིན་ནོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། གང་དག་སྒྲ་ཡིས་བསྟན་པ་ཡི། །ཆོས་རྣམས་མང་པོ་བསམ་མི་ཁྱབ། །སྒྲ་དེ་དག་ལ་གང་ཆགས་པ། །དགོངས་པས་བཤད་པ་མི་ཤེས་ཏེ། །ཅི་ལ་དགོངས་ཏེ་བཤད་པ་ཡི། །དགོངས་པ་དག་ནི་མི་ཤེས་པར། །ཆོས་ཉིད་ལ་ནི་མ་བསླབ་པས། །ཆོས་མ་ཡིན་པ་ཆོས་སུ་འཆད། །འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྟེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཚིག་གཅིག་རྣམ་པར་བསྒོམ་ན་ནི། །དེ་དག་ཐམས་ཅད་བསྒོམ་པར་འགྱུར། །སངས་རྒྱས་ཇི་སྙེད་ཐམས་ཅད་ཀྱིས། །ཆོས་རྣམས་མང་པོ་རབ་བཤད་པ། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །མི་གང་དོན་ལ་མཁས་པ་དང་། །ཚིག་འདི་བསླབ་པར་གྱུར་པ་ལ། །སངས་རྒྱས་ཆོས་རྣམས་དཀོན་མ་ཡིན། །ཞེས་དང་། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། །འཇམ་དཔལ་གྱིས། སྦྱངས་པའི་ཡོན་ཏན་དང་རྣམ་ཐར་གསུམ་དང་བྱང་ཕྱོགས་རྣམས་མི་སྒོམ་མངོན་དུ་མི་བྱེད་དེ། གང་ལ་ཡང་གནས་པ་མེད་པ་དང་། །གང་ལ་ཡང་རློམ་སེམས་མེད་པ་དང་། དམིགས་སུ་མེད་པར་བསྟན་པས། འཁོར་དེའི་དགེ་སློང་སྟོང་ཕྲག་མང་པོས། དེ་བཞིན་གཤེགས་པས་རྣམ་ཐར་སྒོ་གསུམ་རྟོགས་པས་མྱང་འདས་ཐོབ་པ་དང་། བྱང་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམ་པས་མྱ་ངན་ལས་འདའ་བར་འགྱུར་ཞེས་གསུངས་ན་ཡང་། སྟོན་པ་བཞུགས་བཞིན་དུ་འཇམ་དཔལ་གྱིས་དེ་བཀག་པར་གྱུར་ན། འདིའི་བསྟན་པ་དེ་འགལ་བའམ་གཅིག་ཏུ་མ་གྱུར་གྲང་སྙམ་པའི་རྟོག་པ་དེ་འཇམ་དཔལ་གཞོན་ནུར་གྱུར་


MR14_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཁྱེན་ནས། ཤཱ་རིའི་བུ་ལ་ཁྱེད་ཀྱིས་འདོད་ཆགས་དང་བྲལ་བའི་ཆོས་རྣམས་མངོན་དུ་བྱས་པའི་ཚེ། བདེན་བཞི་དང་རྣམ་ཐར་གསུམ་དང་བྱང་ཕྱོགས་ཀྱི་ཆོས་རྣམས་དམིགས་པའམ་མངོན་དུ་བྱས་པའམ་བསྒོམ་པ་ཡོད་དམ། །ཞེས་དྲིས་པ་ལ་ཤཱ་རིའི་བུས། འཇམ་དཔལ་དེ་ནི་མེད་དེ། ཆོས་ཐམས་ཅད་ནི་མ་སྐྱེས་པ། བླང་དུ་མེད་པ། སྟོང་པ་ཉིད་ཡིན་པས། སྟོང་པས་སྟོང་ཉིད་མངོན་སུམ་དུ་མི་བྱེད་པའི་ཕྱིར་རོ་ཞེས་བཤད་པ་ཐོས་ནས་དགེ་སློང་སུམ་སྟོང་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ཞེས་དང་། ཡང་ཁོ་བོ་ནི་འཛིན་པ་མེད་པའི་ཕྱིར་གཟུངས་ཐོབ་པ་མ་ལགས་ཏེ། བྱིས་པ་སོ་སོའི་སྐྱེ་བོ་བདག་དང་ཆོས་སྣ་ཚོགས་སུ་འཛིན་པ་རྣམས་ནི་གཟུངས་ཐོབ་པ་ལགས་ཏེ། །དེས་ན་ཁོ་བོ་ནི་རྟོགས་པ་བུལ་བ་ཡིན་ཏེ། ཉན་རང་བྱང་སེམས་རྣམས་ཀྱིས་མི་མཁྱེན་པ་དེ་ཙམ་དུ་རྟོགས་པ་བུལ་ལ། བྱིས་པ་རྣམས་ནི་མངོན་པར་ཆགས་ཤིང་རྟོག་པས་རྟོགས་པ་བུལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཁོ་བོས་ནི་གང་གཟུང་བར་བྱ་བ་ཅུང་ཟད་ཀྱང་མ་རྙེད་པའི་ཕྱིར་རོ་ཞེས་དགོངས་ཏེ་གསུངས་པའི་སྒོ་ནས་དམིགས་མེད་ཀྱི་དོན་ཟབ་མོ་བསྟན་པ་ན། དགེ་སློང་ལྔ་བརྒྱས་ཆོས་ཀྱི་རྣམ་གྲངས་འདི་མ་རྟོགས་ཏེ། སྤངས་ཤིང་འགལ་བར་བྱས་ནས་རང་གི་ལུས་དེ་ཉིད་ཀྱིས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་གྱུར་ཏོ། །དེ་ནས་ཤཱ་རིའི་བུའི་དགེ་སློང་ལྔ་བརྒྱ་པོ་དེ་དག་ཆོས་ཀྱི་རྣམ་གྲངས་འདི་མ་རྟོགས་ནས་སྤངས་ཏེ་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་ལྟུང་བར་གྱུར་གྱིས་དེ་ལྟ་བུའི་གནས་ཟབ་མོ་དག་མ་སྟོན་པར་རྟོག་སྟེ་སྟོན་ཅིག་ཅེས་འཇམ་དཔལ་ལ་སྨྲས་པ་དང་། འཇམ་དཔལ་གྱིས་སྨྲས་པ། ཁྱོད་མ་རྟོག་ཅིག །གང་དམྱལ་བར་འགྲོ་བའི་ཆོས་དེ་ལྟ་བུ་འགའ་ཡང་དམིགས་སུ་མེད་དེ་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་རོ། །གཞན་ཡང་སོ་


MR14_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སོར་རྟོག་སྟེ་སྟོན་ཅིག་ཟེར་བ་ནི། རིགས་ཀྱི་བུའམ་བུ་མོ་གང་དག་བདག་དང་སེམས་ཅན་དུ་ལྟ་བ་བརྟེན་པ་གང་གིས་རྫོགས་པའི་སངས་རྒྱས་དགེ་སློང་གི་དགེ་འདུན་དང་བཅས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཅིག་ལ། ཇི་སྲིད་འཚོའི་བར་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། གང་གིས་ཆོས་ཟབ་མོ་ཤེས་པར་དཀའ་བ། འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་འདི་ལྟ་བུ་ཐོས་ཤིང་ཆོས་སྟོང་པ་དང་མཚན་མེད་སྨོན་པ་མེད་པ་འདི་ལྟ་བུ་ཐོས་ནས་སྤངས་ཏེ་སེམས་ཅན་དམྱལ་བ་རྣམས་སུ་ལྷུང་བར་གྱུར་པ་ནི་ཆེས་མྱུར་བར་གནས་དེ་ལས་ལྡང་བར་འགྱུར་གྱི། དམིགས་པ་ཅན་སངས་རྒྱས་ལ་བསྙེན་བཀུར་བྱེད་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བཤད་པ་ལ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལེགས་སོ་ལེགས་སོ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཐོས་པ་འདི་ནི་སངས་རྒྱས་འབྱུང་བ་དང་འདྲའོ་ཞེས་སོགས་བསྔགས་པ་མཛད་ཅིང་། གཞན་ཡང་ཤཱ་རིའི་བུ། དགེ་སློང་དེ་དག་ཆེས་མྱུར་བར་ལྡང་ཞིང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱི། མི་གཏི་མུག་ཅན་དམིགས་པའི་ལྟ་བ་དང་ལྡན་པ་ཐེ་ཚོམ་དུ་གྱུར་པ་གང་དག་དེ་བཞིན་གཤེགས་པ་མཆོད་པ་བྱེད་པ་དེ་ནི་དེ་ལྟ་མ་ཡིན་ནོ། །དེ་ནི་དེའི་ཡོངས་སུ་མྱ་ངན་ལས་འདའ་བའི་རྒྱུར་འགྱུར་གྱི་མྱུར་དུ་རྣམ་པར་ཐར་པར་ནི་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཟབ་མོ་དག་མ་ཐོས་པའི་ཕྱིར་རོ་ཞེས་བཀའ་སྩལ་པ་ལྟར། ཟབ་མོ་འཁུ་འཁྲིགས་ཅན་འཇིགས་པ། །ཞེས་གསུངས་པ་ལྟ་བུའི་ཆོས་འདིས་བྱིས་པ་རྣམས་སྐྲག་པར་འགྱུར་ན་ཡང་ཇི་ལྟར་སྨན་རྩུབ་མོ་མ་བྱིན་པར་ནད་མི་འབྱིན་པ་ལྟར་བསྒྲགས་དགོས་པར་འཇམ་དཔལ་གྱིས་གསུངས་པ་ལྟར་རོ། །དེ་ལྟ་ནའང་ཚངས་པས་བྱིན་གྱིས་ཞུས་པའི་མདོ་ལས། ལེགས་པར་གསུངས་པའི་ཆོས་ནི་སྟོན་པ་ན། །སྡིག་པའི་སྤྱོད་ཡུལ་ཅན་དེ་མི་འཐད་འཛིན། །དད་མེད་ཆོས་ལ་སོམ་ཉི་བསྐྱེད་ནས་ནི། །


MR14_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་བྱེ་བ་མང་པོར་སྨྱོན་པར་འགྱུར། །མ་དད་པ་ཡི་བསམ་པས་སྡིག་ཅན་འགྱུར། །བློ་སྡང་གང་གི་ཡིད་ཀྱང་བསྲུང་མི་བྱེད། །སྙིང་པོ་ཅན་ཀུན་རྣམ་པར་སྤངས་ནས་ནི། །དད་པ་མེད་པས་སྙིགས་མ་འཛིན་པར་བྱེད། །འགྱིང་བར་བྱེད་ཅིང་རྟག་ཏུ་ཁེངས་པ་སྟེ། །མ་དད་དེ་ནི་གཞན་ལ་འདུད་མི་བྱེད། །ཅེས་དང་། དེ་དག་དད་མེད་རབ་ཏུ་བྱུང་ནས་ནི། །འདྲེན་པའི་བསྟན་ལ་དེ་དག་སུན་ཡང་འབྱིན། །མཐུན་པ་གང་གིས་དགེ་འདུན་མཛེས་གྱུར་ཏེ། །དེ་དག་ཆོས་མིན་ཚིག་གིས་འགལ་བར་བྱེད། །རྒྱལ་བ་རྣམས་ཀྱི་བསྟན་ལ་དྲི་མ་དེས། །མུ་སྟེགས་བྱེད་ལྟར་སོམ་ཉི་ཐེ་ཚོམ་བཅས། །དེས་ནི་ཆོས་ལ་གླགས་གཏོང་འགལ་བྱས་ནས། །དད་མེད་དེས་ནི་ཆོས་ཀྱང་སྤོང་བར་བྱེད། །ཅེས་དང་། འཕགས་པ་སྡོམ་པ་གསུམ་བསྟན་པའི་མདོ་ལས། དམ་ཆོས་མཐུ་ཆུང་བྱས་ནས་སུ། །སྡིག་པ་ཅན་དག་དཔུང་སྐྱེས་ནས། །ང་སྲས་ཐུགས་ལས་སྐྱེས་པ་ཡི། །དགེ་སློང་དེ་དག་འདོར་བར་འགྱུར། །ཞེས་དང་། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས། སྟོང་ཉིད་ཆོས་དག་ཡོངས་སུ་བརྗོད་བྱེད་ཅིང་། །རྩོད་ལ་དགའ་ཞིང་འཐབ་པས་སྡང་བའི་སེམས། །སྡོམ་མེད་ངན་སེམས་བྱེད་པ་དེ་དག་ལ། །སངས་རྒྱས་ཆོས་དང་བྱང་ཆུབ་ག་ལ་ཡོད། །ཅེས་དང་། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། ཐེག་པ་ཆེ་དང་ཐེག་པ་དམན་པ་ལ། །རང་བཞིན་སྣ་ཚོགས་ཆོས་རྣམས་གང་བསྟན་པ། །དེ་དག་ཉིད་ནི་ཚུལ་གཅིག་ཡང་བསྟན་ཏེ། །དེ་ཕྱིར་ཐེག་པ་ཐ་དད་ང་མི་སྨྲ། །དོན་ལ་སྨྲ་བཞིན་རྣམ་པར་རྟོག་བྱེད་པ། །སྒྲོ་བཏགས་བྱས་ཤིང་སྐུར་པ་བཏབ་བྱས་ནས། །དེ་དག་འགལ་བ་སྙམ་དུ་སེམས་པ་ན། །རྣམ་པར་རྨོངས་ནས་བློ་གྲོས་སྣ་ཚོགས་འགྱུར། །ཞེས་དང་། བུ་མོ་རིན་ཆེན་གྱིས་ཞུས་པ་ལས། སྟོང་པའི་ཆོས་རྣམས་མང་བ་ཇི་སྙེད་


MR14_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ། །སྟོང་ཉིད་ཇི་བཞིན་དེ་ལ་གནས་པ་མིན། །ཆོས་ཉིད་ལས་ནི་གང་གིས་འགལ་བྱས་པ། །དེ་ནི་ཟབ་མོའི་ཚུལ་ལ་བཟོད་པ་མིན། །ཞེས་དང་། དེ་ཕྱིར་ང་རྒྱལ་སྤངས་ཤིང་བོར་ནས་ནི། །ཚུལ་མིན་སྤངས་ཏེ་ཡེ་ཤེས་སྦྱོང་བར་གྱིས། །གང་ཞིག་བདག་ཉིད་བརླག་པར་མི་འདོད་པ། །དེས་ནི་མི་ཤེས་ཚིག་རྣམས་སྤངས་ནས་ཀྱང་། །མེ་ཡི་ཕུང་པོ་བཞིན་དུ་ཕྲག་དོག་སྤོངས། །ཞེས་གསུངས་པའི་བཀའ་འདི་དག་དངོས་སུ་བཞུགས་བཞིན་པ་དཔང་པོར་གྱུར་པའི་ལུང་དང་། འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ཀྱི་རྒྱལ་པོ་ལས། རང་རིག་རྟོག་གེ་སྐམ་པོ་དང་། །མཐར་ལྷུང་དབུ་མར་ཁས་ལེན་པ། །དེ་ནི་སེམས་ཉིད་རང་རིག་དང་། །བརྗོད་མེད་བསམ་གྱིས་མི་ཁྱབ་པའི། །མི་མཐུན་པ་ཡི་ཕྱོགས་ཡིན་ཏེ། །དེ་བྲལ་བསམ་གྱིས་མི་ཁྱབ་པའི། །རང་རིག་ཡེ་ཤེས་ཆེན་པོ་ཡིན། །ཞེས་སོགས་རྒྱ་ཆེར་གསུངས་པ་དང་། ཚུལ་འཆལ་ཚར་གཅོད་པའི་མདོ་ལས། དགེ་སློང་ཡིད་ལ་བྱེད་པ་ཆོས་སུ་སྟོན་པ་ན་ལྷ་རྣམས་ཀྱིས་བསྟན་པ་ནུབ་ཅེས་མི་དགའ་བར་བྱེད་ལ། དམིགས་པ་མེད་པའི་ཆོས་བསྟན་ན་དགའ་ནས་ད་དུང་བསྟན་པ་གནས་ཞེས་བརྗོད་པ་སོགས་རྒྱ་ཆེར་གསུངས་སོ། །དེ་བཞིན་དུ་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། དབུ་མ་རྩ་བར། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས།། ཞེས་དང་། གང་དག་རང་དངོས་གཞན་དངོས་དང་། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་དགག་པར་མཛད། །ཅེས་དང་། ཡོད་


MR14_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་དང་། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་དང་། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགག་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་དང་། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་དང་། རང་བཞིན་གྱིས་ནི་སྟོང་དེ་ལ། །སངས་རྒྱས་མྱ་ངན་འདས་ནས་ནི། །ཡོད་དམ་ཞེའམ་མེད་དོ་ཞེས། །བསམ་པ་འཐད་པ་ཉིད་མི་འགྱུར། །ཞེས་དང་། གང་དག་སངས་རྒྱས་སྤྲོས་འདས་ཤིང་། །ཟད་པ་མེད་ལ་སྤྲོས་བྱེད་པ། །སྤྲོས་པས་ཉམས་པ་དེ་ཀུན་གྱིས། །དེ་བཞིན་གཤེགས་པ་མཐོང་མི་འགྱུར། །དེ་བཞིན་གཤེགས་པའི་རང་བཞིན་གང་། །དེ་ནི་འགྲོ་འདིའི་རང་བཞིན་ཡིན། །དེ་བཞིན་གཤེགས་པ་རང་བཞིན་མེད། །འགྲོ་བ་འདི་ཡང་རང་བཞིན་མེད། །ཅེས་དང་། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །སངས་རྒྱས་རྣམས་ཀྱིས་གང་དུ་ཡང་། །སུ་ལ་ཆོས་འགའ་མ་བསྟན་ནོ། །ཞེས་དང་། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་


MR14_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྤང་བའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽ་ཏཾ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། རིན་པོ་ཆེའི་ཕྲེང་བ་ལས་ཀྱང་། །དེ་ཕྱིར་བདག་དང་བདག་མེད་པར། །ཡང་དག་ཇི་བཞིན་དམིགས་སུ་མེད། །བདག་དང་བདག་མེད་ལྟ་བ་དག །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག །མཐོང་དང་ཐོས་སོགས་ཐུབ་པ་ཡིས། །བདེན་མིན་རྫུན་པ་མིན་པར་གསུངས། །མི་མཐུན་ཕྱོགས་ལས་ཕྱོགས་གྱུར་ན། །དེ་ནི་གཉིས་ཀ་དོན་དུ་མིན། །དེ་ལྟས་དམ་པའི་དོན་དུ་ན། །འཇིག་རྟེན་འདི་ནི་བདེན་རྫུན་འདས། །དེ་ཉིད་ཕྱིར་ན་ཡང་དག་ཏུ། །ཡོད་ཅེས་མེད་ཅེས་ཞལ་མི་བཞེས། །གང་ཞིག་དེ་ལྟར་རྣམ་ཀུན་ཏུ། །ཡོད་མིན་དེ་ནི་ཀུན་མཁྱེན་གྱིས། །མཐའ་ཡོད་མཐའ་མེད་གཉིས་ཀ་དང་། །གཉིས་མ་ཡིན་ཞེས་ཇི་སྐད་བསྟན། །ཞེས་དང་། ཀླུ་སྒྲུབ་ཞབས་ཀྱིས་སྐྱེ་མེད་རིན་པོ་ཆེའི་མཛོད་ལས། གཞི་ལམ་འབྲས་བུ་སྐྱེ་མེད་ཀྱི། །གཞི་རྩ་དྲན་མེད་བློ་ལས་འདས། །སེམས་མེད་སེམས་ལས་བྱུང་བའང་མེད། །བྱ་བྲལ་རེ་དོགས་རྒྱུན་ཐག་ཆད། །ཅེས་དང་། ཅི་ཡང་མི་རྟོག་སྟོང་པ་སྟེ། །ཡིད་ལ་མི་བྱེད་སྐྱེ་འཆི་མེད། །ཅེས་དང་། གྲུབ་པ་མེད་པའི་ཆོས་རྣམས་ལ། །གཉིས་དང་གསུམ་སོགས་ག་ལ་སྲིད། །སྣང་སེམས་ཁས་ལེན་སྤྲོས་དང་བྲལ། །ཆོས་ཉིད་བློ་འདས་སྒོམ་དུ་མེད། །ཅེས་དང་། ཕྱག་རྒྱ་བཞི་གཏན་ལ་དབབ་པ་ལས། ཀུན་ཏུ་རྟོག་པས་མ་བརྟག་པ། །རབ་ཏུ་མི་གནས་པ་ཡི་ཡིད། །དྲན་པ་མེད་ཅིང་ཡིད་བྱེད་མིན། །དམིགས་པ་མེད་ལ་ཕྱག་འཚལ་འདུད། །ཅེས་གསུངས་ཤིང་། དཔལ་ལྡན་ཟླ་བས་ཚིག་གསལ་དུ། །ཅི་འཕགས་པ་རྣམས་ལ་རིགས་པ་མི་མངའ་འམ་ཞེ་ན། ཡོད་པའམ་མེད་པ་འདི་སུས་སྨྲས། འཕགས་པ་རྣམས་ཀྱི་དོན་དམ་པ་ནི་ཅང་མི་གསུང་བ་ཡིན་ཏེ། དེའི་ཕྱིར་གང་ལ་འཐད་པ་དང་འཐད་པ་མ་ཡིན་པ་མི་མངའ་བར་འགྱུར་བ་དེ་ལ་སྤྲོས་པ་


MR14_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་བར་ག་ལ་འགྱུར། ཞེས་སོགས་གསུངས་པ་དང་། གང་དག་སྟོང་ཉིད་ལ་མངོན་པར་ཞེན་པ་དེའི་དངོས་པོར་མངོན་ཞེན་གང་གིས་སྤོང་བར་འགྱུར། ཞེས་དང་། འཇུག་པ་རང་འགྲེལ་ལས། དོན་དམ་པའི་བདེན་པ་བསྟན་པར་འདོད་པས། དེ་ནི་བརྗོད་དུ་མེད་པའི་ཕྱིར་དང་། ཤེས་པའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་དངོས་སུ་བསྟན་པར་མི་ནུས་པས་ཉན་པར་འདོད་པའི་སེམས་ལ་རང་གིས་མྱོང་བ་ཉིད་དུ་དེའི་རང་བཞིན་གསལ་བར་བྱེད་པའི་དཔེ་བཤད་པ། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། ཞེས་སོགས་གསུངས་ནས་ལྷའི་བུ་གལ་ཏེ་དོན་དམ་པའི་བདེན་པ་ནི་སོགས་ཀྱི་ལུང་དྲངས་ནས། རབ་ཏུ་མ་སྐྱེས་པའི་དོན་བཤད་མི་ནུས་སོ་ཞེས་རྒྱ་ཆེར་གསུངས་སོ། །ཡང་གཞུང་དེར། དེ་ཁོ་ན་ཉིད་ལ་དངོས་དངོས་མེད་སྟོང་མི་སྟོང་། རང་དང་གཞན། རྟག་པ་དང་ཆད་པ། བདེན་མི་བདེན། རྟག་མི་རྟག བདེ་སྡུག །གཙང་མི་གཙང་། བདག་བདག་མེད། སྟོང་མི་སྟོང་། མཚན་ཉིད་མཚོན་བྱ། གཅིག་ཐ་དད། །སྐྱེ་འགག་ལ་སོགས་པའི་ཁྱད་པར་དག་སྲིད་པ་མ་ཡིན་ཏེ། དེའི་རང་གི་ངོ་བོ་མ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་དེ་ཁོ་ན་ཉིད་བསམ་པ་ལ་འཕགས་པ་རྣམས་ཁོ་ན་ཚད་མ་ཡིན་གྱི་འཕགས་པ་མ་ཡིན་པ་དག་ནི་མ་ཡིན་ནོ་ཞེས་སོགས་རྒྱ་ཆེར་གསུངས་པ་དང་། ཡང་ཚིག་གསལ་ལས། མི་སྟོང་ཅུང་ཟད་ཡོད་མིན་ན། །ཞེས་སོགས་ཀྱི་ཐད་ཀྱི་འགྲེལ་པར། གཉེན་པོ་ལྟོས་པ་དང་བྲལ་བས། ནམ་མཁའི་མེ་ཏོག་གི་ཕྲེང་བ་ལྟར་སྟོང་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ངེས་པར་བྱའོ། ཞེས་སོགས་དང་། དེ་ལ་གང་དག་འགྲོ་བའི་སྒྲོན་མེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པའི་རྣམ་ཐར་སྒོ་གསུམ་མུ་སྟེགས་པའི་གཞུང་དང་ཐུན་མོང་མིན་པ་དག་ཡིན་ན། ཁྱོད་བདེ་བར་གཤེགས་པའི་གསུང་རབ་འཆད་པའི་སྒྱུ་ཐབས་


MR14_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྟོང་པ་ཉིད་སྤོང་བར་རྩོམ་པ་ཡིན་པས་མཐོ་རིས་དང་བྱང་གྲོལ་གྱི་ལམ་རྒྱུན་གཅོད་པར་བྱེད་པ་ཞིག་གོ་ཞེས་སྨྲས་ན། ཀྭ་ཡེ་ཁྱོད་ནི་ཕྱིན་ཅི་ལོག་ཏུ་གྱུར་པས། མྱང་འདས་ཀྱི་ལམ་དྲང་པོ་བོར་ནས་དངོས་ཞེན་ཅན་ཁྱོད་དམ་པ་དག་གིས་སྨད་པར་བྱ་བ་ཡིན་བཞིན་མངོན་པའི་ང་རྒྱལ་གྱིས་ཞེན་པས་བཟུང་ནས། དེ་དག་ཉིད་ལ་སྨོད་པར་བྱེད་པ་ཞིག་སྟེ། ཀྭ་ཡེ་ཉོན་མོངས་པའི་ནད་ཀུན་གསོ་བར་མཛད་པ་སྨན་པའི་རྒྱལ་པོ་ཆེན་པོ་ནི། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་བསྒྲུབ་ཏུ་མེད་པར་གསུངས་པ་མ་ཡིན་ནམ། སྟོང་ཉིད་ནི་ལྟ་བར་གྱུར་པ་ཐམས་ཅད་ཀྱི་མངོན་ཞེན་ངེས་པར་ཕྱུང་བའམ་ལོག་པ་ཡིན་ལ། ལྟ་བར་གྱུར་པ་རྣམས་ལོག་པ་ཙམ་ནི་དངོས་པོ་ཡང་མ་ཡིན་ནོ། །ཞེས་སོགས་དང་། འོད་སྲུང་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བའི་སྟོང་པ་ཉིད་ཡིན་ན། འོད་སྲུང་གང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་། །ཞེས་སོགས་ལུང་དྲངས་ནས་སྒྲུབ་པར་མཛད་དོ། །ཡང་གང་ཞིག་འདི་ལྟར་ཁྱོད་ལ་ཟོང་ཅི་ཡང་མི་སྟེར་རོ་ཞེས་སྨྲས་པ་དང་། ཀྱེ་བདག་ལ་ཅི་ཡང་མེད་པ་ཞེས་བྱ་བའི་ཟོང་དེ་ཉིད་བྱིན་ཅིག་སྨྲས་ན། དེ་ལ་ཟོང་མེད་པར་འཛིན་དུ་གཞུག་པར་ཐབས་གང་གིས་ནུས། དེ་བཞིན་དུ་གང་དག་སྟོང་པ་ཉིད་ལའང་མངོན་པར་ཞེན་པ་དེའི་དངོས་པོར་ཞེན་པ་དེ་གང་གིས་འགོག་པར་འགྱུར་ཞེས་དང་། གཞན་ཡང་གང་གིས་ཆོས་ཐམས་ཅད་རྫུན་པའི་དོན་ཅན་ཉིད་དུ་ཡོངས་སུ་མཁྱེན་པ་དེ་ལ། ཅི་ལས་འདིས་ནི་ཆོས་འགའ་ཡང་ཡོད་པ་ཉིད་དམ་མེད་པ་ཉིད་དུ་དམིགས་པའང་མ་ཡིན་ནོ། །ཞེས་གསུངས་ཤིང་། དབུ་མ་སྙིང་པོ་ལས། དངོས་རྣམས་མེད་ཅེས་བྱ་བའི་བློ། །དོན་བཞིན་ཡིན་པར་མི་འདོད་དེ། །རྟོག་པའི་སྒོ་ནས་བསྒྲུབ་པའི་ཕྱིར། །ཐོ་ཡོར་ལ་ནི་མི་བློ་བཞིན། །ཞེས་དང་། དེའི་ཐད་ཀྱི་འགྲེལ་པ་རྟོག་གེ་འབར་བ་ལས། །དངོས་


MR14_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་བཀག་པའི་མེད་དགག་ཀྱང་གནས་ལུགས་སུ་མི་སྒྲུབ་པའི་ཚུལ་གསལ་བར་བཤད་ལ། དབུ་མར་སྨྲ་བའི་པཎ་གྲུབ་ཆེན་པོ་རྣམས་ཀྱི་གདམས་ངག་ཕྱོགས་གཅིག་བསྡུས་པར་གྲགས་པ་སློབ་དཔོན་བྷ་བྱའི་དབུ་མ་རིན་པོ་ཆེའི་སྒྲོན་མེར། སྐབས་དེར་ཤེས་པ་ཅི་ལ་ཡང་མི་གནས། ཅིར་ཡང་མི་རྟོག །ཅིར་ཡང་སེམས་པ་མེད་པ། མཐའ་ཐམས་ཅད་ལ་མི་གནས་པ། ཤེས་པ་ཅིའི་ངོ་བོར་ཡང་མ་སྐྱེས་པ། ཅི་ཡང་མ་ཡིན་པར་བསྒོམ་པར་བྱའོ། །ཞེས་དང་། དབུ་མ་བདེན་གཉིས་ལས། སྐྱེ་ལ་སོགས་པ་བཀག་པ་ཡང་། །ཡང་དག་པ་དང་མཐུན་ཉིད་འདོད། །དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་དུ་ན་བཀག་མེད་གསལ། །ཡང་དག་ཉིད་དུ་གཉིས་མེད་དེ། །དེ་ནི་སྤྲོས་པ་མེད་པ་ཡིན། །འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་མི་གསུང་བཞུགས། །ཞེས་དང་། མི་གསུངས་པ་ཉིད་རྒྱ་ཆེར་བཤད། །ཅེས། ལི་ཙ་བི་དྲི་མེད་གྲགས་པ་ལ་འཇམ་དཔལ་གྱིས་དྲིས་པ་ན། དེ་ཉིད་བརྗོད་དུ་མེད་པའི་ཕྱིར་མི་གསུང་བར་བཞུགས་པས་དོན་གྱིས་བརྗོད་དུ་མེད་པ་ཚིག་གིས་སྤྲོས་པས་ཇི་བཞིན་གཏན་ལ་འབེབས་མི་ནུས་པར་བསྟན་པ་ལ། འཇམ་དཔལ་གྱིས་ལེགས་སོ་བྱིན་པ་ལྟ་བུ་སྟེ། དེ་ཁོ་ན་ཉིད་ནི་བདེན་མེད་དོ་ཞེས་དྲི་མེད་གྲགས་པས་བརྗོད་མི་དགོངས་པ་ག་ལ་ཡིན། དབུ་མ་རྒྱན་ལས། ཡང་དག་དུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །ཞེས་དང་། ཀ་མ་ལ་ཤཱི་ལའི་དབུ་མ་སྣང་བ་ལས། དེ་ལྟར་སྐྱེ་བ་མེད་པ་འདི་ཡང་དོན་དམ་པ་དང་མཐུན་པའི་ཕྱིར། དོན་དམ་པ་ཞེས་བྱའི་དངོས་སུ་ནི་མ་ཡིན་ཏེ། དངོས་སུ་ནི་དོན་དམ་པ་སྤྲོས་པ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །ཞེས་དང་། བཀའ་གདམས་པ་རྣམས་ཀྱི་ལྟ་བ་ཇོ་བོ་རྗེ་དང་མཐུན་དགོས་ན། ཇོ་བོ་རྗེའི་བདེན་གཉིས་ལ་འཇུག་པ་ལས། དམ་པའི་དོན་ནི་གཅིག་


MR14_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེ། །གཞན་དག་རྣམ་པ་གཉིས་སུ་འདོད། །ཅིར་ཡང་མི་གྲུབ་ཆོས་ཉིད་དེ། །གཉིས་དང་གསུམ་སོགས་ག་ལ་འགྱུར། །ཞེས་སྤྲོས་བྲལ་ཉག་གཅིག་དོན་དམ་པར་གསུངས་པ་དང་། ཡང་། བསྟན་པའི་ཚིག་གི་སྦྱོར་བ་ཡིས། །སྐྱེ་མེད་འགག་མེད་སོགས་པས་མཚོན། །དོན་དམ་ཐ་དད་མེད་ཚུལ་གྱིས། །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །སྟོང་པ་ཉིད་ལ་ཐ་དད་ནི། །ཅུང་ཟད་ཡོད་པ་མ་ཡིན་ཏེ། །རྟོགས་མེད་ཚུལ་གྱིས་རྟོགས་པ་ལ། །སྟོང་ཉིད་མཐོང་ཞེས་ཐ་སྙད་བཏགས། །ཞེས་དང་། །ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་རྣམ་པར་སྤང་། །རྣམ་པར་རྟོག་མེད་དམིགས་པ་བྲལ། །ཞེས་དང་། མངོན་སུམ་དང་ནི་རྗེས་སུ་དཔག །སངས་རྒྱས་པ་ཡིས་དེ་གཉིས་གཟུང་། །གཉིས་པོས་སྟོང་ཉིད་རྟོགས་སོ་ཞེས། །ཚུ་རོལ་མཐོང་བའི་རྨོངས་པས་སྨྲ། །ཞེས་སོགས་ནས། མངོན་སུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་རྒོལ་བ་བཟློག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ལུང་ལས་ཀྱང་ནི་གསལ་པོ་རུ། །རྟོག་བཅས་རྟོག་པ་མེད་པ་ཡི། །ཤེས་པ་གཉིས་ཀྱིས་མི་རྟོགས་ཞེས། །སློབ་དཔོན་མཁས་པས་བྷ་བྱ་གསུངས། །སྟོང་ཉིད་གང་གིས་རྟོགས་ཤེ་ན། །དེ་བཞིན་གཤེགས་པས་ལུང་བསྟན་བཞིན། །ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །ཞེས་གསུངས་པའི་ལུང་འདི་རྣམས་ཀྱིས་རྩོད་ཡིག་ཏུ། ཤེར་མདོ་དང་དེའི་དགོངས་འགྲེལ། དབུ་མ་རིགས་པའི་ཚོགས་རྣམས་སུའང་རང་བཞིན་མེད་པ་ཉིད་རྒྱ་ཆེར་བསྟན་ཅིང་ཞེས་སྨྲས་པ་ལྟར། །དེ་ལྟར་བསྟན་པ་ནི་སྨོས་མ་དགོས་ཀྱང་། ལུང་དེ་དག་རྣམས་སུ་སྤྲོས་བྲལ་ཉིད་བསྙོན་འདིང་དུ་མེད་ཅིང་འཁྱོགས་བཤད་ཀྱིས་བསྒྱུར་དུ་མེད་པར་བསྟན་པ་འདི་བཞིན་ལགས་ན། བརྗོད་མེད་དང་སྤྲོས་བྲལ་ཟེར་བ་འདི་སངས་རྒྱས་ཀྱི་སྐུ་དུས་ནས་


MR14_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་རྒྱུ་ཞིག་ཡིན་པར་འདུག་སྟེ། ཧ་ཤང་གིས་གསར་དུ་བསྐྲུན་པ་མི་འདྲ་ལ་རྒྱ་བོད་ཀྱི་པཎ་གྲུབ་ཟམ་མ་ཆད་པའི་མན་ངག་ཡོད་པའི་བླ་མ་གོང་མ་རྣམས་ཀྱི་ཡང་ཐུགས་ཉམས་སུ་བཞེས་པ་ཡིན་པ་དང་། པ་ཚབ་ལོ་རྩ་བ་སོགས་ཐལ་འགྱུར་གྱི་བརྒྱུད་པ་འཛིན་པ་དེ་དག་གིས་ཀྱང་། རང་རང་གི་བླ་མ་པཎྜི་ཏ་ལ་གཏུགས་ནས་ཞུས་དུས། ཅི་མ་དགོངས་ཀྱང་དབུ་མའི་སྒོམ་སྤྲོས་བྲལ་དང་སྤྲོས་བཅས་ཀྱི་འཇོག་མཚམས་གང་ཡིན་ཙམ་མི་དགོངས་མི་སྲིད་པས། སྤྲོས་བྲལ་ཁས་ལེན་པ་ལ་ཐན་དུ་ལྟ་ཆེས་ན། སྟོན་པ་སུ་ཡིན་ཡང་བརྟག་དགོས་པར་མངོན་ནོ། །རྗེ་ཙོང་ཁ་པས་རེད་མདའ་བར་ཕུལ་བའི་ཤོག་དྲིལ་དུ། ཐལ་འགྱུར་བའི་འཕགས་པ་རྣམས་མཉམ་བཞག་ན་ཁས་ལེན་ཐམས་ཅད་མེད་པའི་རྣམ་གྲངས་མིན་པའི་དོན་དམ་ལ་མཉམ་པར་བཞག་ནས། རྗེས་ཐོབ་ཏུ་རྟེན་འབྲེལ་གཟུགས་བརྙན་ལྟ་བུ་རྣམ་གྲངས་པའི་དོན་དམ་བདེན་པ་འགོག་མེད་དུ་འཆར་བར་གསུངས་པས་རྣམ་གྲངས་མིན་པའི་དོན་དམ་སྤྲོས་བྲལ་མཚན་ཉིད་པ་འཕགས་པའི་སྤྱོད་ཡུལ་དུ་གསུངས་པས་སྤྲོས་བྲལ་ཉིད་གནས་ལུགས་མཐར་ཐུག་ཏུ་བཞེད་པར་གསལ་ལོ། །ཡང་ཁོང་གིས་རྒྱུད་སྡེ་འོག་མ་གསུམ་དུ་ཡང་མཚན་མེད་ཀྱི་རྣལ་འབྱོར་མཆོག་ཏུ་གསུངས་ཞེས་སྨྲས་པ་བདེན་ཏེ། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། གསང་བ་པའི་བདག་པོ་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ནི། རང་གི་སེམས་ལས་ཡོངས་སུ་བཙལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ཏེ། དེ་ནི་ནང་ན་མེད། །ཕྱི་རོལ་ན་མེད། གཉིས་ཀྱི་བར་ན་ཡང་མི་དམིགས་སོ། །ཞེས་དང་། སེམས་དེ་ནི་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མ་གཟིགས། གཟིགས་པར་མི་འགྱུར་ཏེ། སྔོན་པོར་མ་ཡིན། སེར་པོ་མ་ཡིན་སོགས་རྒྱ་ཆེར་གསུངས་ཤིང་། །


MR14_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་བྱང་ཆུབ་སེམས་དཔའི་ཆོས་སྣང་བའི་སྒོ་སྟེ། གང་ལ་གནས་ན་ཚེགས་ཆུང་ངུས་སྒྲིབ་པ་ཀུན་སྤོང་བའི་ཏིང་ངེ་འཛིན་ཐོབ་སྟེ་སངས་རྒྱས་དང་འགྲོགས་པ་སོགས་ཡོན་ཏན་ཚད་མེད་པ་འཐོབ་པར་གསུངས། ཡང་། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་མྱ་ངན་འདས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་སྟོང་ཉིད་ཤེས་པར་བྱ། །ཞེས་དང་། འདི་ནི་ཕུང་པོ་ཙམ་ཉིད་དེ། །བདག་ནི་ནམ་ཡང་ཡོད་མ་ཡིན། །ཞེས་སོགས་དང་། གང་དུ་སེམས་དང་སེམས་བྱུང་བའི། །རྟོག་པ་ཐམས་ཅད་སྤོང་བ་དང་། །རྣམ་པར་རྟོག་པ་ལས་བྱུང་བའི། །སྤྲོས་པ་ཐམས་ཅད་འགག་འགྱུར་བའི། །བྱང་ཆུབ་སེམས་ཞེས་བཤད་པ་ཡིན། །ཞེས་དང་། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །རྟོག་པ་ཐམས་ཅད་སྤང་བ་ཡིན། །གང་གིས་དེ་རྟོགས་འདོད་པ་དེས། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་དང་། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྟོགས་པ་ལས། ཆོས་གཅིག་ལ་ཡང་དག་པར་བསམ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྔགས་གྲུབ་པར་འགྱུར་ཏེ། གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་སྤྲོས་པ་མེད་པའི་རྣམ་པར་རྗེས་སུ་མཐོང་བའོ། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། ཡོད་པའང་མ་ཡིན་མེད་པའང་མིན། །དངོས་པོ་མ་ཡིན་དངོས་མེད་མིན། །བརྗོད་བྱ་མ་ཡིན་རྗོད་བྱེད་མིན། །དག་པ་མྱ་ངན་འདས་ཉིད་ཡིན། །ཞེས་སོགས་མདོར་ན་རྒྱུད་སྡེ་འོག་མ་གསུམ་ན་སྤྲོས་བྲལ་གྱི་རྣལ་འབྱོར་འབའ་ཞིག་བསྟན་པ་ཐམས་ཅད་འབྲི་བར་མ་ལོངས་ཀྱང་འདིས་མཚོན་ནས་ཤེས་པར་བྱ་ལ། ཡང་ཁོང་གིས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་འདུས་པ་དང་། བདེ་མཆོག་སོགས་ལས་བསྟན་ཞེས་སྨོས་པ་ཡང་ཤིན་ཏུ་བདེན་ཏེ། གསང་བ་འདུས་པ་ལས། དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པ་བསྒོམ་པ་


MR14_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཉིད། །དེ་ལྟར་དངོས་པོ་དངོས་མེད་དེ། །བསྒོམ་པ་དམིགས་སུ་མེད་པའོ། །ཞེས་དང་། བདེ་མཆོག་ཉུང་ངུའི་རྒྱུད་དུ། །མོས་པ་དུ་མའི་སེམས་ཅན་ལ། །སྤྱོད་པ་སྣ་ཚོགས་སྟོན་མཛད་དེ། །སྣ་ཚོགས་ཚུལ་གྱིས་གདུལ་བྱ་བ། །ཐབས་ནི་སྣ་ཚོགས་སྟོན་པ་ཡིན། །ཟབ་མོའི་ཆོས་ནི་སྟོན་པ་ལ། །གལ་ཏེ་མོས་པར་མ་གྱུར་ཀྱང་། །སྨོད་པ་དག་ཏུ་མི་བྱ་སྟེ། །ཆོས་ཉིད་བསམ་མི་ཁྱབ་དྲན་བྱ། །གང་གིས་འདི་བདག་ཡུལ་མིན་པ། །གང་གིས་ཆོས་ཉིད་མི་ཤེས་ཡིན། །རྫོགས་སངས་རྒྱས་དང་དེའི་སྲས་ནི། །བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན། །སངས་རྒྱས་རྣམས་ནི་བྱུང་གྱུར་ཏམ། །མ་བྱུང་ན་ཡང་རྣམ་ཀུན་ཏུ། །བསམ་མི་ཁྱབ་པའི་ཆོས་ཉིད་ནི། །འཕེལ་འགྲིབ་སྤངས་པས་གནས་པ་ཡིན། །ཞེས་གསུངས་པའང་དྲན་པར་བྱ་ཞིང་། བདེ་མཆོག་འབྱུང་བའི་རྒྱུད་ལས། །བེམ་པོ་མིན་ཕྱིར་བདག་ཉིད་རིག །མི་ཤེས་རྣམ་པར་མི་མཐོང་བས། །གཟུགས་མེད་གང་དུ་མི་གནས་ཤིང་། །འགྱུར་བ་མེད་ཕྱིར་བརྟན་པའོ། །ཞེས་དང་སྡོམ་པ་བྱང་ཆུབ་བདེ་མཆོག་སྟེ། །བལྟར་མེད་བརྗོད་དུ་མེད་པའོ། །ཞེས་དང་། སྒོམ་པ་དངོས་མེད་རང་བཞིན་ཏེ། །དངོས་མེད་སྤྲོས་དང་བྲལ་བའོ། །རང་རིག་བདག་ཉིད་ཅན་གྱི་ལས། །སྒོམ་པའང་བསྒོམ་དུ་མེད་པའོ། །ཞེས་དང་། །ཕག་མོ་མངོན་འབྱུང་ལས། གཟུང་བ་ཡུལ་མེད་བསྒོམ་པའི་མཆོག །ཆོས་ཀྱི་བདག་མེད་རྟོགས་པར་བྱ། །འཛིན་པའི་སེམས་མེད་བསྒོམ་པའི་མཆོག །གང་ཟག་བདག་མེད་རྟོགས་པར་བྱ། །ཞེས་དང་། སམ་ཊ་ལས། སྟོང་མིན་སྟོང་པ་མིན་པའང་མིན། །དབུ་མར་དམིགས་པར་མི་འགྱུར་ཏེ། །ཤེས་རབ་ཕ་རོལ་ཕྱིན་སྦྱོར་ན། །ཐབས་ནི་སྙིང་རྗེའི་བདག་ཉིད་དེ། །ཞེས་དང་། རྣམ་རྟོག་གཏི་མུག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་


MR14_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པ། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་དང་། དོན་དམ་སེམས་ཀྱི་སྤྱོད་ཡུལ་མིན། །ཞེས་དང་། དཔལ་ཡེ་ཤེས་ཕྲེང་བའི་རྒྱུད་ལས། དངོས་པོ་སྒོམ་པ་བསྒོམ་པ་མིན། །དངོས་མེད་སྒོམ་པ་བསྒོམ་པ་མིན། །དངོས་དང་དངོས་མེད་རོ་མཉམ་ན། །མ་སྒོམ་ན་ཡང་བསྒོམ་པ་ཉིད། །ཅེས་དང་། དཔལ་ཡེ་ཤེས་རྒྱལ་པོའི་རྒྱུད་ལས། རང་རིག་གཉིས་སུ་མེད་པ་ལ། །གཞན་རིག་གཉིས་སུ་འཛིན་པས་འཁྲུལ། །ཞེས་དང་། མཁའ་འགྲོ་མ་གསང་བ་འབར་བའི་རྒྱུད་ལས། སེམས་ཀྱི་དེ་ཉིད་སྟོང་པའི་རོ། །དེ་ཉིད་མཁའ་འགྲོ་བཞི་པ་སྟེ། །ཤེས་བརྗོད་ཀུན་གྱི་ཡུལ་མ་ཡིན། །ཞེས་གསུངས་པ་སོགས་ཚད་མེད་ཀྱང་སྔགས་ཀྱི་དོན་ཟབ་མོ་རྣམས་བརྗོད་པའི་སྐབས་མིན་མོད། མཚན་མེད་ཀྱི་རྣལ་འབྱོར་བསྟན་ཚུལ་ཙམ་ཞིག་སྨོས་པ་འདིས་མཚོན་ནས་སྔགས་ཕྱི་ནང་གི་རྒྱུད་སྡེ་མཐའ་དག་ན་མཚན་མེད་ཀྱི་རྣལ་འབྱོར་བསྟན་ཚད་མི་རྟོག་པ་དང་སྤྲོས་པ་མེད་པ་འབའ་ཞིག་བསྟན་གྱི། རྣམ་པར་རྟོག་པ་དང་སྤྲོས་བཅས་ཀྱི་མཚན་མེད་ཀྱི་རྣལ་འབྱོར་བསྟན་པའི་ཚིག་གཅིག་ཀྱང་གསུངས་པ་མེད་པས་ཁྱེད་ཀྱི་འདོད་པ་སྒྲུབ་བྱེད་དང་གནོད་བྱེད་གང་དུ་འགྱུར་ཆ་མེད་པར་སྤྱི་བརྟོལ་བསྐྱེད་དེ་རྒྱུས་གཏམ་ཁ་བོ་ཆེ་བསྒྲགས་པ་རྒྱུས་མེད་ཀྱི་རང་མཚང་ལྟ་བུར་སོང་འདུག་གི་སྐྱོན་བརྗོད་འདོད་ཀྱིས་ཚིག་དོན་ཙམ་སྨྲས་པ་ནི་མ་ཡིན་ནོ། །དེ་ལྟར་རྒྱུད་དོན་གཟིགས་པའི་དམ་པ་རྣམས་ཀྱི་གསུངས་ལས་ཀྱང་འདི་སྐད་དུ། རྡོ་རྗེ་སྙིང་འགྲེལ་ལས། ཀོ་ཊ་པ་ཡི་ས་བོན་ལས། །སཱ་ལུའི་འབྲུ་ནི་འབྱུང་བ་མེད། །རྣམ་རྟོག་ས་བོན་ལས་བྱུང་བའི། །འབྲས་བུ་རྣམ་རྟོག་བཅས་པར་འགྱུར། །རྣམ་པར་མི་རྟོག་ལས་སྐྱེས་པའི། །འབྲས་བུ་རྣམ་པར་མི་རྟོག་འགྱུར། །ཞེས་དང་། དཔལ་ས་ར་ཧའི་སྐུའི་མཛོད་འཆི་མེད་རྡོ་རྗེའི་གླུ་ལས། ཡིད་ལ་བྱ་དང་མི་བྱ་སྙད་འདོགས་ཀྱང་། །བློ་འདས་འདི་ལ་བཙལ་དུ་ཡོད་རེ་ཀན། །ཞེས་དང་། རྡོ་རྗེ་


MR14_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་རྟོགས་དཀའ་ཁོ་ན་ཉིད། །མ་ཤེས་ཅོལ་བས་སྒྲ་ཕྱིར་འབྲངས་སེམས་ཀྱིས། །བྱ་བ་མེད་པའི་དོན་དང་འཕྲད་པར་དཀའ། །ཞེས་དང་། དཔལ་ས་ར་ཧའི་ཕྱག་རྒྱ་ཆེན་པོའི་མན་ངག་ཅེས་པའི་དོ་ཧ་མཛོད་ལས། ཇི་ལྟར་ནགས་ན་སེང་གེའི་ང་རོ་ཡིས། །རི་དྭགས་ཕྲ་མོ་ཐམས་ཅད་སྐྲག་གྱུར་ཀྱང་། །སེང་ཕྲུག་རྣམས་ནི་དགའ་བས་རྒྱུག་པ་ལྟར། །གདོད་ནས་མ་སྐྱེས་བདེ་ཆེན་འདི་བསྟན་པས། །རྨོངས་པ་ལོག་རྟོག་ཅན་རྣམས་སྐྲག་གྱུར་ཀྱང་། །སྐལ་ལྡན་རབ་ཏུ་དགའ་བས་སྤུ་ཟིང་བྱེད། །ཅེས་དང་། བིཪྺ་པའི་དོ་ཧ་ལས། སྟོང་པ་ཉིད་དང་སྐྱེ་མེད་བློ་ལས་འདས་པ་དང་། །མཐའ་བྲལ་ལ་སོགས་གང་ཡང་ཡིད་ལ་བྱེད་པ་ན། །གནས་ལུགས་དོན་ལ་མི་གནས་ཤིན་ཏུ་ཡེངས་པའོ། །སྟོང་དང་མི་སྟོང་རྩིས་མེད་ལྷུག་པའི་ངང་ལ་ཞོག །ཅེས་དང་། སློབ་དཔོན་སྒེག་པའི་རྡོ་རྗེའི་སྔགས་དོན་རབ་འབྱེད་ལས། དེ་ཕྱིར་ཆོས་རྣམས་སྣ་ཚོགས་སྣང་བ་ཀུན། །རྣམ་པར་བཞག་ཏུ་རུང་བ་གང་མ་མཐོང་། །གང་མ་མཐོང་བས་གང་ཡང་མི་ཞེན་ཅིང་། །མི་སྒྲུབ་མི་འདོར་བློ་ཡི་ཆོས་དང་བྲལ། །མཉམ་ཉིད་བྱང་ཆུབ་སེམས་ཞེས་དེ་ལ་བརྗོད། །ཅེས་དང་། སློབ་དཔོན་གཉིས་མེད་རྡོ་རྗེའི་དེ་ཁོ་ན་ཉིད་བཅུ་པ་ལས། དེ་བཞིན་ཉིད་ནི་ཤེས་འདོད་པས། །རྣམ་བཅས་མ་ཡིན་རྣམ་མེད་མིན། །བླ་མའི་ངག་གིས་མ་བརྒྱན་པའི། །དབུ་མའང་འབྲིང་པོ་ཙམ་ཉིད་དོ། །ཞེས་གསུངས་པས་འཕགས་ཡུལ་པའི་རིག་འཛིན་གྲུབ་པ་རྣམས་ཀྱི་རྡོ་རྗེའི་གསུང་རྣམས་ཀྱང་དཔང་པོར་བཞུགས་བཞིན་པ་ལགས་པས། གོང་དུ་གསུང་རྣམས་ལུང་དྲངས་པའི་པཎ་གྲུབ་དེ་སྙེད་དང་བོད་སྔ་རབས་པའི་མཁས་གྲུབ་རྣམས་ཀྱི་ཡང་ལུགས་དང་མ་མཐུན་ན། །རྒྱ་མིན་བོད་མིན་པི་ཤཱ་ཙིའི་གདམས་ངག་ལོངས་ལ་སྒྲུབ་པ་སྙིང་པོར་མཛོད་ཅེས་ཉིད་ཀྱིས་གདམས་པ་དེ་ལྟར་འགྱུར་དོགས་སོ། །


MR14_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཊཱི་ཀར། སླར་མེད་པ་ཉིད་གནས་ལུགས་མཐར་ཐུག་ཏུ་མི་བཞེད་དེ་ཞེས་དབུ་མ་རྒྱན་གྱི་ལུང་གིས་སྒྲུབ་པ་ལྟར་ལུང་དེས་མཐར་བཞི་བྲལ་བ་སྟོན་དགོས་པས། དེ་ལྟ་ན་རང་རྒྱུད་པའི་གཞུང་དུ་རྣམ་གྲངས་པའི་དོན་དམ་ཉིད་སྟོན་ཟེར་བ་སུན་ཕྱུང་ངོ་ཟེར་བ་ནི། ཐལ་རང་གི་གཞུང་དུ་དོན་དམ་གཉིས་པོ་རྩལ་དུ་བཏོན་ནས་སྤྲོས་བྲལ་གྱི་དོན་རིམ་དང་ཅིག་ཅར་གྱི་འཆད་ཚུལ་ཙམ་ལས་མཐར་ཐུག་སྤྲོས་བྲལ་ཉིད་དུ་དགོངས་པ་གཅིག་པར་འདོད་པས་སྐྱོན་འདི་མི་འཇུག་སྟེ། ཚུལ་གསུམ་གྱི་གཏན་ཚིགས་རང་རྒྱུད་དུ་འགོད་མི་འགོད་ཀྱི་སྒོ་ནས་རྩ་ཤེས་ཀྱི་དགོངས་པ་འགྲེལ་ཚུལ་ལ། ཚིག་གསལ་ལས་ཕྱོགས་སྔ་བཀོད་པ་དང་ལན་བསྟན་པས་ཤེས་ཏེ། གཞུང་དེ་ལས་དབུ་མ་པ་ཡིན་ན་རང་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པའང་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ་ཞེས། ང་ལ་ཁས་ལེན་མེད་པས་ན། །ཞེས་སོགས་ལུང་དྲངས་པ་འདི་ཉིད་སྤྲོས་བྲལ་རྩལ་དུ་བཏོན་ནས་སྒྲུབ་པའི་གནད་ཀྱིས་ཡིན་ཏེ། རྣམ་གྲངས་པའི་བདེན་མེད་ཙམ་སྒྲུབ་པའི་ཁས་ལེན་ཡོད་ན་ཚུལ་གསུམ་གྱི་གཏན་ཚིགས་རང་རྒྱུད་པའི་རྗེས་དཔག་མི་རིགས་པའི་སྐྱོན་ཅི་ཡང་མི་འཇུག་གོ། ཡང་ཁྱེད་ཅག་གིས་བདག་མེད་པར་བཟུང་ན་མེད་མཐའ་དང་། ཡོད་པར་བཟུང་ན་ཡོད་མཐར་ལྟུང་བར་བཤད་པས་དེ་ལྟ་ན་གཉིས་ཀ་མིན་པར་བཟུང་ན་གཉིས་མིན་མཐར་ལྟུང་བའི་ཕྱིར། དེའི་ཕྱིར་གང་དུ་འཛིན་པ་མེད་པ་ཧ་ཤང་མ་ཧཱ་ཡ་ནའི་རྗེས་སུ་སོང་བ་ལ་ཐེ་ཚོམ་མེད་དེ། ལྷྭམ་ལུས་པ་བགོ་སྐལ་དུ་ཐོབ་པའི་ཕྱིར་ལེ་ལན་བདའ་བའང་མེད་དོ། །ཞེས་དང་། ཤེར་འབྱུང་གིས། དེ་ལྟ་ན་རང་བཞིན་མེད་པ་ཉིད་དངོས་པོ་རྣམས་ཀྱི་གཉུག་མ་ཡིན་ཏེ། དོན་དམ་པའི་རང་བཞིན་གྱིས་གནས་པ་ནི་མ་ཡིན་ནོ་ཞེས་སོགས་རྒྱ་ཆེར་གསུངས་སོ་ཞེས་ཟེར། དེ་ཡང་མཐའ་ཁེགས་ཚུལ་ལ་ཕྲ་རགས་དུ་མར་སྣང་སྟེ། འདུས་


MR14_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་རྣམས་སྐད་ཅིག་གིས་འགགས་པས་རྟག་པ་མིན་པ་དང་། རྒྱུ་ལས་འབྲས་བུ་སྐྱེ་བས་ཆད་པ་མིན་པས་རྟེན་འབྲེལ་གྱི་ཚུལ་ཤེས་པས་ཕྱི་རོལ་པས་འདོད་པའི་རྟག་ཆད་རགས་པ་འགོག་ཚུལ་ཞིག་དང་། ཡང་སྟོང་ཉིད་མ་ཡིན་དགག་ཏུ་འདོད་ན། དབུས་མཐའ་རྣམ་འབྱེད་ལས། ཡང་དག་མ་ཡིན་ཀུན་རྟོག་ཡོད། དེ་ལ་གཉིས་པོ་ཡོད་མ་ཡིན། སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པ་ལྟར། གཞན་དབང་རྫས་སུ་ཡོད་པས་མེད་པ་མིན་པ་དང་། དེ་ལ་གཟུང་འཛིན་གཉིས་པོ་མེད་པས་ཡོད་པ་མིན་པ་སྟེ། དེ་ལྟ་ན་ཡོད་མེད་དང་སྟོང་མི་སྟོང་གི་མཐར་མ་ལྟུང་བས་དབུ་མའི་ལམ་དུ་བཞེད་པ་ལྟ་བུ་དང་། ཡང་རྣམ་གྲངས་པའི་དོན་དམ་གྱི་དབང་དུ་བྱས་ཏེ། བདེན་གྲུབ་མེད་པ་དང་། ཐ་སྙད་དུ་ཡོད་པས་མཐའ་གཉིས་ལ་མི་གནས་པའི་དབུ་མར་བཞེད་པ་རྣམས་རྟག་ཆད་ཀྱི་མཐའ་ཕྲ་བ་འགོག་ཚུལ་ལ་ཇེ་ཟབ་ཏུ་སོང་བས་ལུགས་གསུམ་པོ་དེ་ལ་དེས་སོ་སོའི་ངོས་སྐལ་གྱི་རྟག་ཆད་ཀྱི་མཐའ་མི་སེལ་ཞེས་རྣམ་པ་ཀུན་ཏུ་མི་བརྗོད་མོད། འོན་ཀྱང་བདེན་མེད་དང་ཐ་སྙད་ཀྱི་སྣང་བ་ཟུང་དུ་སྦྱར་བས་མཐའ་གཉིས་སེལ་ཚུལ་འདི་རྗེས་ཐོབ་ཤེས་བྱ་འབྱེད་པའི་ཤེས་རབ་ཀྱིས་དཔྱད་ནས་ཁས་ལེན་དང་བཅས་པས། སྤྲོས་པ་དང་བཅས་པ་ཡིན་ཞིང་། དེའི་ངོར་བདག་ཡོད་པ་མིན་མེད་པ་མིན་ཞེས་རྣམ་པ་ཀུན་དུ་མི་སྨྲ་སྟེ་བདག་མེད་པ་འབའ་ཞིག་ཏུ་སྨྲའོ། །དེ་ལྟར་སྨྲས་ཀྱང་བདག་མེད་ཅེས་པ་དེ་ཡང་དག་པའི་ཀུན་རྫོབ་ཏུ་གཏོགས་པ་སྟེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཅན་དུ་སྣང་བ་ཙམ་མོ། །གནས་ལུགས་དོན་དམ་པའི་བདེན་པ་མཐར་ཐུག་རྣམ་གྲངས་


MR14_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པ་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཇི་ལྟ་བ་བཞིན་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་དཔྱད་ན། བདག་ཡོད་མེད་གཉིས་ཀ་རྟོག་པས་བཏགས་པ་ཙམ་ལས་རང་གི་ངོ་བོ་ཉིད་མ་གྲུབ་པར་མཚུངས་པའི་ཕྱིར། གཉིས་ཀ་མགོ་མཉམ་དུ་དམིགས་སུ་མེད་པར་འགྱུར་ཏེ། མགོན་པོ་བྱམས་པས། བདག་དང་བདག་མེད་སྤྲོས་པ་དག །ཉེ་བར་ཞི་ཕྱིར་དམ་པའི་བདག །ཅེས་གསུངས་པ་ལྟར་སྤྲོས་པ་ཞི་བའི་དབང་དུ་བྱས་ན་བདག་ཡོད་མེད་ཀྱི་ཁས་ལེན་གང་ཡང་མེད་པས་ལུགས་དེས་གཉིས་ཀ་མིན་པར་བཟུང་བར་འགྱུར་རོ་ཞེས་བརྒལ་དུ་མེད་དེ་དམིགས་པ་མེད་པ་ལ། མཐའ་བཞིའི་འཛིན་སྟངས་གང་ཡང་མེད་པར་འདོད་པའི་ཕྱིར་ཚུལ་དེས་མཐར་འཛིན་ཕྲ་བ་ཐམས་ཅད་ཅིག་ཆར་གཅོད་ནུས་སོ། །དེ་ལྟར་ཡང་འཕགས་པ་ལྷས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མིན་པས། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ནའོ། །ཞེས་གསུངས་པ་འདི་བཞིན་མདོ་དང་བསྟན་བཅོས་རྣམས་སུ་ཡང་ཡང་གསུངས་པ་ལ་རང་གཞན་སུས་ཀྱང་འཆད་ཚུལ་ཤེས་དགོས་པས། ཁས་ལེན་ཅན་དག་གི་དབང་དུ་བྱས་ན། ཁྱད་པར་སྦྱར་ཏེ་བདེན་གྲུབ་ཀྱི་ཡོད་པ་མ་ཡིན་ཐ་སྙད་དུ་མེད་པ་མ་ཡིན་ཞེས་འདོད་དགོས་ལ། བཤད་མ་ཐག་པ་ལྟར་གྱི་ཡོད་མེད་དེ་གཉིས་ཀ་ཡིན་པར་ཁས་ལེན་དགོས་ཀྱི་གཉིས་ཀ་མིན་པར་ཁས་ལེན་མི་རིགས་ཤིང་། གཉིས་ཀ་མིན་པ་མ་ཡིན་པའང་ཁས་ལེན་མི་རིགས་སོ། །དེ་ལྟར་ན་མཐའ་བཞིའི་ཕྱི་མ་གཉིས་དང་བྲལ་བའི་ཁས་ལེན་ནམ་ཡང་མི་སྲིད་པར་འགྱུར་རོ། །གལ་ཏེ་བདེན་ཡོད་དང་ཐ་སྙད་དུ་མེད་པ་གཉིས་ཀ་མིན་ཞེས་སྔ་མའི་ཡོད་མེད་གཉིས་ཀ་ལ་མི་སྙེགས་པ་བབ་ཅོལ་དུ་བཤད་ན་དོན་སྔ་མ་དང་ཟློས་པ་ལས་གོ་རྒྱུ་ཅི་ཡང་མེད་ལ། དེ་ལྟར་ན་གཉིས་ཀ་མིན་པ་མིན་ཞེས་ཇི་ལྟར་


MR14_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། མུ་བཞིའི་སྔ་མ་གཉིས་ལ་ཁྱད་པར་སྦྱར་ནས་ཕྱི་མ་གཉིས་ལ་མི་སྦྱར་བར་ཡོད་མེད་གཉིས་ཡིན་དང་གཉིས་མིན་ཀྱང་མིན་ཞེས་གཞི་གཅིག་ལ་རང་གི་ངོ་བོ་ཡོད་མེད་གཉིས་ཀ་ཡིན་པ་མི་སྲིད་ལ། གཉིས་ཀ་མིན་པའང་ཐ་སྙད་དུ་མེད་པའི་ཕྱིར་དེ་ལྟར་འདོད་ན། འདིར་ཡོད་མེད་ཅེས་པའི་དོན་ཀུན་རྫོབ་ཏུ་ཡོད་མེད་དང་། དོན་དམ་དུ་ཡོད་མེད་གང་ལ་བྱེད། དང་པོ་ལྟར་ན་ཐ་སྙད་དུ་ཡོད་པའང་ཡིན་ལ་མེད་པའང་ཡིན་པའི་གཉིས་ཡིན་གྱི་མུ་མི་སྲིད་མོད།ཐ་སྙད་དུ་ཡོད་པའི་ཆོས་ཡིན་ན། ཐ་སྙད་དུ་ཡོད་པ་མིན་པ་དང་། ཐ་སྙད་དུ་མེད་པ་མིན་པ་གཉིས་ཀ་མིན་དགོས་པས་ཁྱབ་ན། གཉིས་ཀ་མིན་པ་མིན་ཞེས་དགག་སྒྲ་བརྩེགས་པས་གཉིས་ཀ་ཡིན་པར་སྒྲུབ་པར་སོང་བས་དེ་འདྲའི་ཁས་ལེན་ནི་ནམ་ཡང་མི་སྲིད་དོ། །གལ་ཏེ་གཉིས་ཀ་མིན་པ་མི་སྲིད་པའི་ཕྱིར་དེ་ལྟ་བུའི་ཆོས་ཤིག་ཡོད་པ་མིན་ཞེས་འབྲུ་བསྣན་ཏེ་མེད་དགག་གི་དོན་དུ་བཤད་པས་ཆོག་གོ་སྙམ་ན། ཁྱེད་ཅག་བསྡུས་གྲྭའི་ཡིན་ལོག་མིན་ལོག་གི་འཆད་ཚུལ་ཁོ་ནས། ཐ་སྙད་ཀུན་ལས་འདས་པའི་ཆོས་ཉིད་ཀྱང་འཇལ་དགོས་ཞེས་གཞན་ལ་སུན་འབྱིན་གྱི་ང་རོ་སྒྲོགས་པ་པོ་ཡིན་ན། རང་ཉིད་དེའི་ལམ་ལས་འདས་ཏེ་སྨྲ་བ་བཞད་གད་ཀྱི་རྒྱུར་འགྱུར་རོ། །གལ་ཏེ་དེ་ལྟར་མི་བྱེད་པར་མུ་ཕྱི་མ་འདི་གཉིས་དོན་དམ་དུ་ཡོད་མེད་ལ་བྱེད་ན། དོན་དམ་དུ་མེད་པར་མུ་དང་པོར་བཤད་ཟིན་པའི་ཕྱིར་སླར་ཡང་དེའི་ཡོད་མེད་གཉིས་ཀ་མིན་པར་སྒྲུབ་མི་དགོས་ལ། གལ་ཏེ་བསྒྲུབ་ཀྱང་དེ་མ་ཐག་ཏུ་ཡོད་མེད་གཉིས་ཀ་མིན་པའང་མིན་ཞེས་ཁས་ལེན་སྔ་མ་སུན་ཕྱུང་བའི་ཚིག་སུ་ཞིག་གིས་སྨྲ་བར་རིགས། གཞན་ཡང་ཆོས་གཅིག་ལ་ཆོས་གཞན་ཡོད་མེད་ཀྱི་མུ་དཔྱད་ན་ཁྱད་གཞི་དེ་ལ་ཁྱད་ཆོས་སུ་བསྒྲུབ་པར་རུང་བ་ཐམས་ཅད་ཡོད་པ་དང་། དེ་ལ་བསྒྲུབ་ཏུ་མི་རུང་བའི་ཆོས་ཐམས་ཅད་མེད་པའི་ཐ་སྙད་རུང་


MR14_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བས། ཆོས་ཐམས་ཅད་ཡོད་མེད་གཉིས་ཡིན་དུ་ཁས་ལེན་པ་སོགས་ཚིག་གི་སྤྲོས་པ་དེ་འདྲ་བས་ཟབ་དོན་དཔྱོད་པ་ལ་ཅི་ཡང་མི་ཕན་ནོ། །དེའི་ཕྱིར་ཁས་ལེན་མེད་ཅིང་སྤྲོས་པ་ཉེ་བར་ཞི་བ་ལ། ཡོད་མེད་དང་གཉིས་ཡིན་གཉིས་མིན་གྱི་དགག་སྒྲུབ་ཀྱི་ཐ་སྙད་བཞི་པོའི་ཁས་ལེན་དང་དམིགས་པ་མེད་པར་བཤད་ན་ཤིན་ཏུ་མོད་ཞིང་། དེ་བཞི་མེད་ན་ཐ་སྙད་ཀྱི་སྤྲོས་པ་གང་ཡང་མེད་པར་ཤེས་ནུས་ཏེ། དགག་སྒྲུབ་ཀྱི་ཐ་སྙད་བཞི་པོ་དེའི་ཁོངས་སུ་དགག་སྒྲུབ་ཀྱི་སྒྲ་བློའི་ཐ་སྙད་བྱ་ཚུལ་ཐམས་ཅད་འདུས་པའི་ཕྱིར་རོ། །དེ་བཞིན་དུ་སྤྲོས་མཐའ་གཉིས་དང་བརྒྱད་ལའང་ཤེས་པར་བྱའོ། །དེ་ལྟར་ན་རྩོད་བཟློག་ལས། ང་ལ་ཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །བསྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཁས་ལེན་མེད། །ཅེས་སོགས་གསུངས་པ་བཞིན་ནོ། །དེ་ལྟར་སྤྲོས་བྲལ་འདི་བཤད་པའི་ཚེ་ཁ་ཅིག་མི་མོས་པ་སྔར་ཡང་བྱུང་ན་དེང་སང་ལྟ་ཅི་སྨོས་ཏེ། འཇམ་དཔལ་གནས་པའི་མདོ་ལས། འཇམ་དཔལ་གཞོན་ནུར་གྱུར་པས་གསུངས་པ། བྱིས་པ་རྣམས་ཀྱང་མི་དམིགས། བྱིས་པའི་ཆོས་དང་དགྲ་བཅོམ་པའི་ཆོས་རྣམས་ཀྱང་མི་དམིགས་སོ། །ནམ་མི་དམིགས་པ་དེའི་ཚེ་ན་མི་རྟོག་གོ། ཀུན་ཏུ་མི་སྤྱོད་དོ། །དེ་སྤྱོད་པ་མེད་ལ། སྤྲོས་པ་མེད་ཅིང་ཉེ་བར་ཞི་བ་སྟེ། ཡོད་དོ་ཞེས་ཁས་མི་ལེན་མེད་དོ་ཞེས་ཁས་མི་ལེན། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་དོ་ཞེས་ཁས་མི་ལེན། ཡོད་པའང་མ་ཡིན་མེད་པའང་མ་ཡིན་ཞེས་དེ་སྐད་ཀྱང་ཁས་མི་ལེན་ཏོ། །ནམ་ཁས་མི་ལེན་པ་དེ་ནི་དམིགས་པ་མེད་དོ། །དེ་དམིགས་པ་ཐམས་ཅད་དང་བྲལ་བས་སེམས་མེད་ཅིང་སེམས་དང་བྲལ་ཏེ་གནས་མེད་པའི་ཚུལ་གྱིས་དགེ་སྦྱོང་གི་ཆོས་ལ་གནས་པ་ཞེས་བྱའོ། །ཚུལ་འདི་བཤད་པ་ན་འཁོར་དེའི་དགེ་སློང་ལྔ་བརྒྱ་སྟན་ལས་ལངས་ཏེ་འདི་སྐད་


MR14_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མི་བལྟའོ། །མི་མཉན་ཏོ། །འཇམ་དཔལ་གང་དུ་གནས་པའི་ཕྱོགས་དེ་ཡང་སྤང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པས་སྟོན་པ་མངོན་སུམ་དུ་གྱུར་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཚན་ཉིད་གཅིག་ཏུ་སྟོན་པས་ཆོས་མ་ཡིན་པ་སྨྲའོ་ཞེས་བརྗོད་ནས། བདག་ཅག་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ཚངས་པར་སྤྱོད་པ་སྤྱད་དོ། སྙམ་ནས་དོང་ངོ་། །དེ་ནས་ཤཱ་རིའི་བུས། འཇམ་དཔལ་ལ་སྨྲས་པ། དགེ་སློང་ལྔ་བརྒྱ་པོ་སྟན་ལས་ལངས་ཏེ་མི་སྙན་པ་ཟེར་ཞིང་སོང་ངོ་ཞེས་སྨྲས་པ་ལ། འཇམ་དཔལ་གྱིས་སྨྲས་པ། དགེ་སློང་ལྔ་བརྒྱ་པོ་འདི་སྐད་ཅེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མི་བལྟའོ། །མི་མཉན་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་གང་དུ་གནས་པའི་ཕྱོགས་དེ་ཡང་སྤང་བར་བྱའོ་ཞེས་ཟེར་བ་ནི་ལེགས་སོ་ལེགས་སོ། །ཤཱ་རིའི་བུ། དེ་དག་གིས་ཚིག་དེ་ལེགས་པར་སྨྲས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་ནི་ཡོད་པ་མ་ཡིན་ཏེ། དམིགས་སུ་མེད་དོ། །གང་ཡོད་པ་མ་ཡིན་ཅིང་དམིགས་སུ་མེད་པ་དེ་ལ་བལྟ་བའམ་མཉན་པར་མི་ནུས་སོ། །འཇམ་དཔལ་གཞོན་ནུར་གྱུར་པ་ཕྱོགས་གང་ན་གནས་པའི་ཕྱོགས་དེ་ཡང་སྤང་བར་བྱ་ཞེས་པ་ཡང་། འཇམ་དཔལ་ཡོད་པ་མ་ཡིན་ཏེ་དམིགས་སུ་མེད་ན། གང་དེའི་གནས་ཀྱང་ཡོད་པ་མ་ཡིན་ཏེ་དམིགས་སུ་མེད་དོ། །དགེ་སློང་དེ་དག་འཇམ་དཔལ་གྱིས་བསྟན་པ་དེ་ཐོས་ནས་སླར་ཡང་དེར་ཕྱིར་ལོག་སྟེ། འཇམ་དཔལ་ཁྱོད་ཀྱིས་བསྟན་པ་བདག་ཅག་གིས་མི་ཤེས་སོ། །འཇམ་དཔལ་གྱིས་སྨྲས་པ། དགེ་སློང་དག་ལེགས་སོ། །དེ་ལྟ་བུ་ནི་སྟོན་པའི་ཉན་ཐོས་ཀྱི་བྱ་བ་སྟེ། དགེ་སློང་དག་འདི་ལ་ནི་ཀུན་ཤེས་པར་བྱ་བ་མེད། རྣམ་པར་ཤེས་པར་བྱ་བ་མེད་དོ། །


MR14_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་འདི་ནི་མི་གནས་པའི་ཚུལ་གྱིས་གནས་པ་ཉིད་དོ། །དེ་ནི་ཡོད་པ་མ་ཡིན་ཏེ་དམིགས་སུ་མེད་ཅིང་གཡོ་བ་མེད་ལ་འཆི་འཕོ་བ་མེད་དོ་ཞེས་སོགས་གསུངས་པས། དགེ་སློང་བཞི་བརྒྱ་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བརྒྱ་ནི་སེམས་ཆེར་འཁྲུགས་ནས། ལུས་དེས་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་དུ་སྐྱེས་ཀྱང་། ཆོས་འདི་ཐོས་པས་མྱུར་དུ་དེ་ལས་ལྡང་ནས། དགའ་ལྡན་པའི་ལྷ་རྣམས་དང་སྐལ་པ་མཉམ་པར་སྐྱེས་ནས་བྱམས་པའི་འདུས་པ་དང་པོར་དགྲ་བཅོམ་ཐོབ་པར་ལུང་བསྟན་ཏོ། །གཞན་ཡང་སྤྲོས་མཐའ་གཉིས་དང་བཞི་དང་བརྒྱད་དང་སྒྲོ་འདོགས་སོ་གཉིས་རྣམས་ལ་དེ་དང་དེའི་སྤྲོས་པའམ་དམིགས་པ་མཉམ་བཞག་ཏུ་མི་འགོག་པ། །དེ་རྣམས་ཀྱི་སྟེང་གི་བདེན་གྲུབ་ཁོ་ན་འགོག་ན། བདེན་མེད་དུ་འཛིན་པ་དེ་ཁོ་ནས་མཐའ་ཐམས་ཅད་སེལ་དགོས་པར་རིགས་ན་ཡང་། དེ་རིགས་པས་མི་འཐད་ལ་ཁྱེད་ཅག་གིས་ཁས་ཀྱང་མ་བླངས་སོ། །དེ་ལྟར་དེས་བདེན་འཛིན་གྱི་རྣམ་རྟོག་ཁོ་ན་ཁེགས་ཀྱི། དེ་ལ་སྤྲོས་པ་དང་རྣམ་རྟོག་ཐམས་ཅད་དང་བྲལ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པའི་ནུས་པ་མེད་པར་འགྱུར་ཏེ། བདེན་མེད་དུ་འཛིན་པ་དེ་ཡང་རྣམ་རྟོག་ལས་མ་འདས་ལ་རྣམ་རྟོག་དེ་དང་བྲལ་ན་གནས་ལུགས་མི་རྟོགས་པར་འདོད་པའི་ཕྱིར། དེར་མ་ཟད་ཐ་སྙད་ཀྱི་སྣང་བ་བསླུ་མེད་འདི་ལ་དོན་དམ་དཔྱད་པའི་རིགས་པས་དཔྱད་ན་དཔྱད་བཟོད་དུ་གྲུབ་པ་རྡུལ་ཙམ་མེད་པ་ལ་བདེན་མེད་ཅེས་བརྡ་སྦྱར་བ་ལ་མ་བཟུང་བར། ཐ་སྙད་དུ་ཡོད་པ་རྣམས་དོན་དམ་པར་མ་བཀག་པར་དེའི་སྟེང་གི་བདེན་གྲུབ་ཡན་གར་བ་འགོག་པ་ལྟ་བུའི་ཚུལ་དུ་གོ་ན། བདེན་མེད་དང་བདེན་མེད་ཀྱི་ཁྱད་པར་དུ་བྱས་པའི་སྣང་བ་གཉིས་ཡོད་རྒྱུ་མེད་རྒྱུ་ཐ་དད་དུ་སོང་བ་དེ་འདྲའི་བདེན་མེད་ཤེས་ཀྱང་དེས་ཆགས་སོགས་


MR14_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཀྱང་ལྡོག་མི་ནུས་ཏེ། སྟོང་ཉིད་དེ་འདྲ་བ་ཇི་ལྟར་གོམས་ཀྱང་ཐ་སྙད་ཀྱི་ཆོས་དེ་དག་ལ་དེར་འཛིན་པའི་འདུ་ཤེས་ཞིག་པར་མི་འགྱུར་ལ། དེ་མ་ཞིག་ན་དེ་ལ་ཆགས་སྡང་སོགས་ཀྱང་ཇི་ལྟར་འཇིག་སྟེ། ༧ རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱིས་ཡིད་བཞིན་རིན་པོ་ཆེའི་མཛོད་དུ། རང་རྒྱུད་འོག་མའི་བྱེ་བྲག་སློབ་དཔོན་དཔལ་སྦས་སོགས་སྣང་སྟོང་ཐ་དད་དུ་འདོད་པ་དག་གི་ལུགས་བཀག་པའི་སྐབས་སུ། སྣང་བ་མ་ཡིན་པའི་སྟོང་པ་བདེན་པ་གཉིས་ཆར་མི་སྲིད་པ་དང་། རྟོགས་བྱར་མི་རུང་བ་དང་། ཐ་དད་དུ་གྱུར་ན་སྤང་གཉེན་དུ་མི་འཐད་དེ། དགྲ་ལ་ཞེ་སྡང་སྐྱེས་བ་ལ་ནམ་མཁའ་སྟོང་པར་ཤེས་པས་མི་ཕན་པ་ལྟར། གཞི་རྫུན་སྣང་ལ་ཞེན་ནས་ལོགས་སུ་སྟོང་པར་ཤེས་པས་ཅི་ཡང་མི་ཕན་པའི་དེ་འདྲའི་སྟོང་པ་དེ་རྟོགས་པ་ལ་དགོས་པ་མེད་པར་འགྱུར་བའི་རིགས་པ་གསུངས་པ་བཞིན་ནོ། །ཏིང་འཛིན་རྒྱལ་པོ་ལས་ཀྱང་། སུ་དག་བུད་མེད་འདུ་ཤེས་གནས། །དེ་དག་འདོད་ཆགས་རབ་ཏུ་འཕེལ། །འདུ་ཤེས་དག་ནི་རྣམ་བཤིག་ན། །འདོད་ཆགས་ཀྱིས་ནི་གོས་མི་འགྱུར། །ཞེས་གསུངས་པ་བཞིན་ནོ། །གལ་ཏེ་འདུ་ཤེས་མེད་ན་བྱམས་སོགས་ཀྱང་ཇི་ལྟར་བསྒོམ་སྟེ། དེ་དག་བདེན་གྲུབ་ཀྱི་འདུ་ཤེས་མེད་པ་ལ་བཤད་དགོས་ཀྱི་ཡུལ་དེ་དང་དེའི་འདུ་ཤེས་མེད་པ་ཙམ་ནི་མ་ཡིན་ནོ་སྙམ་ན། །དེ་ལྟར་ལས་དང་པོ་བ་ལ་གོ་བདེ་བའི་ཕྱིར་བཤད་དགོས་ཀྱང་། བདེན་གྲུབ་ཀྱི་འདུ་ཤེས་མེད་པ་དེས་ཡུལ་དེ་དང་དེར་དམིགས་པའི་འདུ་ཤེས་མི་འགོག་པར་བདེན་གྲུབ་ཡན་གར་བ་ཁེགས་པའི་གོ་ཚུལ་ལྟར་བྱས་ན་སྐྱོན་གོང་ལྟར་འཇུག་ལ། ཡང་དག་པར་ན་ཆོས་གང་ཡང་དམིགས་སུ་མེད་ཀྱང་། ཐ་སྙད་དུ་དམིགས་པ་གཉིས་འགལ་མེད་ཀྱི་གོ་ཚུལ་ཟབ་མོ་བརྒྱད་ལྡན་གྱི་སྐབས་དང་། སྟོང་རྟེན་འབྱུང་གཉིས་ཀ་དབུ་མའི་ལམ་དུ་དོན་གཅིག་པར་གསུངས་པའི་ཚུལ་མ་ཤེས་ན། དབུ་མ་པ་ལ། །


MR14_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སྨྲ་བས་ལོག་སྒྲུབ་བྱས་པ་ལྟར། དམིགས་པ་མེད་པའི་བྱམས་པ་སོགས་ཐེག་ཆེན་གྱི་དགོངས་དོན་ཐམས་ཅད་འགལ་འདུར་མཐོང་བར་འགྱུར་རོ། །དམིགས་མེད་ཀྱི་བྱམས་པ་དེ་ལའང་བདེན་པར་དམིགས་སུ་མེད་པ་ཞེས་ཁྱད་པར་སྦྱར་དགོས་ཀྱི་རྣམ་གྲངས་མིན་པའི་དོན་དམ་ལྟར་སྤྲོས་པ་ཐམས་ཅད་ཁེགས་པའི་དམིགས་མེད་དུ་མི་བཤད་དོ་སྙམ་ན་བདེན་གཉིས་དབྱེར་མེད་རྣམ་གྲངས་མིན་པའི་དོན་དམ་སྤྲོས་བྲལ་མཉམ་པ་ཉིད་མཐར་ཐུག་པ་གཟིགས་པར་རྟག་ཏུ་ཆོས་ཀྱི་དབྱིངས་ལས་གཡོ་བ་མེད་ཅིང་། །འཁོར་འདས་ཐ་དད་ཀྱི་འདུ་ཤེས་སོགས་འདུ་ཤེས་སྣ་ཚོགས་མི་མངའ་བའི་སངས་རྒྱས་རྣམས་དང་། འཇམ་དཔལ་ལ་སོགས་པ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གཟིགས་པ་རྣམས་ལ་ཆོས་ཅན་བྱམས་པ་མི་མངའ་བར་ཁས་ལེན་རིགས་པར་ཐལ་ཏེ། རྣམ་གྲངས་མིན་པའི་དོན་དམ་སྤྲོས་བྲལ་མངོན་དུ་གཟིགས་པའི་ཕྱིར་རོ། །དེས་ན་བསྟན་པ་འདི་ལ་གུས་པ་དག་ལ་དེ་ལས་སྐྱོན་ཆེ་བའི་ཁས་ལེན་ཅི་ཞིག་ཡོད་དེ་བསམ་པ་དང་སྨྲ་བ་ཙམ་ཡང་སྤང་བར་བྱ་དགོས་སོ། །དེ་ལྟར་གོང་དུ་ལུང་དང་དེའི་དོན་བཞིན་རིགས་པའི་ལམ་ནས་གོ་བར་བཤད་པ་འདི་དག་གིས་མཐའ་བྲལ་དབུ་མ་ཆེན་པོ་ཞེས་གང་སྨྲས་པ་དེ་དག་རྒྱལ་བའི་རིང་ལུགས་བླ་ན་མེད་པར་གྲུབ་པས་ན། འདི་འཛིན་པ་པོ་ཐམས་ཅད་ཧ་ཤང་གི་ལྷྭམ་ལུས་པའི་བགོ་སྐལ་ལེན་པ་ཤ་སྟག་མ་ཡིན་ཏེ། ཧ་ཤང་མ་བྱུང་བའི་སྔོན་དུ་རྒྱལ་བ་ཤཱཀྱ་སེང་གེའི་ཆོས་ཀྱི་ཆར་ཕབ་པའི་མདོ་རྒྱུད་རྣམས་དང་དེའི་དགོངས་འགྲེལ་དང་བཅས་པ་སྔོན་གྱི་རྒྱལ་བློན་བྱང་སེམས་ཆེན་པོ་རྣམས་ཀྱིས་གངས་ཅན་པས་ལོངས་སྤྱད་བྱར་དྲངས་པ་རྣམས་ཀྱི་བདུད་རྩི་དྲི་མ་མེད་པའི་བགོ་སྐལ་ཉིད་རང་གིས་རང་ལ་བཅད་པར་མ་གྱུར་པར་ཚུལ་བཞིན་ལེན་པ་སྐལ་པ་བཟང་པོ་ཅན་འབའ་ཞིག་ཏུ་ངེས་སོ། །དེའི་ཕྱིར་རྩོད་ཡིག་ཏུ་དགག་པ་གཉིས་ཀྱིས་རྣལ་མ་ཞེས་རྒྱ་བོད་མཁས་པའི་རིགས་པའང་ཁས་འཆེ་མོད། རང་གསོད་


MR14_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚོན་ཆ་རང་གིས་བརྡར་བ་སྟེ། བདེན་མེད་དུ་མེད་ན་བདེན་གྲུབ་དང་། བདེན་གྲུབ་མ་ཡིན་པ་མིན་ན་བདེན་གྲུབ་ཏུ་འགྱུར་བའི་ཕྱིར། བློ་གསར་བུ་པ་རྣམས་ཀྱིས་སྤྱོད་ཡུལ་ཡིན་ལོག་མིན་ལོག་གི་བསྡུས་ཚན་ལ་ཡང་རྒྱུས་མེད་པས་རང་ཆོས་ཏེ་གྲུབ་མཐའི་ཁ་འཛིན་ནི་ཚེགས་ཆེ་བར་སྣང་ངོ་། །དེ་བཞིན་དུ་ཡོད་རྟོགས་མེད་རྟོགས་ཁྱབ་པ་སྒོ་བརྒྱད་དང་སྒོ་བཞི་ལས་དོན་གཅིག་མི་གཅིག །ཐལ་འགྱུར་གྱི་རྟགས་ལོག་ཆོས་ལོག །ལྡོག་པ་འཕེན་མི་འཕེན། རྗེས་ཁྱབ་ངེས་བྱེད་ཀྱི་ཚད་མ་གསུམ་སོགས་ལ་རེ་བ་མེད་ཀྱི། ཡིད་ལ་ཉལ་བའི་ལུས་མེད་ཀྱི་གདོན་ཆེན་པོས་ནི་རྟག་ཏུ་གཙེས་པར་ངེས་སོ། །འཕགས་པས་རང་བཞིན་མེད་པ་ཉིད་ལོག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། །ཞེས་གསུངས་པ་དང་། བརྗོད་མེད་ཀྱི་བདག་འགོག་ཚུལ། ཤེས་བྱ་ལྔའི་རྣམ་བཞག་མི་འགལ་བ་སོགས་མཁས་པའི་དགའ་སྟོན་ལ་ལོངས་སྤྱོད་པའི་སྐལ་བ་ནི་ཆེས་དམན་པའོ། །དེ་ཡང་ཡུལ་དོན་དམ་པར་མེད་པ་དང་། ཐ་སྙད་དུ་ཡོད་པ་འདུ་འབྲལ་མེད་པ་ནི། འཕེལ་འབྲི་སྤངས་པའི་གནས་པ་ཡིན། །ཞེས་དང་། རྒྱན་དང་རྒྱུད་བླར། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཅེས་དང་། འཇུག་པར། སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་སོགས་མདོ་རྒྱུད་དུ་མའི་དགོངས་པ་ཡིན་ཀྱང་ཅེས་ཟེར་བ་ལ། ལན་སྨྲས་པ། ཚད་མའི་གཞུང་རྣམས་སུ་ལོག་ལྡོག་གི་རྣམ་བཞག་གསུངས་པ་ལས་སྤྲོས་ནས་བསྡུས་གྲྭ་རྣམས་སུ་ཡིན་ལ་ཡིན་ལོག་སོགས་བརྩེགས་ནས་བརྗོད་པ་བློ་གསར་བུ་བ་དག་གི་ཐལ་ངག་ཁ་བྱང་གི་ཆེད་ཙམ་དུ་བསྟན་པ་ནི་བདེན་ན་ཡང་། དེ་ཙམ་ཞིག་གིས་དེ་ཁོ་ན་ཉིད་རྟོག་གེ་དང་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་བདེ་བླག་ཏུ་གཞལ་ནུས་ན། ཇི་སྐད་དུ། བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་པས། ཞེས་དང་། དེ་ཕྱིར་ཞན་པས་ཆོས་འདི་ཡི། །གཏིང་རྟོགས་


MR14_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །ཞེས་དང་། ཟབ་མོ་བྱིས་པའི་སྤྱོད་ཡུལ་མ་ཡིན་པ། །ཞེས་སོགས་གསུངས་མི་དགོས་པར་འགྱུར་ལ་དེར་མ་ཟད། གཅིག་དུ་བྲལ་སོགས་ཀྱི་རིགས་པས་དཔྱད་པས་བདེན་མེད་ཙམ་ཞིག་སོ་སྐྱེ་རྣམས་ཀྱིས་གོ་རྒྱུ་འདི་འཕགས་པ་རྣམས་ཀྱིས་གཟིགས་རྒྱུ་ཡང་དེ་ཡིན་པས་སྟོང་ཉིད་མཐར་ཐུག་ཡིན་ན། འདི་ཕྲ་བའི་མི་རྟག་པ་སོགས་རིགས་པས་བསྒྲུབ་པ་ལས་ལྷག་པོར་དཀའ་རྒྱུ་ཅི་ཡང་མེད་པ་རང་གཞན་སུས་ཀྱང་ཤེས་ནུས་ན། དེ་འདྲའི་ཟབ་བསྔགས་ཙམ་གྱིས་བསྟན་མི་ནུས་པ་ཅི་ཡང་མི་འདུག་པས་འདི་སྒྲ་རྟོག་གི་ཡུལ་ཡིན་ལ་བསྟན་དུ་ཡོད། རྣམ་པར་རིག་པར་བྱར་ཡོད་བཞིན་དུ་གོང་དུ་བསྟན་པའི་ལུང་རྣམས་ལུང་ཡང་དག་མིན་པར་བསྡུས་ཚན་ཁ་བྱང་གི་རིགས་པ་དེས་སྒྲུབས་ཤིག དེའི་ཕྱིར་མཐའ་བྲལ་གྱི་སྟོང་ཉིད་དགག་སྒྲུབ་ཀུན་ལས་འདས་པ་སོ་སོ་རང་རིག་པའི་ཡུལ་དུ་གྱུར་པ་དེ་ལ་བསམ་ན་ལུང་གིས་ཇི་སྐད་བསྟན་པ་ལྟར་ཡིད་ཆེས་པར་ནུས་ཤིང་དེས་བསྟན་དོན་ལ་ཡང་ངེས་ཤེས་སྐྱེ་བ་ཡོད་པས་ཐེག་པ་ཆེན་པོའི་ཆོས་སྤངས་མ་དགོས་པ་འདི་ཡང་སྐལ་བ་བཟང་སྙམ་དུ་སེམས་སོ། །ཡོད་པ་ཡིན་པ་ལས་ལོག་ན་མེད་པ་དང་། ཡོད་པ་མིན་པ་ལས་ལོག་པ་ཡིན་པ་ལས་ལོག་ན་ཡོད་པར་ལྡོག་པ་སོགས་ཚིག་ཙམ་གྱི་སྨྲ་བས་མི་ཚེ་འཕུལ་བྱེད་དེ་ཙམ་ཞིག་མཁྱེན་པ་ལ་ང་རྒྱལ་མཛད་རིན་མི་ཆོག་མོད། འོན་ཀྱང་ཐ་སྙད་གཞལ་པའི་སྐབས་སུ་ཡོད་པའང་མིན་མེད་པའང་མིན་ཞེས་པ་ལྟ་བུ་ཁས་ལེན་ཐམས་ཅད་བྲལ་བ་སྨྲ་དོན་མེད་དོ། །ཐ་སྙད་ཀྱི་ཆོས་ལ་ཡོད་པའམ་མེད་པ་རྟག་མི་རྟག་སོགས་གང་རུང་དུ་ཁས་ལེན་པ་ལས། གཉིས་ཀ་དང་གཉིས་མིན་དུ་སྨྲ་བ་མི་རུང་ངོ་། །ཐ་སྙད་ལས་འདས་པ་སྤྲོས་བ་ཉེ་བར་ཞི་བའི་གནས་ལུགས་ལ་མཐའ་བཞིའི་ཁས་ལེན་མེད་པར་བརྗོད་ཚེ། བསྡུས་ཚན་གྱི་གཞུང་གིས་སངས་རྒྱས་ཀྱི་བཀའ་སུན་འབྱིན་དགོས་


MR14_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ཧ་ཅང་ཡང་ཐལ་མ་ཆེས་སམ། དེ་ལྟ་ནའང་གོང་དུ་མཐའ་བཞིའི་སྤྲོས་པ་མེད་པས་ཁས་བླངས་མེད་པ་དང་། ཁས་ལེན་ཅན་གྱི་དབང་དུ་བྱས་ན་མཐའ་བཞི་འགོག་ཚུལ་མི་འཐད་པར་བསྟན་པའི་རིགས་པ་དེས་བསྡུས་ཚན་ལ་བྱང་ཡང་བསྡུས་ཚན་ལས་བཤད་པ་ལྟར་གྱི་འགལ་བ་ཁྱེད་ཅག་གི་ལུགས་ལ་ཐལ་བར་བཤད་པ་དེས་བསྡུས་ཚན་ལ་རྒྱུས་ཡོད་མེད་གསལ་བར་སོང་ངོ་། །གཞན་ཡང་ཚད་མའི་གཞུང་དུ་རྗེས་ཁྱབ་དང་ལྡོག་ཁྱབ་ནི་རྟགས་དང་བསྒྲུབ་བྱ་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པའི་ཆེད་དུ་བསྟན་ལ། དེ་ལས་བརྩམ་སྟེ་ཐལ་ངག་བཀོད་པ་ལ། རྗེས་ལྡོག་གཉིས་དང་དེ་སྟེང་གསལ་བ་དེ་ཡིན་ན་རྟགས་དེ་ཡིན་པའི་ཐུར་ཁྱབ་དང་། རྟགས་དེ་ཡིན་ན་གསལ་བ་དེ་མ་ཡིན་པའི་འགལ་ཁྱབ་གཉིས་བསྣན་ནས་བཞི་དང་། །དེ་བཞིར་རྣལ་མ་དང་། ཕྱིན་ཅི་ལོག་སྦྱར་བའི་ཁྱབ་པ་སྒོ་བརྒྱད་དུ་གྲགས་པ་ཕྱ་པ་སོགས་ཀྱིས་བཀོད་པ་འདི་འདྲ་བས་མཚོན་ནས། ཡིན་གྱུར་མིན་གྱུར། ཡོད་རྟོགས་མེད་རྟོགས། ཐལ་འགྱུར་གྱི་རྟགས་ལོག་ཆོས་ལོག ལྡོག་པ་འཕེན་མི་འཕེན། རང་རིག་དང་གཞན་རིག་འཕེན་པ་སོགས་ཀྱི་རྣམ་བཞག་འདི་དག་བལྟས་པ་ཙམ་གྱིས་རྟོགས་སླ་བར་འདུག་ཀྱང་། ཕལ་ཆེ་བ་མཚར་མཚར་ཉི་རིང་འཕུལ་བྱེད་ཙམ་གྱི་ཆེད་ཡིན་ན་མ་གཏོགས་ཤེས་ཤིང་བྱང་བར་བྱས་ཀྱང་གཞུང་དོན་ལ་ཕན་ངེས་ཀྱི་ཆ་ཡང་ཆེན་པོ་མེད་པར་མ་ཟད། ཚིག་ལ་རྟོན་པ་དེ་འདྲའི་འཆད་ཚུལ་ལ་མཐའ་གཅིག་ཏུ་ཞེན་ན་རང་གི་ཁས་ལེན་ལ་ཡང་ཅི་བྱས་རྔོ་མི་ཐོགས་པ་འབྱུང་བ་མཚོན་བྱེད་ཙམ་ཞིག་འོག་ཏུ་འཆད་པར་འགྱུར་ལ། དེས་ན་དེ་འདྲའི་ཚུལ་ལུགས་ལ་ཅི་ཙམ་སྦྱངས་ཤིང་མཁས་ན་ཡང་། གཞན་ལ་ངོ་མཐོན་དུ་སྨྲ་རྒྱུའི་ཡ་མཚན་ཅི་ཡང་མི་སྣང་ངོ་། །དེའི་ཕྱིར་ལུས་མེད་ཀྱི་གདོན་སྙིང་ལ་ཉལ་བ་སོགས་ཀྱི་ཚིག་སྨྲས་ན་ཡང་། མདོ་ལས། མི་ཤེས་དེ་དག་གཞན་གྱིས་བརྒལ་པ་ན། །ཁྲོས་


MR14_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཟིལ་གྱིས་ནོན་ཅིང་ཚིག་རྩུབ་སྨྲ། །ཞེས་པ་ལྟར་མི་བྱེད་པར་བདག་གིས་ནི་འདི་སྐད་དུ། ཚིག་ལ་ཚིག་ལན་སྨྲའོ་ཞེས་གྲགས་ཀྱང་། རིགས་པའི་ལན་ལས་ཚིག་རྩུབ་ལན་མི་སྨྲ། །ཚིག་མཚོན་འདེབས་པ་མི་སྲུན་རྣམས་ཀྱི་སྲོལ། །དགེ་སྦྱོང་ཆོས་འདི་རྒྱལ་བས་རྗེས་སུ་གདམས། །སུན་འབྱིན་གང་སྨྲས་གཞན་ལ་ཕར་འཁོར་ན། །ཚིག་རྩུབ་མེད་ཀྱང་བཞིན་རས་སྔར་ལས་ངན། །རིགས་པའི་ལམ་གྱིས་བཤུང་པ་རྣམས་ལ་ནི། །རང་གཞན་སུ་དག་ཁྲོ་ཡང་རང་མཚང་ཡིན། །ཞེས་ཀྱང་སྨྲས་སོ། །སྐབས་དོན། འཕགས་པས། རང་བཞིན་མེད་པ་ཉིད་ལོག་ན། །ཞེས་སོགས་ཀྱི་དོན་བཞིན། སྤྲོས་བྲལ་ཁས་བླངས་པ་ལ་རང་བཞིན་མེད་པ་ལོག་ནས་རང་བཞིན་ཡོད་པ་ཉིད་དུ་ཁས་བླང་བའི་སྐྱོན་ཅི་ཞིག་རིགས་པ་སྨྲ་བ་ཁྱེད་ཀྱིས་གཟིགས། རང་བཞིན་ཡོད་པར་ཁས་བླང་བར་འདུག་གམ། དངོས་དངོས་མེད་སྟོང་མི་སྟོང་སོགས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པར་མཐོང་ནས་སྤྲོས་པ་ཉི་ཚེ་བ་གང་ཡང་མེད་པ་ལ་རང་བཞིན་མེད་པའི་དོན་མ་ལོག་པར་མ་ཟད་རང་བཞིན་མེད་པའི་ཚིག་ཙམ་ལ་སྒྲ་ཇི་བཞིན་དུ་ཞེན་པ་ཙམ་ཡང་མེད་བས་རང་བཞིན་མེད་པ་ཞེས་པའི་སྒྲ་བོ་ཆེ་དེའི་དོན་འདི་ན་ཡོངས་སུ་མྱོང་བར་ཟད་དོ། །དེ་དག་ཅི་ཡང་ཁས་བླང་བ་མེད་པའི་ངན་གཡོའི་ལྟ་བ་ལྟ་བུ་ནི་མ་ཡིན་ཏེ། སྤྲོས་པ་རྣམས་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པ་ལ་མེད་པར་མཐོང་ནས་ཅིར་ཡང་ཁས་མི་ལེན་པ་ཡིན་པའི་ཕྱིར། དཔལ་ལྡན་ཟླ་བས། རྐུན་པོ་ཡིན་པ་ཞིག་གིས་རྐུན་པོ་ཡིན་པར་ཁས་མི་ལེན་པ་དང་། མ་བརྐུས་པ་ཞིག་གིས་དེར་ཁས་མི་ལེན་པའི་དཔེས་གསུངས་པ་བཞིན་ནོ། །བརྗོད་མེད་ཀྱི་བདག་དང་ཆོས་ཀྱི་དབྱིངས་བརྗོད་མེད་གཉིས་མགོ་མཉམ་པར་གཟིགས་པ་དེ་དག་ཐེག་པ་ཆེན་པོའི་ཆོས་ལ་མཁས་པའི་དགའ་སྟོན་ལ་ལོངས་སྤྱོད་པའི་སྐལ་བ་ཆེས་སྦོམ་པ་འདྲའོ། །བརྗོད་མེད་ཀྱི་བདག་ཁས་ལེན་པ་དག་གིས་ཡོད་མེད་དང་རྟག་མི་རྟག་


MR14_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སུ་བརྗོད་དུ་མེད་པའི་བདག་ཡོད་དོ་ཞེས་འདོད་པ་ལ། ཡོད་ན་ཕུང་པོ་དང་གཅིག་ཐ་དད་བརྟག་པས་དེ་འདྲའི་བདག་དངོས་པོ་ཡོད་པར་མི་རིགས་པར་སྒྲུབ་མོད། ཆོས་ཀྱི་དབྱིངས་དམིགས་སུ་མེད་པར་བསྟན་གྱི་དངོས་པོ་ཅན་དུ་སུ་ཞིག་གིས་ཁས་བླང་། དེས་ན་དེ་འདྲའི་སུན་འབྱིན་ནི་རང་གིས་རང་ལ་ཅོ་འདྲི་པར་གྱུར་ཏོ། །དམིགས་སུ་མེད་ན་དེ་གཏན་ལ་འབེབས་པ་དང་ཇི་ལྟར་ཤེས་པར་རུང་སྙམ་ན་འོག་ཏུ་འཆད་པར་འགྱུར་རོ། །ཤེས་བྱ་ལྔའི་རྣམ་བཞག་མི་འགལ་བ་སོགས་ཞེས་པ་འདི་ཅི་ཞིག་སྟེ། མདོ་ལས། ཆོས་ལྔ་རང་བཞིན་གསུམ་དང་ནི། །རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། །བདག་མེད་དོན་ནི་རྣམ་གཉིས་པོར། །ཐེག་ཆེན་མཐའ་དག་བསྡུས་པ་ཡིན། །ཞེས་གསུངས་པ་རྣམས་ཁྱོད་ཀྱི་ལུགས་ལ་འགལ་མེད་དུ་འཆད་མི་ནུས་ཞེས་པའི་དོན་ཡིན་ན། དེ་ལྟར་སྨྲས་པ་དོན་མེད་དེ། བདག་མེད་གཉིས་དང་། རྣམ་ཤེས་ཚོགས་བརྒྱད་ཀྱང་ཆོས་ལྔའི་ནང་དུ་འདུ་ལ། དེ་ལྔ་ཡང་རང་བཞིན་གསུམ་གྱི་ནང་དུ་འདུས་ཤིང་ཤེས་བྱ་གཞི་ལྔས་བསྡུས་པའི་ཆོས་རྣམས་ལ། མཚན་ཉིད་གསུམ་པོ་དེ། །མཚོན་པ་རྣལ་འབྱོར་གྱིས། གཞི་དང་། བསྐྱེད་པ་དང་། མེ་ལོང་ལྟ་བུ་དང་། སྣང་བ་དང་། རྟེན་ཞེས་བྱ་བ་ལྔའི་ཚུལ་གྱིས་རྟོགས་ཚུལ་བཤད་པ་སྟེ། མདོར་ན་ཐོས་བསམ་སྒོམ་པས་རིམ་བཞིན་ཀུན་བརྟགས་མེད་པར་ཤེས་པ་དང་། གཞན་དབང་ཡོད་པར་ཤེས་པ་དང་། ཡོངས་གྲུབ་རང་གིས་ངོ་བོ་ཉིད་རྟོགས་དགོས་པ་ཅི་ཡང་བརྗོད་དུ་མེད་ཅེས་པས་ཆོས་ཉིད་མངོན་དུ་བྱེད་མི་ནུས་ཞེས་པའི་དོན་ཡིན་ན། དེ་ལྟར་བདག་ཅག་གིས་འདོད་ཀྱི་འགལ་བར་སྨྲས་པ་གང་ཡང་མེད་དེ། ཡོངས་གྲུབ་ཞེས་པ་མ་ཡིན་དགག་གི་སྟོང་ཉིད་ཙམ་ལ་མི་འདོད་པར། རྟེན་ཅིང་འབྲེལ་བར་འབྱུང་བའི་གཞན་དབང་ཉིད་ཀྱང་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་སྤྲོས་བྲལ་ལ། ཐོས་བསམ་སྒོམ་པས་འཇུག་ཅིང་། དེའི་ཚེ་དྲོད་སྣང་བ་ཐོབ་པ། རྩེ་མོ་སྣང་བ་མཆེད་པ། བཟོད་


MR14_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན། ཆོས་མཆོག་དེ་མ་ཐག་པའི་ཏིང་ངེ་འཛིན་བཞི་པོ་རིམ་གྱིས་འབྱུང་ཞིང་། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་འདྲ་ཡང་རྣལ་འབྱོར་པའི་ཉམས་མྱོང་སྐྱེ་ཚུལ་ལས། གཟུང་བ་མེད་ཅིང་འཛིན་སྣང་ཤས་ཆེ་བ་དང་། གཟུང་འཛིན་གཉིས་ཀ་མེད་པའི་མྱོང་བ་སྐྱེས་ནས་མཐོང་ལམ་ཐོབ་པར་ཐེག་ཆེན་གྱི་གཞུང་རྣམས་སུ་གསུངས་པ་ལྟར་འདོད་མོད་ཀྱི། དེ་དག་ལ་བདེན་མེད་ཁས་ལེན་པའི་དམིགས་པ་ཅན་གྱིས་མི་འགལ་བ་དང་། དམིགས་མེད་སྤྲོས་བྲལ་ཁས་ལེན་པ་རྣམས་འགལ་བ་སུས་ཀྱང་བསྒྲུབ་མི་ནུས་སོ། །གཞན་ཡང་མདོ་སྡེ་རྒྱན་ལས། འདི་ཡི་ཡོངས་སུ་ཤེས་པ་ལྔ། །སོགས་ཤེས་བྱ་ཡང་ཡིན་ལ་གྲངས་ལྔ་པ་ཡང་ཡིན་པ་དུ་མ་ཡོད་པས་ཤེས་བྱ་ལྔའི་རྣམ་གཞག་མི་འགལ་བ་ཞེས་ཅི་ཡིན་ཀྱང་བརྟག་གཞིར་སོང་ངོ་། །ཡང་ཡུལ་དོན་དམ་པར་མེད་པ་དང་། ཐ་སྙད་དུ་ཡོད་པ་འདུ་འབྲལ་མེད་པ་ནི། འཕེལ་འབྲི་སྤངས་པའི་གནས་པ་ཡིན། །ཞེས་དང་། རྒྱན་དང་རྒྱུད་བླར། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཅེས་དང་། འཇུག་པར། སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་སོགས་མདོ་རྒྱུད་དུ་མའི་དགོངས་པ་ཡིན་ཀྱང་། དེ་ལྟ་ནའང་ཞེས་ཀྱང་འང་བརྩེགས་མ་ཅན་བརྗོད་པ་ནི། །མདོ་རྒྱུད་དུ་མའི་དགོངས་པ་ཡིན་པར་བདག་ཅག་གིས་ཤིན་ཏུ་ཡང་འདོད་དེ། བདག་ཅག་གིས་སྟོང་རྟེན་འབྱུང་ཟུང་འཇུག་ངོ་བོ་དབྱེར་མེད་དུ་འདོད་ཀྱིས། རི་བོང་གི་རྭ་མེད་པ་དང་། གླང་གི་རྭ་ཡོད་པ་གཉིས་ཟུང་འཇུག་ཏུ་བྱེད་པ་ལྟ་བུར་ནི་མི་འདོད་པས་ཆོས་ཉིད་ཆོས་ཀྱི་དབྱིངས་རང་གི་ངོ་བོ་འཕེལ་འབྲི་མེད་པར་གནས་པར་འདོད་ལ། དེ་ཉིད་མངོན་དུ་བྱས་པའི་དུས་ན་བསལ་བཞག་གམ་དགག་སྒྲུབ་མེད་པར་ཡང་འདོད། ཆོས་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་ཀྱི་དབྱིངས་ལས་མ་


MR14_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གཡོས་པའི་ཕྱིར་ན། དོན་དུ་སྐྱེ་བ་མེད་ཀྱང་སྐྱེ་བ་ལྟར་སྣང་བ་འགལ་མེད་དུ་འདོད་དོ། །གཞན་ཁས་ལེན་ཅན་གྱི་ལུགས་ལ་འཕེལ་འབྲི་མེད་པ་དང་། བསལ་བཞག་མེད་པ་དང་། སྟོང་ཉིད་ལས་སྐྱེ་བ་ཡང་བསྒྲུབ་པར་དཀའ་མོད་ཀྱི་དེའི་ཚུལ་རེ་ཞིག་སྤྲོ་བར་མ་བྱས་སོ། །ཡང་རྩོད་ཡིག་ཏུ། དེ་ལྟ་ནའང་ཁྱེད་ཅག་དབུ་མ་བར་མི་འགྱུར་ཏེ། དབུས་ལ་གནས་པ་མེད་པའི་ཕྱིར། དེར་གནས་ན་གཉིས་མིན་གྱི་མཐའ་ལ་གནས་པར་འདོད་པའི་ཕྱིར་རོ། །མཐའ་བཞི་དང་བྲལ་བ་ལ་གནས་ནའང་མེད་མཐའ་ལ་གནས་པར་འགྱུར་ཏེ། བདེན་གྲུབ་དང་བྲལ་བ་ལ་དེའི་ཕྱིར། དེར་ཐལ། བདེན་མེད་ལ་གནས་པ་བཀག་པའི་ཕྱིར། ཡོད་ཟེར་ཚད་ཡོད་མཐའ་དང་། མེད་ཟེར་ཚད་མེད་མཐར་ཁས་བླངས་པའི་ཕྱིར་ཏེ། མདོར། ཡོད་དང་མེད་པ་འདི་གཉིས་མཐའ་ཡིན་ཏེ། །མཁས་པས་དབུས་ལའང་གནས་པར་མི་བྱའོ། །ཞེས་པའི་དགོངས་པ་དེ་ལྟར་འདོད་པའི་ཕྱིར་དང་། སྡུད་པར། གནས་མེད་གནས་ཡིན་འདི་ནི་རྒྱལ་བས་གནས་པར་གསུངས། །ཞེས་དང་། རྒྱན་ལས། །གནས་བྲལ་དང་། གནས་དང་ཞེས་གསུངས་པས་གནས་མེད་དགོས་ན། གནས་མེད་པའང་དེ་བཞིན་གསུངས་པས་སྟོབས་མཚུངས་སོ། །དེ་བཞིན་དུ་མདོ་སྡེ་རྒྱན་ལས། མེད་པ་གང་ཡིན་དེ་ཉིད་ནི། །ཡོད་པ་ཡི་ནི་དམ་པར་འདོད། །རྣམ་པ་ཀུན་ཏུ་མི་དམིགས་པ། །དམིགས་པ་ཡི་ནི་མཆོག་ཏུ་འདོད། །ཅེས་སོགས་གཞུང་ཀུན་ཏུའང་། ཡོད་པ་དང་དམིགས་པ་དང་སྒོམ་པ་དང་འབྲས་བུ་རྣམས་མ་བཀག་པའི་ཕྱིར། ཁྱོད་ཀྱིས་ཆོས་དབྱིངས་སྒྲོ་འདོགས་སོ་གཉིས་དང་བྲལ་བ་མངོན་སུམ་དུ་མ་བྱས་པ་དེ་སྲིད་དུ་ཤེར་ཕྱིན་མཚན་ཉིད་པ་མ་ཡིན་ཞེས་ཀྱང་བཤད་མོད། ཕལ་ཆེར་བརྗོད་བྲལ་ཁ་བྱང་སྒོམ་ངན་ཁྱོད་འཁྲུལ་རྒྱུ་ཞེས་པ་ལྟར་ཀེ་ཏ་ཀའི་མིང་བྲལ་བ་ལ་ཞུགས་སོ། །འདི་སྐད་ཅེས་ཀྱང་བྱ་


MR14_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། མདོ་རྒྱུད་དྲང་ངེས་ཆུ་གཏེར་བས་ཕྲེང་གིས། །འཇིགས་པས་གནས་མེད་མཐའ་ལ་ཞེན་པ་རྣམས། །རྣམ་དཔྱོད་གྲུ་གཟིངས་དམ་པའི་མགོན་དང་བྲལ། །གཏོལ་མེད་ཅི་ཡང་མེད་པ་རྟེན་དུ་འཆའ། །ཨེ་མ་ཆོས་ཀྱི་སྒོ་མོ་ཇི་སྙེད་པ། །ཤིང་རྟ་ཆེན་པོའི་དྲི་མེད་རིགས་ལམ་ནས། །ལམ་གྱི་ལུས་སུ་རྫོགས་པའི་ཡིད་ཀྱི་བཟོ། །འདི་ཀོ་ཐར་འདོད་ཡོངས་ཀྱི་བགྲོད་གཅིག་ལམ། །ཞེས་ཀྱང་བསྔགས་སོ་ཞེས་ཟེར། དེ་ལ་ལན་བརྗོད་པ། ཁྱེད་ཅག་དབུ་མ་པར་མི་འགྱུར་ཏེ། དབུས་ལ་གནས་པ་མེད་པའི་ཕྱིར། དེར་གནས་ན་གཉིས་མིན་གྱི་མཐའ་ལ་གནས་པར་འདོད་པའི་ཕྱིར་རོ་ཞེས་པ་དོན་མེད་དེ། རྣམ་གྲངས་པའི་དོན་དམ་གྱི་སྐབས་སུ་མཐའ་གཉིས་སེལ་ཚུལ་དེ་འདྲ་རང་གཞན་གཉིས་ཀས་འདོད་མོད། ཁྱོད་ཀྱིས་དེ་ཙམ་གནས་ལུགས་མཐར་ཐུག་ཏུ་འདོད་ལ། ངེད་ཅག་གིས་དེ་ཙམ་གནས་ལུགས་མཐར་ཐུག་མ་ཡིན་ཀྱང་དེ་ལ་བརྟེན་ནས་མཐར་ཐུག་རྣམ་གྲངས་མིན་པའི་དོན་དམ་ལ་འཇུག་པར་འདོད་ཅིང་། རྣམ་གྲངས་མིན་པའི་དོན་དམ་དེ་ཉིད་གནས་ལུགས་མཐར་ཐུག་ཏུ་འདོད་པ་མི་མཐུན་པ་འདིར་རྩོད་པ་ཡིན་ན། མཐའ་བཞི་སྤྲོས་བྲལ་ལ་གནས་ན་གནས་མིན་གྱི་མཐའ་ལ་གནས་པར་ཐལ་བ་དང་། མེད་མཐའ་ལ་གནས་པའི་ཐལ་བ་ཅུང་ཟད་མི་འཇུག་སྟེ། མཐའ་བཞི་གང་ལ་ཡང་གནས་པར་མི་འདོད་པར་དངོས་སུ་སྨྲས་པས་མཐའ་བཞི་མིན་པའི་གནས་ས་ཅི་ཡོད་དེ་མེད་དོ། །འོ་ན་ཅི་ལའང་མི་གནས་པ་ཡིན་ནམ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཇི་ལྟར་འདྲེན་པ་འདུས་མ་བྱས་ཁམས་མི་གནས་ཤིང་། ཞེས་སོགས་གསུངས་པ་ལྟར་ཅི་ལའང་མི་གནས་པ་ལ་གནས་པའི་ཐ་སྙད་བཏགས་པ་ཙམ་སྟེ། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ་སོགས་ཀྱིས་བཤད་པ་ལྟར་རོ། །ཅི་ལའང་མི་གནས་ན་བློ་དེའི་སྤྱོད་ཡུལ་ཅི་ལྟ་བུ་ཞེས་འདྲི་ན། སྤྱོད་ཡུལ་འདི་ལྟའོ་ཞེས་བརྗོད་དུ་ཡོད་ན་བརྗོད་མེད་


MR14_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ཡིན་ཏེ། དེའི་སྤྱོད་ཡུལ་ནི་མཐའ་བཞི་དང་བྲལ་བ་སོ་སོ་རང་གིས་རིག་པར་བྱ་བ་ཡིན་གྱི་ཚིག་གི་ལམ་གྱིས་བྱིས་པ་རྣམས་ལ་དངོས་སུ་བསྟན་དུ་མེད་དེ། ཟླ་བའི་ཞབས་ཀྱིས། དོན་དམ་པའི་བདེན་པ་བསྟན་པར་འདོད་པས་དེ་ནི་བརྗོད་དུ་མེད་པའི་ཕྱིར་དང་། ཤེས་པའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར། དངོས་སུ་བསྟན་པར་མི་ནུས་པས། ཉན་པར་འདོད་པའི་སེམས་ལ་རང་གིས་མྱོང་བ་དེ་ཉིད་དུ་དེའི་རང་བཞིན་གསལ་བར་བྱ་བའི་ཕྱིར་དཔེ་བཤད་པ་ཞེས་དང་། དེའི་ཕྱིར་དེ་ཁོ་ན་ཉིད་བསམ་པ་ལ་འཕགས་པ་རྣམས་ཁོ་ན་ཚད་མ་ཡིན་གྱི་འཕགས་པ་མ་ཡིན་པ་དག་ནི་མ་ཡིན་ནོ་ཞེས་གསུངས་པ་བཞིན་ནོ། །འོ་ན་འཕགས་པའི་སྤྱོད་ཡུལ་ཡིན་པས་བདག་ཅག་སོ་སྐྱེ་རྣམས་ཀྱིས་དེ་སྤྱོད་ཡུལ་དུ་མི་འགྱུར་བས། དེ་གཏན་ལ་དབབ་པའི་ཕྱིར། །ལུང་དང་རིགས་པ་བརྗོད་པ་དོན་མེད་དོ་སྙམ་ན་ཤིན་ཏུ་འཁྲུལ་ཏེ། ཟབ་མོའི་ལུང་ལ་བརྟེན་ནས་དེའི་དོན་བཞིན་མཐར་འཛིན་གྱི་དམིགས་པ་ཐམས་ཅད་རིགས་པས་སུན་ཕྱུངས་ཏེ་དམིགས་པ་ཐམས་ཅད་དང་བྲལ་བའི་གནས་ལུགས་སྤྲོས་བྲལ་གྱི་དོན་ལ་ངེས་ཤེས་སོ་སྐྱེའི་ས་ན་སྐྱེ་བ་ཡོད་ཀྱི། དེ་མེད་ན་མཐའ་བྲལ་གང་དུ་མི་གནས་པའི་དོན་གཏན་ལ་འབེབས་པའི་བཀའ་དང་བསྟན་བཅོས་འདི་ཐམས་ཅད་གཙོ་བོར་སོ་སྐྱེ་ལ་སྟོང་ཉིད་བསྟན་པ་ཡིན་གྱི། འཕགས་པ་རྣམས་ཀྱིས་རང་གིས་མངོན་དུ་མཛད་ཟིན་པའི་ཕྱིར་དེ་ལ་ཚིག་དེས་གསར་དུ་བསྟན་མི་དགོས་སོ། །གཞན་ཡང་ད་ལྟ་སོ་སོའི་སྐྱེ་བོའི་ས་ན་གནས་ལུགས་བརྗོད་བྲལ་ཡོད་པའི་སྒྲུབ་བྱེད་མི་སྲིད་ན། དེ་འཕགས་པའི་ས་ན་ཡོད་དོ་ཞེས་པའང་ཁས་ལེན་མི་རིགས་ཏེ། ཁས་ལེན་པ་པོ་སོ་སྐྱེ་དག་གིས་ཚད་མས་མ་དམིགས་བཞིན་འཕགས་པའི་ས་ན་ཡོད་པའི་འཐད་པ་གང་ཡང་བསྒྲུབ་ཏུ་མེད་པར་འགྱུར་རོ། །དེའི་ཕྱིར་ལུང་དང་རིགས་པའི་སྒོ་ནས་སྤྲོས་བྲལ་རྟོགས་པ་ཡོད་ཀྱང་། དཔེར་ན་མཛུབ་མོས་ཟླ་བ་བསྟན་པས་ཟླ་བ་མཐོང་


MR14_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བར་ནི་གྱུར་ན་ཡང་ཟླ་བ་དང་མཛུབ་མོ་འདྲ་དགོས་པ་མིན་པ་ལྟར། ལུང་དང་རིགས་པ་དེ་དག་གིས་ལམ་ནས་སྤྲོས་བརྗོད་དང་བྲལ་བ་རྟོགས་ཀྱི། ལུང་དང་རིགས་པ་རྣམས་ཀྱི་སྒྲ་བློ་ནི་ཇི་ལྟར་ཀྱང་སྤྲོས་པ་ལས་འདས་པ་ནི་མི་སྲིད་དོ། །དོན་དེའི་དབང་གིས་མདོ་དང་བསྟན་བཅོས་ཆེན་པོ་རྣམས་སུ་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དོན་ནི། དཔེ་དང་གཏན་ཚིགས་དང་། སྒྲ་དང་བློའི་ཡུལ་མིན་པར་གསུངས་པ་དང་། དཔེ་དང་གཏན་ཚིགས་དང་ལུང་དང་རིགས་པའི་སྒོ་ནས་གཏན་ལ་ཕབ་སྟེ་གསུངས་པ་གཉིས། སོ་སོའི་དགོངས་ཚུལ་འགལ་མེད་དུ་འཆད་མ་ཤེས་པར་ཕྱོགས་གཅིག་པའི་བློ་གྲོས་ཅན་དུ་སོང་བ་དག་གིས་དགོངས་དོན་གྱི་ཕྱོགས་གཅིག་བཟུང་ན་ཕྱོགས་གཅིག་ངེས་པར་སྤང་དགོས་པར་འགྱུར་ཏེ། འདི་ལྟར་སྒྲ་དང་རྟོག་པས་གཏན་ལ་ཕབ་པའི་དོན་ཁོ་ན་ལས། དེ་ལས་འདས་པའི་དོན་ཟབ་མོ་གཞན་མེད་ངེས་སུ་ཁས་བླང་ན་ཤེས་བྱ་ཡིན་ན་ཚུ་རོལ་མཐོང་བས་གཞལ་བྱ་ཁོ་ན་ཡིན་པར་ཁས་ལེན་དགོས་ལ་དེ་ལྟ་ན་སངས་རྒྱས་ཀྱིས་རྟོག་གེ་ཀུན་གྱི་ཡུལ་མིན་པའི་ཆོས་ཉིད་མ་མཁྱེན་པས་ཕྱི་རོལ་པ་ལས་ཁྱད་དུ་འཕགས་པར་མི་ནུས་ཏེ། མདོ་རྒྱན་ལས། རྫོགས་པའི་བྱང་ཆུབ་གསུམ་ལ་གནོད། །ཅེས་གསུངས་པ་ལྟར། ཟབ་མོ་མངོན་པར་བྱང་ཆུབ་པ་དང་། མུ་སྟེགས་ཅན་དང་ཐུན་མོང་མ་ཡིན་པར་མངོན་པར་བྱང་ཆུབ་པ་དང་། །འཇིག་རྟེན་ལས་འདས་པར་མངོན་པར་བྱང་ཆུབ་པ་གསུམ་མེད་པར་ཁས་ལེན་དགོས་ཤིང་གོང་དུ་ཟབ་མོ་ཅི་ཡི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན། སོགས་དྲངས་པ་བཞིན་ནོ། །ཡང་དོན་དམ་པ་བསམ་གྱིས་མི་ཁྱབ་པ་དེ་ཉིད་རང་གི་ངོ་བོ་སྒྲ་རྟོག་གི་ཡུལ་ལས་འདས་ཀྱང་དེ་གཏན་ལ་འབེབས་བྱེད་ཀྱི་སྒྲ་རྟོག་རྣམ་པ་ཀུན་ཏུ་མེད་པར་ཁས་ལེན་ན་དེ་སུས་ཀྱང་ཤེས་པར་མི་རུང་ཞིང་ཕྱི་རོལ་པས་བསམ་མིན་གྱི་བྱེད་པོ་འདོད་པ་དང་འདྲ་བར་དེ་སྒྲུབ་བྱེད་ཀྱི་ཚད་མ་མེད་པ་དང་། མདོ་རྒྱུད་བསྟན་བཅོས་དང་


MR14_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས་དེ་གཏན་ལ་དབབ་པ་རྣམས་དོན་མེད་པར་འགྱུར་བས། ཕྱོགས་རེའི་མིག་ཅན་གྱི་བློ་གྲོས་ཁབ་མིག་ལྟ་བུས། རྒྱལ་བ་དང་རྒྱལ་སྲས་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་ཟབ་ཅིང་དཔག་པར་དཀའ་བའི་རྒྱ་མཚོ་ཆེན་པོ་ལ་བདེ་བ་རོལ་མི་ནུས་པས། ཁྱེད་རང་གིས། མདོ་རྒྱུད་དྲང་ངེས་ཆུ་གཏེར་རླབས་ཕྲེང་གིས། །ཞེས་སོགས་ཚིགས་བཅད་སྨྲས་པ་དང་། སྔར་རྒྱལ་སྲས་སྤྱོད་པ་གཏིང་ཟབ་ཡངས་པའི་མཚོར། །ཉམ་ཆུང་བློ་གྲོས་རྐྱལ་གྱིས་གཞལ་བ་ལས། །ཟབ་དོན་རིན་ཆེན་གླིང་དུ་མ་ཕྱིན་པར། །ཚིག་དོན་འཁྲི་ཤིང་གར་གྱིས་འཁྱུགས་པ་མཐོང་། །ཞེས་བརྗོད་པ་འདི་སུ་ལ་འོས་ཤིང་སུ་ལ་མི་འོས་ཞེས་དཔྱད་གཞིར་སོང་ངོ་། །གཞན་ཡང་ཁོང་ན་རེ། མཐའ་བཞི་བྲལ་བ་ལ་གནས་ན་མཐའ་བཞི་རྣམ་བཅད་དུ་ཁེགས་པའི་མཐའ་བྲལ་ཡོངས་གཅོད་དུ་གྲུབ་པ་དེ་ལ་གནས་ཞེས་ཁས་མི་ལེན་ན་རང་ཚིག་རང་གིས་སུན་ཕྱུངས་པ་མ་ཡིན་ནམ་ཞེ་ན། དེ་ལ་གནས་ཞེས་བརྗོད་པ་ནི་མཐའ་གང་དུའང་མི་གནས་པ་ལ་གནས་ཞེས་བརྗོད་ཀྱི་དངོས་སུ་ན་གནས་པ་གང་ཡང་མེད་པ་དང་དོན་ཁྱད་མེད་པར་སོང་སྟེ། དགོངས་འགྲེལ་ལས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ངོ་བོ་ཉིད་མེད་པར་འཛིན་ན། ངོ་བོ་ཉིད་དང་བཅས་པ་ཉིད་ཀྱང་ཅིའི་སླད་དུ་མི་འཛིན་ལགས། བཀའ་སྩལ་པ། སྤྱན་རས་གཟིགས་ང་ནི་ངོ་བོ་ཉིད་མེད་པའི་ངོ་བོ་ཉིད་འཛིན་པར་མི་སྨྲ་མོད་ཀྱི། འོན་ཀྱང་ཡི་གེས་བསྟན་པ་མེད་པར་ངོ་བོ་ཉིད་མེད་པ། ཡི་གེ་མེད་པ་སོ་སོ་རང་རིག་པ་བསྟན་པར་མི་ནུས་པས། དེའི་ཕྱིར་ངོ་བོ་ཉིད་མེད་པར་འཛིན་ནོ་ཞེས་བརྗོད་དོ། །ཞེས་ངོ་བོ་ཉིད་མེད་པ་འཛིན་ཞེས་པ་དེས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རྟོགས་ནས་ལྟ་བ་ཐམས་ཅད་འབྱིན་པ་ཡི་གེ་མེད་པའི་དོན་བསྟན་གྱི་ངོ་བོ་ཉིད་མེད་པའོ་ཞེས་མངོན་རྟགས་སུ་མི་འཛིན་པར་གསུངས་ལ། དེ་ལྟར་རྟོགས་ན་ཤེར་མདོའི་དགོངས་


MR14_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངེས་དོན་རྟོགས་ཀྱི། གཞན་དུ་མ་རྟོགས་པར་གསུངས་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པའི་མདོ་ལས། མདོ་སྡེ་ཐམས་ཅད་ཀྱི་བརྗོད་དོན་ཉིད་མཐར་བརྗོད་དུ་མེད་པའི་དོན་དུ་འབབ་པར་ཤེས་ན་ཐམས་ཅད་ཀྱང་ངེས་དོན་དུ་འགྱུར་བར་གསུངས་ནས། རྣམ་པར་འཕྲུལ་པའི་རྒྱལ་པོ་དོན་གྱི་རྣམ་པ་འདི་ལ་དེ་ལྟར་ཆོས་ཉིད་འདི་ལ་རྟོན་ན་མདོ་སྡེ་ཐམས་ཅད་ངེས་པའི་དོན་དུ་འགྱུར་རོ། །དེ་ལྟར་མི་རྟོན་ན། མདོ་སྡེ་ཐམས་ཅད་དྲང་བའི་དོན་དུ་འགྱུར་རོ་ཞེས་དང་། མདོ་སྡེ་ཟབ་མོའི་བསྟན་དོན་གྱི་ངེས་དོན་བརྗོད་དུ་མེད་པའི་ཆོས་ཉིད་དང་འགལ་བ་བརྗོད་པ་དང་རྟོག་པའི་སྤྱོད་ཡུལ་ཅན་དུ་བཟུང་ན་དེ་དྲང་དོན་དུ་འགྱུར་ཏེ། སླར་ཡང་སྒྲས་དྲང་དགོས་པར་གསུངས་པ་ལྟར་འགྱུར་ཞིང་། ལང་གཤེགས་ལས། དེ་ཡི་ཚུལ་ནི་རྣམ་གཉིས་ཏེ། །གྲུབ་པའི་མཐའ་དང་བསྟན་པའོ། །བྱིས་པ་རྣམས་ལ་བརྗོད་པ་བཤད། །རྣམ་འབྱོར་ཅན་ལ་གྲུབ་མཐའ་འོ། །ཞེས་གསུངས་པའི་བསྟན་པའམ་བརྗོད་པ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་མོས་པ་བཞིན་དུ་མདོ་སྡེ་སྣ་ཚོགས་ཀྱི་ཚིག་དང་ཡི་གེས་བསྟན་པ་རྣམས་ལ་གསུངས་ཤིང་། དེ་དག་གི་བསྟན་དོན་གྲུབ་མཐའ་ནི། གཅིག་ཐ་དད་གཉིས་གཉིས་མིན་སོགས་ཀྱི་མཐའ་དང་བྲལ་བ་སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ལས་འདས་པ་འཕགས་པ་རྣམས་ཀྱིས་སོ་སོ་རང་རིག་པའི་སྤྱོད་ཡུལ་མུ་སྟེགས་སོགས་ཀྱིས་མྱང་བར་མི་ནུས་པ་དེ་ལ་གསུངས་པས་ན། མདོ་སྡེ་རྣམས་ཀྱི་ཚིག་གི་སྒྲ་ཕྱིར་འབྲངས་ནས་དོན་གྱི་གྲུབ་མཐའ་སྟོང་པར་བྱས་ན་མདོ་རྒྱུད་ཀྱི་ངེས་དོན་ཅི་ལྟར་འཆད་དེ། མདོ་སྡེ་ཐམས་ཅད་ནི་ལུང་གི་ཚིག་ཡིན་པས་དེ་དག་གི་སྒོ་ནས་ཇི་ལྟར་བསམ་ཀྱང་སྤྲོས་མེད་སོ་སོ་རང་རིག་པའི་ཡུལ་གཏན་ལ་འབེབས་མི་ནུས་པར་དྲང་དོན་དུ་འགྱུར་བས་ཧ་ཅང་ཐལ་ལོ། །དེ་ཕྱིར་མཐའ་བྲལ་དང་། སྤྲོས་མེད་དང་། བརྗོད་མེད་དང་། བསམ་གྱིས་མི་ཁྱབ་པ་


MR14_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའི་ཚིག་གི་རྗེས་སུ་ཞུགས་པའི་འཛིན་སྟངས་ཅན་དེ་ནི་མཐའ་བྲལ་དུ་འཛིན་པ། སྤྲོས་བྲལ་དུ་འཛིན་པ་ཅན་ཡིན་པས་མཛུབ་མོས་ཟླ་བ་བསྟན་པ་ན་མཛུབ་མོ་རང་ལ་བལྟ་བ་ལྟར་སོང་ནས་འཛིན་པ་ཕྲ་མོར་གྱུར་པ་སྟེ། མདོ་ལས། དེ་བཞིན་ཉིད་ཡིད་ལ་བྱེད་པའི་སྐབས་སུ། བྱམས་པ་མཚན་མ་ཕྲ་མོ་ནི་འདི་དག་ཡིན་ཏེ། གང་ཟག་གི་བདག་མེད་པའི་མཚན་མའམ། ཆོས་ལ་བདག་མེད་པའི་མཚན་མའམ་ཞེས་སོགས་གསུངས་ཏེ། འདི་ལྟར་མཚན་མ་ཕྲ་མོ་དག་འབྱུང་བ་ལའང་རེ་ཞིག་སེམས་བཏང་སྙོམས་སུ་འཇོག་ན་རགས་པ་ལྟ་ཅི་སྨོས། ཞེས་དང་། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ལྷའི་བུ་ཅི་ཙམ་དུ་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་ལ་སྒྲོ་འདོགས་པར་བྱེད་པ་དེ་ཙམ་དུ་སེམས་རྙོགས་པ་ཅན་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །དེས་ན་ལང་གཤེགས་ལས་ཚིག་ཏུ་བཏགས་པའི་སྒྲའི་མར་མེས་ཚིག་གི་ཡུལ་མིན་པ་སོ་སོ་རང་རིག་པའི་སྤྱོད་ཡུལ་གཏན་ལ་འབེབས་དགོས་པར་གསུངས་པ་ལྟར་ཤེས་པར་བྱས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྗེས་མཐུན་ཙམ་དུ་སོ་སྐྱེའི་ས་ནས་ཀྱང་འཇུག་དགོས་ཀྱི་དེ་ལྟ་མིན་ན་རྡོ་རྗེ་སྙིང་འགྲེལ་གྱི་ལུང་ཀོ་ཊ་པ་སོགས་སྔར་དྲངས་པ་ལྟར་འགྱུར་རོ། །དེ་ལྟ་ན་ཡང་དེ་འདྲའི་ཟབ་དོན་ལ་འཇུག་ནུས་མི་ནུས་དུ་མ་ཡོད་པ་ནི་དགག་ཏུ་མེད་དེ། སྔོན་གྱི་ཚོགས་བསགས་པ་རྒྱ་ཆེ་ཆུང་། སྦྱངས་པ་སྔོན་དུ་སོང་མ་སོང་། རང་གི་དབང་པོའི་རྣོ་རྟུལ། དགེ་བའི་བཤེས་གཉེན་གྱི་གདམས་པས་ཟིན་མ་ཟིན་ལས་དེ་ལྟར་འགྱུར་ཏེ། མདོ་ལས། བཅོམ་ལྡན་འདས་དོན་དམ་པ་རོ་གཅིག་ཏུ་གྱུར་པའི་མཚན་ཉིད་ཅན་ནི། བཅོམ་ལྡན་འདས་ཀྱི་བསྟན་པ་འདི་ཉིད་ལ་ཞུགས་པའི་དགེ་སློང་དུ་གྱུར་པའི་སེམས་ཅན་རྣམས་ཀྱིས་ཀྱང་དེ་ལྟར་རྟོགས་པར་དཀའ་བ་ལགས་ན། འདི་ལས་སླད་རོལ་པའི་མུ་


MR14_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྟེགས་ཅན་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་འཚལ་ཞེས་གསུངས་པ་བཞིན་ནོ། །དེ་ལྟར་དམིགས་པ་མཐའ་དག་དང་བྲལ་བའི་དེ་བཞིན་ཉིད་ལ་ཐོས་བསམ་ཕྱིན་ཅི་མ་ལོག་པས་ཞུགས་ན། ཇི་སྐད་དུ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཇི་ལྟར་ན་ཤེས་རབ་དང་ལྡན་པ་རྣམས་ལགས། བཀའ་སྩལ་པ། ནམ་ཆོས་རྣམས་སྤྲོས་པར་མི་བྱེད་པའོ། །ཇི་ལྟར་ན། དད་པ་ལ་གནས་པ་རྣམས་ལགས། བཀའ་སྩལ་པ། ནམ་ཆོས་ཐམས་ཅད་བརྗོད་དུ་མེད་པར་མོས་པའོ། །ཞེས་དང་། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། སྒྲ་ཐམས་ཅད་ལ་རྟེན་པར་མི་བྱེད་པ་དེ་ལྟ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་པ་བཞིན་དུ་སྨྲ་བ་རྣམས་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་པ་ལྟར་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་དེ་ལ་ཇི་བཞིན་ངེས་པ་མ་སྐྱེས་ཀྱང་མོས་པ་ཙམ་གྱིས་ཀྱང་ཕན་ཡོན་ཚད་མེད་པ་ཐོབ་ན་ངེས་པ་སྐྱེས་ན་ལྟ་ཅི་སྨོས། མ་མོས་པར་སྐུར་བ་བཏབ་ན་ངེས་དོན་གྱི་མདོ་སྡེའི་བསྟན་དོན་ཟབ་མོ་སྤང་བར་འགྱུར་བའི་ཕྱིར་བདག་ལེགས་སུ་འདོད་པ་དག་གིས་གྲུབ་མཐའི་ཁ་འཛིན་གྱི་ཚེགས་ཆེན་པོ་བྱེད་པ་ལས།སངས་རྒྱས་ཀྱི་བསྟན་པ་སྲུང་བའི་ཚུལ་ལ་བསམ་ན་དེ་དོན་ཆེ་བར་འདུག་སྙམ་མོ། །དེ་ལྟར་སྨྲས་པ་དེ་དག་ཕ་རོལ་པོ་ལ་ལན་བརྗོད་འདོད་ཁོ་ནས་མ་ཡིན་ཏེ། རྣམ་གྲོལ་དོན་གཉེར་ཅན་ལ་དེ་བཞིན་གཤེགས་པའི་བཀའི་དོན་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་གིས་བཀྲལ་བ་ལྟར་མི་རྟོག་ཡེ་ཤེས་བསྐྱེད་པའི་དོན་དུ་སྨྲས་པ་ཡིན་ནོ། །སྐབས་དོན་གོང་གི་འཕྲོས་སུ། བདེན་མེད་ལ་གནས་པ་ནི་བདེན་མེད་མེད་དགག་ལ་དེར་ཞེན་པའི་མཚན་མའི་རྟོག་པས་གནས་པར་སྨྲས་མོད་ཀྱི། མཐའ་


MR14_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ལ་གནས་པའང་དེ་དང་འདྲ་བར་མེད་མཐའ་ལ་གནས་པར་ག་ལ་འགྱུར་ཏེ། སྤྲོས་བྲལ་ལ་དགག་སྒྲུབ་ཀྱི་མཚན་མར་འཛིན་པ་གང་ཡང་ཡོད་པར་བསྒྲུབ་ཏུ་མེད་དོ། །ཡང་ཁོང་ན་རེ། ཡོད་ཟེར་ཚད་ཡོད་མཐའ་དང་། མེད་ཟེར་ཚད་མེད་མཐར་ཁས་བླངས་ཏེ། ཡོད་པ་དང་མེད་པ་འདི་གཉིས་མཐའ་ཡིན་ཏེ། ཞེས་སོགས་ཀྱི་མདོའི་དགོངས་པ་དེ་ལྟར་འདོད་ན། སྡུད་པར། གནས་མེད་གནས་ཡིན་ཞེས་དང་། རྒྱན་ལས་གནས་བྲལ་དང་། གནས་ཞེས་གསུངས་པས་གནས་མེད་དགོས་ན། གནས་མེད་ལའང་མཚུངས་པར་ཐལ་བ་དང་། མདོ་རྒྱན་ལས། མེད་པ་གང་ཡིན་སོགས་ཀྱི་ཚིགས་བཅད་དྲངས་ཏེ། གཞུང་ཀུན་ཏུ། དམིགས་པ་བསྒོམ་པ་འབྲས་བུ་མ་བཀག་པའི་ཕྱིར་དང་། ཁྱོད་ཀྱིས་ཀྱང་ཆོས་དབྱིངས་སྒྲོ་འདོགས་སོ་གཉིས་དང་བྲལ་བ་ཞེས་བཤད་མོད། ཅེས་ཟེར་བ་ལ། ལན་སྨྲས་པ། བདག་ཅག་གིས་ནི་བདེན་གཉིས་ཀྱི་ཁས་ལེན་སོ་སོའི་དབང་དུ་མ་བྱས་པར་ཡོད་ཟེར་ཚད་ཡོད་མཐའ་དང་། མེད་ཟེར་ཚད་མེད་མཐའ་ཡིན་ནོ་ཞེས་རྣམ་པ་ཀུན་ཏུ་མ་སྨྲས་ཏེ། ཐ་སྙད་དཔྱོད་པའི་སྐབས་སུ། བདེན་གྲུབ་ཏུ་མེད་པ་དང་། ཐ་སྙད་དུ་ཡོད་པ་མཐའ་མ་ཡིན་གྱི་རང་གི་ངོས་སྐལ་གྱི་མཐའ་སེལ་བྱེད་ཡིན་མོད་ཀྱི། དེ་ཁོ་ནས་རྣམ་པར་རྟོག་པའི་མཚན་མར་འཛིན་པའི་མཐའ་ཐམས་ཅད་སེལ་མི་ནུས་པས། རྣམ་གྲངས་མིན་པའི་དོན་དམ་སྤྲོས་བྲལ་སྒྲུབ་པའི་སྐབས་སུ་མཚན་མར་འཛིན་པའི་ཡོད་པ་དང་མེད་པའི་མཐའ་ཕྲ་བའང་སྤོང་དགོས་ཞེས་བརྗོད་པ་ཡིན་ནོ། །དེའི་ཕྱིར་ཡོད་དང་མེད་པ་འདི་གཉིས་ཞེས་སོགས་གསུངས་པའི་མདོ་ཡི་དོན་སྤྲོས་པ་མེད་པ་ལ་བཤད་པ་ནི་ཚུལ་བཞིན་ལེགས་པར་སྨྲས་པ་སྟེ། གང་ལ་མཐའ་ནི་ཡོད་མིན་པ། །དེ་ལ་དབུས་ཀྱང་ག་ལ་ཡོད། །ཅེས་པ་བཞིན་ནོ། །གཞན་གྱི་འཆད་ཚུལ་ལྟར་ན། མཁས་པ་དབུས་ལ་གནས་པར་ཡོངས་མི་བྱེད། །ཅེས་གསུངས་


MR14_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིག་དང་དངོས་སུ་འགལ་ཏེ། མཁས་པ་དབུས་ལ་ཡོངས་སུ་གནས་པར་བྱེད། །ཅེས་གསུངས་རིགས་པར་འགྱུར་རོ། །གལ་ཏེ་དབུས་ལ་ཡང་བདེན་ཞེན་གྱིས་མི་གནས་པར་བཤད་པས་ཆོག་གོ་སྙམ་ན། མདོའི་ལུང་སྤྲོས་བྲལ་སྟོན་པའི་ཚིག་ལ་རང་འདོད་ཀྱིས་བཤད་པ་མང་པོས་སྤྲོས་བྲལ་སྤྲོས་པའི་ལམ་དུ་འདྲེན་པའི་ངལ་བ་ཆེན་པོ་ལ་དགོས་པ་ཅི་ཞིག་ཡོད། དེས་ན་གནས་ལུགས་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཉིད་མཐའ་དང་དམིགས་པའི་རྣམ་པ་གང་གི་ཕྱོགས་སུ་མ་ལྷུང་བ་ལ་གཞི་དབུ་མའམ་གཏན་ལ་དབབ་བྱའི་གཞི་དང་། དེ་ལྟར་རྟོགས་པ་ལ་ལམ་དབུ་མ་ཞེས་བརྗོད་པ་ཤིན་ཏུ་འཐད་ཀྱི། ཡུལ་གྱི་དབང་དུ་བྱས་ན་ཡང་ཕྱོགས་གཉིས་སུ་ཆད་ཅིང་། ཡུལ་ཅན་གྱི་དབང་དུ་བྱས་ན་ཡང་ཕྱོགས་ཆ་གཉིས་སུ་འཛིན་པ་ལ་དབུ་མ་ཞེས་ཇི་ལྟར་བརྗོད་རིགས་ཏེ། ཕྱོགས་གཉིས་པོ་དེ་ནི་དེར་ཟད་ལ། གཉིས་པོ་གཅིག་ཏུ་བསྡོམས་པ་ལ་དབུས་ཞེས་བརྗོད་དགོས་ཀྱི། མཐའ་གཉིས་སུ་མ་ལྷུང་བའི་དབུས་ཞེས་པ་ཕུང་གསུམ་པ་བློ་གནས་པར་བྱ་བའི་ཡུལ་ཞིག་ཐ་སྙད་དུའང་མི་རྙེད་དེ། གླང་གི་རྭ་ཡོད་དང་། རི་བོང་རྭ་མེད་ཀྱི་དབུས་སུ་གནས་པ་བཞིན་ནོ། །རྒྱན་ལས། དྲོད་འབྲིང་གི་དམིགས་རྣམ་བཤད་པའི་སྐབས་སུ་གནས་བྲལ་དང་། གནས་དང་ཞེས་གསུངས་པ། གཟུགས་སོགས་འདུ་འགོད་ཀྱི་གནས་བྲལ་དམིགས་པ། དེ་ལ་གནས་པ་མེད་པ་རྣམ་པ་ཡིན་པར་འགྲེལ་པས་བཤད་ལ། གནས་པ་མེད་དགོས་ན་གནས་མེད་ཀྱང་དེ་བཞིན་གསུངས་པས་སྟོབས་མཚུངས་སོ་ཞེས་པ། ཐ་སྙད་ཀྱིས་གནས་པ་ཁས་མི་ལེན་ན། གནས་མེད་པའང་མེད་པར་མཚུངས་སོ་ཞེས་བརྗོད་རྒྱུ་ཡིན་འདུག་ཀྱང་ཐ་སྙད་དུ་གནས་པ་ཁས་བླང་བའི་ཚེ་མི་གནས་པ་ཁས་མི་ལེན་ལ། དེ་དང་དོན་དམ་མཐའ་གང་ལ་མི་གནས་པ་ཁས་ལེན་ཚུལ་ག་ལ་འདྲ། སྡུད་པར། གནས་མེད་གནས་ཡིན་ཞེས་པ་ཡང་དོན་དམ་གྱི་ངོ་བོ་གནས་མེད་ལ།


MR14_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་རྗེས་སུ་མཐུན་པའི་བློས་ཡུལ་དུ་བྱས་པ་ལ་ཐ་སྙད་དུ་གནས་པ་ཞེས་གསུངས་པའི་ཕྱིར་དང་། མདོ་རྒྱན་ལས། མེད་པ་གང་ཡིན་ཡོད་པའི་དམ་པར་གསུངས་པ་དང་། རྣམ་པ་ཀུན་ཏུ་མི་དམིགས་པ་ཉིད། དམིགས་པའི་མཆོག་ཏུ་བསྟན་པ་ཡང་དེ་དང་འདྲ་སྟེ། དོན་དམ་པར་གང་ཡང་མ་དམིགས་པ་དེ་ཉིད། ཐ་སྙད་དུ་དམིགས་པའི་མཆོག་ཅེས་གསུངས་པའི་ཕྱིར། གཞུང་ཀུན་ཏུ་ཡོད་པ་དང་དམིགས་བསྒོམ་འབྲས་བུ་རྣམས་མ་བཀག་ཅེས་པ། ཐ་སྙད་དུ་མ་བཀག་པ་ལ་ཟེར་རམ། དོན་དམ་པར་མ་བཀག་པར་ཡོད་པ་དང་དམིགས་པ་སོགས་ཡོད་པར་བཤད་ཅེས་ཅི་ལ་བསམ་ནས་དེ་སྐད་སྨྲ། དང་པོ་ལྟར་ན་འདོད་དེ། ཀུན་རྫོབ་ཏུ་ཡོད་པ་མེད། དམིགས་པ་མེད། སྒོམ་པ་མེད། འབྲས་བུ་མེད་ཅེས་སུས་ཀྱང་ཁས་མ་བླངས་པས་གནོད་པ་ཅི་ཡང་མེད་དོ། །དོན་དམ་པར་ཡོད་པ་སོགས་དབུ་མ་པ་སུས་ཀྱང་ཁས་བླངས་མི་རིགས་པས་སྐྱོན་བརྗོད་དེ་འདྲ་ཡིག་ཚོགས་ཀྱི་ངལ་བ་ཙམ་དུ་ཟད་དོ། །ཁྱོད་ཀྱིས་ཀྱང་ཆོས་དབྱིངས་སྒྲོ་འདོགས་སོ་གཉིས་དང་བྲལ་བ་མངོན་དུ་མ་བྱས་པར་ཤེར་ཕྱིན་མཚན་ཉིད་པ་མ་ཡིན་ཞེས་བཤད་མོད་ཅེས་པ། དེ་ལྟར་ཡིན་ཀྱང་། རྣམ་གྲངས་མིན་པའི་དོན་དམ་གྱི་དབང་དུ་བྱས་ནས་དེ་ལྟར་བཤད་པ་ཡིན་པས་ཚིག་དེས་གནོད་པ་ཅུང་ཟད་ཀྱང་མི་ནུས་སོ། །བརྗོད་བྲལ་ཁ་བྱང་སྒོམ་ངན་ཁྱོད་ཅེས་གསུངས་པ་ནི་ཐུགས་ཤིན་ཏུ་མད་པར་སྣང་སྟེ། ཁོ་བོ་བརྗོད་བྲལ་ལས་ཀྱང་བདེན་མེད་ཁ་བྱང་གི་སྒོམ་ངན་ཞིག་ཡིན་ཏེ། དེའི་རྒྱུ་མཚན་དམིགས་མེད་བརྗོད་བྲལ་དང་། སྤྲོས་བྲལ་ཞེས་པའི་ལྟ་བ་མཐོ་ཞིང་ཟབ་པ་བློ་ལ་བདེ་བླག་ཏུ་འཆར་དཀའ་ཞིང་། གཅིག་དུ་བྲལ་སོགས་ཀྱི་རིགས་པས་དཔྱོད་པའི་བདེན་སྟོང་ཙམ་བློ་ཡུལ་དུ་འཆར་བདེ་བས། རང་བློའི་ནུས་པ་དང་འཚམས་པར་དོན་དེ་ཉིད་ཅུང་ཟད་རེ་བསམ་ཁུལ་བྱས་ཀྱང་། ཐོག་མེད་ནས་བསགས་པའི་ལས་ཉོན་བག་ཆགས་ཀྱི་སྒྲིབ་པ་ཚན་ཆེ་


MR14_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྔར་ཡང་གནད་དུ་ཁེལ་བ་མ་བྱུང་ལ། ཕྱིས་སུ་ནི་ནད་ཀྱི་ཟུག་རྔུ་དྲག་པོས་བར་ཆད་པ་མེད་པར་མནར་བ་དང་ལྷན་ཅིག །ཐོག་མེད་ནས་གོམས་པའི་ཉོན་མོངས་པའི་ནད་ཀྱིས་ཀྱང་སེམས་ལས་སུ་རུང་བར་མི་བྱེད་པའི་ཚེ་ན། རང་མནར་བ་འདི་ལས་ཅུང་ཟད་དབུགས་འབྱིན་པའི་སླད་དུ་འཇིགས་སྐྱོབ་ཀྱི་བསམ་པས། ནད་ཀྱི་ངོ་བོ་དང་ཆགས་སྡང་གི་ཡུལ་རིགས་པས་དཔྱད་དེ་བདེན་མེད་དུ་བསམ་པའི་ཚེ་ན་བདེན་པ་མེད་ཀྱང་ཐ་སྙད་དུ་ཡོད་སྙམ་པའི་བློ་གཉིས་ལ་བརྟེན་པའི་ཡིད་དེའི་ངོར། ཐ་སྙད་དུ་ཡོད་པས་ཡོད་གོ་ཆོད་ལ། དོན་དམ་པར་མེད་པས་མེད་གོ་མ་ཆོད་པ་ལྟ་བུར་སོང་ནས། སྡུག་བསྔལ་དང་ཉོན་མོངས་པ་ལ། དེ་ཕན་འདི་ཕན་གྱི་ལག་རྗེས་གང་ཡང་མ་བྱུང་བར་ཐ་མལ་པ་དང་ཁྱད་མེད་པའི་སྒོམ་ངན་ཞིག་ཡིན་པའི་རྒྱུད་ཚོད་ཉིད་ཀྱིས་ཆོས་སྤྱན་གྱིས་གཟིགས་ནས་གདམས་པའི་མཆོག་ནི་མཚང་ལ་རྒོལ་བའོ་ཞེས་པ་དེ་གནང་བ་ལ་གུས་པ་དེ་དེ་ལྟར་ལགས་སོ་ཞེས་པ་ལས་སུན་འབྱིན་པའི་བསམ་པས་སྨྲ་བ་གང་ཡང་མི་རྩོམ་མོ། །དེ་ལྟ་བུར་གྱུར་པ་ནི་རང་ཉིད་ཞན་པར་གྱུར་གྱི། གཞན་གང་ཟག་སྐྱེས་བུ་དམ་པ་སྒྲུབ་པའི་ཏིང་ངེ་འཛིན་གྱི་མལ་ན་བཞུགས་ཤིང་། མཉམ་རྗེས་སྤེལ་བའི་ཐུན་གསེང་དོན་ལྡན་དུ་འགྱུར་ཕྱིར། མཉམ་བཞག་གི་བོགས་འདོན་མན་ངག་ལ་མཁས་པ་རྣམས་ཀྱིས་སྲིད་པའི་ནད་བརྒྱ་དྲུང་འབྱིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་བསྒོམས་པའི་ཉམས་མྱོང་བསྐྱེད་པས་ནི། ཐུན་རེ་རེས་ཀྱང་སྡུག་བསྔལ་དང་ཉོན་མོངས་པ་རྣམས་ཚད་པའི་ནད་ལ་ག་བུར་བཏང་བ་ལྟར་སེལ་གིན་ལོས་ཡོད་སྙམ་པའང་བྱུང་ངོ་། །དེ་ལྟ་ན་ཡང་གཞུང་བཤད་རྣམས་ནི་སྔོན་གྱི་མཁས་གྲུབ་དག་གི་རྗེས་སུ་འབྲངས་ནས་བརྗོད་པས་ཀེ་ཏ་ཀའི་མིང་བྲལ་བའི་གནོད་པ་ཅི་ཡང་མ་མཐོང་སྟེ། དེའི་ཚུལ་སྨྲ་བཞིན་པའི་སྐབས་ཉིད་ཀྱིས་ཤེས་སོ། །ཁྱེད་ཀྱི་བར་སྐབས་ཀྱི་ཚིགས་བཅད་ནི་ཉམས་འགྱུར་ལེགས་


MR14_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཡིད་ཀྱི་བཟོ་ཞེས་པ་རང་གི་བློ་བཟོ་རྟོག་བཟོ་འདི་ཀོ་ཞེས་པར་སོང་ངོ་། །ལེགས་པར་བསམ་ན་རྒྱལ་བའི་གསུངས་རྣམས་ལ། །ངེད་དང་ཁྱེད་ཀྱི་ལུགས་ཞེས་བཅད་པ་མེད། །ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་པ་བཞིན། །བདེན་པ་མཐོང་བས་མཁས་གྲུབ་མཆོག་རྣམས་ཀྱིས། །ལེགས་པར་བཤད་པའི་བགོ་སྐལ་མི་དམན་པ། །བདག་ཅག་རྣམས་ཀྱི་ལུགས་ལའང་མཆིས་མོད་ཀྱི། །གང་ཞིག་གཟུ་བོར་གནས་པའི་བློས་དཔྱོད་ལ། །ཡང་དག་གྱུར་པ་དེ་ནི་གཟུང་བར་རིགས། །རྣམ་གྲོལ་ཕྱིར་དུ་རྣམ་པར་དཔྱད་པ་ལ། །རྣམ་པར་སྡང་བའི་འདུ་ཤེས་དེས་ཅི་བྱ། །རྒྱལ་བས་གསུངས་པར་ཤེས་ཀྱང་སུན་འབྱིན་ན། །རྒྱལ་བའི་བརྒྱུད་འཛིན་དུ་ཡང་ཇི་ལྟར་འགྱུར། །དེ་ཕྱིར་ཟབ་མོའི་དོན་གྱི་གནས་རྣམས་ལ། །སྔ་ཕྱིའི་མཁས་གྲུབ་ཆེ་རྣམས་དགོངས་མཐུན་དུ། །བསྒྲུབ་པར་ནུས་ན་གངས་ཅན་བསྟན་འཛིན་རྣམས། །རྩོད་པ་མེད་ཀྱི་ཆོས་ཀྱི་དགའ་བ་ཐོབ། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །སླར་ཡང་རྩོད་ཡིག་ཏུ། ཉན་ཐོས་སྡེ་བས་གང་ཟག་གི་བདག་མེད་པ་དང་། །རང་བཞིན་གྱིས་ཡོད་པར་བཟུང་ན་མཐའ་གཉིས་སུ་ལྷུང་བར་འདོད་པར་ཐལ་བ་དང་། རྣམ་རིག་པས་མདོ་རྒྱུད་ཟབ་མོ་མཐའ་ཡས་པའི་དགོངས་དོན་འགྲེལ་ཞིང་། དགོངས་འགྲེལ་དུ་ལམ་འདི་ཉིད་དང་སྒྲུབ་པ་འདི་ཉིད་ཀྱིས་གྲུབ་པ་དང་བདེ་བ་བླ་ན་མེད་པའི་མྱང་འདས་ཐོབ་པར་འགྱུར་ཞེས། སྟོང་པ་ཉིད་དང་བདག་མེད་པ་རྟོགས་པའི་ལམ་མཆོག་ཏུ་གསུངས་ཤིང་། འོད་སྲུང་གི་ལེའུར། མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དབུ་མའི་ལམ་མོ་ཞེས་གསུངས་པ་དབུ་སེམས་ཀུན་གྱིས་སོར་བཞག་ཏུ་བྱེད་ཀྱང་ཁྱེད་ཅག་གིས་ད་དུང་དེ་ལས་འདའ་བར་སྨྲ་བ་ནི། མཐའ་ལྔ་པའི་གཡང་དུ་མཆོང་བར་འདོད་པ་སྟེ། མཐའ་གཉིས་ཀྱི་དབུས་ལ་གནས་པར་མི་རུང་ན། དབུས་དེ་གཉིས་ཀ་དང་། གཉིས་མིན་དེ་དག་ལས་གཞན་པའི་མཐའ་གང་ཡིན། །


MR14_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་ཞེས་པའི་དབུས་མེད་པར་ཐལ་བའི་ཕྱིར་རོ། །དབུས་མཐར། སྟོང་པ་མ་ཡིན་མི་སྟོང་མིན། །ཡོད་པས་མེད་པས་ཡོད་པས་ན། །ཞེས་སོགས་ཀྱི་ཤེར་མདོའི་དགོངས་པ་འགྲེལ་པའི་ཚུལ་ཀུན་མཁྱེན་གཉིས་པས་རྣམ་པར་བཞག་པ་ལྟར་རྣམ་རིག་པའི་ལུགས་སུ་འགྲེལ་དགོས་ཤིང་། མདོ་རྒྱན་དུ། ཡོད་མིན་མེད་མིན་དེ་བཞིན་མིན་གཞན་མིན། །ཞེས་དང་། མངོན་རྟོགས་རྒྱན་ལས། དེ་ལ་རྟག་ལ་སོགས་ཚུལ་གྱིས། །ཞེས་གསུངས་པས་རྣམ་རིག་པ་དང་། རང་རྒྱུད་པས་ཀྱང་མཐའ་ཀུན་དང་བྲལ་བའི་སྤྲོས་བྲལ་སྟོང་པ་ཉིད་རང་རང་གི་གཞུངས་རྣམས་སུ་བཤད་པར་འདོད་དགོས་ཤིང་ཁས་ཀྱང་ལེན་པའི་ཕྱིར། ཁྱོད་ཀྱིས་རང་རྒྱུད་པས་རྣམ་གྲངས་ཙམ་དང་། ཐལ་འགྱུར་པས་རྣམ་གྲངས་མ་ཡིན་པ་ཙམ་འདོད་ཟེར་བས་དེ་ལྟ་ན་དོན་དམ་སྔ་མ་ཕྱི་མར་འཇུག་པའི་སྒོ་ཡིན་ཞེས་ཀྱང་བྲིས་པས། དེ་ལྟར་གཉིས་སུ་དབྱེ་ཞིང་སྔ་མ་སྒོར་འདོད་པ་སྔར་མ་བྱུང་བའི་གྲུབ་མཐའ་ལྔ་པ་ཁྱོད་ཀྱི་ལུགས་ཡིན་ནམ། རང་རྒྱུད་པས་ཕྱི་མ་འདོད་པས་ཁྱོད་ཀྱིས་དབུ་མ་རྒྱན་གྱི་སྐྱེ་བ་མེད་ལ་སོགས་མི་སྲིད་ཅེས་པའི་ལུང་དྲངས་པས་ཀྱང་ཁས་བླངས་མོད། རིགས་པས་བརྡའ་སྤྲད་ན། རང་རྒྱུད་པའི་ལུགས་ལ། བདེན་གྲུབ་ཀྱི་ཡོད་མཐའ་བཀག་པའི་སྟོང་ཉིད་དང་། མཐའ་བཞི་དང་བྲལ་བའི་སྟོང་ཉིད་གང་མི་འདོད་ཅེས་བརྟགས་པས་ཤེས་ཤིང་། ཐལ་འགྱུར་པས་དོན་དམ་གཉིས་སུ་མི་འབྱེད་ཅེས་གསལ་བར་སྨྲས་པ་དེ་ལྟ་ན། དེས་དོན་དམ་པར་མ་གྲུབ་པ་མཐའ་བཞི་དང་བྲལ་བའི་སྟོང་ཉིད་ཆེན་པོར་འདོད་པར་ཐལ། རྣམ་གྲངས་པར་མི་འདོད་པ་དེའི་ཕྱིར། །འདོད་མི་ནུས་ཏེ་སླར་མེད་པ་ཉིད་ཀྱང་ཞེས་སྔར་ཊཱི་ཀར་དྲངས་པ་དེའི་ཕྱིར་ཞེས་ཟེར་བ་ལ། ལན་བརྗོད་པ། ཉན་ཐོས་སྡེ་པས། གང་ཟག་གི་བདག་མེད་པ་འབའ་ཞིག་ཏུ་འཛིན་གྱི། དེ་ལས་གཞན་པའི་ཆོས་རྣམས་རང་བཞིན་གྱིས་ཡོད་པར་


MR14_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་ཡིན་ལ། དེ་དབུ་མ་པས་དཔྱད་ན་མཐའ་གཉིས་སུ་མ་ལྷུང་བ་མ་ཡིན་ཀྱང་། དེ་དག་ཐེག་པ་ཆེན་པོའི་མཐའ་བྲལ་ལ་འཇུག་མི་ནུས་པས་རང་ལམ་གྱི་གང་ཟག་གི་བདག་མེད་པ་དང་། བདག་དེས་ཆོས་རྣམས་སྟོང་པ་དང་། མི་རྟག་སྡུག་བསྔལ་སོགས་བདེན་བཞི་རྣམ་པ་བཅུ་དྲུག་གི་འཛིན་པ་དང་དམིགས་པ་ཅན་ཡིན་པར་བདག་ཅག་གིས་འདོད་ལ་ཁྱེད་ཅག་ལྟར་ན་གང་ཟག་གི་བདག་མེད་དང་། རང་བཞིན་གྱིས་ཡོད་པར་འཛིན་པ་དག་ཀྱང་དེ་གཉིས་ཀྱི་དབུས་ལ་གནས་པའི་དབུ་མ་པར་ཡང་འདོད་རིགས་ལ། ཉན་ཐོས་པ་དག་གིས་སྟོང་ཉིད་རྫོགས་པར་རྟོགས་པར་འདོད་པ་ལྟར་ན་ནི་དབུ་མ་པར་སྨོས་མ་དགོས་སོ། །རྣམ་རིག་པས་སྟོང་བདག་མེད་རྟོགས་པའི་ལམ་དེས་གྲུབ་པ་དང་། བདེ་བ་བླ་ན་མེད་པའི་མྱང་འདས་ཐོབ་པར་གསུངས་པ་ལྟར་དེ་འདྲའི་སྟོང་བདག་མེད་འོད་སྲུང་གི་ལེའུ་ལས། མཐའ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་ཞེས་སོགས་གསུངས་པ་ལྟར་དབུ་སེམས་ཀུན་གྱིས་སོར་བཞག་བྱེད་པ་དང་། མཁས་པ་ཕལ་མོ་ཆེས་རྣམ་རིག་པའི་ལུགས་སུ་བཤད་པའི་དབུས་མཐའི་གཞུང་ལས་གསུངས་པ་དང་། མདོ་རྒྱན་ལས། ཡོད་མིན་སོགས་གསུངས་པ་དེ་ལྟར་ཡིན་མོད། གཞུང་དེ་དག་གིས་ཁྱེད་ཅག་ལྟར་དབུས་ཞེས་པ་ཀ་བ་གཉིས་བསྒྲིག་གི་བར་མཚམས་ལྟ་བུ་དམིགས་པ་ཅན་ཞིག་ལ་གནས་པར་བྱ་བའི་ཡུལ་དུ་ངོས་མ་བཟུང་སྟེ། དབུས་མི་དམིགས་པར་གསུངས་པ་ནི། དཀོན་བརྩེགས་འོད་སྲུང་གི་ལེའུ་ལས། འོད་སྲུང་རྟག་ཅེས་བྱ་བ་ནི་མཐའ་གཅིག་གོ། མི་རྟག་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི། དཔྱད་དུ་མེད་པ། བསྟན་དུ་མེད་པ། རྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུང་། འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་རྟོགས་པ་ཞེས་བྱའོ། །ཞེས་དང་། དེ་བཞིན་དུ་


MR14_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅེས་བྱ་བ་ནི་མཐའ་གཅིག་གོ། བདག་མེད་པ་ཞེས་བྱ་བ་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ་སོགས་གོང་ལྟར་འགྲས་སྦྱར་ཏེ། འཁོར་བ་མྱང་འདས། ཡོད་པ་མེད་པ་སོགས་ལ་དེ་བཞིན་དུ་གསུངས་པའི་དོན། །རྒྱལ་ཚབ་ས་བཅུའི་དབང་ཕྱུག་གིས་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པར། གཉིས་སུ་མེད་ཅིང་བརྗོད་མེད་པའི། །ཆོས་ཉིད་རབ་ཏུ་གནས་ཕྱིར་རོ། །སྣང་བ་མེད་ལས་གཉིས་དང་ནི། །ཇི་ལྟར་མངོན་པར་བརྗོད་པ་དང་། །དབང་པོ་ཡུལ་དང་རྣམ་རིག་དང་། །སྣོད་ཀྱི་འཇིག་རྟེན་སྣང་མེད་ཕྱིར། །དེས་ན་འདིས་ནི་བརྟག་མེད་པ། །བསྟན་དུ་མེད་པ་གནས་མེད་པ། །སྣང་བ་མེད་ཅིང་རྣམ་རིག་མེད། །གནས་མེད་པ་ཞེས་བྱ་བ་སྟེ། །རྣམ་པར་མི་རྟོག་ཡེ་ཤེས་ཀྱི། །མཚན་ཉིད་མདོ་བཞིན་བརྗོད་པ་ཡིན། །ཞེས་གསུངས་པས་ལེགས་པར་བཤད་པ་ཡིན་ན། འདི་ནི་གཟུང་འཛིན་མེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྤྲོས་པ་དང་བྲལ་བའི་སྤྱོད་ཡུལ་བསྟན་པ་བདག་ཅག་རྣམས་ཀྱི་ལུགས་དང་མཐུན་གྱི། ཁྱེད་ཅག་གི་དབུས་ངོས་བཟུང་བ་ལྟར་གྱི་རྣམ་པར་རྟོག་པའི་སྤྱོད་ཡུལ་ཅན་གྱི་དབུས་དང་མེད་དགག་དེ་ལ་གནོད་བྱེད་ཀྱི་གཉེན་པོ་ཡིན་ཏེ། གཟུང་འཛིན་གཉིས་སུ་མེད་ཅིང་བརྗོད་དུ་མེད་པའི་ཆོས་ཉིད་རང་གི་ངོ་བོ་ལ་གནས་པ་ཉིད་ལས་སྣང་མེད་དབུ་མའི་ལམ་ཐོབ་ཚུལ་ནི། བདག་བདག་མེད་གཉིས་ཀ་མཐར་བྱས་ན་དེ་གཉིས་སུ་མ་ལྷུང་བའི་དབུས་ནི། རྟོག་མེད་དབང་ཤེས་ལ་གཟུང་འཛིན་གཉིས་སུ་སྣང་བ་མེད་པས་བརྟག་པའམ་དཔྱད་དུ་མེད་པ། གཉིས་སྣང་ལ་མངོན་པར་ཞེན་ནས་ཡིད་རྟོག་བཅས་ཀྱིས་བརྗོད་པ་མེད་པ་ནི་ནང་ཡིད་ཀྱི་གཟུང་འཛིན་གཉིས་སུ་རྟོག་པ་མེད་པ་དང་། ཤེས་པ་སྐྱེ་བའི་གནས་སམ་རྟེན་མིག་སོགས་དབང་པོ་མེད་པ། གཟུགས་སོགས་ཕྱི་ཡི་ཡུལ་སྣང་བ་མེད་པ། མིག་གི་རྣམ་པར་ཤེས་པ་སོགས་རྣམ་པར་རིག་པ་མེད་པ། འགྲོ་བ་རྣམས་ཀྱི་གནས་སུ་གྱུར་པ་ཐུན་མོང་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་མེད་


MR14_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན། དེ་རྣམས་གང་གིས་ཀྱང་ཁྱད་པར་དུ་བྱར་མེད་པའི་དེ་བཞིན་ཉིད་རོ་གཅིག་ཏུ་གྱུར་པའི་སྟོང་པ་ཉིད་ལ་གཉིས་སྣང་ནུབ་ཚུལ་གསུངས་པ་ཡིན་ལ། ཁྱོད་ཀྱི་འདོད་པའི་དབུས་དེ་ལ་འདི་འདྲའི་ཁྱད་པར་མེད་པར་མ་ཟད་འདི་དང་དངོས་སུ་འགལ་བའི་མི་མཐུན་ཕྱོགས་སུ་གྱུར་པ་མ་ཡིན་ནམ། དེས་ན་གཟུང་འཛིན་ཐམས་ཅད་བྲལ་བ་མི་རྟོག་ཡེ་ཤེས་ཀྱི་སྤྱོད་ཡུལ་སྤྲོས་བྲལ་དེ་ལྟ་བུ་ཐོས་བསམ་གྱིས་གཏན་ལ་ཕབ་ནས། དེ་ལ་མཉམ་པར་བཞག་པས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལ་གཉིས་སྣང་ནུབ་པའི་དུས་ན་གོང་བཤད་ལྟར་འབྱུང་རུང་གི། ད་ལྟ་གཏན་ལ་ཕབ་རྒྱུའི་སྟོང་ཉིད་དང་། ཕྱིས་སུ་མངོན་སུམ་རྟོགས་ནས་དེ་ལ་མཉམ་པར་བཞག་པས་གཉིས་སྣང་ནུབ་པའི་དུས་ཀྱི་སྟོང་ཉིད་གཉིས་ཐ་དད་ན། དེ་འདྲའི་གཏན་ལ་འབེབས་ཚུལ་དེ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །གོང་ན་མཐའ་གཉིས་སུ་བསྟན་པའི་ཕྱོགས་གཅིག་མེད་དགག་གི་སྟོང་ཉིད་ལ་གཉིས་སྣང་ནུབ་པ་ཡིན་ན་དེ་ལ་གོང་བཤད་ལྟར་ཐ་སྙད་དུ་ཡོད་པའི་སྣང་བ་ཐམས་ཅད་ནི་མ་སྣང་ལ། མེད་དགག་འབའ་ཞིག་པ་ལ་གཉིས་སྣང་ནུབ་དགོས་པར་འགྱུར་ཞིང་། དེའི་ཚེ་དགག་བྱ་བདེན་གྲུབ་བཀག་པ་ལ་མི་ལྟོས་པའི་བདེན་མེད་ཡན་གར་བ་འཛིན་པའི་བློ་ཇི་ལྟར་སྐྱེ་རིགས་ཏེ། དགག་གཞི་ཡང་མ་སྣང་། དགག་བྱ་ཡང་མ་བཟུང་བར། མེད་དགག་ཡན་གར་བ་རྟོག་མེད་ཀྱི་ཤེས་པས་འཛིན་པ་ཐ་སྙད་དུ་ཡང་མི་རིགས་ན་དོན་དམ་པར་ཇི་ལྟར་རུང་། དགག་བྱ་བཀག་པ་ལ་ལྟོས་ནས་བློ་ཡུལ་དུ་འཆར་བ་མིན་པར། མི་ལྟོས་པར་རང་རྐྱ་བའི་ཚུལ་དུ་ཡོད་ན་བདེན་མེད་ལ་བདེན་མེད་སྒྲུབ་པའི་རིགས་པའི་འཐད་པ་ཡང་བསྟན་དུ་མེད་པར་འགྱུར་ཏེ། བརྟག་པའི་དངོས་ལ་མ་རེག་པ། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པ་བཞིན་ནོ། །དེས་ན་དབུས་ཞེས་པ་མཐའ་གང་ལའང་མི་དམིགས་པ་ལ་བརྗོད་ཀྱི་དམིགས་པ་


MR14_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱིས་གནས་པར་བྱ་བའི་ཡུལ་ལ་འཛིན་དགོས་ན། སྟོང་པ་ཉིད་ཇི་ལྟར་བསྟན་ཀྱང་རྣམ་པར་རྟོག་པ་དང་སྤྲོས་པ་ལས་འདས་པ་གཏན་མི་སྲིད་པས། ལྟ་བར་གྱུར་པ་ཐམས་ཅད་མ་མཐོང་བས་སྟོང་པ་ཉིད་དང་། མཚན་མར་གྱུར་པ་ཐམས་ཅད་མ་མཐོང་བས་མཚན་མ་མེད་པ་དང་། འདོར་ལེན་གྱི་སྨོན་པ་ཐམས་ཅད་མི་དམིགས་པས་སྨོན་པ་མེད་པར་གསུངས་པའི་མདོ་ཐམས་ཅད་ལོག་པར་བཤད་དགོས་པར་འགྱུར་བའི་ཕྱིར་ན། སྐྱེ་འཕགས་གཉིས་ཀས་སྟོང་ཉིད་རྟོགས་ཚུལ་གང་ལ་བསམས་ཀྱང་དབུས་ངོས་འཛིན་ཚུལ་དེ་འདྲ་སྒྲུབ་པར་དཀའ་འོ། །དེའི་ཕྱིར་གོང་དུ་བཤད་པ་དེ་དག་དབུ་སེམས་གཉིས་ཀས་སོར་བཞག་བྱེད་པ་ནི་དེ་ལྟར་བདེན་ཏེ། སེམས་ཙམ་པས་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་མདོ་ནས་ཇི་སྐད་བཤད་པ་དེ་ལྟར་འདོད་ན། ཁྱེད་ཅག་དབུ་མའི་རྒྱལ་པོ་ཐལ་འགྱུར་པར་འདོད་པ་དག་གིས་དེ་བས་འདས་ཏེ་སྨྲས་ན་གྲུབ་མཐའ་ལྔ་པའི་ཚུལ་བཟུང་བར་འགྱུར་ཞིང་། ཟླ་བའི་བཞེད་པ་ལྟར་གྱི་འཕགས་པ་སློབ་པའི་མཉམ་བཞག་སྣང་མེད་ལ་མེད་དགག་ཇི་ལྟར་སྣང་བ་ཡང་བསྒྲུབ་དགོས་སོ། །བདག་ཅག་གིས་ལུང་འདིའི་དོན་འདི་བཞིན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་བསྒྲུབས་པས། གྲུབ་མཐའ་ལྔ་པའི་གཡང་ལ་མཆོང་བར་འགྱུར་བའི་སྐྱོན་བརྗོད་པ་ནི་ཤིན་ཏུ་གོ་ལྡོག་ཏུ་སྨྲས་པར་མངོན་ནོ། །དེའི་ཕྱིར། མཁས་པ་དབུས་ལ་གནས་པར་ཡོངས་མི་བྱེད། །ཅེས་གསུངས་པ་དེ་ལྟ་བ་ཡུལ་གྱི་དབང་དུ་བྱས་ན་ཡོད་མེད་གང་གི་མཐར་མ་ལྷུང་བའི་མཐའ་བྲལ་གྱི་གནས་ལུགས་གཞི་དབུ་མ་དང་། དེ་དང་རྗེས་སུ་མཐུན་པར་ཞུགས་པའི་བློ་འམ་ཡེ་ཤེས་དེ་ནི་ལམ་དབུ་མར་འདོད་ཅིང་། དེ་འདྲའི་གཉིས་སུ་མེད་པའི་བློ་དེས་མཐའ་གཉིས་ཀ་ཅིག་ཆར་སེལ་ནུས་པས་དེ་ལ་གྲོགས་གཞན་ཅི་ཡང་མི་དགོས་སོ། །ཁྱོད་ལྟར་ན་ཡུལ་གྱི་ངོས་ནས་བདེན་མེད་ཡིན་པ་དེས་མེད་མཐའ་སེལ་བ་ལ། ཐ་སྙད་དུ་ཡོད་


MR14_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲོགས་སུ་དགོས་པ་དང་། དེ་བཞིན་དུ་ཡུལ་ཅན་འཛིན་པའི་བློ་ལའང་ཡུལ་དེ་གཉིས་ཀ་འཛིན་པའི་བློ་བསྡོམས་ནས་མཐའ་གཉིས་སེལ་ཚུལ་ལྟར་ན་བློ་གཅིག་གི་མཐའ་གཉིས་སེལ་བ་ཞིག་མེད་པས་གནས་པར་བྱ་ཡུལ་དང་། །གནས་བྱེད་ཀྱི་བློ་དབུ་མ་ཞེས་པའང་མིང་ཙམ་དུ་སོང་ལ། བདག་ཅག་གིས་ཆོས་ཐམས་ཅད་སྣང་སྟོང་ཟུང་འཇུག་སྤྲོས་མཐའ་བརྒྱད་བྲལ་དེ་ཉིད་གཞི་དབུ་མ་དང་། དེ་ལྟར་རྟོགས་པའི་བློ་དེ་དབུ་མའི་ལམ་ལ་གནས་པ་ཞེས་ཐ་སྙད་བྱེད་པས། དབུས་དང་དབུ་མ་ངོས་ཟིན་མ་ཟིན་དེ་དག་ལ་བློ་ལྡན་གཞན་དག་གིས་དཔྱད་པས་ཤེས་སོ། །བདེན་མེད་མེད་དགག་ཙམ་ཞིག་གནས་ལུགས་མཐར་ཐུག་ཆོས་ཀྱི་དབྱིངས་ཡིན་ན། མཐའ་གཉིས་དང་བཞི་དང་བརྒྱད་དང་སྒྲོ་འདོགས་སོ་གཉིས་རྣམས་ཟུང་དུ་སྦྱར་ཏེ་དེ་དག་གི་འཛིན་སྟངས་ཐམས་ཅད་བཀག་པ་ལྟར་མི་བྱེད་པར་དེ་དག་གི་སྟེང་གི་བདེན་གྲུབ་འགོག་པའི་ཚུལ་དུ་གོ་དགོས་ན་བདེན་མེད་དུ་འཛིན་པ་དེ་གཅིག་པུས་སྤྲོས་མཐའ་དེ་ཐམས་ཅད་ཁེགས་ནས་དབུས་ལ་གནས་པར་འཐད་དགོས་ན་ཡང་། བདེན་མེད་དང་བདེན་མེད་དུ་འཛིན་པ་གཉིས་ཀས་མཐའ་གཉིས་ཅིག་ཆར་སེལ་མི་ནུས་པས་ཐ་སྙད་དུ་ཡོད་པ་གྲོགས་སུ་དགོས་པར་ཁྱེད་རང་གིས་མ་བཤད་དམ། དེས་ན་ཚིག་དེས་དེ་གཉིས་ཀྱི་དབུས་ལ་གནས་དགོས་ཞེས་བསྟན་པས། དེ་གཉིས་མཐའ་ཡིན་པར་ཁྱེད་རང་གིས་ཀྱང་ཁས་བླངས་ཏེ། མ་བླངས་ན་དེ་དག་ཉིད་ལ་གནས་པས་ཆོག་གི། དེ་གཉིས་ཀྱི་དབུས་ལ་གནས་པར་ཡང་ཅི་ཞིག་དགོས། དེའི་ཕྱིར་ན་བདེན་མེད་མེད་དགག་འབའ་ཞིག་མངོན་སུམ་མཐོང་བའི་འཕགས་པའི་མཉམ་བཞག་ཡེ་ཤེས་དེ་ནི་མེད་དགག་གི་སྟོང་ཉིད་ལ་གཉིས་སྣང་ནུབ་པའི་སྐབས་ཡིན་པས་ཁྱེད་ཅག་རང་གི་ཁས་བླངས་ལྟར་ན་ཡ་གྱལ་མ་ཚང་བའི་ཕྱིར་དབུས་ལ་མི་གནས་པར་འགྱུར་རོ། །སོ་སྐྱེས་ཐ་སྙད་དུ་ཡོད་དོ་དོན་དམ་དུ་མེད་དོ་སྙམ་པ་ནི་དབུས་ལ་


MR14_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་འགྱུར་བར་ཐལ་ལོ། །ངོ་བོ་ཉིད་སྐུ་དང་ཆོས་ཀྱི་དབྱིངས་ཞེས་གང་བརྗོད་པ་ཐམས་ཅད་ཀྱང་མེད་དགག་འབའ་ཞིག་ཡིན་ན་ཧ་ཅང་ཐལ་ཏེ་རེ་ཞིག་སྤྲོས་པར་མ་བྱས་སོ། །མངོན་རྟོགས་རྒྱན་དུ། དེ་ལ་རྟག་ལ་སོགས་ཚུལ་གྱིས། །གནས་པ་བཀག་པས་ཞེས་སོགས་གསུངས་པ་ནི་དབུ་མའི་ལུགས་ཡིན་ལ། གཞུང་དེས་དངོས་བསྟན་ཐམས་ཅད་རང་རྒྱུད་པའི་ལུགས་ལྟར་ཡིན་པར་ཁྱེད་འདོད་ན་ཤེར་མདོའི་དགོངས་པ་རང་རྒྱུད་པ་ལྟར་གནས་པར་ཁས་ལེན་དགོས་ཏེ། རྒྱལ་ཚབ་ས་བཅུའི་དབང་ཕྱུག་གིས་ཤེར་མདོའི་དགོངས་པ་ཇི་ལྟར་གཟིགས་པ་དེ་ཤེར་མདོའི་དགོངས་པ་མཐར་ཐུག་ཏུ་མ་སོང་ན། དེ་ལས་གཞན་པ་སུས་ཀྱང་དེ་ལས་ལྷག་པར་རྟོགས་མཁན་དཀོན་ལ། མངོན་རྟོགས་རྒྱན་གྱིས་ཇི་ལྟར་བཀྲལ་བ་ལྟར་མདོ་རང་ན་ཡང་དེ་ལྟར་བསྟན་པའི་གསུང་དངོས་སུ་ཡོད་པས་སངས་རྒྱས་ཀྱང་རང་རྒྱུད་པ་ཡིན་པར་ཐལ་ལོ། །མགོན་པོ་ཀླུ་སྒྲུབ་ཀྱིས་ཉན་རང་ལ་སྟོང་ཉིད་རྟོགས་པ་ཡོད་པར་གསུངས་པ་ཟླ་བའི་ཞབས་ཀྱིས་བསྒྲུབ་པའི་རིགས་པ་དེས་དེ་ལྟར་འདོད་པ་ཡིན་ནོ་ཞེ་ན། ཀླུ་སྒྲུབ་དང་ཟླ་བའི་ཞབས་ཀྱིས་ཉན་རང་ལ་སྟོང་ཉིད་རྟོགས་པ་ཡོད་པར་གསུངས་ཀྱང་། སྟོང་ཉིད་རྫོགས་པར་རྟོགས་པ་ཡོད་པར་མ་གསུངས་པས་ལུགས་དེས་མངོན་རྟོགས་རྒྱན་རང་རྒྱུད་པའི་གཞུང་དུ་ཐལ་བའི་སྐྱོན་གང་ཡང་མེད་དེ། ཐལ་རང་སུའི་ལུགས་ལའང་དེ་ལྟར་ཡིན་པར་བོད་སྔ་རབས་པ་དག་འདོད་པས་མངོན་རྟོགས་རྒྱན་རང་རྒྱུད་པའི་ལུགས་ཡིན་པར་མ་གྲུབ་ལ། གྲུབ་ན་དེར་སྤྲོས་བྲལ་ཉིད་རྒྱ་ཆེར་གྲུབ་པ་དེ་ལས་ཀྱང་ལྷག་དགོས་པའི་ཐལ་འགྱུར་པ་ནི་སྔ་མ་ལས་གཞན་པའི་སྤྲོས་པ་ཕྱོགས་རེ་ཁེགས་པའི་སྟོང་ཉིད་ནན་ཏན་དུ་བསྒྲུབ་པས་སྔ་མ་ལས་འཕགས་པར་ཇི་ལྟར་འགྱུར་ཏེ། རང་རྒྱུད་པའི་གཞུང་དུའང་དེ་གྲུབ་ཟིན་ལ། རང་རྒྱུད་པས་འདོད་པའི་སྤྲོས་བྲལ་ནི་འདིས་ཁས་མི་ལེན་པར་འདོད་པའི་ཕྱིར་རོ། །དེས་ན་མཐའ་བྲལ་དམིགས་པ་མེད་


MR14_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་དེ་ལྟ་བུ་ལ་དབུ་མར་བཤད་པའི་དབུས་དེ་གཉིས་ཀ་གཉིས་མིན་གྱི་མཐའ་གང་ཡིན་ཞེས་འདྲི་ན་གང་ཡང་མིན་ཏེ། མཐའ་བཞི་ཀ་དང་བྲལ་བའི་ཕྱིར་རོ། །བདེན་མེད་དང་ཐ་སྙད་དུ་ཡོད་པའི་དབུས་དེ་དེ་གཉིས་གང་ཡིན་ཞེས་འདྲི་བ་ལ་གཉིས་མིན་གྱི་མཐའ་ཡིན་ཏེ། ལུགས་དེ་དག་འཛིན་པ་རྣམས་ཀྱིས་མཐའ་གཉིས་གང་ཡང་མིན་པའི་དབུས་ཡིན་པར་ཁས་བླངས་པའི་ཕྱིར་རོ་ཞེས་བརྗོད་པར་བྱེད་དོ། །དེ་ལྟ་ན་ཡང་། འཕགས་པ་ལྷས་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པར། དེ་ཕྱིར་དངོས་ཡོད་མི་བྱ་ཞིང་། །དངོས་པོ་མེད་པའི་ཡིད་ཀྱང་སྤངས། །ཀུན་མཁྱེན་གོ་འཕང་འདོད་རྣམས་ཀྱིས། །དེ་བཞིན་བར་དུའང་གནས་མི་བྱ། །ཞེས་གསུངས་པ་ལྟར་རོ། །འོ་ན་སྤྲོས་བྲལ་ཀྱང་མཐའ་བཞི་གང་ཡང་མིན་པར་ཁས་བླང་བས་མཐའ་ལྔ་པར་ཁས་བླངས་པར་འགྱུར་རོ་ཞེ་ན། མཐའ་བཞི་གང་དུ་ཡང་ཁས་མ་བླངས་པས་དམིགས་པ་ཐམས་ཅད་ལྡོག་ནུས་པའི་ཕྱིར་མཐའ་བཞི་གང་ཡང་མིན་པ་ཞེས་དམིགས་ཤིང་ཡིད་ལ་བྱེད་པ་ཅུང་ཟད་མེད་པས། སྒྲ་ཕྱིར་འབྲངས་ཏེ་ཅི་ཡང་མེད་པ་ཞེས་པའི་ཟོང་དེ་བྱིན་ཅིག་ཟེར་བ་ལྟར་བདག་ཅག་གིས་ཕྱིན་ཅི་ལོག་ཏུ་མི་འཛིན་ལ། ཚིག་ཙམ་དུ་མཐའ་བཞིའི་སྤྲོས་བྲལ་ཁས་ལེན་པ་དང་མི་ལེན་པ་ཞེས་སྨྲས་ཀྱང་། ཚིག་དོན་ལ་མཁས་པ་རྣམས་ཀྱིས་དེ་གཉིས་དོན་གཅིག་ཏུ་འཆར་གྱི་འགལ་བ་མེད་པར་ཤེས་ཏེ། མཐའ་བཞིའི་སྤྲོས་པ་གང་ཡང་ཁས་ལེན་པ་རྣམ་བཅད་ལ་ཁེགས་པས་མཐའ་བཞི་གང་ཡང་ཁས་མི་ལེན་པ་ཡོངས་གཅོད་དུ་གྲུབ་པ་ཙམ་ཚིག་ཐམས་ཅད་ཀྱི་འགྲོ་ལུགས་ཡིན་ཀྱང་། དེ་ནི་སྐབས་འདིར་མ་ཟད། བདག་རྟག་མི་རྟག་གཉིས་ཀ་གཉིས་མིན་དུ་ཁས་མ་བླངས་ཀྱང་དེ་བཞི་ཀ་མིན་པའི་གཞི་ལྔ་པར་ཁས་བླངས་པར་མི་འགྱུར་བ་བཞིན་ནོ། །ཡང་ཁྱོད་ཀྱིས་རང་རྒྱུད་པས་རྣམ་གྲངས་ཙམ་དང་ཐལ་འགྱུར་པས་རྣམ་གྲངས་མིན་པ་ཙམ་འདོད་ཟེར་པས་དེ་ལྟ་ན་དོན་


MR14_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དམ་སྔ་མ་ཕྱི་མར་འཇུག་པའི་སྒོ་ཡིན་ཞེས་ཀྱང་བྲིས་པས་དེ་ལྟར་གཉིས་སུ་དབྱེ་ཞིང་སོགས་གོང་དུ་སྨྲས་པ་དེ་ལ་ལན་བརྗོད་པ། ཐལ་རང་སུའི་ལུགས་ལའང་ཇི་ལྟར་སྣང་བའི་དངོས་པོ་རྣམས་ལ་མཐའ་བཞི་སྐྱེ་འགོག་དང་གཅིག་དུ་བྲལ་ལ་སོགས་པའི་རིགས་པའི་སྒོ་ནས་དམིགས་པ་རྣམས་རེ་རེ་ནས་འགོག་པ་ལ་སྤྲོས་བྲལ་གྱི་དོན་ཅིག་ཆར་སྒྲུབ་མ་ནུས་པས་ཐད་ཀར་བལྟས་ན་ཡུལ་བཀག་ཚུལ་ཁྱད་མེད་པ་ལྟ་བུར་སྣང་ཡང་། མཐར་རང་ལུགས་ལ་དོན་དམ་པ་ལ་ཁས་ལེན་ཡོད་མེད་ཀྱི་འཇོག་མཚམས་འདི་ལ་གཏུགས་ནས་ཁྱད་འབྱེད་དགོས་ཏེ། དགག་སྒྲུབ་གང་བརྗོད་ཀྱང་སྒྲ་རྟོག་གི་བློ་ལ་མ་བརྟེན་པ་མེད་ལ། དེ་ལྟ་བུའི་ཚུལ་གྱིས་དམིགས་པའི་སྤྱོད་ཡུལ་ཐམས་ཅད་དམིགས་སུ་མེད་པར་བསྟན་པའི་སྒོ་ནས་མཐར་གྱིས་སྤྲོས་པ་མེད་པའི་དོན་གཏན་ལ་ཕབ་པ་ལ་ཐལ་རང་གཉིས་ཀ་མཚུངས་ཏེ། བདག་ཅག་གིས་ལུགས་འདི་གཉིས་ཀ་དབུ་མ་པ་ཡིན་པར་འདོད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། འཕགས་པ་ཏིང་འཛིན་རྒྱལ་པོ་ལས། བསམ་པའི་ས་ལ་གནས་ནས་ནི། །མཐར་གྱིས་རྣམ་པར་བསམ་བྱས་ཏེ། །བསམ་པ་ཐམས་ཅད་རྣམ་སྤངས་ནས། །དེ་ནས་བསམ་དུ་མེད་པར་འགྱུར། །ཞེས་གསུངས་པ་ལྟར་ཐལ་རང་སུའི་གཞུང་ལྟར་དབུ་མའི་དོན་གཏན་ལ་ཕབ་ཀྱང་མཐར་སོ་སོ་རང་རིག་པའམ་མི་རྟོག་ཡེ་ཤེས་ཀྱི་སྤྱོད་ཡུལ་སྤྲོས་པ་ཉེ་བར་ཞི་བའི་ཆོས་ཉིད་གཏན་ལ་ཕེབས་ན་དགོངས་པ་གཅིག་ཏུ་འགྱུར་ཞིང་། མ་ཕེབས་ན་ཐལ་འགྱུར་པ་ཡིན་ནོ་ཞེས་བརྗོད་ཀྱང་ལང་གཤེགས་ལས། བསྟན་པ་དང་གྲུབ་མཐའ་གཉིས་གསུངས་པའི་གྲུབ་མཐའ་སྟོང་པའི་བརྗོད་པ་ཙམ་དུ་འགྱུར་རོ། །དེའི་ཕྱིར་རང་རྒྱུད་པའི་གཞུང་རྣམས་སུ་རྣམ་གྲངས་པའི་དོན་དམ་སྒྲུབ་པ་གཙོ་བོར་བྱས་ཏེ། ཚུལ་གསུམ་ཚང་བའི་གཏན་ཚིགས་རང་རྒྱུད་པ་འགོད་པའི་སྒོ་ནས། བསྒྲུབ་བྱ་བདེན་མེད་རང་རྒྱུད་པ་བསྒྲུབ་པ་རྩ་ཤེས་ཀྱི་དགོངས་པ་འགྲེལ་བའི་ལུགས་སུ་མཛད་ཅིང་དེ་འདྲའི་དོན་དམ་པར་


MR14_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང་། ཐ་སྙད་དུ་ཡོད་པ་གཉིས་འདུ་འབྲལ་མེད་པར་བཟུང་ནས་རྣམ་པ་ཀུན་ཏུ་ཁས་ལེན་དང་བཅས་པ་རྩལ་དུ་བཏོན་ནས་བསྒྲུབ་མོད་ཀྱི་རྣམ་གྲངས་པའི་དོན་དམ་ཁས་ལེན་དང་བཅས་པ་དེ་མཐར་ཐུག་གི་གནས་ལུགས་སུ་མ་བཟུང་བར་མཐར་ཐུག་སྤྲོས་མེད་དུ་བཞེད་ཀྱང་། དོན་དམ་སྔ་མ་ཉིད་གཙོ་བོར་བསྒྲུབས་པས་རང་རྒྱུད་པའི་ལུགས་ལ། དོན་དམ་གཉིས་པོ་གང་ཁས་མི་ལེན་ཞེས་འདྲི་ན། གཉིས་ཀ་ཁས་ལེན་ཞེས་འདོད་དེ། སྔ་མ་ལ་མཐུན་པའི་དོན་དམ་མམ་རྣམ་གྲངས་པའི་དོན་དམ་ཞེས་བཞེད་ཅིང་། དང་པོ་དེ་ཉིད་ལེགས་པར་མ་བསྒྲུབས་པར། ཕྱི་མའི་དོན་ལ་འཇུག་མི་ནུས་པར་འདོད་དེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་གསུངས་པ་ལྟར། དབུ་མ་རྒྱན། བདེན་གཉིས་སྣང་བ་རྣམས་ཀྱིས་ཀྱང་། དེ་ལྟར་དངོས་སུ་བཤད་པ་གོང་དུ་དྲངས་པ་ལྟར་ཡིན་ལ། དེ་ལྟ་མ་ཡིན་པར་གཞན་དུ་བཤད་དགོས་ན་རང་རྒྱུད་པའི་སློབ་དཔོན་དེ་དག་གིས་རང་རྒྱུད་པའི་འཆད་ཚུལ་མ་མཁྱེན་ན་གཞན་སུ་ཞིག་གིས་ཤེས་པར་རིགས། ཁྱོད་ཀྱིས་འོག་ཏུ། མདོ་སྔགས་གཉིས་ཀར་ཡུལ་དང་ཡུལ་ཅན་གྱི་དོན་དམ་གཉིས་རེ་བསྟན་ཅིང་། རྟོག་གེ་འབར་བ་དང་། དབུ་མ་སྣང་བར་ཡང་དོན་དམ་གསུམ་རེ་བཤད་ཅིང་། ཡུལ་ཅན་ལ་གཉིས་སྣང་ལོག་མ་ལོག་གི་རྣམ་གྲངས་ཡིན་མིན་ཀྱང་འཐད་དེ། རྣམ་གྲངས་དང་རྣམ་གྲངས་མིན་པའི་སྐྱེས་བུ་དམ་པ་གཉིས་བཤད་པ་དང་། རྫས་བཏགས་ལ་སྐབས་དོན་མི་འདྲ་བ་དུ་མ་བཤད་པ་དང་། ཀུན་བཏུས་སུ། །ཐམས་ཅད་ཀྱང་རྫས་སུ་ཡོད་པའོ། །ཐམས་ཅད་ཀྱང་བཏགས་པས་ཡོད་པའོ། །ཞེས་གསུངས་པ་ལྟ་བུ་ཡིན་པས། ཁབ་ཀྱི་མིག་ལྟར་དོག་པའི་བློས་གཞུང་ཆེན་ནམ་མཁའ་འཇལ་བར་རེ་བ་ནི་ཆེས་འཁྲུལ་ལོ་ཞེས་སྐྱོན་བརྗོད་པ་ལྟར་ཁབ་མིག་ལྟ་བུའི་


MR14_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བློས་གཞུང་ཆེན་འཇལ་བར་མི་ནུས་པ་བདེན་ནོ། །ཞེས་བདག་གིས་སྨྲ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྣམ་གྲངས་དང་རྣམ་གྲངས་མིན་པའི་དོན་དམ་གཉིས་གཅིག་ཁས་བླངས་ན་གཅིག་འདོར་དགོས་པའི་དེ་གཉིས་ལ་འགལ་འདུ་ཅི་ཞིག་ཁྱོད་ཀྱིས་མཐོང་། བདག་ཅག་གིས་དེ་གཉིས་འགལ་བ་མེད་པར་མ་ཟད། སྔ་མ་ལ་བརྟེན་ནས་ཕྱི་མ་རྟོགས་དགོས་པ་དེ་རང་རྒྱུད་པའི་བཞེད་པར་བཤད་ལ། དེ་ལྟར་གཞུང་དེ་དག་ན་དངོས་སུ་གསལ་བར་ཡོད་པའི་རྗེས་སུ་ཟློས་པ་ལ་དེ་འདྲ་སྔར་མ་བྱུང་བའི་གྲུབ་མཐའ་ལྔ་པ་ཁྱོད་ཀྱི་ལུགས་ཡིན་ནམ་ཞེས་པ་ནི་གཞུང་དེ་དག་མ་མཐོང་བའམ། མཐོང་ཀྱང་སྣང་ལ་མ་ངེས་པར་སོང་བའི་ཚིག་རང་ལ་རང་གིས་ཅོ་འདྲི་བར་སོང་ལ། རང་རྒྱུད་པས་ཕྱི་མ་འདོད་པ་ཁྱོད་ཀྱིས་རྒྱན་གྱི་ལུང་དྲངས་པས་ཁས་བླངས་མོད་ཅེས་པ་དང་། རིགས་པས་བརྡ་སྤྲད་ན། རང་རྒྱུད་པའི་ལུགས་ལ་བདེན་གྲུབ་ཀྱི་ཡོད་མཐའ་བཀག་པའི་སྟོང་ཉིད་དང་། མཐའ་བཞི་བྲལ་བའི་སྟོང་ཉིད་གང་མི་འདོད་ཅེས་བརྟགས་པས་ཤེས་ཤིང་ཞེས་སྨྲས་པ། དོན་དམ་དེ་གཉིས་འགལ་མེད་ཡིན་པས་གཉིས་ཀ་འདོད་པར་བྱས་པ་ལ་ཅིག་ཤོས་འདོད་མི་རུང་བའི་གནོད་པ་ཅི་ཡང་མེད་དོ། །ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་དང་། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་དང་། སྟོང་ཉིད་བག་ཆགས་གོམས་པས་ནི། དངོས་པོའི་བག་ཆགས་སྤང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །འདི་སྐབས་ཡུལ་ཅན་གྱི་དབང་དུ་བྱས་ན་གཉིས་སྣང་ལོག་མ་ལོག་གི་སྒོ་ནས་རྣམ་གྲངས་མིན་པ་དང་ཡིན་པའི་དོན་དམ་གྱི་ཐ་སྙད་ཀྱང་འཐད་པར་བདག་ཅག་གིས་ཀྱང་འདོད་དེ་ཡུལ་གྱི་དབང་དུ་བྱས་ན་སྤྲོས་པ་ཉི་ཚེ་བའི་སྤྱོད་ཡུལ་དང་བྲལ་བ་དང་། སྤྲོས་པའི་སྤྱོད་ཡུལ་མཐའ་དག་དང་བྲལ་བ་དེ་གཉིས་ལ་དོན་དམ་གཉིས་པོའི་་ཁྱད་པར་དུ་


MR14_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཅིང་། ཡུལ་ཅན་གྱི་དབང་དུ་བྱས་ན་སྤྲོས་པ་དང་བྲལ་བའི་དོན་དེ་ཇི་ལྟ་བར་གཟིགས་ནས་གཉིས་སྣང་ལོག་པའི་ཡུལ་ཅན་དེ་ལ་རྣམ་གྲངས་མིན་པའི་དོན་དམ་པ་དང་། དེ་ལས་གཞན་དུ་གཉིས་སྣང་དང་བཅས་པ་ལ་རྣམ་གྲངས་པའི་དོན་དམ་གྱི་བརྡ་མཛད་པ་ཡོད་དེ། གཞུང་ཆེན་པོ་རྣམས་སུ་བདེན་གཉིས་ཀྱི་འཇོག་ཚུལ་མི་འདྲ་བ་གཉིས་བཤད་པའི་དང་པོ་གནས་ཚུལ་སྐྱེ་མེད་ལ་དོན་དམ་དང་། སྣང་ཚུལ་ཐ་སྙད་ལ་ཀུན་རྫོབ་ཀྱི་མིང་གིས་བསྟན་པ་དེ་ཡིན་ལ། །གཉིས་པ་གནས་སྣང་མཐུན་པར་གྱུར་པའི་ཡུལ་དང་ཡུལ་ཅན་གཉིས་ཀ་ལ་དོན་དམ་དང་། མི་མཐུན་པར་གྱུར་པའི་ཡུལ་དང་ཡུལ་ཅན་གཉིས་ཀ་ལ་ཀུན་རྫོབ་ཀྱི་མིང་གིས་བསྟན་པ་ནི་ཐ་སྙད་ཉེ་བར་བཟུང་བའི་དབང་དུ་ཡིན་ལ། ལུགས་འདིའི་དབང་དུ་བྱས་ན་མདོ་སྔགས་གང་ཡིན་ཀྱང་ཡུལ་ཅན་ལའང་དོན་དམ་གྱི་མིང་འཇུག་པ་དང་། རྟོགས་པ་པོ་གང་ཟག་ལ་ཡང་རྣམ་གྲངས་ཡིན་མིན་གྱི་སྐྱེས་བུ་དམ་པར་གདགས་རུང་བར་འགྱུར་རོ། །ལུགས་དེ་གཉིས་ཀྱིས་ཀུན་རྫོབ་དང་དོན་དམ་ཞེས་མིང་མཐུན་ཡང་དོན་གྱི་རྣམ་བཞག་བྱེད་ཚུལ་མི་འདྲ་བས་སོ་སོའི་ལུགས་ཀྱི་དགོངས་པ་ཕྱེས་ནས་འཆད་མ་ཤེས་ན་གཞུང་ཆེན་པོ་རྣམས་ཁབ་མིག་ལྟར་དོག་པའི་བློས་ནམ་མཁའ་གཞལ་བས་འཇལ་རེ་ཟད་པར་འགྱུར་རོ། །དེས་ན་རྫས་བཏགས་ཞེས་པ་འང་དོན་བྱེད་ནུས་པའི་རྫས་ཡོད་དང་། དེ་བཞིན་དུ་རྟག་ཅིང་བརྟན་པ། རང་རྐྱ་ཐུབ་པ། གཞི་གྲུབ་པ་ཙམ་གྱི་རྫས་ཡོད་སོགས་འཇོག་ཚུལ་སྣ་ཚོགས་ཡོད་པ་དེའི་ཤུགས་ཀྱིས་བཏགས་ཡོད་ཀྱང་ངེས་པས། ཀུན་བཏུས་སུ། ཐམས་ཅད་ཀྱང་རྫས་ཡོད་དང་བཏགས་ཡོད་དུ་འགྱུར་བར་གསུངས་པ་ལྟ་བུ། རྫས་བཏགས་ལ་འདོད་ལུགས་ཀྱི་དབང་གིས་དེ་ལྟར་གསུངས་པ་ཡིན་ལ། རང་རྒྱུད་པའི་གཞུང་གི་དོན་དམ་གཏན་ལ་འབེབས་པའི་སྐབས་སུ་དོན་དམ་གཉིས་བཤད་པ་དེ་ནི་གནས་སྣང་གི་ཀུན་རྫོབ་


MR14_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དང་དོན་དམ་བཤད་ཚུལ་སྔ་མ་ལྟར་ཡིན་པར་གཞུང་ཚིག་གིས་དངོས་སུ་གསལ་ན། གཉིས་སྣང་ལོག་མ་ལོག་གི་དོན་དུ་བཤད་པའི་གོ་སྐབས་མི་རྙེད་པའི་ཕྱིར་རོ། །ཐལ་འགྱུར་པའི་གཞུང་དུ་ནི། འཇུག་པར་དོན་དམ་གཏན་ལ་འབེབས་བྱེད་མཐའ་བཞིའི་སྐྱེ་བ་འགོགས་པའི་རིགས་པ་གསུངས་པ་ངེས་ཀྱང་རང་རྒྱུད་པ་ལྟར་དོན་དམ་པར་སྐྱེ་བ་བཀག་ནས་ཐ་སྙད་དུ་སྐྱེ་བ་ཡོད་པར་འདོད་ན་ཐལ་རང་གི་ཁྱད་པར་ཕྱེ་བ་མེད་པར་འགྱུར་རོ། །དེའི་ཕྱིར། འཇུག་པར། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པ། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གི་ཡིན་པར་འགྱུར། །ཞེས་གསུངས་ཤིང་། རང་འགྲེལ་དུ། དེའི་ཕྱིར་རང་གི་མཚན་ཉིད་ཀྱི་སྐྱེ་བ་ནི་བདེན་པ་གཉིས་ཆར་དུ་ཡང་ཡོད་པ་མ་ཡིན་ན། །ཞེས་མི་འདོད་བཞིན་དུ་ཡང་གདོན་མི་ཟ་བར་ཁས་བླང་བར་བྱའོ་ཞེས་གསུངས་པ་འདིས། རང་རྒྱུད་པས། ཐ་སྙད་དུ་སྐྱེ་བ་ཞེས་པ་རང་གི་ངོ་བོ་ཉིད་དམ་རང་མཚན་གྱིས་གྲུབ་པ་དེ་ནི་དོན་དམ་དཔྱོད་པས་དཔྱད་ཀྱང་མ་བཀག་པར་ཁས་བླང་བ་དེ། དོན་དམ་དཔྱོད་པས་དཔྱད་ན་ཅུང་ཟད་མེད་ཅེས་བསྟན་པ་ཡིན་ལ། དེ་ལྟར་ན་བདེན་པ་གཉིས་ཆར་མ་སྐྱེས་པ་དེ་ལ་དོན་དམ་པར་སྐྱེ་བ་མེད་ཅེས། ཁྱད་པར་སྦྱར་བ་དོན་མེད་པར་གསུངས་ཏེ། དེ་ཕྱིར་དངོས་པོ་བདག་ལས་བྱུང་ཞེས་རབ་ཏུ་བརྟག་པ་འདི། དེ་ཉིད་དང་ནི་འཇིག་རྟེན་དུ་ཡང་རིགས་པ་མ་ཡིན་ནོ། །ཞེས་པའི་ཐད་ཀྱི་རང་འགྲེལ་དུ། དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་ཁྱད་པར་དུ་མ་མཛད་པར་བདག་ལས་མ་ཡིན་ཞེས་སྤྱིར་སྐྱེ་བ་བཀག་པ་ཡིན་ནོ། །གང་ཞིག་དངོས་པོ་རྣམས་ནི་དོན་དམ་པར་བདག་ལས་སྐྱེས་པ་མ་ཡིན་ཏེ། ཡོད་པའི་ཕྱིར། སེམས་ཅན་བཞིན་ནོ་ཞེས་ཁྱད་པར་དུ་བྱེད་པ་དེ་ནི་དོན་དམ་པར་ཞེས་བྱ་བའི་ཁྱད་པར་དོན་མེད་དོ་ཞེས་བསམ་པར་བྱའོ་ཞེས་གསུངས་པ་བཞིན་ནོ། །


MR14_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་མཐའ་བཞིའི་ཚུལ་གྱིས་དཔྱད་ན་སྐྱེ་བ་ནི་དོན་དམ་པར་མ་ཟད། ཐ་སྙད་དུ་ཡང་མེད་པར་གཏན་ལ་ཕབ་པའི་རིགས་པ་དེས་འདི་ལྟར་རྟེན་འབྱུང་གི་སྣང་བ་བསླུ་མེད་དུ་ཡོད་པ་འདི་རྣམས་ཡེ་ནས་སྐྱེ་བ་དང་འགག་པ་མེད་པའི་རང་བཞིན་དུ་གཏན་ལ་ཕབ་པ་ཡིན་པས། རྣམ་གྲངས་པའི་བདེན་མེད་ཙམ་ལས་འདས་ཏེ་རྣམ་གྲངས་མིན་པའི་དོན་དམ་བདེན་གཉིས་དབྱེར་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཉིད་དུ་བསྟན་པ་ཡིན་ནོ། །གཞན་ཡང་གཞུང་འདིར་བདེན་གཉིས་དབྱེར་མེད་སྟོན་པའི་གནད་ཀྱིས། ཐ་སྙད་དུ་སྐྱེ་བ་ཞེས་བྱ་བ་དོན་དམ་དཔྱོད་བྱེད་ཀྱིས་མ་ཁེགས་པ་ཞིག་ཡོད་ན་དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་བ་དང་། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་དང་། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ་གསུམ་བསྟན་ཏེ། རིགས་པ་དེ་དག་གིས་གདོད་ནས་མ་སྐྱེས་པའི་དོན་བསྟན་པ་ཡིན་ལ། གལ་ཏེ་ཐ་སྙད་དུ་ཡང་སྐྱེ་བ་མེད་ན་ཐ་སྙད་ལ་སྐུར་བ་བཏབ་པར་མི་འགྱུར་རམ་སྙམ་ན། རང་འགྲེལ་ལས། །ཅི་སྟེ་གང་དེ་ལྟར་དངོས་པོ་ལ་མངོན་པར་ཞེན་པའི་བདོག་པ་ཐམས་ཅད་ཀུན་ནས་གཅོད་པ་ན། བྲེད་ཤ་ཐོན་པ་ཐ་སྙད་ཀྱི་བདེན་པ་ལ་འདི་གང་ཞིག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྒྱུར་གྱུར་པ་རྫས་ཀྱི་བདག་ཉིད་འབའ་ཞིག་སྐྱེ་བར་འགྱུར་བར་བྱ་དགོས་སོ་ཞེས་སྨྲ་ན། དེ་ལྟ་ན་ཡང་དེ་དག་ལ་ཚིག་ཙམ་ཞིག་ལྷག་མར་འགྱུར་རོ་ཞེས་གསུངས་པ་ལྟར་བདེན་པ་གཉིས་ཆར་དུ་ཡང་སྐྱེ་བ་ཅུང་ཟད་ཀྱང་བསྒྲུབ་པར་མི་ནུས་སོ། །ཡང་རང་འགྲེལ་ལས། འོ་ན་ནི་གལ་ཏེ་དེ་ལྟར་བདེན་པ་གཉིས་ཆར་དུ་ཡང་རང་གི་མཚན་ཉིད་ཀྱིས་སྐྱེ་བ་ཡོད་པ་མ་ཡིན་ན། དེའི་ཕྱིར་ཇི་ལྟར་ན། དེ་དག་གི་རང་གི་ངོ་བོ་འཇིག་རྟེན་དུ་དམིགས་པར་འགྱུར་ཞེ་ན། བཤད་པ། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་ལྟོས་རྣམས་མ་གྲགས་པ་ཡང་


MR14_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །ཇི་ལྟར་དེ་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པར་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང་། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་དང་། བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར། དེ་དག་རྟག་པ་མ་ཡིན་ཆད་པའང་མིན། །ཞེས་གསུངས་ཏེ། འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་བ་ཡིན་ན། ཡེ་ནས་མ་སྐྱེས་པའི་རང་བཞིན་དུ་གནས་པའི་ཕྱིར། སྟོང་པ་ཉིད་རྟེན་འབྱུང་དུ་ཤར་བའི་ལུགས་འདི་ལ་ཐ་སྙད་ལ་སྐུར་བ་བཏབ་པའི་སྐྱོན་ཅུང་ཟད་མེད་པར་མ་ཟད་ཐ་སྙད་ཀྱི་རྣམ་བཞག་ཆེས་འཐད་ཅིང་། ཇི་སྲིད་བདེན་གཉིས་སོ་སོར་སྣང་བ་གཞན་གྱི་ལུགས་དེས་བདེན་གཉིས་དབྱེར་མེད་འདི་ལྟ་བུ་ཐད་ཀར་མ་རྟོགས་པས་དེ་གཉིས་འགལ་བར་བཟུང་ནས། གང་སྟོང་པ་དེ་ཐ་སྙད་དུ་ཡོད་མི་ཤེས་པ་ལྟ་བུར་སོང་ངོ་། །དེའི་ཕྱིར་གཞུང་འདིར། གང་ཕྱིར་དངོས་པོ་བརྟེན་ནས་རབ་བྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པ། །དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲྭ་བ་མཐའ་དག་གཅོད་པར་བྱེད། །ཅེས་གསུངས་པ་ལྟར་བརྟེན་ནས་བྱུང་བའི་སྣང་བ་ཐམས་ཅད་ཡེ་ནས་མ་སྐྱེས་པའི་རང་བཞིན་དུ་རྟོགས་པ་འདི་ནི། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་སྟོང་ཉིད་བཞི་སྦྱོར་གྱི་དགོངས་པ་ལྟར་སྣང་སྟོང་མཉམ་པ་ཉིད་དུ་རྟོགས་པ་འདི་ལ། དོན་དམ་པར་མེད་པ་དང་། ཐ་སྙད་དུ་ཡོད་པའི་ཕྱོགས་སོ་སོའི་ཁས་ལེན་ཅི་ལྟར་ཡོད་དེ། རང་འགྲེལ་དུ། ཡོད་པ་དང་མེད་པ་ཉིད་དུ་ལྟ་བ་ཐམས་ཅད་དགག་པར་འདོད་པའི་ཕྱིར་རོ་ཞེས་དང་། རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱད་པའི་འབྲས་བུར་མཁས་རྣམས་གསུངས། །ཞེས་དང་། གང་ཕྱིར་སོ་སོའི་སྐྱེ་བོ་ཆོས་ཉིད་འདི་དེ་


MR14_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མི་ཤེས་པ་རྣམས་རྟོག་པ་ཁོ་ནས་བཅིངས་པ་དེའི་ཕྱིར། ཆོས་ཉིད་འདི་དེ་ལྟར་ཐུགས་སུ་ཆུད་པ་ན་འཕགས་པ་རྣམས་གྲོལ་བར་འགྱུར་ཏེ། དེའི་ཕྱིར་རྟོག་པ་མ་ལུས་པ་བཀག་པ་ཉིད་སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ལས་བཤད་པའི་རྣམ་པར་དཔྱོད་པའི་འབྲས་བུར་རྣམ་པར་བཞག་གོ། ཞེས་དང་། བསྟན་བཅོས་ལས་དཔྱད་པའི་འབྲས་བུ་རྟོག་པའི་དྲྭ་བ་མ་ལུས་པ་བཀག་པས་དོན་དམ་པའི་ཡེ་ཤེས་བསྒྲུབ་པར་འདོད་པའི་ཕྱིར་རོ། །ཞེས་དང་། མཁས་པ་དག་ནི་སྟོང་ཉིད་ཁོང་དུ་ཆུད་ཅིང་གྲོལ་བར་འགྱུར་ཞེས་གསུངས་ཤིང་། དབུ་མའི་བསྟན་བཅོས་ལས་ཀྱང་། བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །ལྟ་བ་དེས་ནི་བལྟ་བྱ་བ། །ཉེ་བར་ཞི་བ་ཞི་མི་མཐོང་། །ཞེས་གསུངས་སོ། །གལ་ཏེ་གཞན་དག་གིས་དེ་ལྟར་ཆོས་ཐམས་ཅད་ཀྱི་གནས་ལུགས་བདེན་གཉིས་ཟུང་འཇུག་སྤྲོས་བྲལ་ཉིད་དུ་གྲུབ་ན། བདེན་པ་གཉིས་སུ་ཕྱེ་བ་དོན་མེད་དོ་སྙམ་དུ་སེམས་ན། དེ་ལྟར་མཐར་ཐུག་གི་དོན་ལ་ཆོས་ཐམས་ཅད་བདེན་གཉིས་ཟུང་འཇུག་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ལས་མ་འདས་ཀྱང་། དེ་ཇི་ལྟ་བ་བཞིན་རེ་ཞིག་རྟོགས་མ་ནུས་པའི་ངོར། དོན་དམ་པར་མེད་པ་དང་། ཐ་སྙད་དུ་ཡོད་པའི་ཚུལ་གྱིས་བདེན་པ་གཉིས་སུ་ཕྱེས་ནས་མཐར་བདེན་གཉིས་དབྱེར་མེད་དུ་བསྒྲུབ་དགོས་ཤིང་། །གནས་ལུགས་ཀྱི་དོན་ལ་བདེན་པ་གཉིས་སུ་ཕྱེ་བའང་མེད་དེ། མདོ་ལས། ཆོས་ཀྱི་དབྱིངས་ཉིད་ཚད་མར་བྱས་ན་ཀུན་རྫོབ་ཀྱང་མེད། དོན་དམ་པའང་མེད་ཅེས་གསུངས་ཏེ། དེ་ལྟ་བུའི་དབང་དུ་བྱས་ན་ཆོས་ཐམས་ཅད་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཙམ་དུ་མཉམ་པ་ཉིད་དུ་འགྱུར་ཏེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གཞན་ཡང་བདེན་པ་ནི་གཅིག་པུ་གཉིས་མ་ཡིན་པ་སྟེ། འདི་ལྟ་སྟེ། འགོག་


MR14_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བདེན་པའོ། །ཞེས་གསུངས་པ་བཞིན་ནོ། །དེས་ན་རང་འགྲེལ་ལས་དོན་དམ་པར་སྐྱེ་བ་མེད་པས་བདག་དང་གཞན་ལས་སྐྱེས་པ་དགག་ལ་རག་མོད། གཟུགས་དང་ཚོར་བ་ལ་སོགས་པ་གང་དག་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་དམིགས་པ་དེ་དག་གི་རང་བཞིན་ནི་གདོན་མི་ཟ་བར་གཞན་ལས་སྐྱེ་བར་འགྱུར་རོ། །ཅི་སྟེ་དེ་ལྟར་མི་འདོད་ན་ནི་བདེན་པ་གཉིས་ཞེས་ཅི་སྟེ་བརྗོད་དེ། བདེན་པ་གཅིག་ཁོ་ནར་འགྱུར་རོ། །ཅིའི་ཕྱིར་ན། གཞན་ལས་སྐྱེ་བ་མེད་པ་ཉིད་དོ། །འདི་ལ་བཤད་པར་བྱ་སྟེ། འདི་བདེན་མོད་ཀྱི། དོན་དམ་པར་ན་བདེན་པ་གཉིས་ཡོད་པ་མ་ཡིན་ཏེ། དགེ་སློང་དག་བདེན་པ་དམ་པ་འདི་ནི་གཅིག་སྟེ། འདི་ལྟ་སྟེ་མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་རྫུན་པ་བསླུ་བའི་ཆོས་ཅན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར། ཆོས་ཀྱི་དབྱིངས་རང་བཞིན་གྱིས་མྱ་ངན་ལས་འདས་པ། ཞི་བ་སྤྲོས་པ་དང་བྲལ་བ། སྐྱེ་འགག་མེད་པ། ཡང་དག་པའི་མཐའ་ཉིད་ནི་བདེན་པ་གཅིག་པུ་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་ཡིན་གྱི་བདེན་པ་གཞན་མེད་དེ། ཇི་སྐད་དུ། མྱ་ངན་འདས་པ་བདེན་གཅིག་པུར། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་ཅིའི་ཕྱིར་འདོད་མི་བྱེད། །ཅེས་གསུངས་པ་བཞིན་དང་། གཞན་ཡང་མདོ་ལས། ཀུན་རྫོབ་དང་དོན་དམ། མཚན་ཉིད་ཀྱི་བདེན་པ་གསུམ་གསུངས་པ་དག་ཀྱང་མཐར་བདེན་གཉིས་དབྱེར་མེད་འདི་ལས་གཞན་མེད་ཅིང་། དེར་མ་ཟད་ཆོས་ཐམས་ཅད་ཀྱང་དེ་བཞིན་ཉིད་འདི་ལ་གཞོལ་བར་གསུངས་ཤིང་། འཇུག་པར། གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་སོགས་ཚིགས་སུ་བཅད་པས་བསྟན་པ་བཞིན་ནོ། །དེ་ལྟར་ན་ལུགས་འདིས་བདེན་པ་གཉིས་ཇི་ལྟར་འཇོག་སྙམ་ན། རང་འགྲེལ་ལས། དེའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་ལ་འཇུག་


MR14_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཐབས་ཡིན་པའི་ཕྱིར། བདག་དང་གཞན་ལས་སྐྱེ་བ་མ་དཔྱད་པར་འཇིག་རྟེན་པའི་ལུགས་ཀྱིས་ཁས་ལེན་པར་བྱེད་པ་ཡིན་ནོ། །འདི་ལྟ་སྟེ། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་དུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་དང་། ཇི་སྐད་དུ ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་ལྷན་ཅིག་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི། ང་ཡང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ངས་ཀྱང་མེད་པར་བཞེད་དོ། །ཞེས་གསུངས་པ་ལྟ་བུའོ། །ཞེས་གསུངས་པ་བཞིན་དུ་ཐ་སྙད་ཁས་ལེན་པ་ཡིན་ལ། འཇིག་རྟེན་པའི་ལུགས་ཞེས་བྱ་བ་གཞན་ངོ་ཙམ་དུ་སྟོན་པ་ནི་མ་ཡིན་ཏེ། བརྟེན་ནས་འབྱུང་བའི་སྣང་བ་གང་ཞིག་རང་གཞན་ཐམས་ཅད་ལ་བསླུ་མེད་དུ་སྣང་བ་དེ། ཇི་ལྟར་སྣང་བ་དེ་ཙམ་ཞིག་དོན་དམ་པར་ཡོད་མེད་དུ་མ་དཔྱད་པར་ཁས་ལེན་པ་ཡིན་ནོ། །དོན་དམ་པར་གྲུབ་བམ་མ་གྲུབ་དཔྱད་ན་གང་དུའང་གྲུབ་པ་གནས་མི་རྙེད་དོ། །དེའི་ཕྱིར་མ་བརྟགས་ཉམས་དགའ་བ་ཙམ་གྱི་སྣང་བ་འདི་རྣམས་དོན་དམ་དཔྱོད་པའི་རིགས་པས་དཔྱད་ན། དེ་ཁོ་ན་ཉིད་རྟོགས་པའི་གཞིའམ་ཐབས་སུ་གྱུར་པ་ཡིན་ཞིང་། དོན་དམ་དཔྱོད་བྱེད་ཀྱིས་བརྟག་ཅིང་དཔྱད་པས་དེའི་རང་བཞིན་མཐའ་ཀུན་དང་བྲལ་བ་རྟོགས་པའི་སྤྲོས་པ་ཀུན་གྱིས་དབེན་པའི་ཟུང་འཇུག་རབ་ཏུ་མི་གནས་པའི་དོན་མཐོང་བ་ནི་ཐབས་བྱུང་དོན་དམ་པའི་བདེན་པར་འདོད་དེ། །ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཞེས་དང་། མོ་གཤམ་བུ་ལ་རང་གི་བདག་ཉིད་ཀྱིས། །སྐྱེ་བ་དེ་


MR14_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དུ་མེད་འཇིག་རྟེན་དུའང་། །ཡོད་མིན་དེ་བཞིན་དངོས་འདི་ཀུན་ངོ་བོ། །ཉིད་ཀྱིས་འཇིག་རྟེན་དེ་ཉིད་དུ་མ་སྐྱེས། །དེ་ཕྱིར་འདི་ལྟར་སྟོན་པས་ཆོས་རྣམས་ཀུན། །གདོད་ནས་ཞི་ཞིང་སྐྱེ་བྲལ་རང་བཞིན་གྱིས། །ཡོངས་སུ་མྱ་ངན་འདས་པར་གསུངས་གྱུར་པ། །དེ་ཕྱིར་རྟག་ཏུ་སྐྱེ་བ་ཡོད་མ་ཡིན། །ཞེས་དང་། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང་། །འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན། །དེ་བཞིན་དངོས་པོ་ཐམས་ཅད་འགྱུར་བས་ན། །མོ་གཤམ་བུ་དང་མཚུངས་པར་ཐལ་མི་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་ཏེ། དེས་ན་ཐལ་འགྱུར་པའི་ལུགས་ལ་སྤྲོས་བྲལ་མི་འདོད་པར་ད་དུང་རང་རྒྱུད་པ་ལྟར་སྐྱེ་མེད་འབའ་ཞིག་ཁས་ལེན་པའི་ཁས་ལེན་ཡོད་ན། ཐ་སྙད་དུ་སྐྱེ་བ་བཀག་པས་སྟོང་པ་ཕྱང་ཆད་སྒྲུབ་དགོས་ན་དེ་ནི་ཤིན་ཏུ་མི་རིགས་ཤིང་། ཐལ་རང་གི་དགག་བྱ་ལ་ཕྲ་རགས་ཕྱེས་པའང་དོན་མེད་པར་འགྱུར་ཏེ། དོན་དམ་པར་མ་དཔྱད་པའི་ཐ་སྙད་ཀྱི་ངོར་སྐྱེ་འགག་ལྟར་སྣང་བ་ཙམ་ནི་སུས་ཀྱང་དོན་དམ་དཔྱོད་པའི་རིགས་པས་དགག་མི་ནུས་ཏེ། གལ་ཏེ་ཁྱོད་ལ་འཇིག་རྟེན་མི་གནོད་ན། །འཇིག་རྟེན་ཉིད་ལྟོས་འདི་ནི་དགག་པར་གྱིས། །ཞེས་སོགས་གསུངས་པ་བཞིན་ནོ། །དེ་ལྟར་ན་ཐལ་རང་གཉིས་ཁྱད་མེད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཐ་སྙད་ཀྱི་སྐྱེ་བ་འདི་རང་རྒྱུད་པས་ཚད་གྲུབ་ཏུ་འདོད་ཅིང་དོན་དམ་དཔྱོད་པའི་དཔྱད་ཀྱང་དེ་ལ་གནོད་པ་མེད་དེ། དོན་དམ་པར་སྐྱེ་བ་འགོག་པའོ་ཞེས་བཟུང་ནས་ཐ་སྙད་དུ་སྐྱེ་བ་མེད་ན་ཐ་སྙད་བདེན་པ་མེད་པར་འགྱུར་རོ་སྙམ་དུ་དགོངས་པའོ། །ཐལ་འགྱུར་པས་དོན་དམ་དཔྱོད་པས་དཔྱད་ན་དཔྱད་བཟོད་དུ་ཡོད་པ་གང་ཡང་མེད་དོ། །ཡོད་ན་བདེན་གྲུབ་ཏུ་འགྱུར་བས་བདེན་པ་གཉིས་ཆར་དུ་སྐྱེ་བ་མེད་ཀྱང་དེ་འདྲའི་སྐྱེ་མེད་དང་འདུ་འབྲལ་མེད་པའི་རྟེན་འབྱུང་གི་སྣང་བ་བསླུ་མེད་ཉིད་ཐ་སྙད་བདེན་པ་ཡིན་པས་ཐ་སྙད་ཀྱི་རྣམ་


MR14_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ཤིན་ཏུ་ཡང་རུང་བར་མཐོང་བ་ནི། ཇི་སྐད་དུ། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་རྟེན་པ་གང་། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །ཞེས་གསུངས་པ་ལྟར་རོ། །དེས་ན་དེ་འདྲའི་བདེན་གཉིས་ཟུང་འཇུག་ཏུ་བསྟན་པ་མ་རྟོགས་ནས། ཐ་སྙད་ཀྱི་སྐྱེ་བ་བཀག་པ་ཟླ་གྲགས་ཉིད་ཀྱི་ལུགས་འདི་ལ་རིན་འབྱུང་ཞབས་ཀྱི་རྗེས་འབྲངས་རྒྱ་གར་བ་འགའ་ཞིག་གིས་མེད་པའི་མཚན་མར་ཞེན་པའི་ལྟ་ངན་ཉེར་བརྒྱད་འབྱུང་བར་མདོ་ལས་གསུངས་པ་དེ་ཡིན་པར་བྱས་ནས་རྩོད་པ་བཀོད་པ་དག་ཀྱང་བྱུང་ངོ་། །འོ་ན་ཐལ་འགྱུར་པའི་ལུགས་ལ་ཐ་སྙད་ཚད་གྲུབ་གཏན་མེད་པར་ཞལ་གྱིས་བཞེས་སམ་ཞེ་ན་འདི་ལ་སྔ་རབས་པ་ཕལ་མོ་ཆེས་མགྲིན་གཅིག་ཏུ་བཞེས་སོ། །ཞེས་གསུངས་ནས། ཐལ་འགྱུར་པའི་ལུགས་ལ་ཐ་སྙད་ཚད་གྲུབ་འདོད་པ་ཤིན་ཏུ་མི་རིགས་ཞེས་དགག་པ་མཛད་ཅིང་། ཕྱིས་ཀྱི་ཐལ་འགྱུར་པའི་མཁས་པ་དག་གིས་ཐ་སྙད་ཚད་གྲུབ་འབའ་ཞིག་ཏུ་བཞེད་མོད། ༈ རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱི་ཞལ་སྔ་ནས། སྔར་གྱི་མཁས་པ་དག་ཐལ་འགྱུར་པ་ལ་མཐའ་གཅིག་ཏུ་ཁས་ལེན་མེད་པ་དང་ཡོད་པའི་ཕྱོགས་རེ་རེ་འཛིན་པ་མཐོང་ཡང་། མཐའ་གཅིག་ཏུ་གང་རུང་རེར་བཟུང་ན་སྐྱོན་ཡོད་པས། གནས་ལུགས་དཔྱོད་པའི་དབང་དུ་བྱས་ན་སྤྲོས་བྲལ་ཁས་ལེན་མེད་པ་ཡིན་ཀྱང་། རྗེས་ཐོབ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཡིན་མིན་ཡོད་མེད་སོགས་ཐ་སྙད་དཔྱོད་པ་ན་ཁས་ལེན་ཡོད་དེ། དེ་ལྟར་ཤན་ཕྱེད་དགོས་ཤིང་ཕྱིན་ཆད་ཚུལ་འདི་འཆད་ཤེས་པ་བྱུང་ན་ཁོ་བོའི་ལེགས་བཤད་འདིའི་མཐུར་བལྟ་བར་བྱའོ་ཞེས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་ཆེན་པདྨ་དཀར་པོར་གསུངས་པ་ལྟར། གནས་ལུགས་ལ་དཔྱད་པས་མ་བརྟགས་མ་དཔྱད་པར་འཇིག་རྟེན་ཐ་སྙད་དུ་ཇི་ལྟར་སྣང་བ་ཙམ་གྱི་དབང་


MR14_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་ན། ཆོས་གང་ཞིག་ཡོད་པ་མེད་པ། སྤང་བྱ་བླང་བྱ། རྒྱུ་དང་འབྲས་བུ། ཀུན་ཉོན་དང་རྣམ་བྱང་སོགས་ཐ་སྙད་ཇི་སྙེད་པའི་ཆོས་རྣམས་ལ་དེ་དང་དེར་ངེས་པར་བྱེད་པའི་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་གྲུབ་པ་དང་མ་གྲུབ་པའི་ཁྱད་པར་ཡོད་པ་ཙམ་ཁས་བླངས་ཀྱང་དེས་ཐལ་འགྱུར་པའི་ལུགས་ཉམས་པ་མེད་པར་མ་ཟད་ཆེས་མཛེས་པར་འགྱུར་གྱི། གཞན་དུ་ན་དོན་དམ་མཐའ་བྲལ་ལྟར། ཐ་སྙད་ཐམས་ཅད་ཅིར་ཡང་ཁས་མི་ལེན་པ་ནི་མི་རུང་སྟེ། དོན་དམ་པར་སྤྲོས་པ་ཉེ་བར་ཞི་བའི་ཆོས་ཉིད་ལས་མ་འདས་བཞིན་ཐ་སྙད་དུ་ཆོས་ཅན་སྣ་ཚོགས་ཀྱི་སྤྲོས་པ་ཇི་ལྟར་སྣང་བ་རྣམས་ལ་འཇིག་རྟེན་ཐ་སྙད་ཀྱི་རྗེས་སུ་ཞུགས་ནས་ཡོད་མེད་ཡིན་མིན་གྱི་ཁས་ལེན་རང་ལུགས་ལའང་མེད་དུ་མི་རུང་བས། གོང་དུ་འཇིག་རྟེན་ན་གང་ཡོད་པ་དེ་ངས་ཀྱང་ཡོད་པར་བཞེད་སོགས་ལུང་དྲངས་པ་ལྟར་དང་། གཞུང་དུ་ཡང་དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཞེས་སོགས་གསུངས་པ་བཞིན་ནོ། །དེས་ན་རྩོད་ཡིག་ཏུ་ཐལ་འགྱུར་པས་མཐའ་བཞི་དང་བྲལ་བའི་སྟོང་ཉིད་ཆེན་པོ་འདོད་པར་ཁས་བླངས་ནས། སླར་མེད་པ་ཉིད་ཀྱང་ཞེས་སྔར་དྲངས་པ་ལྟར་སྨྲས་པ་འགལ་ལོ་ཞེས་ཟེར་བ་ནི། སྤྱོད་འཇུག་ཤེར་ལེ་སོགས་ཐལ་འགྱུར་པའི་གཞུང་རྣམས་སུ་ཆོས་དང་གང་ཟག་གི་བདག་འགོག་པའི་རིགས་པ་ཇི་སྙེད་བསྟན་པ་དེ་དག་སྤྲོས་པ་ཕྱོགས་རེ་ཁེགས་པའི་དོན་འབའ་ཞིག་ཏུ་མི་འཛིན་པར་མཐར་གྱིས་མཐའ་གཉིས་བསལ་བའི་སྤྲོས་བྲལ་སྒྲུབ་པའི་དོན་དུ་གོ་བར་བྱ་ཞེས་བསྟན་པ་ཡིན་པས་མཐའ་བཞི་བྲལ་བའི་སྟོང་ཉིད་འདོད་པར་ཁས་བླངས་པ་ལས་ཉམས་པ་མེད་དོ། །སླར་ཡང་རྩོད་ཡིག་ཏུ་འདི་ལྟར་སྨྲས་ཏེ། ཡང་ཊཱི་ཀར། ཐལ་རང་གི་ཤིང་རྟ་ཆེན་པོ་དེ་དག་མཐར་ཐུག་གི་དགོངས་པའི་གནད་ལ་ཁྱད་པར་ཅིའང་མེད་ཀྱང་། ཞེས་ཟེར་བ་མི་འཐད་པར་ཐལ། དེ་ལྟ་ན་ཕྱོགས་གླང་དང་ཆོས་སྐྱོང་སོགས་རྣམ་རིག་པ་


MR14_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་། བྱེ་མདོ་སོགས་ལ་མཚུངས་པར་ཐལ་བའི་ཕྱིར། གཞན་དུ་ན་འཕགས་པས། མི་འདྲ་ཉིད་དེ་དེ་ཡིན་ན། །གཏན་ཚིགས་ཁྱད་པར་བརྗོད་པར་གྱིས། །ཞེས་པ་ལྟར་སྨྲ་དགོས་ནའང་ཁས་ལེན་མེད་པ་དང་། ལུགས་མེད་པ་ལས་རྟེན་གཞན་ཚད་མས་བསལ་ལོ། །ལེགས་ལྡན་དང་ཟླ་བའི་རྩོད་ཚུལ་རྣམས་ཀྱང་བྱིས་པ་འདྲིད་པ་ལ་ཞུགས་པ་ལྟར་གྱུར་ཅིང་། མཁས་པའི་རྗེས་སུ་ཟློས་ཏེ་ཀུན་རྫོབ་ཏུ་རང་མཚན་གྱིས་གྲུབ་པ་འདོད་མི་འདོད་ཀྱི་ཁྱད་པར་སྨྲས་པའང་དོན་མེད་དུ་ངལ་བར་ཟད་དོ། །མདོ་སྔགས་གཉིས་ཀར་ཡུལ་དང་ཡུལ་ཅན་གྱི་དོན་དམ་གཉིས་རེ་བསྟན་ཅིང་སོགས་སྔར་སྨོས་པ་བཞིན་རྗོད་པར་བྱེད་དོ། །ལན་བརྗོད་པ། ཐལ་རང་གཉིས་ཀས་ཕྱི་ནང་གི་ཆོས་ཐམས་ཅད་གཏན་ཚིགས་ཀྱི་སྒོ་ནས་བདེན་མེད་དུ་གཏན་ལ་ཕབ་པའི་དབུ་མ་པ་ཡིན་པར་འདྲ་ཞིང་། མཐར་ཐུག་སྤྲོས་བྲལ་ཀྱང་འདོད་པར་འདྲ་བས། དེ་གཉིས་མཐར་ཐུག་གི་དོན་ལ་དགོངས་པ་གཅིག་པར་འདོད་དེ། ཞི་སྒོ་གཉིས་སུ་མེད་པ་རྟེན་འབྱུང་དང་སྟོང་པ་ཉིད་བསྟན་པའི་ཕྱིར་རོ། །གལ་ཏེ་སྤྲོས་བྲལ་མི་འདོད་པ་ཁྱེད་ལྟར་ན་ཡང་ལུགས་དེ་གཉིས་ཀས་གཅིག་དུ་བྲལ་དང་མཐའ་བཞི་སྐྱེ་འགོག་སོགས་ཀྱི་རིགས་པས་བདེན་གྲུབ་བཀག་པ་ལ་ཁྱད་མེད་ན་ཅི་ཞིག་གིས་རང་རྒྱུད་པ་དབུ་མ་པ་ཡིན་པ་དང་། དངོས་སྨྲ་བ་ཡིན་པའི་གཞི་མཐུན་དུ་འཇོག་པར་བྱེད། རང་རྒྱུད་པས་བདེན་མེད་མ་རྟོགས་ན་དེ་དག་གིས་ཇི་ལྟར་འདོད་པ་ལྟར་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་ནས། དགག་པ་འདོད་པ་གཞན་ལའང་ཇི་སྲིད་དུ་མཚུངས་པར་འགྱུར་རོ། །ཕྱོགས་གླང་ཆོས་སྐྱོང་སོགས་རྣམ་རིག་པ་རྣམས་ཀྱིས་གཞན་དབང་གི་མཐར་ཐུག་པའི་རྣམ་ཤེས་གཉིས་སྟོང་བདེན་གྲུབ་འདོད་པ་ཐལ་རང་གཉིས་ཀས་བཀག་ཅིང་། བྱེ་མདོ་གཉིས་ཀས་ཆ་མེད་གཉིས་དོན་དམ་དུ་འདོད་པ་རྣམ་རིག་པས་ཀྱང་བཀག་ན་དབུ་མ་པས་


MR14_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ཅི་སྨོས། དེས་ན་དེ་འདྲའི་ཐལ་བ་འཕན་པ་ནི་ལུགས་མེད་པའི་སྨྲ་བ་ཙམ་ལས་རྟེན་གཞན་ཚད་མས་དངོས་སུ་བསལ་ལོ། །གཞན་ཡང་གྲུབ་མཐའ་ཐམས་ཅད་ཐལ་འགྱུར་པའི་རྟོགས་རྒྱུའི་སྟོང་ཉིད་དེ་འདྲ་རྟོགས་པ་མེད་ན་ཐར་པ་ཡང་མེད་པར་བསྒྲུབ་པ་དེ་དག་ལ་ཐལ་བ་དེ་འདྲ་བརྗོད་ཅིག ལེགས་ལྡན་དང་ཟླ་བའི་རྩོད་པ་ནི་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་དགོས་མི་དགོས་ཀྱི་སྟེང་ནས་ཡིན་པ་ཚིག་གསལ་དང་འཇུག་པ་རྩ་འགྲེལ་ལས་དངོས་སུ་གསལ་ན། ཁྱད་པར་སྦྱར་དགོས་པར་འདོད་པ་དེ་དག་གིས་བྱས་པ་འདྲིད་པ་ལ་ཞུགས་པ་ལྟར་གྱུར་ཅེས་སྨྲ་རིགས་ཀྱི། བདག་ཅག་གིས་ཁྱད་ཡོད་པར་གོང་དུ་བཤད་ཟིན་པས་འདིར་མ་སྨྲས་སོ། །མཁས་པའི་རྗེས་སུ་ཟློས་ཏེ་ཀུན་རྫོབ་ཏུ་རང་མཚན་གྱིས་གྲུབ་པ་འདོད་མི་འདོད་བཤད་པ་ནི་མཁས་པ་ཟླ་བའི་ཞབས་ཀྱིས་ཇི་སྐད་གསུངས་པ་གོང་དུ་སྨྲོས་པ་ལྟར་ཡིན་ལ། དེ་ལྟར་བཤད་པ་དོན་མེད་ཀྱི་ངལ་བ་མ་ཡིན་ཏེ། ཐལ་རང་གི་རྩོད་གཞི་དེ་ཡིན་ལ། རང་རྒྱུད་པས་མཐར་ཐུག་སྤྲོས་བྲལ་ཁས་བླངས་ཀྱང་། གནས་སྐབས་ཀྱི་བདེན་གཉིས་ཕྱེས་ནས་བཤད་པའི་ཁས་ལེན་དེ་ལ་གནོད་པ་ཅི་ཡང་མེད་པར་འདོད་པའི་ཕྱིར་ནའོ། །མདོ་སྔགས་གཉིས་ཀར་སོགས་སྨྲས་པའི་ལན་ནི་གོང་དུ་བཤད་ཟིན་ཏོ། །ཡང་རྩོད་ཡིག་ཏུ། ཁྱེད་ཅག་གིས་རང་གི་ཞེ་འདོད་ཀྱང་ལེགས་པར་བརྡའ་སྤྲོད་པར་མ་ནུས་ཏེ། བདེན་མེད་ནི་ཡོད་མཐའ་དང་། ཐ་སྙད་དུ་ཡོད་པ་མེད་མཐའ་ཙམ་དང་བྲལ་བ་དང་། དེ་བཞིན་དུ་གཞན་གཉིས་ཀྱང་ཡིན་པས། དབུ་མ་ཆེན་པོ་སྤྲོས་བྲལ་ནི་མཐའ་ཀུན་དང་བྲལ་བའི་ཉི་ཚེ་བར་མ་སོང་བས་རྣམ་གྲངས་མ་ཡིན་པའོ་ཞེས་བསམ་སྣང་ངོ་། །མདོར་ན་ཡུལ་གྱི་ངོས་ནས་མཐའ་དང་བྲལ་ཚུལ་ཡུལ་ཅན་བློས་མཐའ་ཁེགས་ཚུལ་རྣམས་ལེགས་པར་ཕྱེད་དགོས་པས། འདི་ལྟར་སྟོང་ཉིད་ཆད་མཐའ་དང་བྲལ་བ་ཡིན་ཡང་དེ་བཀག་ཙམ་མ་ཡིན། ཐ་སྙད་དུ་ཡོད་པ་ཡོད་མཐའ་དང་


MR14_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བ་ཡིན་ཡང་དེ་བཀག་ཙམ་མ་ཡིན། བདེན་མེད་རྟོགས་པའི་བློས་ཐ་སྙད་དུ་མེད་པའི་ཆད་མཐའ་མ་ཁེགས། ཐ་སྙད་དུ་ཡོད་པར་རྟོགས་པའི་བློས་ཆད་མཐའ་དངོས་དང་། རྟག་མཐའ་ཤུགས་ལ་ཁེགས་པའི་རྣམ་བཞག་བྱེད་དགོས་ལ། ལུང་རིགས་ཀྱི་རྣམ་འགྱུར་མི་འདྲ་བ་དུ་མ་མཐོང་ངོ་། །ཆོས་ཀུན་གདོད་མ་ནས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་དང་། བདེན་གྲུབ་ཀྱི་གཅིག་དང་དུ་མ་གང་རུང་དང་བྲལ་བ་དང་། མཐའ་བཞི་དང་བྲལ་བའི་རྟགས་ཀྱིས་རང་བཞིན་མེད་པ་བསྒྲུབ་པའི་ཕྱིར་ན་ཆོས་ཀུན་གཞི་དབུ་མར་གྲུབ་པོ་ཞེས་བརྗོད་པ་འདི་ལ་རྣམ་པར་བརྟགས་ཏེ་ལན་བརྗོད་པ། ཁྱེད་ཅག་རང་གི་ཞེ་འདོད་ལེགས་པར་བརྡའ་སྤྲོད་པར་མ་ནུས་ཏེ། བདེན་གཉིས་ཕྱེས་ཏེ་མཐའ་བཞི་བྲལ་བ་མཐའ་བྲལ་ཙམ་དང་། དབུ་མ་ཆེན་པོ་སྤྲོས་བྲལ་ནི་མཐའ་བྲལ་རྣམ་གྲངས་མིན་པར་བསམ་ནས་སྨྲ་བར་སྣང་ངོ་ཞེས་པ་དོན་མེད་དེ། བདེན་གཉིས་ཕྱེས་ཏེ་མཐའ་འགོག་ཚུལ་འདིས་སྤྲོས་པ་མཐའ་དག་འགོག་མི་ནུས་ལ། མ་ཁེགས་ན་སྤྲོས་པ་ཉི་ཚེ་བ་ལ་གནས་པར་འགྱུར་ཞེས་སྨྲས་པ་འདི་ནི་འགོག་རྒྱུའི་སྤྲོས་པ་ཡུལ་གྱི་སྟེང་ནས་ཡིན་པས་ཆོས་ཀྱི་དབྱིངས་གང་ཞིག་ཡོད་མེད་ཀྱི་མུ་བཞི་དང་བྲལ་བ་དེ་ཡིན་མོད་ཀྱི། དེ་ལྟར་རྟོགས་པའི་བློ་དང་ཡུལ་གཉིས་ཀ་ལ་སྤྲོས་མེད་དང་། དབུ་མའི་མིང་འཇུག་སྟེ། ཡུལ་གྱི་ངོས་ནས་བཤད་ན་དོན་གྱི་རྣམ་པ་དང་། ཡུལ་ཅན་གྱི་ངོས་ནས་བཤད་ན་བློ་ཡི་རྣམ་པ་ཞེས་སུ་འགྱུར་བས་ཡུལ་གྱིས་ཡུལ་ཅན་མཚོན་པ་དང་། ཡུལ་ཅན་གྱིས་ཡུལ་མཚོན་ཀྱང་ཕན་ཚུན་གོ་ནུས་པ། ཡུམ་དང་རྒྱན་གྱི་སྐབས་ནས་བཤད་པ་ལྟ་བུའོ། །དེས་ན་ཙམ་སྒྲ་སྦྱར་ཀྱང་རུང་མ་སྦྱར་ཀྱང་རུང་རྣམ་གྲངས་དང་རྣམ་གྲངས་མིན་པའི་དོན་དམ་གྱི་སྐབས་སུ་འགོག་རྒྱུའི་མཐའ་གཅིག་མ་ཡིན་ཏེ། ཕྲ་རགས་ཡོད་ཅིང་། སྔ་མ་རྣམ་རྟོག་གི་སྤྱོད་ཡུལ་ཅན་དང་། ཕྱི་མ་མི་རྟོག་ཡེ་ཤེས་ཀྱི་སྤྱོད་ཡུལ་ཅན་ཡིན་པའི་ཁྱད་པར་གནམ་ས་


MR14_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཆེ་བ་དེས་ཆོག་གོ། ཡུལ་གྱི་ངོས་ནས་སྟོང་ཉིད་ཆད་མཐའ་དང་བྲལ་བ་དང་། ཐ་སྙད་དུ་ཡོད་པ་རྟག་མཐའ་དང་བྲལ་བ་ཡིན་ཀྱང་ཞེས་སྨོས་མི་དགོས་ཏེ། ཆོས་ཐམས་ཅད་རྟག་ཆད་དང་བྲལ་བ་ཡིན་པར་སུས་ཀྱང་འདོད་པའི་ཕྱིར། འོན་ཀྱང་དེ་གཉིས་རེ་རེས་རྟག་ཆད་མི་ཁེགས་པར་ཁས་བླངས་པ་འདིས་ཆོག་འདུག་གི། ཙམ་སྒྲ་སྦྱར་རུང་མ་སྦྱར་རུང་སྐབས་དོན་དཔྱད་བྱ་ལེགས་པར་གྲུབ་འདུག་གོ། ཡུལ་ཅན་གྱི་བློའི་ངོས་ནས་བདེན་མེད་རྟོགས་པའི་བློས་ཆད་མཐའ་མ་ཁེགས་པར་ཁས་བླངས་པ་དེ་ཉིད་ལེགས་པར་སྨྲས་པ་སྟེ། ཁོ་བོ་ཅག་གིས་ཀྱང་དེས་ཆད་མཐའ་མི་ཁེགས་པས་དེ་ཙམ་ཞིག་ཏུ་འཛིན་པའི་བློ་དེ་ཁོ་ནས་དབུ་མའི་གོ་མི་ཆོད་པར་སྨྲས་པ་ཡིན་ནོ། །དེའི་ཚུལ་གོང་དུ་རྒྱས་པར་བརྗོད་ཟིན་པ་འདིར་ཡང་ཟློས་མི་དགོས་ལ། ཐ་སྙད་དུ་ཡོད་པས་ཆད་མཐའ་དངོས་སུ་ཁེགས་ཤིང་། རྟག་མཐའ་ཤུགས་ལ་ཁེགས་པ་སྤྱིར་དེ་ལྟར་ཡིན་ཏེ། བརྟེན་ནས་འབྱུང་བའི་ཆོས་ངོ་བོ་ཉིད་མེད་པ་སྒྱུ་མ་དང་གཟུགས་བརྙན་ལྟ་བུར་ཟུང་འཇུག་ཏུ་རྟོགས་ན་དངོས་ཤུགས་སྦྱར་ཀྱང་རུང་ལ་མ་སྦྱར་ཀྱང་མི་རུང་བ་མེད་དེ། འཕགས་པ་རྣམས་ཀྱི་རྗེས་ཐོབ་ན་སྣང་བ་ལྟར་གྱི་བློ་དེས་མཐའ་གཉིས་ཁེགས་ཀྱང་། ཁྱེད་ལྟར་ན་མཉམ་བཞག་ཏུ་མེད་དགག་ནམ་མཁའ་ལྟ་བུ་ལ་མཉམ་པར་བཞག་པའི་བློ་དེས་རྟག་ཆད་ཀྱི་མཐའ་ཁེགས་མི་ཁེགས་ལ་དཔྱད་པ་འདི་སྐབས་ཀྱི་དོན་ཡིན་ཏེ། དོན་དམ་བདེན་པ་ཉིད་ཀྱི་ཡུལ་ཅན་ལ་དཔྱད་པ་སྐབས་སུ་བབ་ཅིང་། སྐྱེ་འཕགས་གཉིས་ཀའི་མཉམ་བཞག་དོན་དམ་བདེན་པའི་ཡུལ་ཅན་འབའ་ཞིག་ཏུ་འདོད་དགོས་པའི་ཕྱིར་རོ། །ལུང་རིགས་ཀྱི་རྣམ་འགྱུར་མི་འདྲ་བ་དུ་མ་ཡོད་པ་ནི་སྨོས་མ་དགོས་སོ། །ཡང་ཆོས་ཀུན་གདོད་ནས་སྤྲོས་མཐའ་བརྒྱད་དང་བྲལ་བ་དང་། བདེན་པའི་གཅིག་དང་དུ་མ་གང་རུང་དང་བྲལ་བའི་དོན་དེ་ཉིད། མཐའ་བཞི་དང་བྲལ་བའི་རྟགས་ཀྱིས་དེ་འདྲའི་


MR14_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་མེད་པ་བསྒྲུབ་པ་དེ་གཞི་དབུ་མ་ཡིན་པ་ནི་ཤིན་ཏུ་བདེན་ཏེ། དེ་ལྟར་དཔྱད་ན་ཆོས་ཐམས་ཅད་དེ་ཡི་ངང་ཚུལ་ལས་མི་འདའ་བར་རྒྱལ་བ་དང་རྒྱལ་སྲས་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཤད་དོ། །དེ་ལྟར་དབུ་མ་རྩ་བའི་མཆོད་བརྗོད་དུ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །ཞེས་པ་ནས། སྤྲོས་པ་ཉེར་ཞི་ཞི་བསྟན་པ། །ཞེས་གསུངས་པ་ལྟར་སྐྱེ་འགག་མེད་པ་དང་། གཅིག་ཐ་དད་དུ་མེད་པ་སོགས་ཇི་བཞིན་རྟོགས་ན་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ལས་འོས་མེད་ལ། དེ་ཐམས་ཅད་ལ་བདེན་གྲུབ་ཀྱི་ཁྱད་པར་སྦྱར་དགོས་ན་ཐ་སྙད་དུ་རྟག་ཆད་ཡོད་པར་འགྱུར་ཏེ། བདེན་པའི་སྐྱེ་འགག་དང་འགྲོ་འོང་མེད་ཀྱང་ཐ་སྙད་དུ་ཡོད་པ་ལྟར་རྟག་ཆད་ལའང་བདེན་མེད་ཀྱི་ཁྱད་པར་སྦྱར་དགོས་པར་མཚུངས་པའི་ཕྱིར་རོ། །དེས་ན་ཆོས་ཐམས་ཅད་གདོད་ནས་ཡོད་མེད་ཀྱི་མཐའ་གཉིས་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་བདེན་གཉིས་ཟུང་འཇུག་ནི་གཞི་དབུ་མ་ཡིན་ཅིང་། དེ་ཇི་བཞིན་རྟོགས་པ་མཐའ་གང་དུའང་མི་གནས་པའི་ཡེ་ཤེས་དངོས་སམ་རྗེས་མཐུན་པ་ལམ་དབུ་མ། དེས་འབྲས་བུའི་དབུ་མ་ཤིན་ཏུ་རྣམ་པར་དག་པ་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་སྐུ་གཉིས་ཟུང་འཇུག་གི་སངས་རྒྱས་འགྲུབ་པ་ཡིན་ནོ། །ཡང་རྩོད་ཡིག་ཏུ། ཟླ་བས། ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ཡིས། །གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་ཞིང་། །ཞེས་སོགས་གསུངས་པ་མི་འཐད་པར་ཐལ། རང་གི་བདག་མེད་མཐོང་བས་ཀྱང་གནས་ལུགས་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་བའི་ཕྱིར། རྟགས་ཁས་བླངས་ཏེ། ཊཱི་ཀར། དངོས་པོ་རང་བཞིན་མེད་པར་མ་ཤེས་ན་གནས་ལུགས་མཐའ་བྲལ་ལ་ངེས་པ་སྐྱེ་བའི་སྐབས་མེད་པས་སོ། །འོན་ཀྱང་མེད་པ་ཉིད་དེ་ཙམ་ཁོ་ན་གནས་ལུགས་མ་ཡིན། ཞེས་པའི་ཕྱེད་སྔ་མ་སྔར་རྒོལ་ལ་བཤད་པ་དང་མཐུན་པས་ཐལ་འགྱུར་པས་གཉིས་སུ་


MR14_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྱེད་པ་འགལ་ལ། ཕྱི་མར་ཉིད་དང་ཙམ་དང་། ཁོ་ན་སུམ་སྦྱོར་དུ་བརྩེགས་པའི་འཐུག་གེ་བ་ནི་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ལམ་ལས་འཁྱོགས་པའི་གནོད་ཆེ་བའི་ནང་ཉམས་ཐོན་པ་དང་། ཚིག་སྦྱོར་ལ་མཁས་པས་སྒེག་པའི་ཉམས་ཀྱི་རོལ་པའང་ཡིན་མཆི། དེ་ལྟར་མ་ཡིན་ན་བདེན་མེད་གནས་ལུགས་མིན་ནོ་ཞེས་གབ་སྦས་མེད་པར་ཁ་དམར་གདགས་པར་ཇི་ལྟར་དོགས། མཁས་པའི་ཟོབ་ཀྱི་ནང་ཆ་སྟོན་པའི་ཚིག་གི་ཕོ་ཉ་འདི་ཅི་ཕྱིར་མངགས། མཛུབ་མོ་ནང་དུ་ཁུག་ལ་རང་བཞིན་གསལ་བའི་མེ་ལོང་འདིར་ཡང་ཡང་ལྟོས་ཤིག་ཅེས་སྨྲས་པ་ལ། ལན་བརྗོད་པ། ཟླ་བས་ཉན་རང་གི་གང་ཟག་གི་བདག་མེད་མཐོང་བ་དེས་གཟུགས་སོགས་ཀྱི་དེ་ཉིད་རྟོགས་པར་མི་འགྱུར་ཞེས་གསུངས་པ་མི་འཐད་པར་འགྱུར་ཏེ། ཁྱོད་ལྟར་ན་དབུ་མ་རང་གི་བདག་མེད་མཐོང་བས་ཀྱང་དེ་ཉིད་མི་རྟོགས་པར་ཁས་བླངས་པའི་ཕྱིར་ཞེས་པའི་སྐྱོན་བརྗོད་པ་དོན་མེད་དེ། ཇི་ལྟར་ཁས་བླངས་ཞེས་དྲིས་པ་ལ། ཊཱི་ཀར་དངོས་པོ་རང་བཞིན་མེད་པར་མ་ཤེས་ན་གནས་ལུགས་མཐའ་བྲལ་ལ་ངེས་པ་སྐྱེ་བའི་སྐབས་མེད་པས་སོ། །ཞེས་པ་འདིས་ཁས་བླངས་སོ་ཞེ་ན། འདུས་བྱས་འདུས་མ་བྱས་ཀྱི་དངོས་པོའམ་ཆོས་རྣམས་རང་བཞིན་མེད་པར་མ་ཤེས་ན་མཐའ་བྲལ་ལ་ངེས་པ་མི་སྐྱེ་ཡང་དེ་འདྲའི་རང་བཞིན་མེད་པ་དང་མཐའ་བྲལ་ལ་ཐ་དད་དུ་གྱུར་པའི་དོན་ཅི་ཞིག་ཁས་བླང་བར་འདུག །ཚིག་དེས་དབུ་མ་པ་རང་གི་རང་བཞིན་མེད་པར་རྟོགས་པས་དེ་ཉིད་མ་རྟོགས་པར་ཇི་ལྟར་ཁས་བླང་སྟེ། མཁས་པའི་ཟོབ་ཀྱི་ནང་ཆ་སྟོན་པའི་ཚིག་གི་ཕོ་ཉ་འདི་ཡང་མངགས་མི་རིགས་སོ། །རང་བཞིན་མེད་པར་མ་ཤེས་ན་མཐའ་བྲལ་མི་འགྲུབ་པས་གོ་རིམ་ངེས་སོ་སྙམ་ན། དཔེར་ན་བདེན་མེད་མ་རྟོགས་ན་དེ་ཁོ་ན་ཉིད་མི་རྟོགས་སོ་ཞེས་པའི་གོ་རིམ་དང་འདྲའོ། །དེར་མ་ཟད་མཐའ་བཞིའི་སྐྱེ་བ་རིམ་ཅན་དུ་ཚིག་གི་ལམ་ནས་བཀག་


MR14_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མཐའ་བཞིའི་སྐྱེ་མེད་གྲུབ་པ་དང་། ཆོས་དང་གང་ཟག་གི་བདག་གཉིས་རིམ་ཅན་དུ་བཀག་ནས་བདག་མེད་བསྒྲུབ་དགོས་ཀྱང་། དེ་དང་དེའི་སྐབས་སུ་མེད་དགག་གི་ཚུལ་དུ་བསྟན་པས་མཐར་ཐུག་མེད་དགག་ཁོ་ན་ཁས་ལེན་དགོས་པ་མ་ཡིན་ལ། རྣམ་གྲངས་མིན་པའི་དོན་དམ་ཉིད་དེ་དག་གིས་གཏན་ལ་དབབ་པའི་འབྲས་བུ་ཡིན་ཏེ། རྟོག་རྣམས་ལོག་པར་གྱུར་པ་ཞེས་སོགས་གོང་དུ་བཤད་པ་བཞིན་ནོ། །ཚིག་ཕྱི་མ་ཉིད་དང་། ཙམ་དང་། ཁོ་ན་སུམ་བརྩེགས་འཐུག་གེ་བ་ཞེས་པ་ནི། ཉིད་ཅེས་པའི་སྒྲ་ནི་མིང་གང་ལ་སྦྱར་ཀྱང་དངོས་པོའི་རྐྱེན་ཙམ་སྟེ་ངོས་བཟུང་ཡིན་ལ། དེ་ཙམ་ཁོ་ན་ཞེས་པ་བརྗོད་འདོད་ཀྱིས་བརྣན་ཏེ་གཉིས་བརྗོད་པ་ནི་ངོ་མཚར་བ་དང་། ནན་ཏན་གྱི་དོན་ལ་ཟློས་སྒྲ་འཇུག་པར་བརྡའ་སྤྲོད་ཀྱི་གཞུང་ལས་གྲགས་པ་ལྟར་བརྗོད་པ་འདི་ནི་རང་ཉིད་གསུང་རབ་ཀྱི་དོན་ལས་འཁྱོགས་པའི་གནོང་གིས་མ་ཡིན་ཏེ། གཞན་དག་གིས་དམིགས་མེད་ཀྱི་དོན་དམིགས་པ་ཅན་དུ་འཁྱོགས་པོར་བཤད་པ་དེ་ཉིད་ནན་གྱིས་དམིགས་ཕྱེ་བའི་དོན་དུ་བརྗོད་པ་ཡིན་ནོ། །དེའི་ཕྱིར་བདེན་མེད་གནས་ལུགས་མིན་ནོ་ཞེས་མི་བརྗོད་དེ། བདེན་མེད་དང་། སྐྱེ་མེད་དང་། བདག་མེད་དང་། རང་བཞིན་མེད་པ་དང་། སྟོང་པ་ཉིད་སོགས་ཀྱི་མིང་གིས་བསྟན་པ་དེ་དག་ལ་རེ་རེ་བཞིན་དུ་ཆ་གཉིས་སུ་ཕྱེ་རྒྱུ་ཡོད་པ་ནི། བདེན་མེད་མེད་དགག་དང་། བདེན་མེད་སྤྲོས་བྲལ་ཞེས་པ་ལྟར་གོ་ཚུལ་གཉིས་ཡོད་པའི་ཕྱིར། བདེན་པ་མེད་པས་ན་གནས་ལུགས་དམིགས་སུ་མེད་པར་གོ་བ་དང་། མེད་དགག་ལ་དམིགས་པ་ཅན་དུ་གོ་བ་གཉིས་ཡོད་པས་ཕྱི་མ་འདི་གནས་ལུགས་མཐར་ཐུག་མིན་ཞེས་བརྗོད་པར་འདོད་པའི་ཕྱིར་རོ། །ཅིའི་ཕྱིར་དེ་ལྟར་བརྗོད་ཅེ་ན། ཡུལ་གང་དང་གང་ལ་བདག་གམ་རང་གི་ངོ་བོ་མེད་པར་མཐོང་ན་དེ་དང་དེར་ཞེན་པ་ལྡོག་གམ་མི་ལྡོག་ལྡོག་ན་བདེན་མེད་ལའང་རང་གི་ངོ་བོ་ཉིད་མེད་པས་དེར་ཞེན་ལྡོག་རིགས་ལ། །


MR14_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡོག་ན། ཆོས་རྣམས་གང་ལའང་ངོ་བོ་ཉིད་མེད་པར་མཐོང་དུ་ཟིན་ཀྱང་དེར་ཞེན་གཅིག་ཀྱང་མི་ལོག་པས་ལམ་དེས་ཆགས་སོགས་ཇི་ལྟར་ལྡོག །ཆོས་ཐམས་ཅད་ཀྱི་སྟེང་ན་བདེན་གྲུབ་ཡན་གར་བ་འགོག་པའི་ཚུལ་དུ་གོ་ནས་ཆོས་ཐམས་ཅད་ལ་དེ་དང་དེར་དམིགས་པ་ཙམ་སྟོང་ཉིད་བསྒོམ་པའི་སྐབས་སུ་འགོག་མི་རུང་ན། དེ་འདྲའི་བདེན་གྲུབ་ཀུན་བརྟགས་འགོག་པའི་ལམ་དེ་ཇི་ལྟར་གོམས་ཀྱང་། ཆོས་དང་གང་ཟག་དང་བདག་དང་གཞན་དུ་དམིགས་པ་ལྷན་སྐྱེས་ནི་ནམ་ཡང་མི་ཁེགས་པས་ཉོན་མོངས་པ་དག་མགོ་ནོན་པའི་གཉེན་པོར་ཡང་མི་འགྱུར་ན། འཁོར་གསུམ་དུ་རྟོག་པའི་ཤེས་སྒྲིབ་ལྡོག་པ་ལྟ་ཅི་སྨོས། དེའི་ཕྱིར་དམིགས་པ་ཅན་གྱི་ལམ་ལས་བྱང་ཆུབ་གསུམ་པོ་གང་ཡང་མི་འགྲུབ་པར་གསུངས་པ་ནི་ཐར་འདོད་རྣམས་ཀྱི་ལམ་གྱི་རང་བཞིན་གསལ་བའི་མེ་ལོང་ཡིན་པས་དེར་ཡང་ཡང་ལྟ་བ་ནི་གལ་ཆེའོ་ཞེས་སྨྲའོ། །ཡང་རྩོད་ཡིག་ཏུ། ཟླ་བས། རང་དབང་བའི་རྟག་བདག་དེས་ངར་འཛིན་གྱི་དམིགས་པའི་གཏད་སོ་མི་བྱེད་པས་དེ་མེད་པར་མཐོང་བས་བདག་ལྟ་རྩ་བ་ནས་འབྱིན་པ་མཚར་ཞེས། བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང་། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེ་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །ཞེས་གསུངས་པ་ལ། ཁྱོད་ཀྱིས་དེ་ལྷག་པར་འགལ་འདུ་སྨྲ་བའི་བླུན་པོ་ཡ་མཚན་ཅན་ཞིག་ཡིན་ཞེས་ཕྱོགས་སྔར་འཚང་ཀ་མ་བྱས་སམ། དཔེ་དང་ཡང་འགལ་ཏེ་སྦྲུལ་གྱི་འཇིགས་པ་སེལ་ཕྱིར་སྦྲུལ་མེད་པར་བསྟན་པ་ཉིད་ལེགས་ཀྱི། སྦྲུལ་ཡོད་པ་དང་མེད་པ་གཉིས་ཀ་གཉིས་མིན་གང་ཡང་མིན་ཞེས་སྨྲས་ན། །ཀྱེ་མ་གཏིང་ནས་སྨྱོ་ལངས་པ་དྲག་པོ་ཞིག་དང་ཡང་ཕྲད་སྙམ་ནས་ཅི་བྱ་གཏོལ་མེད་དུ་ཕྱིར་ཞིང་འཇིགས་པས་འཇིགས་པ་ལ་བོགས་འདོན་པའི་བརྡའ་སྤྲོད་མཁན་པོ་ཁྱེད་ཅག་གི་མན་ངག་དེ་ནི། སྟོང་ཆེན་གྱི་ཟླར་གསང་ཆེན་དུ་འདུག་ཅིང་དཔལ་ལྡན་


MR14_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བས་ཀྱང་མ་དགོངས་པས་གཏེར་དུ་སྤས་པ་གྲུབ་དབང་པདྨ་སམ་བྷ་ཝའི་མན་ངག་ལྟར་འདོན་པའི་སྦྱོར་བའང་མ་བྱེད་དང་སྔར་ལྟར་འཇིགས་སུ་དོགས་སོ། །གལ་ཏེ་དང་པོ་མེད་པ་བསྟན་ནས་རྗེས་སུ་ཅི་ཡང་མ་ཡིན་པ་སྟོན་ཟིན་ན། སྦྲུལ་མེད་པ་པར་བག་ཕབ་པ་ལ་སླར་ཡང་སྦྲུལ་ཡོད་མིན་མེད་མིན་གྱི་ཚིག་ཡིད་བརྟན་མེད་པ་ཞིག་སྨྲས་ཏེ་བགས་ཀྱིས་འཇིགས་པ་སློང་བར་བྱེད་པ་ཁྱོད་ནི་བརྡའ་སྤྲོད་པའི་གྲོང་ནས་བཏོན་པ་ཡིན་ནོ། །ཧ་ཤང་གི་ལྟ་བར་སྨད་ཁུལ་གྱི་ཟོབ་ཆེ་ན་ཡང་། དེས་རྒྱབ་བརྟེན་དུ་དྲངས་པའི་ལུང་རྣམས་སེམས་ཀྱི་གཏད་སོར་འཆའ་ཞིང་། ཡོད་མེད་དང་བླང་དོར་ཤེས་དང་ཤེས་བྱ་གང་ཡིད་ལ་བྱེད་ཀྱང་བདག་འཛིན་དང་ལམ་ལ་གེགས་བྱེད་ཀྱི་སྒྲིབ་པར་འདོད་པའི་ཕྱིར་ན་ཁྱེད་རྒྱ་ནག་ནས་ད་ལྟ་རབ་བྱུང་གི་གཟུགས་ཀྱིས་བྱོན་པ་གོར་མ་ཆག་གོ་ཞེས་སྨྲས་པ་ལ། ལན་བརྗོད་པ། ཟླ་བའི་ཞབས་ཀྱིས་བདག་མེད་རྟོགས་ཚེ་རྟག་པའི་བདག་སྤོང་ཞིང་། །ཞེས་སོགས་ཚིགས་བཅད་གཉིས་དོན་དང་དཔེར་བཅས་ཏེ་གསུངས་པ་འདིའི་ཕྱོགས་སྔར་འཚང་ཀ་བྱས་པར་འགྱུར་ཞེས་སྐྱོན་བརྗོད་པ་འདི་ནི་མཚན་མོ་མུན་ནག་གི་ནང་དུ་ཕྱོགས་བསླད་པའི་མིས་ཅ་ཅོ་འདོན་པ་ལྟར་རང་མཚང་སྟོན་པའི་ཚིག་ཏུ་སོང་སྟེ། ཁྱེད་ཅག་རྟག་ཏུ་འདི་འདྲ་བའི་གནས་ལས་འཁྲུལ་པར་སྣང་ཞིང་། མཉམ་བཞག་སྤྲོས་བྲལ་རྣམ་པར་མི་རྟོག་པའི་སྤྱོད་ཡུལ་གཏན་ལ་འབེབས་པ་དང་རྗེས་ཐོབ་ཤེས་བྱ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་སྤྱོད་ཡུལ་ཆ་མ་ཕྱེད་པར་དེ་གཉིས་ཀྱི་དོན་འགལ་བར་བཟུང་ནས་ཟབ་མོའི་གནས་ཐམས་ཅད་མཐའ་གཅིག་ཏུ་སྤངས་ཏེ་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་སོགས་གོ་ལྡོག་ཏུ་གྱུར་བཞིན་ད་དུང་དེ་བཞིན་གཤེགས་པའི་གསུང་རབ་འཆད་པ་ལ་མཆོག་ཏུ་རློམ་པའི་ཁེངས་པ་དང་བཅས་ཏེ་སྨྲ་བ་ནི་ཀྱེ་མ་གཏིང་ནས་སྨྱོ་ལངས་པ་དྲག་པོ་སོགས་ཁྱོད་ཀྱི་དཔེ་བཤད་པ་དང་འདྲ་བར་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན་གནས་ལུགས་མཐའ་བཞི་དང་བྲལ་བར་ཁས་ལེན་པའི་སྐབས་


MR14_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

དེས། གོང་གི་ཚིགས་བཅད་དག་གིས་དཔེ་དོན་གཉིས་ཆར་གྱི་ཐད་ནས་དེ་ལྟར་ཁས་ལེན་དགོས་ཞེས་སྨྲས་པ་ནི་ཡ་མཚན་ཆེ་སྟེ། གནས་ལུགས་མཐའ་བཞི་བྲལ་བར་འདོད་པ་དེ་ཞྭ་དཔེ་ལྷྭམ་ལ་བཀབ་པ་ལྟར་ཐ་སྙད་དུ་ཁས་ལེན་ཚུལ་ཐམས་ཅད་ལ་སྦྱར་དགོས་པ་སུ་ཞིག་གིས་ཁས་བླངས་པ་ཡིན་ཏེ། བདག་ཅག་གིས་ནི་ཐ་སྙད་དུ་བདག་མེད་དང་བདེན་མེད་འབའ་ཞིག་ཏུ་ཁས་ལེན་གྱི་མུ་གཞན་གསུམ་ནམ་ཡང་མི་སྦྱར་རོ། །དེ་བཞིན་དུ་ཐ་སྙད་དོན་མཐུན་གྱི་ཁས་ལེན་ཐམས་ཅད་ལའང་མུ་གཞན་སྦྱར་དོན་མེད་དོ། །དེར་མ་ཟད་རྣམ་གྲངས་པའི་དོན་དམ་བཤད་པའི་སྐབས་སུ་ཡང་བདེན་མེད་དུ་ཁས་ལེན་གྱི་མུ་གཞན་མི་སྦྱོར་ཀྱང་དེ་དག་ཀུན་རྫོབ་ཏུ་ཁས་ལེན་ཚུལ་དུ་གཏོགས་པ་ཡིན་ནོ། །དེ་ཐམས་ཅད་ལ་ཡོད་རྒྱུ་དང་མེད་རྒྱུའི་ཆོས་དེའི་ཁྱད་པར་སྦྱར་ནས་འཆད་ཀྱི་ཁྱད་པར་གང་ཡང་མ་སྦྱར་བར་སྤྱིར་ཡོད་མེད་ཀྱི་དམིགས་པ་མཐའ་དག་མི་འགོག་གོ། ཤེས་བརྗོད་ཀྱི་ཐ་སྙད་ལས་འདས་པ་གནས་ལུགས་རྣམ་གྲངས་མིན་པའི་དོན་དམ་གྱི་དབང་དུ་བྱས་ན་ཆོས་གང་ཡང་ཡོད་མེད་གཉིས་ཀར་དམིགས་སུ་མེད་པར་སྟོན་ཏེ་སྤྲོས་པ་ཉེ་བར་ཞི་བའི་རང་བཞིན་དེ་ཐ་སྙད་ཀྱི་ཡུལ་ལས་འདས་ཀྱང་ཐ་སྙད་ལ་བརྟེན་ནས་རྟོགས་པ་མི་འགལ་བར་འདོད་དོ། །དེ་ལྟར་དམིགས་པ་མཐའ་དག་ཞི་བ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་གནས་ལུགས་དེའི་དབང་དུ་བྱས་ན། ཁྱད་པར་མི་སྦྱར་བ་ཡོད་མེད་གང་ཡང་མིན་ཞེས་སྤྱིར་བཀག་ཀྱང་མེད་པར་ཡང་མི་དམིགས་པ་དེས་བདག་མེད་པར་མི་དམིགས་པ་བསྡུས་ཀྱང་བདག་ཡོད་དུ་མི་ལྡོག་སྟེ། བདག་བདག་མེད་གཉིས་ཀའི་མཐའ་དང་བྲལ་བའི་ཕྱིར་རོ། །སྐབས་དེར་ཡང་བདག་མེད་པར་དམིགས་པ་བཀག་ན་བདག་ཡོད་དུ་ལྡོག་པས་བདག་མེད་ནི་བདེན་པ་གཉིས་ཆར་མི་འགོག་པ་ཡིན་དགོས་ན་སྟོང་ཉིད་བདེན་གྲུབ་ཏུ་ཁས་ལེན་རིགས་པར་འགྱུར་རོ། །སྦྲུལ་ཡོད་མེད་ཀྱི་དཔེ་


MR14_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཐ་སྙད་དུ་ཡོད་མེད་དཔྱད་པ་ཡིན་པས། ཕྱོགས་གང་དུ་སྦྲུལ་ཚད་མས་དམིགས་ན་ཡོད་ཅེས་དང་། མ་དམིགས་ན་མེད་ཅེས་མཐའ་གཅིག་ཏུ་བརྗོད་རིགས་ཀྱི་མུ་གཞན་སྦྱར་དོན་མེད་དོ། །རེ་ཞིག་རྣམ་གྲངས་པའི་དོན་དམ་གྱི་དབང་དུ་བྱས་ནས་དོན་དམ་པར་སྦྲུལ་ཡོད་དམ་ཞེ་ན། མེད་ཅེས་བརྗོད་ཀྱི་མུ་གཞན་སྦྱར་དོན་མེད་དོ། །འོ་ན་སྦྲུལ་མེད་པ་ཉིད་དོན་དམ་པར་ཡོད་དམ་ཞེ་ན་དེ་ཡང་མེད་ཅེས་བརྗོད་ཀྱི་མུ་གཞན་མི་སྦྱར་རོ། །གལ་ཏེ་དེ་ལྟར་བརྗོད་པའི་ཚེ་དོན་དམ་པར་སྦྲུལ་མེད་པའང་མེད་ན། སྦྲུལ་དོན་དམ་པར་ཡོད་པར་འགྱུར་རོ། །ཞེས་འཇིགས་པ་སྐྱེ་མཁན་དེ་ནི་ཁྱེད་ཉིད་དུ་ངེས་ཏེ། དེའི་ཕྱིར་རང་གི་འགལ་འདུ་སྨྲ་བའི་བླུན་པོ་ཡ་མཚན་ཅན་ཞིག་ཡིན་ཞེས་བདེན་མེད་དང་སྦྲུལ་མེད་གཉིས་ཀ་དོན་དམ་པར་ཡོད་དགོས་ཏེ་བཟློག་མི་རིགས་ཞེས་སྨྲ་བ་ནི་ཇི་སྐད་དུ། གང་ན་གང་མེད་པ་དེ་ནི་དེས་སྟོང་ངོ་། །འདི་ལ་ལྷག་མར་གྱུར་པ་གང་ཡིན་པ་དེ་ནི་ཡོད་དོ་ཞེས་གསུངས་པ་ལྟར། བདེན་གྲུབ་རྣམ་བཅད་ལ་ཁེགས་པས་བདེན་མེད་ཡོངས་གཅོད་དུ་གྲུབ་པ་ཙམ་གྱི་ཐ་སྙད་དེས་མ་ཆོག་པར། དོན་དམ་པར་གྲུབ་དགོས་པར་ཁས་ལེན་པ་ནི་མི་འདོད་བཞིན་དུ་སྟོང་ཉིད་བདེན་གྲུབ་ཀྱི་གྲུབ་མཐའ་སྨྲ་བའི་གྲལ་དུ་སོང་ནས། ཟླ་བའི་ཞབས་ཀྱི་ཕྱོགས་སྔར་འཚང་ཀ་བྱས་པར་དངོས་སུ་གསལ་ལོ། །དེའི་ཕྱིར་བདེན་པ་གཉིས་བསྟན་པའི་མདོ་ལས། ལྷའི་བུ་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་ཞེས་ཁྱད་པར་དངོས་སུ་སྦྱར་བ་རྣམ་གྲངས་མིན་པའི་དོན་དམ་གྱི་དབང་དུ་བྱས་པར་གསལ་ལོ། །དེས་ན་རེ་ཞིག་བདག་མེད་ཀྱང་བདག་ཏུ་འཛིན་པའི་བྱིས་པ་རྣམས་ཀྱི་ངོར་བདག་འཛིན་དེ་བཟློག་པའི་ཆེད་དུ་བདག་མེད་བསྟན་པའི་ཚེ་ན། དེའི་ངོར་བདག་མེད་པ་ནི་གནས་ལུགས་ཡིན་པས་རྣམ་པ་ཀུན་ཏུ་ཡོད་དོ་སྙམ་དུ་སེམས་མོད་ཀྱི། གནས་ལུགས་ལ་བདག་མེད་པ་ཡང་དམིགས་སུ་མེད་པར་སྟོན་པའི་འཐད་པ་བསྒྲུབ་ཏུ་


MR14_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་བདག་མེད་བདེན་གྲུབ་ཏུ་འགྱུར་དགོས་ནའང་། དེ་ཡང་མི་བདེན་པ་རྫུན་པ་ཉིད་དུ་བསྒྲུབ་པའི་རིགས་པ་ཡོད་པས་ན། དཔེར་ན་རྨི་ལམ་བུ་ཤི་ལ། །དེ་མེད་སྙམ་པའི་རྣམ་རྟོག་ནི། །དེ་ཡོད་རྣམ་པར་རྟོག་པ་ཡི། །གེགས་ཡིན་དེ་ཡང་བརྫུན་པ་ཡིན། །ཞེས་གསུངས་པ་ལྟར་ཤེས་པར་བྱ་སྟེ། དམིགས་པ་ཅན་གྱི་བློ་དབང་བཙན་དུ་མ་བྱས་པར་གནས་ལུགས་དོན་གྱི་དབང་དུ་བྱས་ནས་གཞལ་ན་བདེན་གྲུབ་ཅུང་ཟད་ཅིག་ཡོད་པར་གྱུར་ན། དེ་ལས་ལོག་པའི་བདེན་མེད་ཀྱང་ཅུང་ཟད་ཡོད་པར་འགྱུར་ན་ཡང་།བདེན་གྲུབ་ཅུང་ཟད་ཅིག་ཡོད་མ་མྱོང་ན། བདེན་སྟོང་དེ་ཡང་བློས་ཕར་སྒྲོ་བཏགས་པ་ལས་ཡོད་ཀྱི་དངོས་པོའི་གཤིས་ལ་ཡོད་པར་མི་འགྱུར་ཏེ། དབུ་མའི་བསྟན་བཅོས་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པའང་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །ཞེས་གསུངས་པ་ལྟར་ཡིན་པས་དམིགས་པ་མཐའ་དག་བྲལ་བའི་དོན་བསྟན་པ་ན་དམིགས་པ་ཅན་དག་འཇིགས་པ་སྐྱེ་བ་ནི་ཆོས་ཉིད་ཡིན་ཀྱང་གནས་ལུགས་སྤྲོས་བྲལ་མ་གྲུབ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་གཏན་ནས་མི་འབྱུང་ཞིང་། དེ་མ་བྱུང་ན་རྣམ་རྟོག་གི་སྤྱོད་ཡུལ་འབའ་ཞིག་ལ་གནས་པ་སེམས་ཅན་གྱི་ས་ལས་མི་འཕགས་པས་ན་སངས་རྒྱས་འགྲུབ་ཐབས་མེད་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་བགྲོད་པ་གཅིག་པུའི་ལམ་ལ་བདུད་ཀྱིས་བསྟན་པ་དང་ཧ་ཤང་གི་ལུགས་ཞེས་བརྗོད་མི་རིགས་ཏེ། མདོ་མྱང་འདས་དང་བྱང་ཆུབ་སེམས་དཔའི་སྡེ་སྣོད་སོགས་མདོ་སྡེ་དུ་མར། རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་ངའི་ཉེ་གནས་རྣམས་ལ་བདེན་པར་འཆད་པ་ནི་ཉུང་། ལོག་པར་འཆད་པ་ནི་མང་། བདེན་པའི་ཆོས་འཛིན་པ་ནི་ཉུང་། ལོག་པའི་ཆོས་འཛིན་པ་ནི་མང་། སངས་རྒྱས་ཀྱི་བཀའ་འཛིན་པ་ནི་ཉུང་། བདུད་ཀྱི་ཚིག་འཛིན་པ་ནི་མང་ངོ་། །ཞེས་དང་། དེའི་


MR14_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དེའི་དུས་ན་དགེ་སློང་སྡིག་པ་ཅན་དག་གིས་མདོ་སྡེ་འདི་ལ་མདོ་སྡེ་བཏུས་ནས་ཕྱོགས་ཆ་རྣམ་པ་མང་དུ་བྱེད་དེ། དེས་ནི་དམ་པའི་ཆོས་ཀྱི་མདོག་དང་བསུང་དང་། བྲོ་བའི་རོ་མེད་པར་བྱེད་དོ། །སྡིག་པ་ཅན་དག་དེ་ལྟར་མདོ་སྡེ་འདི་ཀློག་གམ་འདོན་མོད་ཀྱི། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་དོན་ཟབ་མོ་འདི་མེད་པར་བྱས་ཀྱི། འཇིག་རྟེན་པའི་སྙན་ཚིག་དོན་མེད་པ་བརྟགས་ནས་འཇིག་རྟེན་པའི་ཚིག་གིས་བསྣན་ཏེ་ནོར་བར་གཏན་ལ་ཕབ་ནས། ཞེས་སོགས་རྒྱ་ཆེར་གསུངས་པ་འདི་དག་དུས་སྙིགས་མར་སྐྱེས་པ་རང་གཞན་སུས་ཀྱང་དྲན་པར་བྱས་ནས་དེ་བཞིན་གཤེགས་པའི་མདོ་སྡེ་ལས་འགལ་པར་སྨྲ་མི་རུང་ངོ་། །གོང་དུ་ཇི་སྐད་བཤད་པ་དེ་ལྟར་ཐབས་ཚུལ་རིགས་པ་སྣ་ཚོགས་སུ་གསུངས་པའི་ཐབས་དེ་ལ་བརྟེན་ནས་ནམ་ཞིག་བདག་བདག་མེད་ཀྱི་དམིགས་པའི་སྤྲོས་པ་ཉེ་བར་ཞི་བའི་ཆོས་ཉིད་དང་རྗེས་སུ་མཐུན་པའི་བཟོད་པ་ཐོབ་པའི་ཚེ་ན་བདག་མེད་དུ་མ་དམིགས་ཀྱང་བདག་ཏུ་དམིགས་པར་འགྱུར་དགོས་པའི་སྐྱོན་ཅི་ཞིག་ཡོད་དེ། བདག་མེད་དུ་འཛིན་པ་མེད་ཀྱང་བདག་ཡོད་དུ་འཛིན་པའང་ཡོངས་སུ་ཞི་བའི་ཕྱིར་རོ། །སྦྲུལ་ཐ་སྙད་དུ་མེད་པ་ལ་སླར་ཡང་མེད་པའང་མིན་ཞེས་ནམ་ཡང་སྟོན་མི་རིགས་ཏེ། སྦྲུལ་མེད་པ་དེ་ནམ་ཡང་མེད་པ་མིན་པར་མི་འགྱུར་རོ། །བདག་མེད་པའང་དེ་དང་མཚུངས་ཏེ་ནམ་ཡང་མེད་པར་མི་འགྱུར་རོ་ཞེ་ན། ཐ་སྙད་ལ་བསམ་ན་དེ་ལྟར་འདོད་ཀྱང་། ཐ་སྙད་དེ་ལྟ་བུའི་བཏགས་དོན་བདག་མེད་པ་ཞེས་པ་དེ་ཡང་ཐ་སྙད་ཀྱི་དབང་དུ་བྱས་པ་ཙམ་སྟེ་གནས་ལུགས་ལ་ཡོད་པར་དམིགས་དགོས་པ་མ་ཡིན་པ་ནི། བདག་མེད་པ་ཞེས་པ་རྟོག་པས་ཕར་སྒྲོ་བཏགས་པ་ཞིག་མིན་ན་བདེན་གྲུབ་ཏུ་འགྱུར་ལ། ཡིན་ན་དེའི་ངོ་བོ་དམིགས་སུ་མེད་པར་འགྱུར་བ་ཆོས་གཞན་དང་མཚུངས་པས་གཟུང་འཛིན་གྱི་སྤྲོས་པ་ཉེ་བར་ཞི་བའི་སྤྱོད་ཡུལ་དུ་དམིགས་དགོས་པ་མ་ཡིན་ནོ། །གཟུང་


MR14_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་གྱི་སྤྲོས་པ་ཐམས་ཅད་ཞི་བའི་ངོར་མ་དམིགས་པས་གོ་མ་ཆོད་ལ། གཟུང་འཛིན་ཅན་གྱིས་དམིགས་པས་གོ་ཆོད་ནས་བདག་མེད་པ་ཞེས་པའི་དམིགས་པ་ནམ་ཡང་བཟློག་མི་རིགས་ན། ཟླ་བས། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །དངོས་པོ་ལོག་པ་གང་ཞིག་རྣམ་བརྟགས་པས། །དེ་ཡི་བདག་ཉིད་གང་དུ་མིག་དག་པས། །མཐོང་སྟེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་གསུངས་པ་ལས་གོ་བཟློག་ནས། སྤྲོས་བྲལ་ཅིར་ཡང་མ་དམིགས་པ་དེ་མཐོང་བ་ལོག་པ་དང་། སྤྲོས་པ་ཅན་གྱིས་མཐོང་བ་ཁས་ལེན་དང་བཅས་པ་དེ་མཐོང་བ་ཡང་དག་པར་འདོད་དགོས་ན། ཟླ་བའི་ཞབས་ཀྱིས་མ་དགོངས་པའི་དོན་འགལ་བར་སྨྲས་པ་ལ་ཐར་འདོད་དག་འཇིགས་པའི་གནས་སུ་སོང་ངོ་། །དེའི་ཕྱིར། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པའང་མ་ཡིན་ནོ། །ཞེས་དང་། དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །ཅེས་དང་། སད་པར་གྱུར་ན་གསུམ་ཆར་ཡོད་མིན་ལྟར། །གཏི་མུག་གཉིད་ལས་སད་དེ་དེ་བཞིན་ནོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་འཁོར་གསུམ་མི་དམིགས་པའི་དབྱིངས་སུ་མཉམ་པར་བཞག་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་རྣམས་ལ་ཡོད་མེད་ཀྱི་དམིགས་པའམ་སྤྲོས་པ་ཇི་ལྟར་མངའ་སྟེ། དེ་དག་ལ་བདག་མེད་དུ་འཛིན་པའི་སྤྲོས་པ་མེད་ན། བདག་ཡོད་དུ་འཛིན་པའི་སྤྲོས་པ་ཡོད་པར་ཚུལ་གང་གིས་བསྒྲུབ་པར་ནུས། དེ་དག་རྣམས་གཟུང་འཛིན་མཐའ་དག་དང་བྲལ་བའི་ཕྱིར་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་མ་རྟོགས་པར་ཡང་སུ་ཞིག་གིས་བསྒྲུབ་ནུས་ཏེ། ཐ་སྙད་དུ་དཔྱོད་ན་དེ་དག་ལ་འཛིན་པ་གང་ཡང་མེད་ཀྱང་ཆོས་ཉིད་སྤྲོས་བྲལ་རྟོགས་པར་བསྒྲུབ་པའི་ཚད་མ་ཡོད་པར་ཅི་ལ་འགལ། དེ་ལྟ་བུའི་ཕྱིར་ན་རྣམ་གྲངས་པའི་དོན་དམ་གཏན་ལ་འབེབས་པའི་སྐབས་སུ་བདག་མེད་ཁས་བླང་བ། །


MR14_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དམ་ཕྱི་མའི་སྐབས་སུ་ཁས་མ་བླང་བས་སྔ་མའི་ཁས་ལེན་པ་བཟློག་ནས་བདག་ཡོད་དུ་ལྡོག་དགོས་པ་ཅི་ཞིག་ཡོད་དེ། བདག་བདག་མེད་གཉིས་ཀ་མགོ་མཉམ་དུ་མི་དམིགས་པའི་ཕྱིར་རོ། །དེས་ན་གནས་ལུགས་མཐའ་བྲལ་དཔྱོད་པའི་སྐབས་ཀྱི་མུ་བཞི་བྲལ་ཚུལ་དེ་ཐ་སྙད་དུ་སྦྲུལ་ཡོད་མེད་དཔྱད་པ་ལ་སྦྱར་དགོས་ངེས་སུ་གོ་བ་ཁྱེད་ཀྱི་འདོད་པ་འདི་ལྟར་ན། ཕྱོགས་འདིར་ཆུ་ཡོད་མེད་དཔྱད་པ་ལའང་སྦྱར་དགོས་ངེས་དེ་འདྲའི་སྨྲ་བ་ནི་ཧ་ཅང་ཐལ་ཏེ་ཆུ་ཡོད་མེད་དང་སྦྲུལ་ཡོད་མེད་དཔྱད་པ་ཙམ་ཞིག་གནས་ལུགས་མཐར་ཐུག་ལ་དཔྱད་པ་མ་ཡིན་པར་སུས་ཀྱང་གོ་བཞིན་དེ་འདྲའི་ཐལ་བ་འཕེན་པ་ནི་སུ་ལ་མ་གྲགས་པའི་མཁས་པའི་ཁྱད་ཆོས་དམིགས་པ་ཅན་གྱི་སྟོང་ཉིད་ཀྱི་ཟླ་བོ་གསང་ཆེན་ཞིག་ཡིན་པ་ལས་འོས་མེད་དོ། །དེ་ལྟ་ན་ཐ་སྙད་དོན་མཐུན་གྱི་བརྗོད་པ་ཐམས་ཅད་གཅིག་ཀྱང་དོན་དམ་པར་མེད་པར་བརྗོད་དུ་མི་རུང་ཞིང་དོན་དམ་པར་ཡོད་པར་བསྒྲུབ་དགོས་པར་འགྱུར་བས། ཤེས་བྱ་རྣམ་འབྱེད་ཀྱི་ཤེས་རབ་དང་། མི་རྟོག་ཡེ་ཤེས་ཀྱི་སྤྱོད་ཡུལ་འགལ་མེད་དུ་ཤར་བ་རྣམས་ཀྱིས་ནི་ཡོད་མེད་དང་བླང་དོར་ཤེས་དང་ཤེས་བྱ་གང་ཡིད་ལ་བྱས་ཀྱང་བདག་འཛིན་དང་ལམ་ལ་གེགས་བྱེད་ཀྱི་སྒྲིབ་པར་མི་འདོད་པར་མ་ཟད། ལམ་གྱི་གེགས་དང་གེགས་མ་ཡིན་པ་སོགས་བླང་དོར་དང་ཡོད་མེད་ཀྱི་ཤེས་བྱ་ཐམས་ཅད་ཤིན་ཏུ་ཤན་འབྱེད་པར་བྱེད་ལ། དེ་ལྟར་སྤྲོས་པ་སྣ་ཚོགས་ཀྱི་དོན་མ་འདྲེས་པར་གསལ་བར་མཐོང་བ་དང་། གནས་ལུགས་སྤྲོས་བྲལ་གཉིས་འགལ་མེད་དོན་གཅིག་ཏུ་འཆད་ཤེས་ཀྱི། སྤྲོས་པའི་ཕྱོགས་བཟུང་ནས་སྤྲོས་མེད་སྤོང་བ་དང་། སྤྲོས་མེད་ཀྱི་ཕྱོགས་བཟུང་ནས་སྤྲོས་པའི་རྣམ་བཞག་ཅི་ཡང་འཆད་མི་ཤེས་པའི་ཕྱོགས་རེ་བའི་བློ་གྲོས་ཅན་དུ་མ་གྱུར་པས་ཇི་ལྟ་ཇི་སྙེད་ཀྱི་དོན་ལ་འགལ་མེད་ཀྱི་བློ་གྲོས་ཐོབ་པ་ཡིན་ནོ། །དེའི་ཕྱིར་སྔོན་གྱི་རྒྱ་ནག་དགེ་སློང་གིས་ཅི་ཡང་ཡིད་ལ་མི་བྱེད་པའི་རྒྱབ་བརྟེན་


MR14_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མདོ་སྡེ་བརྒྱད་ཅུ་ཁུངས་སུ་བྱས་ཞེས་གྲགས་པའི་གཏམ་རྒྱུན་ཙམ་ལས། མདོ་སྡེའི་ལུང་དྲངས་པ་དང་། དེའི་དོན་ཇི་ལྟར་གཏན་ལ་ཕབ་པའི་ཡིག་ཆ་གང་ཡང་དེང་སང་མི་སྣང་བས། དེ་དང་གཞན་འདྲ་མི་འདྲ་ཡང་ཇི་ལྟར་ཤེས་ནུས་ཏེ། འདྲ་གཞི་མ་ངེས་པའི་ཕྱིར་རོ། །གལ་ཏེ་དེས་རྣམ་པར་མི་རྟོག་པའི་ཡེ་ཤེས་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ནས་ཇི་སྐད་གསུངས་པ་ལྟར་གཏན་ལ་ཕེབས་ཡོད་ན། སྦྱིན་སོགས་ཐབས་ཀྱི་ཆ་བཀག་པ་འབའ་ཞིག་ཏུ་བསྟན་པ་སྐད་དུ་དེང་སང་བཤད་པའི་རྣ་ཐོས་གཏམ་རྒྱུན་འདི་ཡང་མི་བདེན་པར་ངེས་ཏེ། ཐབས་ཚུལ་རིགས་པ་དེ་ཐམས་ཅད་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པའི་སྒོ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པས་སྦྱིན་སོགས་ཐབས་ཀྱི་ཆ་དང་ལྡན་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་རྒྱལ་བ་སྲས་དང་བཅས་པས་བགྲོད་གཅིག་ལམ་ཇི་བཞིན་གཏན་ལ་ཕབ་ཡོད་ན་དེ་ལ་དེ་འདྲའི་ལུགས་ངན་པ་འཛིན་པའི་སྨྲ་བ་འབྱུང་མི་རིགས་ལ། ཀ་མ་ལ་ཤཱི་ལ་སོགས་ཀྱིས་དགག་པར་ཡང་མི་རིགས་ཏེ། རྒྱལ་བའི་ལམ་ཡང་དག་པ་འགོག་པའི་ནང་པའི་མཁས་པ་སུ་ཡང་མི་སྲིད་དོ། །གལ་ཏེ་མདོ་སྡེ་ཁུངས་སུ་དྲངས་ཀྱང་མདོ་སྡེའི་དོན་ཇི་བཞིན་མ་ཤེས་པར་ལོག་པར་བཤད་ན་དེས་རྒྱབ་བརྟེན་དུ་དྲངས་པ་ཙམ་གྱིས་ལུང་དེ་དག་ལ་ད་ལྟ་གཏད་སོ་འཆའ་བ་ཐམས་ཅད་དེའི་ལུགས་སུ་ག་ལ་འགྱུར་ཏེ། །དེས་རང་བློའི་དྲི་མས་སངས་རྒྱས་ཀྱི་བཀའི་དོན་བསླད་ཀྱང་། སངས་རྒྱས་ཀྱི་བཀའ་ན་བཀའ་མ་ཡིན་པར་མི་འགྱུར་བས་དེ་ལྟར་སྨྲ་བ་དེ་དག་གིས་ཧ་ཤང་གིས་རྒྱབ་རྟེན་དུ་དྲངས་པའི་ལུང་དེ་དག་ཧ་ཤང་གི་ལུགས་ཡིན་པར་བསམ་སྣང་བས་འདི་འདྲའི་སྨྲ་བ་ཁ་ནས་འབྱིན་པ་དེ་དག་རང་གི་ཚིག་དེས་ཚིག་གིས་བརྡའ་སྤྲོད་ཚུལ་དང་། དོན་གྱི་དགོངས་པ་ལེན་ཚུལ་གཉིས་ཀའི་ཆ་ནས་ཡང་དག་པར་བརྡའ་སྤྲད་པའི་གྲལ་ནས་རང་གིས་རང་ཉིད་བཏོན་པར་སྣང་གི གཞན་སུས་ཀྱང་བཏོན་པ་མིན་ནོ་ཞེས་རྒྱལ་རིགས་ཀྱི་


MR14_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ལྟར་ཚིག་གིས་སྤྱོས་པ་ནི་མ་ཡིན་ནོ། །དེས་ན་ཅིང་ཡང་མི་དམིགས་པ་ཡིན་ཚད་ཧ་ཤང་གི་ལུགས་སུ་བྱེད་པ་དེ་དག་གིས་རང་ཉིད་ལ་སྤྲོས་བྲལ་གྱི་གོ་ཕྱོགས་ཙམ་ཡང་མ་ཤར་བར་ཟབ་མོའི་དོན་ལ་རྒྱབ་ཀྱིས་ཕྱོགས་པའི་རང་མཚངས་སྟོན་པའི་ཚིག་གི་ཕོ་ཉ་ཕྱོགས་སུ་བཀྱེ་བ་ཡིན་ཏེ། གནས་ལུགས་མཐར་ཐུག་ལ་དཔྱོད་པ་ཡང་དག་པའི་རིགས་ལམ་ནས་དྲངས་པའི་ངེས་ཤེས་ཀྱི་སྒོ་ནས་ཅིར་ཡང་མི་འཛིན་པ་དང་། ཐ་སྙད་དུ་ཅིར་ཡང་མི་འཛིན་པའི་སྐབས་དོན་ཤན་མ་ཕྱེད་པར་ཧ་ཤང་གི་ལུགས་ཀྱི་ཅིར་ཡང་ཡིད་ལ་བྱ་མི་རུང་ངོ་ཞེས་མངོན་རྟགས་སུ་འཛིན་པ་དང་། སངས་རྒྱས་ཀྱིས་དམིགས་པའི་སྤྲོས་པ་གང་ཡང་མ་དམིགས་པའི་ཚུལ་གྱིས་ཡིད་ལ་མི་བྱེད་པར་གསུངས་པ་གཉིས་དོན་ལ་གནམ་ས་བཞིན་དུ་ཁྱད་ཆེ་ཡང་དེ་འདྲའི་དོན་ལ་ཕྱོགས་སུ་ཡང་མ་ཕྱིན་པར་དེ་གཉིས་དོན་གཅིག་ཏུ་འཛིན་པ་ཁྱེད་ནི། རྒྱ་གར་ནག་སོགས་ཕྱོགས་གང་ནས་བྱོན་པ་རྗེས་དཔག་གིས་མ་ཤེས་ཀྱང་། བརྗོད་པ་དེ་རྣམས་དགོངས་པ་ཅན་མིན་ན་སངས་རྒྱས་ཀྱི་གསུང་རབ་རྣམས་ཀྱི་ཟབ་དོན་མཐའ་ཐུག་རྣམས་ལ་སྙིགས་འགྲོ་སྐལ་དམན་རྣམས་སོམ་ཉི་བསྐྱེད་ནས་མི་འཇུག་པར་བྱ་བའི་སླད་དུ་རབ་ཏུ་བྱུང་བའི་གཟུགས་ཀྱིས་བྱོན་པ་ཞིག་ཡིན་པར་ནི་རྗེས་དཔག་གིས་ཤེས་སོ། །གྲུབ་དབང་པདྨ་སཾ་བྷ་བའི་བཀའ་དྲིན་གྱིས་རང་ཅག་བོད་འབངས་རྣམས་ཀྱིས་བཀའ་དང་བསྟན་བཅོས་རྣམས་མཇལ་ཞིང་ཐོས་བསམ་བྱེད་པའི་སྐལ་བ་འདི་བྱུང་གི གཞན་པ་སུ་ཡང་རང་མགོ་རྒོད་པས་དེ་ལྟར་བྱུང་བ་མ་ཡིན་པར་ཤེས་ནས་བདག་ཅག་རྣམས་དམ་པ་མ་ཆོག་དེའི་བཀའ་དྲིན་གྱིས་འཚོ་བ་ལ་བྱས་པ་གཟོ་བའི་འདུ་ཤེས་ཡོད་ཅིང་། གསར་དུ་གཏེར་གྱི་ཆོས་སྐལ་ལ་རེ་བའང་མེད་དེ། མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་འདི་དག་གིས་མཆོག་པ་རྡུལ་ཙམ་མེད་པར་ཤེས་པ་ལགས་ཀྱང་། བདག་ཅག་ཏུ་མ་ཟད་གྲུབ་དབང་དམ་པ་དེ་ལ་བཀའ་དྲིན་དྲན་ནས་


MR14_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་གཟོ་བའི་འདུ་ཤེས་བསྐྱེད་དགོས་པ་ལས་ཁྲེལ་བལྟས་ཀྱིས་ཟུར་ཟ་བོད་གངས་ཅན་པ་སུས་ཀྱང་སྨྲ་བར་མི་འོས་སམ་སྙམ་མོ། །ཡང་རྩོད་ཡིག་ཏུ། ཁོ་ན་རེ། བདག་མེད་དོ། །ཐ་སྙད་དུ་ཡོད་དོ་སྙམ་དུ་ཞེན་པའང་མི་བཟློག་གམ་ཞེ་ན། ཁྱེད་ཅག་འདི་འདྲ་ལས་འཁྲུལ་བར་སྣང་སྟེ། ཚད་མ་མདོར། མིང་དང་རིགས་སོགས་སྦྱོར་བ་ཡི། །རྟོག་པ་དང་བྲལ་མངོན་སུམ་མོ། །ཞེན་རིག་རྟོག་པའི་མཚན་ཉིད་ཅེས་གསར་བུ་བ་རྣམས་ལའང་གྲགས་པ་ནི། རྣམ་འགྲེལ་ལས། རྟོག་པའི་དྲྭ་བ་རྣམ་བསལ་བས། །གསལ་བ་ཉིད་དུ་སྣང་བ་ཡིན། །ཞེས་གསུངས་པ་ལྟར་མངོན་སུམ་དུ་རྟོགས་ཚེ་དེ་དང་བྲལ་ཡང་ཚད་མས་རྟོགས་པ་ཅི་ལ་འགལ། ཁྱོད་ཀྱིས་སྡུད་པའི་ལུང་། ཕུང་འདི་སྟོང་ཞེས་རྟོགས་ནའང་ཞེས་ཡང་འཇུག་བྲིས་མོད། དེ་འདྲའི་འཁྲུལ་བ་མཐའ་ཡས་པའི་ཕྱིར་དགག་པར་མི་སྤྲོའོ། །འཇུག་པར། བློ་མེས་ཡན་ལག་ཅན་བསྲེག་ཡན་ལག་གོ་ཞེས་གསུངས་པས་བསྲེག་བྱ་སྲེག་བྱེད་སོ་སོར་གསལ་བའི་ཕྱིར། རང་གིས་རང་བསྲེག་པ་བཀག་པའི་ཕྱིར་དང་། ཤིང་གཉིས་འདྲུད་པ་ལས་མེ་བྱུང་སྟེ་བསྲེགས་པའི་དཔེ་ཡང་བྱ་བྱེད་ཐ་དད་པ་ཁོ་ན་སྟེ་གང་ལས་བྱུང་བའི་གཞི་དང་། དེ་ལས་བྱུང་བའི་མེ་གཅིག་ཏུ་ཇི་ལྟར་རིགས། དེའི་ཕྱིར། མདོ་སྡེ་རྒྱན་ལས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་པ་གོམས་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །ཞེས་དང་། རྒྱན་ལས། ཡང་དང་ཡང་དུ་སེམས་པ་དང་། །འཇལ་དང་ངེས་རྟོགས་སྒོམ་པའི་ལམ། །ཞེས་གསུངས་པ་ལྟར། །ཐོས་བསམ་སྒོམ་གསུམ་གྱི་རྟོགས་པ་རིམ་གྱིས་བརྒྱུད་དེ་དེ་ཉིད་མངོན་སུམ་དུ་རྟོགས་པའི་བློ་འབྱུང་བ་ནི་མདོ་སྔགས་ཀུན་དགོངས་པ་མཐུན་པ་སྟེ། སྔར་དྲངས་པ་དང་། བཅོས་མ་བཅོས་ཀྱི་རྣལ་འབྱོར་རིམ་གཉིས་ཀྱིས་ཤེས་པའི་ཕྱིར། ཞེས་སྨྲས་པ་ལ། །


MR14_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ལན་བརྗོད་པ། ཁྱོད་ཀྱིས་སྨྲས་པ་དེ་དག་དོན་བསྡུས་ན་བདག་མེད་དོ། །ཐ་སྙད་དུ་ཡོད་དོ་སྙམ་པའི་བློ་དེ་དང་བྲལ་ན་གནས་ལུགས་རྟོགས་པའི་བློ་གཞན་མི་སྲིད་པར་ཁས་བླངས་ནས། སྟོང་ཉིད་མངོན་སུམ་རྟོགས་པའི་ཚེ་མིང་དང་རིགས་སོགས་སུ་སྦྱོར་བ་སྒྲ་དོན་འདྲེས་འཛིན་ནམ་ཞེན་རིག་གི་རྟོག་པ་དང་བྲལ་ཏེ་མངོན་སུམ་རྟོགས་དུས་དེ་གཉིས་སུ་འཛིན་པ་མེད་ཅེས་ཡིད་ལ་ཡོད་བཞིན་གསལ་པོར་ཁ་དམར་མ་གདགས་པར་བཤད་ཡ་མ་ཙམ་བྱས་ནས་ཚད་མས་རྟོགས་པ་ཅི་ལ་འགལ་ཟེར་ཀྱང་། ཚད་མས་རྟོགས་པ་ཅི་ལ་འགལ་ཏེ། རྣལ་འབྱོར་མངོན་སུམ་ཚད་མས་རྟོགས་པ་ལ་ཚད་མས་རྟོགས་པ་འགལ་ཞེས་སྨྲ་བའི་ཕྱོགས་སྔ་སྨྲ་བ་སུ་ཡང་མི་འདུག་མོད། སྟོང་ཉིད་མངོན་སུམ་རྟོགས་ཚེ་ཞེན་རིག་དང་བྲལ་བ་ཙམ་འདིའི་ཁྱད་ཆོས་ཅི་ཡང་མ་ཡིན་ཏེ། མངོན་སུམ་ཐམས་ཅད་དེ་འདྲའི་རྟོག་བྲལ་ཡིན་ནོ། །སྟོང་ཉིད་མངོན་སུམ་རྟོགས་ཚེ། བདེན་གཉིས་ལས། སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་སོགས་གསུངས་པ་ལྟར་གྱི་རྣམ་པར་རྟོག་པས་བསྡུས་པའི་གཟུང་འཛིན་གང་ཡང་མེད་པ་ལ་བཤད་དགོས་ཀྱང་། ཁྱེད་ཅག་ལྟར་ན་བདག་མེད་དོ། །ཐ་སྙད་དུ་ཡོད་དོ་སྙམ་པའི་བློ་གཉིས་ཀ་ཚོགས་ནས་དབུས་ལ་གནས་པར་འདོད་པ་ལྟར་ན། འཕགས་པ་སློབ་པའི་མཉམ་བཞག་སྣང་མེད་དུ་གཉིས་སྣང་ནུབ་པའི་ཚེ་ན་བློ་དེ་གཉིས་ཀ་ཡོད་དགོས་པར་འགྱུར་ཏེ། གང་རུང་མ་ཚང་ན་དབུས་ལ་མི་གནས་པར་འགྱུར་རོ། །དེ་ལྟ་ན་དེ་གཉིས་ཅིག་ཆར་དུ་འཛིན་པ་ཡོད་དམ་རིམ་ཅན་དུ་ཡོད། དང་པོ་ལྟར་ན་མཉམ་བཞག་སྣང་མེད་དེས་བདེན་གཉིས་ཅིག་ཆར་མི་དམིགས་པར་འདོད་པ་དང་། དེའི་ཚེ་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་མེད་པས་བདག་མེད་དང་ཐ་སྙད་དུ་ཡོད་པ་གཉིས་སུ་འཛིན་པའང་མེད་ལ། སྤྱིར་ཞེན་རིག་གི་རྟོག་པ་གཉིས་ཅིག་ཆར་འཇུག་པ་ཡང་མི་སྲིད་པས་


MR14_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཁེགས་སོ། །རིམ་ཅན་དུ་འཛིན་པའང་མ་ཡིན་ཏེ། དེ་ནི་དོན་དམ་པ་ཁོ་ནའི་ཡུལ་ཅན་ཡིན་པར་འདོད་པའི་ཕྱིར་རོ། །དེས་ན་རྟོག་བཅས་ཀྱི་བློ་ནི་དབུས་ལ་གནས་པའི་དབུ་མ་པར་རུང་ལ། རྟོག་མེད་ཀྱིས་མངོན་སུམ་རྟོགས་ཚེ་མི་རུང་བར་སྨྲ་དགོས་ན་ཧ་ཅང་འགལ་ལོ། །གཞན་ཡང་བདེན་མེད་མེད་དགག་ཁོ་ན་གཉིས་སྣང་ནུབ་པའི་མཉམ་བཞག་རྟོག་མེད་ཀྱི་ཡུལ་དུ་མི་འགྱུར་བའི་ཚུལ་གོང་དུ་བཤད་ཟིན་ཏོ། །བདེན་མེད་མེད་དགག་མཐོང་བའི་བློ་ཞིག་ཡོད་ཅིང་དེ་ཞེན་རིག་དང་བྲལ་དུ་ཆུག་མོད། །ཨུཏྤལ་སྔོན་པོ་མཐོང་བའི་མངོན་སུམ་བཞིན་གཟུང་འཛིན་མེད་པར་ཇི་ལྟར་འགྱུར་ཏེ། བདེན་མེད་དུ་འཛིན་པ་མེད་ན་བདེན་མེད་མི་རྟོགས་པར་ཁས་བླངས་པའི་ཕྱིར། དེ་ལ་ཡུལ་བདེན་པ་མེད་པ་དང་། ཡུལ་ཅན་བདེན་མེད་དུ་འཛིན་པ་གཉིས་ཀ་ཡོད་དགོས་པར་འགྱུར་ཏེ། ཤེས་བྱ་མེད་ན་ཅི་ཞིག་རིག །ཅེས་དང་། གང་ལ་སྣང་བ། གང་སྣང་བ། ཇི་ལྟར་སྣང་བའི་རྣམ་བཞག་བྱེད་དགོས་པར་ཁྱེད་རང་གིས་འོག་ཏུ་བཤད་པ་བཞིན་ནོ། །བློ་རང་ངོ་ན་གཟུང་འཛིན་མེད་ཀྱང་རྗེས་ཤེས་ཀྱིས་དེ་ལྟར་ཐ་སྙད་བྱེད་པ་མི་འགལ་ཟེར་ན། སྔ་རབས་པའི་དམིགས་མེད་དུ་བཤད་པ་ལའང་དེ་ལྟར་བྱེད་དོ། །བདེན་མེད་སྤྲོས་བྲལ་མངོན་སུམ་རྟོགས་པའི་གཉིས་སུ་མེད་པའི་བློའམ་ཡེ་ཤེས་དེ་ལ་ཞེན་རིག་གི་རྟོག་པ་དང་བྲལ་བར་མ་ཟད། རྣམ་པར་རྟོག་པའི་གཟུང་འཛིན་གང་ཡང་མེད་པ་དང་། དབུ་མ་ཡིན་པ་དང་། རྣལ་འབྱོར་མངོན་སུམ་གྱི་ཚད་མས་དེ་ཁོ་ན་ཉིད་རྟོགས་པ་ཡིན་པར་བསྒྲུབ་ནུས་ཏེ། ཐོས་བསམ་གྱིས་དེ་གཏན་ལ་འབེབས་པའི་སྐབས་སུའང་དེ་ལྟར་བསྒྲུབ་པ་དེ་མངོན་སུམ་རྟོགས་པ་ཡིན་པས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་དང་། གོ་དོན་རྟོགས་དོན་མཚུངས་པར་གྱུར་པ་ཡིན་ནོ། །སྡུད་པའི་ལུང་དྲངས་པ། ཕུང་འདི་སྟོང་ཞེས་རྟོགས་ནའང་ཞེས་ཡང་འཇུག་སྤར་མར་བྲིས་འདུག་ཀྱང་བདག་གིས་དེ་ལྟར་ཆེད་དུ་བཀོད་


MR14_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ཡིན་ལ། སྤར་གཞི་འབྲི་བ་པོས་ནོར་བར་ཟད་དེ་དེ་འདྲ་འགའ་ཟུང་བྲི་ནོར་ཡོད་སྲིད་ཀྱང་། རང་གཞན་སུའི་དཔེ་ཆ་ཡིན་ཀྱང་བྲིས་ནོར་དེ་འདྲ་མི་འབྱུང་བའི་མཐའ་འགོག་ཏུ་མེད་པ་དེ་འདྲའི་སྤྲོས་པས་ཅི་ཞིག་བྱ། བློ་མེས་ཡན་ལག་ཅན་བསྲེགས་སོགས་བསྲེག་བྱ་སྲེག་བྱེད་ཐ་དད་དུ་ཡོད་པ་གྲུབ་ཟིན་བསྒྲུབ་མི་དགོས་ལ། དེས་ན་ཤིང་གཉིས་ཟུང་དུ་འདྲུད་པའི་མེས་ཤིང་གཉིས་བསྲེགས་པ་དཔེར་བྱེད་པ་ནི་འོད་སྲུང་གིས་ཞུས་པའི་མདོར་གསུངས་པ་ལྟར་བཀོད་པ་ཡིན་ལ། རྒྱན་སྟུག་པོ་བཀོད་པའི་མདོ་ལས་ཀྱང་། ཇི་ལྟར་བསྲེག་བྱ་ཚིག་པའི་མེ་ཞེས་སོགས་དང་། ལྟ་བ་འགོག་པའི་དུས་སུ་ནི། །ཡེ་ཤེས་ཡང་དག་མེ་འབྱུང་སྟེ། །ཉོན་མོངས་ཐམས་ཅད་སྲེག་པར་བྱེད། །ཅེས་སོགས་གསུངས་པ་ལྟར་ཤིང་གཉིས་ལས་བྱུང་བའི་མེ་དེས་ཤིང་གཉིས་ཀ་བསྲེག་པ་དཔེར་བྱས་ཀྱི། མེས་མེ་རང་ཉིད་བསྲེག་ཅེས་མ་བཤད་ལ། ཁྱོད་ཀྱི་འདོད་པ་ལྟར་ན་རང་མི་བསྲེག་ཅེས་པ་རྒྱུ་གཞན་ལས་བྱུང་བའི་མེ་མ་གཏོགས་ཤིང་ལས་བྱུང་བའི་མེས་ཤིང་རང་ཉིད་མི་བསྲེག་ཅེས་གོ་བར་འདུག་པས་སྤྲ་བའི་མེས་སྤྲ་བ་རང་ཉིད་མི་བསྲེག་པར་འདོད་པ་ལ་འཇིག་རྟེན་པ་དག་གིས་འཕྱ་བས་ཆོག་ཅིང་། རང་གི་ཤེས་རབ་ཀྱི་མེས་རང་རྒྱུད་ཀྱི་ཉོན་མོངས་མི་བསྲེག་པར་གཞན་རྒྱུད་ཀྱི་ཉོན་མོངས་བསྲེག་པ་ནི་ཡ་མཚན་པ་ཞིག་གོ། དེའི་ཕྱིར་མདོ་རྒྱན་དང་རྒྱན་སོགས་ལས་གསུངས་པ་ལྟར་ཐོས་བསམ་སྒོམ་པའི་རྟོགས་པ་རིམ་གྱིས་བརྒྱུད་དེ་དེ་ཉིད་མངོན་སུམ་རྟོགས་པ་མདོ་སྔགས་དགོངས་པ་མཐུན་པར་སུས་ཀྱང་གྲུབ་ཟིན་ཡིན་པའི་ཕྱིར། དེ་ལ་བཅོས་མ་བཅོས་ཀྱི་རྣལ་འབྱོར་རིམ་གཉིས་སོགས་ཀྱི་ལུང་དྲངས་མི་དགོས་སོ། །ཡང་རྩོད་ཡིག་ཏུ། ཁོ་ན་རེ། གང་ཚེ་དངོས་དང་དངོས་མེད་པ། །བློ་ཡི་མདུན་ན་མི་གནས་པ། །ཞེས་གསུངས་པས་དངོས་མེད་ཀྱང་བློ་ཡི་ཡུལ་དུ་མེད་པ་


MR14_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནམ་ཞེ་ན། འོ་ན་སྔར་མདུན་དུ་གནས་ལ། ཕྱིས་མི་གནས་པ་ཞིག་ཏུ་ཐལ། གང་ཚེ་ཞེས་དུས་ངོས་བཟུང་བའི་ཕྱིར། དེས་ན་འདི་ལྟར་སྔར་ཐོས་བསམ་གྱི་དུས་ན་ཡུལ་ཡུལ་ཅན་རྒྱང་ཆད་འབྲེལ་མེད་པ་ལྟར་སྣང་། དེ་ནས་ཞི་ལྷག་གིས་རིམ་གྱིས་གཉིས་སྣང་སྦྱངས་ཏེ་སེམས་དང་གཉིས་སུ་མེད་པ་ལྟ་བུ་དང་གཉིས་སུ་མེད་པའི་སྣང་བ་འབྱུང་སྟེ། དང་པོ་ཕྱི་རོལ་གྱི་གཟུང་སྣང་ཤས་ཆེ་བས་ཀུན་བཏགས་ལ་འཇུག་པ་དང་། བར་དུ་ནང་འཛིན་པ་སེམས་ཀྱི་སྣང་བ་ཤས་ཆེ་བས་གཞན་དབང་ལ་འཇུག་ཅིང་འཛིན་པ་ཕྱོགས་གཅིག་པའི་ཏིང་ངེ་འཛིན་དང་། སེམས་ཙམ་ལ་གནས་པའི་རྣལ་འབྱོར་གྱིས་སྦྱར། ཐ་མའི་ཚེ་གཉིས་སྣང་ཕྲ་མོའང་ལོག་སྟེ་ཡོངས་གྲུབ་ལ་འཇུག་ཅིང་སྣང་མེད་གནས་པའི་རྣལ་འབྱོར་གྱི་ས་ཐོབ་པར་གསུངས་ཏེ། རྣལ་འབྱོར་གྱི་ས་ལྔ་དང་། གསུམ་གྱི་མཐོང་ཐོས་མེད་པའི་རྨོངས་པ་དག་ལ་ཅི་ཆ་ཡོད། ཁྱོད་ལྟར་ན་འགལ་བར་མཐོང་སྟེ། མདུན་ལྟ་བུར་ཡུལ་མི་གནས་པའི་བློ་དེ་ཆོས་ཅན། ཡུལ་མེད་པ་ཅན་དུ་ཐལ། དམིགས་པ་མེད་པ་རབ་ཏུ་ཞི། །ཞེས་པའི་དགོངས་པར་འདོད་པའི་ཕྱིར། འདོད་ན་འོག་ཏུ་ཤེས་བྱ་མེད་ན་ཅི་ཞིག་རིག །གང་གིས་ཤེས་པ་ཞེས་བརྗོད་བྱེད། །ཅེས་པས་གནོད་པའི་ཕྱིར། ཁོ་ན་རེ། བློ་ཡང་མེད་དོ་ཞེ་ན། འོ་ན་གཉིས་ཀ་མཉམ་དུ་མེད་པས་གང་ཞིག་གང་གི་མདུན་དུ་ཡོད་པ་དང་མེད་པའི་ཁྱད་པར་འབྱེད། མོ་གཤམ་བུའི་མདུན་དུ་དེའི་ནུ་བོ་ཡོད་མེད་ཀྱི་དཔྱད་པ་དེ་ནི་མཁས་གཏམ་སྔོན་མེད་པ་ཞིག་གོ། ཁྱེད་ལྟར་ན་ཡུལ་ཤེས་ཀུན་མཐའ་བྲལ་སྟོང་པ་ཆེན་པོ་ཅི་ཡང་མེད་པ་དེའི་ཐུགས་ཀར་ཐིམ་པར་གསལ་ཏེ། ཚད་མས་མ་དམིགས་ཤིང་ཚད་མ་ཡང་བཀག་པའི་ཕྱིར། དེས་ན་འདི་དག་གིས་བཤད་པ་ཇི་སྙེད་པ་ཐམས་ཅད་ཐར་འདོད་ལོག་ལམ་དུ་འཁྲིད་པ་ཤ་སྟག་སྟེ། འཁོར་འདས་ཀྱི་ཆོས་ཀུན་དང་མཐོང་བ་མངོན་གྱུར་ཀྱང་མེད་པ་འཇིག་རྟེན་རྒྱངས་


MR14_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན་ལས་ཀྱང་ཐ་ཆད་པ་སྟེ། མཆིལ་མའི་ཐལ་བ་བཞིན་དོར་ཏེ། ས་གོང་མར་ཡོན་ཏན་གྲངས་འཕེལ་བ་ལྟར་རྫོགས་པའི་སངས་རྒྱས་ཀྱི་སར་ཟླ་བ་ཉ་གང་བ་བཞིན་ཡོན་ཏན་ཡོངས་སུ་རྫོགས་པ་མཚན་དོན་དང་མཐུན་པར་བྱ་ཞིང་མཛད་པ་རྒྱུན་མི་འཆད་པ་དང་ལྷུན་གྱིས་གྲུབ་པའི་ཚུལ་དཔེ་དྲུག་དང་དགུས་མདོ་དང་བྱམས་པས་གཏན་ལ་ཕབ་ཅིང་། རང་བཞིན་དོན་ནི་གྲུབ་དོན་དུ། །ཞེས་པ་ལྟར་དྲི་མ་མེད་པའི་དངོས་སྟོབས་རིགས་པའི་སྒོ་ནས་བསྒྲུབ་པ་དང་། རིགས་པའི་དབང་ཕྱུག་རྣམ་གཉིས་ཀྱིས་སྡེ་བདུན་མདོ་དང་བཅས་པ་ལས་གསུངས་པའི་ཚུལ་ལ་གཏིང་ནས་ངེས་པ་དྲངས་ཏེ་བསོད་ནམས་བས་ཆེན་པོ་མྱུར་དུ་བསྡུད་པར་བྱ་སྟེ། རིན་ཆེན་ཕྲེང་བར། དཔག་ཏུ་མེད་པ་རྣམ་བཞི་ཡིས། །ཚོགས་ཀྱིས་རིང་པོར་མི་ཐོགས་པར། །ཇི་ལྟ་བུར་ནི་ཐོབ་མི་འགྱུར། །ཞེས་དང་། ཟླ་བས། ཡོན་ཏན་མཐའ་དག་མཐར་ཐུག་མཚུངས་པ་མེད་པ་དེ་ནི་ཁྱོད་ཀྱིས་བརྙེས། །ཞེས་གསུངས་པའི་ཕྱིར་རོ། །ཞེས་སྨྲས་སོ། །དེ་ལ་ལན་སྨྲ་བར་བྱ་སྟེ། ཀྭ་ཡེ་དགེ་སྦྱོང་བསྒྲེས་པོ་དལ་ཅིག་ལྷོད་པོར་བཞུགས་དང་རིམ་གྱིས་བགྲོ་བར་བྱའོ། །གང་ཚེ་དངོས་དང་དངོས་མེད་སོགས་གསུངས་པའི་གང་ཚེ་ཞེས་དུས་ངོས་བཟུང་བ་ལྟ་བུའི་ཚུལ་དུ་མི་འཆད་ན། ཁྱོད་ཀྱིས་ཇི་ལྟར་འཆད། ཁྱོད་ཀྱིས་ཀྱང་གཟུང་འཛིན་གཉིས་སུ་སྣང་བ་བློ་ཡི་མདུན་དུ་སྔར་གནས་ལ། ཕྱིས་མི་སྣང་བར་འདོད་པ་དང་། སྔར་བདེན་འཛིན་ཅན་གྱི་བློའི་མདུན་ན་བདེན་གྲུབ་དམིགས་ཡུལ་དུ་གནས་ལ། ཕྱིས་བདེན་མེད་རྟོགས་ཚེ་མི་གནས་པར་ཁས་མི་ལེན་ནམ། རང་གི་ཚིག་ལ་ཐལ་བ་མཚུངས་པའི་ལྟག་ཆོད་ཀྱིས། །ཞེས་གསུངས་པའི་མཁས་གཏམ་སྔོན་མེད་པའོ། །ཡང་ཐོས་བསམ་སྒོམ་པའི་སྒོ་ནས་ཞི་ལྷག་གིས་གཟུང་འཛིན་རྒྱང་ཆད་དུ་སྣང་བ་རིམ་གྱིས་སྦྱང་ནས་མཚན་ཉིད་གསུམ་གྱི་དོན་ལ་འཇུག་པར་བཤད་པ་དེ། གཞན་


MR14_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྫས་སུ་འདོད་མི་འདོད་ཀྱི་ཁྱད་པར་ལས་དབུ་སེམས་སུས་ཀྱང་གོ་རིམ་དེ་འདྲའི་མྱོང་བ་སྐྱེ་ཚུལ་ཙམ་གྱི་རྣམ་བཞག་བྱ་རུང་མོད། རྣམ་རིག་སྨྲ་བ་ལྟར་ན་བདག་གཉིས་སུ་སྒྲོ་འདོགས་པའི་ཀུན་བཏགས་ཀྱིས་སྟོང་པའི་གཞན་དབང་ཉིད་མངོན་སུམ་དུ་མཐོང་ཚེ། ཕྱོགས་ལྟ་བུའི་དགག་གཞིར་བུམ་མེད་མཐོང་བ་ལྟར་ཡོངས་གྲུབ་མཐོང་བ་ཡོད་དེ་རང་རིག་ཀྱང་འདོད་པས་དེ་ལྟར་སྲིད་མོད། ཁྱོད་ཀྱིས་ཟེར་བ་འདི་ལྟར་ན་ཕྱི་དོན་འདོད་ཅིང་རང་རིག་ཀྱང་མེད་ལ་སྟོང་ཉིད་མེད་དགག་ཏུ་འདོད་པས། །གཟུང་འཛིན་གཉིས་སྣང་སྦྱོང་བྱེད་ཀྱི་ལྷག་མཐོང་ཅུང་ཟད་ཀྱང་མི་སྲིད་དེ། གཟུང་འཛིན་གཉིས་དོན་ལ་ཐ་དད་ཡིན་པ་གང་ཞིག ཐ་དད་ལ་ཐ་མི་དད་དུ་སྣང་བ་ལོག་ཤེས་སུ་འགྱུར་བའི་ཕྱིར་རོ། །གཞན་ཡང་ཡུལ་ཅན་གྱི་བློ་དངོས་པོ་དང་། ཡུལ་མེད་དགག་དངོས་མེད་གཉིས་ནམ་ཡང་ཐ་མི་དད་མ་ཡིན་ལ། རྟོག་བཅས་ཀྱི་བློས་དངོས་མེད་དུ་འཛིན་པ་འདི་ཙམ་ལས་ལྷག་པའི་གཉིས་སྣང་མེད་པས་རྟོགས་ཚུལ་གཞན་མི་སྲིད་དེ། གཉིས་སྣང་ཕྲ་མོ་ལོག་པའི་ཚེ། ཡུལ་དང་ཡུལ་ཅན་ཐ་དད་དུ་མི་སྣང་དགོས་ན། ཡང་ན་བློ་བཞིན་དུ་མེད་དགག་ཀྱང་དངོས་པོར་སྣང་བའམ། ཡང་ན་ཡུལ་ཅན་ཐམས་ཅད་མེད་དགག་སྟོང་རྐྱང་གི་ཐུགས་ཀར་ཐིམ་ནས་ཅི་ཡང་མི་སྣང་དགོས་ལ། དེ་ལྟར་ན་བློ་ཡང་མེད་པས་མཆིལ་མའི་ཐལ་བ་བཞིན་དུ་འདོར་དགོས་པ་དང་། །ཐར་འདོད་ལོག་ལམ་ལ་འཁྲིད་པའི་སྐྱོན། ཆོས་ཀུན་དང་མཐོང་བ་མངོན་གྱུར་མེད་པར་འདོད་པས་རྒྱང་འཕེན་ལས་ཀྱང་ཐ་ཆད་པ་ཞེས་གཞན་ལ་བརྗོད་པ་དེ་ཁྱེད་རང་ལ་འཁོར་བར་འགྱུར་རོ། །དེས་ན་བློའི་མདུན་ན་དངོས་དངོས་མེད་གང་ཡང་མི་གནས་པར་མི་འདོད་ན། དངོས་པོའམ་དངོས་མེད་གང་རུང་ངམ། གཉིས་ཀ་སྣང་བ་གང་ཡིན་ཞེས་ཁྱོད་ལ་འདྲི་ན་ཇི་ལྟར་ཁས་ལེན། དེའི་ཚེ་བློ་དེའི་རང་མི་རིག་ལ། ཐ་སྙད་ཀྱི་ཆོས་གཞན་གང་ཡང་དེ་ལ་སྣང་བ་མེད་པས་ཡུལ་མེད་དགག་འབའ་ཞིག་རིག་


MR14_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཏེ། དེ་ལྟར་མི་རིག་ན་ཤེས་བྱ་མེད་ན་ཅི་ཞིག་རིག་ཅེས་སོགས་གསུངས་པའི་སྐྱོན་དང་། རིག་ན་དགག་གཞི་དང་དགག་བྱ་སྣང་བ་ལ་མི་ལྟོས་པའི་མེད་དགག་ཡན་གར་བ་རིག་ཅིང་དེ་ཡང་གཉིས་སྣང་མེད་པའི་ཚུལ་གྱིས་མངོན་སུམ་མཐོང་བ་འདི་ནི་མོ་གཤམ་གྱི་བུ་མཐོང་བའི་གཉིས་སྣང་ནུབ་ཚུལ་ཐར་འདོད་ལེགས་པའི་ལམ་དུ་འཁྲིད་པའི་མཁས་གཏམ་སྔོན་མེད་ཡིན་པར་འདུག་པས། འདི་ལས་གཞན་དུ་ཆོས་ཉིད་རྟོགས་ཚུལ་བཤད་པའི་ལེགས་བཤད་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དོར་ཏེ་འདི་ཉིད་བཟུང་ནས་ནས་སར་ཡོན་ཏན་གོང་དུ་འཕེལ་ནས་སངས་རྒྱས་ཀྱི་སར་ཟླ་བ་ཉ་གང་བ་ལྟ་བུའི་ཡོན་ཏན་མཚུངས་མེད་ཐོབ་པར་གོར་མ་ཆག་པར་འདུག་གོ། དེས་དངོས་དངོས་མེད་དུ་དམིགས་པ་ཅན་གྱི་ཆོས་ཉིད་མངོན་སུམ་མཐོང་བ་ཕར་ཞོག །རྗེས་སུ་མཐུན་པའི་བཟོད་པ་ཙམ་ཡང་མི་འགྲུབ་པར་ཡུམ་ལས་གསུངས་པ་ལྟར་རིགས་པས་གྲུབ་ཀྱང་ཧ་ཅང་སྤྲོས་ན་དུས་དབང་གིས་གཞན་དག་གི་ངོར་སྡང་ཞུགས་ཀྱིས་སུན་འབྱིན་སྨྲ་བར་གོ་བ་ལས་དངོས་དོན་ལ་ཚུལ་བཞིན་དཔྱད་པར་མི་འཛིན་པས་མ་སྤྲོས་སོ། །གལ་ཏེ་ཞི་གནས་ཀྱི་མཐུས་གཉིད་ཐམ་ཐོམ་པའི་སྐབས་བཞིན་གཉིས་སྣང་ངོས་མ་ཟིན་པ་ཙམ་གྱིས་ཅིར་ཡང་མི་འཛིན་པ་ཞིག་བྱུང་སྲིད་ན་ཡང་དེས་ཆོས་ཉིད་རྟོགས་པའི་ཕྱོགས་སུ་མི་ཕྱིན་པ་ནི་སྨོས་མ་དགོས་སོ། །དེས་ན་ཆོས་ཐམས་ཅད་དངོས་དངོས་མེད་ཀྱི་མཐའ་གང་དུའང་མ་ལྷུང་བའི་ཆོས་དབྱིངས་སྤྲོས་བྲལ་དུ་གཏན་ལ་ཕབ་པའི་ལྷག་མཐོང་དང་ཞི་གནས་ཟུང་དུ་འཇུག་པའི་ལམ་དེ་གོམས་པས་གཉིས་སྣང་སྦྱང་ནུས་ཏེ། གཉིས་སུ་སྣང་ཡང་གཉིས་སུ་མ་གྲུབ་པ་ཡིན་པས། གཉིས་སུ་མེད་པའི་ཆོས་དབྱིངས་མངོན་སུམ་རྟོགས་པའི་ཚེ་ན་གནས་སྣང་མཐུན་པར་གྱུར་ནས་གཉིས་སྣང་ཕྲ་མོ་ཡང་མི་མངའ་བར་ཆོས་ཀྱི་དབྱིངས་འབའ་ཞིག་ཏུ་སྣང་


MR14_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལས་གཞན་མེད་ཀྱང་། སོ་སོ་རང་རིག་པའི་ཡེ་ཤེས་སམ་གཉིས་སུ་མེད་པའི་བློ་མེད་པ་ནི་རྣམ་པ་ཀུན་ཏུ་མ་ཡིན་ཏེ། ཡིན་ན་དམིགས་པ་མེད་པར་ཞི་བའང་སུ་ཞིག་ཡིན་ཏེ། མོ་གཤམ་གྱི་བུ་དམིགས་པ་མེད་པར་རབ་ཏུ་ཞི་བའི་མཉམ་བཞག་ལ་གནས་ཟེར་བ་དང་འདྲ་བས་དེ་འདྲའི་ཁས་ལེན་བྱེད་མཁན་སུ་ཡང་མེད་པས་ན། ཁྱོད་ཀྱིས་འདིར་ཕྱོགས་སྔ་བཀོད་ནས་དེ་ལ་ལན་བརྗོད་པ་ནི་རྣམ་འགྲེལ་དུ། ལྟར་སྣང་བཅས་སོགས་བཀོད་པ་དང་། །ལན་ནི་འབྲེལ་མེད་བཞད་གད་དེ། །ཞེས་འགྲེལ་བྱེད་ཁ་ཅིག་གིས་དོགས་པ་འབྲེལ་མེད་རང་གིས་བཀོད་ནས་ལན་འབྲེལ་མེད་རང་གིས་འདེབས་པ་བཞད་གད་ཀྱི་གནས་སུ་བསྟན་པ་དང་འདྲ་བར། འདིར་ཡང་ཕྱོགས་སྔའི་འདོད་པ་ཕྱོགས་ཙམ་ཡང་མ་གོ་བར་ཕ་རོལ་ལ་གནོད་པ་ཅུད་ཟད་ཀྱང་མི་ནུས་པའི་སུན་འབྱིན་བརྗོད་པ་ནི། རྣམ་འགྲེལ་ལས། བརྗོད་བྱས་སྟོང་པ་བརྗོད་རྣམས་ཀྱི། །འདི་དེ་མི་ཤེས་ཀྱིས་བསླད་ཡིན། །ཞེས་གསུངས་པ་ལྟར་ཁྱོད་རང་གི་བློ་གྲོས་ཀྱི་ནུས་པ་བསྟན་པ་ཙམ་དུ་ཟད་ཅིང་། ཁྭ་ཏས་མི་གཙང་ཟོས་པའི་མཆུ། །ས་གཙང་དག་ལ་འབད་དེ་ཕྱི། །ཞེས་པའི་དཔེ་དང་མཚུངས་པར་གྱུར་ཏོ། །དེས་ན་སུན་འབྱིན་དེ་ལ་ལན་ཅུང་ཟད་བསྟན་མ་དགོས་པར་ནུས་མེད་དུ་སོང་ངོ་། །དེའི་ཕྱིར་གནས་ལུགས་གཉིས་སུ་མེད་པའི་ཆོས་དབྱིངས་དང་མཉམ་པ་ཉིད་དུ་ཞུགས་པའི་ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་གཅིག་པུ་པ་ཉིད་དུ་གསུངས་པས་མཐར་ཐུག་གི་ཐར་པ་དང་ཐམས་ཅད་མཁྱེན་པ་འདོད་པ་ཐམས་ཅད་ལ་མེད་དུ་མི་རུང་ཞིང་། ཚུལ་དེ་ལ་ཐོས་བསམ་སྒོམ་པས་རིམ་པར་ཞུགས་པ་ལས་གནས་སྐབས་ས་དང་སའི་ཡོན་ཏན་གོང་དུ་འཕེལ་ནས་མཐར་ཐུག་སངས་རྒྱས་ཀྱི་སར་ཟླ་བ་ཉ་གང་བ་བཞིན་དུ་ཕ་མཐས་དབེན་པའི་ཡོན་ཏན་མཚུངས་པ་མེད་པ་ལ་མངའ་བརྙེས་ཏེ། །རྣམ་


MR14_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་ནམ་མཁའ་དང་མཉམ་པ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་གསང་བ་གསུམ་གྱི་རོལ་པ་སྣ་ཚོགས་སུ་འཆར་བ། རྟག་པ་དང་ཁྱབ་པ་དང་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཆེན་པོ་འཇུག་པ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ལམ་དུ་བྱས་པའི་མཐུས། སྲིད་ཞི་མཉམ་ཉིད་ཀྱི་ཡེ་ཤེས་མཐར་ཐུག་པའི་གནས་གྱུར་ཐོབ་པས་ཡིན་གྱི། སེམས་ཅན་ཉི་ཚེ་བའི་རྒྱུད་ཀྱིས་བསྡུས་པའི་ཐ་མལ་པའི་ཕུང་པོ་ལྔའི་རྒྱུན་བྱམས་སོགས་དམིགས་པ་ཅན་གྱིས་བགོས་པའི་གང་ཟག་རང་རྒྱུད་པ་མང་ཐོས་དགེ་སློང་ཞིག་ལས་ཅུང་དྲག་ཙམ་ཞིག་ཕྱོགས་དུས་རེས་འགའ་བ་ན་གནས་པའི་སངས་རྒྱས་དེ་འདྲ་ཞིག་འདོད་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་མཚུངས་པ་མེད་པ་དང་། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་སོགས་འབྲས་ཆོས་རྣམས་ཁ་ནས་བརྗོད་ཀྱང་དེའི་དོན་ཇི་བཞིན་ཤེས་པར་མི་འགྱུར་རོ། །དེས་ན་ཐར་འདོད་དག་གིས་ཟབ་མོ་མཐར་ཐུག་གི་དོན་མཆིལ་མའི་ཐལ་བ་བཞིན་དུ་སྤངས་ནས་རྟོག་གེའི་ལམ་ལ་སྙིང་པོར་བྱེད་པ་ནི། མདོ་ལས། སྙིང་པོ་ཅན་ཀུན་རྣམ་པར་སྤངས་ནས་ནི། །དད་པ་མེད་པས་སྙིགས་མ་འཛིན་པར་བྱེད། །ཅེས་པ་ལྟར་དུས་དབང་གིས་བྱུང་བ་ལ་སུ་ཞིག་གིས་དགག་པར་སྤྱོད། དེའི་ཕྱིར་བྱམས་ཆོས་དང་རིགས་ཚོགས། །ཚད་མ་སྡེ་བདུན་སོགས་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་རྣམས་ཀྱི་དོན་བཞིན་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་ནས་གསུང་རབ་ཐམས་ཅད་གདམས་པར་ཤར་བ་སོགས་ཀྱི་བསྔགས་པ་ཇི་སྐད་གསུངས་པ་དེ་དག་སུའི་ལུགས་ལ་ཡོད་ཀྱང་ཐར་འདོད་དག་གི་འཇུག་ངོགས་བླ་ན་མེད་པ་ཡིན་པའི་ཕྱིར། །རྣམ་གྲོལ་གྱི་ལམ་དོན་གཉེར་གཙོ་བོར་བྱ་དགོས་ཀྱི་ཞེན་ལྟས་ནི་ཅིར་ཡང་མི་འགྱུར་བས་བདག་ལེགས་སུ་འདོད་པ་རྣམས་ཀྱིས་ཚུལ་བཞིན་བསམ་དགོས་སོ། །སུན་འབྱིན་རབ་ནི་


MR14_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གྱིས་བཟློག་མི་ནུས། །མ་བཟློག་དོགས་པ་སྐྱེད་ནུས་དེ་ཡང་འབྲིང་། །ལན་མི་དགོས་པ་སུན་འབྱིན་ཐ་ཆད་ཡིན། །ཕ་རོལ་བློ་ནུས་བསྟན་ནས་རང་སར་ཡལ། །ཆོས་ཀུན་མ་སྐྱེས་ཆུ་ཟླ་ལྟ་བུ་དང་། །ཚིག་རྣམས་བྲག་ཆ་འདྲའོ་ཞེས་གསུངས་བཞིན། །བརྗོད་བྱས་སྟོང་པ་བྲག་ཆའི་སྒྲ་འདི་ཡང་། །ཕན་གནོད་མེད་པ་རང་སར་རང་གྲོལ་གྱུར། །ཞེས་ཀྱང་སྨྲས་སོ། །སླར་ཡང་རྩོད་ཡིག་ཏུ། ཉན་ཐོས་སྡེ་པས་ལྷག་མེད་ནས་བེམ་རིག་རྒྱུན་ཆད་པར་འདོད་པ་རྒྱན་སྣང་སོགས་སུ་རིགས་པ་ལྔས་བཀག་མོད། ཁྱེད་ཅག་གིས་སངས་རྒྱས་མ་ཐག་བེམ་རིག་བྲལ་ཏེ། མི་དམིགས་པའི་དབྱིངས་སུ་འཕོ་བ་ཐེབས་ཟེར་བ་ལྟར་ན། བརྩོན་པ་དྲག་པོས་ཉིན་མཚན་ཀུན་ཏུ་འབད་པར་རིགས་ཏེ། ཀུན་གཞི་སོགས་རྣམ་ཤེས་རྒྱུན་བརྟན་པ་མེ་ལོང་ཡེ་ཤེས་སོགས་སུ་གྱུར་ན་མ་ལེགས་པས། ཁྱེད་ཅག་གིས་རྣམ་རྟོག་འཕྲུལ་གྱི་གྲུབ་མཐའི་རྒྱུ་སྐར་ལེགས་བཤད་ཉི་མའི་འོད་ཀྱིས་འཇིག་པར་དོགས་སོ། །འདི་སྐད་དུ། བརྟེན་པ་རྣམ་ཤེས་ཕུང་པོ་དང་བྲལ་བའི། །ལྷག་མར་ལུས་པའི་མིང་དེ་ཅི་ཞིག་སྨྲོས། །ཡེ་ཤེས་རང་མདངས་མཚན་དཔེའི་གཟུགས་ཀྱི་སྐུ། །ཡིད་འཕྲོག་པདྨ་བལྟ་བས་ཆོག་མི་ཤེས། །བློ་ཆུང་བློ་ཡི་འབད་པ་བརྒྱ་ཕྲག་གིས། །ནོར་འཁྲུལ་ནོར་བུ་འཆིང་བུར་ཆགས་ན་ཡང་། །ཀུན་གསལ་ཀུན་ནས་བླང་དོར་བྱེད་པའི་མིག །སྣང་ངོར་སྣང་བ་འགལ་བའི་དེ་ཉིད་རིག །ཅེས་སྨྲས་སོ་ཞེས་ཟེར། དེ་ལ་ལན་བརྗོད་པ། ཉན་ཐོས་སྡེ་པས་ལྷག་མེད་དུ་ཕུང་ལྔ་རྒྱུན་ཆད་པར་འདོད་ཀྱང་རིགས་པས་དཔྱད་ན་རྒྱུན་མི་འཆད་པར་གྲུབ་པ་བདག་ཅག་གིས་ཀྱང་འདོད་ལ། སངས་རྒྱས་མ་ཐག་བེམ་རིག་བྲལ་ཏེ་མི་དམིགས་པའི་དབྱིངས་སུ་རྒྱུན་ཆད་པ་བདག་ཅག་གི་གཞུང་གང་ལས་ཀྱང་མ་བཤད་ལ་སེམས་སེམས་བྱུང་གི་རྒྱུ་བ་ལོག་པར་


MR14_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་མོད། གཟུང་འཛིན་གྱིས་བསྡུས་པའི་སེམས་སེམས་བྱུང་གི་རྒྱུ་བ་ལོག་ཀྱང་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་གང་ཞིག་སེམས་སེམས་བྱུང་གཉིས་སྣང་ཅན་གྱིས་ཡུལ་གཞལ་ཚུལ་དེ་ལས་ཆེས་འཕགས་པའི་ཡེ་ཤེས་རྟོག་གེས་བསམ་པར་དཀའ་བ་ཡོད་པར་འདོད་པས། ཐ་མལ་པའི་བརྟེན་པ་རྣམ་ཤེས་ཕུང་པོ་མེ་ཁྱེར་ལྟ་བུ་མེད་དུ་ཟིན་ཀྱང་། དེ་ལས་ཆེས་ལྷག་པའི་ཤེས་བྱ་ཐམས་ཅད་སྐད་ཅིག་ལ་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་མཁྱེན་ནུས་པའི་ཡེ་ཤེས་ཉིན་མོར་བྱེད་པ་འབུམ་གྱི་སྣང་བས་ཀྱང་འགྲན་པར་མི་བཟོད་པ་ཡོད་པར་འདོད་ན། རྣམ་ཤེས་དང་ཡེ་ཤེས་ཀྱི་ཁྱད་པར་ཕྱོགས་ཙམ་མི་ཤེས་པར་རྣམ་ཤེས་ཀྱི་འཆིང་བུ་ལ་ཡེ་ཤེས་ཀྱི་ནོར་བུར་རེ་བ་དག་གིས་འབད་པ་བརྒྱ་བྱས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་ལྟ་ཅི་སྨོས། སློབ་པ་རྣམས་ཀྱི་རྒྱུད་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་ཚིག་ཙམ་ལས་དོན་ཇི་བཞིན་ངེས་མི་ནུས་སོ། །འོ་ན་རྣམ་ཤེས་ལས་འདས་པའི་ཡེ་ཤེས་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། གཟུང་བ་དང་འཛིན་པ་ཅན་རྣམ་པར་རྟོག་པ་དང་བཅས་པ་ཡུལ་ཉི་ཚེ་བ་ལ་གནས་པ་སོགས་ཀྱི་རང་བཞིན་ཅན་དེ་ལས་བཟློག་སྟེ། མཐར་ཐུག་གི་ཡེ་ཤེས་ནི་དབྱིངས་རིག་ཟུང་དུ་འཇུག་པའི་བདག་ཉིད་གཟུང་འཛིན་གྱི་རྣམ་རྟོག་དང་བྲལ་ཡང་མཉམ་པ་ཉིད་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་ཤེས་བྱ་མ་འདྲེས་པར་གསལ་བ་རྟོག་གེའི་སྤྱོད་ཡུལ་ལས་འདས་པ་སྟེ། ལྡོག་ཆས་ཕྱེ་ན་ཡེ་ཤེས་རྣམ་པ་ལྔའི་རྣམ་གྲངས་སུ་གསུངས་པ་དེ་ལྟ་བུ་ལ་འདོད་ཅིང་། དེ་ལྟ་བུའི་གནས་གྱུར་པ་མཐར་ཐུག་པ་ཐོབ་པའི་ཚེ་སེམས་སེམས་བྱུང་གི་རྒྱུ་བ་ལྡོག་པར་འདོད་དེ། འཇུག་པ་རང་འགྲེལ་དུ། སངས་རྒྱས་རྣམས་ལ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར། སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་


MR14_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ལོག་པ་ཡིན་ནོ་ཞེས་གསུངས་པ་ལྟར། སེམས་སེམས་བྱུང་ལོག་པས་ཡེ་ཤེས་མཐར་ཐུག་ཐོབ་པ་དང་། ཡེ་ཤེས་མཐར་ཐུག་ཐོབ་པས་སེམས་སེམས་བྱུང་ལྡོག་པ་གཉིས་འགལ་མེད་དུ་གོ་ནུས་ཀྱི། སེམས་སེམས་བྱུང་ཐ་མལ་པ་མ་ལོག་ན་བདག་དང་གཞན་དང་སྲིད་དང་ཞི་བ་སོགས་ལ་ཐ་དད་པའི་འདུ་ཤེས་དང་། ཚོར་བ་སོགས་སྐྱེ་བ་ཅི་ཞིག་གིས་འགོག་སྟེ། རྐྱེན་བཞི་ཚང་བས་འབྲས་བུ་ལྡོག་བྱེད་མེད་ལ། དེ་འདྲའི་བློ་ཉི་ཚེ་བ་ཞིག་གིས་ཤེས་བྱ་ཐམས་ཅད་སྐད་ཅིག་ལ་གཞལ་ནུས་པ་དང་། དེ་ལ་རྣམ་པར་རྟོག་པ་མེད་པ་དང་། དེ་ཉིད་ཆོས་ཀྱི་དབྱིངས་ལས་མི་གཡོ་བར་རྟག་ཏུ་མཉམ་བར་བཞག་པ་དག་ཀྱང་ཇི་ལྟར་སྲིད་དེ་སྒྲུབ་བྱེད་མནའ་ཆུ་བཏུང་བ་ཙམ་དུ་ཟད་དོ། །ཆོས་ཀྱི་དབྱིངས་ལ་རྟག་ཏུ་མཉམ་པར་བཞག་པ་ལས་མ་གཡོས་བཞིན་དུ་ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐ་མལ་པའི་སེམས་དང་ཆ་བསྐྲུན་དུ་མི་རུང་བའི་བདག་ཉིད། དུས་འཁོར་དུ། ཤེས་དང་ཤེས་བྱ་གཅིག་པའི་སྐུ། །ཞེས་དང་། ཤེས་དང་ཤེས་བྱ་རོ་གཅིག་པ། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན། །ཞེས་གསུངས་པ་དང་། མདོ་རྣམས་ལས་ཀྱང་། དེ་བཞིན་གཤེགས་པ་ནི་ཡེ་ཤེས་ཀྱི་སྐུ་དང་། རྡོ་རྗེའི་སྐུ་དང་། བསམ་གྱིས་མི་ཁྱབ་པའི་སྐུ་ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་ཡིན་ལ། འོ་ན་ཟག་མེད་ཀྱི་སྡེ་ཚན་སོགས་བཤད་པའི་སྐབས་སུ། དྲན་པ་ཉེར་བཞག་བཞི་ལ་སོགས་པ་སེམས་སེམས་བྱུང་གི་མིང་གིས་བསྟན་པ་འདི་སྙེད་སངས་རྒྱས་ལ་མི་མངའ་ན་ཟག་མེད་ཀྱི་ཆོས་རྣམས་ཀྱང་མེད་པར་འགྱུར་རོ་སྙམ་ན། དེ་དག་སེམས་སེམས་བྱུང་གི་མིང་གིས་བསྟན་པ་ལྟར་ཐ་སྙད་འདོགས་དགོས་ཀྱང་རྣམ་རྟོག་མི་མངའ་ཅིར་ཡང་ས་ལེར་མཁྱེན། ཞེས་གསུངས་པ་ལྟར་ཡེ་ཤེས་ཀྱིས་མཁྱེན་ཚུལ་ཐུན་མོང་མིན་པ་ཡིན་གྱི་འཕགས་པ་སློབ་པ་དག་གི་མཁྱེན་ཚུལ་དང་ཡང་


MR14_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདྲ་ན། སོ་སོའི་སྐྱེ་བོ་རྣམས་ཀྱིས་སེམས་ཀྱིས་ཤེས་ཚུལ་དང་ག་ལ་འདྲ། དེས་ན་རྟོག་བཅས་ཀྱི་སེམས་སམ་སེམས་རགས་པ་ལྡོག་ཅེས་པ་ཙམ་གྱིས་སངས་རྒྱས་ཀྱི་ཡེ་ཤེས་ཉིད་ངོས་མི་ཟིན་ཏེ། སེམས་མ་ལོག་ན་རྟོག་བཅས་ཀྱང་ཡོད་པར་འཐད་དེ། སེམས་ཅན་རྣམས་དང་འདྲ་ན་ཆོས་སྟོན་པའི་ཀུན་སློང་དུ་དེ་མེད་མི་རུང་བ་དང་། སེམས་རགས་བ་ཞེས་པའང་ཅི་ལ་བརྗོད་ཀྱང་དེ་འཐད་ལྡན་དུ་གོ་མི་ནུས་སོ། །ངེས་ན་ཀུན་གཞི་དང་རྣམ་ཤེས་བཞི་པོ་གནས་གྱུར་པའི་ཡེ་ཤེས་ལྔ་འདོད་དགོས་པར་ཐེག་ཆེན་གྱི་གཞུང་མདོ་སྔགས་ཀུན་མཐུན་ལ། དེ་ལྟར་སེམས་དེ་དག་གནས་གྱུར་པའི་ཚེ་རྒྱུན་བརྟན་མི་བརྟན་ཞེས་ཁྱད་པར་ཕྱེད་མི་དགོས་ཏེ། རྒྱུད་བརྟན་པ་ཀུན་གཞིའི་རྣམ་ཤེས་མེ་ལོང་ཡེ་ཤེས་དང་། གཞན་ཉོན་ཡིད་མཉམ་ཉིད། ཡིད་སོར་རྟོག །སྒོ་ལྔ་བྱ་གྲུབ། ཀུན་གཞི་ཆོས་དབྱིངས་ཡེ་ཤེས་སུ་འགྱུར་བར་གསུངས་པ། བདག་ཅག་གི་ལུགས་ལ་མ་ལེགས་པ་མེད་པར་མ་ཟད་ལེགས་པ་འབའ་ཞིག་ཡིན་ནོ། །སེམས་མི་ལྡོག་པར་འདོད་པ་དེ་དག་གི་ལུགས་ལ་ནི་མ་ལེགས་ཏེ་ད་དུང་སེམས་གནས་མ་གྱུར་པར་འདོད་རིགས་པའི་ཕྱིར་རོ། །དེས་ན་ས་བོན་མྱུ་གུར་གནས་གྱུར་པ་ཞེས་ཐ་སྙད་དུ་བརྗོད་པའི་ཚེ་ན་མྱུ་གུར་གྱུར་པའི་དུས་ན་ས་བོན་འགག་ཅེས་བརྗོད་པ་འཐད་ལ། ས་བོན་མ་འགག་པར་ཡོད་ཅེས་ཐ་སྙད་དུ་ཡང་ཁས་ལེན་མི་རིགས་པ་དང་། གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་གྱུར་པའི་ཚེ་ན་གསེར་འབའ་ཞིག་ཏུ་སྣང་གི་ད་དུང་ལྕགས་ཡོད་ན་གསེར་དུ་མ་གྱུར་དགོས་པ་བཞིན་ནོ། །དེས་ན་དེ་འདྲའི་ཡེ་ཤེས་ཆེན་པོ་ནམ་མཁའ་ཇི་སྲིད་དུ་རྟག་ཅིང་རྒྱུན་མི་འཆད་པ་ཡིན་གྱི། བེམས་རིག་བྲལ་ཏེ་མི་དམིགས་པའི་དབྱིངས་སུ་འཕོ་བ་ཐེབས་ཟེར་བ་ལྟར་མ་སོང་སྟེ། བདག་ཅག་གི་ལུགས་ལ་ཆོས་ཀྱི་དབྱིངས་ཀྱང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུས་གསུམ་དུ་འཕེལ་འབྲི་མེད་པ་ཡིན་པ་དེའི་ངང་དུ་མཉམ་པ་ཉིད་དུ་གྱུར་པའི་ཡེ་ཤེས་


MR14_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་རིག་སྟོང་ཟུང་འཇུག་ཡིན་པས། གཉིས་སྣང་གི་བག་ཆགས་ཟད་ཚེ་སོ་སོ་མ་ཡིན་ཐ་མི་དད་པའི་དག་པ་གཉིས་ལྡན་གྱི་འགོག་བདེན་མཐར་ཐུག་ཡིན་པའི་ཕྱིར་རོ། །ཁྱེད་ལྟར་ན་ཟག་མེད་ཀྱི་དབྱིངས་ནི་མེད་དགག་འབའ་ཞིག་ཡིན་ལ། དེའི་དབྱིངས་སུ་མྱ་ངན་ལས་འདས་པ་རྣམས་ནི་མི་དམིགས་པའི་དབྱིངས་སུ་འཕོ་བ་ཐེབས་ཟེར་བ་ལྟར་སོང་བས། རྣམ་རྟོག་གི་གྲུབ་མཐའི་རྒྱུ་སྐར་ལེགས་བཤད་ཉི་འོད་ཀྱིས་འཇིག་པར་དོགས་པ་སྐྱེ་བ་ནི་བདེན་ནོ། །ཁྱེད་ཀྱི་ཚིགས་བཅད་དེར་ཡང་། རྣམ་ཤེས་རང་མདངས་མཚན་དཔེའི་གདོས་བཅས་སྐུ། །ཞེས་བསྒྱུར་ན་ཁྱེད་ཅག་གི་ལུགས་ལ་བདེ་བར་སྣང་ངོ་། །གཟུང་འཛིན་ཀུན་རྟོག་དབྱིངས་སུ་ནུབ་པ་ལས། །གཉིས་མེད་ཡེ་ཤེས་ཆེན་པོའི་རང་མདངས་ནི། །ཡིད་འཕྲོག་གཟུགས་སྐུ་ཉི་མ་བརྒྱ་བའི་དཔལ། །མཐའ་ཡས་སྐྱེ་དགུའི་སྣང་ངོར་འབད་མེད་སྟོན། །དག་པའི་སྲས་རྣམས་ཀྱིས་ཀྱང་གཞལ་དཀའ་བའི། །བསམ་མེད་མཉམ་མེད་ཡོན་ཏན་མཆོག་མངའ་བ། །རྒྱལ་བའི་ཡུལ་ལ་ཡིད་ཆེས་དད་པ་ནི། །ཟབ་མོའི་བློ་ལྡན་རྣམས་ཀྱི་ནོར་མཆོག་ཉིད། །ཐོག་མེད་གོམས་པ་སྲིད་པའི་སྨག་ཆེན་པོ། །ཟབ་དོན་མན་ངག་སྣང་བས་རབ་བསལ་ན། །ཐེག་མཆོག་ཆོས་ཀྱི་ཡ་མཚན་སྣང་བ་བརྒྱ། །འགལ་མེད་མཐོང་བའི་དགའ་སྟོན་ཅིར་ཡང་རྩེན། །བདག་དང་གཞན་གྱི་ལུགས་ཞེས་ཐ་སྙད་ཙམ། །ཆགས་དང་སྡང་བའི་འདུ་ཤེས་དེས་ཅི་བྱ། །ཐེག་མཆོག་དམ་པའི་ཆོས་དང་འཕྲད་དཀའ་བས། །ཚུལ་བཞིན་ནན་ཏན་སྙིང་པོར་བྱས་ན་ལེགས་ཞེས་སྨྲས་སོ། །ཡང་རྩོད་ཡིག་ཏུ། ཡོད་དགོས་པ་བདེན་གཉིས་མེད་ཅིང་། །མེད་དགོས་པ་ཀུན་གཞི་དང་རང་རིག་ཡོད་ཟེར་བ་ལ། འོ་ན་ཉན་ཐོས་སྡེ་པས་ཀྱང་ཀུན་གཞི་འདོད་པར་ཐལ། དེར་གྲགས་པའི་ལུང་དུ། སྐྱེ་དགུ་ཀུན་གཞི་ལ་དགའ་བ་ཞེས་སོགས་བྱུང་བའི་ཕྱིར། རྣམ་ཤེས་གྲངས་མང་ཉུང་འདོད་པའི་བྱེ་བྲག་


MR14_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཐལ། ཐམས་ཅད་ཀྱིས་ཀུན་གཞི་འདོད་པའི་ཕྱིར། དེ་ལྟ་ན་ཤིང་རྟ་ཆེན་པོ་ཐོགས་མེད་ཀྱི་ས་སྡེར། ཀུན་གཞི་འདོད་ན་གཟུགས་མེད་དུ་འགོག་སྙོམས་མངོན་དུ་བྱེད་པ་དང་། མི་འདོད་ན་མི་བྱེད་པར་འདོད་པའི་རྣམ་བཞག་གཉིས་གསུངས་པ་མི་འཐད་པར་ཐལ། མི་འདོད་པ་མེད་པའི་ཕྱིར། དོན་གསལ་དུ་རྟེན་ཉེར་ལྔ་དང་ཉེར་དྲུག་གི་ཞིབ་ཆ་མཛད་པའི་རྒྱུ་མཚན་མེད་པར་ཐལ་ལོ། །འཇུག་འགྲེལ་ལས་ཀྱང་ཐོག་མར་ཀུན་གཞི་ལ་སོགས་པས་མུ་སྟེགས་ཀྱི་ལུགས་བསལ་ནས་དེ་དག་གི་དོན་ཆེན་པོ་འདྲེན་པར་འགྱུར་ཞིང་། ཕྱི་ནས་གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་རིག་པ་རྣམས་རང་ཉིད་ཀྱིས་དེ་དག་སྤོང་བར་འགྱུར་བས་ཡོན་ཏན་ཁོ་ན་འབྱུང་གི་སྐྱོན་ནི་མ་ཡིན་ནོ། །ཞེས་དང་། ཀུན་གཞི་དང་རང་རྐྱ་ཐུབ་པའི་བདག་སྟོན་པ་ཕུང་པོ་ལྔ་ནི་ཁུར་རོ་སོགས་ཀྱི་མདོ་དྲངས་ནས། འདི་དག་ཐམས་ཅད་ནི་དགོངས་པའི་དབང་གིས་གསུངས་པ་སྟེ། དགོངས་པ་བཤད་པ། ཀུན་གཞི་ཡོད་ཅིང་ཞེས་རྩ་བ་དྲངས་པས། ཁྱེད་ཅག་ལྟར་ན་མདོ་ཕྱི་མའི་སྒྲས་ཟིན་སེམས་ཙམ་པས་ཁས་ལེན་པར་འགྱུར་ན་དེ་གཞུག་པ་ལྡེམ་དགོངས་སུ་བཤད་པར་འགལ་ལོ། །རང་རིག་ཀྱང་ཐམས་ཅད་ཀྱིས་འདོད་པ་མ་ཡིན་ཏེ། རྣམ་འགྲེལ་དུ། དེ་ལྟར་བློ་ལ་བློ་འདོད་ན། །ཞེས་གསུངས་ཤིང་། འཇུག་འགྲེལ་དུ། །མྱོང་ཚུལ་ལ་ལུགས་གསུམ་ཡོད་པ་ལྟར་དབུ་མ་རྒྱན་དུའང་གསུངས་ལ། གཞན་མྱོང་འདོད་པ་དང་། རང་མྱོང་འདོད་པའི་ཚུལ་ཡང་གཉིས་རེ་ཡོད་པའི་ཕྱིར། གཞུང་ལུགས་རབ་འབྱམས་སྨྲ་བའི་དཀྱིལ་འཁོར་དུ་གྲགས་པ་ལེགས་པར་བཤད་པའི་རྒྱུད་སྟོང་དབྱངས་ཀྱི་ང་རོ་ཟབ་མོ་སྟེ། དབེན་པའི་རི་སུལ་ཀུན་ཏུ་གྲགས་པའི་གཏམ་ནི་མ་ཡིན་ནོ། །ཞེས་སྨྲས་པ་ལ་ལན་བརྗོད་པ། ཡོད་དགོས་པ་བདེན་གཉིས་མེད་ཅེས་སུས་སྨྲས། མཐར་ཐུག་བདེན་པ་དབྱེར་མེད་མ་གྲུབ་


MR14_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ན་གནས་ལུགས་རྣམ་ཀུན་མཆོག་ལྡན་གྱི་ཆོས་དབྱིངས་ཤེས་མི་ནུས་པས་དེ་ལྟར་རྒྱལ་བ་བརྒྱུད་པར་བཅས་པས་གསུངས། མེད་དགོས་པའི་ཀུན་གཞི་ཟེར་ཀྱང་། མདོ་དང་སྔགས་ཕལ་མོ་ཆེར་སྣང་བ་སེམས་སུ་བསྒྲུབ་ན་ཀུན་གཞི་དགོས་ཤིང་ཁྱོད་ཀྱིས་ཀྱང་རྒྱུན་བརྟན་པ་ཀུན་གཞིའི་རྣམ་ཤེས་མེ་ལོང་ཡེ་ཤེས་སུ་གནས་གྱུར་པ་ལེགས་པའི་ཕྱོགས་སུ་ཁས་མ་བླངས་སམ། དེ་བཞིན་དུ་ཐ་སྙད་དུ་རང་རིག་མེད་མི་རུང་བར་དཔལ་ཆོས་ཀྱི་གྲགས་པས་རྒྱ་ཆེར་བསྒྲུབ་པ་ལྟར་ཡིན་ཞིང་། དེའི་ཕྱིར་གྲུབ་མཐའ་ཐམས་ཅད་ཀྱིས་ཀུན་གཞི་དང་རང་རིག་འདོད་ཅེས་མ་སྨྲས་ཏེ། དེ་གཉིས་འདོད་མི་འདོད་ཀྱི་གྲུབ་མཐའ་ཐ་དད་ཡོད་པ་སྨྲོས་མ་དགོས་སོ། །འོན་ཀྱང་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་འདོད་རུང་མ་འདོད་རུང་། དེ་གཉིས་དོན་དམ་པར་མ་གྲུབ་ཀྱང་ཐ་དད་དུ་མེད་པ་འབའ་ཞིག་སྒྲུབ་མི་ནུས་ཞེས་སྨྲས་པ་ཡིན་ནོ། །དེས་ན་ཉན་ཐོས་སྡེ་པ་ལ་གྲགས་པའི་སྐྱེ་དགུ་ཀུན་གཞི་ལ་དགའ་བ་སོགས་ཀྱི་ལུང་མང་པོས་དེ་དང་དེ་དག་གི་གཞུང་དུ་ཡང་ཀུན་གཞི་མ་བསྟན་པ་མིན་ཞེས་ཤིང་རྟ་ཆེན་པོ་ཐོགས་མེད་ཞབས་ཀྱིས་ཐེག་བསྡུས་སུ་གསུངས་པ་དག་ནི་ཀུན་གཞི་ཁས་མི་ལེན་པ་ལ། སོ་སོའི་ལུང་ལས་ཀྱང་། ཀུན་གཞི་བསྟན་པའི་ལུང་ཁུངས་སུ་དྲངས་པར་མཛད་པ་ཡིན་ཀྱང་། ཉན་ཐོས་པའི་ཀུན་གཞི་ཁས་ལེན་པའི་ལུང་དུ་མི་འགྱུར་ཏེ། ཁས་ལེན་ན་ལུང་གིས་བསྒྲུབས་ཀྱང་མ་དགོས་སོ། །སྲིད་རྩེར་འགོག་སྙོམས་མངོན་དུ་བྱེད་མི་བྱེད་ཀུན་གཞི་འདོད་མི་འདོད་ཀྱི་ལུགས་གཉིས་གསུངས་པའང་དེ་ལྟར་ཏེ་ཀུན་གཞི་འདོད་མི་འདོད་ཀྱི་གྲུབ་མཐའ་སྨྲ་བ་ཡོད་པར་གྱུར་པ་ནི་གྲུབ་ཟིན་བསྒྲུབ་མ་དགོས་སོ། །དོན་གསང་ལས་ཞིབ་ཆ་མཛད་པའང་དེ་དང་འདྲའོ། །དེ་ལྟར་ཀུན་གཞི་དང་རང་རིག་འདོད་མི་འདོད་ཀྱི་གྲུབ་མཐའ་ཐ་དད་ཡོད་པ་རང་གཞན་གཉིས་ཀའི་ངོར་གྲུབ་པས་སྨྲ་བ་དེ་ལ་དོན་མེད་དོ།


MR14_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་འདོད་མི་འདོད་ཡོད་ཀྱང་། རྣམ་འགྲེལ་ནི་རང་རིག་འདོད་པའི་གཞུང་ཁོ་ན་ཡིན་པས་དེར། དེ་ལྟར་བློ་ལ་བློ་འདོད་ན། །བློ་ནི་རང་ཉིད་རིག་པར་གྲུབ། །ཅེས་སོགས་གསུངས་པས་རང་རིག་མི་འདོད་པའི་ལུང་དུ་མི་འགྱུར་རོ། །རང་མྱོང་གཞན་མྱོང་སོགས་དབྱེ་སྒོ་ཙམ་ཡོད་པ་དེར་ཟད་ལ། མཁས་པའི་ཚོགས་སུ་གྲགས་ཀྱི་དབེན་པར་མ་གྲགས་ཞེས་སོགས་དོན་མེད་ཀྱི་སྨྲ་བ་ཙམ་སྟེ། འདི་འདྲ་ཕན་བྱེད་གནོད་བྱེད་ཅིང་ཡང་མི་འགྱུར་བས་མ་སྤྲོས་སོ། །ཀུན་གཞི་མེད་པར་བཀག་པ་ཐམས་ཅད་ཀྱིས་དོན་དམ་པར་བཀག་གི་ཐ་སྙད་དུ་ནི་མ་ཡིན་ནོ། །ཡང་རྩོད་ཡིག་ཏུ། དོན་མེད་པར་གོ་ལོག་གིས་རང་ཕུང་བར་མ་ཟད་གཞན་ཕུང་དུ་འཇུག་སྟེ། གང་ཟག་གི་བདག་འཛིན་ཆོས་ཀྱི་བདག་འཛིན་གྱི་བྱེ་བྲག་ཡིན་པར་གོ་དགོས་ཟེར། ཁྱོད་ཀྱིས་སྔོན་མ་བྱུང་བ་ཅི་ཞིག་གོ་བྱུང་། ཁྱེད་རང་གང་ཟག་གི་བདག་ཡིན་པར་མཁྱེན་ནམ། འོན་ཀྱང་འདི་ལྟར། བུམ་པ་རྟག་གཅིག་རང་དབང་ཅན་དུ་འཛིན་པའི་བློ་ཆོས་ཀྱི་བདག་འཛིན་དང་སྐྱེས་བུ་དེར་འཛིན་པའི་བློ་གང་ཟག་གི་བདག་འཛིན་དུ་ཐལ་ཞིང་། དྲི་རོ་གཉིས་ཀྱང་གཟུགས་ཀྱི་སྐྱེ་མཆེད་དང་། མིག་གི་རྣམ་ཤེས་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་ཤེས་དབང་པོའི་རྣམ་པར་ཤེས་པར་ཐལ་ལོ། །རང་རྒྱུད་པའི་ལུགས་ལ་ཉན་ཐོས་ཀྱི་སྤང་བྱའི་གཙོ་བོར་ཆོས་ཀྱི་བདག་འཛིན་དང་། བྱང་སེམས་ཀྱི་སྤང་བྱའི་གཙོ་བོ་གང་ཟག་གི་བདག་འཛིན་དུ་ཁས་ལོངས་ལ། སྒྲིབ་གཉིས་ཀྱི་རྣམ་དབྱེ་མ་འདྲེས་པའི་རི་མོ་བསུབ་སྟེ། རྣམ་དག་གྲུབ་མཐའ་འོ་མའི་རྒྱ་མཚོ་ལ་ལོག་རྟོག་གི་རཀྟའི་ཟེགས་མ་འཐོར་བའི་སྙིང་ཁམས་དེ་འདྲ་ཧ་ཅང་ཐལ་ལོ་ཞེས་ཟེར། དེ་ལ་ལན་བསྟན་པ། སྐབས་འདི་ནི། ཐམས་ཅད་ཀྱང་རྫས་སུ་ཡོད་པའོ། །ཐམས་ཅད་ཀྱང་བཏགས་པས་ཡོད་པའོ། །ཞེས་གསུངས་པ་དང་ཚུལ་འདྲ་བར་བརྗོད་འདོད་ཀྱི་བསམ་པའི་དབང་


MR14_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འཛིན་མཚམས་ཀྱི་གོ་ཚུལ་ཡིན་པས་འགལ་བ་མེད་དེ། གང་ཟག་རང་བཞིན་གྱིས་གྲུབ་པར་འཛིན་པ་དེའི་བདག་འཛིན་དུ་བྱས་ནས་འཛིན་པ་ཡིན་པའི་ཆོས་གཞན་རང་བཞིན་གྱིས་གྲུབ་པར་འཛིན་པ་ཆོས་ཀྱི་བདག་འཛིན་དུ་བརྗོད་པ་སྐབས་འདིའི་དོན་ཡིན་ལ། དེའི་དབང་དུ་བྱས་ན། བདག་འཛིན་དང་པོ་དེ་ཕྱི་མའི་བྱེ་བྲག་ཡིན་པར་འདོད་མི་རིགས་པ་ནི་བདེན་ཀྱང་། སྤྱིར་གང་ཟག་ཀྱང་ཆོས་ཀྱི་བྱེ་བྲག་མ་ཡིན་པ་མི་རུང་བས་ན། དེའི་ཡུལ་ཅན་གྱི་འཛིན་པ་གང་གིས་ཁྱད་པར་དུ་བྱས་ཀྱང་། ཕྱི་མའི་བྱེ་བྲག་ཡིན་པ་ལས་ཀྱང་འདའ་མི་དགོས་ཏེ། ཤིང་གི་བྱེ་བྲག་ཤུག་པ་དམིགས་ཀྱིས་བསལ་ནས་དེ་དང་། དེ་མ་ཡིན་པའི་ཤིང་འཛིན་ཞེས་བརྗོད་འདོད་ཀྱིས་གཉིས་སུ་ཕྱེས་པའི་འཛིན་པ་སྔ་མ་ཕྱི་མའི་བྱེ་བྲག་མིན་ཀྱང་། སྤྱིར་ཤུག་འཛིན་ཤིང་འཛིན་གྱི་བྱེ་བྲག་ཡིན་པ་མི་འགལ་བ་བཞིན་ནོ། །དེས་ན་གང་ཟག་ཅེས་པའི་སྒྲ་དེ་ཡང་གང་ཟག་ཙམ་དང་། གང་ཟག་གཞན་དང་། ང་ཞེས་དམིགས་ནས་དེ་དག་བདེན་ཡོད་དུ་འཛིན་པ་གསུམ་ཀར་གོ་རུང་བས། འཇིག་ལྟས་ཞེན་ཡུལ་དེ་རང་བཞིན་གྱི་ཡོད་པར་འཛིན་པ་ཁོ་ན་བདག་འཛིན་སྔ་མ་ཡིན་ན། གཞན་གཉིས་ཕྱི་མའི་བྱེ་བྲག་ཏུ་ཡང་འགྲོ་ལ། འཇིག་ལྟས་ཞེན་ཡུལ་བདེན་འཛིན་ཀྱང་སྤྱིར་ཕྱི་མའི་བྱེ་བྲག་ཏུ་རུང་བ་སྔར་བཞིན་ཏེ། གང་ཟག་གི་བདག་ཅེས་འཁྲུལ་འཛིན་གྱི་ཞེན་ཡུལ་དེ་ཤེས་བྱ་དང་གཞལ་བྱ་མིན་པར་མ་སོང་བ་དེ་སྲིད་དུ་བུམ་སྐྲ་འགྲེང་གི་མདུང་ཐུང་གི་དཔེ་ལྟར་སོང་བས་རིགས་པ་གང་བསྟན་ཀྱང་དེ་ལྟར་ལན་སྟོན་ནུས་སོ། །དེས་ན་ས་བོན་དེ་མྱུ་གུ་ལ་ལྟོས་ནས་འབྲས་བུ་མ་ཡིན་ཡང་། སྤྱིར་འབྲས་བུ་ཡིན་པ་དང་ཚུལ་མཚུངས་པས། དེ་ལྟར་བདག་འཛིན་གཉིས་པོ་དམིགས་ཡུལ་ཐ་དད་པ་ཙམ་ལས་ཆོས་སུ་མཚུངས་ཤིང་། དེ་དག་རང་གི་ངོ་བོ་དཔྱད་བཟོད་དུ་མེད་པ་གོ་ན་དེར་འཛིན་ལྡོག་ཚུལ་བསྟན་པས། བདག་འཛིན་ཕྱི་མ་སྔ་མའི་གཞི་དང་རྒྱུར་མི་དགོས་ལ། །


MR14_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གཉིས་ལ་དགག་བྱ་ཕྲ་རགས་ཀྱང་མེད་པས། ཕྱོགས་འདིར་ཤ་བ་མེད་པར་ཁེགས་ཀྱང་ཤིང་མེད་པར་ཁེགས་མི་དགོས་པ་ལྟར་གོ་བས་དོན་མེད་པ་མ་ཡིན་ནོ། །དེའི་ཕྱིར་ཁྱོད་རང་གང་ཟག་གི་བདག་ཡིན་པར་གོའམ་ཞེས་པ་གོ་དགོས་རྒྱུའི་ཁས་ལེན་ཅི་ཡང་མི་འདུག་ཀྱང་། བདག་འཛིན་གཉིས་པོ་ཕན་ཚུན་མ་འདྲེས་པ་སོ་སོར་འདོད་དགོས་ན། ཁྱོད་ཀྱིས་གང་ཟག་གི་བདག་འཛིན་དེ་འཛིན་པ་གཉིས་ཀའི་གཞི་མཐུན་དུ་ཁས་བླངས་པས་ཕན་ཚུན་འཆོལ་བར་གྱུར་པ་དེ་ཙམ་ལ་བསམ་ནས་ཐལ་བ་ཐམས་ཅད་བརྗོད་པ་ནི་གནོད་པ་འབབ་པའི་རྒྱུ་མཚན་གང་ཡང་གོ་རྒྱུ་མེད་པའི་ཐལ་བ་འབྲེལ་མེད་བརྩེགས་པ་ཙམ་ཞིག་སྟེ། བདག་འཛིན་གཉིས་པོའི་གཞི་མཐུན་ཡོད་མེད་སྤྱིར་བཏང་དང་དམིགས་བསལ་གྱི་ཁྱད་ཕྱེས་ནས་བསམ་ཚུལ་ཐ་དད་པས་སྐྱོན་དེ་དག་མི་འཇུག་པར་མཐོང་ངོ་། །བདག་ཅག་གིས་གང་ཟག་གི་བདག་གི་མཚན་གཞིར་ཀུན་གཞི་དང་ཡིད་ཀྱི་རྣམ་ཤེས་ཁས་ལེན་པ་ཞིག་ན་དེ་ལྟར་སྨྲ་རིགས་སོ། །རྟག་གཅིག་རང་དབང་ཅན་ཞེས་པ་ཁྱད་གཞི་བུམ་པ་ལ་སྦྱར་ན་དེར་འཛིན་ཆོས་ཀྱི་བདག་འཛིན་ཀུན་བརྟགས་དང་། གང་ཟག་གམ་སྐྱེས་བུ་ལ་སྦྱར་ན་དེ་ལྟར་འཛིན་པ་གང་ཟག་གི་བདག་འཛིན་ཀུན་བརྟགས་སུ་ཐལ་ཀྱང་ཉེས་པ་མེད་པ་དང་། དྲི་རོ་གཉིས་གཟུགས་ཀྱི་སྐྱེ་མཆེད་དང་། མིག་ཤེས་ཡིད་ཤེས་སུ་གྱུར་པ་དང་། ཡིད་ཤེས་དབང་ཤེས་སུ་ཐལ་ཞེས་པ། བདག་འཛིན་གྱི་བྱེ་བྲག་ཆོས་དང་གང་ཟག་གི་བདག་འཛིན་གཉིས་ཀ་ཕན་ཚུན་འཆོལ་ན། བྱེ་བྲག་གི་རིགས་ཐམས་ཅད་ནང་ཕན་ཚུན་འཆོལ་བར་ཐལ་ཞེས་འཕེན་པ་ཙམ་ལས་ཅི་ཡང་གོ་རྒྱུ་མི་སྣང་ལ། བདག་འཛིན་གཉིས་ཀ་ཕན་ཚུན་འཆོལ་བར་ཁས་བླང་བའང་མ་ཡིན་ཏེ། ཤ་པ་ཤིང་དུ་ཁས་བླངས་ཀྱང་ཤིང་ཐམས་ཅད་ཤ་པར་ཁས་མ་བླངས་པ་བཞིན་ནོ། །དེར་མ་ཟད་ཡིན་ཁྱབ་མཉམ་གྱི་ཆོས་དུ་མ་ཁས་བླངས་ཀྱང་། ཆོས་ཐམས་ཅད་


MR14_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཚུན་ཡིན་ཁྱབ་མཉམ་དུ་མི་འགྱུར་བ་ཡིན་ན། འདི་འདྲའི་ཐལ་བ་འདི་ལ་ཐལ་བ་འཇུག་པའི་རྒྱུ་མཚན་ཅི་ཡང་མེད་པ་འདི་ཙམ་ཡིན་ན་ནི་བློ་ཤིན་ཏུ་རྩིང་བའི་ཁ་ཕྲལ་ཙམ་ལས་སུས་བལྟས་ཀྱང་གོ་རྒྱུ་གཞན་མི་འདུག་ལ། རྒྱུ་མཚན་གཞན་ཡོད་ན། དེ་ཉིད་ཁྱད་པར་བརྗོད་པར་གྱིས་ཞེས་པ་ལྟར་བརྗོད་དགོས་ནའང་དེ་ལྟར་བརྗོད་པ་མེད་པའི་ཕྱིར་རོ། །རང་རྒྱུད་པའི་ལུགས་ལ། ཉན་ཐོས་བྱང་སེམས་གཉིས་ཀའི་སྤང་བྱའི་གཙོ་བོ་གོ་ལྡོག་ཏུ་ཁས་ལོངས་ལ་ཞེས་པའང་། གོང་གི་རྒྱུ་མཚན་མ་ངེས་པ་དེ་ལ་བརྟེན་པ་ལས་ཅི་ཡང་མ་སྣང་ངོ་། །སྒྲིབ་གཉིས་ཀྱི་རྣམ་དབྱེ་མ་འདྲེས་པའི་རི་མོ་བསུབ་ནས་རྣམ་དག་གྲུབ་མཐའི་འོ་མཚོར་ལོག་རྟོག་ཁྲག་ཟེགས་འཐོར་བའི་སྙིང་ཁམ་དེ་འདྲ་ཧ་ཅང་ཐལ་ཆེས་སོ་ཞེས་པ་དོན་མེད་དེ། བདག་འཛིན་གཉིས་པོ་དམིགས་ཡུལ་དང་འཛིན་སྟངས་ཀྱི་སྒོ་ནས་ཇི་ལྟར་བྱས་ཀྱང་མ་འདྲེས་པར་ངོས་ཟིན་གྱི་འདྲེས་པར་མི་འགྱུར་རོ། །གལ་ཏེ་བདག་འཛིན་སྔ་མ་སྤྱིར་བཏང་གི་དབང་དུ་ཕྱི་མའི་བྱེ་བྲག་ཏུ་གཏོགས་རུང་བར་བཤད་པས་ཐེག་པ་ཆེ་ཆུང་གི་སྒྲིབ་གཉིས་སྤོང་ཚུལ་གོ་ཟློག་པར་ཁས་ལེན་དགོས་ན། བདེན་འཛིན་ཉོན་སྒྲིབ་ཏུ་འདོད་པ་ལྟར་ན། གང་ཟག་གི་བདག་འཛིན་ཆོས་ཀྱི་བདག་འཛིན་གྱི་བྱེ་བྲག་ཏུ་མ་སོང་བར་གང་ཟག་བདེན་འཛིན་ཉོན་སྒྲིབ་ཀྱི་རྩ་བར་ཇི་ལྟར་ཁས་ལེན། དེས་ན་སྔར་ནས་བསུབ་ཟིན་པས་སྐྱོན་བརྗོད་ཇི་སྐད་བཤད་པ་འདི་ལུགས་དེ་དག་ལ་བརྗོད་ཅིག །འདི་འདྲ་བསམ་པའི་དབང་གིས་དོན་ལ་མི་འགལ་བའི་ཁས་ལེན་ཙམ་ཡིན་ཏེ། དུས་གསུམ་རྫས་གྲུབ་ཏུ་འདོད་པ་སོགས་དང་མཚུངས་པ་ཡིན་ན། །དེས་རང་གཞན་ཕུང་བའི་སྐྱོན་ཅི་ཡང་མི་བསྐྱེད་ཀྱི། རྒྱུ་འབྲས་ཀྱི་གནད་ལས་ཉམས་པ་དང་། ལྟ་བའི་དོན་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། ཐེག་པ་ཆེན་པོའི་ཆོས་ལ་སྐུར་བ་བཏབ་པ་དང་། གྲུབ་མཐའ་དང་ཐེག་པ་གཞན་གྱི་རང་ལམ་གྱི་


MR14_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་ལ་ཐར་པ་མི་ཐོབ་པར་སྐུར་འདེབས་ལྟ་བུའི་ཕུང་བྱེད་ཀྱི་ཉེས་པ་ཚབ་ཆེ་བའི་སྨྲ་བ་ཅི་ཡང་མེད་ཅིང་ཐེག་ཆེན་གྱི་གཞུང་བསླད་པའི་སྙིང་ཁམ་ཆེས་པ་ཡང་མེད་དོ། །དེ་ལྟར་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའོ་ཞེས་གསུངས་པ་བཞིན་གང་ཟག་ཀྱང་ཆོས་ཐམས་ཅད་པའི་ཁོངས་སུ་གཏོགས་པར་བཤད་པ་ལ་སྙིང་ཁམ་ཆེ་མ་དགོས་ཀྱང་། དེ་བས་སྙིང་ཁམ་ཤིན་ཏུ་ཆེ་བ་དག་མཐོང་བ་གསོན་ཅིག །གངས་ཅན་འདི་ན་རྙིང་མ་པའི་རྫོགས་ཆེན། བཀའ་རྒྱུད་ཀྱི་ཕྱག་ཆེན། ས་སྐྱ་པའི་ལམ་འབྲས། ཇོ་ནང་པའི་རྡོ་རྗེའི་རྣལ་འབྱོར་སོགས་སྒྲུབ་བརྒྱུད་ཀྱི་ཉམས་ལེན་ཟབ་མོ་དུ་མ་ཡོད་པ་དེ་དག་རྡོ་རྗེ་འཆང་ནས་འཕགས་ཡུལ་གྱི་པཎ་གྲུབ་ཚད་ལྡན་རྣམས་དང་བོད་ཀྱི་དམ་པ་དག་ལས་རིམ་པར་བརྒྱུད་དེ་དེང་སང་གི་བར་དུ་ཉམས་ལེན་གྱི་གནད་དང་མན་ངག་མ་འཆུགས་པས་ལམ་གྱི་དྲོད་རྟགས་དང་ཉམས་མྱོང་སྐྱེས་པ་ཡོད་ལ། དེ་ཐམས་ཅད་ཞལ་འཆམས་པར་སྤྲོས་པ་དང་བྲལ་བའི་དེ་ཁོ་ན་ཉིད་སྒོམ་པའི་ཕུགས་སུ་བྱེད་ཅིང་མི་རྟོག་ཡེ་ཤེས་བསྒོམ་པ་ཤ་སྟག་ཡིན་པ་ལ་བསྙོན་འདིང་དུ་མེད་བཞིན། དེ་ཐམས་ཅད་ཧ་ཤང་གི་ལྟ་བ་དང་། ཆད་ལྟ་དང་། སངས་རྒྱས་ཀྱི་བསྟན་པ་མིན་པ་དང་། བདུད་ཀྱིས་བསྟན་པའོ་ཞེས་སྨྲ་བར་སྤོབས་པའི་སྙིང་ཁམ་ཅན་དུ་མ་ཞིག་མཐོང་ངོ་། །རྒྱ་བོད་ཀྱི་མཁས་གྲུབ་དེ་ཐམས་ཅད་ཀྱིས་གཅིག་དུ་བྲལ་སོགས་ཀྱི་རྟགས་ལ་བརྟེན་ནས་དགག་བྱ་བདེན་གྲུབ་ཁེགས་པའི་དགག་རྟོག་ཙམ་མི་མཁྱེན་པ་ཅང་ཨེ་སྲིད་ན་སྟེ། འོན་ཀྱང་སྙིང་ཁམ་ཅན་དག་གིས་གོང་ལྟར་སྨྲས་པ་ན། སྐྱེ་བོ་ཕལ་མོ་ཆེ་དག་འདི་སྙམ་དུ། རྩོད་མེད་ཀྱི་མཁས་གྲུབ་ཆེན་པོ་དེ་ཐམས་ཅད་ཀྱིས་མཐར་ཐུག་གི་བསྒོམ་བྱར་མ་དགོངས་པའི་ལྟ་སྒོམ་གསར་པ་རྣམ་རྟོག་ལས་མ་འདས་པ་འདི་ཡང་ཅི་འདྲ་ཞིག་ཡིན་ན་ཞེས་ཐེ་ཚོམ་


MR14_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ལས། དེ་ལྟར་ཡིན་ནོ་སྙམ་པའི་དད་པ་བླ་ལྷག་ཏུ་འཕེལ་བར་མི་བྱེད་པ་དག་ཀྱང་མཐོང་བ་རང་བཞིན་འཕྲོས་གཏམ་དུ་བགྱིས་པའོ། །ཡང་རྩོད་ཡིག་ཏུ། ཀུན་རྟོག་རྩུབ་ཅིང་སྨྲ་ཁམ་ཆེ་བས། རིམ་ལྔ་ལས། སྣང་བ་དང་ནི་སྟོང་པ་དག །ཅེས་སོགས་ཀྱིས་ཟུང་འཇུག་དང་། མདོའི་བདེན་གཉིས་འདྲ་ཟེར། འོ་ན་ཁྱེད་རང་གིས་ཐབས་ཀྱིས་བཙན་ཐབས་སུ་ཤར་བའི་ཁྱད་པར་སྨྲས་པ་འགལ་ལོ། །ཁོ་བོ་ཅག་མདོ་སྔགས་ཀྱི་སྟོང་ཉིད་ལ་ཁྱད་པར་མེད་ཀྱང་སྟོང་ཚུལ་ལ་ཁྱད་པར་ཡོད་ཅེས་འདོད་ལ། འདིར་ཟུང་འཇུག་ཉེར་གསུམ་གསུངས་པ་ལས་གཙོ་ཕལ་དང་། སྦས་དོན་དང་། མཐར་ཐུག་གི་ཁྱད་པར་རྣམས་རྩ་བཤད་ཀྱི་རྒྱུད་དང་དེའི་དགོངས་འགྲེལ་ཁུངས་ཐུབ་དག་གི་དགོངས་པ་མཁས་གྲུབ་ཚད་ལྡན་གྱིས་ཕྱེ་བ་ལྟར་ཏེ། འདིར་ཉོག་བཤད་ཀྱི་ཉེས་པར་དོགས་པས་མ་བྲིས་ལ། ཁྱོད་ལྟར་ན་གྲུབ་མཐའ་གོང་འོག་དང་མདོ་སྔགས་ཀྱི་བདེན་གཉིས་ཟེར་ཚད་འདྲ་ན། དེ་དག་གི་གཞི་ལམ་འབྲས་གསུམ་ཀུན་འདྲ་བར་འགྱུར་ལ། གཞན་གྱི་དོན་དམ་བྱས་གང་ཡིན། །དེ་ནི་གཞན་གྱིས་ཀུན་རྫོབ་འདོད། །ཅེས་གསུངས་ཤིང་། ཟླ་བས་དེ་ལྟར་མི་བཞེད་པ་སོགས་ཀྱི་སྤྲོས་པ་མང་ལ། ཐེག་པ་ཆེ་ཆུང་ཐབས་ཀྱིས་མི་འབྱེད་ཟེར་བའང་། བརྒྱད་སྟོང་པར། དེ་དག་གི་ལམ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡིན་མོད་ཀྱི། ཡང་དེ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་ལ་མཁས་པ་མ་བསྟན་ཏོ། །ཞེས་སོགས་དང་། རིན་ཕྲེང་ཡང་དེ་འདྲ་བས་སྨྱོན་པ་དང་ཤག་འགྱེད་པར་མི་སྤྲོའོ། །ཁྱེད་རང་སུ་དང་མི་བསྟུན་པར་བོད་ཀྱི་གྲུབ་མཐའ་གསར་པ་ཞིག་འཆའ་ཁུལ་བྱེད་ཀྱང་། རང་ཚུགས་ཟིན་པའི་སྐབས་རྡུལ་ཙམ་ཡང་མེད་པར་ཤེས་པར་བྱོས་ལ། འཇིག་རྟེན་དབང་ཕྱུག་འཁོར་བ་དབྱིངས་སྒྲོལ་གྱི་སྙིང་པོར་བཟླས་ན་ལེགས་ཀྱི་སྒྱུ་མའི་ལུས་ཀྱི་མགྲོན་ཁང་


MR14_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆགས་སྡང་གི་མྱོས་འགྱུར་འཐུང་སྟེ་ལུས་ངག་གིས་འཆལ་བར་སྤྱོད་པ་ནི་མཁས་པ་རྣམ་དཔྱོད་དང་ལྡན་པ་དག་རེས་འགར་སྐྱོ་ཞིང་གཞན་དུ་རྒོད་བྲོ་བས་རྩེད་འཇོའི་ཡུལ་དུ་བྱེད་པ་ལས་མེད་དོ། །ཞེས་ཟེར། དེ་ལ་ལན་བརྗོད་པ། མང་ཐོས་རིགས་པ་སྨྲ་བ་ཁྱོད་གནད་དུ་འགྲོ་བའི་ལུང་རིགས་གཙོ་བོར་བྱས་ནས་སྐྱོན་བརྗོད་ཀྱི་ཉོག་བཤད་ཉུང་བཅུག་ན་བློ་ལྡན་གཞན་གྱིས་མཐོང་ཚེ་ལེགས་ཀྱི་དེ་ལས་བཟློག་ན་ཅུང་མི་མཛེས་སོ། །མདོ་སྔགས་གཉིས་ཀའི་ལྟ་བ་ཡང་མཐར་ཐུག་བདེན་གཉིས་ཡ་མ་བྲལ་བའི་ཟུང་འཇུག་ཡིན་གྱི་ཡ་བྲལ་མི་རུང་བའི་ཚུལ་བརྗོད་པ་ནི། རྣམ་གྲོལ་དོན་གཉེར་གྱིས་མི་ཤེས་སུ་མི་རུང་བ་ཡིན་པས་འདིར་དེ་བརྗོད་པ་ནི། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །ཞེས་གསུངས་པ་དང་ཚུལ་མཚུངས་པར་དམ་པ་གོང་མ་དག་གི་ལམ་སྲོལ་ལས་མ་འདས་པར་སྨྲས་པ་ལ་ཀུན་རྟོག་རྩུབ་དོན་མེད་དོ། །སྔགས་ཀྱི་ཐབས་ལ་མཁས་པའི་སྒོ་ནས་བཙན་ཐབས་སུ་ལྷན་སྐྱེས་ཀྱི་ཡེ་ཤེས་དྲངས་ཀྱང་ཡེ་ཤེས་ཀྱི་ངོ་བོ་ཟུང་འཇུག་ཡིན་པར་སྨྲས་པ་ཅི་ལ་འགལ། འགལ་ན་ཁྱེད་ཅག་སྟོང་ཉིད་ལ་ཁྱད་མེད་ཀྱང་སྟོང་ཚུལ་ལ་ཁྱད་ཡོད་པའང་དེ་བཞིན་དུ་འགྱུར་རོ། །ཟུང་འཇུག་ཉེར་གསུམ་ལ་གཙོ་ཕལ་དང་ཚུལ་བཞི་སོགས་ཀྱིས་སྔགས་རྒྱུད་འཆད་ཚུལ་ཡོད་པ་སྨོས་མ་དགོས་ལ། གྲུབ་མཐའ་གོང་འོག་དང་མདོ་སྔགས་ཀྱི་གཞི་ལམ་འབྲས་བུ་སོ་སོའི་འདོད་ཚུལ་གྱི་ཁས་ལེན་འདྲ་བར་བདག་ཅག་གིས་ནམ་ཡང་མི་འདོད་དེ། དེའི་ཕྱིར་བདེན་གཉིས་ཀྱི་འཇོག་ཚུལ་ཀྱང་མི་འདྲ་བ་ཤིན་ཏུ་བདེན་ཏེ་བདག་ཅག་ཀྱང་དེ་ལྟར་འདོད་དོ། །དེས་ན་ཐེག་པ་ཆེ་ཆུང་ཐབས་ཀྱིས་མི་འབྱེད་པར་གོ་བ་ནི་ཁྱེད་རང་གིས་འཁྱོགས་བཤད་ལས་ངེད་ཅག་གི་ལུགས་ལ་ནི་དེ་འདྲ་གཏན་ནས་མེད་དོ། །ཐབས་ཀྱིས་འཕགས་པའི་ཕྱིར་ཐབས་ལས་བྱུང་བའི་ཡེ་ཤེས་ཀྱང་


MR14_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཡིན་པས་ཐབས་ཤེས་གཉིས་ཀས་འཕགས་པར་འདོད་ཀྱི། ཐབས་ཀྱིས་འཕགས་ལ་ཐབས་བྱུང་རྟོགས་པ་ནི་ཁྱད་མེད་ཅེས་མ་སྨྲས་སོ། །འོ་ན་ཅི་ཞིག་འདྲ་བར་སྨྲས་ཞེ་ན། མདོ་སྔགས་གཉིས་ཀས་གནས་ལུགས་སྟོང་ཉིད་སྤྲོས་བྲལ་རྟོགས་པ་རྟོགས་དོན་གྱི་ཡེ་ཤེས་སུ་དོན་གཅིག་སྟེ། ཟུང་འཇུག་མིན་ན་སྤྲོས་བྲལ་མཚན་ཉིད་པ་མི་སྲིད། ཅེས་སྨྲས་པས། ཟུང་འཇུག་ཡིན་པར་མདོ་སྔགས་གཉིས་ཀ་འདྲ་བར་སྒྲུབ་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་དོན་དམ་བདེན་གཉིས་ཟུང་འཇུག་སྤྲོས་བྲལ་དེ་སྔགས་ལམ་གྱིས་རྟོགས་ལ་མདོ་ལམ་ནས་མི་རྟོགས་པར་འདོད་ན། མདོ་སྔགས་ཀྱི་ཆོས་དབྱིངས་ལ་ཁྱད་ཡོད་པར་ཐལ་ཞིང་དེ་ལྟ་ན་མདོ་ལམ་གྱི་གནས་ལུགས་ཇི་བཞིན་མ་རྟོགས་པར་ཁས་ལེན་དགོས་ཤིང་། མདོ་ལམ་གྱིས་ཆོས་ཉིད་བདེན་པ་མངོན་སུམ་གཟིགས་པ་དེ་དང་སྔགས་ལམ་གྱིས་དོན་གྱི་འོད་གསལ་མངོན་དུ་བྱས་པ་གཉིས་ལ་ཆོས་ཉིད་ཇི་ལྟ་བ་བཞིན་དུ་རྟོགས་མ་རྟོགས་ཀྱི་ཁྱད་པར་ཡོད་དམ་མེད། ཡོད་ན་མདོའི་མཐོང་ལམ་གྱིས་ཆོས་ཉིད་བདེན་པ་གཟིགས་པའི་གོ་མ་ཆོད་པར་ཐལ་ཞིང་། མེད་ན་བདེན་གཉིས་ཟུང་འཇུག་རྟོགས་པ་ལ་ཁྱད་མེད་པར་འདོད་དགོས་སོ། །རྩ་བ་འདི་གཅིག་པུ་ལ་ཐུག་པས་ན་སྟོང་ཚུལ་སོགས་བཤད་ཡམ་གྱིས་ཅི་ཡང་མི་ཕན་ནོ། །དེས་ན་རིམ་ལྔ་ལས་ཟུང་འཇུག་ཉེར་གསུམ་གསུངས་པ་མཐར་ཐུག་གི་ཟུང་འཇུག་བཤད་པའི་སྐབས་ཡིན་ཀྱང་སློབ་པའི་སྐབས་སུ་ཡང་བདེན་གཉིས་ཟུང་འཇུག་གི་དོན་སྒོམ་ཞིང་ཉམས་སུ་ལེན་དུ་མེད་པ་མ་ཡིན་ནོ། །འོན་ཀྱང་འདིར་སྔགས་ཀྱི་དོན་ཟབ་མོ་སྤྲོ་བའི་སྐབས་མིན་པས་མང་དུ་མི་སྨྲ་སྟེ། མདོ་ཙམ་བརྗོད་པའོ། །མདོ་སྔགས་གཉིས་ཀས་ཆོས་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་འདྲ་བར་བསྒྲུབ་པ་ལ་སྨྲ་ཁམ་ཆེས་པ་སོགས་གཞན་གྱི་སྙིང་ལ་གཟན་པའི་ཆགས་སྡང་གི་མྱོས་འགྱུར་འཐུང་


MR14_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལུས་ངག་གི་འཆལ་སྤྱོད་སྐྱོ་དགོད་བྲོ་བ་ནི་ཐིག་དྲང་པོར་བཏབ་པས་ཡ་ཡོ་གཅོད་པ་མ་བཟོད་པར་ཟད་དོ། །ཡང་རྩོད་ཡིག་ཏུ། ད་ནི་དོན་དམ་སྒྲ་དང་བློའི་ཡུལ་མིན་ཟེར་བ་ལ། རང་ཚིག་དང་ལུང་ཚིག་དང་འགལ་བའི་ཚུལ་ལོ། །དང་པོ་ལ། དོན་དམ་བདེན་པ་རྟོགས་པའི་བློ་ཡོད་པར་ཐལ། དེ་རྟོགས་པའི་ཤེས་རབ་ཡོད་པའི་ཕྱིར། ཁྱོད་ཀྱི་ཊཱི་ཀར། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་དེ་འབད་པས་བསྐྱེད་པར་བྱའོ་ཞེས་བཤད་པའི་ཕྱིར། དེ་ཆོས་ཅན། འདས་མ་འདས་ཀྱི་རྣལ་འབྱོར་པ་དེ་དག་གི་ཡུལ་མ་ཡིན་པར་ཐལ། རྣལ་འབྱོར་པ་དེ་དག་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། ཁྱབ་སྟེ་ཊཱི་ཀར། བློ་དང་སྒྲ་ནི་ཀུན་རྫོབ་ཡིན་གྱི་དོན་དམ་པ་མ་ཡིན་པའི་ཕྱིར་ཞེས་རྒྱུ་མཚན་དུ་བཀོད་པའི་ཕྱིར། འདོད་ན་ཊཱི་ཀར། རྟོགས་བྱ་བདེན་གཉིས་རྟོགས་པ་པོ་གང་ཟག་གི་རིམ་པ་ཞེས་ཟེར་བ་འགལ་ལོ། །ཞེས་སྨྲས་པ་ལ་ལན་བསྟན་པ། དེ་ཡང་ཁྱོད་ནི་དོན་དམ་པ་ནི་དམིགས་པའི་སྤྱོད་ཡུལ་ཅན་དུ་རྟོགས་བྱ་མིན་པ་དང་ཀུན་རྫོབ་ཐ་སྙད་ཀྱི་དབང་དུ་བྱས་ཏེ་རྟོགས་པ་ཡོད་པའི་དོན་གཉིས་ཀྱི་དབང་དུ་བྱས་པའི་ཁས་ལེན་ཚུལ་ཤན་མ་ཕྱེད་པར་བབ་ཅོལ་དུ་རྒོལ་བའི་ཚིག་གིས་རང་མཚང་སྟོན་པ་ལ་མཁས་པ་ཞིག་སྟེ། ཐལ་བ་འཕེན་པ་ལ་བྲེལ་བ་མི་འདུག་གི་ད་དུང་དཔྱད་པ་རྫོགས་དགོས་པར་མངོན་ནོ། །དོན་དམ་བདེན་པ་རྟོགས་པའི་བློ་ཡོད་པར་ཐལ་ཞེས་པ་ལ་འདོད་ལན་དོན་མཐུན་ཐེབས་པའི་ཕྱིར། ཁས་བླང་རྟགས་སུ་འགོད་མི་དགོས་སོ། །འོ་ན་སྒྲ་བློའི་ཡུལ་མིན་པར་བསྒྲུབ་པ་འགལ་ཞེ་ན། སྒྲ་བློའི་ཡུལ་མིན་པར་བསྒྲུབ་པའི་བློ་དེ་དམིགས་པ་ཅན་ཡིན་ལ།དོན་དམ་བདེན་པ་རྟོགས་པའི་བློ་དེ་དམིགས་པ་མེད་པ་ཅན་ཡིན་པས་བློའི་མིང་ཙམ་ལ་བརྟེན་ནས་དོན་གྱི་གནད་མ་གོ་བ་ཚིག་གི་རྩོད་པ་ཙམ་དུ་ཟད་དོ། །གཟུང་འཛིན་མེད་པའི་བློ་དང་། གཟུང་འཛིན་ཅན་གྱི་བློའི་སྤྱོད་ཡུལ་ཡིན་མིན་ཕྱེ་


MR14_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བའང་འདི་དང་དོན་ལ་ཁྱད་མེད་དེ་ཚིག་གི་བརྗོད་ཚུལ་གྱི་ཁྱད་པར་ཙམ་མོ། །དེའི་ཕྱིར། དོན་དམ་བདེན་པ་ཆོས་ཅན། འདས་མ་འདས་ཀྱི་རྣལ་འབྱོར་པ་དེ་དག་གི་ཡུལ་མ་ཡིན་པར་ཐལ། དེ་དག་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། །ཁྱབ་པ་ཁས་བླངས་ཏེ། བློ་དང་སྒྲ་ནི་ཀུན་རྫོབ་ཡིན་གྱི་དོན་དམ་པ་མིན་པའི་ཕྱིར་ཞེས་རྒྱུ་མཚན་དུ་བཀོད་པའི་ཕྱིར་རོ་ཞེ་ན། འདི་སྐབས་བློ་དང་སྒྲ་ནི་ཀུན་རྫོབ་ཡིན་གྱི་ཞེས་པའི་ཀུན་རྫོབ་དེ་དམིགས་པ་ཅན་གྱི་བློ་ལ་ཀུན་རྫོབ་ཅེས་བཤད་པ་དེ་ལ་དགོངས་པ་ཡིན་ཏེ། དེ་རྒྱུ་མཚན་གང་གིས་ཤེས་ཞེ་ན། བློས་དམིགས་པ་དང་སྒྲས་བརྗོད་དུ་ཡོད་པའི་དོན་ལ་ཇི་སྲིད་གནས་ཀྱི་བར་དུ་ཀུན་རྫོབ་ཀྱི་ཡུལ་ཅན་དུ་འགྱུར་གྱི་དོན་དམ་པའི་ཡུལ་ཅན་མ་ཡིན་ལ། ནམ་ཞིག་བརྗོད་དུ་མེད་ཅིང་དམིགས་པ་མེད་པའི་ཆོས་ཉིད་རྟོགས་པ་དོན་དམ་པའི་ཡུལ་ཅན་གྱི་བློར་འགྱུར་རོ་ཞེས་ཡུལ་ཅན་གྱི་ངོས་ནས་བཤད་ཀྱི་ཡུལ་གྱི་ངོས་ནས་བཤད་པ་མ་ཡིན་ནོ། །དེ་ལྟར་ན་དམིགས་པ་མེད་པའི་བློ་ནི་གནས་སྣང་མཐུན་པར་གྱུར་པའི་ཕྱིར་དོན་དམ་གྱི་ཡུལ་ཅན་ཡིན་ལ། དམིགས་པ་ཅན་གྱི་བློ་ནི་གནས་སྣང་མི་མཐུན་པར་གྱུར་པའི་ཕྱིར་ཀུན་རྫོབ་ཀྱི་ཡུལ་ཅན་ཡིན་པས། འདི་སྐབས་སུ་བཤད་པའི་ཡུལ་ཅན་ཀུན་རྫོབ་དེས་དོན་དམ་མི་རྟོགས་ཞེས་རྒྱུ་མཚན་དུ་བཀོད་རུང་སྟེ། གནས་སྣང་མི་མཐུན་པའི་བློ་དེས་དོན་དམ་དངོས་སུ་ནམ་ཡང་རྟོགས་མི་ནུས་སོ། །དེས་ན་རྣལ་འབྱོར་པ་དེ་དག་ཡུལ་གྱི་ངོས་ནས་སྣང་ཕྱོགས་ལ་ཀུན་རྫོབ་བདེན་པར་བཞག་པའི་ཀུན་རྫོབ་བདེན་པ་ཡིན་ཀྱང་དེས་མི་རྟོགས་ཞེས་རྒྱུ་མཚན་དུ་བཀོད་པ་མ་ཡིན་ཏེ། བདེན་གཉིས་འཇོག་ཚུལ་གཉིས་ཡོད་པ་གོང་དུ་བཤད་ཟིན་པ་དེའི་ཕྱི་མ་ལྟར་གནས་སྣང་མཐུན་མི་མཐུན་གྱི་སྒོ་ནས་འཇོག་ཚུལ་དུ་དོན་གྱིས་སོང་བའི་གནད་ཕྲ་མོ་མ་ཤེས་པར་ཀུན་རྫོབ་ཅེས་པའི་མིང་ཙམ་ལས་དོན་གྱི་ཤན་མ་ཕྱེད་པའི་རྩོད་པར་སོང་ངོ་། །བཟུང་འཛིན་


MR14_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་བློ་ཞེས་པའང་ཡུལ་གང་དུ་དམིགས་པ་མེད་པ་དང་། ཡུལ་ཅན་དམིགས་པ་ཅན་གྱི་འཛིན་པ་མེད་པ་ལ་འཆད་དགོས་ཤིང་། དེ་ཡང་གཟུང་འཛིན་མེད་པའི་བློ་ཞེས་བརྗོད་པ་ཙམ་གྱིས་གཟུང་འཛིན་མེད་ཚུལ་ཇི་ལྟ་བུ་ཡིན་པ་ཤེས་མི་ནུས་པས་དམིགས་པ་ཅན་གྱི་བློའི་ཡུལ་མིན་ཚུལ་རིགས་པས་གཏན་ལ་འབེབས་དགོས་ཤིང་། གནས་སྣང་མཐུན་མི་མཐུན་ཀྱང་ཚིག་ཙམ་གྱིས་གོ་མི་ནུས་པས་ཇི་སྲིད་དམིགས་པ་ཅན་ནམ་གཟུང་འཛིན་དང་བཅས་པའི་བློ་ལ་གནས་པ་དེ་སྲིད་དུ་གནས་སྣང་མི་མཐུན་ཏེ། ཆོས་ཉིད་ནི་གཟུང་འཛིན་དང་བཅས་པའི་བློའི་ཡུལ་མིན་ནོ་ཞེས། ཐོག་མར་ཆོས་ཉིད་དམིགས་སུ་མེད་པའི་དོན་ལུང་དང་རིགས་པས་གཏན་ལ་འབེབས་དགོས་པས། མདོ་ལས། དོན་དམ་པའི་བདེན་པ་ནི་གང་ལ་སེམས་ཀྱི་རྒྱུ་བའང་མེད་ན་ཡི་གེ་རྣམས་ལྟ་ཅི་སྨྲོས། ཞེས་དང་། བདེན་པ་གཉིས་བསྟན་པའི་མདོ་ལས། ལྷའི་བུ་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་ལུས་དང་ངག་དང་ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་འགྱུར་ན་ནི་དེ་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། འོན་ཀྱང་ལྷའི་བུ་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི། སྙད་ཐམས་ཅད་ལས་འདས་པ། བྱེ་བྲག་མེད་པ། མ་སྐྱེས་པ། མ་འགག་པ། སྨྲ་བར་བྱ་བ་དང་། ཤེས་པར་བྱ་བ་དང་། །ཤེས་པ་དང་བྲལ་བའོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཇི་ལྟར་དོན་དམ་པའི་བདེན་པའོ་ཞེས་བརྗོད་པ་ལྟར་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ནི་བརྫུན་ཏེ་བསླུ་བའི་ཆོས་སོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་བསྟན་པ་དང་། ཅི་སྟོན་པ་དང་། གང་ལ་སྟོན་པའི་ཆོས་དེ་དག་རབ་ཏུ་མ་སྐྱེས་པའོ། །རབ་ཏུ་


MR14_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྐྱེས་པའི་ཆོས་རྣམས་ཀྱིས་རབ་ཏུ་མ་སྐྱེས་པའི་ཆོས་རྣམས་བཤད་པར་མི་ནུས་སོ། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། འཇུག་འགྲེལ་དུ། དེ་ནི་སྤྲོས་པ་ཐམས་ཅད་ཀྱི་ཡུལ་མ་ཡིན་པའི་རང་བཞིན་ཅན་ཡང་ཡིན་ཏེ། མངོན་པར་བརྗོད་པ་ནི་བཏགས་པའི་རྣམ་པ་འཛིན་པའི་ཕྱིར་ཏེ། ཇི་སྲིད་མངོན་པར་བརྗོད་པ་དེ་སྲིད་དུ་དངོས་པོ་བརྗོད་པ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །དེས་ན་དམིགས་པའི་སྤྱོད་ཡུལ་ཀུན་ལས་འདས་པའི་ཟབ་མོ་དཔག་པར་དཀའ་བའི་དོན། སྒྲ་དང་ཚིག་གི་ལམ་བྲལ་བརྗོད་དུ་མེད། །ཅེས་མདོ་ལས་གསུངས་པ་དེ་ལྟ་བུ་སྒྲ་རྟོག་གིས་ཇི་བཞིན་མཚོན་མི་ནུས་ཀྱང་སྒྲ་རྟོག་ལ་བརྟེན་ནས་གཏན་ལ་འབེབས་མི་ནུས་པའང་མ་ཡིན་ཏེ། མཐར་ཐུག་དཔྱོད་པའི་རིགས་པས་གནས་ལུགས་བརྗོད་བྲལ་གྱི་དོན་ལ་ངེས་པ་འདྲེན་དུ་ཡོད་པའི་ཕྱིར་རོ། །དེས་ན་མགོན་པོ་ཀླུས། དོན་འདི་ལ་ནི་རྒྱལ་བ་ལས། །ལྷག་པའི་ཚད་མ་གཞན་སུ་ཡོད། །ཅེས་གསུངས་པ་ལྟར། དོན་དམ་པའི་བདེན་པ་སངས་རྒྱས་ཉིད་ཀྱི་ཐུགས་སུ་ཆུད་ནས། བདག་ཅག་གདུལ་བྱ་རྣམས་ལ་བསྟན་པ་ཡིན་ན། སངས་རྒྱས་ཀྱིས་དོན་དམ་སྟོན་ཚུལ་མ་མཁྱེན་པར་ཁོ་བོ་ཅག་གིས་ཤེས་སོ་ཞེས་སྨྱོན་པ་མིན་པ་གཞན་སུ་ཞིག་གིས་སྨྲ་བར་རྩོམ། བཅོམ་ལྡན་འདས་ཀྱིས་དོན་དམ་པ་ནི་སྤྲོས་པའི་དྲྭ་བ་ཀུན་ལས་འདས་པ་ཡིན་པས་རྣམ་མཁྱེན་གྱི་ཡུལ་ལས་འདས་པར་གསུངས་པ་འདི་ལ་གོ་ཚུལ་དེ་ལྟར་མི་རུང་ན། ཁྱོད་ཀྱིས་འོག་ཏུ་ཁྱོད་ལྟར་ན་རང་གིས་ཀྱང་རྟོགས་རྒྱུ་མེད་ཅེས་ཁས་ལེན་དགོས་པར་ཐལ་བ་འཕེན་པ་དེས། སངས་རྒྱས་ལ་སུན་འབྱིན་སྨྲས་པ་ཡིན་པས་སྨྱོན་པ་དང་ཤག་འགྱེད་པར་མི་སྤྲོ་བ་ནི་བདེན་ནོ། །དེ་བས་བག་རྟོན་ལ་སྨྲ་བར་བྱས་ན་ལེགས་སོ། །ཚུལ་དེ་ལྟ་བུས་ན་ཇི་སྲིད་སྒྲ་དང་བློ་ལ་བརྟེན་ནས་དམིགས་པ་ཅན་དུ་ལྷུང་བ་དེ་སྲིད་དུ་དོན་དམ་མི་རྟོགས་པའི་དོན་ལ་དགོངས་ནས། །


MR14_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དང་བློའི་ཡུལ་མ་ཡིན་པར་བསྟན་པ་དང་། དམིགས་པ་ཐམས་ཅད་ཀྱི་སྤྲོས་པ་མི་མངའ་བ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པར་བསྟན་པ་གཉིས་འགལ་མེད་དོན་གཅིག་ཏུ་འཆར་བའི་གོ་ཚུལ་ཞིག་བྱ་མ་ཤེས་པར་རྣམ་པ་ཀུན་ཏུ་དོན་དམ་པ་སྒྲ་བློའི་ཡུལ་ལས་མ་འདས་པར་རྟོག་གེའི་སྤྱོད་ཡུལ་འབའ་ཞིག་ཏུ་བསྒྲུབ་པ་འདི་ནི། ཚད་མ་མདོར། གང་ཞིག་རྟོག་གེའི་ལམ་ལས་ཆོས་ཉིད་དུ་ཁྲིད་ན། །ཐུབ་པའི་བསྟན་ལས་ཆེར་བསྲིང་ཉམས་པར་བྱས་པ་ཡིན། །ཞེས་དང་། རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པས་ཀྱང་། དོན་དམ་པ་རྟོག་གེའི་ཡུལ་མིན་པར་གསུངས་པའི་དོན་ལས་བཟློག་སྟེ་སྨྲས་པ་ལ། སངས་རྒྱས་ཀྱི་བཀའ་ཟབ་མོའི་དོན་བསླད་པ་ལས་དགོས་པ་ཅི་ཞིག་མཐོང་ནས་དེ་ལྟར་འབད་པ་རྩོམ། འོན་ཀྱང་བདེན་མེད་མེད་དགག་གི་སྤྲོས་པ་དང་བྲལ་ན་དམིགས་པའི་གནས་ཅི་ཡང་མི་རྙེད་པས་དེ་ལ་ཤིན་ཏུ་འཇིགས་ནས་བྲེད་ཤ་འཐོན་པའི་རྣམ་འགྱུར་གྱིས་བདེན་མེད་སྤྲོས་བྲལ་གྱི་ཕྱོགས་འགོག་པ་ལ་ཞུགས་ནས་སྟོང་ཉིད་དམིགས་པ་ཅན་དུ་ནན་ཏན་དུ་བསྒྲུབ་པར་འདོད་པའི་ཀུན་སློང་གིས་སྤྲོས་བྲལ་འདོད་པ་རྣམས་ཀྱིས་སྒྲ་བློའི་ཡུལ་མིན་པའི་ལུང་དང་རིགས་པ་ཁས་བླང་གང་བཀོད་པ་ཕྱོགས་སྔར་བྱས་ནས། སྒྲ་བློའི་ཡུལ་ཡིན་པའི་ལུང་དང་རིགས་པ་དང་ཕ་རོལ་གྱི་ཁས་ལེན་གནོད་བྱེད་དུ་བཀོད་ནས་འགལ་བ་ཇི་ལྟར་བསྒྲུབ་ཀྱང་སུན་འབྱིན་ལྟར་སྣང་ལས་རྣམ་པ་ཀུན་ཏུ་མི་འདའ་སྟེ། དོན་དམ་པའི་བདེན་པ་དམིགས་པ་ཅན་གྱི་སྤྱོད་ཡུལ་ཞིག་ཏུ་ནི་འགྲུབ་པ་མི་སྲིད་ལ། སྒྲ་བློའི་སྤྱོད་ཡུལ་ལས་འདས་པ་སོ་སོ་རང་རིག་པའི་སྤྱོད་ཡུལ་དུ་གྱུར་པའི་དམིགས་མེད་སྤྲོས་བྲལ་གྱི་དོན་རྟོགས་པ་ལ་ཐ་སྙད་དུ་དོན་དམ་བདེན་པ་རྟོགས་ཞེས་ཕྱོགས་སྔ་མ་པ་རྣམས་ཀྱིས་འདོད་ཅིང་། དེ་གཉིས་ཀྱི་དགོངས་དོན་སོ་སོར་བཤད་དུ་ཡོད་ཅིང་དོན་འགལ་མེད་དུ་


MR14_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་རིགས་པ་ཡང་དག་ཡོད་པའི་ཕྱིར། བདེན་གཉིས་འགལ་འདུར་འཛིན་པ་རྣམས་ཀྱིས་ཀླན་ཀ་བརྗོད་པ་ལ་དོན་དམ་སྒོ་ཅན་དང་། ཀུན་རྫོབ་སྒོ་ཅན་གྱི་ལན་འདེབས་ཚུལ་གསུངས་པ་ལྟར་འདི་ལའང་མཚུངས་པའི་ཕྱིར། སུན་འབྱིན་དེ་དག་གིས་སྔ་རབས་པའི་ལུགས་ལ་བ་སྤུའི་རྩེ་མོ་གཡོ་བ་ཙམ་དུ་དོན་གྱི་གནོད་པ་བྱེད་མི་ནུས་ལ། དེ་ལྟར་བརྗོད་པ་པོ་རང་ཉིད་ཀྱིས་གསུང་རབ་ཀྱི་དོན་འགལ་འདུར་མཐོང་བའི་བློ་ཡི་འབྲས་རྟགས་ངོམས་པ་ཙམ་དུ་འགྱུར་རོ། །དེའི་ཕྱིར་ལན་གཅིག་པོ་འདི་ཁོ་ནས་ཁྱོད་ཀྱིས་འོག་ཏུ་བཤད་པ་ཐམས་ཅད་ལ་དོན་གྱིས་ལན་བསྟན་པ་ཡིན་མོད་ཀྱང་། བློ་དམན་དག་གིས་རྟོགས་དཀའ་བའི་ཕྱིར་སོ་སོའི་ཐད་དུ་ལན་ཅུང་ཟད་བརྗོད་པར་བྱའོ། །ཡང་རྩོད་ཡིག་ཏུ། སྟོང་ཉིད་ལ་འཇུག་པའི་སྒྲ་རྟོག་མེད་པར་ཐལ། དེ་མིང་དང་རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར། དེར་ཐལ། རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཕྱིར། ཡང་དེ་ཉིད་རྟོགས་པ་ཡོད་པར་ཐལ། ཊཱི་ཀར། རྒྱལ་བའི་མཐུ་དང་རང་གི་སྔོན་གོམས་ལས། །གཞན་དུ། ཞེས་དང་། དངོས་སྟོབས་རིགས་པའི་སྒོ་ནས་མཁས་པའི་ལམ། །མཐོང་ཚེ་ཞེས་རྒྱུ་མཚན་ལ་བརྟེན་པའི་བློས་མཐོང་བར་ཁས་བླངས་པའི་ཕྱིར་སྨྲས་པ། གྱ་གྱུའི་ལམ་གྱིས་བདེ་བར་འགྲོ་བའི་ཡིད། །ལོག་རྟོག་གཅོང་རོང་འདམ་རྫབ་ཉུལ་བས་ངལ། །འཁོར་འདས་རྟེན་འབྱུང་ཉམ་ངའི་མཐར་གཟིགས་པའི། །ཆོས་སྤྱན་ཡངས་པའི་དྲན་དབང་འདི་ལ་ལྟོས། །ཞེས་བསྐུལ་ལོ་ཞེས་སྨྲས་པ་ལ། ལན་བརྗོད་པ། སྨྲ་བ་འདི་དང་འོག་ཏུ་སེམས་དང་ངག་གི་སྤྱོད་ཡུལ་དུ་གྱུར་པའི་ཆོས་དེ་ནི་བརྟག་དཔྱད་མི་བཟོད་པར་ཁས་བླངས་པ་ལ། དེ་ལྟ་ན་སྟོང་ཉིད་ཀྱང་དེར་འགྱུར་ཏེ། རང་བཞིན་གྱིས་མེད་པའི་ཕྱིར་ཞེས་སོགས་སྨྲས་པ་འདི་གཉིས་རིགས་པའི་འགྲོ་ཡུལ་གཅིག་པ་ཡིན་ཏེ། དོན་བསྡུས་ན་མིང་དང་རྟོག་པས་བཏགས་པ་ཙམ་ཡིན་པ་དང་། རང་གི་མཚན་ཉིད་ཀྱིས་མ་གྲུབ་


MR14_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ན་དེས་སྟོང་ཉིད་མི་རྟོགས་པར་ཁས་བླངས་ན་སྟོང་ཉིད་ལ་འཇུག་པའི་སྒྲ་རྟོག་མེད་པར་འགྱུར་ཞེས་བརྒལ་བ་ཡིན་ལ། འདིའི་དོན་ནི་དེ་ལྟར་མ་ཡིན་ཏེ། ཆོས་ཐམས་ཅད་རྟོག་པས་བཏགས་པ་ཙམ་དང་། རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཡིན་མོད་ཀྱི། རྟོག་བཏགས་དང་རང་མཚན་གྱིས་གྲུབ་པ་མེད་པ་ཡིན་ན་དེ་འདྲའི་ཡུལ་ཅན་དེས་སྟོང་ཉིད་མི་རྟོགས་ཞེས་བཤད་པ་མ་ཡིན་ལ། ཡུལ་ལ་དཔྱད་ན་ཇི་སྲིད་དམིགས་པ་ཡོད་པ་དེ་སྲིད་དུ་དོན་དམ་དངོས་མ་ཡིན་ཞེས་བརྗོད་པ་ཡིན་ཏེ། ཇི་ལྟར་ན་སྒྲས་བརྗོད་པ་དང་བློས་འདི་ཞེས་དམིགས་སུ་ཡོད་པ་ཇི་སྲིད་དུ་ཡུལ་དེ་ལ་བརྟག་ན་དཔྱད་བཟོད་མེད་པས་སུན་ཕྱུང་ནུས་ཞེས་པའི་དོན་ཡིན་པས་དེ་ལྟ་ན་སྟོང་ཉིད་ཀྱང་དེར་ཐལ་ཏེ། དཔྱད་མི་བཟོད་པ་དང་རང་མཚན་མ་གྲུབ་པ་དང་རྟོག་པས་ཕར་བཏགས་ཙམ་ཡིན་པའི་ཕྱིར་རོ་ཞེ་ན། སྟོང་ཉིད་ཅེས་པ་བདེན་མེད་མེད་དགག་གི་སྟོང་ཉིད་ལ་བསམ་ན་ཤིན་ཏུ་ཡང་འདོད་པ་གྲུབ་སྟེ་དེ་ལྟར་འདོད་ཅེས་ལན་འདེབས་ལ། རྟགས་ཀྱང་དེ་ལྟར་རིགས་པས་གྲུབ་པ་བཞིན་ཁྱོད་ཀྱིས་ཀྱང་ཁས་བླངས་སོ། །དེའི་ཕྱིར་རྣམ་གྲངས་པའི་དོན་དམ་ནི་སྟོང་ཉིད་ལ་འཇུག་པའི་སྒོ་ཙམ་ཡིན་གྱི་སྟོང་ཉིད་མཚན་ཉིད་པ་མ་ཡིན་ཞེས་བརྗོད་པའི་དོན་ཐམས་ཅད་སྐབས་འདིར་གསལ་བར་གྱུར་ཏོ། །བདེན་མེད་སྤྲོས་བྲལ་ལ་བསམ་ན་སྟོང་ཉིད་ཀྱང་དེར་ཐལ་བའི་སྐྱོན་མེད་དེ། སྤྲོས་བྲལ་དམིགས་མེད་ཀྱི་རང་མཚན་ནམ་རང་གི་ངོ་བོ་ལ་རང་བཞིན་གྱིས་གྲུབ་རྒྱུའི་ཆོས་དང་དཔྱད་བཟོད་མི་བཟོད་དང་རྟོག་པས་གདགས་པར་བྱ་བའི་གཞི་གང་ཡང་མ་དམིགས་པ་ལ། ཇི་ལྟར་བློས་སྒྲོ་བཏགས་ནས་བརྗོད་ནུས་ཏེ། བརྗོད་ནུས་པ་ལ་ནི་བརྗོད་མེད་ཅེས་མི་བྱའོ། །དེའི་ཕྱིར་རྟོག་པས་ཕར་བཏགས་པ་ཙམ་ཆོས་ཉིད་འཕེལ་འགྲིབ་མེད་པ་དང་། རྟོག་ཡུལ་ལས་འདས་པ་མ་ཡིན་ཏེ། རང་བཞིན་དག་ནི་བཅོས་


MR14_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་པ་ལྟར་ཆོས་རྣམས་ཀྱི་གཤིས་ལུགས་ནི་བློས་མ་བཞག་གི་བར་དུ་མི་འགྲུབ་པ་མ་ཡིན་པར། སངས་རྒྱས་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་ཉིད་ནི་རྟག་ཏུ་གནས་པ་ཞེས་མདོ་ལས་གསུངས་པ་དེ་ལྟ་བུ་ནི་རྣམ་གྲངས་མིན་པའི་དོན་དམ་གང་ཞིག་དོན་དམ་མཚན་ཉིད་པ་ཡིན་ཏེ། འཇུག་འགྲེལ་ལས། དེ་ཁོ་ན་ཉིད་ལ་དེའི་ཡུལ་ཅན། དངོས་དངོས་མེད། རང་དང་གཞན། བདེན་མི་བདེན། རྟག་མི་རྟག །རྟག་པ་དང་ཆད་པ། བདེ་བ་སྡུག་བསྔལ། གཙང་མི་གཙང་། བདག་བདག་མེད། སྟོང་མི་སྟོང་། མཚན་ཉིད་མཚན་གཞི། གཅིག་པ་དང་གཞན། སྐྱེ་བ་དང་འགག་པ་ལ་སོགས་པའི་ཁྱད་པར་དག་སྲིད་པ་མ་ཡིན་ཏེ། དེ་དག་རང་གི་ངོ་བོ་མ་དམིགས་པའི་ཕྱིར། དེའི་ཕྱིར་དེ་ཁོ་ན་ཉིད་བསམ་པ་ལ། འཕགས་པ་རྣམས་ཁོ་ན་ཚད་མ་ཡིན་གྱི་འཕགས་པ་མ་ཡིན་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་སོ་སོ་རང་རིག་པའི་ཡུལ་ཙམ་ལས་དེའི་རང་བཞིན་འདི་ལྟ་བུའོ་ཞེས་དཔྱད་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །འོན་ཀྱང་དེ་འདྲའི་སྤྲོས་བྲལ་དོན་སྤྱིའི་ཚུལ་གྱིས་འཇལ་བའི་ཚེ་དེ་ལྟ་བུ་ནི་ཆོས་ཀྱི་དབྱིངས་དང་། དོན་དམ་བདེན་པ་དང་། ཡང་དག་པའི་མཐའ་ཞེས་སོགས་ཀྱི་མིང་དུ་བཏགས་ནས་བསྟན་པར་མཛད་དེ། མདོ་ལས། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་པ་གང་དང་སྟོན་པ་དང་། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །ཉན་ཅིང་སྟོན་པར་བྱེད་པའང་ཡིན། །ཞེས་གསུངས་པ་ལྟར་ཐབས་ཚུལ་རིགས་པ་བརྒྱ་དག་གིས་སེམས་ཅན་རྣམས་དེ་ཁོ་ན་ཉིད་ཀྱི་དོན་ལ་འདྲེན་པར་གསུངས་སོ། །དེ་ལྟར་བསྟན་པ་དེ་དག་གིས་བདེན་མེད་སྤྲོས་བྲལ་ཉིད་དོན་དམ་པར་དམིགས་སུ་མེད་པའི་ཚུལ་གྱིས་ཡུལ་དང་ཡུལ་ཅན་གཉིས་ཀའི་ངོས་ནས་བཤད་པ་ཡིན་ནོ། །དོན་དམ་ལ་དངོས་སུ་འཇུག་པའི་སྒྲ་རྟོག་མེད་པས་སྒྲ་རྟོག་གིས་དངོས་ཡུལ་


MR14_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ལ། བསྟན་པ་དང་དཔེར་བྱ་བ་སོགས་ལས་འདས་པར་གསུངས་པ་ལྟར་ཡིན་ཀྱང་། བརྒྱུད་ནས་འཇུག་པའི་སྒྲ་རྟོག་མེད་པ་མ་ཡིན་ཏེ། དོན་དམ་སྤྲོས་བྲལ་གཏན་ལ་འབེབ་བྱེད་ཀྱི་ལུང་རིགས་དྲི་མ་མེད་པ་རྣམས་ཀྱིས་བརྗོད་མེད་སོ་སོ་རང་རིག་པའི་དོན་ལ་ངེས་པ་དྲངས་ནས་གོམས་པར་བྱས་པའི་མཐུས་དོན་དམ་པ་མངོན་སུམ་རྟོགས་པར་འཐད་དོ། །དེའི་ཕྱིར་རྒྱལ་བའི་མཐུ་དང་སོགས་ཀྱི་དོན་བཞིན་རྒྱུ་མཚན་ལ་བརྟེན་པའི་བློས་མཐོང་བར་བཤད་པའང་དེ་ལྟར་ཡིན་ནོ། །ཁྱོད་ཀྱིས་འདི་སྐབས་དང་གོང་གི་ཚིགས་བཅད་བསྡེབས་ནས་བདག་གིས་འདི་ལྟར་འདོན་པར་སྤྲོ་སྟེ། གང་ཞིག་རྟོག་གེ་ངན་པའི་བུ་ལོན་གྱིས། །བསོད་ནམས་ཟོང་ལ་གཟན་པའི་བག་མེད་པ། །མཚུངས་མེད་སྟོན་པའི་རང་ལམ་བདེན་པ་གཉིས། །འགལ་འདུར་མཐོང་བའི་དྲན་དབང་འདི་ལ་ལྟོས། །ཞེས་སྨྲའོ། །ཡང་རྩོད་ཡིག་ཏུ། ཊཱི་ཀར། མཁྱེན་གཉིས་ཀྱི་ཡེ་ཤེས་མཐར་ཐུག་པ་ཞེས་ཇི་ལྟ་བ་རྟོགས་པའི་རྣམ་མཁྱེན་དང་། དོན་དམ་པར་མེད་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་སེམས་བྱུང་ཤེས་རབ་ཅེས་དང་། ལམ་གཏན་ལ་འབེབས་པའི་སྐབས་སུ། ཀུན་རྫོབ་ཏུ་སྐྱེ་བ་ལྟར་སྣང་བ་འགོག་མི་ནུས། ཞེས་མི་སློབ་པའི་སྐབས་དེར་བཀག་པར་ཁས་བླངས་པས་སྣང་སྟོང་ཟུང་དུ་འཇུག་པ་ཇི་ལྟར་ཡོད། གང་སྣང་བ་གཟུགས་སོགས། གང་ལ་སྣང་བ་བློ། ཇི་ལྟར་སྣང་བ་སྒྱུ་མ་ལྟར་ཞེས་མི་འཆད་ན་སྣང་ཞེས་པ་དོན་མེད་དུ་སོང་བའི་ཕྱིར། སྟོང་ཞེས་པའང་བདེན་སྟོང་ལ་བྱེད་ན་སླར་མེད་པ་དེ་ཉིད་ལས་ཀྱང་འདའ་ཟེར་བ་འགལ་ལ། སྣང་སྟོང་ཟུང་འཇུག་དེས་དགག་སྒྲུབ་མ་ཞིག་པས། ཞིག་པོར་འདོད་པ་ཙམ་དུ་ཟད་དོ། །ད་དུང་མ་ཞིག་པར་སྣང་བས་ཁོ་བོས་རིགས་ལམ་གྱིས་བཤུང་བ་ཡིན་ནོ། །ཞེས་ཟེར། ལན་བརྗོད་པ། མཁྱེན་གཉིས་ཀྱི་ཡེ་ཤེས་མཐར་ཐུག་ཡིན་ན་ཇི་ལྟ་བ་རྟོགས་པ་ཁོ་ནར་འགྱུར་བ་


MR14_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སུས་ཁས་བླངས། བདེན་གཉིས་དབྱེར་མེད་ཆོས་ཀྱི་དབྱིངས་ལ་རྟག་ཏུ་མཉམ་པར་བཞག་པ་ལས་མ་གཡོས་ཀྱང་། ཆོས་ཀྱི་དབྱིངས་སུ་གཏོགས་པའི་ཤེས་བྱ་ཇི་སྙེད་པ་དུས་གཅིག་ཏུ་རྣམ་པར་རྟོག་པ་མེད་པར་མཁྱེན་པ་ནི་གཞི་ཡི་དུས་སུའང་བདེན་གཉིས་ཟུང་འཇུག་ཡིན་པའི་གནད་ཀྱིས་ཡིན་ན་དེ་ཇི་ལྟ་བ་མཁྱེན་པ་ཁོ་ནར་ག་ལ་འགྱུར། བདེན་མེད་མེད་དགག་རྟོགས་པའི་བློ་ནི་སེམས་བྱུང་ཤེས་རབ་ཡིན་ལ། བདེན་གཉིས་དབྱེར་མེད་ཀྱི་ཆོས་དབྱིངས་རྟོགས་པ་ནི་གཟུང་འཛིན་མེད་པའི་ཡེ་ཤེས་ཡིན་ཏེ། མདོ་ལས། །ཤེས་རབ་མི་ཟད་པའི་རྒྱུ་ལས་ཡེ་ཤེས་མི་ཟད་པ་ཐོབ་པར་གསུངས་པ་ལྟ་བུའོ། །འོན་ཀྱང་ཤེས་རབ་ཡེ་ཤེས་ཀྱི་མིང་ཙམ་ནི་ཕན་ཚུན་འདྲེ་མི་རུང་བ་མིན་ཏེ། གཞུང་སོ་སོར་འདོགས་ཚུལ་སྣ་ཚོགས་སུ་མཛད་ཀྱང་། དོན་ལ་གཟུང་འཛིན་མེད་པའི་སྒོ་ནས་ཡེ་ཤེས་ཁྱད་པར་དུ་འབྱེད་དོ། །ལམ་གཏན་ལ་འབེབས་པའི་སྐབས་སུ་དོན་དམ་པར་མེད་པ་དང་། ཀུན་རྫོབ་ཏུ་སྐྱེ་བ་ཡོད་པ་གཉིས་ཐ་དད་དུ་སྣང་བ་བློ་ངོར་འགོག་མི་ནུས་པས་བདེན་གཉིས་ཐ་དད་དུ་ཕྱེས་ཏེ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་ནས་གཙོ་བོར་དེ་གཏན་ལ་འབེབ་ཅེས་རང་རྒྱུད་པའི་འདོད་ཚུལ་བཤད་པ་ཡིན་པས་མི་སློབ་པའི་སྐབས་སུ་བཀག་པའི་དོན་གཏན་མིན་ཏེ། ཁྱོད་ཀྱིས་གོ་ལོག་ཏུ་སོང་ངོ་། །དེས་ན་སྣང་ཕྱོགས་བཀག་པས་སྟོང་རྐྱང་འདྲ་མོ་ཞིག་ཏུ་ཁྱོད་རང་གིས་གོ་བས་གོ་ལོག་དེས་གཞན་ལ་སྣང་སྟོང་ཟུང་འཇུག་མེད་པར་ཐལ་བ་དང་། བདེན་མེད་མེད་དགག་ལས་ཀྱང་འདའ་ཟེར་བས། དེ་འདྲའི་ཟུང་འཇུག་དེས་དགག་སྒྲུབ་མ་ཞིག་པས་ཞིག་པོར་འདོད་པ་ཙམ་དུ་ཐལ་བ་འཕེན་པ་ནི་ངེས་པར་ཁྱོད་རང་གིས་རང་ལ་བཤུང་བར་ཟད་དེ། །གནས་ལུགས་ཉིད་མེད་དགག་རྐྱང་པའི་ཆ་ལས་འདའ་མོད་ཀྱི། བདེན་མེད་ཡིན་པ་ལས་འདའ་མི་དགོས་ཤིང་། བདེན་མེད་དང་དེས་ཁྱད་པར་དུ་བྱས་པའི་སྣང་བ་འདུ་འབྲལ་མེད་པའི་ཕྱིར་གནས་ལུགས་ཟུང་འཇུག་ཏུ་ཅིས་མི་འགྱུར། སྣང་བ་ཐམས་


MR14_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་གང་སྣང་བ་སོགས་གསུམ་དུ་ཕྱེ་བ་ཡོད་མོད་ཀྱི་སྣང་སྟོང་ཟུང་འཇུག་སྒྱུ་མ་ལྟ་བུ་རྟོགས་པ་བྱང་སེམས་རྣམས་ཀྱི་རྗེས་ཐོབ་ཏུ་འཆར་བ་དང་། མཉམ་བཞག་ཏུ་ཟུང་འཇུག་གི་ངོ་བོ་བརྗོད་མེད་དོན་གྱི་གཤིས་ལ་གནས་པའི་ཚེ་ན་ཡང་ཆོས་ཀྱི་དབྱིངས་ཡོད་མེད་ཀྱི་མཐར་མ་ལྷུང་བ་ལ་གནས་པ་ཡིན་པས། བདག་ཅག་གི་ལུགས་ལ་ཆོས་དབྱིངས་ཞེས་པ་མེད་དགག་ཕྱང་ཆད་ཙམ་མིན་པར་སྣང་སྟོང་ཟུང་འཇུག་གམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡིན་པས། གཞི་ལམ་འབྲས་བུའི་སྐབས་ཀུན་ཏུ་ཡ་གྱལ་མེད་པའི་ཁ་ཡར་བ་ནམ་ཡང་མི་འདོད་དོ། །ཁ་ཅིག་ལམ་དུས་སུ་མཉམ་བཞག་མེད་དགག་ནམ་མཁའ་ལྟ་བུ་ལ་གནས་པར་འདོད་ཅིང་མེད་དགག་ལས་ནམ་ཡང་མི་འདའ་ཞེས་ཁས་ལེན་པ་དེ་དག་ལ། གཞི་འབྲས་ཀྱི་དུས་སུའང་དེ་ལྟར་འདྲ་བས་སྣང་བ་མེད་པའི་སྐྱོན་དེ་བརྗོད་ཅིག ཡང་རྩོད་ཡིག་ཏུ། དོན་དམ་བློའི་ཡུལ་དུ་ཁས་བླངས་པར་ཐལ། སྐྱེ་འཕགས་གཉིས་ཀའི་བློའི་ཡུལ་དུ་ཁས་བླངས་པའི་ཕྱིར། ཊཱི་ཀར། གནས་ལུགས་ལ་དཔྱོད་པའི་སོ་སོའི་སྐྱེ་བོས་དཔྱད་སྒོམ་གྱིས་ཟུང་འཇུག་གི་དོན་ལ་གོ་མྱོང་སྐྱེ་བར་མ་བྱས་ན་ནས་ཀྱི་ས་བོན་ལས་འབྲས་ཀྱི་མྱུ་གུ་བཞིན་འཕགས་པའི་ཡེ་ཤེས་ཀྱང་རྒྱུ་མེད་དུ་མི་སྐྱེ་བས་ཚོགས་སྦྱོར་དུ་ཅི་སྟེ་བསྒོམ་པར་མི་བྱེད། ཅེས་བཤད་ལ། དཔེ་མི་མཐུན་པའི་རྒྱུ་དང་འགྲིག་ཅིང་། འདིར་མཐའ་ཀུན་དང་བྲལ་བས་བློའི་ཡུལ་མ་ཡིན་ཟེར་བའང་རྒྱུ་མཚན་མ་ངེས་ལ། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་ཤེར་ཕྱིན་ཟེར་བ་དང་། དོན་དམ་པའི་གནས་ཚུལ་ལ་རྗེས་སུ་སོན་པའི་ལྟ་བ་ཁས་ལེན་ཀུན་བྲལ་ཞེས་དང་། འཕགས་བཞིའི་ཡུམ་སྟོང་ཉིད་རྟོགས་པའི་ལམ་ཟེར་བ་དང་། ཡང་དེ་བློའི་ཡུལ་ཡིན་པར་སྟོང་ཉིད་རྟོགས་པ་དང་། དེ་རྫོགས་པར་རྟོགས་པས་ཉོན་སྒྲིབ་དང་ཤེས་སྒྲིབ་སྤོང་བར་བཤད་ཅེས་ཟེར་བ་ལ། ལན་བརྗོད་པ། འདི་འདྲའི་ཐལ་བ་


MR14_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་གིས་རེས་སྐྱེ་འཕགས་གཉིས་ཀས་རྟོགས་རྒྱུ་ཡོད་པའི་ཁས་ལེན་འདི་སྙེད་བྱས་སོ་ཞེས་བཀོད་ནས། ཡང་རེས་བློའི་ཡུལ་མིན་པར་བཤད་པའི་འགལ་འདུ་འདི་སྙེད་ཅིག་ཡོད་ཅེས་སུན་འབྱིན་སྨྲས་པ་ནི། ཁོ་བོས་ཁྱོད་ལ་ཚིག་ལན་ཙམ་དུ་སྨད་འདོད་གཏན་མིན་ཀྱང་བདེན་གཉིས་ཀྱི་དོན་འགལ་འདུ་དེ་ཙམ་དུ་མཐོང་བའི་བརྗོད་པ་འདིས་བདེན་གཉིས་ཀྱི་རྣམ་དབྱེ་ལ་མི་མཁས་པའི་མཚང་ཞིག་རང་ཤུགས་ཀྱིས་མི་གསལ་ཀ་མེད་དུ་འདུག་པས་མ་སྨྲས་ན་ལེགས་ཀྱི་ཡང་ཡང་སྨྲས་པས་ཕ་རོལ་ལ་སུན་འབྱིན་ཅུང་ཟད་མི་ནུས་པས་སྔར་བཤད་པ་ལྟར་རོ། །དོན་དམ་བདེན་མེད་སྤྲོས་བྲལ་དེ་སྐྱེ་འཕགས་གཉིས་ཀའི་བློའི་ཡུལ་དུ་བདག་ཅག་གིས་ཁས་བླངས་ཏེ། སོ་སྐྱེ་དབུ་མ་པ་རྣམས་ཀྱིས་དོན་སྤྱིའི་ཚུལ་གྱིས་ཉམས་སུ་མྱོང་། འཕགས་པ་རྣམས་ཀྱིས་དེའི་ངོ་བོ་མངོན་སུམ་རྟོགས་པར་འདོད་དེ། སོ་སྐྱེས་དེ་འདྲའི་སྤྲོས་བྲལ་ལ་འཇུག་མི་ནུས་པ་ཡིན་ན། ནས་ཀྱི་ས་བོན་དང་འབྲས་ཀྱི་མྱུ་གུ་དཔེ་མི་མཐུན་པའི་རྒྱུ་དང་ཆེད་དུ་བསྒྲིགས་ནས། སོ་སྐྱེ་རྣམས་ཀྱིས་སྤྲོས་བཅས་དང་དམིགས་པ་ཅན་འབའ་ཞིག་བསྒོམས་པས། འཕགས་པའི་ཡེ་ཤེས་དམིགས་མེད་སྤྲོས་བྲལ་འབྱུང་ན། དེ་འདྲའི་ཡེ་ཤེས་དེ་ཚོགས་སྦྱོར་དུ་བསྒོམ་པ་སྔོན་སོང་གི་རྒྱུ་མེད་པས། ནས་ལས་འབྲས་སྐྱེ་བ་ལྟར་འགྱུར་རོ་ཞེས་བརྗོད་པ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། ཀོ་ཊ་པ་ཡི་ས་བོན་ལས། །ཞེས་སོགས་སྔར་དྲངས་ཟིན་པ་བཞིན་ནོ། །འོ་ན་བློའི་ཡུལ་མིན་པར་བཤད་པའི་རྒྱུ་མཚན་མ་ངེས་པར་འགྱུར་ཏེ། བློའི་ཡུལ་ཡིན་པར་བཤད་པ་དང་འགལ་ལོ་སྙམ་པ་ནི། གོང་དུ་བཤད་ཟིན་པ་ལྟར་དམིགས་མེད་སྤྲོས་བྲལ་དེ་ཉིད་དམིགས་པ་ཅན་གྱི་བློའི་ཡུལ་མིན་པའི་དོན་ཡིན་པས། དམིགས་པའི་མཐའ་དང་བྲལ་བའི་ཡེ་ཤེས་དངོས་སམ་རྗེས་མཐུན་པའི་ཡུལ་དུ་ཅིས་མི་འགྱུར། བློའི་སྤྱོད་ཡུལ་དང་རྟོགས་རྒྱུ་ཡོད་པ་ཞིག་ཡིན་ན་ཡུལ་བདེན་མེད་མེད་དགག་ཁོ་ན་དང་ཡུལ་ཅན་རྣམ་རྟོག་


MR14_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ན་ཡིན་དགོས་པར་ཁྱབ་མཐའ་འཆའ་བ་ནི། ཡུལ་དམིགས་མེད་མཐའ་བྲལ་དང་། ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྒྱབ་ཀྱིས་ཕྱོགས་པའི་རང་རྟགས་ངོམས་པར་གསལ་ལོ། །དེས་ན་འོག་གི་ཁས་ལེན་དྲངས་པ་ཐམས་ཅད་ལ་ལན་བཏབ་མ་དགོས་སོ། །ཡང་རྩོད་ཡིག་ཏུ། ཡེ་ཤེས་དེས་འབྲས་བུ་བསྐྱེད་པ་ཐབས་སྙིང་རྗེ་སོགས་ལ་མི་བརྟེན་པར་བཤད་པ་ནི། ལོ་ཏོག་སྐྱེ་བ་ལ་ཆུ་དང་ས་མ་དགོས་པར་སྨྲ་བ་ཞིང་པ་རྣམས་ཀྱིས་འཕྱ་བས་ཆོག་གོ། །སྟོང་ཉིད་རྟོགས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ལམ་ཐམས་ཅད་འབབ་ཅིང་གཞོལ་ཟེར་བ་ནི། སྔར་ཁོ་རང་གིས་དྲངས་པའི་ཡབ་སྲས་མཇལ་བའི་མདོ་དེ་འགོག་པར་སྣང་སྟེ། སྨྱོ་ཚབ་ཆེན་པོ་རིང་ནས་ཞེན་པས་རེ་ཞིག་སངས་པའི་ངོ་ཡང་མི་འཆར་རོ། །ཞེས་ཟེར། ལན་བརྗོད་པ། ཁྱོད་ཀྱིས་བརྩད་པ་འདི་ནི་ཁོ་བོའི་ཤེར་འགྲེལ་དུ། ཐབས་ཁྱད་པར་ཅན་ལ་མ་བརྟེན་ན་ཡེ་ཤེས་ཁྱད་པར་ཅན་སྐྱེ་མི་ནུས་ལ། རྟོགས་པ་ཡེ་ཤེས་སྐྱེས་ན་དེ་ཁོ་ནས་སྤང་བྱ་སྤོང་ནུས་ཏེ། ཉི་མ་ཤར་བས་མུན་པ་སེལ་བ་ལྟར་ཡིན་དགོས་ཀྱི། དེས་སྤང་བྱ་སྤོང་བ་ད་དུང་གྲོགས་གཞན་མེད་ན་སྤོང་མི་ནུས་ཟེར་ན་ཉི་མས་མུན་པ་མི་སེལ་བ་ལྟར་འགྱུར་རོ་ཞེས་པ་ལ་ཅུང་ཁྲོས་ནས་དངོས་ལན་མེད་པར་རྫུན་ལྷང་བཏབ་པར་ཟད་དེ། ཡེ་ཤེས་དེས་འབྲས་བུ་བསྐྱེད་པ་ཐབས་སྙིང་རྗེ་སོགས་ལ་མི་ལྟོས་ཞེས་སུ་ཞིག་གིས་གང་ན་ཁས་བླངས་པ་འདུག་ཐབས་ཤེས་ཕན་ཚུན་རྒྱུ་དང་རྐྱེན་དུ་ལྡན་པས་འབྲས་བུ་བསྐྱེད་པ་ཡིན་ཞིང་། བདག་མེད་གཉིས་རྟོགས་ཀྱི་ཡེ་ཤེས་དེ་ཡང་རྒྱུ་ཚོགས་གཉིས་སྔོན་སོང་ལས་བྱུང་བར་འདོད་དེ། མདོ་རྒྱན་ལས། རྫོགས་པའི་སངས་རྒྱས་རབ་བསྙེན་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་པ་ལྟར་འདོད་ཀྱི་དེ་འདྲའི་རྒྱུ་སྔོན་སོང་མེད་པའི་ཉན་ཐོས་པས་


MR14_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་བདག་མེད་རྫོགས་པར་རྟོགས་པ་མི་འདོད་ལ། བདག་མེད་གཉིས་ཀ་རྟོགས་པ་ཡོད་ན་བདག་འཛིན་གཉིས་པོའི་རྒྱུ་ལས་བྱུང་བའི་སྒྲིབ་པ་གཉིས་ཀ་སེལ་བར་འདོད་དེ། ཉན་ཐོས་ཀྱི་རྒྱུན་ཞུགས་ལ་སོགས་པའི་འབྲས་གནས་ཀྱི་ལམ་ཐོབ་པའི་སྐབས་སུ་ཉོན་སྒྲིབ་རིམ་སྤོང་དང་། བྱང་ཆུབ་སེམས་དཔའི་ས་རྣམས་སུ་ས་དེ་དང་དེའི་ཡེ་ཤེས་ཐོབ་དུས་དེ་དང་དེའི་ངོས་སྐལ་གྱི་སྒྲིབ་པ་གཉིས་ཀ་སྤོང་བ་ལ་ནི་རང་དུས་ཀྱི་ཐབས་གཞན་ལ་མི་ལྟོས་པར་སྤོང་ནུས་ཏེ། མི་སྤོང་ན་དེའི་གཉེན་པོ་ཉིད་དུ་ཡང་མི་རུང་ལ། །ད་དུང་གཉེན་པོ་ཉིད་དུ་བྱེད་པའི་རྒྱུ་གཞན་ལ་ལྟོས་པས་ས་བོན་མ་སྨིན་པ་ལྟ་བུར་འགྱུར་རོ། །ཡེ་ཤེས་དེ་ཐབས་ཀྱི་ལྷན་ཅིག་བྱེད་རྐྱེན་དང་ཚོགས་ནས་སྔ་མ་ལས་འཕགས་པའི་ཡེ་ཤེས་ཁྱད་པར་ཅན་དུ་གྱུར་པས་ས་གོང་མ་གོང་མའི་ངོས་སྐལ་གྱི་སྤང་བྱ་སྤོང་བ་ཡིན་པས། ཡེ་ཤེས་དེས་འབྲས་བུ་སྐྱེད་པ་ཐབས་སྙིང་རྗེ་སོགས་ལ་མི་བརྟེན་པར་བདག་ཅག་གིས་ཅུང་ཟད་ཁས་བླང་བ་མེད་ཀྱང་། ཉན་རང་ལ་བསྐལ་པ་གྲངས་མེད་གཅིག་གི་ཚོགས་བསགས་པ་སྔོན་དུ་སོང་བ་མེད་ཀྱང་། དེའི་འབྲས་བུ་ཆོས་ཀུན་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོད་པར་འདོད་པ་དེ་དག་ལ། ཁྱོད་རང་ཞིང་པ་རྣམས་དང་བཅས་པས་དེ་ལྟར་བརྗོད་ཅིག །དེ་ཁོ་ན་ཉིད་རྟོགས་པའི་རྣམ་མཁྱེན་དུ་ལམ་ཐམས་ཅད་གཞོལ་ཟེར་བས་ཡབ་སྲས་མཇལ་བའི་མདོ་རང་གིས་དྲངས་པ་བཀག་དོན་ཅི་ཞིག་ཡོད་དེ། མཐར་ཐུག་ཐེག་གཅིག་འདོད་པ་ལྟར་ན་དེ་ལྟར་ཡིན་པར་སྨྲོས་མ་དགོས་ལ། མི་འདོད་ཀྱང་རུང་སྟེ་ལམ་འོག་མ་འོག་མའི་ཚུལ་རྣམས་སྐས་གདངས་ལྟར་བསྟན་པ་ཤེས་ནས་ཇེ་བཟང་དུ་སོང་སྟེ་མཐར་ཐེག་པ་ཆེན་པོ་རྣམ་མཁྱེན་གྱི་ལམ་དུ་གཞོལ་བར་རྒྱལ་བ་དང་ཤིང་། རྟ་ཆེན་པོ་རྣམས་ཀྱིས་གསུངས་པ་དེས། ཀུན་རྫོབ་བཀག་པར་གོ་བ་དེ་ནི་རིང་ནས་ཞེན་པའི་སྨྱོ་ཚབ་ཆེན་པོ་རེ་ཞིག་སངས་ངོ་མི་འཆར་བ་ཞེས་གསུངས་པ་དེར་ཤིན་ཏུ་ངེས་ཏེ། ཅིའི་ཕྱིར་ན། །


MR14_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་དམ་དེ་བཞིན་ཉིད་རྟོགས་པའི་ཡེ་ཤེས་མཐར་ཐུག་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གཞོལ་ཞེས་སྨྲས་པས། སྟོང་ཉིད་རྟོགས་པའི་བློ་མཐར་ཐུག་རྣམ་མཁྱེན་ཙམ་ལ་གཞོལ་ན་ཀུན་རྫོབ་བདེན་པ་མེད་པར་འགྱུར་རོ་སྙམ་དུ་རང་གི་རྒྱུད་ལ་སྔར་ནས་ཞེན་པའི་སྟོང་ཉིད་མེད་དགག་འབའ་ཞིག་མཁྱེན་པའི་རྣམ་མཁྱེན་དུ་གོ་བར་འདུག་པའི་ཕྱིར་རོ། །དེས་ན་མཐར་ཐུག་ཐེག་གཅིག་བསྒྲུབ་པའི་རིགས་པ་ནི། སློབ་དཔོན་ཀླུས། གཙོ་བོའི་ཐེག་དབྱེར་མ་མཆིས་སོགས་ཀྱི་དོན་བཞིན། ཟླ་བས། གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་ཞེས་སོགས་ཚིགས་སུ་བཅད་པའི་དོན་བཞིན། བདེན་མེད་སྤྲོས་བྲལ་ལམ་ཆོས་ཀྱི་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ནི་དེ་ཁོ་ན་ཉིད་ཡིན་ལ། དེ་ཁོ་ན་ཉིད་དེ་ལ་ཆོས་ཅན་ཐ་དད་པས་བྱས་པའི་ཐ་དད་པའི་དབྱེ་བ་ཡང་མེད་དེ། ཆོས་ཉིད་དུ་རོ་གཅིག་པ་དང་། སྤྲོས་པ་དང་བྲལ་བ་དེ་ལས་གཞན་པའི་དེ་ཁོ་ན་ཉིད་བཟང་ངན་དང་ཆེ་ཆུང་སོགས་མི་འདྲ་བ་མེད་ཅིང་། དེའི་ཕྱིར་དེ་མ་རྟོགས་བར་དུ་སྒྲིབ་པ་མཐའ་དག་སྤོང་མི་ནུས་ལ། །དེ་རྟོགས་པའི་ཡུལ་ཅན་གྱི་བློ་གྲོས་ཀྱང་ཐེག་པ་ཆེ་ཆུང་གི་ཐ་དད་དུ་བྱ་བ་མེད་དེ། དེ་རྟོགས་ན་ཐེག་པ་ཆེན་པོ་འབའ་ཞིག་ཏུ་འགྱུར་བའི་ཚུལ་གསུངས་པ་འདིས་ཉན་རང་ལ་སྟོང་ཉིད་རྫོགས་པར་རྟོགས་པ་མེད་པ་དང་། རྟོགས་ན་ཐེག་ཆེན་གྱི་རྟོགས་པ་ཉིད་དུ་འགྱུར་བར་བཤད་པ་མངོན་རྟོགས་རྒྱན་དང་ཀླུ་སྒྲུབ་ཡབ་སྲས་དགོངས་པ་གཅིག་ཏུ་སྔ་རབས་པ་ཕལ་ཆེ་བས་བཞེད་དོ། །དེ་ལྟར་ཡང་མདོ་སྡེ་པད་དཀར་ལས། འོད་སྲུང་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་ན་མྱ་ངན་ལས་འདས་པ་ཡིན་ལ། དེ་ཡང་གཅིག་ཉིད་ཡིན་གྱི་གཉིས་དང་། གསུམ་ནི་མ་ཡིན་ནོ། །ཞེས་གསུངས་པ་འཇུག་འགྲེལ་དུ་ཡང་དྲངས་པར་མཛད་དོ། །དེས་ན་ཆོས་ཀྱི་དབྱིངས་བདེན་གཉིས་དབྱེར་མེད་མཉམ་པ་ཉིད་ཀྱི་དོན་མངོན་དུ་གཟིགས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་


MR14_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་གཞོལ་ན་ཡབ་སྲས་མཇལ་བའི་མདོ་ཡི་ལུང་དོན་བཀག་ནས་ཆད་སྟོང་དུ་སོང་བ་ཅང་འདུག་གམ། བདེན་གཉིས་དབྱེར་མེད་གཟིགས་པའི་གཟིགས་པ་མཐར་ཐུག་པའི་གནད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་འཐད་པ་ཡིན་ལ། །དེས་དོན་དམ་གཟིགས་པའི་ཆ་ནས་ཇི་ལྟ་བ་མཁྱེན་པ་དང་། ཀུན་རྫོབ་གཟིགས་པའི་ཆ་ནས་ཇི་སྙེད་པ་མཁྱེན་པར་འཇོག་སྟེ་ངོ་བོ་ལ་གཉིས་སུ་མེད་དོ། །ཡང་རྩོད་ཡིག་ཏུ། ཊཱི་ཀར། གནས་ལུགས་རྟོགས་པའི་བློ་དེ་ཇེ་བཟང་དུ་སོང་ཞེས་དང་། འོག་ཏུ་གནས་ཚུལ་ལ་བློ་ཞུགས་པར་བྱས་ན་ཞེས་དང་། གོང་དུ་སེམས་དང་ངག་གི་ཡུལ་དུ་གྱུར་པའི་ཆོས་དེ་ནི་བརྟག་ན་རྣམ་པར་དབེན་པ་སྒྱུ་མ་བཞིན་དུ་སྟོང་པ་ཡིན་གྱི་དཔྱད་བཟོད་པ་ནམ་ཡང་མི་སྲིད་དོ། །ཞེས་པ་ལྟར་ན། སྟོང་པ་ཉིད་ཀྱང་དེ་ལྟར་འགྱུར་ཏེ། རང་བཞིན་གྱིས་མེད་པའི་ཕྱིར། ཁོ་ན་རེ་སྒྲ་དང་བློས་བརྟག་ན་ཞེས་སྨྲས་ཤིང་། སྟོང་ཉིད་དེ་དག་གི་ཡུལ་མིན་ཟེར་བ། མ་ཚོར་རམ་ཞེས་བཞིན་རས་སྔར་ལས་ངན་མོད། སེམས་ཁོང་ནས་འཚུབས་པས་སྐད་གཟེངས་བསྐྱེད་དེ་སྨྲའོ། །བློའི་ཡུལ་དུ་ཁས་མ་བླངས་པའི་འགལ་ཁུར་མ་བཟོད་པའི་སྟེང་དུ། སླར་ཡང་སྒྲའི་ཡུལ་དུ་ཁས་མ་བླངས་པའི་འགལ་འདུ་སྤོས་ཀྱི་གླང་པོས་ཐེག་ཚད་གཅིག་ཀྱང་འགེལ་ཏེ། ཀྱེ་མ་རྒན་བུ་ལྔ་པའི་ལམ་དུ་བཏང་ན་དགེ་སྦྱོང་གི་ཚུལ་འཇིག་མོད། ད་རེས་འཛམ་གླིང་གི་མཁས་མི་མཁས་བགྲང་ཡས་པས་སྡིག་ཆེན་ཁུར་དུ་འཁྱེར་བའི་གྲོགས་དན་བྱེད་པར་འདུག་པས་མི་སྐྱོན་སྙམ་ནས་སེམས་དཔའ་བསྐྱེད་དེ་སྨྲས་པ། ཁྱོད་ཀྱིས་སྟོང་ཉིད་ཆེན་པོ་ཞེས་བརྗོད་པའི་སྒྲ་དེ་གང་གི་མིང་ཡིན་པ་སྨྲོས་དང་། ཁྱོད་ཀྱི་འདོད་ཕུག་ད་ལྟ་ཉིད་དུ་བུག་པར་འགྱུར་རོ། །ཡང་ཞི་བ་ལྷ་སོགས་ཀྱིས་དེ་ཉིད་རྩལ་དུ་འདོན་ཟེར་བ་གང་དུ་སོང་། རྩ་བར། གནོད་པའི་ཚོགས་རབ་འཕེལ་བའི་རྒྱུ་གཅིག་པུ། །བདག་གི་སྙིང་ལ་ངེས་པར་གནས་འཆའ་ན། །ཞེས་པ་ངེས་མོད། ཁྱེད་ལ་དེ་བས་ཀྱང་ལྷག་


MR14_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདི་ལྟར་འདོན་ཏེ། གནོད་བྱེད་རིགས་པའི་ཚོགས་འཕེལ་མོ་འདྲེ་ཞིག །ཀྱི་ཧུད་སྙིང་ལ་ནམ་ཞུགས་ཆ་ཡང་མེད། །ད་ནི་ཚེ་མཐར་བདེ་བའི་གོ་སྐབས་ཅི། །ཞེས་སོམས་ཤིག ཅེས་སྨྲས་པ་ལ། ལན་བསྟན་པ། འོ་འོ་ཇི་སྐད་བརྗོད་པ་དེ་ནི་བདག་ཅག་གིས་ཐོས་ན་དགའ་བ་ཇི་ལྟར་རྨ་བྱས་དབྱར་རྔ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བློ་གནས་ཚུལ་ལ་ཞུགས་པ་དང་། དེ་ཇེ་བཟང་དུ་འགྱུར་བ་སུས་ཀྱང་འདོད་དགོས་ལ། འདིར་བློ་འཇུག་ཡུལ་གྱི་སྟོང་ཉིད་དེ་བརྟག་ན་དབེན་ཞེས་སྨྲས་པས། སྟོང་ཉིད་ཀྱང་དེར་འགྱུར་ཏེ་ཞེས་པའི་སྟོང་ཉིད་ཀྱི་སྒྲས་བརྗོད་བྱ་དེ་ནི་བདེན་མེད་མེད་དགག་ལ་གོ་ནས་དེ་བརྟག་ན་དབེན་པའམ་རང་བཞིན་གྱིས་མེད་པ་ཡིན་ཟེར་བ་ནི། དེ་ལྟར་ཁོ་བོ་ཅག་གིས་ཇི་སྲིད་དུ་དམིགས་པ་དང་ཁས་ལེན་པ་དང་སྤྲོས་པ་དེ་སྲིད་དུ་རྣམ་པར་རྟོག་པའི་ས་ལས་མ་འདས་པར་མདོ་སྡེ་རྣམས་ཀྱིས་བསྟན་དོན་ལྟར་སྤྲོས་བྲལ་བསྒྲུབ་པ་ཡིན་པས་དེ་ལྟར་ངེས་པར་འདོད་དོ། །དེའི་ཕྱིར་བརྟག་ན་ཞེས་དང་། སྟོང་ཉིད་དེ་དག་གི་ཡུལ་མིན་ཞེས་པ་བརྟག་མ་བརྟག་གི་ཁྱད་པར་སོགས་དོན་མེད་ཀྱི་ངག་ཁྱོད་རང་གིས་བཀོད་ལ། སེམས་འཚུབས་ཤིང་བཞིན་རས་སྔར་ལས་ངན་ཞེས་རང་བློའི་རྣམ་རྟོག་གིས་བཏགས་པ་འབྲེལ་མེད་དེ། དགའ་བའི་བཞིན་རེས་སྔར་བས་རྒྱས་པ་ལས་ཅི་ཞིག་ཡོད། དེའི་ཕྱིར་གོང་དུ་ལེགས་པར་བསྟན་ཟིན་པ་ལྟར། སྤྲོས་བྲལ་ཁས་ལེན་མེད་པ་རྟོགས་པའི་བློ་དེའི་སྤྱོད་ཡུལ་ལ་སྒྲ་དང་ཚིག་གིས་སྒྲོ་བཏགས་ནས་ཡོད་མེད་སོགས་སུ་དཔྱད་པའི་ཡུལ་མ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་སོགས་རྒྱ་ཆེར་གསུངས་པ་གོང་དུ་དྲངས་ཟིན་པ་ལྟར་དམིགས་མེད་སྤྲོས་བྲལ་གྱི་དོན་ལ་བློས་དམིགས་པ་དང་སྒྲས་བརྗོད་དུ་མེད་པར་འདོད་ཟིན་པ་


MR14_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བློས་ཡུལ་མིན་པའི་སྟེང་དུ་སླར་ཡང་སྒྲས་ཡུལ་མིན་པའི་འགལ་འདུ་སྤོས་ཀྱི་གླང་པོས་ཐེག་ཚད་ཅི་ཞིག་འགེལ་ཏེ། ནམ་མཁའ་མཚོན་གྱིས་མི་ཆོད་པ་ལྟར་སོང་བས་རྣམ་པར་རྟོག་པས་སྒྲོ་བཏགས་ནས་བཀལ་བའི་ཁུར་དེ་དག་ཅི་ཙམ་ཡོད་ཀྱང་སླར་བསྣམས་པར་མཛོད་ཅིག །གནས་ལུགས་བརྗོད་བྲལ་ལ་སྟོང་མི་སྟོང་སོགས་ཐ་སྙད་ཀྱིས་སྒྲོ་འདོགས་པ་མེད་དེ། དེའི་ཕྱིར། ང་ལ་ཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་གནས་ལུགས་ནི་དམིགས་པ་ཅན་དང་ཁས་ལེན་ཅན་དག་གི་སྤྱོད་ཡུལ་མ་ཡིན་ཞིང་འཕགས་པ་རྣམས་ཀྱི་མཉམ་བཞག་གི་ཡུལ་སོ་སོ་རང་གིས་རིག་པར་བྱ་བ་ལ་སྟོང་མི་སྟོང་སོགས་ཁྱད་པར་དཔྱད་དུ་མེད་པར་འཇུག་འགྲེལ་ལས་གསུངས་པ་དྲངས་ཟིན་པ་བཞིན་ནོ། །དེས་ན་འདི་འདྲའི་སྟོང་ཉིད་སྤྲོས་བྲལ་གྱི་དབང་དུ་བྱས་ན་བརྟག་ན་ཞེས་སྦྱར་དོན་མེད་དེ། བརྟག་ཏུ་མེད་པ། བསྟན་དུ་མེད་པ། ཞེས་སོགས་སུ་འདོད་པས་ཅི་ཞིག་སྨྲ་བར་ནུས་ཏེ། རྒྱལ་བའི་སྲས་པོ་མི་གསུང་བཞུགས། །ཅེས་དང་། ཐམས་ཅད་ཀྱི་ཁ་ན་བྱང་བའི། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །སོགས་སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པའི་དོན་བཞིན་དུ་སྨྲ་བསམ་བརྗོད་བྲལ་ལ་སླར་ཡང་སྨྲ་རྒྱུ་ཞིག་ཇི་ལྟར་ཡོད། འོན་ཀྱང་དེ་ལྟ་བུའི་དོན་བདག་ཅག་གིས་འདི་ཞེས་ངེས་པ་མི་རྙེད་པས་མེད་དོ་ཞེས་བསམ་པར་མི་བྱ་སྟེ། མདོ་སྡེ་རྒྱན་ལས། དེ་ནི་སོ་སོ་རང་རིག་མེད་ན་ཇི་ལྟར་ངེས། །ཞེས་གསུངས་པ་ལྟར་སོ་སྐྱེ་ལས་དང་པོ་པས་མ་ཤེས་པར་ཟད་ཀྱི། སོ་སོ་རང་རིག་པས་རྟོགས་རྒྱུ་མེད་པ་ནི་མ་ཡིན་ཏེ། མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་པ་ལྟར་རོ། །འཇུག་འགྲེལ་དུ། དོན་དམ་པ་བསམ་པ་ལ་འཕགས་པ་རྣམས་ཁོ་ན་ཚད་མ་ཡིན་ནོ། །ཞེས་དང་། འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ།


MR14_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བླུན་པོ་ཚད་མར་རིགས་པ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །འོ་ན་ཁྱོད་ལྟ་བུ་སོ་སྐྱེ་ཐ་མལ་པས་དེ་ལྟ་བུ་ཁོང་དུ་ཆུད་པ་ལའང་སུ་ཞིག་གིས་ཡིད་རྟོན་སྙམ་ན། དེ་བདེན་མོད་ཟླ་བ་གྲགས་པས་ཀྱང་སྐྱེ་མེད་ཀྱི་གནས་ལུགས་བསམ་གྱིས་མི་ཁྱབ་པ་འཕགས་པ་རྣམས་ཀྱི་མངོན་སུམ་གྱི་ཡུལ་ཡིན་ཀྱང་རིགས་པའི་ལམ་གྱི་རྗེས་སུ་འབྲངས་ནས་དེའི་ཚུལ་རྗེས་སུ་དཔག་པར་གསུངས་པ་ལྟར། ལུང་དང་བླ་མའི་མན་ངག་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར་བདག་ཅག་གིས་ཀྱང་རྗེས་སུ་དཔག་པའི་སྒོ་ནས་ངེས་པ་ཅུང་ཟད་སྐྱེས་ནས་བརྗོད་པ་ཡིན་གྱི། བསམ་མིན་གྱི་བྱེད་པ་པོ་ཁས་བླངས་པ་དང་། བརྗོད་མེད་ཀྱི་བདག་འདོད་པ་ལྟར་བྲག་ཆའི་རྗེས་ཟློས་ཙམ་ནི་མ་ཡིན་ནོ། །དེས་ན་ཤེར་མདོ་སོགས་བརྗོད་བྲལ་སྟོན་པའི་བཀའ་དང་། །བསྟན་བཅོས་རྣམས་དང་། བླ་མའི་མན་ངག་དང་། རང་གི་རིགས་པ་ཚུལ་བཞིན་བསམ་པའི་རྒྱུ་མཚན་ཅན་གྱི་བློས་སྟོང་ཉིད་སྤྲོས་བྲལ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་སོ་སོའི་སྐྱེ་བོའི་ས་ན་ཡོད་ཅེས་འདོད་དོ། །བློ་དང་སྒྲའི་ཡུལ་མིན་པ་ནི་དམིགས་པ་ཅན་མིན་པར་གོང་དུ་བསྟན་ཟིན་པས་སླར་ཟློས་མ་དགོས་སོ། །དེ་ལྟར་རྗེ་ཙོང་ཁ་པས་ཀྱང་མི་བཞེད་པ་མ་ཡིན་ཏེ། རེད་མདའ་བར་ཕུལ་བའི་ཤོག་དྲིལ་དུ། རྣམ་གྲངས་མིན་པ་ལ་སོ་སྐྱེས་དང་པོ་ནས་འཇུག་མི་ནུས་པས། དེ་ལ་འཇུག་པའི་ཐབས་སུ་རྟེན་འབྲེལ་རང་བཞིན་མེད་པ་སོགས་རྣམ་གྲངས་པའི་དོན་དམ་གནས་ལུགས་སུ་ཞེན་ནས། དཔྱད་སྒོམ་གྱིས་ཞུགས་པས་རྣམ་གྲངས་མིན་པའི་དོན་དམ་མངོན་སུམ་ཐོབ་པར་གསུངས་པ་དང་། དེས་ན་སྒོམ་དུ་མ་ཟད་ལྟ་བས་གཏན་ལ་འབེབས་ནའང་རྣམ་གྲངས་མིན་པའི་དོན་དམ་ལྟར་བྱེད་ན། གང་གིས་བཤད་ནས་གང་གིས་ཉན་སུས་གོ། འོན་ཀྱང་ལྟ་བའི་གོ་ཡུལ་ཡང་བཙལ་དགོས་ཞེས་དང་། དེའི་ཕྱིར་ཐལ་འགྱུར་པའི་འཕགས་པ་ཆེན་པོ་རྣམས་ལ་མཉམ་བཞག་ན་


MR14_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་ལེན་ཐམས་ཅད་ཞིག་པས་རྣམ་གྲངས་མིན་པའི་དོན་དམ་དང་མཉམ་བཞག་ཁྱད་མེད། རྗེས་ཐོབ་ན་རྟེན་འབྲེལ་གཟུགས་བརྙན་ལྟ་བུ་རྣམ་གྲངས་པའི་དོན་དམ་བདེན་པ་དགག་ཏུ་མེད་པར་འཆར་བས། སོ་སྐྱེ་ཐལ་འགྱུར་པས་ཀྱང་རང་བཞིན་མེད་པའི་རྟེན་འབྲེལ་གཟུགས་བརྙན་ལྟ་བུ་ངེས་པར་གནས་ལུགས་ལའང་འདོད་དགོས། དེ་ལྟར་ཁས་བླངས་ཀྱང་རེ་ཞིག་ལ་སྐྱོན་དུ་མི་འགྱུར་ཞེས་གསུངས་ཤིང་། རྣམ་གྲངས་མིན་པ་འཕགས་པའི་ཡུལ་ཡིན་པར་གསུངས་པ་འདི་དག་ཕྱིས་རྩོམ་གྱི་ནང་ཚན་རྗེ་བཙུན་འཇམ་དབྱངས་ཀྱིས་གདམས་པར་གསུངས་པ་འདིས། དེང་སང་གི་བརྗོད་ཚུལ་ལྟར་མེད་དགག་འབའ་ཞིག་སྟོང་ཉིད་མཐར་ཐུག་ཏུ་མི་བཞེད་པར་གསལ་ཏེ། རང་བཞིན་མེད་པའི་རྟེན་འབྲེལ་གཟུགས་བརྙན་ལྟ་བུ་བདེན་གཉིས་ཟུང་འཇུག་དེ་དངོས་པོའི་གནས་ལུགས་སུ་ཁས་བླངས་ཀྱང་། རེ་ཞིག་སྤྲོས་བྲལ་དུ་མ་སོང་ཡང་དངོས་པོའི་གནས་ལུགས་བདེན་གཉིས་ཟུང་འཇུག་ཡིན་པས་འགལ་བ་མེད་ཚུལ་གསུངས་པ་འདི་ནི་དེ་ཁོ་ན་ལྟར་ངེས་ཤིང་། གསུང་གཞན་རྩ་འཇུག་གི་ཊཱི་ཀ་སོགས་སུ་ཡང་རང་བཞིན་མེད་པ་དང་། རྟེན་འབྱུང་འགལ་མེད་དོན་གཅིག་ཏུ་འཆར་ཚུལ་གསུངས་པས་བདག་ཅག་གིས་ཀྱང་ལེགས་པར་བཤད་པ་དེ་དག་ལ་བརྟེན་ནས་བདེན་གཉིས་ཟུང་འཇུག་ལ་ཡིད་ཆེས་སྐྱེས་པ་ཡིན་གྱི། ཚུལ་དེས་གནས་ལུགས་མེད་དགག་འབའ་ཞིག་ཏུ་གོ་བ་གཏན་ནས་ཁེགས་པར་སོང་ངོ་། །དེ་འདྲའི་སྟོང་རྟེན་འབྱུང་ཟུང་འཇུག་འདུ་འབྲལ་མེད་པར་གོ་ན། དེ་ལ་གོམས་པས་སྤྲོས་བྲལ་ལ་ངེས་པ་རང་ཤུགས་ཀྱིས་སྐྱེ་བ་འོང་ཞིང་། །མེད་དགག་འབའ་ཞིག་ལ་མཉམ་བཞག་ཅི་ཙམ་གོམས་ཀྱང་སྤྲོས་བྲལ་ལ་ངེས་པ་འདྲེན་མི་ནུས་པར་མཐོང་སྟེ། དངོས་པོའི་གནས་ལུགས་སྣང་སྟོང་ཡ་མ་བྲལ་བ་ཡིན་པ་ལ། ཡ་གྱལ་གཅིག་ཏུ་བཟུང་བས་ནམ་ཡང་མེད་དགག་གི་སྤྲོས་པ་


MR14_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཞིག་པར་མཐོང་ངོ་། །དེས་ན་ལྟ་མགུར་དུ། འཇམ་དཔལ་སྙིང་པོ་ཡིས་བྱ་ཞིག་བཏང་བས་ཞེས་པ་ལྟར་ལེགས་པར་བསམ་ན་སྔ་ཕྱིའི་མཁས་པ་རྣམས་ཀྱི་མཐར་ཐུག་གི་དགོངས་པ་གཅིག་ཏུ་འཆར་ཞིང་། དེ་ལྟ་ན་གསུང་རབ་ཀྱི་དོན་ཐམས་ཅད་འགལ་མེད་དུ་རྟོགས་པར་མཐོང་ལ་གནས་སྐབས་དང་མཐར་ཐུག་གི་དོན་ཆེ་བ་ཡོད་པར་སེམས་ཀྱང་གཞན་དག་ལ་ཅི་ཆ། འདི་ན་སུ་ཞིག་རྒན་བུ་ལྔ་ལམ་དུ་བཏང་བ་ཕར་ཞོག་མི་དགའ་བ་ཙམ་ཡང་མེད་པར་མ་ཟད། རྣམ་གྲོལ་དོན་གཉེར་ཅན་དག་གིས་དེ་ཁོ་ན་ཉིད་ཚོལ་བའི་འབེལ་གཏམ་མཛད་པ་ནི། ཉིད་ཀྱི་སྔར། འཇམ་དབྱངས་མཁྱེན་པའི་གཟི་འོད་རྟག་འབར་ཞིང་། །ཕྲ་ཞིབ་རིགས་པའི་ངར་ལྡན་སྦས་པའི་མཚོན། །བལྟ་བར་བསྐུལ་བ་གནས་ཚུལ་གསལ་བའི་མིག །ལྡོང་བའི་སྐལ་བར་རིངས་པའི་སྦྱོར་བ་བསྟེན། །ཞེས་གསུངས་པ་ལྟར་འགྱུར་བའི་ཕྱིར་རོ། །ཡང་ཁྱོད་ཀྱིས་སྟོང་ཉིད་ཆེན་པོ་ཞེས་བརྗོད་པའི་སྒྲ་དེ་གང་གི་མིང་ཡིན་པ་སྨོས་དང་། ཁྱོད་ཀྱི་འདོད་ཕུག་ད་ལྟ་ཉིད་དུ་བུག་པར་འགྱུར་རོ་ཞེས་སྨྲས་པ་ལ། མི་ཚེ་རིལ་པོར་སྟོང་ཉིད་ལ་བློ་སྤྱངས་ཀྱང་སྟོང་ཉིད་ཆེན་པོ་ཕྱོགས་གར་ཡོད་མ་འཚལ་བར། ངེད་ཀྱིས་སྨྲ་གོས་པ་མི་སྲིད་མོད་ཀྱི། འདོད་ཕུག་ཐག་ཆོད་རྒྱུ་ཡོད་ན་འདི་ལྟར་སྨྲ་སྟེ། །འདིར་གཅིག་དུ་བྲལ་སོགས་ཀྱི་རིགས་པས་དངོས་པོ་གང་ལ་ཡང་དཔྱད་བཟོད་དུ་གྲུབ་པ་རྡུལ་ཙམ་མ་མཐོང་བ་དེའི་ཚེ། དཔྱད་བཟོད་དུ་མེད་པ་དེ་ཉིད་བདེན་སྟོང་དུ་གོ་ནས། དེ་འདྲའི་སྟོང་པ་དང་སྣང་བ་གཉིས་ཐ་དད་ཡ་བྲལ་དུ་མ་སོང་བར་སྣང་བ་ཉིད་སྟོང་པ། སྟོང་པ་ཉིད་སྣང་བ་སྟེ། སྣང་སྟོང་ཟུང་འཇུག་ཏུ་གོ་བ་དེའི་ཚེ་སྟོང་པ་ཉིད་རྟེན་འབྱུང་དུ་ཤར་བ་སོགས་ཐ་སྙད་ཅི་བཏགས་ཀྱང་དོན་ལ་སྟོང་ཉིད་བཞི་སྦྱོར་གྱི་དགོངས་པར་གོ་ཞིང་། དེ་འདྲའི་ཟུང་འཇུག་དེ་དངོས་པོའི་གནས་


MR14_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སུ་བྱས་ན། དེའི་དོན་ལ་གོམས་པའི་ཚེ་ན། སྣང་ཞེས་དེ་འཛིན་པའི་བློ་གཅིག་དང་། སྟོང་ཞེས་དེ་འཛིན་པའི་བློ་རེས་འཇོག་གཉིས་ཀྱིས་སོ་སོར་འཛིན་མ་དགོས་པར་སྣང་སྟོང་དབྱེར་མེད་ཀྱི་དོན་ལ་ངེས་པ་སྐྱེས་ཏེ། དེའི་ངང་དུ་གོམས་པའི་མཐུས། སྣང་བ་དང་སྟོང་པ་སོགས་ཕྱོགས་རེ་བའི་དམིགས་པ་དང་ཁས་ལེན་ཐམས་ཅད་དང་བྲལ་ཏེ། ཁས་ལེན་མེད་ཀྱང་དངོས་པོའི་གནས་ལུགས་ལ་དེ་ལས་གཞན་དུ་མི་འདུག་གོ་སྙམ་པའི་ངེས་ཤེས་ཁྱད་པར་ཅན་སྐྱེ་རྒྱུ་ཡོད་པ་འདི་ཙམ་ཞིག་མྱོང་བ་དེ་ཚིག་གི་ལམ་ནས་མཚོན་ནུས་ཀྱི། སྤྲོས་བྲལ་རྗེས་མཐུན་པ་མྱོང་ཚུལ་ནི་ཚིག་གིས་མཚོན་ནས་བསྟན་མི་ནུས་ཏེ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས་ཞེས་སོགས་གསུངས་པ་ལྟར། རྫོགས་ཆེན་སོགས་སྔགས་ཀྱི་མན་ངག་ཐེབས་པ་དང་། ཐབས་ཀྱིས་དཔེ་དོན་གྱི་ཡེ་ཤེས་དྲངས་པ་རྣམས་ལས་བདག་ལྟ་བུ་ཚིག་གི་ལམ་ལ་བརྟེན་ནས་རྗེས་དཔག་གིས་དཔྱད་པ་གཙོ་བོར་བྱེད་པ་རྣམས་ཀྱི་ཡུལ་མ་ཡིན་ནོ། །འོན་ཀྱང་བདེན་གཉིས་ཟུང་འཇུག་གོང་ན་མདོ་ཙམ་སྨོས་པ་དེས་སྤྲོས་བྲལ་གྱི་འཇུག་ངོགས་ཙམ་མཚོན་ནུས་ལ། དེ་འདྲའི་གོ་མྱོང་ཕྲ་མོ་ཙམ་སྐྱེས་པའི་དུས་ན་ཡང་བདེན་གཉིས་ཐ་དད་པའི་ཚུལ་དུ་དཔྱད་པའི་གོ་ཡུལ་ཙམ་ལས་ཆེས་ལྷག་པའི་བདེན་མེད་ལ་ངེས་ཁ་སྐྱེ་ཚུལ་ཁྱད་པར་ཅན་འབྱུང་བར་མཐོང་གི་བདེན་མེད་ཀྱི་འཛིན་སྟངས་ཁོ་ན་ཆེད་དུ་བྱ་མི་དགོས་པར་མཐོང་ངོ་། །བདག་ཅག་གིས་ནི་ཚུལ་འདི་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་པ་མཐར་ཐུག་ཏུ་གོ་སྟེ། སྣང་བ་རྟེན་འབྱུང་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཆར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན། །དེ་ཚེ་


MR14_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་གསུངས་པ་ལྟར། ནམ་ཞིག་སྣང་སྟོང་རེས་འཇོག་གི་ཚུལ་དུ་འཛིན་མ་དགོས་པར། བདེན་གཉིས་ཡེ་ནས་འདུ་འབྲལ་མེད་པའི་གནད་ཀྱིས། རྟེན་འབྱུང་བསླུ་མེད་ཀྱི་སྣང་བ་ཡིན་པར་མཐོང་བ་ཙམ་ནས། ཟུང་འཇུག་མཐའ་བྲལ་གྱི་གནས་ལུགས་ལ་ངེས་ཤེས་སྐྱེས་ཏེ། སྟོང་མི་སྟོང་སོགས་དམིགས་པའི་གཏད་སོའི་ཡུལ་གྱི་འཛིན་སྟངས་ཐམས་ཅད་ཞིག་པའི་སྤྲོས་བྲལ་རྗེས་མཐུན་པ་དེ་ལྟ་བུ་གོ་ན་ལྟ་བའི་དཔྱད་པ་རྫོགས་པ་ཡིན་གྱི། དེ་བས་ལྷག་པོར་དཔྱད་དུ་མེད་དེ་གནས་ལུགས་ཟུང་འཇུག་གི་དོན་གོ་བ་ཡིན་པས། དེའི་ངང་དུ་གོམས་པས་འཕགས་པའི་ཡེ་ཤེས་འདྲེན་པར་འགྱུར་བ་ཉིད་དུ་གསུངས་པ་གོར་མ་ཆག་སྙམ་དུ་སེམས་ཀྱང་། དེ་ལྟར་བཤད་པ་ལ་དེང་སང་རྗེའི་བརྒྱུད་འཛིན་རྣམས་ཀྱིས་དེ་འདྲའི་འཁྱོགས་བཤད་ཀྱིས་རྗེའི་དགོངས་པ་བསླད་པ་ཡིན་ཞེས་ཕྱོགས་ཐམས་ཅད་ནས་དགག་པ་མང་དུ་བྱུང་བས་རྗེའི་བརྒྱུད་འཛིན་དག་གིས་རྗེ་བླ་མའི་དགོངས་པ་མི་མཁྱེན་པར་གཞན་ཞིག་གིས་ཤེས་སོ་ཞེས་སྨྲ་བར་མི་རིགས་པས་འོ་ན་དེ་ལྟར་མཛོད་ཅིག་ཅེས་ཞུ་བ་ལས་ཅི་ཡོད། གལ་ཏེ་དེ་འདྲ་རྒྱལ་བ་སྲས་བཅས་ཀྱི་རིང་ལུགས་དང་རྗེ་བླ་མའི་བཞེད་པ་ཡིན་ན། དེ་ལྟར་འཛིན་པ་དེ་ནི། རྗེ་ཙོང་ཁ་པ་ཆེན་པོའི་གསང་མཛོད་བསྲུང་བ་དང་། གཞན་དག་ཕྱིའི་གཉེར་ཁ་བ་ཙམ་དུ་སོང་ཀྱང་དེ་ལྟར་ཤེས་མཁན་སུ་ཞིག་ཡོད། རྗེ་ཉིད་ཀྱི་ཞལ་ནས། རང་བཞིན་མེད་པའི་རྟེན་འབྱུང་གཟུགས་བརྙན་ལྟ་བུ་ལ་གནས་ལུགས་སུ་ཞེན་ནས་བསྒོམ་པས་སྤྲོས་བྲལ་རྣམ་པར་མི་རྟོག་པ་འཕགས་པའི་ཡེ་ཤེས་འདྲེན་པར་གསུངས་པ་དང་། རེ་ཞིག་ཅེས་པའི་རྣམ་བཅད་ཀྱང་དོན་ཡོད་པ་དང་། རྣམ་གྲངས་མིན་པའི་དོན་དམ་གྱི་རང་མཚན་འཕགས་པ་ཁོ་ནའི་ཡུལ་དུ་གསུངས་པ་སོགས་


MR14_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཤེས་ནུས་མོད་ཀྱང་དམ་པ་མཆོག་དེའི་གསུང་གི་ལུང་རྣམས་མང་དུ་མ་སྤྲོས་ཏེ། ཁབ་མགར་གྱི་ཁྱིམ་དུ་ཁབ་བཙོང་པའི་དཔེ་ལྟར་སྨྲོས་མི་དགོས་པའི་ཕྱིར་རོ། །འོ་ན་རྗེའི་ཕྱིས་རྩོམ་རྣམས་སུ་མདོ་སྡེ་རྣམས་ཀྱི་དངོས་བསྟན་གྱི་དོན་ཙམ་ལ་ངེས་པ་མ་སྐྱེས་པར་དང་པོ་ནས་ཅིར་ཡང་མི་འཛིན་པ་མི་བྱ་བར་གསུངས་པ་དང་། ཅིར་ཡང་མི་འཛིན་པ་ཙམ་གྱི་ངང་དུ་འབྱམས་ཀྱང་དེས་གནས་ལུགས་རྟོགས་པའི་གོ་མི་ཆོད་པས། བདེན་མེད་ཀྱི་འཛིན་སྟངས་དགོས་པར་མ་གསུངས་སམ་ཞེ་ན། གསུངས་མོད་དེ་ནི་དེ་བཞིན་དུ་བདག་ཅག་གིས་ཀྱང་འདོད་དེ། མདོ་ལམ་གྱི་སྟོང་ཉིད་ལ་ངེས་ཤེས་སྐྱེ་བ་ལ་དཔྱད་པ་རྫོགས་དགོས་ཀྱི་མཐའ་བྲལ་བརྗོད་བྲལ་གྱི་ཚིག་ཙམ་ལ་བློའི་རྟེན་བཅས་ནས་ཅིར་ཡང་མི་འཛིན་པ་དེ་དག་མཐའ་བཞི་བྲལ་ཚུལ་གྱི་ངེས་ཤེས་མ་སྐྱེས་པར་མཐའ་བཞི་བཀག་པའི་དགག་རྟོག་ཙམ་ལ་གནས་པའི་ཕྱིར། གནས་ལུགས་ནི་ཤེས་རྒྱུ་ཞིག་མ་ཡིན་ཞེས་པ་ཙམ་ལས། གནས་ལུགས་ཀྱི་དོན་ལ་ངེས་ཤེས་ཅུང་ཟད་ཀྱང་སྐྱེ་དཀའ་བས་དེ་ཙམ་གྱིས་གནས་ལུགས་རྟོགས་པའི་གོ་ཅི་ཡང་མི་ཆོད་དེ། ༧རྒྱལ་དབང་ཀློང་ཆེན་རབ་འབྱམས་ཀྱི་ཞལ་སྔ་ནས་ཀྱང་། ཚུལ་འདི་མི་ཤེས་སྟོང་པ་ཕྱང་ཆད་པ། །ཚིག་ཏུ་ཡོད་མེད་མཐའ་བྲལ་ཞེས་སྨྲ་ཡང་། །བྲལ་གཞི་མི་ཤེས་སྲིད་རྩེའི་ལྟ་བ་ཅན། །བསྟན་པ་འདི་ལས་ཕྱི་རོལ་གྱུར་པའི་ཕྱིར། །ནམ་མཁའི་ཡིད་ཅན་ཐལ་བས་བྱུགས་པར་རུང་། །ཞེས་གསུངས་སོ། །དེའི་ཕྱིར་མཐའ་བྲལ་བར་སྐད་ཀྱང་མཐར་འཛིན་ལ་གནས་པ་དེ་ལས། རིགས་པས་དཔྱད་པས་བདེན་མེད་དུ་བཟུང་ནས་དེ་དང་ཐ་སྙད་ཀྱི་སྣང་བ་ཟུང་འཇུག་ཏུ་གོ་ན། གནས་ལུགས་སྤྲོས་བྲལ་ལ་ངེས་པ་འདྲེན་ནུས་པའི་ཕྱིར་རོ། །དེ་ལྟར་ཅིར་ཡང་མི་འཛིན་པའི་བློ་ཡིན་ཚད་ཧ་ཤང་གི་ལྟ་བ་མ་ཡིན་ཏེ། རྒྱ་ནག་དགེ་སློང་དེས་སྤྲིན་དཀར་ནག་གང་ཡང་ནམ་མཁའ་


MR14_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྒྲིབ་པ་ལྟར་རྣམ་རྟོག་གང་ཡང་མི་བྱ་བར་ཙོམ་མེར་བཞག་པ་དེ་ཁོ་ན་ལས་ཐབས་ཀྱི་ཕྱོགས་ཐམས་ཅད་མི་དགོས་པའི་དཀར་པོ་གཅིག་ཐུབ་ཏུ་བཤད་ཅེས་སྔར་གྱི་དཔེ་རྣམས་སུ་སྣང་བས། དེ་འདྲའི་ལམ་དེས་གནས་ལུགས་ལ་ངེས་ཤེས་སྐྱེ་མི་ནུས་ཏེ། འཇིག་རྟེན་པ་དག་སྟོང་ཉིད་བསྒོམ་ན་ཡང་། །ཞེས་སོགས་ཀྱི་ལུང་དོན་བཞིན། ཧ་ཤང་གི་ལུགས་དེ་ཀ་མ་ལ་ཤཱི་ལས་བཀག་ནས། རང་ལུགས་ལ་དཔྱད་པས་དྲངས་པའི་ངེས་ཤེས་ཀྱི་སྒོ་ནས་མཐར་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་ཚུལ་སྒོམ་རིམ་གསུམ་དུ་གསལ་བ་ལྟར་རོ། །དེར་མ་ཟད་འཕགས་ཡུལ་པཎ་གྲུབ་ཆེན་པོ་རྣམས་ཀྱི་དབུ་མའི་སྒོམ་རིམ་ཚད་ལྡན་འདི་སྙེད་ཅིག་བོད་དུ་བཞུགས་པ་འདི་དག་དབུ་མའི་སྒོམ་ཚུལ་མཁྱེན་པའི་བསྟན་བཅོས་ཡང་དག་དང་དམ་པའི་མན་ངག་ཉིད་དུ་འདོད་དགོས་པར་མངོན་ནོ། །དེང་སང་ནི་བློས་ཅིར་ཡང་མ་བཟུང་ཕན་ཆོད་ཧ་ཤང་གི་ལུགས་ཡིན་པར་བྱས་ནས་དེ་ལ་ཆད་ལྟའོ་ཞེས་ཟེར་ཀྱང་། ཧ་ཤང་གིས་ཅིར་ཡང་འཛིན་པར་མི་བྱའོ་སྙམ་དུ་འཛིན་པ་དེ་འཛིན་པ་ལས་མ་འདས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཕྱོགས་སུ་མ་ཕྱིན་ཀྱང་ཆད་ལྟ་ཞེས་བརྗོད་པ་དོན་མེད་དེ། ཆད་ལྟ་ནི་རྒྱུ་འབྲས་སོགས་ཡོད་པའི་དོན་ལ་སྐུར་འདེབས་ཀྱི་འཛིན་སྟངས་ཅན་དུ་ངེས་ལ། ཅིར་ཡང་མ་བཟུང་བ་ལ་ཅི་ཞིག་ཆད་པར་ལྟ། དེའི་ཕྱིར་ཧ་ཤང་གི་ལུགས་དེ་ལ་ཆད་ལྟ་ཞེས་བརྗོད་པ་ནི། ལྟ་བའི་ཐད་ནས་བརྗོད་པ་མ་ཡིན་ཏེ། ཅི་ཡང་མི་འཛིན་པ་དེ་ལས་གཞན་སྦྱིན་སོགས་ལམ་གྱི་རྣམ་པ་ཀུན་མི་དགོས་པར་འདོད་པ་དེའི་ཆ་ནས་ཆད་ལྟར་བཏགས་པ་ཡིན་ཀྱང་དེང་སང་འཛིན་མེད་ལ་ཆད་ལྟར་བརྗོད་པ་དེ་དག་གིས་ནི་ཆད་ལྟ་ཁོ་རང་ཡང་ངོས་ཟིན་མི་སྣང་ན། ཆད་ལྟ་ཡིན་མིན་ག་ལ་ཤེས། ཕྱིས་ཀྱི་མཁས་པ་དག་གིས་བདེན་མེད་འབའ་


MR14_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ཏུ་འཛིན་པ་ལ་ཆད་ལྟ་ཞེས་རྒོལ་ཀྱང་། བདེན་མེད་དུ་འཛིན་པ་ལ་ཆད་ལྟའི་སྐྱོན་ཅུང་ཟད་མེད་ཀྱང་། ཐ་སྙད་དཔྱད་བཟོད་མེད་པ་ལ་བདེན་སྟོང་དུ་མ་གོ་བར་དགག་བྱ་ཡན་གར་བ་བཀག་པའི་བདེན་མེད་དང་དེ་ལ་གནས་ལུགས་མཐར་ཐུག་ཏུ་བཟུང་ན་གནས་ལུགས་ནི་སྟོང་རྐྱང་འབའ་ཞིག་ཏུ་སོང་བས་ཀུན་རྫོབ་ཀྱི་ཕྱོགས་སྤང་བའི་ཆད་ལྟར་འགྱུར་རོ། །དེས་ན་རིགས་པའི་དཔྱད་པས་དྲངས་པའི་མཐའ་བྲལ་གྱི་གནས་ལུགས་གོ་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་དྲངས་ཏེ་ཅིར་ཡང་མི་འཛིན་པ་ལ་ཧ་ཤང་གི་ལྟ་བ་དང་ཆད་ལྟའི་དྲི་ཙམ་ག་ལ་བྲོ་སྟེ། ལྟ་བ་ངན་པ་ཐམས་ཅད་ཀྱི་གཉེན་པོ་བླ་ན་མེད་པ་ཡིན་ནོ། །དེ་ལྟ་མ་ཡིན་པར་དམིགས་པ་ཅི་ཡང་མི་འཛིན་ཚད་ཧ་ཤང་གི་ལྟ་བ་ཡིན་ན། འཕགས་པའི་མཉམ་བཞག་གཟུང་འཛིན་མེད་པ་དང་། སངས་རྒྱས་ཀྱི་སར་གནས་སྣང་གི་བག་ཆགས་ཕྲ་བ་ཡང་མེད་པའི་གཉིས་མེད་ཡེ་ཤེས་ཆེན་པོའང་དེར་ཐལ་བར་ཁས་ལེན་དགོས་ལ། དེ་ལྟར་ན་སོ་སྐྱེའི་གནས་སྐབས་སུ་ལྟ་བ་གཏན་ལ་ཕབ་ཅིང་སྒོམ་པའི་གྲུབ་འབྲས་སུ་དབུ་མའི་རྣལ་འབྱོར་པ་ཐམས་ཅད་ཧ་ཤང་གི་ལྟ་བ་ཅན་དུ་འགྱུར་བར་སྨྲ་ན་དེ་ལས་འགལ་འདུ་ཆེ་བའི་ཁས་ལེན་ཅི་ཞིག་ཡོད། སྔགས་ཀྱི་མན་ངག་རྣམས་སུ་ཅིར་ཡང་མི་འཛིན་པར་འཇོག་པ་ཡོད་ཀྱང་། དེ་བཞག་ཐབས་ཙམ་ཡིན་གྱི་ལྟ་བ་དང་ཡེ་ཤེས་གང་ཡང་མིན་ལ། བཞག་ཐབས་དེའི་ཚུལ་གྱིས་བླ་མའི་མན་ངག་ལ་བརྟེན་ན་མི་རྟོག་པའི་ཡེ་ཤེས་འབྱུང་བ་ཡོད་དེ། དཔལ་རྣལ་འབྱོར་གྱི་དབང་ཕྱུག་ས་ར་ཧའི་དོ་ཧ་སྙིང་པོ་རྡོ་རྗེའི་གླུ་ལས། བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །བསམ་མེད་བུ་ཆུང་ཚུལ་དུ་གནས་བྱ་ཞིང་། །བླ་མའི་ལུང་ལ་བསྒྲིམ་སྟེ་རབ་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་གསུངས་པ་བཞིན་ནོ། །དེའི་ཕྱིར་རྒྱལ་ཚབ་ཆེན་པོས་ཆོས་ཉིད་རྣམ་འབྱེད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ། འཇུག་པ་རྣམ་པ་དྲུག་གི་སྒོ་ནས་


MR14_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་སྐབས་སུ། དམིགས་པ་ཐེག་ཆེན་ནས་བསྟན་པའི་དོན་ལ་མོས་ཤིང་། ཚོགས་བསགས་པ། མཚན་མ་ནི་མི་མཐུན་ཕྱོགས་དང་། གཉེན་པོ་དང་། ཡུལ་དེ་ཁོ་ན་ཉིད་དང་། ཡུལ་ཅན་རྟོགས་པ་ལ་མཚན་མར་ཞེན་པ་སྤང་བ། གཟུང་འཛིན་གཉིས་མི་དམིགས་པ་ཡང་དག་པའི་སྤྱོར་བ་ཆོས་ཉིད་བརྗོད་མེད་ལ་གནས་པ། དེ་ལས་མཉམ་རྗེས་སྣང་མེད་དང་སྣང་བཅས་འབྱུང་ཚུལ་གྱི་མཚན་ཉིད་དང་། དེའི་ཕན་ཡོན། གོང་ན་མེད་པའི་བདེ་བ་དང་ཆོས་སྐུ་ཐོབ་ནས་ཤེས་བྱ་ཐམས་ཅད་གཟིགས་ཤིང་ཆོས་སྟོན་པར་གསུངས་ནས། དྲུག་པ་ཡོངས་སུ་ཤེས་པ་ལ་འཇུག་པ་ཡང་བཞིར་བཤད་དེ། དང་པོ་གཉེན་པོ་ཡོངས་སུ་ཤེས་པ་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་དེ། ཆོས་སུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་དང་། སྐྱེ་བ་དང་འགག་པར་ཡོངས་སུ་གྱུར་པར་འཛིན་པ་དང་། ཆོས་ཅན་དང་ཆོས་ཉིད་ཐ་དད་དུ་འཛིན་པ་དང་། ཐ་སྙད་དུ་མེད་པའི་སྐུར་འདེབས་དང་རྣམ་པ་ལྔའི་གཉེན་པོ་ཉིད་དུ་གསུངས་ཤིང་། མི་རྟོག་ཡེ་ཤེས་ཀྱི་མཚན་ཉིད་ཡོངས་སུ་ཤེས་པའང་རྣམ་པ་ལྔས་བསྟན་ཏེ། དེ་ཡང་མི་རྟོག་ཡེ་ཤེས་ནི་འདི་ལྟ་བུའོ་ཞེས་སྒྲུབ་པའི་སྒོ་ནས་ཇི་བཞིན་བསྟན་དུ་མེད་པས། དེའི་མི་མཐུན་ཕྱོགས་དགག་པའི་སྒོ་ནས་བསྟན་པ་དེ་ལྔ་པོ་དང་བྲལ་བའི་མི་རྟོག་ཡེ་ཤེས་ཀྱིས་ཅིར་ཡང་མི་རྟོག་པའི་ཚུལ་ཁོང་དུ་ཆུད་པའི་ཕྱིར་གསུངས་པ། ཡིད་ལ་མི་བྱེད་ཡང་དག་འདས། །ཉེ་བར་ཞི་དང་ངོ་བོའི་དོན། །མངོན་རྟགས་འཛིན་པ་རྣམ་པ་ལྔ། །སྤངས་པའི་རང་གི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་དེའི་དོན་ནི། འཇིག་རྟེན་ཐ་སྙད་ཀྱི་སྤྲོས་པ་སྟེ་སྒྲ་དོན་འདྲེས་འཛིན་གྱི་སྒོ་ནས་ཡིད་ལ་མི་བྱེད་པ་ཙམ་མི་རྟོག་ཡེ་ཤེས་མ་ཡིན་ཏེ་བྱིས་པ་ཆུང་ངུའི་ཤེས་པ་བཞིན་ནོ། །རྩིང་ཞིབ་ཀྱི་རྣམ་པའི་རྟོག་དཔྱོད་


MR14_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པ་ཙམ་གྱིས་དེ་མ་ཡིན་ཏེ། བསམ་གཏན་གཉིས་པ་ཡན་ཆད་ཀྱི་ཤེས་པ་བཞིན་ནོ། །རྣམ་པར་རྟོག་པ་ཉེ་བར་ཞི་བ་ཙམ་གྱིས་ཀྱང་དེ་མ་ཡིན་ཏེ། འགོག་སྙོམས་སོགས་སེམས་མེད་ཀྱི་གནས་སྐབས་བཞིན་ནོ། །ངོ་བོ་ཉིད་རྟོག་གམ་སེམས་ཀྱི་རྟོག་པ་གཏན་མེད་པའི་མི་རྟོག་པའི་ངོ་བོ་ཉིད་དུ་གྱུར་པས་ཀྱང་དེ་མ་ཡིན་ཏེ། མིག་སོགས་དབང་པོ་བཞིན་ནོ། །རྣམ་པར་རྟོག་པ་མི་བྱའོ་སྙམ་དུ་མངོན་རྟགས་སུ་འཛིན་པའམ་བཀྲ་བར་འཛིན་པ་ཙམ་ཞིག་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་ཡིན་ཏེ། མངོན་རྟགས་སུ་འཛིན་པ་དེ་ཉིད་མཚན་མར་འཛིན་པ་ཡིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གཉིས་པས་འགྲེལ་པར་གསུངས་པ་ལྟར་ན་མི་རྟོག་ཡེ་ཤེས་ནི་ཅིར་ཡང་མི་རྟོག་པ་ཡིན་མོད་ཀྱི་བཤད་མ་ཐག་པའི་ལྔ་པོས་མི་རྟོག་པ་དང་མི་མཚུངས་པར་གསུངས་པ་འདི་དག་གིས་རྒྱལ་ཚབ་ཆེན་པོས་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཅིར་ཡང་མི་འཛིན་པ་ཞིག་ཡིན་པར་བསྟན་གྱི། དེ་མིན་པར་འཛིན་པ་ཅན་ལ་མི་མཐུན་ཕྱོགས་ལྔ་དང་མི་འདྲ་བའི་ཁྱད་པར་གསུངས་མི་དགོས་ཏེ། དེ་འདྲའི་དོགས་པ་སྐྱེ་བ་ཙམ་ཡང་མེད་དེ། མི་རྟོག་ཡེ་ཤེས་དེའི་ཁྱད་པར་ནི། འཁོར་འདས་ལ་བླང་དོར་དུ་རྣམ་པར་མི་རྟོག་པ་དང་། སྤངས་རྟོགས་ཉི་ཚེ་བ་མ་ཡིན་པ་དང་། སྲིད་ཞིར་མི་གནས་པ་དང་། གཞན་དོན་དུ་རྟག་ཏུ་བཞུགས་པ་དང་། འདིའི་གོང་ན་གཞན་མེད་པའི་ཁྱད་པར་རྣམ་པ་ལྔར་གསུངས་སོ། །མི་རྟོག་ཡེ་ཤེས་དེའི་བྱེད་ལས་ལྔ་ནི། རྣམ་རྟོག་མངོན་དུ་རྒྱུ་རིང་དུ་བྱེད་པ་དང་། བླ་ན་མེད་པའི་ཟག་མེད་ཀྱི་བདེ་བ་སྟེར་བ་དང་། སྒྲིབ་པ་གཉིས་བྲལ་བར་བྱེད་པ་དང་། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་ལ་འཇུག་པ་དང་། སངས་རྒྱས་ཀྱི་ཞིང་སྦྱོང་ཞིང་སེམས་ཅན་སྨིན་པར་བྱེད་པ་དང་། མཐར་ཐུག་གི་འབྲས་བུ་ཐམས་ཅད་


MR14_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པ་ཉིད་གཏོད་པར་བྱེད་པ་ལྔར་གསུངས་སོ། །དེ་འདྲའི་མི་རྟོག་ཡེ་ཤེས་དེ་ལ་འཇུག་ཚུལ་ཀྱང་། གཟུང་འཛིན་གཉིས་སུ་སྣང་བའི་ཆོས་ཐམས་ཅད་སྣང་དུ་ཟིན་ཀྱང་། དེ་ལྟར་མ་གྲུབ་པར་ཤེས་ནས་ཆོས་ཉིད་ལ་མཉམ་པར་བཞག་པས་གཟུང་འཛིན་གྱི་སྣང་བ་རིམ་པར་སྦྱངས་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དམིགས་པ་དང་མཚན་མ་ཐམས་ཅད་དང་བྲལ་བ་ཐོབ་པར་གསུངས་པས་ན། མི་དམིགས་པ་དང་འཛིན་པ་མེད་པ་ཐམས་ཅད་ཧ་ཤང་གི་ལུགས་སུ་བྱས་ནས་ཐེག་པ་ཆེན་པོའི་ལམ་གྱི་སྙིང་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྒྱབ་ཀྱིས་ཕྱོགས་པས་ཆོས་སྤང་གི་ལས་ཚན་པོ་ཆེ་རེ་བསགས་མ་དགོས་ཙམ་བྱུང་ན་ལེགས་པར་མངོན་ནོ། །དེའི་ཕྱིར་འདུས་པ་ཏོག་ལས། པང་ནས་སྐྱེས་ཀྱིས།སེང་གེའི་གཟུགས་ཅན་ཝ་ཡི་ཚིག་གིས་ངེད་ཀྱི་བློ་གྲོས་མ་བསྒྱུར་ཅིག །ཅེས་སྨྲས་པ་དང་ཚུལ་འདྲ་བར་བླ་མ་གོང་མའི་གསུང་དང་མན་ངག་བརྒྱུད་པའི་རིམ་པས་གནས་ལུགས་ཀྱི་དོན་ལ་ཡིད་ཆེས་ཐོབ་པ་བདག་ཅག་རྣམས་ལ་ལྷ་དང་བཅས་པའི་འཇིག་རྟེན་གྱིས་དེ་ལྟར་མིན་ནོ་ཞེས་ཐེ་ཚོམ་བསྐྱེད་དུ་བཅུག་ཀྱང་། བ་སྤུའི་རྩེ་མོ་གཡོ་བ་ཙམ་གྱི་སོམ་ཉི་ཡང་བསྐྱེད་པར་མི་ནུས་ཏེ། མེད་དགག་གི་སྟེང་ནས་སྤྲོས་བྲལ་ལ་ཡང་འཇུག་པ་ཡོད་ཀྱི། སྤྲོས་བྲལ་རྟོགས་ནས་མེད་དགག་ཏུ་མར་ལྷུང་བ་མི་སྲིད་པའི་ཕྱིར་རོ། །ཞི་བ་ལྷ་སོགས་ཀྱིས་དེ་ཉིད་རྩལ་དུ་བཏོན། ཟེར་བ་གང་དུ་སོང་ཞེས་ཟེར་བ་གང་དུའང་མ་སོང་སྟེ། གོང་དུ་བཤད་པ་དེ་ཉིད་དུ་གནས་སོ། །གཞན་ལ་འདི་སོམས་ཤིག་ཅེས་གདམས་པ་དེ་ནི་ཉིད་རང་གིས་ཐུགས་བསམ་ཡང་ཡང་མཛད་པར་རིགས་སོ་ཞེས་སླར་འབུལ་ན་དགྱེས་པར་བཞེས་སུ་གསོལ་ལོ། །གཞན་ཡང་འདི་སྐད་དུ། ཐོག་མེད་དུས་ནས་བདག་འཛིན་གདོན་ཆེན་པོ། །འགྲོ་ཀུན་སྙིང་ལ་ཞུགས་ཤིང་དེ་ཡི་


MR14_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སྨན། །སྟོང་ཉིད་བསྒོམ་པའང་གནད་དུ་སྨིན་དཀའ་བ། །དེ་ལ་ལྟོས་ན་གདོན་གཞན་རྩིས་མེད་གྱུར། །སྲིད་པའི་བདེ་འབྱོར་ཀུན་ཀྱང་སྡུག་བསྔལ་གྱི། །རྒྱུ་ཕྱིར་ཚེ་མཐའི་བདེ་བ་སུ་ལའང་དཀའ། །བླ་མའི་མན་ངག་བདུད་རྩིའི་བཅུད་འཐུང་བ། །འགའ་ཞིག་བདེ་ནས་བདེ་བར་འགྲོ་ཞེས་གྲགས། །བདེའམ་སྡུག་ཀྱང་ཐེག་པ་མཆོག་གི་ལམ། །ཡིད་ཆེས་དད་པས་སྙིང་ལ་རབ་བཟུང་ན། །འཇམ་པའི་དབྱངས་སོགས་སྲས་བཅས་རྒྱལ་ཀུན་གྱི། །ཐུགས་རྗེས་རྗེས་སུ་འཛིན་པར་གོར་མ་ཆག །ཨ་ཧོ་སྟོང་པའི་དབྱིངས་དང་སྙིང་རྗེའི་སེམས། །ཕན་ཚུན་འགྲན་པ་བཞིན་དུ་འཕེལ་གྱུར་པས། །ཟག་མེད་བདེ་བའི་ལང་ཚོ་བགྲེས་རྒུད་དང་། །བྲལ་བའི་གོ་འཕང་འགྲོ་འདིས་རྙེད་གྱུར་ཅིག །ཅེས་ཀྱང་སྨྲས་སོ། །ཡང་རྩོད་ཡིག་ཏུ། འོག་ཏུ། བརྗོད་བྱ་སྟོང་ཉིད་ལ་རྩོད་སྤོང་། རྗོད་བྱེད་ཐེག་ཆེན་ལ་རྩོད་སྤང་ཞེས་བྲིས་ལ། ཉན་ཐོས་སྡེ་པས་སྟོང་ཉིད་མཐོང་བས་ཅི་ཞིག་བྱ་ཞེས་རྩོད་པ་ལ། ཁྱོད་ཀྱི་སྟོང་ཉིད་མཐོང་བའི་བློ་གང་ན་ཡོད་ཁས་ལེན་ཡང་མེད་དོ་ཞེས་མ་སྨྲས་སམ། ཕྱོགས་སྔ་ཕྱི་གཉིས་ཀས་བདེན་པ་ཅི་རིགས་མཐོང་ནས་གྲོལ་བར་གསུངས་མོད། ཁྱོད་ཀྱིས་མཐོང་བའི་བློ་མེད་པར་གྲོལ་ཟེར་བས་ཁྱེད་རང་གྲུབ་མཐའ་ཕུང་གསུམ་པའི་ཁྲི་ལ་རིགས་ལམ་བདུད་རྩིས་ཆུས་དབང་བསྐུར་བ་ཡིན་ནོ། །ཡང་ཊཱི་ཀར་ཤེར་མདོར་སྟོང་ཉིད་བཤད་ཟེར་ཏེ་ཤེར་མདོ་སྒྲ་མིན་པར་གསལ་ལ། ཡང་བདེན་འཛིན་གྱི་གཉེན་པོར་སེམས་ཅན་རྣམས་ལ་སྟོང་པ་ཉིད་ནི་སྟོན་པར་གྱུར་ན་ཟེར་བ་རྩ་བ་བསྒྱུར་མ་ནུས་པར་གསལ་ཏེ། འགལ་འཁྲུལ་མཐའ་ཡས་པ་སུ་ཞིག་གིས་འགོད་པར་ནུས་ཏེ་དོར་བར་བྱ་བ་ཁོ་ནའོ། །འདི་སྐད་དུ། དྭངས་བྱེད་ནོར་བུའི་རང་བཞིན་རྣམ་རིག་པས། །རྙོག་པའི་དྲི་མ་གཞན་དུ་ཚོལ་མ་གྱུར། །དོན་གསལ་ཚིག་གི་མེ་ལོང་དག་


MR14_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །རྣམ་དཔྱོད་པིར་གྱིས་རྨོངས་འཁྲུལ་རི་མོ་བྲིས། །ཡ་གྱལ་བོར་བའི་ཟུང་འཇུག་དབུ་མ་ཆེ། །རིག་འཛིན་ཞིག་པོའི་ཐུགས་དམ་རྟེན་གྱི་ཕུལ། །སུན་འབྱིན་རིགས་པའི་སྣ་ཚོགས་བཟོ་བོ་ཡིས། །མོ་གཤམ་བུ་ཡི་ལྕམ་དུ་དེང་སྦྲེལ་ལོ། །ཞེས་སྨྲས་སོ། །ཞེས་ཟེར་བ་ལ་ལན་བསྟན་པ། བརྗོད་བྱ་སྟོང་ཉིད་ལ་རྩོད་སྤོང་སོགས་བསྟན་པའི་སྐབས་ན། ཉན་ཐོས་སྡེ་པས། སྟོང་ཉིད་མཐོང་བས་ཅི་ཞིག་བྱ་ཞེས་བཀོད་པ་ལ། བདག་ཅག་གིས་སྟོང་ཉིད་མཐོང་བའི་བློ་གང་ན་ཡོད་པའི་ཁུངས་མ་ཆོད་ནས་ཁས་ལེན་མེད་པ་མ་ཡིན་ཏེ། དམིགས་པ་ཐམས་ཅད་ཀྱི་ཁུངས་ཆོད་ནས་དམིགས་པ་མཐའ་དག་བྲལ་བའི་དོན་གྱི་དབྱིངས་ལ་སྟོང་ཉིད་དུ་འདོད་པས་དེ་འདྲའི་དམིགས་མེད་ཀྱི་དོན་ལ་ཉན་ཐོས་སུ་མ་ཟད་དེང་སང་ཐེག་པ་ཆེན་པོའི་དབུ་མར་ཁས་འཆེ་བ་དག་ཀྱང་སྐྲག་ནས་སྤངས་ཏེ་ཕྱོགས་གར་ཡོད་མི་ཤེས་པ་དག་ཀྱང་མཐོང་ལ། བདག་ཅག་གིས་སྟོང་ཉིད་ཅི་ཡིན་ཀྱང་མ་ཤེས་ན་དེ་ལ་སྐྱོན་བརྗོད་པ་དང་ལན་འདེབས་པར་ཡང་ཇི་ལྟར་འགྱུར། དམིགས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་དམིགས་པ་ཅན་གྱི་བློའི་ཡུལ་མིན་ན། སོ་སོ་རང་རིག་པའི་བློ་ཡི་ཡུལ་མ་ཡིན་པར་མི་འགྱུར་ཡང་། སོ་སོ་རང་རིག་པའི་སྤྱོད་ཡུལ་དུ་དམིགས་པ་གང་ཡང་མེད་དེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། དོན་དམ་པར་ན་འཕགས་པའི་ཤེས་རབ་དང་ཡེ་ཤེས་ཀྱི་མདུན་ན་ཆོས་གང་ཡང་ཡོངས་སུ་ཤེས་པའམ། སྤང་བའམ། བསྒོམ་པའམ། མངོན་དུ་བྱ་བར་འགྱུར་བའི་ཆོས་གང་ཡང་མི་འདུག་གོ། ཞེས་གསུངས་པ་ལྟར་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ལ་གནས་པ་ཡིན་གྱི་དམིགས་པ་ཅན་ནི་མ་ཡིན་ནོ། །གལ་ཏེ་དེ་དམིགས་པ་ཅན་ཞིག་ཡིན་ན་དེ་དོན་དམ་པ་མངོན་སུམ་རྟོགས་པའི་བློ་ཡིན་པའི་ཕྱིར་དེས་དམིགས་པར་གྱུར་བའི་ཆོས་དེ་དོན་དམ་པར་ཡོད་པར་འགྱུར་བས། འཕགས་པའི་མཉམ་བཞག་གི་སྟོང་ཉིད་དམིགས་


MR14_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་ན་སྟོང་ཉིད་བདེན་གྲུབ་ཏུ་ཁས་བླངས་ཀྱང་སྐྱོན་མེད་པར་གཞན་སྟོང་སེང་གེའི་ང་རོ་སྒྲོགས་པའི་མཁས་གྲུབ་དག་གིས་བཞེད་པ་ལྟར་དེ་དག་གི་རྗེས་སུ་འཇུག་པར་གྱིས་ཤིག །ཐེག་པ་ཆེ་ཆུང་གཉིས་ཀས་བདེན་པ་ཅི་རིགས་མཐོང་བས་གྲོལ་བར་གསུངས་པ་བདེན་མོད་ཀྱི། བདག་ཅག་གི་ལུགས་ལ་སྟོང་ཉིད་མཐོང་བའི་བློ་དམིགས་པ་ཅན་ཞིག་མེད་ཀྱང་དམིགས་མེད་དུ་མཐོང་བའི་བློ་མེད་ན་མི་གྲོལ་བར་འདོད་པས་ངེད་ཅག་རིགས་ལམ་ཕུང་སུམ་པར་ཁྲི་འདོན་མི་དགོས་ཀྱི། དམིགས་པ་ཅན་གྱི་སྟོང་ཉིད་སྨྲ་བ་དེ་དག་གྲུབ་མཐའ་ཕུང་གསུམ་པའི་ཁྲི་ལ་མངའ་གསོལ་མཛོད་ཅིག །ཤེར་མདོ་སྒྲ་ཡིན་ཀྱང་དེས་མི་དམིགས་པའི་སྟོང་ཉིད་བསྟན་གྱི། དམིགས་པ་ཅན་གྱི་སྟོང་ཉིད་སྒོ་དུ་མ་ནས་རིགས་པའི་རྣམ་གྲངས་དུ་མས་འགོག་པར་མཛད་པས་ངེས་དོན་གྱི་མདོ་སྡེའི་རྒྱལ་པོར་འདོད་དོ། །རྩ་བར། དམིགས་པས་ཕུང་བར་གྱུར་རྣམས་ལ། །སྟོང་པ་ཉིད་ནི་སྟོན་པར་འགྱུར། །ཞེས་པ་བདག་ཅག་གི་ལུགས་ལ་བསྒྱུར་དགོས་པ་གང་ཡང་མི་འདུག་སྟེ། དམིགས་པས་ཕུང་བ་རྣམས་ལ་དམིགས་མེད་ཀྱི་སྟོང་ཉིད་བསྟན་པས་རྣམ་པར་རྟོག་པ་མཐའ་དག་གྲོལ་བར་བྱེད་ཀྱི་སྟོང་ཉིད་དམིགས་པ་ཅན་དུ་བསྟན་ཞེས་ནི་མ་གསུངས་སོ། །སྤྱིར་སྟོང་ཉིད་བསྟན་པའི་སྐབས་ན། བདག་ཅག་གི་གཞུང་གང་དུའང་བདེན་གྲུབ་སོགས་ཀྱི་ཁྱད་པར་མ་སྦྱར་རུང་། སྟོང་ཉིད་དུ་གོ་ནུས་ལ། བདེན་གྲུབ་སོགས་ཀྱི་ཁྱད་པར་སྦྱར་ཀྱང་མཐར་བདེན་མེད་སྤྲོས་བྲལ་ལ་གོ་ནུས་པས་ན་སྟོང་པ་ཉིད་ཅེས་པའི་མིང་གིས་བསྟན་དོན་དེ། རྒྱལ་བ་ཀུན་གྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །ཞེས་པ་ལྟར་སྟོང་ཉིད་རང་ལ་མཚན་མར་ཞེན་པའི་འདུ་ཤེས་བྱས་ནས་དམིགས་པ་ཅན་དུ་མཐའ་གཅིག་ཏུ་འཛིན་པ་མི་དགོས་པར་འདུག་སྟེ། དེ་ལྟ་ན་ཆོས་དབྱིངས་བདེན་གཉིས་ཟུང་འཇུག་ལ་ཡ་གྱལ་མ་ཚང་བའི་དོན་གང་ཡང་མི་འདུག་ཅིང་། དགག་


MR14_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཀྱི་འཛིན་པ་མ་ཞིག་པའི་རྣམ་རྟོག་ཐ་མལ་པ་གང་ཡང་མེད་པའི་ཕྱིར་ནམ་མཁའ་མཚོན་གྱིས་མི་ཕྱེད་པ་ལྟར་རྟོག་གེའི་བློས་ཅུང་ཟད་ཀྱང་བསྐྱོད་དུ་མེད་པར་མཐོང་བས་ན། ཁྱེད་ཀྱི་སུན་འབྱིན་དེ་དག་ནི་ཁྱོད་རང་གི་ཚིགས་བཅད་ཀྱི་དོན་ལྟར། །མོ་གཤམ་གྱི་བུ་ཡོད་མ་མྱོང་ན་དེའི་ལྕམ་ཞིག་གསར་དུ་བསྐྲུན་པའི་བཟོ་བོ་ཞིག་ཡོད་པ་མི་སྲིད་པའི་དཔེ་ལྟར་སུན་འབྱིན་དེས་ཀྱང་ཅུང་ཟད་གནོད་པ་མ་བྱས་པར་གསལ་ལོ། །གཞན་དག་བདེ་མེད་འདོད་ནས་སྦྱར་བའི་ངག །དུག་ཅན་ཟས་བཞིན་རང་གཞན་ཀུན་ལ་གནོད། །ཕན་པའི་སེམས་ཀྱིས་ལེགས་པར་བརྗོད་པའི་ངག །ཇི་ལྟར་གྱུར་ཀྱང་ནད་ལ་བཀྲུ་སྨན་བཞིན། །ཆོས་བཟང་རིགས་པས་རྣམ་པར་དཔྱོད་པ་དང་། །བསྟན་འགྲོར་ཕན་པའི་བསམ་པ་བཟང་པོ་དང་། །ཞེན་ལྟ་སྤངས་ནས་ཚུལ་བཞིན་བརྗོད་པ་རྣམས། །དུག་གསུམ་མེད་པའི་དགེ་རྩ་བཟང་དང་ལྡན། །རྩ་བ་བཟང་པོ་ལས་སྐྱེས་མེ་ཏོག་གི། སྐྱེད་ཚལ་ཡིད་དུ་འོང་བ་ལེགས་བསྟར་ན། །དུས་ཀྱི་མཐར་ཡང་སྐལ་བཟང་སྐྱེ་བོ་ཡི། །དགའ་སྟོན་ཉམས་པ་མེད་པ་ཉིད་དུ་འགྱུར། །ཞེས་ཀྱང་སྨྲས་སོ། །ཡང་རྩོད་ཡིག་ཏུ། གཉིས་པ་ནི། སྟོང་ཉིད་ལུང་གིས་བསྟན་ཀྱང་གོ་དཀའ་བའི་ཕྱིར། རྒྱ་ཆེར་རོལ་པར། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས། ཞེས་གསུངས་ ལ། ཚངས་པ་དང་བརྒྱ་བྱིན་གྱིས་བསྐུལ་བས་ངས་ནི་བདུད་རྩིའི་དབྱིངས་ཀྱི་སྒོ་དབྱེའོ། །ཞེས་སྟོན་པར་གསུངས་པའི་ཕྱིར། དཀོན་བརྩེགས་སུ། སངས་རྒྱས་པའི་ནུབ་མོ་ནས་མྱ་ངན་ལས་འདས་པའི་བར་ཚིག་གཅིག་ཀྱང་མ་གསུངས་ཞེས་པ་སྒྲ་ཇི་བཞིན་པར་ཐལ། སྟོང་ཉིད་སྟོན་པ་མེད་པའི་ཕྱིར། ཤེར་མདོར། སྟོང་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པས་བསྟན་ཕྱིར་མདོ་སྡེ་ཀུན་གྱི་རྒྱལ་པོ་བཤད་པ་མི་འཐད་པར་ཐལ་ཞིང་། དྲང་ངེས་ཀྱི་མདོ་སྡེ་ཀུན་ལ་སྐུར་འདེབས་སུ་འགྱུར་ཏེ། །


MR14_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་གཉིས་སྟོན་པའི་མདོ་མེད་པའི་ཕྱིར། ཟླ་བས། སྟོང་ཉིད་དོན་ཅན་ངེས་དོན་ཤེས་པར་གྱིས། །ཞེས་གསུངས་པ་ལ། ཤེས་རྒྱུ་མེད་དེ། ངེས་དོན་སྒྲས་བརྗོད་མི་ནུས་པའི་ཕྱིར་ཞེས་བཟློག་རིགས་པར་འགྱུར་རོ། །རྩ་ཤེས་སུ། སྨྲ་རྣམས་ཀྱི། །དམ་པ་ཞེས་པ་མི་རིགས་པར་ཐལ། རྒྱུ་མཚན་ཁེགས་པའི་ཕྱིར། མངོན་རྟོགས་རྒྱན་དུ། སྣ་ཚོགས་འདི་གསུངས་པ་ཞེས་པའང་མི་འཐད་པར་ཐལ། དྲང་ངེས་སྣ་ཚོགས་མེད་པའི་ཕྱིར། འཕགས་པ་ལྷས། ཡང་དག་མཐོང་ན་གནས་མཆོག་ལ། །ཞེས་དང་། སངས་རྒྱས་ཀུན་གྱི་ཡུལ་གྱུར་པ། །བདག་མེད་ཅེས་ནི་བྱ་བར་བརྗོད། །ཅེས་དང་། རྒྱུད་བླར། ཟབ་མོ་ཕྲ་མོའི་ཚུལ་བསྟན་པ། །ཞེས་དང་། ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་པ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །བདེ་གཤེགས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས་ཞེས་དང་། དབུས་མཐར། དེ་བཞིན་བརྗོད་པ་རགས་པ་ཡིན། །ཞེས་དང་། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པར། རྣམ་པ་དྲུག་གིས་ཆོས་ཉིད་ལ། །འཇུག་པ་བླ་ན་མེད་པ་སྟེ། །ཞེས་དང་། རྣམ་པར་མི་རྟོག་ཡེ་ཤེས་ལ། །འཇུག་པ་རྣམ་པ་དྲུག་གིས་ཏེ། །ཞེས་དང་། རྣམ་པར་མི་རྟོག་ཡེ་ཤེས་ཀྱི། །མཚན་ཉིད་མདོ་བཞིན་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར་གཞུང་དུ་མ་གུང་བསྒྲིགས་ཏེ་བཤད་པར་སྤྲོ་ན་ཡང་རེ་ཞིག་མ་སྨྲོས། མདོར་ན་རྒྱུད་བླ་མ་དང་། དབུ་མ་རིགས་ཚོགས་སོགས་ཀྱི་མིང་དོན་ཙམ་ཡང་མ་ཤེས་པར་ཟད་དོ། །ཞེས་ཟེར་བ་འདི་ལ་ལན་ལེགས་པར་བརྗོད་པ། རྒྱ་ཆེར་རོལ་པར། བདུད་རྩི་ལྟ་བུའི་ཆོས་གཞན་ལ་ལུང་གིས་བསྟན་ཀྱང་གོ་དཀའ་བར་གསུང་རྒྱུ་དེ་ཁྱོད་ཀྱིས་འདོད་པའི་བདེན་མེད་མེད་དགག་འདི་ལ་དགོངས་ཏེ་གསུངས་པ་དང་། ཚངས་དབང་གིས་བསྐུལ་ནས། བདུད་རྩིའི་དབྱིངས་ཀྱི་སྒོ་དབྱེའོ་ཞེས་གསུངས་པའང་དམིགས་པ་ཅན་གྱི་སྟོང་ཉིད་


MR14_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིན་ན་ལས་སླ་བར་འདུག་ཀྱང་། རྒྱ་ཆེར་རོལ་པར། ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩིའི་ཆོས་ནི་བདག་གིས་ཐོབ་པར་གྱུར། །སུ་ལ་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། །མི་སྨྲ་ནགས་འདབས་གནས་པར་བྱ་བ་སྙམ། །ཚིག་བྲལ་ངག་གི་ལམ་གྱིས་མ་གོས་པ། །དེ་བཞིན་ཉིད་ཆོས་རང་བཞིན་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱི་རྒྱུ་བ་རབ་གྲོལ་བ། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །དོན་ཚུལ་འདི་ནི་ཡི་གེ་རྣམས་ཀྱིས་སུ། །ཤེས་པར་མི་ནུས་མཛངས་པས་རིག་པ་ཡིན། །སྔོན་གྱི་རྒྱལ་ལ་ལྷག་བྱས་སེམས་ཅན་རྣམས། །དེ་དག་ཆོས་འདི་ཐོས་ན་ཡིད་ཆེས་འགྱུར། །འདི་ན་ཆོས་ནི་གང་ཡང་ཡོད་མ་ཡིན། །ཡོད་མེད་གང་ཡིན་དེ་ནི་ཡོད་མ་ཡིན། །གང་གིས་རྒྱུ་དང་བྱ་བ་བརྒྱུད་ཤེས་པ། །དེ་ལ་ཡོད་པའམ་མེད་པ་ཡོད་མ་ཡིན། །ཞེས་གསུངས་པས། སྔོན་གྱི་རྒྱལ་བློན་བྱང་སེམས་བདག་ཉིད་ཆེན་པོ་རྣམས་ཀྱི་ཐུགས་རྗེའི་མཐུ་ལས་བྱུང་བའི་སྡེ་སྣོད་གསུམ་གྱི་བཀའ་འདི་དག་མིན་པའི་བཀའ་གཞན་བོད་ན་ཡོད་པར་མ་ཐོས་ཀྱང་། ཁྱེད་ཀྱིས་རྒྱ་ཆེར་རོལ་པ་གཞན་སྟོང་ཉིད་དམིགས་པ་ཅན་དུ་སྟོན་པའི་མདོ་ཞིག་གཟིགས་པ་ཡིན་ལས་ཆེ་སྟེ། འདི་ན་གསུངས་པ་ལྟར་ཡིན་དགོས་ན་བདེན་མེད་སྤྲོས་བྲལ་ཉིད་དུ་གསལ་གྱི་སྒྲ་ཡི་ལམ་དང་བློས་དམིགས་པ་ཅན་དུ་མ་གསུང་པར་བསྙོན་འདིང་དུ་མེད་ལ། འོན་ཏེ་དེ་བཞིན་གཤེགས་པའི་བཀའ་ཡང་རང་གི་ཞེ་འདོད་ལྟར་བཀྱོག་ན་ཇི་ལྟར་བཀྱོག་རྒྱུ་འདུག །དེ་བཞིན་གཤེགས་པ་ཉིད་ཀྱི་དགོངས་པ་ཉིད་ཀྱིས་མཁྱེན་དགོས་ན། འདི་དམིགས་པ་མེད་པའི་སྟོང་ཉིད་ཀྱི་དོན་དུ་འདུག་པ་བློ་ལྡན་དག་ལ་སོམ་ཉི་ཅུང་ཟད་ཀྱང་མེད་དོ། །དེའི་ཕྱིར་དེ་འདྲའི་ཟབ་མོ་སྤྲོས་པ་དང་བྲལ་བའི་ཆོས་ཉིད་བདུད་རྩིའི་དབྱིངས་ཀྱི་སྒོ་ཕྱེ་བར་བདག་ཅག་གིས་འདོད་དོ། །དེ་ལྟ་ན་དམིགས་པ་མེད་པའི་ཆོས་ཉིད་ནི་ཤིན་ཏུ་ཟབ་པས་བྱིས་པས་ཁོང་དུ་ཆུད་དཀའ་


MR14_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། སྡུད་པར། འདྲེན་པ་རྣམས་ཀྱི་ཆོས་འདི་ཟབ་སྟེ་མཐོང་བར་དཀའ། །སུས་ཀྱང་རྟོགས་པ་མེད་ཅིང་ཐོབ་པར་འགྱུར་མེད་པ། །དེ་ཕྱིར་ཕན་མཛད་བརྩེ་ལྡན་བྱང་ཆུབ་བརྙེས་ནས་འདི། །སེམས་ཅན་ཚོགས་སུ་ཤེས་སྙམ་ཐུགས་ཁྲལ་ཆུང་བར་མཛད། །སེམས་ཅན་རྣམས་ནི་གནས་ལ་དགའ་ཞིང་ཡུལ་རྣམས་འདོད། །འཛིན་ལ་གནས་ཤིང་མི་མཁས་བླུན་རྨོངས་མུན་པ་བཞིན། །ཐོབ་པར་བྱ་བའི་ཆོས་ནི་གནས་མེད་འཛིན་མེད་དེ། །དེས་ན་འཇིག་རྟེན་དག་དང་རྩོད་པ་འབྱུང་བ་ཡིན། །ཞེས་གསུངས་པས་དམིགས་པ་ཅན་ཞིག་རྟོག་གེའི་ཡུལ་དུ་གྱུར་པ་ལ་ཟབ་མོ་དཔག་པར་དཀའ་བ་ཞེས་ཅི་ཡང་མི་འདུག་པས་རྟོག་གེ་ཀུན་ལས་འདས་པ་ཞེས་གསུངས་སོ། །དམིགས་མེད་སྤྲོས་བྲལ་ནི་ཟབ་པའི་ཕྱིར་ན་གྲུབ་མཐའ་འོག་མ་ལྟ་ཅི་སྨོས། དབུ་མར་སྨྲ་བ་དག་ཀྱང་ད་ལྟ་མི་མཐུན་པར་སྨྲ་བ་འདིས་དངོས་སུ་མཚོན་པར་བྱས་སོ། །མངོན་རྟོགས་རྒྱན་ལས། མཐོང་བ་ལ་སོགས་བཀག་པ་ཡིས། །དེ་ནི་རྟོགས་པར་དཀའ་བར་བཤད། །གཟུགས་ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་དང་། རྒྱུད་བླ་མ་ལས། །ཕྲ་ཕྱིར་ཐོབ་པའི་ཡུལ་མིན་ཏེ། །དོན་དམ་ཡིན་ཕྱིར་བསམ་བྱའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་གསུངས་པ་འདི་རྣམས་ཁྱོད་ཀྱི་གོང་འོག་ཏུ་སྨོས་པའི་སུན་འབྱིན་དེ་དག་གི་ཕྱོགས་སྔར་བྱས་པའི་ཕྱིར་ན། རྒྱལ་བ་དང་རྒྱལ་སྲས་ས་བཅུའི་དབང་ཕྱུག་རྣམས་ཀྱི་གསུངས་ལས་རིང་དུ་བསྐལ་པས་ངེས་དོན་གྱི་མདོ་སྡེའི་བསྟན་དོན་གང་ན་ཡོད་ན་གཟོད་ཚོལ་དགོས་པར་སྣང་ན་དྲང་ངེས་ཇི་ལྟར་འབྱེད་ནུས། དཀོན་བརྩེགས་སོགས་སུ། སངས་རྒྱས་པའི་ནུབ་མོ་ནས་མྱ་ངན་ལས་འདས་ཀྱི་བར་དུ་ཚིག་གཅིག་མ་གསུངས་ཞེས་པ་སྒྲ་ཇི་བཞིན་པར་ཐལ། སྟོང་ཉིད་སྟོན་པ་མེད་པའི་ཕྱིར་ཞེས་པ་བློ་རྩིང་སྟེ་ཁོ་བོ་ཅག་


MR14_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དམིགས་པ་མེད་པའི་སྟོང་ཉིད་བསྟན་པ་ཡོད་པར་འདོད་ཀྱི། སྟོང་ཉིད་བསྟན་པ་མེད་ཅེས་མ་སྨྲས་སོ། །སྒྲ་ཇི་བཞིན་ཞེས་པ་ཐ་སྙད་དུ་ཚིག་གཅིག་མ་གསུངས་པ་ལ་གོ་ན། སྟོང་ཉིད་མ་བསྟན་ཀྱང་ཀུན་རྫོབ་བསྟན་པ་ཡོད་ན་ཅི་ཞིག་འགལ། དེས་ན་སངས་རྒྱས་ཀྱིས་ཆོས་འཁོར་གསུམ་གསུངས་པ་ཡོད་ན་ཚིག་གཅིག་ཐ་སྙད་དུ་མ་གསུངས་པ་ག་ལ་སྲིད། དེའི་དགོངས་པ་གང་ཞེ་ན། དམིགས་མེད་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་ན་སུས་སྟོན་པ་དང་། གང་སྟོན་པ་དང་། ཇི་ལྟར་བསྟན་པ་མི་དམིགས་པའི་དབང་དུ་བྱས་ནས་གསུངས་པ་ཡིན་པར་སྔར་དྲངས་པའི་མདོ་ཡི་ལུང་གིས་གསལ་བར་བསྟན་ལ། བདེན་གྲུབ་ཀྱི་ཚིག་གཅིག་མ་གསུངས་ཤེས་སྦྱར་ན་སེམས་ཅན་ཐམས་ཅད་ཀྱི་ཡང་ཚིག་གཅིག་མ་སྨྲས་པར་འགྱུར་བ་སོགས་སུ་ཐལ་ལོ། །ཤེར་མདོས་དམིགས་པ་མེད་པའི་སྟོང་ཉིད་རྒྱ་ཆེར་བསྟན་པས་མདོ་སྡེ་ཐམས་ཅད་ཀྱི་རྒྱལ་པོར་འདོད་པ་སྔར་ཡང་བཤད་ཟིན་ཏོ། །དྲང་ངེས་ཀྱི་མདོ་ཀུན་ལ་སྐུར་འདེབས་སུ་ཐལ་བ་བདག་ཅག་གི་ལུགས་ལ་མེད་དེ། དམིགས་པ་མེད་པའི་སྟོང་ཉིད་སྟོན་པ་དེ་དག་ངེས་དོན་གྱི་མདོ་སྡེ་ཡིན་ལ། དམིགས་པ་ཅན་ཀུན་རྫོབ་སྟོན་པ་དྲང་དོན་དུ་མདོ་འདི་ཉིད་ཀྱིས་བསྟན་ཅིང་། དེར་མ་ཟད་ངེས་དོན་གྱི་མདོ་སྡེ་ལ་བརྟེན་ཀྱང་། ཇི་སྲིད་དམིགས་པ་ལ་གནས་པ་དེ་སྲིད་དུ་དྲང་དོན་དུ་འགྱུར་བར་གོང་གི་མདོ་ལུང་ན་གསལ་བ་ལྟར་རོ། །དེའི་ཕྱིར་བདེན་གཉིས་སྟོན་པའི་མདོ་མེད་ཅེས་སྨྲ་བ་སུ་ཡང་མེད་པས་འདིའི་ཕྱོགས་སྔ་གང་ན་ཡོད་ཀྱི་རྩད་མ་ཆོད་པར་སུན་འབྱིན་སུ་ལ་བརྗོད། དམིགས་པ་ཅན་གྱི་སྟོང་ཉིད་སྟོན་པའི་མདོ་སྡེ་ངེས་དོན་ཡིན་ན། དངོས་དངོས་མེད་གཉིས་པོ་ཁྱབ་བྱེད་དུ་བྱས་ནས། དེ་ལས་གཞན་པའི་དམིགས་པ་མེད་པའི་ཚུལ་གྱིས་བཀག་པ་ཐམས་ཅད་དྲང་དོན་ཙམ་དུ་མ་ཟད་ཧ་ཤང་གི་ལུགས་སུ་འགྱུར་དགོས་


MR14_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེ་ལྟ་ན་དངོས་དངོས་མེད་ཐ་སྙད་དུ་སྲིད་ཚད་ཀྱི་དམིགས་པ་ཐམས་ཅད་སྣེ་གཅིག་ཀྱང་མི་འགོག་པར་བདེན་གྲུབ་ཁོ་ན་བཀག་དགོས་ལ། དེའི་ཕྱིར་དངོས་དངོས་མེད་ཀྱི་ཆོས་སྣ་ཚོགས་སུ་སྣང་བའི་གཉིས་སྣང་སྦྱོང་བྱེད་ཀྱི་སྟོང་ཉིད་ནི་རྣམ་པ་ཀུན་ཏུ་རྒྱལ་བས་གསུངས་པར་མ་གྱུར་ལ། གཟུང་འཛིན་ཡོད་པ་ཉིད་བློ་དོན་མཐུན་དང་། གཟུང་འཛིན་མེད་པ་ལོག་ཤེས་སུ་ཐལ་བས་དོན་དམ་ནི་གཟུང་འཛིན་མེད་པའི་སྤྱོད་ཡུལ་ཡིན་ཞེས་པའང་ཚིག་ཙམ་དུ་སོང་བས་ངེས་དོན་གྱི་མདོ་སྡེ་ཐམས་ཅད་ལ་སྐུར་བ་བཏབ་པར་འགྱུར་རོ། །ཟླ་བས་སྟོང་ཉིད་དོན་ཅན་ངེས་དོན་ཤེས་པར་གྱིས་ཞེས་གསུངས་པ་ལ། ཤེས་རྒྱུ་མེད་ཅེས་སུས་ཀྱང་མ་སྨྲས་སོ། །གལ་ཏེ་ངེས་དོན་སྟོང་ཉིད་སྒྲས་བརྗོད་མི་ནུས་པའི་ཕྱིར་རོ་ཞེས་སྨྲ་ན། འདི་ནི་ངེས་དོན་སྟོང་ཉིད་ལ་མཁས་པ་ཕར་ཞོག །རྟོག་གེའི་གཞུང་ལ་བློ་གསལ་བ་དག་གིས་ཀྱང་བརྗོད་མི་འོས་པ་བློ་རྩིང་བའི་རྣམ་འགྱུར་ཏེ་བརྗོད་མི་ནུས་ཞེས་པའི་དོན་འདི་སྤྱི་མཚན་གྱི་དབང་དུ་བྱས་ན་ཐ་སྙད་དུ་མེད་པ་རི་བོང་གི་རྭ་ཡང་བརྗོད་འདོད་ཀྱིས་བརྗོད་ནུས་ན། ཐ་སྙད་དུ་ཡོད་པ་རྣམས་ལྟ་ཅི་སྨོས། རང་མཚན་གྱི་དབང་དུ་བྱས་ན། ངེས་དོན་སྟོང་ཉིད་དུ་མ་ཟད་བུམ་སོགས་དངོས་པོ་རྣམས་ཀྱང་སྒྲས་དངོས་སུ་བརྗོད་མི་ནུས་ཏེ། རང་མཚན་སྒྲས་དངོས་ཀྱི་བརྗོད་བྱ་མ་ཡིན་ལ། དེ་དངོས་སུ་བརྗོད་མི་ནུས་པར། རྟོག་གེའི་གཞུང་ལས་བཤད་དེ། ཚད་མ་མདོར། རང་རང་རིག་བྱ་ཐ་སྙད་ཀྱིས། །བསྟན་མིན་ངོ་བོ་དབང་པོའི་ཡུལ། །ཞེས་དང་། རྣམ་འགྲེལ་ལས། སྒྲའི་ཡུལ་དང་ཡུལ་མིན་ཕྱིར། །ཞེས་དང་། ཁྱད་པར་རྣམས་ལ་སྒྲ་དག་ནི། །འཇུག་པ་སྲིད་པ་མ་ཡིན་ཏེ། །ཞེས་དང་། སྒྲ་ལ་རྟོག་པའི་ངང་ཚུལ་ཅན། །མངོན་སུམ་དོན་ལ་འཇུག་མི་བྱེད། །ཅེས་སོགས་རྒྱ་ཆེར་གསུངས་པ་ལྟར། སྒྲས་དོན་རང་མཚན་དངོས་སུ་བརྗོད་ན་སྒྲ་བློའི་ཡུལ་དུ་དོན་དེ་དག་མངོན་སུམ་དུ་འགྱུར་བར་ཐལ་བས་དེ་ལྟ་ན་སྟོང་ཉིད་ཅེས་


MR14_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས་སྟོད་ཉིད་མངོན་སུམ་རྟོགས་པ་སོགས་ཧ་ཅང་ཐལ་བ་མང་ཡང་མ་སྤྲོས་ལ། དེའི་ཕྱིར་རྣམ་འགྲེལ་ལས། བརྡ་ལ་ལྟོས་པའི་ངང་ཚུལ་ཅན། །མངོན་སུམ་དོན་ལ་འཛིན་མི་བྱེད། །ཅེས་དང་། དབང་པོ་བྱ་བ་མེད་པ་ལ། །གཞན་དག་ཙམ་གྱིས་སྣང་མེད་ཕྱིར། །ཞེས་སོགས་གསུངས་པ་བཞིན་དུ་བརྡ་ལ་བརྟེན་ནས་དོན་རྟོགས་ཚུལ་ལ་དཔྱད་ན་བརྗོད་བྱ་རྗོད་བྱེད་ལ་དངོས་དང་ཞེན་པའི་ཚུལ་གཉིས་སྦྱར་ནས་མུ་བཞིར་དབྱེ་བ་ཡོད་ཀྱང་། སྣང་བརྟག་གཅིག་ཏུ་བསྲེས་ནས་མིང་དང་ཚིག་གི་སྒོ་ནས་བརྗོད་བྱའི་དོན་ཐམས་ཅད་བརྗོད་ཅིང་རྟོགས་སུ་རུང་བ་ཐ་སྙད་སྤྱི་ཡི་འགྲོ་ལུགས་ཡིན་པ་མ་ཤེས་པར་སྒྲས་དངོས་སུ་བརྗོད་མི་ནུས་པ་ལ་བསམ་ན། རང་མཚན་གྱི་ཆོས་གཅིག་ཀྱང་བརྗོད་མི་ནུས་པར་ཁས་ལེན་དགོས་སོ། །དེའི་ཕྱིར་སྟོང་པ་ཉིད་ནི་སྒྲས་དངོས་སུ་བརྗོད་མི་ནུས་པ་ཙམ་ཞིག་གི་དབང་དུ་བྱས་ཏེ་སྤྱི་འཛིན་གྱི་སྒྲ་རྟོག་གི་ཡུལ་མིན་པ་ཙམ་ལ་བཤད་ན། དེ་ཐ་སྙད་དུ་རང་མཚན་ཡོད་པའི་ཆོས་ཐམས་ཅད་ཀྱི་འགྲོ་ལུགས་ཡིན་ཞིང་། རྟོག་གེའི་གཞུང་ལས་གྲགས་པ་རྣམ་པར་རྟོག་པའི་སྤྱོད་ཡུལ་ལས་མ་འདས་པས་ན། རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་དོན་དམ་པའི་རང་བཞིན་དུ་ཇི་ལྟར་འགྱུར། འོ་ན་ཅི་ཞེ་ན། བུམ་སོགས་དངོས་པོ་དང་། མཁའ་སོགས་དངོས་མེད་དེ་དངོས་དངོས་མེད་ཀྱི་ཆོས་སུ་གཏོགས་པའམ། དགག་པ་དང་སྒྲུབ་པའི་ཚུལ་གྱིས་རྟོགས་པར་བྱ་བའི་ཆོས་ཐམས་ཅད་ལ་རང་རང་གི་ངོ་བོ་དེ་དང་དེར་དམིགས་ཤིང་བརྗོད་ནུས་པ། དེའི་ཕྱིར་རྣམ་པར་རྟོག་པའི་སྤྱོད་ཡུལ་དུ་གྱུར་པ་ཡིན་ནོ། །ངེས་དོན་གནས་ལུགས་སྟོང་པ་ཉིད་ནི། དངོས་དངོས་མེད་དམ་དགག་སྒྲུབ་ཀྱི་མཐའ་གང་རུང་ངམ། གཉིས་ཡིན་གཉིས་མིན་གང་དུའང་བརྟག་པ་དང་བརྗོད་པར་མི་ནུས་པའི་ཕྱིར་བརྗོད་དུ་མེད་པ་དང་རྣམ་པར་རྟོག་པའི་ཡུལ་མ་ཡིན་པ་ཉིད་དུ་བརྗོད་པ་ཡིན་ནོ། །དེའི་ཕྱིར་


MR14_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་དང་ཆོས་ཀྱི་དབྱིངས་སོགས་ཀྱི་མིང་གི་སྒོ་ནས་དེའི་ངོ་བོ་ཡོད་མེད་ཀྱི་མཐའ་དང་བྲལ་བ་སྣང་སྟོང་གང་རུང་རེའི་ཕྱོགས་སུ་མ་ལྷུང་བ་སོགས་མདོར་ན་དགག་པ་དང་སྒྲུབ་པའི་སྒོ་ནས་དེའི་ཁྱད་པར་གྱི་ཆོས་ལ་དཔྱོད་པའི་དགག་སྒྲུབ་ཀྱི་རྣམ་པ་ཇི་སྙེད་པ་ཁ་ནས་ཚིག་ཏུ་འབྱིན་ཏེ་བརྗོད་པ་ཡོད་པ་དང་། དེའི་དོན་བཞིན་དཔྱོད་པའི་རྟོག་པ་ནི་མེད་པ་མ་ཡིན་ལ། དེ་ནི་དེའི་དོན་ལ་འཇུག་པའི་སྒོ་ཡིན་ཏེ། མདོ་དང་བསྟན་བཅོས་རྣམས་སུ་ལྷག་མཐོང་བཤད་པའི་སྐབས་སུ་སྤྱིར་རང་དང་ངོ་བོ་དང་ཁྱད་པར་ལ་དཔྱོད་པ་བཞིར་གསུངས་པ་བཞིན་ནོ། །དེ་ལྟར་དཔྱད་པས་གནས་ལུགས་དམིགས་མེད་བརྗོད་བྲལ་སོ་སོ་རང་རིག་པའི་སྤྱོད་ཡུལ་དུ་གྱུར་པ་དེ་དོན་སྤྱིའི་ཚུལ་གྱིས་རྟོགས་ཀྱང་། བསྟན་པ་དང་གྲུབ་མཐའ་གཉིས་སུ་གསུངས་པའི་ཕྱི་མ་དེར་གཏོགས་པ་ཡིན་ཅིང་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཐ་སྙད་ཀྱང་བྱར་རུང་ངོ་། །མངོན་སུམ་རྟོགས་པའི་ཚེ་ན་དེ་འདྲའི་བརྗོད་བྲལ་གྱི་རང་མཚན་དངོས་སུ་མཐོང་བའམ་རྟོགས་པ་ཡིན་ནོ། །དེའི་སླད་དུ་ངེས་དོན་སྟོང་ཉིད་སྟོན་པའི་མདོ་ཡུམ་རྒྱས་འབྲིང་སོགས་ལས་ཇི་སྐད་གསུངས་པ་དེ་ཐམས་ཅད་ཀྱིས་སྟོང་པ་ཉིད་སྒྲ་དང་ཚིག་གི་ལམ་ལ་བརྟེན་ནས་དོན་སྤྱིའི་ཚུལ་དུ་རྣམ་པར་རྟོག་པས་གཏན་ལ་ཕབ་པ་ཡིན་ཀྱང་། གཏན་ལ་དབབ་པར་བྱ་བའི་དོན་དམ་ལ་མཐའ་དང་དམིགས་པ་ཅན་གྱི་རྣམ་པ་ཅུང་ཟད་ཀྱང་བསྒྲུབ་པ་དང་བརྗོད་པ་མེད་ལ། དེ་ཐམས་ཅད་བཀག་པའི་ཕྱིར་ན་བརྗོད་མེད་དུ་གཏན་ལ་ཕབ་པ་ཞེས་བྱའོ། །དེ་བས་ན་ཁྱོད་ཀྱིས་ཁ་ནས་ཚིག་ཏུ་བརྗོད་རྒྱུ་ཡོད་མེད་དང་། དོན་དམ་ལ་དམིགས་པ་ཅན་གྱི་སྤྱོད་ཡུལ་འདི་དང་འདི་ལྟ་བུའོ་ཞེས་བརྗོད་དུ་ཡོད་མེད་ནོར་ནས་གཞན་ལ་བརྒལ་བ་ནི་གཞན་ལུགས་ལ་གནོད་པ་ཅུང་ཟད་མ་ནུས་པའི་སྟེང་དུ་ཁྱེད་རང་གི་བློ་གྲོས་ཀྱི་རང་མཚང་བསྟན་པ་དགོད་བྲོ་བའི་ཚུལ་དུ་སོང་ངོ་། །དེའི་ཕྱིར་བརྗོད་མེད་བསམ་མེད་རྟོག་


MR14_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྤྲོས་མེད་ཅེས་བསྟན་པའི་ཚེ། བརྗོད་མེད་མ་ཡིན་ཏེ་བརྗོད་མེད་ཅེས་ཁ་ནས་བརྗོད་དུ་ཡོད་པའི་ཕྱིར་དང་། བསམ་མེད་མ་ཡིན་ཏེ། བསམ་དུ་ཡོད་པའི་ཕྱིར་དང་། རྟོག་མེད་མ་ཡིན་ཏེ། རྟོག་མེད་དུ་རྟོག་པའི་ཕྱིར་དང་། སྤྲོས་མེད་མ་ཡིན་ཏེ། སྤྲོས་མེད་དུ་སྤྲོས་པའི་ཕྱིར་ཞེས་པ་ལྟ་བུར་གོ་ན། བརྗོད་མེད་སོགས་ཀྱི་སྒྲས་རྣམ་བཅད་དང་གཞན་སེལ་ལ་ཡང་གོ་བ་ཚུལ་བཞིན་མི་སྐྱེ་ན། ཚིག་དེ་དག་གིས་བསྟན་དོན་གོ་བ་ག་ལ་སྲིད་དེ། སོར་མོའི་རྩེ་མོས་ཟླ་བ་བསྟན་པ་ན་ཟླ་བ་ལ་མི་ལྟ་བར་སོར་རྩེ་ལ་བལྟ་བ་ལྟར་གྱུར་པའི་ཕྱིར་ན། ཁྱོད་རང་གིས་འོག་ཏུ། ཁྱོད་ཀྱིས་སྟོང་ཉིད་བཤད་ག་ལ་ནུས་ཞེས་སྨྲས་པ་ལྟར། ངེས་དོན་སྟོང་ཉིད་མཐའ་བྲལ་དང་བརྗོད་བྲལ་སོགས་སུ་གསུངས་པའི་དོན་གང་ན་ཡོད་མ་རྟོགས་པར་སྟོང་ཉིད་བཤད་ག་ལ་ནུས་ཏེ་ཚིག་དེ་ནི་བདེན་ནོ། །དེའི་ཕྱིར་དེ་འདྲའི་གནས་ལུགས་སྟོང་པ་ཉིད་སྨྲ་བ་ལ། སྨྲ་བ་རྣམས་ཀྱི་དམ་པ་དང་། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ་ཞེས་གསུངས་པ་འཐད་ཅིང་། ངེས་དོན་རྟོགས་ན་དེ་ལྟར་མ་བསྟན་པའི་དྲང་དོན་ཡང་ཤེས་ཤིང་། བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བའི་རྣམ་པ་ཀུན་ལྡན་རྗོད་བྱེད་སྣ་ཚོགས་པའི་ཆོས་ཀྱི་སྒོ་མོ་ཇི་སྙེད་གསུངས་པ་དང་། སངས་རྒྱས་ཀུན་གྱི་ཡུལ་དུ་གྱུར་པའི་དེ་ཁོ་ན་ཉིད་ཡང་དག་པའི་དོན་མཐོང་བ་དང་། སྟོང་པ་ཉིད་བསྟན་པ་དང་། ཆོས་དབྱིངས་སྐུ་དང་ཡེ་ཤེས་དང་འདུ་འབྲལ་མེད་པའི་བདེ་གཤེགས་སྙིང་པོ་སེམས་ཅན་གྱི་ཁམས་ན་ཡོད་པར་བསྟན་པ་རིགས་ཤིང་། དེ་ལའང་སྤྱི་མཚན་གྱི་སྒོ་ནས་བརྗོད་པ་རགས་པ་དང་། ཡོངས་གྲུབ་རང་གི་ངོ་བོ་མངོན་སུམ་རྟོགས་པ་ཕྲ་བ་དང་། ཡུལ་ཆོས་ཉིད་དམིགས་མེད་དང་། དེའི་ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་དྲུག་གིས་བཤད་པ་རྣམས་གོང་དུ་སྨོས་པའི་དོན་དེ་དག་གི་སྒྲུབ་བྱེད་ཡང་དག་ཏུ་སོང་བའི་ཕྱིར་ན། རྩོད་ཡིག་གདོང་ལྔའི་སྒྲ་དབྱངས་སུ་གཞན་ལ་སུན་འབྱིན་གྱི་ཆེད་དུ་དྲངས་པའི་ལུང་། སྨྲ་རྣམས་ཀྱི་དམ་པ་ཞེས་པ་ནས་རྣམ་པར་མི་རྟོག་ཡེ་ཤེས་ཀྱི། །མཚན་ཉིད་མདོ་བཞིན་


MR14_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ་ཡིན། །ཞེས་པའི་བར་རྣམས་ལ་སོ་སོར་ལན་ཅུང་ཟད་ཀྱང་བསྟན་མ་དགོས་པར་བདག་ཅག་གི་ལུགས་དག་བྱེད་དུ་སོང་ནས་གཞུང་དེ་དག་གིས་ངེས་དོན་སྟོན་པའི་མདོས་བསྟན་དོན་བརྗོད་དུ་ཡོད་པའི་རྒྱུ་མཚན་མ་བཀག་པའི་ཕྱིར་ཏེ། གཞུང་དེ་དག་ཚིག་གི་སྒོ་ནས་བརྗོད་དུ་ཡོད་པ་ལ་བརྟེན་ནས། མཐའ་གང་དུའང་བརྗོད་དུ་མེད་པའི་ཆོས་ཉིད་གཏན་ལ་དབབ་པའི་ཕྱིར་ན། ཐ་སྙད་དུ་ཚིག་གིས་བརྗོད་པ་དང་རྟོག་པ་དང་མཐོང་བ་སོགས་གང་ཡང་མ་བཀག་པར་དེ་གཉིས་དོན་གཅིག་ལ་འགལ་མེད་དུ་འཇུག་པར་འདོད་པའི་ཕྱིར་རོ། །དེས་ན་གཞུང་དེ་དག་གིས་བསྟན་དོན་མཐར་ཐུག་མ་ཤེས་པར་གུང་བསྒྲིགས་ནས་འཆད་དུ་མེད་དོ། །ཡང་ཁྱོད་ཀྱིས། མདོར་ན་རྒྱུད་བླ་མ་དང་། དབུ་མ་རིགས་ཚོགས་སོགས་ཀྱི་མིང་དོན་ཙམ་ཡང་མ་ཤེས་པར་ཟད་དོ་ཞེས་སྨྲས་པ་དེ་ལ་ཇི་ལྟར་མ་ཤེས་ཞེས་དྲིས་པ་ན། ཁོ་ན་རེ། རྒྱུད་བླ་མས། རྡོ་རྗེའི་གནས་བདུན་བསྟན་པ་དང་། རིགས་ཚོགས་ཀྱིས་སྟོང་པ་ཉིད་རིགས་པས་རྒྱ་ཆེར་བསྒྲུབ་པ་ཡིན་ན། ཁྱོད་ཀྱིས་དེ་དག་གིས་ཀྱང་ངེས་དོན་བསྟན་དུ་མེད་དོ་ཞེས་ཁས་བླངས་པའི་ཕྱིར་རོ་ཞེ་ན། སྨྲས་པ། ཁོ་བོ་ཅག་གིས་གཞུང་དེ་དག་གིས་བསྟན་བྱའི་དོན་ངེས་དོན་བསྟན་དུ་མེད་དོ་ཞེས་མ་བརྗོད་དེ། དེ་དག་གིས་བསྟན་པར་བྱ་བ་ངེས་དོན་སྟོང་པ་ཉིད་ཆོས་ཀྱི་དབྱིངས་གང་ཞིག་དམིགས་པའི་མཐའ་ཐམས་ཅད་དང་བྲལ་བ་བསྟན་པར་འདོད་པས་ན་གཞུང་དེ་དག་གི་མིང་དོན་ལེགས་པར་ཤེས་ཤིང་། གཞན་ཆོས་དབྱིངས་དམིགས་པ་ཅན་མེད་དགག་ཏུ་འདོད་ན། མེད་དགག་ཙམ་ལ། གང་ལས་དཀོན་མཆོག་དགེ་བ་གསུམ་འབྱུང་བ། །ཞེས་སོགས་རྒྱ་ཆེར་བཤད་པའི་རིགས་སམ་རྒྱུད་ཀྱི་དོན་མི་རུང་བས་དེ་ཤེས་པར་ཡང་མི་རུང་ལ། སྐུ་དང་ཡེ་ཤེས་ཀྱི་རང་བཞིན་རྣམ་དབྱེར་མེད་པའི་ཡོན་ཏན་ཀྱང་མེད་པའི་ཕྱིར་བླ་མའི་མིང་དོན་ཡང་མ་ཤེས་པར་སེམས་ཤིང་། དེ་བཞིན་དུ་རིགས་ཚོགས་ཀྱིས་བསྒྲུབ་པར་བྱ་བ་དབུ་མའི་དོན་ཡིན་ན། གནས་ལུགས་སྟོང་ཉིད་མེད་དགག་ལ་མཐའ་གཉིས་ཀ་ཁེགས་པའི་དབུ་མའི་དོན་མེད་པའི་ཕྱིར། །


MR14_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མིང་དོན་ཀྱང་ཡང་དག་པར་ཤེས་པར་དཀའ་ཞེས་བརྗོད་དོ། །ཡང་རྩོད་ཡིག་རིགས་པའི་གཟི་འབར་དུ་ཁོ་ན་རེ། རྣམ་བཞག་དེ་ཀུན་ཀུན་རྫོབ་ཏུ་ཡིན་པས་ཇི་སྐད་བཤད་པའི་སྐྱོན་དུ་མི་འགྱུར་རོ་ཞེ་ན། ཀུན་རྫོབ་ཏུ་ཡོད་པས་ཡོད་པར་མི་འགྱུར་ཞེས་ཁྱེད་ཅག་གིས་སྨྲས་པས། དེ་ལྟ་ན་དེས་སྐྱོན་སྤོང་མི་ནུས་སོ་ཞེས་ཁོ་བོ་ཅག་སྨྲའོ་ཞེས་ཟེར། དེ་ལ་དྲི་མ་མེད་པའི་རིགས་པའི་ལམ་ནས་ལན་བཏབ་པ་སྔ་རབས་པ་ཕལ་མོ་ཆེས་ཐ་སྙད་དུ་ཡོད་པས་ཡོད་གོ་མི་ཆོད་ལ། དོན་དམ་པར་མེད་པས་མེད་གོ་ཆོད་ཅེས་འཛེར། །ཕྱི་རབས་པ་ཕལ་གྱིས་ཀུན་རྫོབ་ཏུ་ཡོད་པས་ཡོད་གོ་ཆོད་ལ། དོན་དམ་པར་མེད་པས་མེད་གོ་མི་ཆོད་ཟེར། བདག་ཅག་གིས་ནི་དེ་གཉིས་ཀ་ལྟར་མི་སྨྲ་སྟེ། ཐ་སྙད་དུ་ཡོད་པས་ཐ་སྙད་དུ་ཡོད་པའི་གོ་ཆོད་ལ་དོན་དམ་པར་ཡོད་པའི་གོ་མི་ཆོད། དོན་དམ་པར་མེད་པས་དོན་དམ་པར་མེད་པའི་གོ་ཆོད་ལ་ཐ་སྙད་དུ་མེད་པའི་གོ་མི་ཆོད། དོན་དམ་པར་མེད་པ་དང་ཐ་སྙད་དུ་ཡོད་པ་གཉིས་དངོས་པོ་རྣམས་ཀྱི་སྟེང་ན་འགལ་མེད་དོན་གཅིག་ཏུ་འཆར་བའི་གོ་ཚུལ་ཡོད་པར་སྨྲའོ། །དེའི་ཕྱིར་ཀུན་རྫོབ་ཏུ་ཡོད་པས་ཡོད་པར་མི་འགྱུར་ཞེས་ནམ་ཡང་མ་སྨྲས་པས་སྐྱོན་སྤང་ཅི་སྟེ་མི་ནུས། གཞན་ཡང་བསྡུས་ཚན་སོགས་ནས་བཤད་པ་ལྟར་ཐ་སྙད་ཀྱི་ཚིག་ཙམ་ལ་འཆེལ་ཆེས་ན། འདི་ལྟར་རི་བོང་རྭ་ཆོས་ཅན། ཡོད་པ་ཡིན་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། དེར་ཐལ། གཏན་མེད་དུ་གཞལ་བྱ་ཡིན་པའི་ཕྱིར། ཁྱབ་པ་གྲུབ་སྟེ། གཞལ་བྱ་གཞི་གྲུབ་ཡོད་པ་རྣམས་དོན་གཅིག་ཡིན་པའི་ཕྱིར། གལ་ཏེ་གཏན་མེད་དུ་གཞལ་བྱ་དེ་རི་བོང་གི་རྭ་མིན་ན་རི་བོང་རྭའི་སྒྲ་དོན་ནི་ཡོད་པའི་ཕྱིར་གཏན་མེད་དུ་གཞལ་མི་རུང་ངོ་། །དེས་ན་དེ་འདྲའི་སྤྲོས་པ་ཤིན་ཏུ་མང་ཡང་དགོས་པ་ཆུང་བས་གཞག་ལ། ཚུལ་དེས་གཞལ་བས་ཡོད་པར་ཁས་བླང་ན་ཐ་སྙད་དུ་རི་བོང་རྭ་ཡང་ཡོད་དགོས་པས་མེད་པའི་ཆོས་ཤེས་བྱ་ལ་མི་སྲིད་པར་འགྱུར་རོ། །དེས་ན་སྤྱིར་རང་ཤན་མ་ཕྱེད་པར་ཚིག་གི་འཛིན་མཚམས་ཙམ་གྱིས་གར་ཡང་མི་ཕྱིན་པས་ཚིག་གིས་བསྟན་དོན་


MR14_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོ་བ་ལྷུར་བྱེད་དགོས་ཀྱི་ཚིག་ལ་རྟོན་པར་མི་བྱའོ། །ཡང་རྩོད་ཡིག་ཏུ། འོན་ཀྱང་ཀུན་རྫོབ་ཏུ་དོན་དམ་བདེན་པ་ཡོད་ན་དེ་མཐའ་ཀུན་དང་བྲལ་བའི་དབུ་མ་ཡིན་ནམ་མིན། དང་པོ་ལྟར་ན་སྒྲ་རྟོག་གིས་ཡུལ་མ་ཡིན་པར་ཐལ། མཐའ་ཀུན་དང་བྲལ་བའི་ཕྱིར། རྟགས་ཁྱབ་ཁས། འདོད་ན་ཀུན་རྫོབ་ཏུ་ཤེས་བྱ་ཡིན་ཟེར་བ་འགལ་ལ། ཡུལ་མིན་ན་བདེན་གཉིས་ཀྱི་རྣམ་དབྱེ་མེད་པར་འགྱུར་ཞིང་། དབྱེ་གཞི་དང་དབྱེ་ངོ་ཀུན་རྫོབ་ཏུ་ཡིན་ཟེར་བ་དང་འགལ་ལོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་མཐའ་བྲལ་དབུ་མ་ཆེན་པོ་ཀུན་རྫོབ་ཏུ་མེད། དོན་དམ་པར་ཡང་མེད་པའི་ཕྱིར་ན། དེའི་རྣམ་བཞག་རྣམ་གྲངས་གང་གིས་ཀྱང་བཤད་དུ་མེད་པར་འགྱུར་རོ། །རྣམ་དཔྱོད་ཀུན་གསལ་མེ་ལོང་དག་པའི་ངོར། །ཡིད་འཕྲོག་གཟུགས་ཀྱི་སྣང་བ་འབྱམས་ཀླས་ཀྱང་། །ཡི་གེའི་ལམ་དུ་སུག་པ་ངལ་བ་ཡི། །དཀའ་ཐུབ་བསྟེན་པའི་བརྩོན་པ་འདིར་སྤངས་སོ། །ཞེས་ཀྱང་བསྒྲགས་སོ་ཞེས་ཟེར། དེ་ལ་ལན་ལེགས་པར་སྨྲས་པ། དོན་དམ་བདེན་པ་ཀུན་རྫོབ་ཏུ་ཡོད་པ་དང་། དེ་མཐའ་ཀུན་དང་བྲལ་བའི་དབུ་མ་ཡིན་ཞེས་ཁས་ལེན་ནོ། །འོ་ན་དེ་ཆོས་ཅན། སྒྲ་རྟོག་གི་ཡུལ་མ་ཡིན་པར་ཐལ། མཐའ་བྲལ་ཡིན་པའི་ཕྱིར་ཞེ་ན། དམིགས་པ་ཅན་གྱི་སྒྲ་རྟོག་གི་ཡུལ་མ་ཡིན་པར་འདོད་ཅེས་ལན་འདེབས་སོ། །སྒྲ་རྟོག་གི་ཡུལ་མིན་པར་གསུངས་པ་ཐམས་ཅད་དམིགས་པ་མེད་པའི་དོན་དུ་བཤད་པ་དང་། དམིགས་པ་ཐམས་ཅད་རྣམ་བཅད་ལ་ཁེགས་པས་དམིགས་མེད་ཡོངས་གཅོད་དུ་གྲུབ་པའི་ཕྱིར། དམིགས་པ་མེད་པའི་བློས་ཡུལ་ཡིན་ཞེས་སྔར་བཤད་ཟིན་ཏོ། །དེས་ན་སྤྱིར་བློའི་ཡུལ་མིན་པར་ཁས་མ་བླངས་པས་བདེན་གཉིས་ཀྱི་དབྱེ་གཞི་དབྱེ་ངོ་བཤད་པ་ཀུན་རྫོབ་ཏུ་ཡིན་པར་བཤད་པ་ལ་འགལ་བར་ཐལ་བའི་སུན་འབྱིན་གྱི་ལན་བསྟན་མ་དགོས་སོ། །མཐའ་གང་དུའང་དམིགས་པ་མེད་པའི་མཐའ་བྲལ་དབུ་མ་ཆེན་པོ་དེ་ཉིད་ལ་ཆོས་ཀྱི་དབྱིངས་ཞེས་བྱ་ལ། དེ་ཉིད་ཆོས་ཐམས་ཅད་


MR14_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་ཉིད་དུ་ཡོད་པས་ན་མཐའ་བྲལ་དབུ་མ་ཆེན་པོ་ཀུན་རྫོབ་ཏུ་མེད་པའི་སྐྱོན་མེད་ཅིང་དེ་ཉིད་ལ་དོན་དམ་པ་ཞེས་ཐ་སྙད་ཉེ་བར་འདོགས་པའི་ཕྱིར་རོ། །འོ་ན་དམིགས་པ་ཅན་མ་ཡིན་པའི་སྒྲ་རྟོག་ཡོད་དམ་ཞེ་ན། དམིགས་པ་ཅན་མ་ཡིན་པར་སྟོན་པའི་སྒྲ་རྟོག་ནི་ཡོད་དེ། དམིགས་མེད་དང་སྤྲོས་བྲལ་ཞེས་བརྗོད་པ་ལྟ་བུའོ། །མིང་དེ་དག་གིས་བསྟན་དོན་ལ་དམིགས་པ་ཅན་གང་ཡང་བསྟན་པ་མེད་དེ། གཟུང་འཛིན་མེད་པ་ཞེས་པའི་སྒྲས་གཟུང་འཛིན་མ་བསྟན་པ་དང་། བདེན་མེད་ཅེས་པའི་སྒྲས་བདེན་གྲུབ་མ་བསྟན་པ་བཞིན་ནོ། །དེའི་བསྟན་དོན་ཇི་བཞིན་དུ་སོ་སོ་རང་རིག་པས། དམིགས་སུ་མེད་པའི་དོན་རྟོགས་པ་ལ་ནི་སྒྲ་རྟོག་གི་འཇུག་ཡུལ་མེད་ལ། དམིགས་སུ་མེད་པ་ལ་སྒྲས་ཅི་ཞིག་བརྗོད་ཅིང་བློས་ཅི་ཞིག་ཏུ་རྟོག བརྗོད་ཅིང་རྣམ་པར་རྟོག་པ་དེ་སྲིད་དུ་དམིགས་པ་དང་བཅས་པར་འགྱུར་རོ། །དེའི་ཕྱིར་སོ་སོ་རང་རིག་པའི་ཡུལ་ནི་ཚིག་གིས་དངོས་སུ་མཚོན་མི་ནུས་པར་གསུངས་ཀྱང་། ལུང་བཞིན་ལེགས་པར་དཔྱད་པའི་སྒྲ་རྟོག་ལ་བརྟེན་ནས་དེ་ཁོ་ན་ཉིད་ཤེས་པའམ་རྟོགས་སུ་མི་རུང་བ་མ་ཡིན་པའི་ཚུལ་སྔར་ཡང་བཤད་ཟིན་ཏོ། །དེའི་ཕྱིར་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ཀྱིས་བསྟན་དོན་ལྟར་རིགས་པས་ལེགས་པར་དཔྱད་པའི་སྒྲ་རྟོག་ལ་བརྟེན་ནས་གནས་ལུགས་གཏན་ལ་འབེབས་དགོས་ཀྱི། དམིགས་པའི་མཐའ་གང་རུང་ལ་ཞེན་ན། སྟོང་པ་ཉིད་ཇི་བཞིན་རྟོགས་མི་ནུས་ཏེ། ཡེ་ཤེས་ཕྱག་རྒྱའི་མདོ་ལས། མེད་པའི་ཆོས་ལ་ཡོངས་སུ་རྟོག་པ་ན། །བྱིས་པ་གང་ཡིན་གཡོ་བ་དེ་ཡིས་བཅིངས། །ཞེས་དང་སྟོང་ཉིད་མ་སྐྱེས་སུས་ཀྱང་བྱས་མ་ཡིན། མ་མཐོང་འོང་བ་མ་ཡིན་འཕོ་མིན་ན། །དམིགས་གནས་བདག་ཅག་སྟོང་ཉིད་ལེགས་བསླབ་ཅེས། །འཛེར་བ་དེ་དག་ཆོས་ཀྱི་རྐུན་པོ་ཡིན། །ཞེས་གསུངས་ཤིང་། དམིགས་པ་མཐའ་དག་ལས་བཟློག་སྟེ་མཐའ་བྲལ་སྤྲོས་པ་མེད་པའི་དོན་ཁོང་དུ་ཆུད་ན། མདོ་དེ་ལས།


MR14_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་དང་རྣམ་པར་རྟོག་པའི་སྤྲོས་པ་དེ། །གཉིས་ཀ་ཡོངས་སུ་སྤངས་ན་ཆོས་འཛིན་ཡིན། །ཞེས་དང་། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། མྱ་ངན་འདས་པའི་ཆོས་ལ་ཆོས་མེད་དེ། །གང་ཕྱིར་འདི་མེད་ནམ་ཡང་ཡོད་མི་འགྱུར། །རྟོག་ཅན་དག་གིས་ཡོད་དང་མེད་ཅེས་བྱ། །དེ་ལྟར་དཔྱོད་པས་སྡུག་བསྔལ་ཞི་མི་འགྱུར། །ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རབ་སྤངས་ནས། །མཁས་པ་དབུས་ལའང་གནས་པར་ཡོངས་མི་བྱེད། །ཅེས་དང་། སྒྲ་དང་ཚིག་གི་ལམ་བྲལ་བརྗོད་དུ་མེད། །ནམ་མཁའ་ཇི་བཞིན་ཆོས་ཀྱི་རང་བཞིན་ཏེ། །འདི་ལྟ་བུ་ཡི་ཚུལ་མཆོག་རྣམ་རིག་ན། །དེ་ཡི་སྤོབས་པ་དག་ཀྱང་མི་ཟད་འགྱུར། །ཞེས་གསུངས་པ་བཞིན་དུ་ཕྱོགས་ཞེན་དང་སྡང་ཞུགས་ཀྱི་སྨྲ་བ་གཙོ་བོར་མི་བྱ་བར་རྣམ་པར་གྲོལ་བའི་ལམ་བསྒྲུབ་པའི་ཆེད་དུ་དེ་ཁོ་ན་ཉིད་ཀྱི་དོན་ལ་ལུང་བཞིན་ལེགས་པར་སྤྱོད་པའི་ཤེས་རབ་ཀྱིས་དཔྱད་པ་བྱས་ན། རྒྱལ་བ་ཤཱཀྱ་སེང་གེའི་བསྟན་པར་རིན་པོ་ཆེའི་རྗེས་སུ་ཚུལ་བཞིན་ཞུགས་པ་ཉིད་དུ་འགྱུར་རོ། །ཡང་དག་ལུང་དང་རིགས་པའི་འཐད་པ་ལ། །བརྟེན་ནས་ཞི་སྒོ་གཉིས་སུ་མེད་པའི་ལམ། །སྟོང་དང་རྟེན་འབྱུང་ཟུང་འཇུག་མཐའ་བྲལ་གྱི། །དོན་ལ་ཡིད་ཆེས་ཅུང་ཟད་རྙེད་པ་ཡང་། །བླ་མ་མཆོག་དང་རྒྱལ་བ་རྒྱལ་སྲས་ཀྱི། །ཐུགས་རྗེའི་བྱིན་རླབས་ཉིད་དུ་ངེས་གྱུར་ཅིང་། །རང་རློམ་མེད་པར་ལེགས་པར་བརྗོད་པའི་གཏམ། །འདི་ཡང་སྐལ་བཟང་སྐྱེ་བོའི་དཔལ་དུ་འགྱུར། །ཞེས་སྨྲས་སོ། །ཡང་བློ་བཟང་རབ་གསལ་ལགས་ཀྱི་ཞལ་ནས། འདི་སྐད་དུ། འདི་ལྟར་སྟོང་ཉིད་ཆོས་ཅན། །རྗེས་དཔག་གིས་གཞལ་བྱ་ཡིན་པར་ཐལ། ལྐོག་གྱུར་ཡིན་པའི་ཕྱིར། ཁྱབ་པ་རྒྱང་འཕེན་པས་ཀྱང་ཤེས་ཏེ་རྗེས་དཔག་ཁས་མ་བླངས་སོ། །དངོས་པོ་རང་བཞིན་གྱིས་མེད་པ་ཆོས་ཅན། ཚད་མས་མ་བསལ་བར་ཐལ། བསྒྲུབ་བྱ་ཡང་དག་ཡིན་


MR14_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། རྣམ་འགྲེལ་དུ། ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་སོགས་སྡེ་བདུན་མདོ་དང་བཅས་པ་ལས་བརྒལ་ལོ། །རྒྱན་དུ། བརྟན་པའི་ཆོས་ཀྱི་བྱེ་བྲག་གིས། །ཞེས་སོགས་དམིགས་བྱ་དམིགས་བྱེད་རྟེན་དང་བརྟེན་པར་གསུངས་པ་དང་། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་གསུངས་པས་ཁྱེད་ཅག་གི་སྟོང་ཉིད་དེ་ནི་བྱང་སེམས་ཀྱིས་བསྒྲུབ་པས་མ་བསྒོམ་པར་སངས་རྒྱ་བར་ངེས་སོ། །སྦྱོར་བ་བརྒྱ་དོན་གསུམ་དུ་ཁྱེད་ཅག་གི་དོན་དམ་པའི་རྣམ་པ་བསྒོམ་པ་མ་ཆུད་པར་གསལ་ལོ། །སྒོམ་པའི་ལམ་ནི་ཟབ་པ་སྟེ། ཞེས་དང་། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །ཅེས་དང་། དྲི་མ་ཟད་དང་མི་སྐྱེ་བའི། །ཞེས་དང་། ཡང་དག་ཉིད་ལ་ཡང་དག་ལྟ། །ཞེས་སོགས་མཐའ་ཡས་ཤིང་། རྣམ་མཁྱེན་སོགས་སྨྲས་ཀྱང་རྣམ་པ་དང་ལམ་དང་གཞི་སོགས་ཀྱི་ཁྱད་པར་ག་ལ་ཤེས། རྣམ་པར་དམིགས་པས་རྫོགས་ཚུལ་རྣམས་མ་བསམ་པར་བྱུང་རྒྱལ་དུ་སྨྲ་བར་ངེས་སོ་ཞེས་གསུངས་པ། དེ་ལ་ལན་ཉུང་ངུར་བརྗོད་པ། སྟོང་ཉིད་རྗེས་དཔག་གིས་གཞལ་བྱ་ཡིན་ཚུལ་གོང་དུ་བཤད་ཟིན་པ་ལྟར་འདོད་ལན་དོན་མཐུན་ཐེབས་པས་འདིར་ཡང་བཤད་མ་དགོས་ལ། གཞན་ལུགས་རྒྱང་འཕེན་པ་ལས་ཀྱང་ཐ་ཆད་དོ་ཞེས་ཤུགས་ཀྱིས་འཕེན་པའི་བརྗོད་འདོད་དྲག་པོས། ཁྱབ་པ་རྒྱང་འཕེན་པས་ཤེས་ཏེ། རྗེས་དཔག་ཁས་མ་བླངས་སོ་ཞེས་བཤད་པ་ལ་བརྟགས་ན། རྒྱང་འཕེན་པས་རྗེས་དཔག་ཁས་མ་བླངས་ཤིང་། མངོན་སུམ་གྱིས་གཞལ་བྱ་མ་ཡིན་པའི་ཡུལ་ལྐོག་གྱུར་ཀྱང་ཁས་མི་ལེན་པ་ཡིན་པས། ཁྱབ་པ་ཇི་ལྟར་ཤེས་ཏེ། རྟགས་དང་བསྒྲུབ་བྱ་གཉིས་ཀ་ཁས་མི་ལེན་པ་ལ། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ནི་མོ་གཤམ་བུ་དང་དེའི་ལྕམ་མོའི་ཁྱབ་པ་ཤེས་པ་ལྟར་སོང་བས་མཆོང་དྲག་པས་ཡན་ལག་ཆག་པའི་


MR14_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་དང་མཚུངས་པར་སོང་ངོ་། །དངོས་པོ་རང་བཞིན་མེད་པ་ཚད་མས་མ་བསལ་བར་འདོད་དེ། དམིགས་མེད་མཐའ་བྲལ་ནི་རང་བཞིན་མེད་པའི་དོན་ཡོངས་སུ་རྫོགས་པ་ཡིན་ཞིང་། དེ་བསྒྲུབ་བྱ་ཡང་དག་ཡིན་ཏེ། གནས་ལུགས་དཔྱོད་པའི་ཚད་མས་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ་ཞེས་པའི་ཟབ་མོ་སྤྲོས་བྲལ་གྱི་དབྱིངས་དང་གཉིས་སུ་མེད་པའི་སྐུ་དང་ཡེ་ཤེས་ཀྱི་ཆོས་རྒྱ་ཆེ་བའི་བདག་ཉིད་ནི། ཟབ་དང་རྒྱ་ཆེའི་སྐུ་མངའ་བ། །ཞེས་དང་། གདུལ་བྱ་ལ་རྣམ་གྲོལ་གྱི་ལམ་ཡང་དག་པ་བསྟན་པའི་ཕྱིར། ཐར་འདོད་རྣམས་ལ་མི་བསླུ་བར་གྱུར་པའི་ཕྱིར། དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་སོགས་ཀྱི་དོན་ཇི་བཞིན་འཆད་ནུས་པས་སྡེ་བདུན་མདོ་དང་བཅས་པའི་ལམ་གྱི་ཚུལ་ལ་གནས་བཞིན་པ་ཡིན་གྱི་རིང་དུ་མ་བརྒལ་ཏོ། །བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །ཞེས་སོགས། ཆོས་ཀྱི་དབྱིངས་ཉིད་ལ་ཆོས་ཅན་སོ་སོའི་སྒོ་ནས་དབྱེ་བ་བཅུ་གསུམ་བྱས་པའམ། དམིགས་བྱ་དམིགས་བྱེད་ཀྱི་ཚུལ་དུ་བཤད་ཀྱང་རུང་གང་ལྟར་ཀྱང་སྤྲོས་བྲལ་གྱི་ཆོས་ཉིད་དེ་ལས་མ་འདས་སོ། །དམིགས་པ་ཆོས་རྣམས་ཐམས་ཅད་དེ། །ཞེས་པ་བྱང་སེམས་ཀྱིས་སྒྲོ་འདོགས་བཅད་པར་བྱ་བའི་གཞི་བླང་དོར་བཏང་སྙོམས་ཀྱིས་བསྡུས་པ་ཐམས་ཅད་དང་། དེ་ཐམས་ཅད་ཀྱི་ནང་ན་ཤེས་པར་བྱ་བའི་མཆོག་ཏུ་གྱུར་པའི་ཆོས་ཀྱི་དབྱིངས་ཉིད་ལ་དམིགས་བྱ་དམིགས་བྱེད་གཉིས་སུ་སྣང་བ་མེད་ཀྱང་ཐ་སྙད་དུ་ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་དམིགས་པར་འདོད་དེ། བར་ཆད་མེད་རྩེའི་སྐབས་སུ། འདི་ཡི་དམིགས་པ་དངོས་མེད་དེ། །ཞེས་གསུངས་པ་བཞིན་ནོ། །དེས་ན་བདག་ཅག་གི་སྟོང་ཉིད་དེ་བྱང་སེམས་ཀྱི་སྒྲུབ་པས་མ་བསྒོམས་པ་མ་ཡིན་ཏེ། བྱང་སེམས་ཀྱི་ལམ་ཐམས་ཅད་འཁོར་གསུམ་དུ་དམིགས་པ་མེད་པ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་ནས་ཉམས་སུ་ལེན་པའམ་བསྒྲུབ་པ་ཡིན་ཏེ། གདམས་ངག་གི་སྐབས་སུ་སྒྲུབ་དང་ཞེས་པ་


MR14_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་གཉིས་ཟུང་འཇུག་ཏུ་སྒྲུབ་པར་བཤད་པ་བཞིན་ནོ། །སྦྱོར་བ་བརྒྱ་དོན་གསུམ་དུ་བདག་ཅག་རྣམས་ཀྱི་དོན་དམ་བསྒོམ་ཚུལ་མ་ཆུད་པ་མ་ཡིན་ཏེ། མེད་པའི་རྣམ་པ་ནས་མི་གཡོ་བའི་རྣམ་པའི་བར་གཞི་ཤེས་ཀྱི་རྣམ་པ་ཉེར་བདུན་དང་། ཆགས་བྲལ་གྱི་རྣམ་པ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པའི་བར་གྱི་ལམ་ཤེས་ཀྱི་རྣམ་པ་སོ་དྲུག་དང་། ལུས་དྲན་པ་ཉེར་བཞག་གི་རྣམ་པ་ནས། སངས་རྒྱས་ཉིད་ཀྱི་རྣམ་པའི་བར་གྱི་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་། བཅུ་སྟེ། རྣམ་པ་བརྒྱ་དོན་གསུམ་པོ་འདི་དག་ཐམས་ཅད་དོན་དམ་པར་མི་དམིགས་པའི་ཚུལ་དུ་བསྒོམ་པར་གསུངས་པས་ན་བདག་ཅག་རྣམས་ཀྱི་སྒོམ་པ་ནི་ལམ་དེ་ཉིད་ཀྱི་དངོས་གཞིར་གནས་ཤིང་དམིགས་པ་ཅན་གྱི་སྟོང་ཉིད་ཡིན་ན་བདེན་གཉིས་ཟུང་འཇུག་དམིགས་པ་མེད་པར་མ་སོང་བའི་ཕྱིར་གང་དུའང་མ་ཆུད་པར་གསལ་ལོ། །དེའི་ཕྱིར་རྣམ་པ་དེ་སྦྱོར་བས་སྒོམ་ཚུལ་གྱི་སྐབས་སུ་ཡུལ་གཟུགས་སོགས་ལ་མི་གནས་པའི་སྦྱོར་བ། ཡུལ་ཅན་དམིགས་ཞེན་གྱིས་མི་སྦྱོར་བའི་སྦྱོར་བ་གཉིས་གསུངས་ཤིང་དེ་འདྲའི་སྦྱོར་བ་དེ་ལ་གཞི་ལམ་རྣམ་པའི་ཆོས་ཐམས་ཅད་དོན་དམ་པར་མི་དམིགས་ཤིང་ཐ་སྙད་དུ་དམིགས་པ་འགལ་མེད་དུ་སོང་བའི་ཆ་ནས་ཟབ་པ་དང་གཏིང་དཔག་དཀའ་བ་དང་། ཚད་མེད་པ་ཞེས་གསུངས་པ་བཞིན་ནོ། །སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང་། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །ཅེས་གསུངས་པ་མཐའ་བྲལ་ལ་ངེས་པ་རྙེད་པ་དག་གིས་ཇི་སྐད་བཤད་པ་དེ་དག་དེ་བཞིན་དུ་ཤིན་ཏུ་ཟབ་པོ་སྙམ་དུ་ཤེས་ཤིང་། དམིགས་པ་ཅན་ལ་སྒྲོ་སྐུར་གྱི་མཐའ་དང་བྲལ་བའི་ཟབ་མོ་དཔག་པར་དཀའ་བ་ཞེས་བློས་མི་དཔོགས་པ་ཅི་ཡང་མི་སྣང་ངོ་། །ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད། །སྐྱེ་བ་དང་ནི་འགག་པ་དང་། །དེ་བཞིན་ཉིད་དང་ཤེས་བྱ་དང་། །ཤེས་དང་སྤྱོད་དང་གཉིས་མེད་དང་། །ཐབས་མཁས་པ་ལ་ཟབ་པ་ཉིད། །ཅེས་གསུངས་པ་འདིའི་དོན། མཐའ་བྲལ་དབུ་མ་ཆེན་པོ་རྟོགས་པ་རྣམས་ཀྱིས་ཁོང་དུ་ཆུད་པའི་


MR14_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཏེ། ཇི་ལྟར་ན། དོན་དམ་པར་སྐྱེ་བ་མེད་པ་དང་། ཐ་སྙད་དུ་སྐྱེ་བ་གཉིས་གཅིག་ཡིན་ན་ཅིག་ཤོས་ཡིན་མི་ཤེས་པ་ལྟར་བདེན་གཉིས་འགལ་འདུར་འཛིན་པ་རྣམས་ཀྱིས་འགལ་མེད་དོན་གཅིག་ཏུ་མ་རྟོགས་ཤིང་། དབུ་མའི་དོན་རྟོགས་པ་རྣམས་ཀྱིས། གང་གིས་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །གསུང་མཆོག་ཅེས་པ་ལྟར་འགལ་མེད་དུ་རྟོགས་ནས་མཐའ་བྲལ་ཆོས་ཀྱི་དབྱིངས་རྟོགས་པ་ནི་ཟབ་པ་དང་པོ་དང་། དེ་བཞིན་འགག་པ་འགག་མེད་ལ་སྦྱར་བ་གཉིས་པ་དང་། ཤེས་རབ་ཀྱིས་དེ་བཞིན་ཉིད་གོམས་པར་བྱེད་ཀྱང་ཐབས་ཀྱི་དུས་མིན་མངོན་དུ་མི་བྱེད་པ་ཐབས་ཤེས་ཟུང་འཇུག་གི་དེ་བཞིན་ཉིད་ལ་ཟབ་པ། དོན་དམ་སྤྲོས་བྲལ་ལྟར་ན་སྒྲུབ་ཏུ་མེད་ཀྱང་ཀུན་རྫོབ་ཏུ་སྦྱིན་སོགས་སྒྲུབ་པ་འགལ་མེད་དུ་རྟོགས་པ་ཤེས་བྱ་ལ་ཟབ་པ། དེ་ཁོ་ན་ཉིད་ལ་མཐོང་བའམ་དམིགས་པ་གང་ཡང་མེད་ཀྱང་དམིགས་པ་མེད་པ་ཉིད་ལ་མཐོང་བའི་དམ་པར་གསུངས་པ་དོན་གཅིག་ཏུ་རྟོགས་པ་ཤེས་པ་ལ་ཟབ་པ། དེ་བཞིན་དུ་སྦྱོད་མེད་ཀྱི་སྤྱོད་པ་ལའང་དེའི་ཚུལ་གྱིས་ཟབ་པ་དང་། དོན་དམ་པར་བསྒྲུབ་བྱ་སྒྲུབ་བྱེད་གཉིས་སུ་མེད་ཀྱང་ཀུན་རྫོབ་ཏུ་ལམ་ཐམས་ཅད་སྒྲུབ་པ་གཉིས་འགལ་མེད་དུ་རྟོགས་པ་གཉིས་མེད་ལ་ཟབ་པ། དོན་དམ་པར་ཐོབ་པ་དམིགས་སུ་མེད་ཀྱང་ཀུན་རྫོབ་ཏུ་ཐབས་ལ་མཁས་པས་ཚོགས་གཉིས་རྫོགས་པར་བྱས་ཏེ། །སངས་རྒྱས་ཐོབ་པ་གཉིས་འགལ་མེད་དོན་གཅིག་ཏུ་རྟོགས་པའི་ཤེས་རབ་ནི་ཐབས་མཁས་པ་ལ་ཟབ་པ་སྟེ། འདི་དག་མཐའ་བྲལ་དབུ་མ་ཆེན་པོ་པ་དག་གིས་དེ་དེ་བཞིན་དུ་འཛིན་ཞིང་གཞན་དག་གིས་རྩོད་པའི་གནས་སུ་བྱས་ཀྱང་ཟབ་མོའི་བློ་ལྡན་དག་ལ་ཅི་ཡང་གནོད་མི་ནུས་སོ། །དྲི་མ་ཟད་དང་མི་སྐྱེ་ཞེས་དང་། ཡང་དག་ཉིད་ལ་ཡང་དག་ལྟ་ཚུལ་སོགས་ལུང་མཐའ་ཡས་པའི་དོན་རྣམས་ཀྱང་དེ་ལྟར་ཡིན་ནོ། །རྣམ་མཁྱེན་སོགས་སྨྲས་ཀྱང་གཞི་སོགས་ཀྱི་ཁྱད་པར་ག་ལ་ཤེས་ཏེ། དམིགས་མེད་མ་ཤེས་


MR14_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་རོ་ཞེས་ཟེར་བ་ལྟར་གྱུར་ཏོ། །ཡུལ་ཅན་བློ་ཡི་རྣམ་པ་དམིགས་པས་རྫོགས་ཚུལ་ཤིན་ཏུ་བསམས་ནས་དམིགས་མེད་ཀྱི་རྣམ་པ་དེ་ཉིད་མཐའ་བྲལ་དམིགས་པ་མེད་པའི་གནས་ལུགས་དེ་ཉིད་ཀྱིས་དབང་གིས་རྫོགས་པར་ཤེས་སོ། །ཡང་རྩོད་ཡིག་ཏུ། དབུ་མ་འཇུག་པར། གཉིས་སུ་མེད་བློ་དང་། བློ་ཡང་ལྷག་ཅེས་དང་། དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། ཞེས་དང་། མ་བཟུང་བར་ཡང་ཡོད་ཅེས་བྱ་མི་རུང་། །དེ་ཉིད་རྒྱས་ལ་སངས་རྒྱས་བསྙད་ཇི་བཞིན། །ཞེས་དང་། མཁས་པ་དག་ནི་སྟོང་ཉིད་ཁོང་ཆུད་ཅིང་། །ཞེས་དང་། བདག་མེད་འདི་ནི་འགྲོ་བ་རྣམ་དགྲོལ་ཕྱིར། །ཞེས་སོགས་སྟོང་ཉིད་ཀྱི་རབ་དབྱེ་རྒྱས་པར་བཤད་ཀྱང་། ཁྱོད་ཀྱི་སྟོང་ཉིད་བཤད་ག་ལ་ནུས། འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱི་ཐུགས་སུ་ཆུད་མི་འགྱུར། ཞེས་གསུངས་པ་ལ། ཁྱོད་ལྟར་ན་རང་གི་ཐུགས་སུའང་ཆུད་རྒྱུ་མེད་ཟེར་དགོས་ལ། འཇིག་རྟེན་མ་ལུས་དེ་ཉིད་རྟོགས་ནས་སངས་རྒྱས་སར་བགྲོད་ཤོག །ཅེས་ཐུགས་སྨོན་གནང་བ་ལ་སངས་རྒྱ་བར་ཐུགས་བྲེལ་མེད་པ་རེ་ཞིག་བརྣོག་འདོད་ཀྱང་། རྟོགས་རྒྱུ་ཞིག་ཡོད་ན་རྟོགས་པར་སྨོན་ཞེས་གསུང་རིགས་པ་ཁོ་ནའོ། །སྨྲས་པ། རྣམ་དག་གཞུང་ལུགས་གཞལ་མེད་ལྷ་ཡི་གནས། །སྐལ་བཟང་འཆི་མེད་རོལ་པའི་དཀྱིལ་འཁོར་དུ། །རྒོལ་ངན་ད་ནུའི་བུ་ཡི་སྦྱོར་བ་བརྒྱས། །གཞིག་པའི་ཀུན་རྟོག་རི་མོ་དེང་འདིར་སྦྲན། །རྣམ་དག་གཟིགས་པའི་སྣ་ཚོགས་ཡུལ་གྱི་དངོས། །མཁའ་དབྱིངས་ཆུ་སྐྱེར་སོན་པ་དེ་ཡི་ཚེ། །མཁྱེན་གཏེར་འོད་ཟེར་སྟོང་གིས་གསལ་བྱས་པས། །དཔྱོད་ལྡན་བློ་གྲོས་པདྨོ་འཛུམ་ཞིང་བཤད། །རབ་འབྱམས་གཞུང་མང་བརྩེགས་པའི་ཀཻ་ལ་ཤ །རྣམ་དཔྱོད་རྩལ་གྱིས་གཡོ་བའི་འཕྲོག་བྱེད་དབང་། །རིགས་ལམ་འཕྲུལ་གྱིས་རྩེན་པའི་ཟློས་གར་གྱིས། །རྒོལ་ངན་རི་དྭགས་བསད་པའི་གཟན་ལ་རོལ། །རིས་མེད་


MR14_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་དང་གྲུབ་པའི་མཁའ་ལྡིང་ཚོགས། །ཅི་བདེར་རོལ་པའི་དུས་སྟོན་འདི་ན་བསྟར། །ཕྲ་ཞིབ་བློ་ཡི་རོ་འཛིན་འདིར་རྐྱོངས་ལ། །རྩོད་རིགས་དུས་སྟོན་དར་བའི་གླུ་དབྱངས་སྒྲོགས། །ཞེས་བྱ་བ་ནི་ཉམས་མཚར་གྱི་ཚིགས་སུ་བཅད་པའོ། །ཞེས་སྨྲས་སོ། །གོང་དུ་བཤད་པ་དེ་དག་གིས་འདི་སྐབས་སུ་གང་བཤད་པ་དག་ལ་ལན་གྱི་རྣམ་པ་རྡུལ་ཙམ་ཞིག་བསྟན་མ་དགོས་པས་མཐའ་བྲལ་སྟོང་ཆེན་གྱི་དབྱིངས་སུ་རང་ཡལ་རང་གྲོལ་དུ་གྱུར་པའི་ཕྱིར་འབད་པ་ཅི་ཡང་བརྟེན་མ་དགོས་པ་ནི་ཡ་མཚན་ནོ། །ཉམས་མཚར་གྱི་ཚིགས་བཅད་ལ། ཉམས་མཚར་ཙམ་དུ་བརྟག་པ་ཅུང་ཟད་གཅིག་བརྗོད་ན། མཁའ་དབྱིངས་ཆུ་སྐྱེར་སོན་ཞེས་པ་འདི་ཅི་ཞིག །ནམ་མཁའི་ཆར་ཆུ་ཤིང་སྐྱེར་པའི་སྟེང་དུ་བབ་ཟེར་བ་ཡིན་ནམ། ནམ་མཁའི་པད་མོར་སོན་ཟེར་བ་ཡིན་ན་མིང་མཐའི་ཡི་གེ་ཕྱིས་ནས་རྣམ་དབྱེ་སྦྱར་བའི་ལུགས་ཞིག་ཐུ་མི་སོགས་བོད་ཀྱི་བརྡ་སྤྲོད་མཁན་པོ་མཁས་པའི་ལུགས་ལས་མ་མཐོང་སྟེ་འོན་ཀྱང་མ་མཐོང་ཕྱིར་ན་མེད་པ་མིན་པའི་ཚུལ་ལྟར་ཉིད་བརྡ་སྤྲོད་པ་ལ་ཤིན་ཏུ་མཁས་པའི་ཚུལ་གྱིས་གཞན་ལའང་སྒྲ་སྦྱར་ཚུལ་ཙམ་ལའང་རྟོག་ཆེན་མཛད་པ་ཞིག་ལགས་པས་དེ་འདྲའི་བོད་ཀྱི་བརྡ་སྤྲོད་པའི་གཞུང་ཞིག་གཟིགས་པ་འདྲ་སྙམ་མོ། །གཞན་ཚིགས་བཅད་དེ་དག་གི་དོན་དང་། ཐོག་མར། དྲི་མེད་ཆོས་ཚུལ་སྙིང་པོ་རིན་ཆེན་ཁམས། །སྲིད་ན་མངོན་མཐོ་བརྟན་བརྗིད་གངས་ཀྱི་རིར། །སྐྱེས་སྦྱངས་རྣམ་དཔྱོད་ལུས་ཀྱི་རྩལ་རྫོགས་ཤིང་། །མང་ཐོས་གཡུ་ཡི་རལ་པ་སིལ་བུར་འཕྱང་། །རིགས་པའི་མཆེ་བ་འབར་པའི་མཚོན་ཆ་དཀྲིགས། །སུན་འབྱིན་སྤར་ཁྱིམ་གཡོ་བའི་དཀྱིལ་འཁོར་དུ། །ལོག་རྟོག་ཝ་མོ་བརྒྱལ་བའི་ཀླག་ཅོར་གྱིས། །འཇིགས་མེད་ངར་སྐད་གདོང་ལྔའི་དབྱིངས་འདི་སྒྲོགས། །འཇམ་དབྱངས་མཁྱེན་པའི་གཟི་འོད་རྟག་འབར་ཞིང་། །ཕྲ་ཞིབ་རིགས་པའི་ངར་ལྡན་སྦས་པའི་མཚོན། །བལྟ་བར་བསྐུལ་བ་གནས་ཚུལ་གསལ་བའི་


MR14_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

མིག །ལྡོང་བའི་སྐལ་བར་རིངས་བའི་སྦྱོར་བ་བརྟེན། །གང་ཞིག་རྟོག་གེ་ངན་པའི་བུ་ལོན་གྱིས། །བསོད་ནམས་ཟོང་ལ་གཟན་པའི་བག་མེད་པ། །མི་བཟད་ཉམ་ངའི་གཡང་སར་ཆས་པ་ལ། །ལས་མཐའ་གསལ་བ་རིགས་པའི་མེ་ལོང་སྦྱིན། །ཕྱོགས་ལྷུང་གདོན་གྱིས་བརླམས་པར་ཆ་མེད་ཀྱང་། །བླང་དོར་ཚུལ་བཞིན་ཕྱེད་པའི་སྤྱན་ཡངས་ཤིང་། །བསྟན་པའི་ཉམས་ལ་རྟོགས་ཆེན་བཤེས་གཉེན་འབུམ། །བརྒལ་ཞིང་བརྟག་པར་དཔང་པོའི་དྲང་ཐིག་མཛོད། །ཅེས་སྨོས་པ་ལྟར། །ལན་དང་ལན་གྱི་ཁྱད་པར་རྣམས་ལ་བློ་ལྡན་གཟུ་བོར་གནས་པ་དག་གིས་དཔྱད་ནས་གོང་སྨོས་ཚིགས་བཅད་སྔ་ཕྱི་དེ་དག་ནས་བསྙད་པ་ལྟར་གྱི་ཡོན་ཏན་དང་ལྡོག་ཕྱོགས་སུ་ལ་ཡོད་པ་ཤེས་པར་མཛད་པ་ལས། ཚིགས་བཅད་ཅི་འདྲར་སྨྲས་པ་ལ་ལན་དེ་འདྲ་བྲག་ཆ་ལྟ་བུ་རང་བསྟོད་གཞན་སྨོད་ཀྱིས་བྱང་སེམས་སྡོམ་པའི་སྐ་རགས་འགྲོལ་བ་ལ་ནི་ཅུང་ཟད་འབད་པ་མི་རྩོམ་སྟེ། ཁོང་གིས་སྔར། མདོ་རྒྱན་ལས། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །བསྟན་པ་དག་ཀྱང་སྲུང་བར་མཛད། །ཅེས་དང་། ཕྱོགས་གླང་གིས། དེ་ལྟའང་དེ་བཞིན་གཤེགས་པའི་ཆོས་ཀྱི་མཚན་ཉིད་རྣམས། །གལ་ཏེ་གཞན་དུ་འགྲོ་ན་དཔྱད་པར་བྱ་བའི་རིགས། །ཞེས་དང་། འདུལ་བར་ཡང་། མངོན་པས་སྡིག་ལྟ་སྤངས་པ་དང་། ཐུན་མོང་གི་མང་ཐོས་དང་། གལ་གཟུང་བ་དང་། གཞུང་གཞུག་པ་ཡང་ངོ་། །ཞེས་སོགས་ཀྱི་རྒྱུ་མཚན་དུ་མ་དང་བཅས་ཏེ་ཞེས་སོགས་དང་། རྒྱན་སྟུག་པོ་བཀོད་པར། ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་རྒྱལ་བས་གསུངས་པའང་བརྟག་པར་བྱ་ན་གཞན་ཅི་སྨོས། འཇམ་མགོན་ས་པཎ་གྱིས། དམ་ཆོས་འཁྲུལ་དང་མ་འཁྲུལ་བ། །སྐྱེ་བ་གཏན་གྱི་གྲོས་ཡིན་པས། །འདི་ཡི་ལེགས་ཉེས་དཔྱོད་པ་ལ། །སྡང་ཞེས་སྨྲ་ན་རང་སྐྱོན་ཡིན། །ཞེས་གསུངས་པས། སྙིང་སྟོབས་གཞིག་


MR14_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་གྱི་གོ་ཆ་བརྟན་པོ་བགོས་ཏེ། ཕས་རྒོལ་ལྷ་མིན་འཇོམས་པའི་ལུང་རིགས་རྡོ་རྗེའི་མཚོན་ཆ་འབུམ་དུ་བསྟར་བར་བྱའོ། །ཞེས་སོགས་དང་། ཕྱོགས་རིའི་མིག་ཅན་གྱ་ཚོམ་དུ་བརྒལ་ཞིང་རིགས་ལམ་ལ་རྒྱུས་མེད་པའི་རང་ཚིག་སྔ་ཕྱི་འགལ་བའི་ལྗིད་ཀྱིས་གཟིར་ཏེ་སྔ་ཕྱིའི་ལུགས་བསྲེས་པ་མུ་ཏོའི་ཕྱེ་ལྟ་བུ་ལ་མངོན་རློམ་གྱིས་གཞུང་བཟང་སྤྲིན་གྱི་དབྱངས་སུ་སྒྲོག་པའི་དུག་ཆུས་སྨྱོས་པ་འཇུ་མི་ཕམ་ཞེས་པའི་ཤེར་ཊཱིཀ་ཞིག་མཐོང་བ་ལ་སྙིང་པོ་མེད་ཅིང་སྔོན་མ་མང་པོའི་ཟེར་སྒྲོས་ཉོག་པོར་བྲིས་པ་དགག་འོས་སུ་མི་ཆེ་མོད་ཅེས་རྒྱན་སྟུག་པོ་བཀོད་པའི་ལུང་དྲངས་པ་ལྟར་བརྒལ་བརྟགས་མཛད་པ་ནི་དེ་ལྟར་ལགས་ཏེ། དེ་ལ་ལན་དུ་བགྱིས་པ་འདིའི་མེད་ན་མི་འབྱུང་གི་རྒྱུར་ཡང་སོང་ཞིང་། འདི་ཡི་ལེགས་ཉེས་དཔྱོད་པ་ལ། །ཞེས་དང་སྡང་ཞེས་སྨྲ་ན་རང་སྐྱོན་ཡིན། །ཞེས་དང་། གོང་དུ་དྲངས་པའི་རྒྱུ་མཚན་དེ་དག་འདིར་ཡང་ལེགས་པར་ཚང་བའི་ཕྱིར་རོ། །དེ་ནས་རྩོད་ཡིག་དེའི་སྔ་མའི་འཕྲོས་སུ། ཚད་མར་གྱུར་པའི་ལུང་མཐའ་ཡས་པས་ཟིན་པའི་དམ་པ་དེ་ཉིད། །འཇམ་མགོན་བླ་མ་ཁོ་ནར་ངེས་ཏེ། དེ་ལས་གཞན་དུ་ལུང་བསྟན་དང་མཐུན་པའི་མཛད་པ་འདི་འདྲ་དམིགས་སུ་མེད་པའི་ཕྱིར། ཁྱད་པར་དུ་གསུང་རབ་དགོངས་འགྲེལ་དང་བཅས་པ་ལམ་གྱི་རིམ་པར་བསྒྲིགས་ཏེ། གདམས་ངག་ཏུ་འཁྱེར་བ་ནི་ཇོ་འབྲོམ་ཡབ་སྲས་ཀྱི་དགོངས་པའི་མཐིལ་དུ་ངེས་ཤིང་ལྟ་སྒོམ་སྤྱོད་པ་གང་ནས་ཀྱང་བཀའ་གདམས་པར་མིང་དོན་མཐུན་ཞིང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར། ཆ་རེ་རེ་ནས་ཆུ་མགོ་གངས་ལ་ཐུག་པ་ལྟར་རྒྱལ་བ་ཉིད་ཀྱི་མདོ་རྒྱུད་དང་གཏུགས་ཤིང་མིང་བརྡ་ཙམ་ཡང་དེ་ལས་མི་འདའ་བར་མཛད་ཅིང་། ཉིད་ཀྱི་རྟོགས་པ་དང་མི་བསྟུན་པར་བསྟན་རྒྱུན་དང་འགྲོ་བ་ལ་ཕན་པའི་དམིགས་རྐྱེན་ཁོ་ན་ལྷུར་བླངས་པས་འདུལ་ཁྲིམས་གཙང་བའི་དགེ་འདུན་གྱི་སྡེ་ངུར་


MR14_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲིག་གི་རྒྱལ་མཚན་ཐོགས་པས་ས་སྟེང་ཁྱབ་ཅིང་དད་ལྡན་གྱིས་བསོད་ནམས་བསགས་པའི་ཞིང་དུ་འོས་པ་འདི་མངོན་སུམ་དུ་གྲུབ་ལ། དེ་ལྟར་མ་ཡིན་པར་ཐམས་ཅད་སྤྱོད་པ་མཉམ་པར་གྱུར་ན་གང་གིས་གང་ལ་ཕྱག་བྱ། དེ་ལྟར་དགོས་པའང་། སྟོན་པ་ཉིད་ནས་ཁྱིམ་སྤངས་ཏེ་རབ་ཏུ་བྱུང་བའི་རྟེན་དེ་ཁོ་ནས་སྐུ་ཚེ་མཐར་ཕྱིན་པར་མཛད་པ་དེ་ཁོ་ན་ལས་གཞན་མི་དགོས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། དོན་འདི་ལ་ནི་རྒྱལ་བ་ལས། །ལྷག་པའི་ཚད་མ་གཞན་སུ་ཡོད། །ཅེས་གསུངས་པ་དང་མཚུངས་པའི་ཕྱིར། །ཞེས་བརྗོད་ལ་ལན་ནི་དེ་དེ་བཞིན་ནོ་ཞེས་པ་ལས་གཞན་ཅི་ཡང་མེད་དེ། ཇོ་བོ་རྗེ་དང་པདྨཱ་ཀ་ར་མ་གཅིག་ལབ་སྒྲོན་སོགས་ཀྱི་ལུང་གིས་ཟིན་པའི་འཇམ་མགོན་བླ་མ་ཉིད་ནས་ཇོ་འབྲོམ་ཡབ་སྲས་ཀྱི་རིང་ལུགས་ཕྱི་གཙང་ནང་གཙང་པདྨའི་སྦུབས་ལྟ་བུའི་རྣམ་ཐར་འཆང་བ་བཀའ་གདམས་པའི་ལུགས་ཉིད་རྒྱལ་བསྟན་རིན་པོ་ཆེ་སྤྱི་ཡི་གཞི་དང་སྲོག་ལྟ་བུར་གཟིགས་ནས་གཙོ་བོར་སྡེ་སྣོད་གསུམ་གྱི་བཤད་སྒྲུབ་ལ་རྩལ་དུ་བཏོན། ནང་སྔགས་བླ་མེད་ཀྱི་ཉམས་ལེན་གསང་ཆོས་སུ་མཛད་པས་འཕགས་ཡུལ་པའི་མཁས་གྲུབ་ཆེན་པོ་རྣམས་ཀྱི་མཛད་པ་དང་ཐ་མི་དད་པར་གྱུར་པས། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པས་རྒྱུད་བསྡམས་པའི་གང་ཟག་ངུར་སྨྲིག་འཆང་བས་ས་ཡི་སྟེང་ཁྱབ་ཅིང་ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་ཅིང་བསོད་ནམས་བསགས་པའི་ཞིང་དུ་གྱུར་པ་དང་། གཞུང་ཆེན་པོ་ལྔའི་དགོངས་དོན་བརྒལ་རྟགས་ཀྱི་རིགས་ལམ་ནས་དྲངས་ཏེ་ཆོས་ཀྱི་སྒྲ་ཆེན་པོ་ཕྱོགས་ཀྱི་ཐ་གྲུར་ཆད་པ་མེད་པར་གྱུར་པས་འཆད་རྩོད་རྩོམ་པའི་དབང་ཕྱུག་ཆེན་པོ་བགྲང་ལས་འདས་པ་བྱུང་བའི་དགེ་འདུན་གྱི་སྡེ་འཕེལ་བ་དང་། ཐ་ན་དགོན་གནས་ཐམས་ཅད་དུ་ས་གཙང་ཞིང་སྤྱོད་ཡུལ་བདེ་ལ་ཐོས་བསམ་པ་དག་ལ་དགའ་བའི་ཡ་རབས་ཀྱི་སྤྱོད་པ་ཅན་མང་ཞིང་བཤད་སྒྲུབ་ཀྱི་གསོས་སྒོ་ཡང་


MR14_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བའི་ཕྲིན་ལས་ལ་ཕྱོགས་གཞན་སུས་ཀྱང་འགྲན་དུ་མེད་པ་འདི་ནི་རྒྱལ་སྲས་འཇམ་དཔལ་སྙིང་པོས་བགྲང་ཡས་པའི་བསྐལ་པའི་སྔོན་ནས་ཆོས་འཛིན་པའི་སྨོན་ལམ་གྱི་མཐུ་གྲུབ་པར་མངོན་སུམ་དུ་བལྟར་ཡོད་པས་ཐེ་ཚོམ་དང་བྲལ་བར་གྱུར་པ་ཡིན་ལ། དེའི་ཕྱིར་ད་དུང་ཡང་བསྐལ་པའི་མཐའི་བར་དུ་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག་སྙམ་དུ་སྨོན་པ་ནི་ངོ་བསྟོད་དང་ཟོལ་ཚིག་མེད་པར་སྙིང་ནས་སྨོན་པ་སྟེ། སངས་རྒྱས་ཀྱི་བསྟན་པ་བསླབ་པ་གསུམ་གྱི་ཡོན་ཏན་འཕེལ་བ་ལ་སུ་ཞིག་མི་དགའ་བ་དེ་ནི་ཕྱི་ཚུལ་ཇི་ལྟར་གྱུར་ཀྱང་ནག་པོའི་རྩ་ལག་ཏུ་ངེས་པའི་ཕྱིར་སྐྱེ་བ་ཐམས་ཅད་དུ་དེ་འདྲ་བའི་བློ་ངན་རང་རྒྱུད་ལ་མི་འབྱུང་བ་དང་བསྟན་པ་ལ་དགའ་བའི་ཡིད་ཅན་དུ་འགྱུར་བར་སྨོན་པ་ལགས་སོ། །ཡང་རྩོད་ཡིག་གི་གོང་གི་འཕྲོས་སུ། དེ་ལྟར་ན་ཡང་དེང་དུས་སྙིགས་མའི་མུན་སྟུག་དྲག་ཏུ་འཐིབས་པས་ཆོས་ཀྱི་སྣང་བ་ཤིན་ཏུ་ཕྲ་ཞིང་རྩོད་པའི་རྩ་བ་ཚོར་བ་དང་འདུ་ཤེས་གོ་ལོག་ཏུ་ཡོད་པའི་དུས་སུ། ཟབ་རྒྱས་ཆོས་ཀྱི་འབེལ་གཏམ་རྒྱ་ཆེར་བགྱིད་པ་བསྟན་པའི་ཞབས་འདེགས་སུ་གྱུར་པ་གཟུར་གནས་རྣམ་དཔྱོད་ཅན་རྣམས་ཡི་རངས་པའི་གནས་སུ་གྱུར་མོད། འོན་ཀྱང་རྒྱལ་བའི་དབང་པོ་ལྔ་པས། སངས་རྒྱས་གཞན་ནས་རེ་བའི་མཁས་རློམ་གྱིས། །སྟོང་བཤད་འདྲེ་ཤར་ནུབ་ཏུ་གླུད་གཏོང་ཚུལ། །མཐོང་ཚེ་ཟག་བཅས་ཕུང་པོ་འོད་སྐུ་རུ། །གྲོལ་པའི་གསང་ཆེན་རྙིང་མའི་ཁྱད་པར་ཆོས། །ཞེས་བསྔགས་པ་མུ་ཏོའི་ཕྱེ་ལྟར་མ་སོང་བར་ཉམས་སུ་བཞེས་ན་ལེགས་པར་སེམས་ཏེ། ཡང་གསང་ལོ་རྒྱུས་སུ། སྔགས་གསར་རྙིང་མཐའ་དག་སོ་སོའི་དགོངས་བཞེད་ལྟར་མ་འདྲེས་པར་ཉམས་སུ་བསྟར་བ་མཁས་པ་མགུ་བ་བསྐྱེད་པའི་གནས་སོ་ཞེས་གསུངས་པའི་བསླབ་བྱ་དྲི་མ་མེད་པའི་མུ་ཏིག་གི་ཕྲེང་བ་ཡིད་ཆེས་དད་པའི་མགུལ་རྒྱན་དུ་མཛེས་པ་ལགས་སོ། །ཞེས་བརྗོད་པ་ལ་ནི་བདག་གིས་


MR14_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དེ་ཁོ་ན་བཞིན་ལེགས་སོ་ཞེས་ལན་གསུམ་ཕུལ་ནས། འདི་ནི་དོན་ཇི་བཞིན་གཟིགས་པའི་མཁྱེན་རབ་དང་བརྩེ་བ་དྲི་མ་མེད་པའི་རྒྱུ་ལས་བྱུང་བའི་གདམས་པ་ཡིད་ཆེས་དད་པས་རྒྱན་དུ་འཆང་འོས་པས་ངེས་པར་དེ་ལྟར་ཡིན་པ་ཤེས་ཀྱང་། །འདི་ཕྱོགས་པ་ཕལ་ཆེར་དུས་དབང་གིས་རང་ལུགས་ཀྱི་བླ་མ་གོང་མའི་མན་ངག་ལའང་ཡིད་མི་ཆེས་པ་འགའ་ཞིག་བྱུང་བས་རང་ལུགས་ཀྱི་འདོད་ཚུལ་བརྗོད་པའི་ཡིག་ཆ་ཕྲན་བུ་རྣམས་ཕྱོགས་ཕྱོགས་སུ་རང་ཤུགས་ཀྱིས་སོང་བས་ཕྱོགས་བཞིའི་དགེ་འདུན་གྱི་སྡེ་ཕལ་མོ་ཆེ་ཐུགས་ཅུང་ཟད་མ་རངས་པར་རྩོད་པའི་ཚུལ་དུ་བཟུང་བར་སོང་བ་ལ། སྡང་ཞུགས་ཀྱིས་མིན་པར་རིགས་པའི་ལམ་ནས་རང་གིས་ཇི་ལྟར་མཐོང་ཚོད་ཀྱི་བརྒལ་ལན་ཉི་སྣང་ཞེས་བྱ་བ་ཞིག་སྔར་ནས་བྲིས་ཤིང་དེ་རྗེས་ཀྱི་རྩོད་ཡིག་བྱུང་བ་རྣམས་ལ་རྩོད་ཡིག་འདིར་བརྗོད་པའི་གནད་ཀྱི་ཕྱོགས་སུ་ཉེ་བར་གཅིག་ཀྱང་མི་འདུག་མོད། དེ་དག་ལ་ཚུལ་བཞིན་ལན་བཏབ་ན་ཁྲོ་བའི་རྒྱུ་བྱེད་པར་དོགས་པས་ལན་མ་ཐེབས་ཞེས་ཟེར་ཀྱང་དེ་ལ་ཕན་གནོད་མེད་པར་ཤེས་ནས་བཏང་སྙོམས་སུ་བགྱི་བར་འདོད་ཀྱང་།སྐབས་འདིར་གཞན་དག་གིས་བསྐུལ་བའི་རྐྱེན་བྱས་ཏེ། ཉིད་ཀྱིས་རིགས་པ་ཕྲ་ཞིབ་ཀྱིས་རྒྱ་ཆེར་འབེལ་བའི་ཕྱིར་རིགས་པའི་ལམ་ནས་གནད་རྣམས་ཅུང་ཟད་བརྗོད་པར་བྱས་པ་འདིས་ཆོས་སྤྱན་དང་ལྡན་པ་དག་ཁྲོ་བོའི་རྐྱེན་དུ་མི་འགྱུར་བ་ཤེས་ཀྱང་། །གཞན་དུ་ན། བཅོམ་ལྡན་འདས་ཀྱི་ཆོས་མངོན་པར། དོན་གྱི་གནས་བཅུ་གཉིས་མཐོང་བའི་བྱང་ཆུབ་སེམས་དཔའ་དགེ་བའི་ཕྱོགས་ལ་བརྩོན་པས་གཞན་དང་བརྩད་པར་མི་བྱ་ཞེས་གསུངས་པའི་དོན་བཞིན། སོ་སོའི་ལུགས་ཤེས་པར་འདོད་པས་སྨྲ་བར་བགྱིས་ཀྱང་ཤུགས་ཀྱིས་དེ་དང་མི་མཐུན་པ་བཀག་པ་ལྟར་འགྲོ་ཞིང་། དགག་སྒྲུབ་བྱེད་ཚུལ་ལ་ཡང་། བློ་གྲོས་ཀྱི་མཐུ་ཆེ་བ་དག་གིས་དགག་པའི་ཟོལ་གྱིས་བསྒྲུབ་པ་དང་། བསྒྲུབ་པའི་ཟོལ་གྱིས་དགག་པ་དང་། རིགས་པ་དང་མཐུན་པར་


MR14_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མི་བརྗོད་ཀ་མེད་ཀྱི་གནད་བརྗོད་པ་ཡོད་ལ། དེ་ལྟར་མིན་ཀྱང་ཆགས་སྡང་གི་བསམ་པས་གང་བྱུང་སྨྲ་བ་དང་། མཁས་འདོད་ཀྱི་བསམ་པས་གཞན་གྱི་གཞུང་བཏུས་ནས་བརྩམ་མོ་ཞེས་པ་ཙམ་ལ་རེ་བ་དང་། ཡིན་རུང་མིན་རུང་ཞེན་ལྟས་འཇུག་ནས་ཨུ་ཚུགས་ཀྱིས་སྨྲ་བ་དང་། བསྟན་པ་རིན་པོ་ཆེའི་དབང་དུ་བྱས་ནས་ཚུལ་བཞིན་བརྗོད་པ་དང་། གཞན་གྱི་ཚིག་ཙམ་མམ་རང་བློས་གཏིང་མ་དཔོགས་པའི་དོན་གྱ་ཚོམ་དུ་འཆད་པ་སོགས། མདོར་ན་གོ་རྒྱུ་ཆེ་ཆུང་། དོན་ཡོད་མེད། རིགས་ལམ་དང་ལྡན་མི་ལྡན་སོགས་ཀྱི་ཁྱད་པར་ཡོད་པ་ནི། སློབ་དཔོན་དཎྜིས། མཁས་པས་ཡང་དག་རབ་སྦྱར་བའི། །ངག་ནི་ངག་གི་འདོད་འཇོར་བཤད། །དེ་ཉིད་ཉེས་པར་སྦྱར་ན་སླར། །སྦྱོར་པོ་བ་ལང་ཉིད་རྗོད་བྱེད། །ཅེས་གསུངས་པ་ལྟར་མཁས་པ་དག་གིས་མ་འདྲེས་པར་འབྱེད་ནུས་ཤིང་། སྐྱེ་བོའི་བློའི་འཆར་སྒོ་སྣ་ཚོགས་པ་ལ་རིགས་སམ་མི་རིགས་ཀྱང་ཁྲོ་བ་མེད་མོད་ཀྱི། དེ་ལྟར་མི་ཤེས་ཤིང་དོན་གྱི་གནད་གང་དུ་སྙེགས་པོ་ཙམ་ཡང་མི་མཐོང་བར་དགག་སྒྲུབ་ཀྱི་ཚིག་ཙམ་ཞིག་ཐོས་པས་སྙིགས་མའི་སྐྱེ་བོ་ཕལ་ཆེར་ཁྲོ་བ་སོགས་ཀྱི་རྒྱུ་བྱེད་པས་དགོས་པ་མེད་པ་དང་། ཁྱད་པར་སྙིགས་དུས་སུ་ཚེ་ཐུང་ཞིང་ནད་མང་བ་དང་། བྱེ་བྲག་རང་སྒོས་ནས་ཀྱང་ཕྱིས་སུ་ནད་ཆེན་པོས་མནར་བ་དྲགས་པ་དང་། ཀུན་དང་ཐུན་མོང་དུ་གྱུར་པ་རྒ་བའི་ཆད་པ་ཉིན་བཞིན་འཕོག་ཅིང་། འཆི་བས་མདུན་ན་བསྒུག་པ་སོགས་སྐྱོ་བ་ཆེར་བདོ་ཞིང་། རྒྱལ་བསྟན་ཉི་མ་ནུབ་ཀྱི་རི་རྩེར་ཕྱོགས་པ་དང་ལྷན་ཅིག་ནག་ཕྱོགས་ཀླ་ཀློས་སྐབས་དྲག་ཏུ་བཙལ་བ་སོགས་ཀྱི་དུས་འདི་ན། གསར་རྙིང་སོ་སོའི་མཁས་གྲུབ་དམ་པ་གོང་མའི་གདམས་པ་བཞིན་ཅུང་ཟད་རེ་སེམས་རྒྱུད་ལ་འཁོལ་བ་བྱུང་ན་དེ་ཙམ་སྙིང་པོར་འདུག་སྙམ་དུ་བསམ་པ་ནི་འཕྲོས་གཏམ་བབ་ཞུས་དྲང་པོར་སྨྲས་པ་ལགས། དེ་ཕྱིར་ཁྱོད་ཀྱི་ཕྲ་ཞིབ་རིགས་པ་ཡིས། །མ་འོངས་སྐྱེ་བོའི་བློ་གྲོས་འཕེལ་སླད་དུ། །


MR14_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

འབེལ་གཏམ་མཛད་པའང་ཐུགས་རྗེའི་ཐབས་མཁས་ཕྱིར། །ཚིགས་ཤུགས་ཙམ་ལ་མི་དགའ་ཅུང་ཟད་མེད། །བཀག་པའི་ཚིག་རྣམས་བརྗོད་པ་རྩུབ་ཚལ་དུ། །སོང་ཡང་རྩུབ་མོའི་འདུ་ཤེས་མེད་པའི་ཕྱིར། །རིགས་ལམ་ནམ་མཁའ་ཡངས་པའི་ཐུགས་དབུས་སུ། །ཀུན་རྟོག་སྤྲིན་གྱི་འཆིང་བ་མེད་པར་འཚལ། །སླར་ཡང་རྩོད་ཡིག་ལས་གོང་གི་འཕྲོས་སུ། ཀུན་ཏུ་དགེ་བའི་བདེན་པ་བདར་བའི་སྙན་ཚིག་གིས་སྤྲོ་བ་བསྐྱེད་ཅིང་དྲང་སྲོང་བདེན་པའི་བྱིན་གྱིས་ཤེས་པ་བསྒྲུབ་པའི་ཚིགས་བཅད་རྣམས་ནི། གཞན་དག་བྱམས་པའི་ཐུགས་ཀྱིས་མ་བཏང་བ་དགེ་སྦྱོང་གི་ཚུལ་དང་མཐུན་ཞིང་མང་ཐོས་བསླབ་ལྡན་དག་གི་སྨོན་པའང་འབྲས་བུར་བཅས་པའི་ཕྱིར་ལེགས་སོ། །དེའི་རྗེས་སུ་ཤིས་པ་བརྗོད་པའི་མེ་ཏོག་གི་བླ་རེ་ཕྱོགས་ཀུན་ཏུ་བྲེས་པའི་ཚིགས་སུ་བཅད་པ་རྣམས་ནི་ཚིག་དང་དོན་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པ་དང་ལྡན་པས་བློ་ལྡན་དགའ་བ་འཕེལ་བའི་ངང་ཚུལ་ཅན་དུ་གྱུར་ཀྱང་། འདིར་ཡི་གེ་མང་དོགས་པས་མ་བྲིས་ལ་བལྟ་བར་འདོད་པ་དག་གིས་འཇམ་པའི་དབྱངས་ཀྱི་དགོངས་རྒྱན་ཉིད་དུ་ཤེས་པར་བྱའོ། །འདིར་སྨྲས་པ། །བྱང་ཕྱོགས་མཁས་པའི་ཁྱུ་མཆོག་རྣམ་མང་གི། །རལ་པའི་ཅོད་པན་རྩེ་མོར་ལེགས་མཆོད་པ། །འགྲན་མེད་སྨྲ་བའི་སེང་གེ་ཆེན་པོ་ཞེས། །གྲགས་པའི་བ་དན་མངོན་པར་མཐོ་བ་ཁྱོད། །སྐྱེས་སྦྱང་བློ་གྲོས་ཤིན་ཏུ་རྒྱ་ཆེ་ཞིང་། །བླ་མ་ལྷག་པའི་ལྷ་ཡིས་རྗེས་བཟུང་བས། །རབ་འབྱམས་གཞུང་ལུགས་སྟོང་གི་ཆུ་བོ་ཡང་། །རྣམ་དཔྱོད་ཧུབ་ཀྱིས་སྐད་ཅིག་དྲངས་ནས་སུ། །ཐོགས་མེད་འཆད་རྩོད་རྩོམ་པའི་མཐུ་ལྡན་ཞིང་། །ཆོས་བཞིན་རྗེས་སུ་བསྒྲུབ་པ་བསླབ་གསུམ་གྱི། །ཡོན་ཏན་འབྲས་བཟང་སྨིན་པ་ལྟ་བུ་ལ། །ཡི་རངས་སྤྲོ་བའི་མེ་ཏོག་ལེགས་འཐོར་ཞིང་། །བློ་བཟང་མཁྱེན་པའི་མེ་ལོང་གཙང་མ་རུ། །སྣང་སྟོང་སྒྱུ་མ་ཤེས་བྱའི་གཟུགས་བརྙན་འབུམ། །མ་འདྲེས་རབ་གསལ་ཐབས་མཁས་བརྩེ་བའི་འཕྲུལ། །ཅིར་ཡང་སྟོན་པ་ཡོངས་ཀྱི་བཤེས་གཉེན་ཁྱོད། །རིང་དུ་འཚོ་གཞེས་བདེ་བའི་དཔལ་འཕེལ་ཞིང་། །


MR14_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་སྲིད་ལ། །ཡོངས་སུ་དབང་བའི་གོ་འཕང་མཆོག་གྲུབ་པར། །སྨོན་པའི་འབྲས་བུ་དོན་དང་ལྡན་གྱུར་ཅིག །འུ་ཅག་སྐྱེ་ཀུན་འཇམ་པའི་དབྱངས་ཀྱི་ཞབས། །སྤྱི་བོས་བསྟེན་བྱས་རྒྱལ་བའི་རང་ལམ་ལ། །ལྟ་སྤྱོད་མཐུན་ཅིང་ཆོས་མཐུན་གྲོགས་གྱུར་ཏེ། །བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ་པར་ཤོག །ཅེས་བར་སྐབས་ཀྱི་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་སྨྲས་ནས། ༈ །།སླར་ཡང་གནས་སྐབས་ཀྱི་དོན་བསྡུ་བའི་ཚིགས་སུ་བཅད་པ་ནི། དེང་སང་རྒྱལ་བསྟན་སྣང་བ་ཕྲ་བའི་སྐབས། །ཟབ་ཅིང་རྒྱ་ཆེའི་གཞུང་གི་དཀའ་བའི་གནད། །ཚུལ་བཞིན་རིགས་པས་དཔྱད་པ་སྤྲོས་རྣམས་ལ། །གུས་བཅས་འཕེལ་བའི་གཏམ་གྱི་ཚུལ་འདི་དག །སྡང་ཞུགས་ཀུན་རྟོག་ངན་པས་མ་བསླད་པར། །རིགས་པའི་ལམ་བཟང་འཕེལ་ཕྱིར་བྲིས་པ་འདི། །ཆགས་སྡང་བསྐྱེད་པའི་རྐྱེན་དུ་མི་འགྱུར་ཞིང་། །བློ་གྲོས་སྣང་བ་འཕེལ་བའི་རྒྱུར་གྱུར་ཅིག །རིས་མེད་རྒྱལ་བའི་བསྟན་པ་དར་བ་དང་། །བསྟན་ལ་འཚེ་བའི་ནག་ཕྱོགས་ཀླ་ཀློ་སོགས། །མིང་ཙམ་མེད་པར་ཞི་ནས་འགྲོ་བ་ཀུན། །བདེ་སྐྱིད་ཆོས་ལྡན་དཔལ་ལ་སྤྱོད་གྱུར་ཅིག །རྒྱལ་སྲས་དཔའ་བོ་རྣམས་ཀྱི་བགྲོད་གཅིག་ལམ། །རྟག་ཆད་མཐའ་བྲལ་ཟབ་མོ་དབུ་མའི་དོན། །སྨྲ་བའི་སེང་གེས་ས་ཆེན་ཡོངས་གང་ཞིང་། །རྒྱལ་བསྟན་སྣང་བ་མཁའ་ཁྱབ་སྤེལ་གྱུར་ཅིག །དམར་སེར་ཉི་གཞོན་འཆར་ཁའི་ལང་ཚོ་ཅན། །སྙིང་ལ་མཚུངས་མེད་བདེ་སྟེར་གཞོན་ནུའི་གཟུགས། །དྲན་པས་ཡིད་ཀྱི་མུན་པ་རྣམ་སེལ་བ། །དེ་ཡིས་དགེ་ལེགས་ཉིན་མོར་བྱེད་པར་མཛོད། །རྒྱལ་བ་མཆོག་དང་རྒྱལ་སྲས་ཆེ་རྣམས་དང་། །ལྷ་དང་དྲང་སྲོང་རིག་འཛིན་གྲུབ་པའི་ཚོགས། །ཀུན་གྱིས་བདེན་གསུང་སེང་གེའི་སྒྲ་དབྱངས་དང་། །ལྷན་ཅིག་ཤིས་པའི་མེ་ཏོག་ཆར་འབེབས་མཛོད། །ཅེས་བརྒལ་ལན་མདོར་བསྡུས་རིགས་ལམ་རབ་གསལ་ཟབ་མོའི་དོན་གྱི་དེ་ཁོ་ན་ཉིད་སྣང་བར་བྱེད་པ་འདི་ནི། རྩོད་ལན་སོགས་འདི་འདྲའི་རིགས་བཏང་སྙོམས་


MR14_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱེད་པར་འདོད་ཀྱང་། ཉེ་ཆར་ཀཿཐོག་སི་ཏུ་སྤྲུལ་པའི་སྐུ་རིན་པོ་ཆེ་དང་། མགོ་ལོག་གླིང་སྤྲུལ་པའི་སྐུ་རྣམ་གཉིས་གཙོ་བོར་གྱུར་པའི་དོན་གཉེར་ཅན་དུ་མས་རབ་ལན་འདི་ཉིད་བྲི་དགོས་ཞེས་ནན་ཏན་ཆེན་པོས་བསྐུལ་པ་ལྡོག་ཏུ་མ་བཏུབ་ནས། །འགྲུ་ཆུ་ཁམས་པའི་རུས་ཀྱི་ཡ་གྱལ་འཇུ་ཞེས་སུ་གྲགས་པའི་མི་ཡི་རིགས་སུ་སྐྱེས་ཤིང་། གསང་སྔགས་རྙིང་མའི་ཆོས་ཀྱི་གྲལ་མཐར་འཁོད་པའི་རྟོག་གེ་པ། མི་ཕམ་འཇམ་དབྱངས་རྣམ་རྒྱལ་ལམ། རིག་བྱེད་ཀྱི་བཏགས་མིང་དུ་འཇམ་དཔལ་དགྱེས་པའི་རང་།།མདངས་མཚོ་བྱུང་བཞད་པའི་གེ་སར་ཞེས་བྱ་བས། རབ་བྱུང་བཅོ་ལྔ་པའི་ནང་ཚན་མཛེས་བྱེད་ཆུ་མོ་ཡོས་ཀྱི་གནམ་ལོ་ཤར་བའི་ས་ག་ཟླ་བའི་དམར་ཕྱོགས་ཀྱི་ཚེས་ལྔ་ནས་མགོ་བཟུང་སྟེ། འདུ་ལོང་དང་ལུས་ཁམས་རྙོགས་པ་སོགས་ཀྱི་རྐྱེན་ལས་ཚ་དྲག་གིས་བྲི་བ་མ་བྱུང་ཡང་། ཞག་བཅོ་བརྒྱད་ཀྱི་བར་དུ་ཉིན་རེའི་ཐུན་ཚོད་ཀྱི་ཆ་ལ་ཅུང་ཟད་རེ་ནར་མར་བྲིས་ནས། སྣོན་གྱི་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བརྒྱད། རེས་གཟའ་ལྷ་ཡི་བླ་མ་དང་། རྒྱུ་སྐར་ཉི་མའི་ལྷ་ལྡན་རྩེ་བ་བཀྲ་ཤིས་པའི་སྦྱོར་བ་བཟང་པོ་དང་ལྡན་པའི་སྔ་དྲོའི་ཆ་ལ་ཡོངས་སུ་གྲུབ་པར་བགྱིས་པའི་ཡི་གེ་པ་ནི་གཞུང་ལུགས་དུ་མར་བློ་གྲོས་ཀྱི་སྣང་བ་ཡངས་པའི་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཀུན་བཟང་དཔལ་ལྡན་གྱིས་བགྱིས་པ་འདི་ཉིད་བསྟན་པ་དང་སེམས་ཅན་ཐམས་ཅད་ལ་དགེ་ལེགས་ཀྱི་དཔལ་དམ་པར་གྱུར་ཅིག །སརྦ་མངྒ་ལཾ།། ༈ །།ཤྲཱི་བི་ཛ་ཡནྟུ། རིགས་པའི་མཚོན་གྱིས་རྒོལ་བའི་དཔུང་། །འཇོམས་མཛད་ངོ་མཚར་གྲགས་པའི་གཏམ། །འཛམ་གླིང་མཁས་ལ་རབ་གསལ་བ། །ཕྱོགས་གླང་ཆོས་ཀྱི་གྲགས་པ་འབར། ༡ ། དེང་འདིར་གནས་ལྔའི་རིག་པ་ལ། །མཁྱེན་རབ་འཇམ་དབྱངས་མགོན་གྱིས་བྱིན། །ཐུབ་གསུང་དགོངས་པ་དཀྲལ་བ་ལ། །བློ་གྲོས་དྲི་མེད་མི་ཕམ་པ། ༢ །གསང་གི་ལེགས་བཤད་བེེ་ཌཱུཪྻ། །དཔྱད་གསུམ་དགེ་


MR14_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བས་གཙང་མཛད་ཅིང་། །འཆོས་སྐྱོབ་ཡོན་ཏན་འདོད་རྒུའི་གཏེར། །བསྟན་པའི་གསོས་སུ་ཅི་དགར་བྱིན། ༣ །དེ་ལ་དཔྱོད་པའི་བློ་གྲོས་ནི། །ཟླ་ལྟར་རབ་གསལ་གཞན་དག་གིས། །བསྟན་ལ་བྱི་དོར་བགྱིད་པ་དང་། །རང་གི་སྦོབས་པའང་གོམས་པའི་ཕྱིར། ༤ །ལུང་རིགས་རྒྱན་གྱིས་སྤུད་པ་ཡི། །རང་ལུགས་རྣམ་བཞག་དོན་གྱི་ལུས། །མཁས་པའི་རྣམ་འགྱུར་ལང་འཚོ་ཅན། །མཁས་དབང་གང་གི་མདུན་སར་རྒྱུ། ༥ །དེ་ལ་ལེགས་བཤད་སྙིང་པོའི་གཏེར། །དཔྱད་བཟོད་རྒོལ་བས་མི་ཚུགས་པའི། །ལན་གྱི་སྐྱེས་བཟང་སྟོབ་འདི་ཡིས། །བློ་ལྡན་ཀུན་ཀྱང་དགའ་བ་སྤེལ། ༦ །དེ་ཕྱིར་སྔ་རབས་དགོངས་པའི་མཐིལ། །རིགས་ལམ་ཉི་མས་གསལ་པོ་རུ། །མཚོན་འདི་ལེགས་བཤད་ཕུལ་ཕྱིན་དུ། །དགོངས་ཏེ་སྔ་འགྱུར་བསྟན་པའི་མགོན། ༧། ཀཿཐོག་སི་ཏུ་པཎྜི་ཏས། །ཡོན་སྦྱར་ཡོངས་རྫོགས་བཤེས་གཉེན་མཆོག །བཀྲ་ཤིས་བྱེ་པའི་འོད་ཟེར་གྱིས། །མཐུན་རྐྱེན་པདྨོ་འདབ་གྲོལ་ལས། ༨ །ལེགས་གསུང་སྤར་གྱི་ཟིལ་དངར་བྱིན། །འདི་དགེས་སྙིང་པོའི་བསྟན་འཛིན་གང་། །ཡུན་བརྟན་ཕྲིན་ལས་རྒྱས་པ་དང་། །མཁའ་ཁྱབ་འགྲོ་བ་མ་ལུས་པའི། ༩ །རྒྱུད་ལ་ཡང་དག་ལྟ་བ་སྐྱེས། །མ་འཁྲུལ་ཇི་བཞིན་གཟིགས་པ་ཡི། །རྒྱལ་བའི་གོ་འཕང་མྱུར་འཐོབ་ནས། །གང་འདུལ་ཕྲིན་ལས་ཀུན་ཁྱབ་ཤོག ༡༠ །ཅེས་པའི་སྤར་བྱང་སྨོན་ཚིག་དང་བཅས་པ་འདི་ཡང་། །བརྟན་མཁས་ཕན་འདོགས་ཀྱི་ཡན་ལག་ཡོངས་སུ་རྫོགས་ཤིང་། །མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རྒྱ་མཚོས་མངོན་པར་འཐོབ། རྗེ་མཁན་ཆེན་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའི་ཞལ་སྔ་ནས་བཀའ་རྩལ་ལྟར། །རྒྱལ་བའི་བསྟན་དང་བསྟན་འཛིན་ལ་གཅིག་ཏུ་གུས་པའི་བློ་མིག་ཐོབ་པ་མངྒ་ལ་དྷརྨ་བརྦྷས་བྲིས་པ། །རྣམ་འདྲེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་དྲི་མ་མེད་པའི་རིང་ལུགས་ཕྱོགས་དུས་


MR14_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་ཀུན་ཏུ་དར་ཤིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།


previousགཞན་གྱིས་བརྩད་པའི་ལན་མདོར་བསྡུས་པ་རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད།next