Nitartha Digital Library
Tibetan
 
previousདུས་འཁོར་ནང་གི་ལེའུའི་འགྲེལ་པ།no next

དུས་འཁོར་ནང་གི་ལེའུའི་འགྲེལ་པ།


MR17_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁོར་ནང་གི་ལེའུའི་འགྲེལ་པ་བཞུགས་སོ། །


MR17_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་བདུན་ནི་རིན་ཆེན་རི་འདྲ་འཛམ་གླིང་འདིར་ནི་མངོན་པར་འཕགས། །རིགས་ལྡན་ཉེར་ལྔ་ཉིན་བྱེད་ཇི་བཞིན་ཕྲིན་ལས་འོད་ཀྱིས་ས་སྟེང་ཁྱབ། །སྲས་མཆོག་གཉིས་སོགས་རིགས་ལྡན་རིགས་གྱུར་འགྲོ་ཕན་ཟླ་བའི་འོད་བཟང་ཅན། །མཆོད་འོས་མཚུངས་མེད་དེ་དག་རྣམས་ཀྱི་ཞབས་པད་གཙུག་གིས་ལེགས་བསྟེན་ནས། །རྒྱུད་དོན་རྒྱ་མཚོ་ཕ་མཐའ་དཔག་ཡས་པར། །དམ་པའི་ལུང་བཞིན་རིགས་པའི་གཟིངས་སྦྱར་ཏེ། །ཟབ་དོན་རིན་ཆེན་གླིང་ནས་ལེགས་བཤད་ཀྱི། །ནོར་བུའི་མཛོད་ཀྱིས་བསྐལ་བཟང་དགའ་སྟོན་སྤེལ། །འདིར་ནང་གི་ལེའུ་ལ་ཐོག་མར་ཞུ་ཞིང་ལན་བསྟན་པའི་སྒོ་ནས་མདོར་བསྟན་པ། །དེའི་དོན་རྒྱས་པར་བཤད་པ། སྐབས་དོན་རྫོགས་པའི་མཇུག་བསྡུ་ཞིང་ལེའུའི་མཚན་བསྟན་པ་གསུམ་ལས། དང་པོ། མི་ཤེས་སྣ་ཚོགས་ཚད་ནི་སོགས་ཚིགས་བཅད་དང་པོ་གསུམ་གྱིས་བསྟན་ཏེ། ཟླ་བ་བཟང་པོས་གསོལ་པ། མི་ཤེས་པའི་དོན་ཞུ་བར་བྱ་བ་ནི་ཕྱི་རོལ་དུ་འཇིག་རྟེན་ཁམས་ཀྱི་སྣ་ཚོགས་པའི་ཚད་ནི་གང་དག། སྒྲིབ་པ་མེད་པའི་ཕུང་པོ་རྒྱལ་བ་རྣམས་སྐྱེད་པར་མཛད་པ་རྡོ་རྗེ་སེམས་དཔའ་ཤཱཀྱ་


MR17_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པ་ཁྱོད་ཀྱིས་ལེགས་པར་བདག་ལ་བསྟན་པ་དག་ཀྱང་ཟླ་བ་བཟང་པོ་བདག་གིས། ལུས་ཀྱི་དབུས་སུ་ཇི་ལྟར་ཡིན་པ་མ་ཤེས་ཏེ། དེ་ཕྱིར་སླར་ཡང་བདག་ནི་ཉན་པར་འཚལ་ལོ། །ཅི་ཞིག་ཉན་འདོད་ན་ཕྱི་རོལ་དུ་སྣང་བའི་སྲིད་པ་གསུམ་པོ་མཐའ་དག་ནང་ལུས་ཀྱི་དབུས་སུ་ཇི་ལྟར་གནས་པར་གྱུར་པ་ལགས། ཞེས་ཞུས་པའི་ཟླ་བ་བཟང་པོའི་ཚིག་དེ་དག་གསན་ནས་སྟོན་པ་བདེ་བར་གཤེགས་པས་དེ་ལྟར་ཞུས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་རབ་ཏུ་གསུངས་པ། སེམས་ཅན་རྣམས་ནི་ཐར་པའི་སླད་དུ། སངས་རྒྱས་ཀྱི་མཆོག་གི་ཐུགས་རྗེས་ཕྱི་རོལ་འཇིག་རྟེན་ཁམས་ཀྱི་སྣ་ཚོགས་ཚད་རྣམས་གསུངས་པ་དག་ཀྱང་ནང་ལུས་ལ་ཇི་ལྟར་གནས་པ་བཤད་པར་བྱའོ། །ཀྱང་ཡིག་གིས་ཕ་རྒྱུད་མ་རྒྱུད་སོགས་རྒྱུད་གཞན་ཐམས་ཅད་ཀྱི་ལྷ་གྲངས་སོགས་ཀྱང་ལུས་ལ་ཇི་ལྟར་འགྱུར་བའང་བཤད་པར་བྱའོ་ཞེས་སོ། །དེ་ཡང་མདོར་བསྡུས་ཏེ་བསྟན་ན་ཕྱི་རོལ་འཇིག་རྟེན་ན་ཇི་ལྟར་སྣང་བ་ཐམས་ཅད་ནང་རང་ལུས་ལ་ཚང་སྟེ། ས་དང་ཆུ་དང་མེ་དང་རླུང་དང་རྡོ་རྗེ་ལྷ་ཡི་གཞུ་དང་རླུང་རྣམས་དང་ནི་ཁྱིམ་


MR17_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འཁོར་ལོ་དང་། ཟླ་བ་ཉི་མ་སྒྲ་གཅན་ལྷུན་པོ་དང་ས་འོག་ཏུ་གདེངས་ཅན་ཀླུ་དང་ས་སྟེང་དུ་མི་དང་སྟེང་དུ་ལྷ་ཡི་གནས་དང་། ཁྱིམ་ལ་ཡོན་པོའམ་འཁྱོགས་པོ་དག་ཏུ་རྒྱུ་བ་བཀྲ་ཤིས་ལ་སོགས་པའི་གཟའ་རྣམས་དང་། སྐར་མར་བཅས་པ་དང་། ཁྱིམ་འཕོ་བ་ཟླ་བ་བཅུ་གཉིས་ཀྱི་དབྱེ་བ་དག་དང་། དཀར་ནག་གི་ཕྱོགས་དང་། ཉིན་དང་མཚན་མོ་ཕྲུག་གཅིག་གི་དབྱེ་བས་ཉིན་ཞག་དང་། ཚེས་ཞག་རྣམས་དང་གཞན་ཡང་སྲིད་པ་གསུམ་པོ་མཐའ་དག་ནང་རང་གི་ལུས་ཀྱི་དབུས་སུ་ནི། གོང་དུ་བཤད་པ་དེ་དག་རང་རང་གི་ས་བོན་གྱི་ཡི་གེས་ཤེས་པར་བྱ་སྟེ། འདོད་གཟུགས་གཟུགས་མེད་ཀྱི་སྲིད་པ་རྣམ་པ་གསུམ་ལ་ཁྱབ་བདག་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུས་ཁྱབ་པས་ན་ཆོས་ཅན་རྣམས་ལ་དེ་ཡོད་པའམ་བགྲོད་པ་ནི་རྣལ་འབྱོར་པ་ཡིས་གནས་སྐབས་བཞི་རང་བཞིན་གྱིས་སྒྲིབ་བྲལ་དུ་གྱུར་པ་ཐིག་ལེ་རྣམ་པ་བཞིའི་སྟོང་པའི་དབྱེ་བས་ཤེས་སོ། །ཞེས་གོང་དུ་ཁམས་ལེར་གསུངས་པ་ལྟར། ལྟེ་བར་བསྒོམ་བྱའི་ས་བོན་སོ་བྱུང་ལྀ་སོགས་རྣམས་ཀྱིས་ནང་དུ་ལུས་ལ་ལྟེ་བ་སར་ཤེས་པར་བྱའོ། །དེ་བཞིན་མཆུ་བྱུང་ཨུ་སོགས་ཀྱིས་སྙིང་ག་ཆུ། རྀ་སོགས་ཀྱིས་མགྲིན་པ་མེ། ཨི་སོགས་ཀྱིས་སྤྱི་བོ་རླུང་། རྡོ་རྗེ་གློག་ནི་སྤྱི་བོ་ལས་བྱུང་བ་རྀ་སོགས་རྣམས་ཀྱིས་ཏེ་ནང་དུ་དུས་མེ་ལ་གནས་པའོ། །ལྷའི་གཞུ་འཇའ་ནི་སོ་བྱུང་ལྀ་སོགས་ཀྱིས་བཤང་བའི་རྩ་ལའོ། །རླུང་བཅུ་པོ་རྣམས་ནི་ཨི་སོགས་རྐན་བྱུང་རྣམས་ཀྱིས་ཏེ་སྙིང་གའི་རྩ་བཅུའོ། །ཁྱིམ་གྱི་འཁོར་ལོ་ཞག་སུམ་བརྒྱ་དྲུག་ཅུའི་ས་བོན་ནི་ཨ་སོགས་དང་ཀ་སོགས་ཀྱིས་ཤེས་ཏེ་ལུས་ལ་སྟེང་འོག་གི་ལས་དང་བྱ་བའི་འཁོར་ལོའོ། །ཟླ་བ་ཐིག་ལེ་ང་རོ་དང་རྐྱང་མ་དང་ཁུ་བ། ཉི་མ་རྣམ་བཅད་རྡུལ་དང་རོ་མ། སྒྲ་གཅན་ནི་རཱ་ཧུའི་ཧུ་ཡི་དབྱངས་མེད་པའི་གསལ་བྱེད་ཧ་རྐྱང་ལས་


MR17_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་དང་དབུ་མར་རོ། །ལྷུན་པོ་རང་མིང་མེ་རུ་ཞེས་པའི་མའམ། ཨེ་ཟེར་བའང་ཡོད། ལུས་ལ་ལྟེ་བ་ནས་གསང་བའི་བར་དུའོ། །གདེངས་ཅན་རྣམས་ཀྱི་གནས་ས་འོག་ནི་སྐུ་རྡོ་རྗེའི་ས་བོན་ཨོཾ་ཡིག་གིས་དཔྱི་མར་བཅད་དུ་ཤེས་སོ་ཞེས་བི་ཏི་ཙནྡྲས་བཞེད། བླ་མ་ཁ་ཅིག་གིས་སྤྱི་བོར་འཆད། མིའི་འཇིག་རྟེན་ནི་ས་སྟེང་གསུང་རྡོ་རྗེ་ཨཱཿ ཡིག་མགྲིན་པར་རོ། །ལྷ་ཡི་གནས་མཐོ་རིས་ཐུགས་རྡོ་རྗེའི་ས་བོན་ཧཱུཾ་གིས་མགྲིན་པ་ཡན་ཆད་དམ། ཁ་ཅིག་གིས་སྙིང་གར་འདོད་དོ། །བཀྲ་ཤིས་སོགས་གཟའ་བཅུ་ནི་གཡས་གཡོན་གྱི་ས་བོན་ཟུང་བདུན་སྔར་བརྗོད་པ་བཞིན་རྩ་གཡས་གཡོན་ལའོ། །སྐར་མ་ནི་ནང་དུ་སོ་རྣམས་སོ། །འཕོ་བ་ནི་སྡེ་བ་རྣམས་དབྱངས་ཐུང་རིང་བཅུ་གཉིས་ཀྱིས་ཕྱེ་བའི་ལུས་ལ་སྟེང་འོག་ཏུ་གནས་པའི་ལས་དང་བྱ་བའི་འཁོར་ལོ་ལ་རྒྱུ་བར་ཤེས་སོ། །ཟླ་བ་བཅུ་གཉིས་ཀྱང་ས་བོན་དེ་བཞིན་ནོ། །ཕྱོགས་ཉེར་བཞི་ནི་སྡེ་པ་དྲུག་གི་ཡི་གེ་སྟེ་གོང་གི་བཅུ་གཉིས་པོའི་ཕྱེད་ཀྱིས་དབྱེ་བས་རླུང་གི་འཕོ་བ་ཕྱེད་པ་ཉེར་བཞི་ལའོ། །ཉིན་དང་མཚན་མོའི་ཚེས་སུམ་བརྒྱ་དྲུག་ཅུ་རྣམས་ནི་ཀ་ལ་སོགས་པ་སུམ་ཅུ་དབྱངས་བཅུ་གཉིས་དང་བཅས་པ་སྔར་ལེའུ་དང་པོའི་ཚིགས་བཅད་བརྒྱད་པར་བརྗོད་པའི་ས་བོན་རྣམས་ཀྱིས་ལུས་ཀྱི་སྟེང་འོག་ཏུ་གནས་པ་ཤེས་པར་བྱ་སྟེ་དེས་མཚོན་ནས་ཕྱི་རོལ་གྱི་ཆོས་ཐམས་ཅད་རྣལ་འབྱོར་བས་ནང་ལུས་ཀྱི་དབུས་སུ་ཆ་འདྲ་བར་གནས་པ་ཤེས་པར་བྱའོ། །ཁྱབ་བདག་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པའི་ཆོས་ཉིད་དེ་ཁོ་ན་ཉིད་ཀྱིས་ཆོས་ཅན་ཐམས་ཅད་ལ་ཁྱབ་ནས་གནས་ཀྱང་ད་ལྟ་སྒྲིབ་བཅས་ཀྱི་སྐབས་ན་སྣང་ཚུལ་ལ་ལྟོས་ཏེ་དག་པར་འགྱུར་རུང་ཙམ་དུ་ལུས་ངག་ཡིད། ཡེ་ཤེས་ཀྱི་གནས་སྐབས་བཞིའི་ས་བོན་བྱང་ཆུབ་སེམས་ཀྱི་ཐིག་ལེ་སྟོང་པ་བཞིར་གནས་ཤིང་། སྒྲིབ་པ་


MR17_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དག་པའི་ཚེ་སྟོང་པ་བཞི་སྐུ་བཞིར་འགྱུར་རོ། །མིའི་ལུས་དེ་ཡང་རྒྱུ་དང་འབྲས་བུའི་ཚོགས་པ་ལ་བརྟེན་ནས་འབྱུང་ཚུལ་ནི་མི་ཡི་ལུས་འདི་ལ་ནི་ཁམས་ཀྱི་ཚོགས་སུ་ཞེས་པ། སྤུ་ནམ་མཁའི་ཁམས། པགས་པ་རླུང་། ཁྲག་མེ། ཤ་ཆུ། རུས་པ་དང་རྐང་ས། འགྲེལ་པར་སོགས་སྒྲས། གཅི་བ་ཆུ། ཐམས་ཅད་ཀྱི་དངས་མ་ཁུ་བ་ཡེ་ཤེས་ཀྱི་ཁམས་ཏེ་ཁམས་དྲུག་གི་ཚོགས་སུ་ནི། མཐའ་དག་རོ་དྲུག་ཅེས་པ། ལན་ཚྭ་དང་མངར་བ་དང་ཚ་བ་དང་། ཁ་བ་དང་བསྐ་བ་དང་སྐྱུར་བའི་རོ་དྲུག་པོ་རིམ་བཞིན་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་ཁམས་སོ། །དེ་ལྟར་རོ་དྲུག་པོ་ཟོས་ཤིང་འཐུངས་པ་དག་ལས། ལུས་ཀྱི་ཁམས་ཀྱི་ཚོགས་སུ་འགྱུར་བ་སྟེ། རོ་དྲུག་པོ་རྣམས་ཀྱང་ས་ཆུ་མེ་རླུང་རོ་སྟེ་ནམ་མཁའ་རྣམས་ཀྱི་འབྱུང་བ་ལས་འགྱུར་ཏེ། རབ་གསལ་ངེས་པར་ས་སོགས་འབྱུང་བའི་ཚོགས་ཀྱང་དབང་ཡུལ་འདས་པ་སྟོང་པ་མ་འབྱར་བ་རྡུལ་ཕྲ་རབ་ཀྱི་ཆོས་ནམ་མཁའི་ཁམས་ལས་སྐྱེ་སྟེ་སྔར་བརྗོད་པ་བཞིན་ནོ། །ཡང་དག་པར་ན་སེམས་ཅན་རྣམས་ཀྱི་ཀུན་དུ་རྟོག་པའི་དབང་གིས་ནམ་མཁའ་མི་སྒྲིབ་པའི་ངང་ལ་འགྱུར་བྱེད་རླུང་གི་གཡོ་བ་ལས་འབྱུང་བ་གཞན་རགས་པར་མཆེད་པས་རླུང་སོགས་འབྱུང་བ་བཞི་ནི་ནམ་མཁའི་ཁམས་ལས་སོ། །དོན་དམ་པར་ས་བོན་འགགས་པ་དང་མ་འགགས་པ་ལས་མི་སྐྱེ་ལ་ས་བོན་གྱི་རང་བཞིན་ཡོངས་སུ་སྤངས་པ་དང་། ས་བོན་བེམ་པོའི་ཁམས་ཉིད་དང་ཆད་སྟོང་ལས་སྐྱེ་བ་མ་ཡིན་པས་དཔྱད་ན་རང་བཞིན་ཅིར་ཡང་མ་གྲུབ་པའི་སྟོང་པ་ལས་རྟེན་འབྱུང་གི་དབང་གིས་ཆོས་ཐམས་ཅད་སྣང་བར་འགྱུར་རོ། །རང་སེམས་ལ་སྣང་བའི་ཆོས་ཐམས་ཅད་རང་བཞིན་གྲུབ་པ་མེད་པའི་སྟོང་པ་ལ་ནི་ཡེ་ནས་གནས་པ་དེ་ལ་དེ་རྟོགས་པ་ཡི་རང་གི་སེམས་ཉིད་རང་བཞིན་གྱི་འོད་གསལ་བའམ་མི་འགྱུར་བའི་བདེ་བ་ཡེ་ཤེས་རྣམ་པར་བསྲེས་པ་ཞེས་བྱ་སྟེ། ཡུལ་ཡུལ་ཅན་སྣང་སྟོང་རོ་མཉམ་པ་ཆོས་ཉིད་


MR17_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་མེད་པའི་བདེ་བ་ཆེན་པོ་གང་ཞིག་ནམ་མཁའ་བཞིན་དུ་རྟག་པར་ཡང་ནི་འགྱུར་བ་སྟེ། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་དང་། ཕལ་པོ་ཆེ་ལས། །འཇིག་རྟེན་ཁམས་མང་ལ་ལ་དག །བསམ་གྱིས་མི་ཁྱབ་འཚིག་འགྱུར་ཡང་། །ནམ་མཁའ་འཇིག་པར་མི་འགྱུར་བ། །རང་བྱུང་ཡེ་ཤེས་དེ་བཞིན་ནོ། །ཞེས་སོགས་མདོ་རྒྱུད་ཀུན་ལས་ཆོས་ཉིད་ཀྱི་སེམས་སམ་འོད་གསལ་བའི་སེམས་ཞེས་གསུངས་པ་གཉུག་མ་སེམས་ཀྱི་རྡོ་རྗེའམ། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་དེ་ཉིད་དོ། །ཅི་སེམས་རྟག་པ་ཞིག་ཁས་ལེན་ནམ་ཞེ་ན་མ་ཡིན་ཏེ། སེམས་ནི་སེམས་མ་མཆིས་ཏེ་ཞེས་གསུངས་པ་ལྟར་སེམས་ཀྱི་ངོ་བོ་ཉིད་རྡུལ་ཕྲ་རབ་ཙམ་ཡང་མ་གྲུབ་པ་ལ་སེམས་རྟག་པར་གྱུར་པ་ཅི་ཞིག་ཡོད། རྟག་པ་དང་མི་རྟག་པ་ནི་གཉིས་སུ་འབྱེད་པའི་ཆོས་ལ་ཡོད་ཀྱི། གཉིས་སུ་མེད་པ་དེ་ཁོ་ན་ཉིད་ཀྱི་དོན་ལ་གཟུང་བ་དང་འཛིན་པ། རྟག་པ་དང་མི་རྟག་པ་དངོས་པོ་དང་དངོས་པོ་མེད་པའི་ཁྱད་པར་བྱར་མེད་དེ་ཆོས་ཐམས་ཅད་རོ་མཉམ་པའོ། །དེ་ལྟ་བུ་ནི་རྟོག་གེའི་ཡུལ་མ་ཡིན་ཏེ། དེ་ཁོ་ན་ཉིད་རྟོགས་པའི་རྣལ་འབྱོར་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཨེ་ཝཾ་ཟུང་འཇུག་གིས་མཚོན་དོན་ནོ། །ལས་དང་པོ་པ་དག་གིས་རྗེས་དཔག་གི་དཔྱད་པའི་སྒོ་ནས་དེ་ཁོ་ན་ཉིད་འཚོལ་བའི་ཚེ་ཆོས་ཅན་བུམ་སོགས་ལ། རང་བཞིན་མ་གྲུབ་པའི་ཆོས་ཉིད་སྟོང་བས་ཁྱབ་པ་ཙམ་ལ་ཁྱབ་བྱ་ཁྱབ་བྱེད་དུ་འཇོག་པ་ཡོད་ཀྱང་། ཡང་དག་པར་དཔྱད་ན་དུས་གསུམ་དང་དངོས་པོ་སོ་སོའི་ཆོས་ཅན་དེའི་སྟེང་གི་སྟོང་པ་ནི་ཆོས་གཞན་ལ་རྗེས་སུ་མི་འགྲོ་སྟེ་དུས་སྔ་ཕྱི་བར་གྱུར་པ་དང་དངོས་པོ་ཐ་དད་པའི་ཆོས་ཅན་རྣམས་ཀྱི་བདེན་སྟོང་དེ་ཡང་ཐ་


MR17_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

དད་དུ་འགྱུར་བས་ལུགས་དེས་ཆོས་ཐམས་ཅད་བདེན་སྟོང་དུ་རོ་མཉམ་པའི་དོན་ཡང་ཆོས་རྣམས་བདེན་སྟོང་དུ་འདྲ་བ་ཙམ་ལ་བཤད་པ་ལས། གཟུང་འཛིན་གྱི་སྤྲོས་པ་ཞི་བའི་མཉམ་པ་ཉིད་ཀྱི་དོན་ལ་འཇུག་པར་ནམ་ཡང་མི་འགྱུར་རོ། །དེས་ན་གཉིས་ཆོས་ཀྱི་ཡུལ་ལས་མ་འདས་པའི་སྟོང་རྐྱང་ནི། ཁྱབ་བདག་རྡོ་རྗེ་སེམས་དཔའ་མ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ནི་སྣང་སྟོང་གཉིས་སུ་མེད་ཅིང་རིས་མེད་པ་མཉམ་པ་ཆེན་པོ་དེ་ཁོ་ན་ཉིད་ཡིན་ལ། དེའི་ངང་དུ་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རོ་མཉམ་པར་འགྱུར་ཏེ། གཉིས་སུ་སྣང་ཡང་གཉིས་སུ་མེད་པའི་ཆོས་ཉིད་ལས་འདས་པ་ནི་ནམ་ཡང་མི་སྲིད་པས་སོ། །དེའི་རང་བཞིན་རྟག་མི་རྟག་དང་དངོས་དངོས་མེད་ཀྱི་མཐའ་ལས་འདས་པ་ཆོས་ཉིད་ངོ་བོ་ཉིད་ཀྱི་སྐུའོ། །དེ་ལ་ཁྱབ་བྱ་ཁྱབ་བྱེད་གཉིས་སུ་མེད་ཀྱང་དུས་གསུམ་གྱི་ཆོས་ཐམས་ཅད་དེ་ཡི་ངང་ལས་གཞན་དུ་གྱུར་པ་མེད་པའི་ཆ་ནས་ཁྱབ་བྱེད་དང་། རང་གི་ངང་ཚུལ་ལས་ནམ་ཡང་གཞན་དུ་མི་འགྱུར་བས་རྟག་པ་ཆེན་པོ་དང་། འདུས་བྱས་འདུས་མ་བྱས་གཉིས་ཀྱི་མཐའ་ལ་མི་གནས་པས་འདུས་མ་བྱས་ཆེན་པོ་སོགས་ཀྱི་ཚིག་གི་ཐ་སྙད་ཀྱིས་སངས་རྒྱས་རྣམས་ཀྱིས་མཐར་ཐུག་གི་དེ་ཁོ་ན་ཉིད་དེ་བསྟན་པར་མཛད་པ་ཡིན་ནོ། །དོན་དེ་ལྟ་བུའི་དབང་གིས་སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་པ་རོ་མཉམ་ཞེས་པའི་ཐད་ཀྱི་འགྲེལ་ཆེན་དུ། འདིར་ལུས་ལ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་འབྲེལ་བ་ཀུན་རྫོབ་ཀྱིས་ངེས་པར་གནས་པ་གང་ཡིན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་རྣམ་པར་ཤེས་པའོ། །ཞེས་གསུངས་པ་ནི། འདིར་རྣམ་གསུམ་སྲིད་པར་རྡོ་རྗེ་སེམས་དཔའ་ཁྱབ་བྱེད་དུ་བགྲོད་པར་གསུངས་པ་དེ་དེ་ཁོ་ན་ཉིད་གཉིས་སུ་མེད་པའི་ཆོས་ཉིད་ཀྱི་དབང་དུ་བྱས་ན་ཁྱབ་བྱ་ཁྱབ་བྱེད་ཀྱི་འབྲེལ་པ་


MR17_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ཏུ་མེད་ཀྱང་དེ་ཐམས་ཅད་དེའི་ངོ་བོ་ཉིད་དུ་རྣམ་པར་དག་པ་ཡིན་ན་ཡང་ཀུན་རྫོབ་ཀྱི་དབང་དུ་བྱས་ན་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་རྣམ་པར་ཤེས་པ་གནས་ཤིང་། རྣམ་པར་ཤེས་པ་དེའི་ཆོས་ཉིད་གདོད་མ་ནས་རང་བཞིན་རྣམ་དག་འོད་གསལ་བའི་བདག་ཉིད་དུ་གནས་པ་ལ་ཁྱབ་བདག་ཏུ་བཤད་དགོས་པའི་དོན་ཏོ། །ཡང་འགྲེལ་པའི་སྔ་མའི་འཕྲོས་སུ། དེ་ཉིད་ནི་སྟོང་པ་སྟེ་སྟོང་པ་ཉིད་ཀྱི་གཟུགས་ལ་བསྒོམ་པའི་སྟོབས་ཀྱིས་འཛིན་པར་བྱེད་པའི་སེམས། གཟུང་བར་བྱ་བ་སེམས་ཀྱི་སྣང་བ་ལ་རྣམ་པར་བསྲེས་པ་ནི་རོ་མཉམ་པར་འགྱུར་མེད་རྟག་པར་ཡང་འགྱུར་ཏེ་འདིར་རྟག་པའི་སྒྲ་ནི་སྒྲིབ་པ་མེད་པ་ལ་བརྗོད་དོ། །ཞེས་གསུངས་པ། རྣམ་པར་ཤེས་པ་ཡོད་ན་ཆུའི་གཤེར་བ་དང་མེའི་ཚ་བ་ལྟར་དེའི་ཆོས་ཉིད་འོད་གསལ་བའི་ཡེ་ཤེས་འདུ་འབྲལ་མེད་པར་ཡོད་ཀྱང་སྒྲིབ་པ་དང་བཅས་པའི་ཕྱིར་ན་མངོན་དུ་མི་འགྱུར་བས། སྒྲིབ་པ་དེ་སྤང་བའི་དོན་དུ་སྟོང་པ་ཉིད་ཀྱི་གཟུགས་དུ་བ་ལ་སོགས་པ་མངོན་སུམ་སྣང་བའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་སེམས་ཀྱིས་གཟུང་བར་བྱ་བ་ལ་གོམས་པའི་སྟོབས་ཀྱིས་དེ་འཛིན་པར་བྱེད་པའི་སེམས་རྣམ་པར་བསྲེས་པ་ནི་གཟུང་འཛིན་མེད་པར་རོ་མཉམ་པའི་ཡེ་ཤེས་མཆོག་ཏུ་འགྱུར་བ་མེད་པ་རྟག་པར་འགྱུར་ཏེ། རྟག་པའི་སྒྲ་ནི་འཕོ་བའི་སྒྲིབ་པ་དང་བྲལ་བའི་དོན་ཏེ་འཕོ་སྒྲིབ་དང་བྲལ་ན་འཕོ་མེད་རྟག་པའི་གོ་འཕང་དེ་ལས་ནམ་ཡང་གཡོ་བ་མེད་དོ། །དེ་ལྟར་ཡང་འགྲེལ་ཆེན་གྱི་མདོར་བསྡུས་དང་པོ་ལས། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང་། །གཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབས་ཤིང་གཙུབས་སྟན་ལག་པས་གཙུབས་པ་ལས། །དེ་ལ་གནས་པ་དག་ཀྱང་མཐོང་འགྱུར་བ། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། །སྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་


MR17_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་དང་། དུ་བ་ལ་སོགས་མཚན་མ་དག་དང་ནི། །སྲོག་རྩོལ་དག་གིས་དབུ་མར་འབབས་པ་དང་། །རིག་མའི་བརྟུལ་ཞུགས་དག་གིས་རྡོ་རྗེ་ནི། །ལྷུང་མིན་དེ་བཞིན་སྟེང་དུ་ཁུ་བ་སྟེ། །ལམ་འདི་དག་གིས་སངས་རྒྱས་རྣམས་ཀྱི་ནི། །བདེ་བ་མཆོག་ཏུ་འགྱུར་བ་མེད་པ་ཞེས། །མངོན་པར་བརྗོད་པའམ་ཕོ་ཉ་མོ་ཀུན་གྱི། །ལྷན་ཅིག་སྐྱེས་པ་རྣལ་འབྱོར་པས་ཐོབ་འགྱུར། །ཞེས་གསུངས་པ་ལྟར། སེམས་ཀྱི་ཆོས་ཉིད་རང་བཞིན་འོད་གསལ་བ་ལམ་གྱི་སྟོབས་ལས་གསར་དུ་བསྒྲུབ་པ་མ་ཡིན་ཡང་། ལམ་གྱི་སྟོབས་ལས་མངོན་དུ་འགྱུར་བ་ཡིན་པའི་ཕྱིར་ན། སེམས་ཅན་ཐམས་ཅད་ལ་གཞི་དུས་ཀྱི་འཁོར་ལོ་རང་བཞིན་འོད་གསལ་བའི་ཡེ་ཤེས་ཀྱིས་ཁྱབ་ཀྱང་སྒྲིབ་པས་བསྒྲིབ་ནས་མ་མཐོང་ཞིང་ཡིད་མི་ཆེས་པ་དག་ལ་མངོན་སུམ་དུ་ཡིད་ཆེས་པར་བྱེད་པའི་ལམ་དུ་བ་ལ་སོགས་པའི་སྟོང་གཟུགས་བསྟན་པའི་སྒོ་ནས་ཤེས་སུ་གཞུག་པ་ཡིན་ནོ། །དེ་ལྟར་འབྱུང་བ་ལྔ་དང་རྣམ་པར་ཤེས་པ་ལ་གནས་པ་ལས་ཉོན་གྱི་སྒྲིབ་པས་ངོ་བོ་ལ་གོས་པ་མེད་པས་རང་བཞིན་རྣམ་དག་གི་ཆོས་ཉིད་ཞི་བ་དང་། དེའི་དབང་གིས་འགྱུར་བའི་ཟུག་རྔུ་ཐམས་ཅད་དང་བྲལ་བས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ནི་འདོད་གཟུགས་གཟུགས་མེད་རྣམ་པ་གསུམ་གྱི་སྲིད་པ་ལ་ཆོས་ཉིད་ཀྱི་ཚུལ་དུ་ཁྱབ་ཅིང་གནས་པ་ནི། རྣལ་འབྱོར་པས་རང་གི་ལུས་ཁམས་དྲུག་དང་ལྡན་པ་འདི་ལ་བྱེད་བཅིངས་སོགས་ཀྱི་ཐབས་ལ་གོམས་པ་ལས་མངོན་སུམ་དུ་རིག་པར་བྱའོ། །འདིར་མདོར་བསྡུས་ཙམ་སྟེ་ཡེ་ཤེས་ལེའུའི་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་རྒྱས་པར་འབྱུང་ངོ་། །དེ་ཡན་ཆད་ཀྱིས་ནང་ལུས་ཀྱི་དབུས་སུ་ཕྱི་རོལ་གྱི་ཆོས་ཀུན་སྣང་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཚང་བའི་ཚུལ་མདོར་བསྟན་ནས། རྒྱས་པར་བཤད་པ་ལ་ལེའུ་འདིར། ནང་ལུས་ཀྱི་


MR17_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་དྲུག་དང་རྩ་དྲུག་དང་འཁོར་ལོ་དྲུག་རྣམ་པར་དག་པའི་ངོ་བོ་ཉིད་ཀྱི་གནས་པ་བཅོ་བརྒྱད་ཀྱི་ཆིངས་སུ་བསྟན་ཏེ། མངལ་འཛིན་པ་དང་སྡུད་པའི་ངོ་བོ་ཉིད་ཀྱི་གནས་པ༡། དེ་བཞིན་དུ་རྡུལ་དང་ཁུ་བ་ཀུན་གཞིའི་རྣམ་ཤེས་ཡང་དག་པར་༢སྦྱོར་བའི་དང་། ཟླ་བ་སོ་སོའི་རེ་ཞིང་མངལ་འབྱུང་བའི་༣དང་། ཉ་ལ་སོགས་པ་གནས་སྐབས་བཅུའི་༤དང་། སྐུ་བཞི་དང་རྡོ་རྗེ་བཞིར་དག་པའི་༥དང་། རྫོགས་པའི་བྱང་ཆུབ་པ་བཞིས་མངལ་འབྱུང་༦བའི་ངོ་བོ་ཉིད་ཀྱི་གནས་པ་དང་། དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། ཚིགས་ཀྱི་གནས་སུམ་བརྒྱ་དྲུག་ཅུ་དང་། ཁམས་དྲུག་དང་། རོ་དྲུག་དང་། དབང་པོ་དྲུག་དང་། ཡུལ་དྲུག་དང་། ལས་ཀྱི་དབང་པོ་དྲུག་དང་། ལས་ཀྱི་དབང་པོའི་ཡུལ་དྲུག་དང་། རྣམ་པར་ཤེས་པ་དྲུག་དང་། འདུ་བྱེད་དྲུག་དང་། ཚོར་བ་དྲུག་དང་། གཟུགས་དྲུག་དང་། ཡེ་ཤེས་དྲུག་དང་། འཁོར་ལོ་དྲུག་དང་། དཀྱིལ་འཁོར་དྲུག་སྟེང་དང་འོག་གི་ངོ་བོ་ཉིད་ཀྱི་གནས་པ་༧དང་། ལྟེ་བའི་ཆུ་སྐྱེས་ལ་སོགས་པའི་འདབ་མ་དང་སྣ་བུག་དག་ལ་གཡོན་དང་གཡས་ཀྱི་དཀྱིལ་འཁོར་ཕུང་པོ་ལྔ་དང་ཁམས་ལྔ་འབབ་པའི་ངོ་བོ་ཉིད་ཀྱི་གནས་པ་༨དང་། དབུ་མ་ལས་རྒྱུད་མཐའ་དག་འབྱུང་བའི་ངོ་བོ་ཉིད་ཀྱི་གནས་པ་༩དང་། སྲོག་ལ་སོགས་པ་རླུང་གི་བྱ་བའི་ངོ་བོ་ཉིད་ཀྱི་གནས་པ་༡༠དང་། ཁམས་རྣམས་ལས་ལྷའི་མཚན་མ་འབྱུང་བའི་ངོ་བོ་ཉིད་ཀྱི་གནས་པ་༡༡དང་། ཉི་མ་དང་ཟླ་བ་དང་མེའི་འཆི་ལྟས་ཀྱི་ངོ་བོ་ཉིད་ཀྱི་གནས་པ་༡༢དང་། ལས་ཀྱི་རྣམ་པར་སྨིན་པས་འགྲོ་བ་དྲུག་ཏུ་སྐྱེ་བའི་ངོ་བོ་ཉིད་ཀྱི་གནས་པ་༡༣དང་། རྩ་ལ་སོགས་པ་གཟའི་རྐང་པ་འཆད་པའི་ངོ་བོ་ཉིད་ཀྱི་གནས་པ་༡༤དང་། དབུ་མར་ཞུགས་པའི་དགའ་བ་ལ་སོགས་པ་རྣམས་ཀྱིས་འཆི་ལྟས་ཀྱིས་འཆི་བ་བསླུ་བའི་ངོ་བོ་ཉིད་ཀྱི་གནས་པ་༡༥དང་། ཕྱི་རོལ་འཇིག་


MR17_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་བྱ་བ་འགྲུབ་པའི་ངོ་བོ་ཉིད་ཀྱི་གནས་པ་༡༦དང་། ལྟ་བ་ཐམས་ཅད་རྗེས་སུ་དཔག་པས་ཡོངས་སུ་བརྟག་པའི་ངོ་བོ་ཉིད་ཀྱི་གནས་པ་༡༧དང་། སེམས་ཅན་སྣ་ཚོགས་ཀྱི་འདོད་པ་དང་རྗེས་སུ་མཐུན་པར་ཆོས་རབ་ཏུ་༡༨གཞག་པའི་ངོ་བོ་ཉིད་ཀྱི་གནས་པའོ། །རྩ་རྒྱུད་ལ་གོ་རིམ་དེ་ལྟར་ཡིན་ཡང་བསྡུས་རྒྱུད་འདིར་དགོས་པའི་དབང་གིས་གོ་རིམ་གོང་འོག་མི་འདྲ་བ་ཡོད་དོ། །འགྲེལ་ཆེན་ལས་ལེའུ་གཉིས་པ་འདི་མདོར་བསྡུས་བདུན་གྱི་སྒོ་ནས་བཤད་དེ། སྒོ་གསུམ་དང་བདེན་བཞི་ངེས་པའི་མདོར་བསྡུས་དང་པོས་ཚིགས་བཅད་ཉེར་དྲུག་པ་ཡན་ཆད་ཀྱི་དོན་བཤད་ཅིང་། དེ་ནས་བརྩམ་སྟེ་ཚིགས་བཅད་ཞེ་བདུན་པའི་བར་ནི་ཀུན་འབྱུང་གི་བདེན་པ་ལ་སོགས་པའི་མདོར་བསྡུས་གཉིས་པས་བཤད་དོ། །དེ་ནས་ཚིགས་བཅད་དྲུག་ཅུ་པའི་བར་དུ། འཁོར་ལོས་སྒྱུར་བ་དང་ཀླ་ཀློའི་འཁྲུགས་པ་དང་དུས་ཀྱི་འཁོར་ལོའི་རིགས་ཀྱི་རྒྱུད་དང་རྩའི་རིགས་འབྱུང་བའི་མདོར་བསྡུས་གསུམ་པས་བཤད་དོ། །དེ་ནས་བརྩམ་སྟེ་ཚིགས་བཅད་གྱ་གཅིག་པའི་བར་དུ་འཆི་བའི་མཚན་ཉིད་དང་རྩ་འཆད་པའི་མདོར་བསྡུས་བཞི་པས་བསྟན། དེ་ནས་བཟུང་སྟེ་ཚིགས་བཅད་བརྒྱ་དང་དྲུག་པའི་བར་དུ་འཇིག་རྟེན་ཀུན་རྫོབ་ཀྱི་སྐྱེ་བ་དང་འགག་པའི་རྒྱུར་གྱུར་པ་སྐད་ཅིག་གི་མཚན་ཉིད་དུས་ཀྱི་འཁོར་ལོ་ངེས་པའི་མདོར་བསྡུས་ལྔ་པས་བསྟན། དེ་ནས་བརྩམ་སྟེ་ཚིགས་བཅད་བརྒྱ་ང་བཞི་པའི་བར་དུ་བཅུད་ལེན་ལ་སོགས་པ་དང་བྱིས་པའི་རྒྱུད་ཀྱི་མདོར་བསྡུས་དྲུག་པས་བསྟན། དེ་ནས་བརྩམ་སྟེ་ལེའུ་རྫོགས་པའི་བར་དུ་རང་གཞན་གྱི་ལྟ་བ་རིགས་པས་རྣམ་པར་དཔྱད་པའི་མདོར་བསྡུས་ཆེན་པོ་བདུན་པས་བཤད་པར་མཛད་དོ། །དེ་ལྟར་ནང་གི་ལེའུ་རྩ་འགྲེལ་འདི་དག་གིས་རྡོ་རྗེ་ཐེག་པའི་ལམ་གྱི་རྟེན་ཁྱད་པར་ཅན་ཁམས་དྲུག་དང་ལྡན་པའི་རྡོ་རྗེའི་ལུས་དང་པོར་མངལ་དུ་གྲུབ་ཚུལ་དང་། ལུས་དེ་ཡི་རྩ་འཁོར་ལོ་དྲུག་ལ་སོགས་པ་


MR17_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་དྲུག་དང་སྐུ་བཞི་དང་ཁམས་ཀྱི་དབྱེ་བས་ལྷ་རྣམས་ཀྱི་དག་པ་དང་སྦྱར་བ་དང་། འཁོར་ལོ་ཅན་དང་ཀླ་ཀློའི་འཁྲུག་པ་སོགས་ནང་ལ་སྦྱར་ཚུལ་དང་། རྩ་རླུང་གི་གྲངས་ལྷ་དང་སྦྱར་བ་དང་མཐར་ལུས་འཇིག་ཚུལ་དང་། ལུས་ཞིག་ནས་སླར་ཡང་ལས་ཉོན་གྱིས་སྐྱེ་བ་ལེན་པ་ཡིན་པས་འཁོར་བའི་སྐྱེ་བ་རྒྱུན་གཅོད་པར་བྱེད་པའི་ལམ་ལ་འབད་དགོས་པ་དང་འཆི་བའི་མཚན་ཉིད་བཅས་བསྟན་ཅིང་། འཆི་ལྟས་བྱུང་ན་བསླུ་བའི་ཐབས་དང་། བདེ་བའི་རྟེན་བྱང་ཆུབ་ཀྱི་སེམས་རྒྱས་པར་བྱེད་པ་བཅུད་ལེན་སོགས་དང་། བྱིས་པ་ལ་ཕན་གདགས་པའི་རྒྱུད་དང་བཅས་པ་བསྟན་ནས། ཕྱིན་ཅི་ལོག་གི་ལྟ་བ་བཀག་ཅིང་ཡང་དག་པའི་ལྟ་བ་གཏན་ལ་ཕབ་པ་དང་བཅས་པ་འདི་དག་གིས་ལུས་སེམས་སྔགས་ཀྱི་ལམ་ལ་འཇུག་པའི་ལས་སུ་རུང་བར་འགྲུབ་པ་ཡིན་ཏེ། ཁམས་དྲུག་དང་ལྡན་པའི་ལུས་རྟེན་སྐྱོན་མེད་པ་ཐོབ་ཀྱང་སེམས་གྲུབ་མཐའ་ངན་པའི་དབང་དུ་སོང་ན་རྡོ་རྗེ་ཐེག་པའི་ལམ་ཡང་དག་ལ་འཇུག་པར་མི་ནུས་པས་སེམས་ཀྱི་སྐྱོན་སྦྱང་བའི་སླད་དུ་རྗེས་སུ་དཔག་པའི་སྒོ་ནས་གྲུབ་མཐའ་ངན་པ་རྣམས་སུན་ཕྱུངས་ཤིང་ཡང་དག་པའི་ལམ་སྒྲུབ་པ་ཡིན་ནོ། །དེ་ལྟར་ལུས་དང་སེམས་དབང་བསྐུར་བའི་སྣོད་དུ་རུང་བ་ལ། དབང་བྱིན་ནས་རིམ་གཉིས་ཀྱི་ལམ་བསྟན་པས་མྱུར་དུ་གྲོལ་བར་འགྱུར་བས་འདིར་གྲུབ་མཐའི་ལྟ་བ་སྟོན་པའི་རྒྱུ་མཚན་ཡང་དེ་ལྟར་ཡིན་ནོ། །དེ་ལ་དང་པོར་མངལ་འཛིན་པ་དང་སྡུད་པའི་ངོ་བོ་ཉིད་ཀྱི་གནས་པ་ནི་ཚིགས་སུ་བཅད་པ་བཞི་པ་དང་ལྔ་པ་གཉིས་ཀྱིས་བསྟན་ཏེ། འདིར་ཕོ་མོའི་དབང་པོ་གཉིས་ཀྱི་སྦྱོར་བ་ལས། ཕའི་ཁུ་བ་དང་མའི་ཁྲག་ལྷན་ཅིག་གནས་པ་དེ་ནི་ལུས་སྐྱེད་པའི་ས་བོན་མ་ཡི་གསང་བའི་པདྨར་གནས་པ་དག་ནི་མའི་གསང་བའི་པདྨ་ལ་སའི་ཁམས་ཡོད་པའི་འཛིན་མས་གཞི་འཛིན་ཏེ། གསང་བའི་པདྨའི་གནས་དེ་ལས་ཆུ་ཡིས་མི་


MR17_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གྱེས་པར་སྡུད་པར་བྱེད་དོ། །ཆུ་ཡིས་བསྡུས་པ་དེ་ཡི་ཕྱི་ནས་ནི་མེ་ཡིས་རབ་ཏུ་སྨིན་པར་བྱེད་ཅིང་། མ་ཡིས་ཟས་རོ་དྲུག་ཟོས་པ་དང་རོ་དྲུག་ནི་འཐུངས་པ་དེ་དག་ཞེས་སམ། ཡང་ན་རོ་སྔ་མ་དྲུག་གི་དོན་དང་ལྡན་པའི་ཕྱི་མ་རོ་དངོས་ཏེ་རོ་དྲུག་པོ་ཟོས་ཤིང་འཐུང་པ་དེ་དག་མེ་ཡི་ཁམས་ཀྱིས་རིམ་པར་འཇུ་བའམ་ཟ་བར་བྱེད་དེ་ལུས་ཀྱི་ཟུང་སུ་འགྱུར་བ་དེ་དག་ཡུར་བ་ནས་ཞིང་ལ་ཆུ་དྲངས་པ་ལྟར་མའི་མངལ་དང་མངལ་གནས་ཀྱི་ལུས་འབྲེལ་བའི་རྩ་ནས་མངལ་གནས་ལ་གསོས་སུ་འགྱུར་ཞིང་མངལ་གནས་འདི་ཡི་ལུས་ཀྱི་ཁམས་འཕེལ་བ་ནི་མའི་མངལ་གྱི་དང་ས་བོན་རང་དང་ཚོགས་པ་གཅིག་པའི་རླུང་གིས་སོ། །ནམ་མཁའ་དག་ཀྱང་འཕེལ་བའི་གོ་སྐབས་སྦྱིན་བྱེད་ཀྱེ་མི་ཡི་བདག་པོ། །མངལ་ཆགས་ཞིང་ལུས་འཛིན་པའི་རྒྱུ་རྐྱེན་ཚོགས་པའི་དུས་ལས་དེ་ལྟར་གྲུབ་པ་སྟེ། རིམ་པ་དེ་དག་གིས་ཉ་ལ་སོགས་པའི་མངལ་གྱི་གནས་སྐབས་རྫོགས་ནས། བཙའ་བར་གྱུར་པའི་དུས་དང་། བྱིས་པ་ལ་སོགས་པ་གནས་སྐབས་བཅུ་ཡི་དུས་དག་ཏུ་ཡང་། བསྐྱེད་རིམ་ལ་དུ་བ་མ་ལ་སོགས་པ་ལྷ་ཡི་གནས་སྐབས་རྣམས་བྱེད་དོ། །རྫོགས་རིམ་ལ་ནུས་མ་བཅུའི་རང་བཞིན་དུ་བ་སོགས་རྟགས་བཅུ་རིམ་པར་ཤར་བ་དང་སྦྱར་རོ། །འདི་ལ་གནས་སྐབས་བཅུ་ནི་ཁྱབ་འཇུག་གི་འཇུག་པ་བཅུའི་གནས་སྐབས་དང་སྦྱར་བས་ཆོག་ལ་ཁ་ཅིག་ཚེ་མཐའི་མདོ་ལས་གསུངས་པ་ལྟར། བཙའ་བའི་གནས་སྐབས་དང་། གན་རྐྱལ་དུ་ཉལ་བ་བྱིས་པའི་གནས་སྐབས་དང་། དེ་བཞིན་དུ་རྩེད་མོ་རྩེ་བ་གཞོན་ནུ་དང་། འདོད་པ་ལ་སྦྱོར་བ་ལང་ཚོ་དང་། བུ་དང་དཔའ་བ་སོགས་ཀྱི་སྟོབས་དང་ལྡན་པ་དང་། ཤེད་དང་སྤོབས་པ་ན་ཚོད་རྫོགས་པ་དར་ལ་བབས་པ་དང་། འཇིག་རྟེན་པའི་གཞུང་ལུགས་ཤེས་པ་མཐར་གྱིས་རྒས་པའམ་ན་ཡོལ་བ་དང་། བྱ་བ་ལ་མཐུ་ཆུང་བ་རྒས་པར་གྱུར་པ་དང་། ཅི་ཡང་མི་ནུས་པ་ཤིན་ཏུ་


MR17_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

རྒས་པའམ་འཁོགས་པ་དང་། མཐར་འཆི་བའི་གནས་སྐབས་དང་བཅུ་ནི་ལོ་བརྒྱ་ཡི་མཐར་ཐུག་པའོ། །ཞེས་ཀྱང་འཆད། མངལ་གྱི་ས་བོན་དག་ནིའམ་རང་གི་ཁམས་ཀྱི་འབྱུང་བ་ས་ཡིས་ནི་རོ་དྲུག་ཟོས་པའི་ཟུངས་དེ་དག་གསལ་བར་ལྕི་ཞིང་སྲ་བ་ཉིད་བྱེད་ཆུ་ནི་དེ་བཞིན་གཤེར་བ་ཉིད། མེས་ནི་རོ་རྣམས་སྨིན་པར་བྱེད་ཅིང་རབ་མཆོག་རྣམ་པ་བཅུ་ཡི་རླུང་སྲོག་འཛིན་ལ་སོགས་པ་དེ་རྣམས་དག་ནི་ས་བོན་འདི་ཡི་ལུས་གོང་ནས་གོང་དུ་འཕེལ་བ་ཉིད་བྱེད་པའོ། །ལུས་འཕེལ་བ་དག་ལ་སླར་ཡང་ནམ་མཁའ་ཉིད་ནི་གོ་སྐབས་སྦྱིན་པར་བྱེད་དེ། མངལ་དུ་སེམས་ཞུགས་ཤིང་ལུས་འགྲུབ་པའི་རྒྱུ་རྐྱེན་ཚོགས་པའི་དུས་ལས་དེ་ལྟར་གོང་ནས་གོང་དུ་བསྐྱེད་པ་སྟེ། དེ་ལྟར་ས་སོགས་འབྱུང་བ་དང་རྣམ་ཤེས་ཚོགས་པའི་རྒྱུ་རྐྱེན་སྣ་ཚོགས་པའི་དངོས་པོ་དུ་མ་དག་གིས་ལུས་རགས་པ་དང་བཅས་པ་དང་ངག་གི་སྒྲ་དང་རགས་པའི་ཀུན་རྟོག་ཅན་གྱི་ཡིད་དང་ནུས་པ་བཅུ་པོ་རྣམས་ཀྱི་གནས་སྐབས་ནི་སྤྲོ༷་ཞིང་འཕེལ་བར་བྱེད་དོ། །གཉིས་པ་ནང་རང་གི་སེམས་རྡོ་རྗེ་འཛིན་པ་ཁྱབ་འཇུག་གི་གནས་སྐབས་བཅུ་ཡི་ཚུལ་དང་སྦྱར་བ་ནི། གསང་བའི་པདྨར་སོགས་ཚིགས་བཅད་དྲུག་པ་དང་བདུན་པ་དང་བརྒྱད་པའི་རྐང་པ་གསུམ་གྱིས་བསྟན་ཏེ། རྐང་པ་དང་པོས་གནས་པ་གཉིས་པ་དང་། དེ་མན་ཆད་ཀྱིས་གནས་པ་བཞི་པ་ཉ་སོགས་གནས་སྐབས་བཅུའི་ངོ་བོ་ཉིད་ཀྱིས་གནས་པ་ཡར་བླང་སྟེ་སྐབས་འདིར་གསུངས་པ་ཡིན་ནོ། །མ་ཡི་གསང་བའི་པདྨར་མ་ཡི་རྡུལ་ལམ་ཁྲག་གི་ནང་དུ་གང་ཚེ་ལྷུང་བའི་ཕ་ཡི་བྱང་ཆུབ་ཀྱི་སེམས་ཁུ་བ་དང་འདྲེས་པའི་ས་བོན་མངལ་གནས་དེ་ནི་སེམས་ཀུན་གཞི་སྲོག་གི་རླུང་དང་བཅས་པ་རོ་མཉམ་པར་གྱུར་པ་དེ་དག་རིམ་པ་བཞིན་དུ་ཉ་དང་རུས་སྦལ་དང་ཕག་པར་འགྱུར་ཏེ་མི་ཡི་སེང་གེ་དང་ནི་མི་ཐུང་དང་། དྲང་སྲོང་གི་བུ་རཱ་མ་དགྲ་སཏྭ་ཅན་དང་། རཱ་མ་ཕྱི་མ་དག་དང་ནི་ནག་པོ་དང་སངས་


MR17_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་མི་དབང་རིགས་ལྡན་དང་རྣམ་པ་བཅུར་འགྱུར་ཏེ་འདི་དག་རྣམས་ཀྱང་གནས་སྐབས་རྣམ་པ་བཅུ་ཞེས་བྱ་བ་ཡིན་ནོ། །དེ་དག་ཀྱང་མངལ་དུ་གནས་པའི་ཚེ་ཉ་དང་རུས་སྦལ་དང་ཕག་པའི་གནས་སྐབས་གསུམ་སྟེ། དེ་བཞིན་བཙའ་བའི་དུས་སུ་གཅིག་ནི་མིའི་སེང་གེའི་གནས་སྐབས་དང་བྱིས་པའི་དུས་དག་ཏུ་ཡང་སོ་སྐྱེ་བའི་བར་མི་ཐུང་དང་། སོ་སྐྱེས་ནས་སོ་ལྷུང་བའི་བར་ནི་དགྲ་སཏྭ་རཱ་མའི་གནས་སྐབས་རྣམ་པ་གཉིས་སོ། །གཞོན་ནུ་ཡི་དུས་དང་ལང་ཚོ་ཡི་དུས་དག་ལ་གནས་སྐབས་གཞན་དུ་རབ་ཏུ་འགྱུར་ཏེ། སོ་ལྷུང་ནས་ལོ་བཅུ་དྲུག་གི་བར་དུ་ལང་ཚོ་རྒྱས་པ་དང་པོ་ཤིང་རྟ་བཅུ་པའི་བུ་ལྷ་རཱ་མའི་གནས་སྐབས་གཅིག་དང་། ལོ་བཅུ་དྲུག་ནས་སྐྲ་དཀར་སྐྱེས་པའི་བར་ནི་ལུས་སེམས་ཀྱི་སྟོབས་ཡང་དག་རྒྱས་པ་དེ་བཞིན་གཞན་ནག་པོའི་གནས་སྐབས་གཅིག་གོ། སྐྲ་དཀར་སྐྱེས་ནས་འཆི་བའི་ཉིན་ཞག་གི་བར་རྒན་པོ་ཡི་དུས་ཉིད་ལ་ཞི་བ་སངས་རྒྱས་ཀྱི་གནས་སྐབས་གཅིག་སྟེ། མངལ་སྐྱེས་རྣམས་ཀྱི་སྲིད་པ་ལ་འཆི་བ་ཉིད་ནི་གནས་སྐབས་བཅུའི་ཐ་མ་སྟེ། འཆི་བའི་ཉིན་ཞག་ལ་འབྱུང་བ་ཐམས་ཅད་གཅིག་ཏུ་འདྲེས་པར་གྱུར་པ་ཉིད་ཀྱི་ཕྱིར་ལུས་ལ་རིགས་ལྡན་གྱི་གནས་སྐབས་སུ་འགྱུར་བའོ། །ཡང་ན་ཚིག་གི་སྦྱར་ལུགས་མངལ་སྐྱེས་རྣམས་ཀྱི་འཆི་བའམ་སྲིད་པ་ཉིད་ཀྱི་ཐ་མའོ་ཞེས་ཀྱང་རུང་ངོ་། །གནས་སྐབས་བཅུ་པོ་དེར་འཇོག་ཚུལ་ནི། ནང་ལ་སེམས་རྡོ་རྗེ་འཛིན་པ་ནི་ཁྱབ་འཇུག་དང་སྦྱར་བ་དེའི་གནས་སྐབས་བཅུའི་བྱ་བ་ནི། དང་པོ་མངལ་དུ་ཁུ་ཁྲག་འདྲེས་པའི་དབུས་སུ་རླུང་སེམས་ཞུགས་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཛིན་པ་ཁྱབ་འཇུག་དེ་ནི་ཉ་ཡི་གནས་སྐབས་ལ་ནི་ཉ་རོ་ཧི་ཏ་ཡི་གཟུགས་ལྟར་ནར་མོ་དང་མདོག་དམར་བའི་རྣམ་པར་འགྱུར་བ་ནི་ཉིན་ཞག་འགའ་སྟེ་ཟླ་བ་གཉིས་སམ་དུས་དྲུག་གི་ཆ་གཅིག་ལའོ། །དེ་ནས་རུས་སྦལ་གྱི་གནས་སྐབས་ལ་ནི་


MR17_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ལྔ་འབུར་དུ་དོད་པ་རུས་སྦལ་གྱི་དངོས་པོ་ལྟ་བུ་ཡང་ཟླ་བ་གཉིས་ཀྱི་ཡུན་ལའོ། །ཕག་པ་ཡི་གནས་སྐབས་ལ་ཡང་མངལ་གནས་ཁྱབ་འཇུག་དེ་ཡི་སྐྱེ་མཆེད་ཉི་མ་སྟེ་བཅུ་གཉིས་འབྱུང་ཞིང་མའི་མངལ་མི་གཙང་བར་རྒུར་པོ་ཕག་གི་རྣམ་པར་འགྱུར་བ་དག་སྟེ་ཟླ་བ་བདུན་པ་ནས་བཙའ་བའི་སྔ་ལོགས་ཀྱི་བར་དུའོ། །དེ་ནས་བཙའ་བའི་གནས་སྐབས་ཀྱི་ཉིན་ཞག་མི་ཡི་སེང་གེ་ཡི་གནས་སྐབས་ལ་ནི་མངལ་ནས་རབ་ཏུ་སྐྱེ་སྟེ། ཇི་ལྟར་ཁྱབ་འཇུག་རོ་སྟོད་སེང་གེ་ལ་རོ་སྨད་མི་ཡི་རྣམ་པར་བྱས་ནས་རྒྱལ་པོ་འགྲོ་སྐྱོབ་གསེར་ཅན་གྱི་ལྟོ་བ་བྲལ་ནས་བསད་ཅེས་གྲགས་པ་དང་མཚུངས་པར་བཙའ་བའི་ཚེ་ལག་པ་དག་གིས་མའི་སྐྱེ་གནས་རྣམ་པར་འབྱེད་པའི་ཕྱིར་རོ། །མི་ཐུང་ལ་ནི་བྱིས་པའི་དངོས་པོ་ཉིད་དེ་གོག་སྟེ་འགྲོ་བ་དང་རྐང་པ་འཕྱེ་བོའི་ཚུལ་དུ་འགྲོ་བས་མི་ཐུང་དང་འདྲ་བའི་སྐབས་སོ། །དགྲ་སྟ་རཱ་མ་ལ་ཡང་མི་བདག་གཉིས་ཀྱི་གྲངས་སུམ་ཅུ་རྩ་གཉིས་ཀྱི་སོ་རྣམས་འབྱུང་བར་འགྱུར་རོ། །སླར་ཡང་ལྷ་རཱ་མ་ལ་ནི་བྱིས་པའི་དུས་ཀྱི་སོ་རྣམས་ལྟུང་བར་འགྱུར་ཏེ། ཁྱབ་འཇུག་དེ་ཉིད་ནག་པོ་ཡི་གནས་སྐབས་ལ་ནི་གསལ་བར་སྒྱུ་མ་དག་བྱེད་པ་བཞིན་དུ་བློ་གྲོས་ན་རྫོགས་པ་དག་རང་རྒྱལ་ཞིང་གཞན་ཕམ་པའི་གཡོ་དང་སྒྱུ་བྱེད་པས་སོ། །སངས་རྒྱས་ཀྱི་གནས་སྐབས་ཀྱི་དངོས་པོ་ལ་ཡང་སེམས་ཆགས་པ་སོགས་ཞི་བར་གནས་པ་དང་ནི་གནས་སྐབས་དེའི་སེམས་ཅན་རྣམས་ལ་བུད་མེད་སྦྱོར་བ་དང་བྲལ་བའི་བརྟུལ་ཞུགས་ངེས་པར་བྱེད་དེ། རིགས་ལྡན་གྱི་དངོས་པོ་ལ་ནི་འབྱུང་བ་རྣམས་འཁྲུགས་ཏེ་ཐིམ་ཞིང་གནད་གཅོད་པའི་འཆི་བར་འགྱུར་རོ། །དེ་ལྟར་ཁྱབ་འཇུག་གི་འཇུག་པ་བཅུ་ཞེས་ཕྱི་རོལ་བ་ལ་ཡོངས་སུ་གྲགས་པ་ནི། ཉ་དང་རུས་སྦལ་ཕག་པ་དང་། །མི་ཡི་སེང་གེ་མིའུ་ཐུང་དང་། །རཱ་མ་གཉིས་དང་ནག་པོ་དང་། །སངས་རྒྱས་ཀ་ལི་ཙེ་དང་བཅུ། །ཞེས་བཤད་ལ་ཀ་


MR17_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ཙེ་ནི་རིགས་ལྡན་ནོ། །སངས་རྒྱས་ངང་པ་ཅན་ཏེ་བཅུ་ཞེས་བརྗོད་པའང་ཡོད་དོ། །དེ་ཡང་སྔོན་ས་ཆེན་པོ་འདི་ཆུས་གང་བར་གྱུར་ནས་རིག་བྱེད་རྣམ་བཞི་ས་འོག་ཏུ་ཞུགས་པ་དང་། ལྷ་རྣམས་ཀྱི་རིག་བྱེད་ཀྱི་དོན་དུ་ཁྱབ་འཇུག་ལ་གསོལ་བ་བཏབ་པས། དེས་ཉ་ཡི་གཟུགས་ཀྱིས་ཆུ་ལ་ཞུགས་ནས་རིག་བྱེད་བཞི་བླངས་ཏེ་ལྷ་རྣམས་ལ་བྱིན་ནོ་ཞེས་དང་། ཡང་ས་ཡི་ལྷ་རྣམས་ས་ཆེན་པོའི་ཁུར་ལྕི་བས་ནོན་ཏེ་ལྷ་རྣམས་ལ་བདག་ཅག་གིས་ཁུར་འདི་འདེགས་མི་ནུས་ཞེས་གསོལ་བ་ན་ཁྱབ་འཇུག་སེམས་ཅན་ལ་ཕན་ཕྱིར་རུས་སྦལ་གྱི་གཟུགས་སུ་བྱས་ཏེ་ཆུ་ལ་ནུབ་པར་བྱས་ནས་ཁུར་དེ་བཏེགས་སོ་ཞེས་དང་། ཡང་སྔོན་ས་ཆེན་པོ་ཆུའི་ནང་དུ་ནུབ་པ་དེ་ཁྱབ་འཇུག་ཕག་ཆེན་པོའི་གཟུགས་ཀྱི་མཆེ་བས་སྟེང་དུ་བཏེགས་སོ། །དེ་ལྟར་ཁྱབ་འཇུག་གིས་འཇིག་རྟེན་གནས་ཀྱི་བར་དུ་ས་ཆུ་ལ་མི་ནུབ་པར་བྱས་པས་འཇིག་རྟེན་ལ་ཕན་པའི་ཁུར་ཆེན་པོ་བསྣམས་པ་ཡིན་ནོ་ཞེས་དང་། ཡང་སྔོན་ལྷ་མ་ཡིན་འགྲོ་སྐྱོབ་གསེར་ཅན་ཞེས་བྱ་བས་ལོ་བདུན་འབུམ་གྱི་བར་དུ་དཀའ་ཐུབ་སྤྱད་པ་དེས། ཉིན་མོ་མི་སོད། མཚན་མོ་མི་སོད། དེ་བཞིན་ཕྱི་དང་། ནང་དང་། ས་དང་། ནམ་མཁའ་དང་། འོག་གམ་སྟེང་དུ་སུས་ཀྱང་མི་སོད་པ་དང་། དེ་བཞིན་མཚོན་དང་དབྱུག་པ་དང་། མི་དང་ལྷ་དང་དུད་འགྲོ་རྣམས་ཀྱིས་མི་སོད་པའི་མཆོག་བསླངས་པ་ལྟར་ཐོབ་པ་དེ་ཉིད་དུས་འགའ་ཞིག་གི་ཚེ་དཔག་ཚད་ལྔ་ཁྱབ་པའི་འཁོར་འདུས་པའི་ནང་ན་འདུག་པ་ལ། དེར་ཁྱབ་འཇུག་ཉིད་ལུས་ཀྱི་ཕྱེད་སྨད་མི་གཟུགས། སྟོད་སེང་གེའི་གཟུགས་སུ་བྱས་པ་ཞིག་ཏུ་སྤྲུལ་ནས། ལྷ་མིན་རྒྱལ་པོ་འགྲོ་སྐྱོབས་གསེར་ཅན་དེའི་སྒོར་འདུག་པ་འཁོར་རྣམས་ཀྱིས་རྒྱལ་པོ་ལ་དེ་ལྟར་འདུག་ཅེས་སྦྲན་པས་དེ་འཁོར་དང་བཅས་པ་ངོ་མཚར་བས་བལྟར་སོང་བ་ལ་འཐབ་པའི་ཕྱིར་སྦྲན་ནས་འཐབ་བོ། །དེ་ལྟར་འཐབ་པ་ན་ཉིན་མོ་དང་མཚན་མོའི་མཚམས་


MR17_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྒོའི་གཏན་པ་ལ་འདུག་པའི་པུས་མོ་གཉིས་ཀྱི་སྟེང་དུ་བཞག་ནས་འགྲོ་སྐྱོབ་གསེར་ཅན་གྱི་བྲང་སྡེར་མོས་དྲལ་ཏེ་བསད་དོ་ཞེས་པ་མི་ཡི་སེང་གེའི་འཇུག་པའོ། །ཡང་ལྷ་མ་ཡིན་གཏོར་མའམ་སྟོབས་ལྡན་ཞེས་པ་ཕ་རོལ་གནོན་པས་ཁམས་གསུམ་གནོན་པ་དེས་ལྷ་རྣམས་ཟིལ་གྱིས་མནན་ནས་རྟ་ཡི་མཆོད་སྦྱིན་བྱེད་པའི་དུས་སུ་སུ་ལ་ཅི་འདོད་སྦྱིན་པར་དམ་བཅས་པ་དེར། ཁྱབ་འཇུག་བྲམ་ཟེའི་མི་ཐུང་གི་གཟུགས་སུ་བྱས་ཏེ་ཕ་མེས་ཀྱི་དོན་དུ་མེ་ལ་མཆོད་སྦྱིན་བྱེད་པའི་དོན་དུ་ས་གོམ་པ་གཅིག་གི་ཚད་བསླང་པ་དང་། དེས་ཁྱོད་ལ་འདིས་དགོས་པ་ཅི་ཞིག་རྫོགས། རྟ་གླང་གསེར་སོགས་ཅི་འདོད་སློང་དང་སྦྱིན་ནོ་སྨྲས་ཀྱང་མ་འདོད་དོ། །འོ་ན་ས་གོམ་པ་གསུམ་ཡང་ཁྱེར་ཅེས་སྨྲས་པ་དང་ཁྱབ་འཇུག་གིས་རྒྱ་མཚོའི་གཏིང་ནས་རི་རབ་ཀྱི་རྩེ་བར་གོམ་པ་གཉིས་ཀྱིས་གཞལ་ཏེ་དེ་གཉིས་ཀྱི་བར་དུ་རྐང་པ་བསྒྲད་ནས་དེ་ས་གོམ་པ་གང་ག་རེ་སྨྲས་པས་སྦྱིན་རྒྱུ་མ་རྙེད་པས། སྟོབས་ལྡན་དམ་བཅའ་ལས་ཉམས་པའི་དོར་ཐབས་དེས་ཡིད་ཞུམ་པ་ན། གོམ་པ་གང་གི་ཚབ་ཏུ་གོམ་པ་གཅིག་སྟོབས་ལྡན་གྱི་སྤྱི་བོར་བཞག་སྟེ་འཇིགས་པ་ཆེན་པོས་ས་ཡི་འོག་ཏུ་བཅིངས་པར་བྱས་སོ་ཞེས་དང་། རཱ་མ་གཉིས་ལས་དང་པོ་དགྲ་སྟ་རཱ་མ་ནི་དྲང་སྲོང་ངན་སྤོང་གི་རིགས་ཏེ། དེ་ཡང་དྲང་སྲོང་ཛཱ་མད་ཨག་ནི་ཞེས་པ་དང་དེའི་བུ་དཀའ་ཐུབ་བྱེད་པར་མ་ཎ་དང་དེའི་མ་དང་བཅས་པ་འདོད་འཇོའི་བ་དང་བཅས་ཏེ་ནགས་སུ་གནས་པ་དེར་རྒྱལ་པོ་སྲིད་སྒྲུབ་བརྩོན་ཞེས་པ་སྟོབས་དང་ལྡན་པ་ཞིག་འོང་བ་དེས་ར་མ་ཎའི་དཔའ་བ་དང་འཕོངས་སོགས་ཀྱི་བསྔགས་པ་ཐོས་པས་ཕྲག་དོག་གི་སེམས་ཀྱིས་བརྙས་ཐབས་སུ་འདོད་འཇོའི་བ་ཡི་བེའུ་ཕྲོགས་པ་ལས་འཁོན་དུ་གྱུར་ཏེ་རཱ་མ་ཎས་ས་སྟེང་གི་རྒྱལ་རིགས་རྣམས་གཞོམ་པར་དམ་བཅས་ནས་འཕོང་ལེགས་པར་བསླབ། གཞན་འཁོར་དུ་


MR17_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཤིང་རྒྱལ་པོ་སྲིད་སྒྲུབ་བརྩོན་དང་འཐབ་སྟེ་དགྲ་སྟྭ་ས་རྒྱལ་པོ་དེ་ལ་ལག་པ་སྟོང་ཡོད་པ་བཅད་ནས་བསད། དེ་ནས་རིམ་པར་རྒྱལ་པོ་ཤིང་རྟ་བཅུ་པའི་ཕ་མ་གཉིས་མ་གཏོགས་ས་སྟེང་གི་རྒྱལ་རིགས་ཐམས་ཅད་ཁ་ལན་གསུམ་བཏགས། རྒྱལ་རིགས་ཀྱི་ཁྲག་གིས་ཀུ་རུ་ཀྵེ་ཏྲ་ཞེས་པའི་འོབས་དཔག་ཚད་དུ་མ་དང་ལྡན་པ་བཀང་སྟེ་ཕ་མེས་ཤི་བ་ལ་མཚུན་གཏོར་བྱས་སོ་ཞེས་གྲགས་པ་སྟེ། འདི་ལ་དྲང་སྲོང་གི་བུ་དགྲ་སྟྭ་རཱ་མ་ཞེས་བྱའོ། །དེའི་རྗེས་སུ་རཱ་མ་ཕྱི་མ་ནི། ར་གྷུའི་རིགས་རྒྱལ་པོ་ཤིང་རྟ་བཅུ་པའི་བུ་དགའ་བྱེད་རཱ་མཎ་ཞེས་པ་སྟོབས་དང་ལྡན་པ་དེ་ཉིད་རང་གི་ཡབ་བླ་མའི་བཀས་ཆུང་མ་སཱི་ཏཱ་སྟེ་རོལ་རྙེད་མ་དང་བཅས་པ་ལོ་བཅུ་གཉིས་བར་དུ་ནགས་སུ་བཏང་སྟེ་དེའི་ནུ་བོ་བྷ་ར་ཏ་ལ་རྒྱལ་སྲིད་གཏད། དེ་ནགས་སུ་གནས་པའི་ཚེ་སྲིན་པོ་ར་བ་ཎ་སྟེ་སྒྲ་སྒྲོགས་ཞེས་བྱ་བ་དབང་ཕྱུག་ཆེན་པོ་མཉེས་པར་བྱས་པས་མཆོག་ཐོབ་པ་མགོ་བཅུ་ཡོད་པ། དབུས་ཀྱི་རྟ་མགོ་མ་བཅད་ན་མི་འཆི་བ་ས་གསུམ་བྲན་དུ་བྱས་པ་དེས། འཛམ་གླིང་ན་བུ་མོ་སུ་མཛེས་ཉུལ་བས་སཱི་ཏཱ་མཛེས་པར་མཐོང་ནས་དེ་ལེན་པའི་ཕྱིར་སྲིན་མོ་བསླུ་བྱེད་མས་རི་དྭགས་ཆེན་པོར་བརྫུས་པ་དེ་མཐོང་བ་དགའ་བྱེད་ཀྱིས་འདེད་དུ་ཆས་ཤིང་སཱི་ཏཱ་ལ་ང་མ་སླེབས་པར་དུ་ཁྱོད་འོད་ཀྱི་ར་བ་འདི་ལས་མ་འདའ་ཞེས་བསྒོ་བ་བྱས་ནས་སོང་བའི་ཤུལ་དུ་སྲིན་པོ་སྒྲ་སྒྲོགས་ཀྱིས་སཱི་ཏཱ་འོད་ཀྱི་ར་བ་དང་བཅས་པ་སྲིན་ཡུལ་དུ་ཁྱེར་རོ། །དེའི་ར་མདར་དགའ་བྱེད་སོང་བའི་ལམ་དུ་སྤྲེའུའི་རྒྱལ་པོ་མགྲིན་བཟང་དང་བཱ་ལི་རྒྱལ་ས་ལ་མ་འཆམ་ནས་འཐབ་པ་ལ་དགའ་བྱེད་ཀྱིས་མགྲིན་བཟང་གི་ཕྱོགས་བྱས་ཏེ་མདས་བཱ་ལི་བསད་དེ་མགྲིན་བཟང་རྒྱལ་སྲིད་ཐོབ་པར་བྱས། མགྲིན་བཟང་གི་བློན་པོ་སྤྲེའུ་ཧ་ནུ་མནྠ་ཞེས་པ་དབང་ཕྱུག་གི་བུ་བར་པ་སྤྲེའུའི་གདོང་ཅན་ཡིན་པར་གྲགས་པ་དེ་གྲོགས་སུ་བྱས་ནས་སྤྲེལ་དམག་གིས་རྒྱ་མཚོ་ལ་ཟམ་པ་སྦྲེལ་བར་བརྟེན་ནས་དགའ་བྱེད་


MR17_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་ཡུལ་དུ་བརྟོལ་ཏེ་དགའ་བྱེད་ཉིད་མདའ་འཕང་ཚད་ཕོག །ཕོག་ཚད་འཆི། ཤི་ཚད་ལྷར་སྐྱེ་བའི་དངོས་གྲུབ་ཐོབ་པ་ཡིན་པས། རིན་པོ་ཆེ་སྣ་ཚོགས་ཀྱི་ཁང་བཟང་ལས་སྒྲ་སྒྲོགས་ཀྱི་གཟུགས་དངོས་འདྲ་བ་མང་པོ་ཤར་བའི་ནང་ནས་སྒྲ་སྒྲོགས་དངོས་གང་ཡིན་སྤྲེའུ་ཧ་ནུ་མནྠས་བརྟག་སྟེ་ཤེས་པ་དེ་ལ་མདའ་འཕངས་པས་དབུས་ཀྱི་རྟ་མགོ་བཅད་ནས་བསད། གཞན་ཡང་སྲིན་པོ་བྱེ་བ་དཔག་མེད་བསད་ནས་སཱི་ཏཱ་ཕྱིར་ཐོབ། སླར་འོང་ཚེ་གཞུ་མཆོག་གིས་རྒྱ་མཚོ་དཀྲུག་ནས་སྨོན་ལམ་བཏབ་པས་ད་ལྟ་མཚོ་དེ་དེ་ནས་ཕར་འཁྱིལ་བས་སྲིན་པོ་རྣམས་འཛམ་གླིང་དུ་འོང་བའི་གྲུ་ཡི་ལམ་བཀག་ཅེས་གྲགས། དེ་ནས་ནུ་བོ་བྷ་ར་ཏ་སོགས་ཀྱིས་མཆོད་ཅིང་གསོལ་བ་བཏབ་པས་ཡབ་ཀྱི་གྲོང་ཁྱེར་འཐབ་པ་མེད་པ་ཞེས་པར་རྒྱལ་སྲིད་ཀྱི་བདེ་བ་ལ་ལོངས་སྤྱོད་དོ་ཞེས་གྲགས་ཏེ་ར་མ་སྔ་ཕྱི་གཉིས་ཀས་ཀྱང་འཛམ་བུའི་གླིང་གིས་ཐམས་ཅད་དུ་དབང་བསྒྱུར་བ་ཡིན་ལ་དེ་གཉིས་ཀ་ཁྱབ་འཇུག་གི་སྤྲུལ་པ་ཡིན་ནོ། །ཞེས་ཕྱི་རོལ་བའི་གཏམ་རྒྱུད་དུ་གྲགས་སོ། །དགའ་བྱེད་ཀྱི་ལོ་རྒྱུས་རྒྱ་གར་ན་ཞག་མང་པོར་བཤད་སྲོལ་ཡོད་ཅེས་གྲགས། ནག་པོ་ཞེས་པ་ཁྱབ་འཇུག་གི་དངོས་མིང་ཡིན་ལ། དེས་མི་ཡུལ་སོགས་སུ་སྒྱུ་མའི་མིག་འཕྲུལ་སྣ་ཚོགས་པའི་སྒོ་ནས་ལྷ་དང་རང་གི་ཕྱོགས་རྒྱལ་བར་བྱེད་ཅིང་། གཞན་གྱི་ཕྱོགས་ཕམ་པར་བྱེད་པའི་ཐབས་ཀྱི་བྱ་བ་རྣམ་པ་སྣ་ཚོགས་པ་བྱེད་དོ་ཞེས་གྲགས་སོ། །སངས་རྒྱས་ནི་གོང་ལྟར་དགའ་བྱེད་ཀྱིས་སྲིན་པོ་མང་པོ་བསད་པ་སོགས་ཀྱི་སྡིག་སྦྱོང་དུ་རྩོད་དུས་འདིར་ཁྱབ་འཇུག་ཉིད་སངས་རྒྱས་ཀྱི་གཟུགས་ཀྱིས་དགེ་བ་བཅུའི་ལམ་སྟོན་ཅིང་དམངས་རིགས་རྣམས་ཀྱང་དེའི་བསྟན་པ་ལ་འཇུག་རུང་བའི་སྒོ་ནས་རྗེས་སུ་བཟུང་བ་ཡིན་ནོ་ཞེས་དང་། གཞན་ཡང་སྔར་ཁྱབ་འཇུག་གིས་མ་སོད་པའི་


MR17_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མིན་རྣམས་ལ་ངན་ཐབས་ཀྱང་ཡིན་ཚུལ་འོག་ཏུ་ཡེ་ཤེས་ལེའུའི་འགྲེལ་བར་གསུངས་པ་ལྟར་དང་། རིགས་ལྡན་ནི་དུས་ཀྱི་ཐ་མར་ཁྱབ་འཇུག་ཉིད་བྲམ་ཟེའི་བུ་གྲགས་པ་ཞེས་བྱ་བར་གྱུར་པས། རྡོ་ཡི་རྟ་བཅིབས་ནས་ཀུ་ཤའི་མདུང་ཐོགས་ཏེ་དམག་གི་དཔུང་དང་བཅས་པས་ཆོས་མིན་ཚར་བཅད་དེ་ས་ཡི་སྟེང་དུ་གསེར་མང་པོས་མཆོད་སྦྱིན་བྱས་ནས་བྲམ་ཟེའི་རིགས་རྣམ་པར་དག་པ་འཇོག་པར་འགྱུར་རོ་ཞེས་ཕྱི་རོལ་པ་རྣམས་སྨྲའོ། །འདི་རྣམས་ཀྱི་ལོ་རྒྱུས་ཕྱི་རོལ་བ་ལ་རྒྱ་ཆེར་གྲགས་ཀྱང་། བོད་འདིར་བསྟན་བཅོས་འགའ་ཞིག་གི་ཞར་ལ་ཅི་རིགས་རེ་མདོར་བསྡུས་སུ་བྱུང་བ་ལས་འདིར་མདོ་ཙམ་བརྗོད་པ་ནི་དཔེར་བྱ་རྒྱུ་འཇུག་པ་བཅུ་ཅི་འདྲ་ཞིག་ལ་ཟེར་བ་ཤེས་པའི་སླད་དུའོ། །ཕྱི་རོལ་དུ་ཉ་ལ་སོགས་པ་བཅུའི་ལོ་རྒྱུས་འདི་དག་ཚངས་པའི་དྲང་སྲོང་གདུག་པ་ཅན་རྣམས་ཀྱིས་བྱིས་པ་རྣམས་བསླུ་བའི་སླད་དུ་བཀོད་པ་གང་ཡིན་པ་དེ་ནི་དམྱལ་བ་འཐོབ་པའི་རྒྱུ་སྟེ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པ་ལས་རྒྱ་ཆེར་འཆད་པར་འགྱུར་རོ་ཞེས་འགྲེལ་བར་གསུངས་སོ། །གནས་པ་གསུམ་པ་ཟླ་བ་སོ་སོ་རེ་ཞིང་མངལ་འབྱུང་བའི་ངོ་བོ་ཉིད་ཀྱི་གནས་པ་ཞར་བྱུང་བདེན་པ་བཞི་དང་བཅས་པ་བསྟན་པ་ནི། ཁུ་བ་ལས་ནི་སོགས་ཚིགས་བཅད་བརྒྱད་པའི་རྐང་པ་ཐ་མ་ནས་ཚིགས་བཅད་བཅུ་གསུམ་པའི་བར་གྱིས་བསྟན་ཏེ། འདིར་མངལ་དུ་སྐྱེ་བའི་ལུས་ལ་མཛོད་དྲུག་ཏུ་འགྱུར་ཏེ། གང་ཞེ་ན་ཕའི་ཁུ་བ་ལས་ནི་རྐང་དང་རུས་པ་རྒྱུས་པར་འགྱུར་ཏེ་མ་ཡི་རྡུལ་ལས་པགས་པ་དང་ཁྲག་དང་ཤ་ཉིད་དོ། །དེ་ལྟར་ཁུ་བ་ལས་བྱུང་བ་གསུམ་དང་རྡུལ་ལས་བྱུང་བ་གསུམ་སྟེ་དྲུག་ལ་ལུས་ཀྱི་མཛོད་དྲུག་ཅེས་བྱའོ། །ཆུ་བ་ཡང་རྒྱུས་པའི་རིགས་སུ་གཏོགས་སོ། །དེ་ལ་དང་པོར་རོ་དྲུག་ཟོས་པ་ལས་སྐྱེ་བའི་བཅུད་ཀྱི་དངས་མ་ལས་སོ། །ཁྲག་ཤ་རྩ་རུས་རྒྱུས་པ་རྐང་གི་བར་


MR17_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བཞིན་སྐྱེའོ། །དེ་ཡང་དང་པོར་མངལ་གྱི་ནང་དུ་ཟླ་བ་གཅིག་གི་བར་དུ་ནི། མ་ལས་ཐོབ་པའི་ཁྲག་དང་བཤང་བའི་དངས་མ་དང་ཕ་ལས་ཐོབ་པའི་ས་བོན་ཁུ་བ་དང་རྐང་དང་དྲི་ཆུ་རྣམས་ཀྱི་དངས་མ་བདུད་རྩིའི་རོར་གྱུར་པ་ཞེས་བདུད་རྩི་ལྔའི་རོར་གྱུར་པ་རབ་ཏུ་སྐྱེ་བ་སྟེ་དེ་རྣམས་ཀུན་གཞི་སྲོག་གི་རླུང་དང་བཅས་པས་བཟུང་ནས་རིམ་བཞིན་འཕེལ་བ་ཟླ་བ་གཅིག་སོང་བའི་ཕྱི་ནས་ཁྲག་དང་འདྲེས་པའི་བྱང་ཆུབ་ཀྱི་སེམས་ཀྱི་ས་བོན་གྱི་མྱུ་གུ་ལྟ་བུར་གྱུར་པ་མངལ་གནས་རང་གི་སྙིང་གར་སྲོག་ལ་སོགས་པ་རླུང་རྣམ་བཅུའི་རྟེན་དུ་གྱུར་པའི་རྣམ་པ་བཅུ་ཡི་རྩ་ནི་ཤིན་ཏུ་ཕྲ་བ་སྐྲའི་ཚད་ཙམ་དུ་ཆགས་པར་འགྱུར་བའོ། །ལྟེ༷་བ་ཡི་ཕྱོགས་དག་ལ་ཡང་བརྒྱད་པ་བརྒྱད་དེ་དབྱུག་གུ་དྲུག་ཅུ་རྩ་བཞི་རྒྱུ་བའི་རྟེན་རྩ་ནི་གཞན་ཤིན་ཏུ་ཕྲ་བའི་ལམ་དོད་པར་འགྱུར་ཏེ། དངོས་སུམ་གསུངས་ཀྱང་ཁྱིམ་གྱི་འཕོ་བ་བཅུ་གཉིས་ཀྱི་དབང་གིས་ཕྱི་རོལ་གྱི་རྩ་དྲུག་ཅུ་རྩ་བཞི་པོའི་རྟེན་དུ་གྱུར་པ་ནང་དུ་རྩ་ཤིན་ཏུ་ཕྲ་བ་བཅུ་གཉིས་སུ་འགྱུར་ཏེ་དེ་ཐམས་ཅད་རྩ་ཤིན་ཏུ་ཕྲ་མོར་སྐྱེའོ། །རྐང་པ་དང་ལག་པ་དང་གདོང་གི་གནས་རྣམས་འགྲུབ་པར་བྱེད་པ་ལ་ནི་རླུང་གྱེན་དུ་སྐྱོད་པར་བྱེད་དོ། །རྐང་ལག་གདོང་གི་གནས་རྣམས་སུ་རླུང་གྱེན་དུ་བསྐྱོད་པ་དེའི་མཐུས་མངལ་ཆགས་པའི་ཟླ་བ་གཉིས་པ་རྫོགས་པར་གྱུར་པ་ཡི་རྗེས་དག་ལ་འདིར་ནི་རྐང་ལག་དང་གདོང་གི་རྣམ་པ་མཚོན་པ་ཅུང་ཟད་འབུར་དུ་དོད་དོ། །འདི་ནི་ཉ་ཡི་གནས་སྐབས་རྫོགས་པས་རུས་སྦལ་གྱི་སྐབས་ཀྱི་ཐོག་མའོ། །དེ་ནས་ཡན་ལག་ལྔ་ཡི་གནས་སུ་གསལ་པོར་འབུར་དུ་དོད་ཅིང་ཟླ་བ་གསུམ་པ་རྫོགས་པ་ཡི་དུས་དེ་ན་ནི་ལག་པ་གཉིས་དང་རྐང་པ་གཉིས་དང་། མགྲིན་པ་དག་གི་སྟེང་དུ་མགོ་བོ་མཉམ་པར་འབུར་དུ་དོད་པ་རྫོགས་པར་འགྱུར་རོ། །མཉམ་པ་ཞེས་པ་ལྔ་པོ་དུས་མཚུངས་པར་ཞེས་འདྲའོ། །ཕྲ་མོའི་རྩ་གཞན་རྣམས་ནི་ཟླ་བ་བཞི་པ་ལ་


MR17_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྐང་པ་དང་ལག་པ་དག་གི་ཕྱོགས་སུ་ཚིགས་དྲུག་དང་། གདོང་གི་གནས་སུ་བདེ་བ་ཆེན་པོའི་འཁོར་ལོའམ་ལྷན་ཅིག་སྐྱེས་པ་དང་། མགྲིན་པ་དག་གི་ཕྱོགས་སུ་ལོངས་སྤྱོད་རྫོགས་པའི་འཁོར་ལོ་དག་གི་རྩ་ཤིན་ཏུ་ཕྲ་བ་རྣམས་སྐྱེ་སྟེ་འདི་དག་རུས་སྦལ་གྱི་གནས་སྐབས་སོ། །མངལ་ཆགས་ནས་ཟླ་བ་ལྔ་པ་ལ་ནི་ཕག་པའི་དངོས་པོའི་གནས་སྐབ་ཀྱི་ཐོག་མ་སྟེ། ཤ་དང་ཁྲག་དང་རུས་པ་མཁའ་རོ་སྲེག་ཟ་མེ་དག་སྟེ་ཞེས་པ་རུས་པའི་དུམ་བུ་སུམ་བརྒྱ་དྲུག་ཅུ་དང་རུས་པའི་ཚིགས་རྣམས་དག་ཀྱང་དེ་སྙེད་ཡོད་པ་འབྱུང་ངོ་། །རུས་པའི་དུམ་བུ་སུམ་བརྒྱ་དྲུག་ཅུ་ནི། དགའ་བོ་མངལ་གནས་ཀྱི་མདོ་ལས། །མགོ་ཐོད་རུས་པ་དགུ་འདུས་ཤིང་། །འགྲམ་པའི་རུས་པ་གཉིས་འབྲེལ་ཏེ། །སོ་ནི་སུམ་ཅུ་རྩ་གཉིས་ལྡན། །དེ་ཡི་རྩ་བའང་དེ་བཞིན་ནོ། །རྣ་རྩ་གཉའ་བའི་རུས་པ་དང་། །རྐན་དང་སྣ་ཡི་རུས་པ་དང་། །བྲང་དང་མིད་པའི་རུས་པ་ནི། །བསྡུས་ན་རུས་པ་ཉི་ཤུ་ཡོད། །མིག་ལ་རུས་པ་བཞི་ཡོད་དེ། །ཕྲག་པ་བྱིན་པ་ཟུང་གཉིས་ཡོད། །ལག་པ་གཉིས་དང་སོར་མོ་རྣམས། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལྟག་རྒྱབ་རུས་པ་བརྒྱད་ཡོད་དོ། །རྒལ་ཚིགས་ལ་ནི་སུམ་ཅུ་གཉིས། །འདི་དག་ཀུན་ལ་རྩ་ཡོད་པས། །འདི་ཡི་གྲངས་ནི་ཆ་བཞིར་འགྱུར། །རྩིབ་ལོགས་གཡས་པའི་རུས་པ་ནི། །ཕན་ཚུན་འབྲེལ་བ་བཅུ་གསུམ་ཡོད། །རྩིབ་ལོགས་གཡོན་འབྲེལ་སྐྱེ་བ་ཡི། །རུས་པ་དག་ནི་བཅུ་གསུམ་ཡོད། །རུས་པའི་ལུ་གུ་རྒྱུད་འདི་དག །གསུམ་གསུམ་དག་ནི་ཕན་ཚུན་འབྲེལ། །གཉིས་གཉིས་དག་ནི་ཚིགས་ལྡན་ཏེ། །ལྷག་མ་གཞན་ནི་འབྲེལ་བ་མེད། །གཡས་གཡོན་བརླ་ནི་གཉིས་པོ་ལ། །བསྡུས་ན་རུས་པ་ལྔ་བཅུ་ཡོད། །ལུས་ནང་འབྲེལ་བའི་རུས་པ་ནི། །བསྡོམས་ན་སུམ་བརྒྱ་དྲུག་ཅུ་ཡོད། །ཅེས་པ་ལྟར་རོ། །


MR17_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་དྲུག་པ་ལ་ཡང་ཤ་དང་ཁྲག་གི་ཆ་སྔ་མའི་གནས་སྐབས་ལས་ཆེར་སྨིན་པ་ཕག་གི་གནས་སྐབས་ཀྱི་དབུས་དག་ཏུ་འགྱུར་ཏེ་ཚོར་བ་བདེ་བ་དང་ནི་སྡུག་བསྔལ་ཡང་ཤེས་པར་འགྱུར་ཞིང་། མངོན་པར་ཤེས་པའི་སྟོབས་ཀྱིས་སྔོན་གྱི་གནས་རྗེས་སུ་དྲན་པར་འགྱུར་ཏེ་རང་གི་སེམས་ཀྱི་སྲིད་པར་སྐྱེ་བའི་གནས་དང་མངལ་གྱི་གནས་ལ་ཆགས་པ་དང་བྲལ་བར་བྱེད་ཅིང་སྲིད་པའི་སྡུག་བསྔལ་ལ་སྨོད་ཅིང་སངས་རྒྱས་པའི་ལམ་ལ་བསྔགས་པར་བྱེད་དོ། །ཞེས་འགྲེལ་ཆེན་དུ་གསུངས་པའི་དོན། མདོ་ནམ་མཁའི་རྒྱན་ལས་ཚེ་རབས་དྲན་ཚུལ་སོགས་མཁན་པོ་དཔལ་བརྩེགས་ཀྱིས་མདོ་བཏུས་སུ་ལུང་དྲངས་པ་ལྟར་ཆོས་ཉིད་ཀྱིས་མངལ་གནས་དེ་ལ་དེ་ལྟ་བུའི་མངོན་ཤེས་འབྱུང་བ་ཡིན་ལ། བླ་མ་འགའ་ཞིག་མངལ་དུ་སྲོག་དབུ་མར་དབྱུག་པའི་རྣམ་པ་ལྟར་འབྱུང་འཇུག་མི་བྱེད་པར་གནས་པའི་སྟོབས་ཀྱིས་མངོན་ཤེས་ཆ་འདྲ་ཙམ་སྔོན་གནས་དྲན་པ་སོགས་འབྱུང་བ་ལ་དགོངས་ཞེས་དང་། ཁ་ཅིག་གིས་དེ་ལྟར་འབྱུང་ཡང་རྨི་ལམ་དང་འདྲ་བས་ལས་གསོག་པས་མ་ཁྱབ་ཅེས་བཤད་དོ། །ཡང་བླ་མ་ཁ་ཅིག་སྲིད་ཞིར་སྡུག་བདེའི་སྐྱོན་ཡོན་མཐོང་ནས་ཐར་པ་དོན་གཉེར་གྱི་བློ་སྐྱེ་བ་ལ་རིགས་ཆད་པ་མི་སྲིད་ཅིང་། མཐར་ཐུག་གི་རིགས་ཆད་མེད་ཀྱང་། གནས་སྐབས་ཀྱི་རིགས་ཆད་དབུ་མ་པས་ཀྱང་འདོད་དགོས་པས། མངལ་དུ་མ་སྐྱེས་པའི་སེམས་ཅན་མི་སྲིད་པས། སངས་རྒྱས་ཐོབ་འདོད་མ་སྐྱེས་པའི་སེམས་ཅན་མི་སྲིད་པ་དང་། གནས་སྐབས་ཀྱི་རིགས་ཆད་མི་སྲིད་པས། སངས་རྒྱས་ཐོབ་པར་སྨོན་པ་སོགས་འདི་དག་སྔོན་གྱི་རྒྱུའི་སྟོབས་ལས་མངལ་གནས་བྱེ་བྲག་པ་འགའ་ཞིག་ལ་སྦྱར་དགོས་ཀྱི་མངལ་དུ་གནས་པ་ཐམས་ཅད་ལ་མིན་པར་བཤད་དགོས་པ་འདྲ་གསུངས། ཡང་ཁ་ཅིག་གིས་མདོ་དང་འགྲེལ་ཆེན་ལས་མངལ་གནས་


MR17_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་བཤད་ཀྱི་དམིགས་བསལ་མ་གསུངས་པས། བར་སྲིད་ལ་ཆོས་ཉིད་ཀྱིས་མངོན་ཤེས་ཅུང་ཟད་ཡོད་པ་དང་། མི་མ་ཡིན་ཕལ་པ་ལའང་ལས་ཀྱི་མངོན་ཤེས་ཅུང་ཟད་ཡོད་པ་དང་། དམྱལ་བ་པ་རྣམས་ལའང་ལས་ཀྱི་རྣམ་སྨིན་སྡུག་བསྔལ་དྲག་པོ་མངོན་དུ་གྱུར་ཅིང་དམྱལ་སྲུང་རྣམས་ཀྱིས་གསལ་འདེབས་པའང་བྱེད་པས་ལས་འབྲས་ལ་ལོག་ལྟ་མངོན་གྱུར་དུ་མེད་པར་གསུངས་པ་སོགས་བཞིན་དུ་མངལ་གནས་ལའང་སྐབས་དེར་མངོན་ཤེས་ཕྲ་མོ་འབྱུང་བ་ལྟ་བུའི་གནས་སྐབས་འགར་རྐྱེན་གྱི་དབང་གིས་ཡིད་འབྱུང་སྟེ་ཐར་པ་ལ་སྨོན་པ་འབྱུང་མི་སྲིད་པ་མ་ཡིན་ཀྱང་། སྐད་ཅིག་ཡུད་ཙམ་རེའི་སེམས་འལ་འོལ་སྐྱེས་ཚད་རིགས་མ་ཆད་པ་ཅན་དུ་འགྱུར་ངེས་མེད་དེ། གནས་སྐབས་དེ་ལས་གཞན་དུ་ཆེས་སྟོབས་དང་ལྡན་པའི་སེམས་ཉོན་མོངས་པ་དྲག་པོའི་དབང་དུ་གྱུར་ནས་སྲིད་ཞིར་སྡུག་བདེའི་སྐྱོན་ཡོན་མཐོང་བ་ལ་གེགས་བྱེད་པ་སྲིད་པས། དཔེར་ན། བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཀྱང་དམན་ལམ་དུ་ལྡོག་པ་ཡོད་པ་བཞིན་ནོ་དེས་ན་ཐོག་མ་མེད་པའི་དུས་ནས་ཐར་པ་དོན་གཉེར་གྱི་བློ་སྐད་ཅིག་ཙམ་ཡང་རྒྱུད་ལ་སྐྱེ་མྱོང་མ་མྱོང་གི་སྒོ་ནས་གནས་སྐབས་ཀྱི་རིགས་ཆད་མ་ཆད་འཇོག་མི་དགོས་པ་འདྲ་ཞེས་ཟེར་རོ། །དེ་ནས་སྨིན་མ་དང་སྐྲ་དང་སྤུ་དང་བུག་པ་མིག་སོགས་རྣམས་ཀྱང་ཐུབ་མཆོག་ཅེས་ཟླ་བ་བདུན་པ་ལ་རྫོགས་པར་འབྱུང་སྟེ། རྩ་ནི་ལྷག་མར་གྱུར་པ་ཞེས་པ་སྔར་མ་ཆགས་ཤིང་བཟོད་ཆགས་པར་འགྱུར་བ་རྣམས་ནི། མངལ་ཆགས་ནས་ཟླ་བའི་མཇུག་ཏུ་ཞེས་ཟླ་བ་གཅིག་ལ་རྩ་གང་ཡང་མི་ཆགས་ཤིང་། ཟླ་བ་གཅིག་སོང་བའི་མཇུག་ཏུ་ཉིན་ཞག་སོ་སོའི་དབང་གིས་སྟོང་པ་སྟོང་པ་མིག་གི་གྲངས་ནི་སྐྱེ་བ་སྟེ། ཉིན་ཞག་རེ་རེ་ལ་རྩ་ཉིས་བརྒྱ་རེ་སྐྱེ་བར་འགྱུར་ཞིང་ཟླ་བ་བཅུ་གཉིས་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས་སོ། །དེ་ནས་


MR17_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

གནད་སུམ་བརྒྱ་དྲུག་ཅུ་དང་རུས་པ་རྣམས་ཀྱི་ནང་ལ་རྐང་དུ་ཆགས་པར་འགྱུར་ཏེ་རོ་འཛིན་ལྕེ༷་ཡི་དབང་པོ་སྐྱེ་བ་དང་ནི་སྔར་ཆགས་ཟིན་མིག་ལ་སོགས་པའང་སྲ་བར་སྨིན་པ་ཉིད་དུ་འགྱུར་རོ། །རོ་འཛིན་སྐྱེས་པའི་དུས་དེ་ནས་གཅི་བ་དང་བཤང་བ་དག་ཀྱང་འབྱུང་ཏེ་དེ་རྣམས་ཟླ་བ་བརྒྱད་པ་དག་ལ་ཡང་ངོ་། །གནད་ཅེས་པ་གཉན་པའི་གནད་དེ་ཤ་གནད་རུས་གནད་རྩ་གནད་སོགས་ལ་བྱེད་པ་ལྟར་ན་གསོ་དཔྱད་ཀྱི་གཞུང་ལས་བཤད་པ་ལྟར་རམ། །ཡང་ན་ཚིགས་ཀྱི་གནད་ལ་བྱེད་ན་སུམ་བརྒྱ་དྲུག་ཅུ་གོང་བཤད་བཞིན་ནོ། །རུས་པ་ནི་སྔར་ཟླ་བ་ལྔ་པར་ཆགས་མོད་ཀྱི་འདིར་ཤིན་ཏུ་སྲ་བར་གྱུར་ཅིང་དེ་ཡི་ནང་དུ་རྐང་ཡང་ཆགས་པའོ། །ལྕེའི་མཚོན་པ་ཙམ་སྔ་ནས་ཆགས་སུ་ཟིན་ཀྱང་འདིར་གསལ་ཞིང་སྲ་བར་ཆགས་པའོ། །དེ་ནས་བུག་པ་ཞེས་ཟླ་བ་དགུ་པའི་ནང་དུ་སྔར་གྱི་ཆ་རྣམས་གསལ་ཤིང་སྲ་བར་རྫོགས་ནས། ཟླ་བ་དགུ་རྫོགས་པར་གྱུར་པ་ལ་བཙའ་བའི་དུས་འབྱུང་ཡང་། ཁ་ཅིག་ཟླ་བ་བཅུའམ། བཅུ་གཅིག་པ་དང་བཅུ་གཉིས་སུ་ཕག་གི་དངོས་པོའི་གནས་སྐབས་ཅན་གྱི་མངལ་དུ་གནས་པའང་ཡོད་དོ། །ཕག་གི་དངོས་པོའི་གནས་སྐབས་ཀྱི་མཇུག་ཏུ་བཙའ་བའི་དུས་སུ་མའི་སྐྱེ་གནས་ཀྱིས་ནི་བཙིར་བ་དག་གི་སྡུག་བསྔལ་དྲག་པོ་དང་བཅས་ཏེ་བཙའ་བའོ། །མི་གཙང་བའི་མངལ་དུ་མངལ་ན་གནས་པའི་སྡུག་བསྔལ་བུམ་པར་འཚེད་པ་དང་མཚུངས་པ་དང་། བཙའ་བའི་དུས་སུ་ཐོ་བའི་འཁྲུལ་འཁོར་གྱིས་བཙིར་བ་ལྟ་བུ་དང་། བྱིས་པའི་དངོས་པོ་ཡི་གནས་སྐབས་ལ་ཡང་ཕག་པ་བཞིན་དུ་མི་གཙང་བ་ཟ་ཞིང་རང་དབང་གི་ཤེད་མ་རྫོགས་པའི་སྡུག་བསྔལ་མྱོང་བ་ཡིན་ཏེ། གཞོན་ནུ་དང་ནི་ལང་ཚོ་ཡི་དུས་དག་ལ་འདོད་པའི་ཡུལ་བུད་མེད་དང་བྲལ་བ་དང་ནོར་དང་འབྱོར་བ་ཉམས་ཏེ་དེ་དང་མི་ལྡན་པའི་སྡུག་བསྔལ་དང་སེམས་འཁྲུག་པའི་ཉོན་


MR17_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའི་སྡུག་བསྔལ་ཆེན་པོ་གང་དག་དང་ལྡན་ལ་རྒན་པོ་ཉིད་ལ་རྒ་ཞིང་འཆི་བའི་སྡུག་བསྔལ་མྱོང་ཞིང་། ཤི་ནས་སླར་ཡང་འགྲོ་བ་དྲུག་ཏུ་འཇིགས་པ་ཆེན་པོ་སྟེར་བ་དམྱལ་བ་ངུ་འབོད་ལ་སོགས་པ་དང་། ཡི་དྭགས་དང་དུད་འགྲོ་དག་ཏུ་སྐྱེ་བ་སོགས་ཏེ། དེ་ལྟར་ལས་ཉོན་དང་འཁྲུལ་སྣང་སྒྱུ་མས་རྨོངས་པར་བྱས་པའི་མཐའ་དག་འགྲོ་བ་འདི་ནི་དམྱལ་པ་སོགས་སྡུག་བསྔལ་སྔ་མ་མྱོང་བར་གྱུར་པ་དག་ལས་སླར་ཡང་སྲིད་པར་སྐྱེས་ནས་སྡུག་བསྔལ་ཕྱི་མ་འཛིན་པར་བྱེད་དེ། སྡུག་བསྔལ་ནས་སྡུག་བསྔལ་བརྒྱུད་མར་མྱོང་བར་འགྱུར་རོ་ཞེས་འཁོར་བར་སྐྱེ་བ་སྡུག་བསྔལ་གྱི་རང་བཞིན་ཅན་དང་དེའི་རྒྱུ་ཤུགས་ཀྱིས་བསྟན་པས་སྤང་བྱ་ཀུན་འབྱུང་དང་སྡུག་བསྔལ་གྱི་བདེན་པ་གསུངས་པའོ། །གཉིས་པ་འཇུག་པར་བྱ་བ་ལམ་དང་འགོག་པའི་བདེན་པ་བསྟན་པ་ལ་འཁོར་བར་སྐྱེ་བ་རྒྱུན་གཅོད་པའི་ལམ་ལ་སློབ་དགོས་ཀྱང་ལམ་ལ་འཇུག་པ་དཀོན་པའི་ཚུལ་གསུངས་པ་འཁོར་བར་འཁོར་བའི་ཚེ་ན་རྒྱུ་དགེ་བ་བྱེད་པ་ཉུང་ཞིང་སྡིག་པ་བྱེད་པ་མང་བས་ན། ལམ་གྱི་རྟེན་མི་ཉིད་དུ་ནི་འགྱུར་བ་དག་ཀྱང་བརྒྱ་ལམ་རེས་འགའ་ཞིག་ཏུ་སྟེ། མདོ་ལས་རྒྱ་མཚོའི་ནང་གི་རུས་སྦལ་ལོང་བ་དང་གཉའ་ཤིང་གི་བུ་ག་ཕྲད་པའི་དཔེ་སོགས་ཀྱིས་གསུངས་པ་ལྟར་མིར་སྐྱེ་བ་ཤིན་ཏུ་དཀོན་པའོ། །གལ་ཏེ་མིའི་དངོས་པོ་ལན་རེ་རྙེད་པའི་དུས་སུ་ཡང་། ནང་གི་སེམས་ཆོས་ལ་ཕྱོགས་ཏེ་མུ་སྟེགས་པའི་ལམ་གྱི་སྒོ་ནས་སྦྱིན་པ་སོགས་ལ་འཇུག་པའི་འཇིག་རྟེན་པའི་དགེ་བའི་ཆོས་ཀྱི་བློ་སྐྱེ་བ་ནི་དུས་རེས་འགའ་ན་འབྱུང་གི་རྣམ་པ་ཀུན་དུ་མིན་ནོ། །དེ་བས་ཀྱང་སངས་རྒྱས་ལ་ནི་དྭང་བའི་སེམས་རྗེས་སུ་ཆགས་པའི་བློ་དད་པ་ནི་རླབས་ཆེ་བའི་དགེ་བའི་དབང་གིས་འབྱུང་བར་འགྱུར་ཞིང་གང་ཟག་ཐམས་ཅད་ལ་མཚུངས་པར་འབྱུང་བ་མ་ཡིན་ལ་སྦྱིན་པ་སོགས་ལ་དད་པའང་དེ་བཞིན་ནོ། །


MR17_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ཀྱང་སྔོན་གྱི་ཐར་པ་ཆ་མཐུན་གྱི་དགེ་བའི་དབང་གིས་དང་པོའི་ཐེག་པ་ཉན་རང་གི་ལམ་གང་ཡིན་པར་རབ་ཏུ་འཇུག་པ་ནི་དཀོན་ཞིང་། དེ་བས་ཀྱང་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ཐེག་པ་ཆེན་པོ་ལ་འཇུག་པ་དང་། དེ་བས་ཀྱང་སངས་རྒྱས་ཉིད་འཐོབ་པའི་ལམ་གྱི་མཐར་ཐུག་དཔལ་ལྡན་རྡོ་རྗེ་ཐེག་པ་ལ་མོས་ཤིང་འཇུག་པ་དཀོན་ལ། དེ་བས་ཀྱང་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་སྒོམ་པ་ཡིས་ཉམས་སུ་ལེན་པ་ལ་ནི་བློ་གྲོས་མ་ལུས་པ་སྟེ་བློ་ཐམས་ཅད་ཀྱིས་རྩེ་གཅིག་ཏུ་ཕྱོགས་པ་ནི་བརྒྱ་ལམ་རེས་འགའ་དག་ན་ནི་འཇུག་པ་ཡིན་ཞིང་། དེ་ལས་ཀྱང་ཚེ་འདི་ལ་སངས་རྒྱས་ཉིད་དུ་འདོད་པས་མཆོག་གི་བདེ་བའི་གོ་འཕང་འགྱུར་བ་མེད་པ་སྒྲུབ་བྱེད་ལམ་རྡོ་རྗེའི་རྣལ་འབྱོར་དག་ལ་བློ་ཀུན་ནས་འཇུག་པ་དག་ཨེ༷་མ་ཤིན་ཏུ་རྙེད་པར་དཀའ་འོ། །ཚུལ་དེ་ལྟ་བུའི་ཕྱིར་ན་འཁོར་བའི་བདེ་བ་ལ་མངོན་པར་འདོད་ཅིང་ཆགས་པའི་འཁོར་བ་པ་རྣམས་ལ་ཐར་པའི་གོ་འཕང་ནི་རིང་བ་ལས་ཀྱང་ཤིན་ཏུ་རིང་ངོ་། །དེ་ལྟར་དཀོན་པར་ཤེས་ནས་འབྲས་བུ་རྡོ་རྗེའི་ཐེག་པ་ལ་འཇུག་པ་ནི་དོན་ཆེ་བར་ཤུགས་ཀྱིས་བསྟན་པས་ལམ་བདེན་གསུངས་པ་ཡིན་ནོ། །དེ་ལ་ཅིའི་ཕྱིར་རྡོ་རྗེ་ཐེག་པར་བརྗོད་ཅེ་ན། རྡོ་རྗེ་ནི་མི་ཕྱེད་པ་དང་མི་ཆོད་པ་ཆེན་པོ་ཡིན་ལ་དེ་ལྟ་བུའི་ཐེག་པ་ལ་ནི་རྡོ་རྗེའི་ཐེག་པ་ཞེས་བྱ་སྟེ། རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པའི་ལམ་གྱིས་མཐར་འབྲས་སངས་རྒྱས་འཐོབ་པའི་ཆེད་དུ་སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པའི་སྒོ་ནས་ཚོགས་གཉིས་པོ་ལ་བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་འབད་པས་འབྲས་བུ་ཐོབ་པ་ཡིན་ནའང་། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་འདིར་ནི་གང་ཞིག་དམིགས་པ་དང་བཅས་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་པྲ་ཕབ་


MR17_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟ་བུ་དང་། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ཡི་བདག་ཉིད་མཆོག་ཏུ་མི་འགྱུར་བའི་བདེ་བ་དང་དེ་གཉིས་པོ་ངོ་བོ་དབྱེར་མེད་མཉམ་པ་ཉིད་དུ་རྣལ་འབྱོར་པའི་སོ་སོ་རང་རིག་པའི་མངོན་སུམ་གྱིས་ཉམས་སུ་མྱོང་བའི་དོན་འདིར་ནི་རྒྱུའི་ཐེག་པའི་ལམ་དང་འབྲས་བུའི་གནད་མཐའ་དག་འདུ་ཞིང་ཚང་བས་ན་རྒྱུ་དང་འབྲས་བུའི་ཐེག་པའི་ཚུལ་གཉིས་གཅིག་ཏུ་འདྲེས་པར་གྱུར་པ་རྡོ་རྗེ་ལྟ་བུ་མི་ཕྱེད་པའི་ཐེག་པ་ཡིན་ནོ། །དེ་ཡང་རྒྱུའི་ཐེག་པར་ནི་ལས་དང་པོ་པའི་སར་ཀུན་རྫོབ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། དོན་དམ་བྱང་ཆུབ་ཀྱི་སེམས་སྤྲོས་པ་དང་བྲལ་བའི་དོན་མགོན་པོ་ཀླུ་སྒྲུབ་ཀྱིས་ཇི་ལྟར་རིགས་པའི་ལམ་གྱིས་བསྟན་པ་ལྟར་རྗེས་སུ་དཔགས་པའི་གཏན་ཚིགས་ལ་བརྟེན་ནས་ཐེ་ཚོམ་གྱི་སྒྲོ་འདོགས་བཅད་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྗེས་མཐུན་པ་དེས་ཟིན་པའི་སྒོ་ནས་བསོད་ནམས་ཀྱི་ཚོགས་ཚད་མེད་པ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་འཇུག་པར་བྱེད་ཅིང་། དེ་དག་གོང་འཕེལ་དུ་གྱུར་པས་སྦྱོར་ལམ་བགྲོད་ནས་མཐོང་ལམ་དུ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས་པར་འགྱུར་རོ། །སྔགས་ཀྱི་ཐེག་པ་དང་པོའི་སངས་རྒྱས་ཀྱི་རྒྱུད་འདིར་ནི་གཙོ་བོར་ལས་རླུང་དབུ་མར་ཞུགས་པའི་སྟོབས་ལས་དུ་བ་སོགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་པྲ་ཕབ་པ་ལྟར་མངོན་སུམ་ཏུ་མཐོང་ཞིང་། དེ་ཉིད་རྣམ་བཅས་སུ་སྣང་བཞིན་རྣམ་པར་གྲུབ་པ་མེད་པ་སྒྱུ་མའི་དཔེ་བརྒྱད་དང་པྲ་ཕབ་བརྒྱད་དང་མཚུངས་པར་སོ་སོ་རང་གིས་མངོན་སུམ་པར་ཉམས་སུ་མྱོང་བས་གཏན་ལ་ཕེབས་ནས་རང་སེམས་འོད་གསལ་བའི་གནས་ལུགས་ལ་རྗེས་དཔག་གིས་དཔྱད་པ་མི་ལྟོས་པར་རང་རིག་པས་མངོན་སུམ་སྒྲོ་འདོགས་གཅོད་ནུས་པས་ན་དོན་དམ་བྱང་ཆུབ་ཀྱི་སེམས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། མདོ་ལས་བསོད་ནམས་ཚོགས་ཀྱིས་བསྐྲུན་པའི་ཐོབ་བྱ་སངས་


MR17_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་གཟུགས་སྐུ་མཐར་ཐུག་གི་རིགས་འདྲའི་རྒྱུ་འོད་གསལ་གཉུག་མའི་རྩལ་སྣང་སྟོང་གཟུགས་ཀྱི་སྐུ་ལའང་མངོན་སུམ་དུ་འཇུག་ནུས་པའི་ཕྱིར་ན། བསྐྱེད་རིམ་པས་དངོས་པོ་ལ་མེད་ཀྱང་ཡིད་ཀྱིས་བཏག་པས་སྐུའི་རྣམ་པ་བསྒོམ་པ་ལྟ་བུ་ལས་ཆེས་ཁྱད་པར་འཕགས་པའི་ལམ་ཡོད་པས་ཚོགས་གཉིས་ལམ་དུ་བྱེད་པ་དང་། སྐུ་གཉིས་ཐོབ་པ་དང་། སྟོང་པ་ཉིད་དང་སྙིང་རྗེ་ཟུང་དུ་འཇུག་པ་རང་ལམ་འདི་ཉིད་ན་མངོན་དུ་བྱེད་པ་ཡོད་པས་འབྲས་བུའི་ཐེག་པ་འདི་ནི་རྒྱུ་ལམ་གྱི་ཐེག་པ་ཐམས་ཅད་ཀྱི་རྩེ་མོར་གྱུར་པ་ཡིན་ནོ། །དེ་ལྟར་ཡང་སྒྲུབ་ཐབས་ཀྱི་ལེའུ་ལས། ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། །མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མིན་ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟག་པ་གང་། །དེ་ནི་རི་མོ་སོགས་ལ་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱི་བསྒོམ་པའི་དོན། །ཅེས་གསུང་པ་ལ་སོགས་པ་བཞིན་དུ་སངས་རྒྱས་ཀྱི་སྐུ་གཉིས་ཀ་ཐོབ་བྱེད་ཀྱི་ལམ་ལ་མདོ་ལས་སྔགས་འཕགས་པས། སྔགས་ཀྱི་ལམ་ན་འོད་གསལ་བའི་སེམས་མངོན་དུ་བྱས་པ་དེས་དེ་ཁོ་ན་ཉིད་རང་རིག་པས་མངོན་སུམ་དུ་མྱོང་བ་ཡིན་གྱི་རྗེས་དཔག་གིས་སྟོང་ཉིད་ཀྱི་གོ་དོན་བློ་ལ་དྲངས་པ་ལ་ངེས་པར་ལྟོས་པ་མ་ཡིན་ཏེ། ལྷའི་མིག་ཐོབ་པ་དག་གིས་གཟུགས་ལ་ལྟ་བ་ན་མིའི་མིག་ལ་ངེས་པར་ལྟོས་མི་དགོས་པ་བཞིན་དུ་རྗེས་དཔག་གིས་ལྟ་བའི་གོ་ཡུལ་མ་ནོར་བར་གཏན་ལ་ཕབ་པའི་སྤྲོས་བྲལ་དེ་ཉིད་ཐབས་ཀྱི་ལམ་ལས་བདེ་མྱུར་དུ་མངོན་སུམ་དུ་ཤར་བ་ཡིན་ནོ། །དེའི་ཕྱིར་སྔགས་རྡོ་རྗེ་ཐེག་པའི་རང་ལམ་མཚན་ཉིད་པ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཇི་སྐད་གསུངས་པའི་སྟོང་ཉིད་དེ་ཡི་དོན་ཇི་ལྟ་བ་བཞིན་མཐོང་བར་བྱེད་པ་ཡིན་གྱི་སྟོང་ཉིད་ཀྱི་དོན་དེ་དང་བྲལ་བའི་ལམ་ཞིག་རྣམ་


MR17_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་ཏུ་མི་སྲིད་ལ་ལམ་དེ་ཚུལ་བཞིན་ཉམས་སུ་མྱོང་བའི་རྣལ་འབྱོར་དང་ལྡན་པ་རྣམས་ལའང་དེ་ལས་ལྷག་པའི་སྟོང་ཉིད་ཀྱི་དོན་རྟོགས་ཚུལ་མི་སྲིད་མོད། ལས་དང་པོ་པ་ཕལ་གྱི་བསྒོམ་པ་ལ་མཚན་མར་འཛིན་པ་དང་། ལམ་གནད་དུ་མ་ཚུད་པའི་ཉམས་མྱོང་ཅི་རིགས་ལ་རང་བཞིན་མེད་པའི་དོན་དཔྱད་པས་དྲངས་པའི་ངེས་ཤེས་ཀྱིས་བདེན་འཛིན་དང་མཚན་འཛིན་མེད་པར་གཏན་ལ་ཕབ་ན་གནས་ལུགས་ལ་ངེས་པ་མྱུར་དུ་འདྲེན་ཅིང་ལམ་གོལ་བ་མེད་པར་འགྱུར་བས་ན་དམ་པ་དག་གིས་དཔྱད་སྒོམ་དགོས་པར་ཆེ་ཐང་དུ་བསྒྲུབ་པའང་ཡོད་དོ། །གོང་བཤད་ལྟར་སོར་སྡུད་ཀྱི་སྟོབས་ཀྱིས་སྟོང་པའི་གཟུགས་བཅུ་གྲུབ་ནས་སྲོག་ཅེས་པ་རླུང་གི་འཕོ་བ་དབུ་མར་ཞུགས་པ་དང་གནས་པ་དང་ཐིམ་ཞིང་སླར་མི་འགྱུར་བར་བྱེད་པའི་ཡན་ལག་ཕྱི་མ་སྲོག་རྩོལ་སོགས་བསྒོམ་པས་ལས་རླུང་གི་རྒྱུ་བ་མཐའ་དག་གཞོམ་མེད་ཀྱི་དབྱིངས་སུ་འགགས་ནས་མཆོག་ཏུ་མི་འགྱུར་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པར་བྱེད་པས་ན་རྡོ་རྗེ་ཐེག་པ་ནི་བླ་ན་མེད་པ་མི་ཕྱེད་རྡོ་རྗེ་ལྟ་བུའི་ཐེག་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །གནས་པ་ལྔ་པ་སྐུ་བཞི་དང་རྡོ་རྗེ་བཞི་དག་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། མངལ་དུ་ཡང་དག་སོགས་ཚིགས་བཅད་བཅུ་བཞི་པ་ནས་བཅུ་བདུན་པའི་བར་གྱིས་བསྟན་ཏེ། འགྲེལ་པ་ལས། མངལ་དུ་ཞེས་པ་ལ་སོགས་པས་ཀུན་འབྱུང་གི་བདེན་པ་གསུངས་ཏེ་ཞེས་པ་བདེན་བཞིའི་ཡ་གྱལ་གྱི་ཀུན་འབྱུང་འབའ་ཤིག་ལ་མི་འཛིན་པར། གནས་སྐབས་སྔ་མ་ལས་ཕྱི་མ་དང་མ་དག་པའི་གནས་སྐབས་རྣམས་སྒྲིབ་བྲལ་དུ་གྱུར་པ་ལས་དག་པའི་གནས་སྐབས་ཀྱི་འབྲས་བུ་ཀུན་ནས་འབྱུང་བའི་བདེན་པ་བཤད་པ་ཡིན་པ་གོ་བར་བྱའོ། །དེ་ཡང་དང་པོར་འཇིག་རྟེན་ཀུན་རྫོབ་ཀྱི་ཚུལ་ལས་བརྩམ་སྟེ། རྣམ་པར་དག་པའི་སྐུ་ལ་སོགས་པ་སྦྱང་གཞི་མངལ་སྐྱེས་ཀྱི་ལུས་ལ་ཇི་ལྟར་ཡིན་པའི་དོན་ཡང་དག་པར་བལྟ་བའམ་ཤེས་པར་བྱ་སྟེ། ཕྱི་ནས་གཞི་དུས་ན་ཇི་ལྟར་ཡོད་པ་དེ་ཉིད་


MR17_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆོས་ལམ་གྱིས་དྲི་བྲལ་དུ་བྱས་པས་འབྲས་བུའི་དུས་ན་སངས་རྒྱས་ཀྱི་རྣམ་པར་དག་པའི་སྐུ་ལ་སོགས་པ་ཉིད་དུ་འགྱུར་བ་རྣལ་འབྱོར་པས་རིག་པར་བྱའོ། །དེ་ཅི་ལྟ་བུ་ཞེ་ན། འདིར་མངལ་དུ་ཇི་སྲིད་གནས་པ་དེ་སྲིད་དུ་མངོན་ཤེས་ལྔ་དང་ལྡན་པའི་ལུས་ཅན་རྣམས་སྲོག་དབུ་མར་གནས་ཤིང་འབྱུང་འཇུག་མི་བྱེད་པ་དེ་ཡི་གནས་སྐབས་ནི་ཡང་དག་དག་པའི་སྐུ་ཉིད་དུ་འགྱུར་བ་སྟེ། དེ་ནས་བཙའ་བའི་དུས་ནས་སོ་ནི་སྐྱེས་པ་ཡི་བར་དག་ཀྱང་སེམས་གསལ་བས་ཆོས་ཀྱི་སྐུའོ། །སོ་སྐྱེས་ནས་སོ་རྣམས་རབ་ཏུ་ལྷུང་བར་འགྱུར་བ་ཡི་བར་ནི་ཚིག་གསལ་བར་སྨྲ་བས་ཀྱེ་མི་ཡི་བདག་པོ་རྒྱལ་བ་ཡི་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ་སོ་ལྷུང་བ་དེ་ནས་སྤྲུལ་པའི་སྐུ་ནི་རབ་ཏུ་གསལ་ཞིང་ངེས་པར་འཆི་བའི་མཚམས་ཚུན་ཆད་དུ་ཡིན་ཏེ་སྒྱུ་དང་ལུས་ཀྱི་བྱ་བ་སྤྲོ་བས་སོ། །དེ་ལྟར་སྐུ་བཞི་དང་སྦྱར་བ་ཁམས་དྲུག་ལྡན་མངལ་སྐྱེས་ཀྱི་མི་རྣམས་དག་གིའོ། །མངལ་དང་ཕྱི་རོལ་དུ་དག་ཏུ་སླར་ཡང་སྐུ་བཞི་པོ་འདི་ནི་ནང་དུ་མངལ་ན་གནས་ཚེ་དབུ་མར་རླུང་གནས་ཤིང་འབྱུང་འཇུག་མི་བྱེད་པའི་ཆ་ནས་ཡེ་ཤེས་དང་། ཕྱི་རོལ་དུ་བཙས་ནས་རྣམ་ཤེས་ཀྱི་དབྱེ་བས་རྣམ་པ་བཞི་རུ་འགྱུར་ཏེ། ཀུན་གཞིའི་རྣམ་ཤེས་གང་ཞིག་ཟླ་བ་ཁུ་བ་དང་ཉི་མ་རྡུལ་དག་གི་དབུས་སུ་ཕ་མའི་བཞི་པའི་བདེ་བ་དམ་པའི་ཡེ་ཤེས་ཀྱི་གནས་སྐབས་སུ་རོ་གཅིག་པར་ཞུགས་པ་དེ་དག་ཀྱང་མ་ཡི་པདྨར་གནས་པ་མངལ་རྫོགས་པའི་དང་པོའི་རྒྱུར་གྱུར་པའི་གནས་སྐབས་དེ་ནི་མངལ་དུ་དག་པའི་སྐུ་ཡིན་པར་བཅོམ་ལྡན་འདས་ཀྱི་གསུངས་ཏེ། དེ་ནས་བཟུང་སྟེ་ཟླ་བ་ལྔའི་བར་དུ་ཁམས་ལྔ་དང་ཕུང་པོ་ལྔ་རབ་ཏུ་འབྱུང་བ་རྣམ་པ་བཅུ་པོ་གང་ཡིན་པ་རྒྱལ་བ་ཡི་ནི་ཆོས་ཀྱི་སྐུ་སྟེ་མུན་པའི་དབང་གིས་ཤིན་ཏུ་གཉིད་ལོག་པ་ལྟ་བུ་ལ་འཇུག་པས་སོ། །དེ་ནས་རྡུལ་གྱི་ཡོན་ཏན་དབང་གིས་ཟླ་བ་དྲུག་པ་ནས་རྣ་བ་སོགས་དབང་པོ་རྣམས་དང་སྒྲ་སོགས་ཡུལ་རྣམས་སྐྱེས་པ་དག་ནི། ཡིད་ཀྱི་རང་བཞིན་ཀྱི་དབང་པོ་རྣམས་ཀྱིས་སྒྱུ་མ་ལྟ་བུའི་ཡུལ་འཛིན་པས་རྨི་


MR17_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཀྱི་གནས་སྐབས་ལྟར་ལོངས་སྤྱོད་རྫོགས་པའི་སྐུ་རུ་འགྱུར་རོ། །དེ་ནས་སྙིང་སྟོབས་ཀྱི་ཡོན་ཏན་གྱི་ཟླ་བ་བརྒྱད་པ་ནས་སྐྲ་ལ་སོགས་པ་ཞེས་བཤང་གཅི་བ་སྤུ་རྣམས་སྐྱེས་ཏེ་སྐྱེ་གནས་ནས་འབྱུང་ཞིང་རབ་ཏུ་བཙའ་བའི་དུས་ཀྱི་བར་དག་ཀྱང་འདིར་ནི་སད་པའི་གནས་སྐབས་སྤྲུལ་པ་དག་གི་སྐུའོ། །དེ་ནས་ཕྱི་རོལ་གྱི་སྐུ་བཞི་ནི། མངལ་ནས་ཕྱི་རོལ་ཏུ་སྐྱེས་པ་ན་ནི་ངེས་པར་དབུགས་དག་གི་དང་པོ་གང་ཞིག་དབུ་མའི་རྩ་ལ་རབ་ཏུ་འབྱུང་བའམ་རྒྱུ་བར་འགྱུར་བ་ཉི་ཟླའི་ཡོན་ཏན་མེད་པ་དེ་ཉིད་གསུང་རྡོ་རྗེ་སྲོག་རྒྱུ་བའི་ཡུལ་ལ་དག་པའི་སྐུ་སྟེ་ཕྱི་རོལ་ཏུ་རྐང་པ་དང་བཅས་པའི་དབུགས་ང་དྲུག་རྫོགས་པའི་བར་དུ་དབུ་མ་ལས་འབབ་བོ། །དེ་ནས་སྲོག་ཡང་དག་པར་རྒྱུ་བའི་དབང་གིས་སོ་ནི་རབ་ཏུ་འབྱུང་བ་གང་ཞིག་ཚིག་ནི་གསལ་བར་སྨྲ་བ་མིན་པ་ཡུལ་དྲུག་འཛིན་པའི་འདུ་ཤེས་ཀྱི་མཚན་ཉིད་ཅན་གྱི་སྐབས་དེ་དག་ཀྱང་དེ་སྔ་མ་བཞིན་ཉིད་དུ་གསུང་རྡོ་རྗེའི་ཡུལ་ལ་ཆོས་ཀྱི་སྐུའོ། །དེ་ནས་གཉིས་སྐྱེས་ཏེ་སོ་རྣམས་ནི་ལྷུང་བར་འགྱུར་བ་ལོ་བརྒྱད་ཀྱི་བར་དེ་དག་ཏུ་ཚིག་ཡོངས་སུ་གསལ་བའི་ཕྱིར་ཀྱེ་མི་ཡི་བདག་པོ་རྒྱལ་བའི་ལོངས་སྤྱོདརྫོགས་པའི་སྐུའོ། །སོ་རྣམས་ལྷུང་བ་དག་ལས་འཆི་བའི་མཐར་ཐུག་པའི་མཚམས་སམ་བར་དག་ནི། ཕྱི་རུ་ཞེས་ཕྱི་རོལ་ཏུ་རྒྱལ་བའི་བདག་པོ་དག་གི་སྤྲུལ་པའི་སྐུ་རུ་འགྱུར་ཏེ། སྒྱུ་མའི་དྲ་བ་ལྟར་མཐའ་ཡས་པའི་དངོས་པོ་རིག་པས་སོ། །དེ་ལྟར་མངལ་གྱི་ནང་དུ་དབུགས་འབྱིན་རྔུབ་མི་རྒྱུ་ཡང་ལུས་འཕེལ་བའི་ཆ་ཡི་དབྱེ་བས་སྐུ་བཞི་དང་། ཕྱི་རོལ་ཏུ་སྲོག་སྟེ་དབུགས་རྒྱུ་བའི་དབྱེ་བས་སྐུ་བཞི་བཤད་པའོ། །ནང་དུ་ཡེ་ཤེས་ནི་ལུས་འཕེལ་བའི་གྲོགས་དང་། ཕྱི་རོལ་དུ་རྣམ་ཤེས་ནི་སྲོག་རྒྱུ་བའི་གྲོགས་ཏེ་དེ་དག་མེད་ན་དེ་དག་འཕེལ་ཞིང་རྒྱས་པར་མི་འགྱུར་རོ། །ལུས་ཀྱི་དབྱེ་བ་ནི་ས་བོན་ཐབས་དང་འབྲེལ་བ་ཅན་དང་། ངག་གི་དབྱེ་བ་ནི་ཤེས་རབ་རྡུལ་དང་འབྲེལ་བ་ཅན་ནོ། །དེ་བཞིན་དུ་ཁྱབ་བྱ་ལུས་དང་ངག་ལ་ཁྱབ་བྱེད་སེམས་ཕན་ཚུན་གྲོགས་གྲོགས་


MR17_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་འབྲེལ་པའི་དབྱེ་བས་ཕྱི་ནང་གི་སྐུ་བཞིར་དབྱེ་སྟེ། སེམས་ཀྱིས་དབྱེ་བས་སད་པ་སོགས་གནས་སྐབས་བཞི་དང་། ཡེ་ཤེས་ཀྱི་དབྱེ་བས་དགའ་བ་བཞིའི་རིམ་པའོ། །འདིར་གྲོགས་བཞི་ཤེས་རབ་རྡོ་རྗེ་བཞི། གྲོགས་ཅན་བཞི་ཐབས་སྐུ་བཞི་ཡང་ངོ་། །ལྔ་པ་རྫོགས་པའི་བྱང་ཆུབ་བཞིས་མངལ་འབྱུང་བའམ་འགྱུར་བའི་ངོ་བོ་ཉིད་ཀྱི་གནས་པ་ནི། མངལ་དུ་འདིར་ནི་སོགས་ཚིགས་བཅད་བཅུ་བདུན་པས་བསྟན་ཏེ། མངལ་དུ་འདིར་ནི་དང་པོ་མངལ་ཆགས་པ་ལྷན་ཅིག་སྐྱེས་པའི་དགའ་བ་ནི་དཔལ་ལྡན་སྐུ་ཡི་རྡོ་རྗེར་འགྱུར་ཏེ་རིམ་བཞིན་ལུས་རྫོགས་པའོ། །གསུང་གི་རང་བཞིན་ནི་མངལ་ནས་སྐྱེས་པ་ནའོ་ཞེས་སྲོག་སྟེ་དབུགས་འབྱུང་བའི་ཕྱིར་རོ། །ཐུགས་ནི་སོ་དག་རབ་ཏུ་སྐྱེས་པ་ཉིད་ན་སྟེ་འདུ་ཤེས་ཀྱི་ཡུལ་དྲུག་གི་དོན་གྱི་ཐ་སྙད་འཛིན་པའི་ཕྱིར་ནའོ། །སླར་ཡང་བྱིས་པའི་དུས་ཀྱི་སོ་ལྷུང་ནས་སོ་སུམ་ཅུ་རྩ་གཉིས་པོ་རབ་ཏུ་སྐྱེས་པ་ཡེ་ཤེས་རྡོ་རྗེ་རབ་ཏུ་འགྱུར་ཏེ་ཁུ་བ་འཕོ་བའི་གནས་སྐབས་ཀྱི་མཚན་ཉིད་ཅན་ལྷན་སྐྱེས་དགའ་བའི་མཚན་ཉིད་ཀྱིས་ཏེ། དེ་ཡང་བུད་མེད་རྣམས་ཀྱི་ལོ་བཅུ་གཉིས་ཀྱི་མཚམས་དང་སྐྱེས་པ་རྣམས་ཀྱི་ལོ་བཅུ་དྲུག་གི་མཚམས་སུ་ཁུ་བ་འཛགས་པའམ་འཕོ་བ་འབྱུང་ངོ་། །དེ་ཡང་མངལ་དུ་དང་པོར་ཡེ་ཤེས་ལྷན་ཅིག་སྐྱེས་པའི་དགའ་བ་དང་། ཀུན་གཞིའི་རྣམ་ཤེས་རོ་གཅིག་ཏུ་བསྲེས་ཤིང་། ཉི་མརྡུལ་དང་ངག །རི་བོང་ཅན་ཁུ་བ་དང་སྐུ་དང་བཅས་པ་དེ་དག་རིམ་པར་ཡེ་ཤེས་རྡོ་རྗེ་ལ་སོགས་པ་བཞི་པོ་ཀུན་ཅིག་ཆར་རྫོགས་པ་ཡིན་ལ། མངལ་ན་གནས་པ་དག་ནི་གོང་དུ་བསྟན་པ་བཞིན་སྐུ་ཡི་རྡོ་རྗེ་ལ་སོགས་རིམ་པ་བཞིན་དུ་འབྱུང་བ་ཡིས་ཀྱང་གནས་སྐབས་སོ་སོ་སྟོབས་དང་ལྡན་པའམ་རྫོགས་པར་འགྱུར་རོ། །གནས་པ་བདུན་པ་ཁམས་དྲུག་ལ་སོགས་པ་བསྟན་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། ས་ཡི་སྙིང་པོ་དག་ནི་སོགས་ཚིགས་བཅད་བཅོ་བརྒྱད་པ་ནས་སོ་བདུན་པའི་བར་གྱིས་བསྟན་ཏེ། གནས་པ་བདུན་པ་འདིས་དབུགས་དང་རྩ་དང་ཚིགས་ཀྱི་དབྱེ་བ་དང་


MR17_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ལ་སོགས་པ་དྲུག་ཚན་བཅོ་ལྔ་བསྟན་པ་ཡིན་ཀྱང་། བསྡུས་རྒྱུད་འདིར་གོ་རིམ་དེ་དང་མི་འདྲ་སྟེ་དང་པོར། ཁམས་དྲུག་གི་རྟེན་དང་བརྟེན་པའི་འབྲེལ་པ་གསུངས་པ་རྡོ་ཕན་ཚུན་བརྡེབ་པས་མེ་འབྱུང་བ་ལྟ་བུ་ས་ཡི་སྙིང་པོ་སྟེ་འབྲས་བུ་དག་ནི་བསྲེག་ཟར་འགྱུར་ཏེ། འོན་ཀྱང་མེ་དེ་ནི་སའི་རིགས་ཅན་མ་ཡིན་ཏེ་སའི་ཡོན་ཏན་སྲ་བ་དང་དྲི་མེད་པའི་ཕྱིར་རོ། །དེ་ལྟར་སའི་ཁམས་ན་མེ་སྙིང་པོའི་ཚུལ་དུ་ཡོད་ཀྱང་མེ་ཡིན་ན་སའི་སྙིང་པོའམ་འབྲས་བུ་ཡིན་པ་དང་། རིགས་འདྲའི་འབྲས་བུ་ཡིན་པས་ཁྱབ་པར་སྟོན་པ་མ་ཡིན་ཏེ་འོག་མ་ཀུན་ལའང་དེ་ལྟར་ཤེས་པར་བྱའོ། །དེ་བཞིན་དུ་འཛིན་མ་དང་ནི་རླུང་དག་སྟོང་པའི་སྙིང་པོའོ་ཞེས་ནམ་མཁའི་དབུས་ན་གནས་པས་སོ། །དེ་ལྟ་ནའང་དེའི་རིགས་མ་ཡིན་ཏེ་ནམ་མཁའི་ཡོན་ཏན་མི་སྒྲིབ་པ་མེད་པས་སོ། །རླུང་དང་ས་ཡི་སྙིང་པོ་དག་ནི་ཆུ་ཉིད་དུ་འགྱུར་ཏེ། རླུང་ལ་གཤེར་བའི་རང་བཞིན་དངོས་སུ་སྣང་བ་མེད་ནའང་གང་དུ་ང་གཡོས་པ་ལས་ཆར་འབབ་པ་ལྟར་རླུང་ལ་གཤེར་བ་རྗེས་སུ་མཐུན་པ་ནུས་པའི་ཚུལ་དུ་ལྷན་ཅིག་འགྲོ་བ་ཡོད་པ་དང་ནི། ས་བརྐོས་པ་ན་ཆུ་གཤེར་བའི་རང་བཞིན་དངོས་སུ་མཐོང་བ་ཅན་ནོ། །འདིར་ནམ་མཁའ་ནི་ས་སོགས་ཐམས་ཅད་ཀྱི་རྟེན་ཏེ། ས་སོགས་འབྱུང་བ་བཞི་པོ་རྣམས་དེ་ལ་བརྟེན་པའོ། །དཀྱིལ་འཁོར་བཞིའི་ས་ཡི་དཀྱིལ་འཁོར་གྱི་རྟེན་ནི་ཆུ་སྟེ་འབར་བྱེད་མེ་དཀྱིལ་དག་ཀྱང་ཆུ་ཡི་རྟེན་ནོ། །རླུང་ནི་དག་པར་བྱེད་པ་ཆུ་དག་གི་རྟེན་ཡིན་པའོ། །རླུང་གི་རྟེན་ནི་ནམ་མཁའ་སྟོང་པར་རབ་ཏུ་འགྱུར་ཏེ་ཀྱེ་མི་ཡི་དབང་པོ། ཕྱི་རོལ་གྱི་འབྱུང་བའི་རྟེན་དང་བརྟེན་པ་ཇི་ལྟ་བ་བཞིན་དུ་ནང་ལུས་ལ་ཡང་ཤེས་པར་བྱའོ། །དེ་ལྟར་རྒྱུ་འབྱུང་བའི་རྟེན་བཤད་ནས་འབྲས་བུ་ཚོགས་པ་ཕུང་པོ་ལྔ་པོའི་རྟེན་ནི་འབྱུང་བ་ལྔ་པོ་རྣམས་སུ་འགྱུར་ཏེ། ཅིའི་ཕྱིར་རང་དང་ཕ་མའི་ཁུ་ཁྲག་གི་ས་སོགས་འབྱུང་བའི་རང་བཞིན་མེད་ན་མ་རིག་པ་དང་འདུ་བྱེད་ལ་སོགས་པའི་ལྷན་ཅིག་བྱེད་རྐྱེན་མེད་པས་མིང་གཟུགས་ཀྱི་ཕུང་པོ་མི་འགྲུབ་ཅིང་མ་རིག་པ་སོགས་ཀྱི་རྐྱེན་མེད་ན་འབྱུང་བ་ཁོ་


MR17_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་དེ་མི་འགྲུབ་བོ། །དེ་ལྟར་ཕན་ཚུན་རྒྱུ་དང་རྐྱེན་དུ་གྱུར་པས་འབྱུང་བ་བཞིའི་རང་བཞིན་གྱི་གཟུགས་དང་ཁམས་དྲུག་གི་བདག་ཉིད་ཅན་གྱི་སྐྱེས་བུ་ཆེན་པོའི་གང་ཟག་ཡོད་པ་དེའི་ཕྱིར་ཕུང་པོའི་རྟེན་ནི་འབྱུང་བ་རྣམས་སུ་འགྱུར་རོ། །ཕུང་པོའི་གནས་སུ་རོའོ་ཞེས་པའི་རིགས་པ་འདིས་རོ་དྲུག་ཤུགས་ལ་བསྟན་པར་བླ་མ་སྔ་མ་དག་བཞེད་དེ་ཁམས་དྲུག་དང་རོ་དྲུག་སྦྱར་བས་སོ། །རྡོ་རྗེ་ཐེག་པའི་ལམ་གྱི་རྟེན་མཆོག་ཁམས་དྲུག་ལྡན་གྱི་ལུས་མཆོག་དག་ལ་འབྱུང་བའི་ཚོགས་ཀྱི་རྟེན་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་གྱི་གྲངས་རྣམས་སོ། །དེ་ཡང་ལུས་ཀྱི་འབྱུང་བའི་ཁམས་རྣམས་རྩ་དེ་དག་ལ་བརྟེན་ནས་གནས་ཏེ་རྩ་མེད་ན་རྒྱུ་ལམ་འགག་པས་འབྱུང་བ་རྣམས་ལུས་ལ་ལེགས་པར་མི་གནས་སོ། །རྩ་རྣམས་ཀྱི་རྟེན་ནི་སྲོ༷ག་ལ་སོགས་པ་རླུང་རྣམ་པ་བཅུ་པོར་འགྱུར་ཏེ། སྲོག་གི་རླུང་ལ་སོགས་པའི་འདུ་བྱེད་པ་མེད་ན་རྩ་ཡི་རིགས་ཆགས་པར་མི་འགྱུར་རོ། །སྐབས་གཞན་དུ་རླུང་རྩ་ལ་བརྟེན་པར་བཤད་པ་ནི་རྩ་གྲུབ་ཟིན་ནས་རླུང་རྣམས་དེར་གནས་པའི་དོན་ཏོ། །སྤྱིར་རླུང་བཅུ་ཡི་དབྱེ་བ་ལ་ཕྱིའི་འཇིག་རྟེན་ཁམས་བསྐྱེད་པའི་ཕྱིའི་རླུང་བཅུ། མངལ་དུ་ལུས་བསྐྱེད་པ་ཕྱི་ལ་ལྟོས་ནས་ནང་དང་། ནང་ལ་གནས་པ་ལ་ལྟོས་ནས་ནང་གི་ཕྱིར་གྱུར་པའི་རླུང་བཅུ། ནང་སེམས་ཅན་གྱི་སྙིང་གའི་རྩ་ནང་ན་གནས་པ་བྱེད་པ་བཅུ་ལྡན་གྱི་རླུང་ནི་ནང་གི་རླུང་བཅུའོ་ཞེས་ཆོས་རྗེ་བུ་སྟོན་གྱིས་གསུངས་སོ། །སྲོ༷ག་གི་རླུང་རྣམས་དག་གི་རྟེན་ནི་སེམས་ཡིན་ནོ་ཞེས་སེམས་མེད་པ་ལ་སྲོག་གི་རླུང་ལ་སོགས་པ་རྒྱུ་བ་མེད་དོ། །སེམས་དེ་ནི་རྣམ་པ་གཉིས་ཀྱི་རང་བཞིན་དུ་འགྱུར་ཏེ། གང་ཞེ་ན། ཡོན་ཏན་གྱི་དབང་གིས་རང་བཞིན་ཅན་དང་རང་བཞིན་མེད་པའོ་ཞེས་པ་སྙིང་སྟོབས་དང་རྡུལ་གྱི་ཡོན་ཏན་གྱིས་སད་པ་དང་རྨི་ལམ་གྱི་ཡུལ་གྱི་རྣམ་པ་འཛིན་པའི་སེམས་དེ་ཡི་རང་བཞིན་འདི་ལྟ་བུའོ་ཞེས་དམིགས་སུ་ཡོད་པའོ། །མུན་པའི་ཡོན་ཏན་གྱིས་ཤིན་ཏུ་གཉིད་ལོག་གི་སྐབས་སུ་ཡུལ་གང་ཡང་མི་འཛིན་


MR17_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

པས་སེམས་ཀྱི་རང་བཞིན་དུ་མངོན་པ་མེད་པའོ། །དེ་བཞིན་བརྒྱལ་བ་སོགས་ཀྱང་ངོ་། །དེ་ལྟར་སེམས་གཉིས་པོ་དེ་དག་གི་ཡང་རྟེན་ནི་འཁོར་འདས་ཀུན་གྱི་རྟེན་ཆོས་ཐམས་ཅད་ཀྱི་གཙོ་བོ་སྟེ། དངོས་དངོས་མེད་ཀྱི་མཐའ་ལས་འདས་པ་ཆོས་ཉིད་འོད་གསལ་བའི་སེམས་སམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ཏེ། གཉིད་འཐུག་དང་བརྒྱལ་བ་ལ་སོགས་པའི་སྐབས་སུའང་རྣམ་ཤེས་གཞན་གྱི་འཇུག་པ་ཐམས་ཅད་ཀྱི་རླབས་ཞི་བ་ཀུན་གཞི་རྒྱ་མཚོ་ལྟ་བུ་མ་འགགས་པར་ཡོད་པས་སེམས་གཏན་དུ་མེད་པར་གྱུར་པ་མ་ཡིན་གྱི་སེམས་གཏན་མེད་ན་སླར་སེམས་ཀྱི་རྒྱུན་གང་ལས་འབྱུང་བའི་རྟེན་མེད་པར་འགྱུར་རོ། །ཀུན་གཞི་འོད་གསལ་ལ་ཐིམ་པའི་སྐབས་སུ་ཆོས་ཉིད་འོད་གསལ་བའི་དབྱིངས་སུ་མཉམ་པར་གནས་ཚེ་ནམ་མཁའ་ལ་སེར་བུ་སོགས་ཀྱི་རྐྱེན་མེད་པ་བལྟར་སེམས་ཀྱི་གཡོ་བ་འདུ་བྱེད་པའི་བཞོན་པར་གྱུར་པའི་སྲོག་གི་རླུང་རེ་ཤིག་མངོན་དུ་ལྡང་བ་མེད་ཀྱང་། འཕོ་བའི་བག་ཆགས་ཀྱི་སྒྲིབ་པ་དང་བཅས་པའི་ཕྱིར་སེམས་ཅན་རྣམས་ལ་འོད་གསལ་བ་ཉིད་མངོན་དུ་མི་འགྱུར་ཏེ། ཐ་མལ་ལུང་མ་བསྟན་དུ་འགྱུར་རོ། །དེར་མ་ཟད་གནས་སྐབས་བཞི་པོ་གང་གི་སྐབས་སུའང་ཆོས་ཉིད་འོད་གསལ་བའི་དབྱིངས་བྲི་གང་འཕོ་འགྱུར་མེད་པར་ཆོས་ཀུན་ལ་གནས་ཀྱང་ལམ་ལ་གོམས་པའི་སྟོབས་མེད་པ་རྣམས་ཀྱིས་རྟོགས་པར་མི་ནུས་སོ། །འཕོ་བའི་བག་ཆགས་དང་བྲལ་བ་ན་སྲིད་པ་གསུམ་གྱིས་བཏུད་ཅིང་རྣམ་པར་རྟོག་པས་གཞོམ་དུ་མེད་པ་བརྟན་གཡོ་ཀུན་ཏུ་ཆོས་ཉིད་ཀྱི་ཚུལ་དུ་ཁྱབ་པར་འགྲོ་བ་ལྷན་སྐྱེས་ཀྱི་ཡེ་ཤེས་གང་ཡིན་པ་འཁོར་འདས་ཀུན་གྱི་གཞི་འམ་རྟེན་དུ་གྱུར་པའི་ཆོས་ཉིད་དེ་མངོན་དུ་བྱེད་དོ། །དེའི་ཕྱིར་སྣང་སྲིད་ཀྱི་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་འོད་གསལ་བའི་ངང་ལས་གཞན་དུ་འདའ་བ་མེད་པར་དེའི་ངང་དུ་སྐྱེ་འགག་གནས་པ་བྱེད་ཀྱང་། འོད་གསལ་བའི་སེམས་སམ་བདེ་ཆེན་ལྷན་སྐྱེས་རང་བྱུང་གི་ཡེ་ཤེས་


MR17_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གདོད་ནས་མ་སྐྱེས་པའི་ཕྱིར་ནམ་ཡང་མི་འགག་སྟེ། དངོས་དངོས་མེད་ཀྱི་མཚན་མ་ཀུན་ལས་འདས་པ་སེམས་དང་ཆོས་ཀུན་གྱི་ཆོས་ཉིད་དོན་དམ་པའོ། །དོན་འདི་ངེས་དོན་གྱི་མདོ་རྣམས་དང་སྔགས་རྒྱུད་ཐུན་མོང་བ་རྣམས་ལས་ཀྱང་ཅི་རིགས་པར་བསྟན་ནོ། །རང་གི་ངོ་བོ་ལ་འཕོ་བའི་སྒྲིབ་པས་ཡེ་ནས་མ་གོས་པའི་རང་བཞིན་རྣམ་དག་དེ་ཁོ་ན་ཉིད་ཀྱི་དབྱིངས་དེའི་རང་བཞིན་ཇི་ལྟ་བ་བཞིན་མ་རྟོགས་པའི་སེམས་ཅན་རྣམས་ལ་དབྱིངས་དེ་ལས་སླར་སྲོག་གི་རླུང་གི་འདུ་བྱེད་ཀྱི་གཡོ་བ་ལས་གཟུང་བ་དང་འཛིན་པའི་སེམས་རྣམ་པར་རྟོག་པས་ང་བདག་ཏུ་འཛིན་ཅིང་འཁོར་བ་པ་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་གྱི་གནས་སྐབས་འཛིན་ལ། སེམས་ཉིད་འོད་གསལ་བའི་དབྱིངས་དེའི་རང་བཞིན་ཇི་ལྟ་བ་བཞིན་དུ་རྟོགས་པ་ན་རླུང་སེམསགཡོ་བའི་དབང་གིས་ང་བདག་ཏུ་འཛིན་པ་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་མཐའ་དག་སྤངས་པས་བདེ་བ་དང་སྡུག་བསྔལ་བ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ་མཉམ་པ་ཉིད་ཀྱི་དབྱིངས་ལ་གནས་པ་ནི། མཚན་ཡང་དག་བརྗོད་པ་ལས། བདེ་སྡུག་སེལ་བ་མཐར་གྱུར་བ། །ཞེས་པ་ནས། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །ཅེས་པའི་བར་གྱིས་བསྟན་ཏོ། །ད་ནི་གནས་པ་བདུན་པའི་དུམ་བུ་ཡུལ་དབང་རྣམ་ཤེས་ཀྱི་དྲུག་ཚན་གསུམ་དངོས་སུ་བསྟན་པས། ཡུལ་དྲུག་ལོངས་སུ་སྤྱད་པ་ལས་བྱུང་བའི་ཚོར་བ་དྲུག་ཀྱང་ཤུགས་ལ་འཕངས་པའི་ཚུལ་གྱིས་གསུངས་པ་ལས། དང་པོ། དྲི་ལ་སོགས་པ་ཕྱིའི་ཁམས་དྲུག་གམ་ཡུལ་དྲུག་གི་བསྐྱེད་བྱ་སྐྱེད་བྱེད་ཀྱི་འབྲེལ་བ་བསྟན་པ་ནི། དྲི་ནི་འཛིན་མ་ས་དག་ལས་འབྱུང་སྟེ། ས་ཁམས་ནི་དྲིའི་རྒྱུའི་གཙོ་བོ་ཡིན་གྱིས་ས་ཁམས་འབའ་ཤིག་ལས་མ་ཡིན་ནོ། །རྒྱུ་ཕལ་པའི་དབང་དུ་བྱས་ན་སས་རོ་ལ་སོགས་པ་གཞན་ཡང་སྐྱེད་པའི་རྒྱུ་བྱེད་དེ་འབྱུང་བ་གཞན་ཀུན་གྱིས་ཀྱང་དྲིའི་རྒྱུ་བྱེད་དོ། །དེ་བཞིན་འོག་མ་ཀུན་ལ་ཤེས་པར་བྱའོ། །རོ་


MR17_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པོ་ཡང་རྩེ་མོ་ཅན་མེ་ལས་སོ། །གཟུགས་ཀྱི་ཁམས་ནི་ཆུ་ལས་སོ། །རླུང་ལས་རེག་པར་བྱ་བར་འགྱུར་ཏེ། ཞི་བ་ཡེ་ཤེས་ཀྱི་ཁམས་ལས་ཀྱང་སྒྲ་དང་གཞོམ་མེད་ཀྱི་སྒྲ་འབྱུང་ལ། ཆོས་ཀྱི་ཁམས་བྱང་ཆུབ་ཀྱི་སེམས་ཀྱི་ཁམས་ནི་ནམ་མཁའ་དག་ལས་སོ། །དེ་ཡང་དྲི་ནི་སྲ་ཞིང་འཐས་པའི་ཁམས་ཤས་ཆེ་བ་ལས་འབྱུང་གི་ཆུ་སོགས་རྐྱང་པ་དངོས་པོ་གཞན་གྱིས་དྲིས་མ་བགོས་པ་ལ་མིན་ནོ། །རོ་ནི་གཙོ་ཆེར་མེ་ལས་འབྱུང་སྟེ་རོ་ཡོངས་སུ་མེས་སྨིན་པར་བྱེད་ཀྱི་མ་སྨིན་པར་རོ་མི་བྲོའོ། །མུ་སྟེགས་པས་རོ་ཆུ་གཟུགས་མེའི་ཡོན་ཏན་དུ་བཤད་པ་ངོ་བོའི་དབང་དུ་བྱས་པ་ཡིན་གྱི་རྒྱུའི་དབང་དུ་བྱས་པ་མ་ཡིན་ལ་འདིར་རྒྱུའི་དབང་དུ་བྱས་པའོ། །མྱུ་གུ་སོགས་མདོག་དབྱིབས་སྣ་ཚོགས་སུ་བྱེད་པ་གཙོ་བོར་ཆུས་བྱེད་པའོ། །རླུང་གི་ཁམས་ལས་རེག་བྱ་འབྱུང་སྟེ་རླུང་ཉིད་ཀྱང་རེག་བྱའི་ཡོན་ཏན་དང་ལྡན་པའོ། །ཞི་བ་ཡེ་ཤེས་ཀྱི་ཁམས་ལས་སྒྲ་འབྱུང་བ་ནི་སྟོང་པའི་རིགས་རྣ་བའི་དབང་པོའི་ཡུལ་ཡིན་པས་དེ་ལའང་ཡེ་ཤེས་ནི་དེའི་རྐྱེན་དུ་གྱུར་པའོ། །ཆོས་ཀྱི་ཁམས་ནི་སྐབས་འདིར་བྱང་ཆུབ་སེམས་ཀྱི་ཁམས་ལ་གསུངས་པས་འབྱུང་བ་ལྔའི་བདག་ཉིད་ཀྱི་རོའི་ཁམས་གསལ་བར་བྱེད་པའི་རོའམ་ནམ་མཁའི་ཁམས་དག་ལས་གཙོ་ཆེར་བྱང་སེམས་གཡོ་བའི་བདེ་བ་འབྱུང་ངོ་། །སྔ་འགྲེལ་རྣམས་སུ་བདེ་བ་ནམ་མཁའི་ཁམས་སུ་བཞག་པ་ནི་བསམ་པའི་དབང་གིས་སོ་ཞེས་བཤད། ད་ནི་དབང་ཡུལ་རྣམས་ཀྱི་གཟུང་བ་དང་། འཛིན་པའི་འབྲེལ་པ་བསྟན་ཏེ། དེ་ཡང་རྒྱུད་འདིར་ལྷའི་སྐབས་སུ་གཞན་རིགས་ལ་འཁྱུད་པས་དམ་པའི་བདེ་བ་འབྱུང་བའི་ཚུལ་གསུངས་ཏེ། དཔེར་ན་བུ་བསྐྱེད་པ་ལ་ཕོ་དང་མོ་ཡི་རིགས་གཉིས་སོ་སོའམ་གཞན་དུ་གྱུར་པ་ལ་འཁྱུད་དགོས་ཀྱི་རང་གིས་རང་ལ་བྱ་བ་འགལ་བ་བཞིན་དུ། འདིར་ཡང་རང་གི་རིགས་མ་ཡིན་པའི་ཡུལ་ལ་དབང་པོས་འཛིན་ཚུལ་ནི། སྟོང་པ་ཡི་རིགས་ལས་བྱུང་བ་རྣ་བས་ཡེ་ཤེས་ཀྱི་རིགས་སྒྲ་ནི་འཛིན་པར་བྱེད་དེ། ངེས་པར་


MR17_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་བསྐྱེད་མཛད་ཡེ་ཤེས་ཀྱི་ཁམས་ཡིད་ཀྱི་དབང་པོས་ནམ་མཁའི་ཁམས་ལས་བྱུང་བ་ཆོས་ཀྱི་ཁམས་དང་། རླུང་དག་ལས་བྱུང་བ་སྣའི་དབང་པོས་ནི་ས་བྱུང་དྲི་དང་ནི། མེ་ཁམས་ལས་བྱུང་མིག་དབང་ཡང་ཆུ་ལས་བྱུང་བ་གཟུགས་འཛིན་ཏེ། ཆུ་ཁམས་ལས་བྱུང་ལྕེ་དབང་དག་ཀྱང་ནི་མེ་ཁམས་ལས་སྐྱེས་རོ་ལའོ། །དེ་བཞིན་འཛིན་མ་ལས་བྱུང་ལུས་དབང་དག་ནི། རླུང་བྱུང་རེག་བྱ་འཛིན་པའོ། །དག་ཅེས་གཉིས་ཚིག་སྦྱར་བ་ནི་བསྐྱེད་བྱ་དབང་པོ་དང་སྐྱེད་བྱེད་འབྱུང་བ་དག་དབྱེར་མེད་པའམ་ཁམས་གཅིག་ཡིན་པའི་དབང་གིས་སོ། །དེ་དག་གིས་གནས་པ་བདུན་པའི་དབང་པོ་དྲུག་དང་ཡུལ་དྲུག་བསྟན་པའོ། །ཡང་གནས་པ་བདུན་པའི་དུམ་བུ་གཟུགས་དྲུག་གམ་རང་བཞིན་དྲུག་བསྟན་པ་ནི། ཕུང་པོ་དྲུག་འབྱུང་བ་གང་དང་གང་གི་རང་བཞིན་དུ་གྲུབ་པ་ནི། གཟུགས་ཀྱི་ཕུང་པོ་ནི་གཙོ་བོར་འཛིན་མ་ས་ལ་གྲུབ་སྟེ། ཐོག་རེག་ཅན་གཟུགས་སུ་རུང་བར་ཡོད་པས་སོ། །ས་འབའ་ཞིག་གཙོ་བོའི་དབང་དུ་བྱས་ཀྱི་འདུ་ཤེས་སོགས་གཞན་ཕལ་བའི་རྒྱུ་ལས་ཀྱང་གྲུབ་པ་བཞིན་དུ་གཞན་རྣམས་ལའང་ཤེས་པར་བྱའོ། །འདིར་ཡང་འཇིག་རྟེན་ཀུན་རྫོབ་ཀྱི་དབང་གིས་ཕུང་པོ་རྣམས་ཁམས་སོ་སོ་ལས་ཚོགས་པ་གཅིག་ཏུ་གྲུབ་པར་བསྟན་གྱི་དོན་དམ་པར་དེ་ལྟར་གྲུབ་པ་དམིགས་སུ་མེད་དོ། །སྲིད་པ་གསུམ་གྱི་གནས་སུ་ཞེས་པས་མྱ་ངན་ལས་འདས་པའི་ཆོས་བསལ་བ་ཡིན་ལ། ཆུ་ལ་ཡང་ནི་འདུ་ཤེས་གྲུབ། མེ་ལ་ངེས་པ་ཉིད་དུ་ཚོར་བར་འགྱུར་ཏེ། རླུང་ལ་ཡང་ནི་ཕུང་པོ་འདུ་བྱེད་གྲུབ་པ་ཁོ་ནའོ། །རྣམ་ཤེས་དང་ལྷན་སྐྱེས་ཀྱི་ཡེ་ཤེས་བསྲེས་པ་ནི་ནམ་མཁའ་དང་བཅས་པའི་རྡོ་རྗེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཁམས་དག་ལ་གྲུབ་པ་ཉིད་དེ། དེ་ལྟར་ཁམས་དྲུག་དང་ལྡན་པའི་གང་ཟག་སྐྱེས་བུ་ཆེན་པོའི་ལུས་འདི་ལ་ཁམས་དྲུག་དང་། ཕུང་པོ་དྲུག་ལ་སོགས་པ་ཐམས་ཅད་ཕན་ཚུན་རྟེན་ནས་འབྱུང་བའམ་གྲུབ་པར་འགྱུར་བ་དག་ཀྱང་།


MR17_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

རྡུལ་དང་བྱང་ཆུབ་སེམས་ཁུ་བ་དང་སོགས་སྒྲས་ཀུན་གཞིའི་རྣམ་ཤེས་དང་བདེ་བའི་སྐད་ཅིག་མའི་ཡེ་ཤེས་རོ་གཅིག་འདྲེས་པ་རྣམས་གཅིག་ཏུ་སྦྱོར་བས་མིང་གཟུགས་ཀྱི་ཕུང་པོ་འགྲུབ་པར་བྱས་པས་སོ། །སྐབས་འདིར་འབྱུང་བ་ལྔ་གསུངས་པ་ནི། སེམས་དང་ཐ་དད་པའི་བེམ་པོའི་ངོ་བོར་མེད་པ་སེམས་གཡོ་བྱེད་ཀྱི་ཆ་ལ་བཏགས་པ་ཤིན་ཏུ་ཕྲ་བ་གཉུག་མའི་ང་འོད་ཟེར་ལྔ་པའམ་འབྱུང་ལྔའི་དྭངས་མ་ལྔ་ཡི་ཡོན་ཏན་དང་ལྡན་པ་གསང་བའི་འབྱུང་ལྔ་དེ་ལས་རགས་ལུས་ཀྱི་འབྱུང་བ་ཕྲ་རགས་ནང་གི་འབྱུང་བ་དང་། དེའི་དབང་གིས་ཕྱི་རོལ་གྱི་འབྱུང་བ་རྣམས་ཀྱང་སྣང་བ་ཡིན་པས། ཕུང་པོ་དང་འབྱུང་བ་རྣམས་གཅིག་ཏུ་གྲུབ་ཚུལ་ཀྱང་། རགས་པའི་གཟུགས་ཕུང་གཞི་འཛིན་ཅིང་ཐོག་རེག་ཅན་ས་ཡི་བྱེད་པ་གཙོ་ཆེ་བས་ས་དང་། ཚོར་བ་མེ་ལྟར་མྱོང་བ་གསལ་བར་སྨིན་པ་དང་། འདུ་ཤེས་ཆུ་ལྟར་ཡུལ་གྱི་མཚན་མ་སྡུད་པ་དང་། འདུ་བྱེད་རླུང་ལྟར་གཡོ་ཞིང་ལས་བྱེད་པ་དང་། རྣམ་ཤེས་མཁའ་ལྟར་དྭངས་ལ་ཡངས་པ་གཟུགས་ཅན་གྱི་ཆོས་དང་བྲལ་བ་དང་། ཡེ་ཤེས་རྡོ་རྗེ་ལྟར་མི་འགྱུར་མི་ཕྱེད་པ་ཉིད་ཀྱིས་སོ། །དེ་ཡང་ཟབ་མོའི་རྒྱུད་སྡེ་རྣམས་ལས། གང་ལ་གནད་དུ་བསྣུན་པའི་གཞི། གཉུག་མའི་རྡོ་རྗེ་གསུམ་གྱིས་བསྒྲུབ་གཞི་ཁུ་རྡུལ་རླུང་གསུམ་གྱི་ཕྲ་བ་མཐར་ཐུག་པ་དང་། འབྱུང་བའི་དྭངས་མ་ལྔ་འདུས་ཀྱི་ཐིག་ལེ་དང་། རླུང་འོད་ཟེར་ལྔ་པ་དང་ལྡན་པའི་མི་ཤིགས་པའི་ཐིག་ལེ་ཁ་དོག་དང་དབྱིབས་ཀྱི་རྣམ་པར་བསྟན་པ་དང་། སྐུ་དང་ས་བོན་སོགས་ཀྱི་ཚུལ་དུ་རྡོ་རྗེའི་ལུས་ལ་གནས་པར་གསུངས་པ་འདི་དག་རླུང་སེམས་ཤིན་ཏུ་ཕྲ་བ་ཡིན་ཀྱང་། དེའི་མཐའ་ཡེ་ཤེས་ཀྱི་རླུང་དང་ཐ་དད་མེད་པ་འོད་གསལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་པར་འཆར་བའི་རང་བཞིན་ཅན་རྡུལ་ཕྲ་རབ་དང་། སྐད་ཅིག་པའི་ཆ་བསགས་པའི་དངོས་པོ་ལས་ཤིན་ཏུ་འདས་པ་རྣམ་ཀུན་མཆོག་ལྡན་ཆོས་ཀྱི་དབྱིངས་ཀྱི་དོན་རྟག་ཏུ་མཉམ་པ་ཉིད་དུ་གནས་པ་ལ་གོ་བ་ལེགས་པར་མ་ཆགས་ཀྱི་བར་དུ་སྐད་ཅིག་མའི་ཆ་ཅན་གྱི་སེམས་


MR17_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་བ་ཞིག་དང་རྡུལ་ཕྲ་རབ་ཀྱི་ཆ་ཅན་རླུང་ཕྲ་བ་ཞིག་ལྷན་ཅིག་ཚོགས་པ་གང་ཞིག་འགྱུར་བ་དང་། མི་རྟག་པ་ཅན་ལ་གོ་བ་ལེན་པ་ལས་འབྱུང་ཐབས་མེད་ལ། དེའི་དབང་གིས་རྒྱུད་དོན་ཟབ་མོ་རྣམས་སྒྲ་ཇི་བཞིན་དུ་ཁས་བླངས་ན་རྒྱང་ཕན་པས་ས་སོགས་ལས་སེམས་གསར་དུ་སྐྱེ་བ་དང་། རྟག་སྨྲ་བ་དག་གིས་བདག་མཐེ་བོང་ཙམ་དང་ཡུངས་འབྲུ་ཙམ་ལ་སོགས་པའི་ཁྱད་པར་ཁས་བླང་བ་སོགས་དང་འདྲ་བར་འགྱུར་སྙམ་དུ། མན་ངག་དང་བྲལ་བས་རྒྱུད་ཀྱི་ཟབ་གནད་སྟོར་བའི་འཆད་ཚུལ་སྣ་ཚོགས་པ་འབྱུང་སྲིད་མོད། གདོད་ནས་མ་སྐྱེས་པའི་ཆོས་ཉིད་འོད་གསལ་བའི་ཡེ་ཤེས་ལ་གཟུགས་སུ་གྲུབ་པ་མེད་ཀྱང་། དེའི་རང་མདངས་རྣམ་པ་ཐམས་ཅད་བར་འཆར་བ་མི་འགལ་བ་ནི། ཇི་ལྟར་སེམས་ལས་ཐ་དད་དུ་གྱུར་པ་དང་རྡུལ་ཕྲ་རབ་ཀྱི་ངོ་བོ་མེད་པ་སྟོང་པའི་གཟུགས་བརྙན་རྣམ་པ་ཐམས་ཅད་པར་འཆར་བ་བདེ་བཞིན་དུ། གང་གི་ངོ་བོ་ལ་དམིགས་གཏད་ཀྱི་མཚན་མ་རྡུལ་ཙམ་ཡེ་ནས་མི་གནས་པའི་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པ་སེམས་ཀྱི་ཆོས་ཉིད་འོད་གསལ་བ་རང་བྱུང་གི་ཡེ་ཤེས་ཉིད་ལ་ཡེ་ཤེས་ལྔ་ཡི་གདངས་མ་འགག་པས་བསམ་ཡས་སྒྱུ་འཕྲུལ་དྲ་བའི་འཁོར་ལོར་འཆར་ཀྱང་། གཉིས་ཆོས་ཀྱི་དབྱེ་བས་དུ་མའི་ངོ་བོ་ཉིད་དུ་གྲུབ་པ་གང་ཡང་མེད་པས་ཆོས་ཐམས་ཅད་མཉམ་པ་ཉིད་ལ་རྟག་ཏུ་གནས་པ་ནི་གནས་ལུགས་གཉུག་མ་དེ་ཁོ་ན་ཉིད་ཀྱི་དོན་ཏེ། འབྲས་བུ་སྔགས་ཀྱི་ཐེག་པ་ཐམས་ཅད་ཀྱི་ལམ་གང་ལ་ཞུགས་ཀྱང་མཐར་ཐུག་མཚོན་བྱ་དོན་གྱི་ཡེ་ཤེས་འདི་རྟོགས་པ་ལ་གནད་མཐུན་ནོ། །དོན་དེ་ལེགས་པར་རྟོགས་ན་མུ་སྟེགས་བྱེད་རྣམས་ཀྱིས་རྟག་པའི་དངོས་པོར་གྱུར་པའི་བདག་དང་དབང་ཕྱུག་སོགས་ཀྱིས་འཇིག་རྟེན་ཀུན་བྱེད་པ་དང་ཚུལ་འདི་མཚུངས་པའི་གོ་སྐབས་ག་ལ་ཡོད་དེ། ཆོས་ཉིད་ལ་རྟག་པའི་དངོས་པོ་དང་བྱེད་པའི་དངོས་པོའི་མཚན་མ་གང་ཡང་མེད་པའི་ཕྱིར་རོ། །དངོས་དངོས་མེད་གཉིས་ཀའི་མཐའ་ལས་འདས་པ་དེ་ལ་འདུས་མ་བྱས་


MR17_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང་། ནམ་ཡང་མི་འགྱུར་བས་རྟག་པ་ཆེན་པོ་དང་། ཐོབ་བྱ་དང་ཤེས་བྱའི་མཆོག་དོན་དམ་པ་དང་། དེ་ལ་དམིགས་ན་ལམ་གྱི་ཡོན་ཏན་བསྐྱེད་པ་སོགས་སུ་གསུངས་པ་ཀུན་རྫོབ་ཐ་སྙད་ཀྱི་དབང་དུ་བྱས་པ་རྣམས་ནི་ཇི་སྐད་བསྟན་པ་ད་ལྟར་ཐ་སྙད་དཔྱོད་བྱེད་ཀྱིས་ཚད་མས་གྲུབ་པ་ཡིན་ནོ། །དེའི་ཕྱིར་གོང་དུ་གཟུགས་སོགས་དང་ས་སོགས་ཀྱིས་གྲུབ་པ་གསུངས་པའི་སྐབས་སུ། མྱ་ངན་འདས་པའི་ཆོས་ལ་མ་ཡིན་ནོ་ཞེས་དམིགས་བསལ་བ་ལྟར། སྒྲིབ་བྲལ་དུ་གྱུར་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐར་ཐུག་གི་ངོ་བོར་རོ་མཉམ་དུ་གྱུར་པའི་ཕྱིར་རོ། །དེ་ལྟ་བུའི་དོན་འདི་ཡེ་ཤེས་ལེའུ་སོགས་འོག་གི་སྐབས་རྣམས་སུ་རྒྱ་ཆེར་འབྱུང་བ་རྣམས་དང་གོང་དུ་ཅི་རིགས་གསུངས་པ་རྣམས་ཀྱི་དོན་ལེགས་པར་གོ་བ་གནད་འདི་ལ་རགས་ལས་སོ། །གོང་དུ་ཆུ་ལ་འདུ་ཤེས་གྲུབ་པ་གསུང་པའི་སྐབས་སུ། དབྱངས་གསལ་གཉིས་ལས་དབྱངས་དང་ཟླ་ཉི་གཉིས་ལས་ཟླ་བ་ཁུ་རྡུལ་གཉིས་ལས་ཁུ་བ་རྣམས་ཆུའི་རང་བཞིན་གྱི་ཆུ་ལ་འདུ་ཤེས་གྲུབ་པར་གསུངས་ཤིང་། ཉི་མ་དང་རྡུལ་དང་ཀཱ་ལིའི་རང་བཞིན་མེ་ལ་ཚོར་བ་ཉིད་དུ་གསུངས་སོ། །རླུང་ལ་འདུ་བྱེད་ཀྱི་ཕུང་པོ་གྲུབ་པ་ནི་ལུས་ངག་སེམས་གསུམ་གཡོ་བར་བྱེད་པས་འདུ་བྱེད་བསྐྱེད་པ་དང་། ནམ་མཁའ་ལས་རྣ་བའི་རྣམ་ཤེས་སོགས་དང་། རྡོ་རྗེ་ཡེ་ཤེས་ལ་བྱང་ཆུབ་ཀྱི་སེམས་འཕོ་བའི་མཐར་བདེ་བའི་སྐད་ཅིག་གི་བདག་ཉིད་ཀྱི་ཡེ་ཤེས་གྲུབ་བོ་ཞེས་གསུངས་སོ། །བླ་མ་སྔ་མ་འགའ་ཞིག་གནས་པ་བདུན་པར་གཟུགས་དྲུག་གསུངས་པ་དེ་སྐབས་འདིར་བསྟན་ས་ཆུ་མེ་རླུང་ཁུ་བ་དང་ཁྲག་དྲུག་ཡིན་ནོ་ཞེས་གསུངས་སོ། །དེ་ནས་གནས་པ་བདུན་པའི་དུམ་བུ་འདུ་བྱེད་དྲུག་བསྟན་པ་འདིར། ཡུལ་ཅན་རྣམས་ཐབས་དང་། དེའི་ཡུལ་རྣམས་ཤེས་རབ་ཏུ་བྱས་ནས། ཐབས་རང་ཉིད་ཁམས་གང་གི་རང་བཞིན་དུ་གནས་པ་ལུས་ཀྱི་ཆོས་དང་། ཐབས་ཀྱི་བསམ་པ་ཤེས་རབ་ལ་འཇུག་པའི་དབང་དུ་བྱས་ནས་ཡུལ་


MR17_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དབང་པོ་དེ་ཉིད་ཁོ་རང་གི་ཡུལ་གང་ཡིན་པ་དེའི་ཁམས་སུ་བྱས་པ་ནི་བསམ་པའི་ཆོས་ཀྱི་དབང་གིས་ཡིན་པས། ཚུལ་འདིའི་དབང་དུ་བྱས་ནས་གསུངས་པ་ལུས་ཀྱི་ཆོས་ལ་རྣ་བ་སྟོང་པ་ནམ་མཁའི་ཁམས་ཀྱི་མཚན་ཉིད་འཛིན་པ་ཉིད་ཡིན་ཀྱང་གཟུང་ཡུལ་སྒྲ་འཛིན་པའི་ཕྱིར་སྒྲ་ནི་ཡེ་ཤེས་ཁམས་ཀྱི་རང་བཞིན་ཡིན་པས། བསམ་པའི་དབང་གིས་རྣ་བ་ནི་རྡོ་རྗེའི་ཞེས་ཡེ་ཤེས་ཀྱི་རང་བཞིན་དུ་འགྱུར་རོ། །ཀྱེ་མི་ཡི་བདག་པོ་དེ་བཞིན་དུ་སེམས་ནི་ལུས་སམ་ཐབས་ཀྱི་དབང་དུ་ཡེ་ཤེས་མིན་ཀྱང་། ཡུལ་ལམ་བསམ་པས་ནམ་མཁའ་དག་གི་རང་བཞིན་ནོ། །དེ་བཞིན་དུ་རླུང་ཁམས་སྣ་ནི་བསམ་པས་ས་ཡི་རང་བཞིན་དག་སྟེ། དེ་བཞིན་ཁོ་ན་ཆུའི་ཁམས་ལྕེ༷་ནི་བསམ་པས་མེ་ཡི་རང་བཞིན་ཉིད་དུ་འགྱུར། མེ་ཡི་རང་བཞིན་ཐབས་ཀྱི་མིག་ནི་བསམ་པས་ཆུ་ཡི་རང་བཞིན་དག་སྟེ། རྣམ་གཞག་དེ་དག་ཀྱང་སྲིད་པ་གསུམ་གྱི་གནས་སུ་ཡིན་ཏེ་མྱ་ངན་འདས་པ་ལ་ནི་ཆོས་ཐམས་ཅད་གཟུང་འཛིན་མེད་པར་རོ་མཉམ་པའི་ཕྱིར་ཐ་དད་དུ་དབྱེ་བ་མེད་དོ་ཞེས་ཀུན་ལའང་སྦྱར་བ་བྱ་སྟེ་བར་གྱི་གསལ་བྱེད་དོ། །ཐབས་ས་ཁམས་ལུས་ཀྱང་བསམ་པའི་དབང་གིས་རླུང་གི་རང་བཞིན་སྟེ་རེག་བྱ་འཛིན་པའི་ཕྱིར་ན་དེ་ལྟར་ཡིན་ནོ། །དེ་ལྟར་རྣ་བ་ལ་སོགས་པ་ཡུལ་ཅན་ཐམས་ཅད་ཡུལ་དྲུག་གི་ཡོན་ཏན་གྱི་དབང་གིས་ཡུལ་གྱི་ཁམས་ཀྱི་རང་བཞིན་ཅན་དུ་འགྱུར་ཏེ། ཡུལ་ཅན་རྣ་བ་སོགས་དབང་པོ་དྲུག་པོ་འདི་དག་མངལ་དུ་བདེ་བའི་སྐད་ཅིག་གི་ཡེ་ཤེས་དང་ཁུ་རྡུལ་དང་ལྷན་ཅིག་ཞུགས་པའི་རྣམ་ཤེས་རོ་གཅིག་ཏུ་སྦྱོར་བས་སོ་ཞེས་དེ་ལས་འབྱུང་བར་ཤེས་པར་བྱའོ་ཞེས་སོ། །འདིས་དབང་པོ་དྲུག་གི་སྒོ་ནས་རྣམ་ཤེས་ཡུལ་དྲུག་ལ་འཇུག་པའི་འདུ་བྱེད་དྲུག་བསྟན་ཏེ། དེ་བཞིན་རེག་པའི་རྐྱེན་གྱི་ཚོར་བ་དྲུག་དང་། འདུ་ཤེས་དྲུག་ཀྱང་ཤུགས་ཀྱིས་མཚོན་ནོ། །དེ་ནས་ཁམས་དྲུག་གི་དབང་གིས་སེར་སྣ་སོགས་སེམས་ཀྱི་རྣམ་པར་འགྱུར་བ་དྲུག་གསུངས་པ། འདིར་ལུས་ལ་སེམས་ཀྱི་སེར་སྣ་ནི་ཡེ་ཤེས་ཀྱི་ཁམས་ལ་ཞེས་ལྔ་


MR17_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ལ་བདུན་པ་མཛད་པ་ཡིན་པས། ཡེ་ཤེས་ཀྱི་ཁམས་ཀྱི་དབང་ལས་སེམས་ཅན་རྣམས་ཀྱི་སེར་སྣའི་སེམས་འབྱུང་བར་འགྱུར་རོ་ཞེས་ཏེ། དེ་བཞིན་དུ་ལུས་མཆོག་མིའི་ལུས་དག་ལ་ནམ་མཁའ་ལ་ནི་ཞེ་སྡང་རྡོ་རྗེའོ། །རླུང་ལ་ཕྲག་དོག་རྡོ་རྗེ། མེ་ལ་ཆགས་པའི་རྡོ་རྗེ་ཡིན་པར་ཐུབ་པས་རབ་ཏུ་གསལ་བར་མཛད་དོ། །སྔ་མ་དེ་ཇི་ལྟ་བ་བཞིན་ཉིད་དུ་ནི། ཆུ་ལ་དཔལ་ལྡན་ང་རྒྱལ་རྡོ་རྗེ། ས་ལ་གཏི་མུག་རྡོ་རྗེ་སྟེ། དེ་ཡང་ཡེ་ཤེས་དང་ས་ལ་སོགས་པའི་ཁམས་དྲུག་གི་རང་བཞིན་གྱི་ཡོན་ཏན་གྱི་དབང་གིས་སོ། །ཞེས་པ་འདི་ཐམས་ཅད་ལྔ་པའི་དོན་ལ་བདུན་པའི་སྒྲར་བྱས་པ་ཤེས་ནས་ཁམས་དྲུག་གི་དབང་གིས་དེ་ལྟར་འབྱུང་བ་ཤེས་པར་བྱའོ། །སྐབས་འདིའི་དོན་འཆད་པའི་བོད་འགྲེལ་སྔ་མ་རྣམས་སུ། ཡེ་ཤེས་བདེ་བ་ཡིན་པས་དེ་ལ་སེར་སྣ་འབྱུང་བ་དང་། ཞེ་སྡང་འཁྲུག་པས་བརྡེག་བཙོག་སོགས་ཀྱི་གནས་ནམ་མཁས་གོ་འབྱེད་པ་དང་། རླུང་གཡོ་བ་ལྟར་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པའི་ཡིད་གཡོ་བ་ཕྲག་དོག་དང་གཏུམ་མོའི་མེས་ཁམས་ཞུ་བ་ལས་འདོད་ཆགས་འབྱུང་བ་དང་། དངོས་པོ་རྣམས་མཐོ་ཞིང་རྒྱས་པ་ཆུས་བྱེད་ལ་མཐོ་ཞིང་རྒྱས་པ་ལས་ང་རྒྱལ་འབྱུང་བ་དང་། དད་འདུན་སོགས་མེད་པའི་སྲ་བ་ས་ལྟ་བུ་གཏི་མུག་ཡིན་པས་སོ་ཞེས་དང་། ཡང་ནམ་མཁའ་ལས་ཞེ་སྡང་འབྱུང་བ་སྒྲ་ནམ་མཁའི་ཁམས་ཡིན་ལ་སྒྲ་མི་སྙན་པ་ལས་ཞེ་སྡང་འབྱུང་བ་དང་། རླུང་ལས་ཕྲག་དོག་འབྱུང་བ་རླུང་གིས་ཁུ་བ་མངལ་དུ་འཕང་བས་བར་དོའི་སེམས་ཅན་ཕ་མ་ལ་ཕྲག་དོག་སྐྱེས་ཏེ་མངལ་དུ་སྦྱོར་བ་ལྟ་བུ་ཞེས་འཆད་པ་རྣམས་ནི་ཕྱོགས་ཉི་ཙེ་བའི་བཤད་པ་འབྲེལ་མེད་བབ་ཅོལ་ཙམ་ལས་བརྟག་མི་བཟོད་པ་ཤ་སྟག་གོ། ཡང་འགའ་ཞིག་འདོད་པ་སྔ་མ་དེ་དག་ལེགས་པར་བཀག་ནས། སེར་སྣའི་སེམས་བྱེ་བྲག་པ་འགའ་ཞིག་ཡེ་ཤེས་ཀྱི་ཁམས་ཀྱི་རྣམ་པར་འགྱུར་བ་ཡིན་པ་སོགས་གཞན་ལྔ་ལའང་དེ་ལྟར་སྦྱོར་དགོས་ཀྱི། སེར་སྣ་སོགས་ཀྱི་སེམས་ཁམས་དེ་དང་དེ་ལས་སྐྱེ་བའི་ངེས་པ་བསྟན་པ་མིན་པར་གསུངས་


MR17_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལེགས་ཀྱང་། དེ་ཙམ་གྱིས་ཁམས་སོ་སོ་ལས་སེམས་དྲུག་སོ་སོར་སྐྱེ་བར་བཤད་པའི་དོན་ཅི་ཡིན་མ་བསྟན་ལ། ཁམས་དྲུག་ལས་ཉོན་མོངས་དྲུག་ཅི་རིགས་སུ་སྐྱེ་བ་ཡོད་པས་གཞུང་རྩ་བའི་དོན་ལ་ཅི་ཡང་མི་ཕན་ནོ། །སྐབས་འདིར་ཞེ་སྡང་རྡོ་རྗེ་ཞེས་སོགས་ཉོན་མོངས་པའི་སེམས་ལ་རྡོ་རྗེའི་མིང་གིས་བཤད་པའི་དོན་འདི་ཡིན་སུས་ཀྱང་བཤད་པ་མ་མཐོང་ངོ་། །དེས་ན་བདག་འདི་ལྟར་སེམས་ཏེ། སེར་སྣ་ནི་ཡེ་ཤེས་ཁམས་ལ་ཞེས་གསུངས་པས་རྡོ་རྗེའི་སྒྲ་མ་སྦྱར་ཀྱང་ཆོག་ལ་གཞན་ལྔ་ཀ་ལ་སྦྱར་བ་འདིའི་དོན་ནི། བདེ་བའི་ཡེ་ཤེས་དམ་པ་གང་དེ་ནམ་ཡང་གཏོང་བར་མི་འདོད་པའི་ཕྱིར་ན་ཡེ་ཤེས་ལས་སེར་སྣའི་སེམས་སུ་འགྱུར་ཏེ་ཐ་མལ་གྱི་དངོས་པོ་ལ་ཆགས་པའི་སེར་སྣ་ནི་མ་ཡིན་ནོ། །དེ་བཞིན་དུ་ཀུན་རྟོག་གི་བཞོན་པའི་རླུང་དབུ་མའི་དབྱིངས་སུ་དེངས་པ་ལས་རྐྱེན་བྲལ་ནམ་མཁའ་ལྟ་བུ་འོད་གསལ་མཉམ་པ་ཉིད་ལ་གནས་པ་ལས་ནི་གཉིས་ཆོས་ཀྱི་མཚན་མ་དང་རྣམ་རྟོག་ཐམས་ཅད་འཇོམས་པའི་ཞེ་སྡང་རྡོ་རྗེ་འབྱུང་སྟེ། །རྒྱུད་གཞན་ལས། མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་བསྟོད། །ཞེས་གསུངས་པ་བཞིན་ནོ། །གཡས་གཡོན་གྱི་དཀྱིལ་འཁོར་བཅུའི་རླུང་དབུ་མར་ཐིམ་པ་ལས་རོ་རྐྱང་གིས་རྒྱུ་བ་ལ་ཕྲག་དོག་པ་ལྟར་རྒྱུར་མི་སྟེར་ཞིང་འགག་པར་བྱེད་པ་ལས་ལྟ་བ་ངན་པའི་ཕྱོགས་འཇིགས་པའི་ཕྲག་དོག་རྡོ་རྗེའོ། །གཏུམ་མོའི་མེ་སྟོབས་སུ་གྱུར་པས། ཁམས་གཡོ་ཞིང་འཇུ་བ་ལས་འདོད་ཆགས་རྡོ་རྗེའོ། །བྱང་ཆུབ་སེམས་ཀྱི་ཆུས་རྩ་གནས་ཀུན་དུ་ཁྱབ་པ་ལས་བདེ་བའི་རླན་གྱིས་བརླན་པའི་སེམས་ནི་ཆགས་བྲལ་དམན་པའི་ལམ་གྱི་ངེས་པ་མི་འཇུག་པ་མཐོ་བའི་རྣམ་པས་དཔལ་ལྡན་ང་རྒྱལ་རྡོ་རྗེ་འབྱུང་ངོ་། །གཙུག་ཏོར་དང་རྡོ་རྗེ་ནོར་བུའི་རྩེ་མོ་སོགས་སུ་རླུང་ཁམས་འཕོ་མེད་དུ་བཅིངས་ནས་བརྟན་པ་ས་ཡི་ཁམས་ལས་ཐ་མལ་པའི་རྣམ་པར་རྟོག་པ་མཐའ་དག་འགག་ནས་མི་རྟོག་ཡེ་ཤེས་གཏི་མུག་རྡོ་རྗེ་འབྱུང་ངོ་། །སུ་ལ་འགྱུར་ན་ཁམས་


MR17_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ལྡན་གྱི་རྟེན་མཆོག་མི་ཡི་ལུས་ལའོ། །གང་ལས་འགྱུར་ན་ཁམས་དྲུག་གི་དྭངས་མ་ཡེ་ཤེས་ཀྱི་ཆར་གནས་གྱུར་པ་ལས་ཏེ། ཡེ་ཤེས་ཀྱི་ནམ་མཁའ་དང་ས་ལ་གོ་སྐབས་ཡངས་བ་རླུང་ཐོགས་པ་མེད་པས་དངོས་འཛིན་བཤིག་པ། མེ་གསལ་ཞིང་སྨིན་པས་བདེ་བའི་རོ་དང་ཡང་དག་པའི་དོན་ལ་ཆགས་པ། ཆུས་ཡོན་ཏན་ཐམས་ཅད་སྡུད་ཅིང་གདུང་བ་མེད་པར་བྱེད་པ། སས་བརྟན་ཅིང་ཕྱོགས་ལྷུང་མེད་པར་མཉམ་པ་ལས་སོ། །ཐབས་གང་གིས་འགྱུར་ན་རྡོ་རྗེའི་རྣལ་འབྱོར་གྱི་ལམ་གྱིས་སོ་ཞེས། །འདི་དག་རྡོ་རྗེའི་མིང་གིས་བསྟན་པས་ཉོན་མོངས་པ་རང་མཚན་པ་མ་ཡིན་ཏེ་ཡེ་ཤེས་དྲུག་གི་རང་བཞིན་ཅན་ནོ། །དེ་ལྟ་ནའང་སྒྲིབ་བཅས་ཀྱི་སྐབས་སུ་ཁམས་དེ་དག་གི་རྐྱེན་ལས་ཐ་མལ་གྱི་ཉོན་མོངས་པ་དྲུག་ཀྱང་ཅི་རིགས་སུ་སྐྱེ་བ་ཤུགས་ཀྱིས་བསྟན་ཅིང་། ཉོན་མོངས་དེ་དག་ཀྱང་ཐབས་ཀྱིས་ལམ་དུ་བྱས་ན་ཡེ་ཤེས་སུ་འཆར་བས་ན། སེམས་ཀྱི་རྣམ་འགྱུར་ཉོན་མོངས་དྲུག་གིས་མཚོན་ནས་བརྒྱད་ཁྲི་བཞི་སྟོང་གི་རྟོག་པ་ཐམས་ཅད་ཁམས་དྲུག་གི་འགྱུར་བ་ལས་འབྱུང་བར་བསྟན་པ་ཡིན་ནོ་ཞེས་བཤད་ན་གོ་རྒྱུ་ཆེན་པོ་ཡོད་པར་འདུག་སྙམ་སྟེ། འབྲས་བུའི་དུས་ན་ཁམས་དྲུག་རྣམ་པར་དག་པའི་མི་བསྐྱོད་པ་ལ་སོགས་པ་དྲུག་ཚན་གྱི་དཀྱིལ་འཁོར་རྣམས་ཀྱང་འདི་བཞིན་དུ་ཡིན་ནོ། །སྐབས་འདིར་མཁས་པ་དག་གིས་རྒྱུད་ལས། མགྲིན་སྐན་མཆུ་སོ་སྣ་དང་སྤྱི་བོ་དྲུག་ལ་འདུ་ཤེས་དྲུག་ཏུ་བཤད་པ་དང་། ཡུལ་ལ་མཚན་མར་འཛིན་པའི་སེམས་བྱུང་ལ་འདུ་ཤེས་དྲུག་ཏུ་བཤད་པ་གཉིས་ལས། ཕྱི་མ་དེ་སེམས་ཀྱི་རྣམ་པར་འགྱུར་བ་དྲུག་བཤད་པའི་སྐབས་འདིའི་དོན་གྱིས་འཕང་བར་བཞེད་དོ། །དེ་ནས་གནས་པ་བདུན་པའི་དུམ་བུ་ལས་ཀྱི་དབང་པོ་དྲུག་ཁམས་ཀྱི་དབང་གིས་འབྱུང་བ་གསུངས་པ། སྨྲ་བརྗོད་ལ་དབང་བྱེད་པ་ངག་གི་དབང་པོ་དང་། དེ་བཞིན་དུ་ལེན་ཅིང་འཛིན་པ་ལག་པ་དང་། འགྲོ་བར་བྱེད་པ་རྐང་པ་དང་བཤང་བ་འདོར་བ་བཤང་ལམ་གྱི་དབང་པོ་བཞི་པོ་ཐམས་ཅད་རིམ་པ་བཞིན་དུ་རླུང་དང་མེ་དང་ཆུ་དང་ས་རྣམས་ཀྱི་ཁམས་


MR17_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལས་འབྱུང་བར་འགྱུར་ཞིང་དངོས་སུ་མ་གསུངས་པ་གཅི་བ་འདོར་བ་གསང་བའི་དབང་པོའམ་རྟགས་ནི་ནམ་མཁའི་ཁམས་སོ། །ལོ་བཅུ་དྲུག་གི་མཚམས་ནས་ཁུ་བ་འདོར་བའི་བྱ་བ་ལ་འཇུག་པ་མཆོག་གི་དབང་པོ་དུང་ཅན་མ་ནི་ཡེ་ཤེས་ཀྱི་ཁམས་སོ། །དེ་ལྟར་ལས་དབང་དྲུག་བསྟན་པའི་ཤུགས་ཀྱིས་བྱ་བ་དྲུག་གམ་ཡུལ་དྲུག་ནི་ཤུགས་ལ་བསྟན་ཏོ། །དེ་ནས་གནས་པ་བདུན་པའི་དུམ་བུ་ཡེ་ཤེས་ཀྱི་ཁམས་དྲུག་བསྟན་པའི་སླད་དུ་ཁམས་དྲུག་ལས་ཐུར་སེལ་ལ་སོགས་པའི་རླུང་རྣམས་འབྱུང་བ་གསུངས་པ། འདིར་ལུས་ལ་ཐུར་སེལ་གྱི་རླུང་ནི་ཡེ་ཤེས་ཀྱི་ཁམས་ལ་འགྱུར་ཞེས་པ་ལྔ་པའི་དོན་ལ་བདུན་པའོ། །ཡེ་ཤེས་ཀྱི་ཁམས་ལས་ཐུར་སེལ་གྱི་རླུང་བྱུར་བ་དེ་ཡང་འོག་ཏུ་རྩ་གསུམ་གྱི་དབང་གིས་རྣམ་པ་གསུམ་ཞེས་པར་འགྱུར་ཏེ། དབུས་སུ་དུང་ཅན་མའི་མར་སྣ་ཁུ་བ་འབབ་པ་དང་། གཡོན་དུ་བཤང་བ་དང་། གཡས་སུ་གཅི་བ་འབབ་པའི་རྩ་གསུམ་ལ་ཐུར་སེལ་རླུང་གིས་དེ་གསུམ་ཐུར་དུ་འདྲེན་པར་བྱེད་པའོ། །སྲོ༷ག་གི་རླུང་ཡང་སྟོང་པ་སྟེ་ནམ་མཁའི་ཁམས་དག་ལའོ། །ཡང་ཡིག་གིས་སྒྲས་དེ་ཡང་རྣམ་པ་གསུམ་སྟེ། གཡོན་རྐྱང་མར་ཁུ་བ་དང་གཡས་རོ་མར་ཁྲག་དང་། དབུས་དབུ་མར་རླུང་གསུམ་རྩ་དེ་གསུམ་དུ་རྒྱུ་བ་སྲོག་གི་རླུང་གིས་འདྲེན་པའོ། །དེ་ལྟར་སྟེང་གི་རྩ་ལ་སྲོག་གི་རླུང་གིས་འདྲེན་པའི་ཁུ་ཁྲག་རླུང་གསུམ་དང་། འོག་གི་རྩ་ལ་ཐུར་སེལ་གྱི་རླུང་གིས་དྲངས་ནས་འབབ་པའི་བཤང་གཅི་ཁུ་བ་གསུམ་དང་དྲུག་པོ་ལ་ཡེ་ཤེས་ཀྱི་ཕུང་པོ་དྲུག་ཅེས་བྱ་སྟེ། རྡོ་རྗེ་སྙིང་འགྲེལ་ལས། གང་ཞིག་རྟག་ཏུ་སྲོག་རྩོལ་ནི། །རྩ་རྣམས་དྲུག་ལ་རྒྱུ་བ་ཡིན། །སྟེང་དང་འོག་གི་ལམ་གསུམ་ལ། །ཡེ་ཤེས་ཕུང་པོ་རྣམ་དྲུག་གོ །ཞེས་གསུངས་པ་རླུང་དྲུག་ཡེ་ཤེས་ཀྱི་ཕུང་པོར་སྟོན་པ་མ་ཡིན་གྱི་དེས་དྲངས་པའི་ཁུ་ཁྲག་སོགས་དྲུག་ཡེ་ཤེས་ཀྱི་ཕུང་པོ་དྲུག་ཡིན་ནོ། །དེ་ཡང་གཡས་ཀྱི་རོ་མ་ཉི་མ་འབབ་པ་མེ་ཡི་ཁམས་རིན་འབྱུང་། གཡོན་དུ་རྐྱང་མ་ཟླ་བའི་རྩ་ཁུ་བ་འབབ་པ་ཆུའི་རང་


MR17_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འོད་དཔག་མེད། དབུས་སུ་དབུ་མ་སྒྲ་གཅན་རྩ་སྟོང་པ་འབབ་པ་ནམ་མཁའི་རང་བཞིན་མི་བསྐྱོད་པ་སྟེ་སྟེང་གི་རྩ་གསུམ་མོ། །འོག་ཏུ་གཡས་སུ་གཅི་བ་འབབ་པའི་རྩ་རླུང་ཁམས་དོན་གྲུབ། གཡོན་དུ་གཤང་བ་ས་ཁམས་རྣམ་སྣང་། དབུས་སུ་ཁུ་བ་འབབ་པ་ཡེ་ཤེས་ཀྱི་ཁམས་རྡོར་སེམས་ཀྱི་རང་བཞིན་ནོ། །ལྟེ་བའི་སྟེང་གི་དབུ་མ་དེའི་མིང་གཉིས་ཏེ། ཡིད་བཟང་མ་དང་མུན་པ་འབབ་པའོ། །དེའི་རྩ་སྣེ་འོག་མ་ལ་དུང་ཅན་མ་དང་མཁའ་འགྲོ་གདོང་མའང་ཟེར་རོ། །དེ་ཡང་བུད་མེད་རྣམས་ཀྱི་དུང་ཅན་མ་ལ་ཆགས་བདེའི་དུས་སུ་ཁུ་བ་འབབ་པས་མཁའ་འགྲོ་གདོང་མ་ཞེས་བརྗོད་ཅིང་དུས་རྒྱུན་རྡུལ་གྱི་དུས་སུ་རྡུལ་འབབ་པས་གཏུམ་མོ་ཞེས་བྱའོ། །དེའི་སྟེང་གི་རྩ་ལ་བུད་མེད་རྣམས་ལ་རྡུལ་དུས་རྡུལ་འབབ་པས་གཡུང་མོ་ཞེས་དང་། སྐྱེས་བུའི་ཁུ་བ་འབབ་པས་ཀུན་འདར་མ་ཞེས་བརྗོད་ཅེས་དབང་མདོར་བསྟན་གྱི་འགྲེལ་པར་གསུངས་ལ། བྱེ་བྲག་གི་ཆ་ནས་བཏག་པ་རྣམས་ཀྱང་སོ་སོའི་སྤྱི་མིང་ལ་འཇུག་པའི་སྐབས་ཡོད་པར་མངོན་ནོ། །རླུང་གི་དབུས་སུ་སྟེ་ང་གི་ཁམས་ལས་མཉམ་གནས་ཀྱི་རླུང་དུ་འགྱུར་རོ། །རྩེ་མོ་ཅན་མེ་ལ་སླར་ཡང་གྱེན་རྒྱུ་ཡི་རླུང་ངོ་། །ཆུ་ལ་ཁྱབ་པར་བྱེད་པ་ཉིད་དང་། ས་ལ་ཀླུ་སྟེ་དེ་ནས་རུས་སྦལ་དང་རྩངས་པ་དང་ནི། ལྷ་སྦྱིན་དང་ནོར་ལས་རྒྱལ་བ་དག་གི་ང་བཞི་པོ་ནི། རླུང་དང་མེ་དག་དང་ནི་ཆུ་དང་ས་རྣམས་དག་ལ་བརྟེན་ནས་རིམ་པ་ཡིས་ནི་ཡང་དག་པར་འབྱུང་བར་འགྱུར་རོ། །དེ་ཐམས་ཅད་དུ་ལྔ་པའི་དོན་ལ་བདུན་པའོ། །སྐྱེས་པ་ལ་ལོ་བཅུ་དྲུག་གི་མཐར་དང་བུད་མེད་ལོ་བཅུ་གཉིས་ཀྱི་མཐར་ཐིག་ལེ་གཡོ་བ་ནམ་མཁའི་ཁམས་ལས་དགའ་བའི་རླུང་ངོ་། །ཡེ་ཤེས་ཀྱི་ཁམས་ལས་ནོར་བུར་ཁུ་བ་འཛག་མེད་དུ་བཅིངས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རླུང་ངོ་། །ད་ནི་གནས་པ་བདུན་པའི་དུམ་བུ་འཁོར་ལོ་དྲུག་དང་ཚིགས་ཀྱི་གནས་སུམ་བརྒྱ་དྲུག་ཅུ་བཤད་པ་ནི། གཙུག་ཏོར་གྱི་པདྨ་འམ་འཁོར་ལོ་ནི་སྟོང་པའི་རང་བཞིན་ནམ་མཁའི་ཁམས་ལ་བརྟེན་ནས་འབྱུང་བར་འགྱུར་ཏེ་འདབ་མའི་གྲངས་ནི་


MR17_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

སླར་འཆད་པར་འགྱུར་རོ། །དེ་བཞིན་དུ་ལྷ་དང་མི་རྣམས་ཀྱི་ནི་ཡེ་ཤེས་ཁམས་ལ་བརྟེན་ནས་གསང་བ་ཡི་འཁོར་ལོའོ། །སྙིང་གི་འཁོར་ལོའམ་པདྨ་ནི་རླུང་གི་ཁམས་ལ་རབ་ཏུ་གསལ་བར་ཏེ་ངེས་པར་རོ། །རྩེ་མོ་ཅན་མེ་ལ་མགྲི༷ན་པའི་འཁོར་ལོར་གསལ་བར་ཏེ་ངེས་པར་རོ། །ཆུ་ལ་སྨི༷ན་མའི་ནང་གི་དཔྲལ་བའི་པདྨའོ། །ནོར་ནི་ནོར་གྱི་ཞེས་བརྒྱད་བརྒྱད་དྲུག་ཅུ་རྩ་བཞིའི་འདབ་མ་དང་ལྡན་པ་ལྟེ་བའི་པདྨ་ས་ཡི་ཁམས་ལའོ། །དེ་ལྟར་འཁོར་ལོ་དྲུག་བཤད་ནས་ཚིགས་རྣམས་གསུངས་པ། རྐང་པ་དང་ལག་པ་དག་གི་གཡོན་དང་གཡས་ཀྱི་ཚིགས་དྲུག་ནི་ས་དང་ཆུ་དང་བསྲེག་ཟ་དང་རླུང་རྣམས་དག་ལ་ཡོན་ཏན་གསུམ་གྱི་གྲངས་ཀྱིས་སོ། །འདིར་ཚིགས་དྲུག་ཅེས་པ་མང་ཚིག་ཐོབ་ཀྱང་གཅིག་ཚིག་ཏུ་མཛད་པའོ། །ས་སོགས་གསུམ་དུ་ཇི་ལྟར་འབྱེད་ན་རྐང་པ་གཡོན་པའི་ལོང་བུ་པུས་མོ་དཔྱི་ཡི་ཚིགས་གསུམ་ནི་སའི་ཁམས་ཀྱི་སྙིང་སྟོབས་རྡུལ་མུན་གསུམ་གྱི་དབྱེ་བ་ལས་འགྱུར་ཏེ། སའི་སྐད་དོད་མ་ཧཱི་རིང་པོ་ཡིན་ཀྱང་རྒྱུད་ལས་ཐུང་ངུ་ཉིད་སའི་མིང་དུ་མཛད་པའི་དོན་སྔར་བཤད་བཞིན་ནོ། །རྐང་པ་གཡས་པའི་ལོང་བུ་སོགས་གསུམ་ནི་ཆུའི་ཁམས་ཀྱི་ཡོན་ཏན་གསུམ་ལས་སོ། །ལག་པ་གཡོན་པའི་མཁྲིག་མ་གྲུ་མོ་དཔུང་པའི་ཚིགས་གསུམ་ནི་མེའི་གསུམ་མོ། །ལག་པ་གཡས་པའི་དེ་གསུམ་ནི་རླུང་གི་ཡོན་ཏན་གསུམ་གྱི་དབྱེ་བ་ལས་སོ། །འདི་དང་ཡེ་ལེའི་སྦྱར་ཚུལ་མི་འདྲ་བ་ལ་འོག་ཏུ་གསུངས་པ་མུ་སྟེགས་དང་མཐུན་པར་དེ་གཞུག་པའི་ཕྱིར་དང་། འདིར་གཞན་རིགས་ལ་འཁྱུད་པའི་དོན་དུ་ལག་གཡས་དང་རྐང་གཡོན་སོགས་ཕན་ཚུན་ཐབས་ཤེས་སུ་འགྱུར་པ་ལ་དགོངས་ཟེར་བ་དང་། ཡང་འདིར་ཤེས་རབ་བསམ་པའི་དབང་དང་། འོག་ཏུ་ཐབས་ལུས་ཀྱི་དབང་དུ་བྱས་པ་མི་འགལ་ཞེས་བཤད་པ་འདུག་གོ། འཁོར་ལོ་བཅུ་གཉིས་འཆད་པར་འགྱུར་ལ། གཙུག་ཏོར་སོགས་འཁོར་ལོ་དྲུག་དང་། ཚིགས་བཅུ་གཉིས་ཀྱི་འཁོར་ལོ་སྟེ་འཁོར་ལོ་བཅོ་བརྒྱད་ཀྱི་ངེས་པ་བཤད་པའི་སྐབས་


MR17_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །སོར་མོ་རྣམས་ཀྱི་ཚིགས་ཀྱི་ཁམས་གསུངས་པ། ས་ལ་སོགས་པའི་ཁམས་ལྔ་པོ་དག་ལ་རྣམ་གསུམ་ཡོན་ཏན་དབང་གིས་འབྱུང་བ་རྐང་པ་དང་ལག་པ་དག་གི་ནི། མཐེ་བོང་ལ་སོགས་སོར་མོ་བཅུ་ནི་གསུམ་གྱིས་བསྒྱུར་བའི་སུམ་ཅུའི་ཚིགས་ཀྱི་གཟུགས་དང་ལྡན་པ་མཐའ་དག་སྟེ། ས་ཁམས་མཐེ་བོང་དེ་ལའང་ཡོན་ཏན་གསུམ་གྱི་ཚིགས་གསུམ་མོ། །དེ་བཞིན་ཆུ་ཁམས་མཛུབ་མོ། །མེ་ཁམས་གུང་མོ། །རླུང་ཁམས་མིང་མེད། མཁའ་ཁམས་མཐེའུ་ཆུང་སྟེ་ལག་པ་གཡོན་གཡས་དང་རྐང་པ་གཉིས་ཀྱི་ཡང་དེ་བཞིན་ནོ། །དེ་དག་རྣམས་སེན་མོའི་མཐར་ཐུག་པར་ཁམས་དེ་དང་དེར་ཡང་དག་པར་གཟུང་བར་བྱའོ། །འགའ་ཞིག་ལ་སོར་མོ་ལྷག་པོ་བྱུང་ན་འོག་ཏུ་སོ་ལ་བཤད་པ་བཞིན་ཡེ་ཤེས་ཀྱི་ཁམས་སོ། །འདིར་སྦྱང་གཞི་ཁམས་རེ་རེ་ལ་ནང་གསེས་གསུམ་དུ་འབྱེད་པ་བཞིན་སྦྱོང་བྱེད་ལ་རིགས་ལྔ་པོ་སྟེ་རེ་རེ་ལ་ཡང་རྡོ་རྗེ་གསུམ་གྱི་རང་བཞིན་དུ་ཡོད་པ་དང་ཆོས་མཐུན་སྦྱར་བར་བྱ་བའོ། །ད་ནི་སོ་རྣམས་ཁམས་ཀྱིས་འབྱུང་བ་གསུངས་པ། སླར་ཡང་སོ་རྣམས་ནི་ཁམས་ལྔ་པོ་དེ་ཉིད་ཀྱི་རབ་ཏུ་དབྱེ་བས་སོ་ཞེས་གསུངས་པ་འགྲེལ་པ་ལས། འདིར་བྱིས་པ་ལ་དང་པོར་སྟེང་དུ་སོ་གཉིས་གྱུར་ན་ཞེས་པ། སྟེང་དུ་རྩེ་མོ་བསྟན་པའི་དོན་དུ་མཁས་པ་བུས་བཞེད་པ་ལྟར་ལེགས་ཏེ་མ་སོ་སྔོན་ལ་སྐྱེ་བས་སོ། །དེས་ན་མ་ཁའི་སྟེང་དུ་སྐྱེས་པའི་མ་སོ་དེའི་སོ་གཡས་ས་དང་གཡོན་པ་ཆུའི་རང་བཞིན་ནོ། །དེ་ནས་འོག་ཏུ་གྱུར་པ་ན་ཞེས་པ་ཡ་ཁའི་འོག་ཏུ་སྐྱེས་ཤིང་རྩེ་མོ་འོག་ཏུ་བསྟན་པའི་ཡ་སོ་གཉིས་སྐྱེས་པ་ན་གཡས་པ་མེ་དང་གཡོན་པ་རླུང་གི་རང་བཞིན་ནོ། །དེ་ནས་སླར་ཡང་མ་སོ་གཉིས་ཀྱི་མཐའ་གཉིས་སུ་སོ་བྱུང་བ་མེ་དང་། རླུང་གི་རང་བཞིན་དང་། ཡ་སོའི་མཐར་ས་དང་ཆུའི་རང་བཞིན། སླར་ཡང་ཡ་སོའི་མཐར་རླུང་དང་མེ། མ་སོའི་མཐར་སྐྱེས་པ་ས་དང་ཆུའི་རང་བཞིན་ཏེ། དེ་ལྟར་ལུགས་མཐུན་པ་དང་ལུགས་ལས་བཟློག་པས། སྟེང་དང་འོག་ཏུ་ཁམས་བཞིའི་རང་བཞིན་གྱི་སོ་སུམ་ཅུ་རྩ་གཉིས་པོ་དག་རིག་


MR17_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ་གསུངས། ལུགས་མཐུན་པ་ནི་མ་སོ་གཉིས་ཀྱི་མཐའ་ནས་གཡོན་པ་དང་པོ་རླུང་གཡས་པ་དང་པོ་མེ། ཡང་གཡོན་པ་གཉིས་པ་ཆུ། གཡས་གཉིས་པ་ས་ཞེས་ལུགས་མཐུན་དུ་བགྲང་བ་དང་། ཡ་སོ་གཉིས་པོའི་མཐའ་ནས་གཡས་དང་པོ་ས། གཡོན་དང་པོ་ཆུ། གཡས་གཉིས་པ་མེ། གཡོན་གཉིས་པ་ང་ཞེས་ལུགས་མི་མཐུན་པར་བགྲང་ཚུལ་ལས་སོ། །ཁ་ཅིག་ལུགས་མི་མཐུན་པ་སྡུད་རིམ་དུ་བྱིས་པ་ལ་དང་པོར་སྟེང་དུ་ཡ་སོ་གཉིས་བྱུང་ན་ས་ཆུ། དེ་ནས་མ་སོ་གཉིས་མེ་རླུང་སོགས་ལུགས་ཟློག་དང་། བྱིས་པར་ལུགས་མཐུན་བསྐྱེད་རིམ་གྱིས་དང་པོར་འོག་ཏུ་མ་སོ་གཉིས་བྱུང་ན་གཡས་མཁའ་གཡོན་རླུང་། དེ་ནས་སྟེང་གི་གཉིས་མེ་ཆུ་སོགས་ལུགས་མཐུན་དུ་བརྩི་ཟེར་བའང་སྣང་སྟེ་འགྲེལ་པར་དེ་ལྟར་བཤད་པ་མི་སྣང་ངོ་། །སོ་འདི་དག་ཐབས་ཤེས་སུ་སྦྱོར་བ་ན་ཡ་སོ་གཡས་རྣམས་མ་སོ་གཡོན། མ་སོ་གཡས་རྣམས་ཡ་སོ་གཡོན་རྣམས་དང་རིམ་བཞིན་ཐབས་ཤེས་སུ་འཇོག་སྟེ། ས་དང་རླུང་། མེ་དང་ཆུ་ཐབས་ཤེས་སུ་འགྲིག་པར་བྱའོ། །གང་གི་འགའ་ཞིག་འཁྱོགས་པོའི་མཆེ་བ་སྟེ་ཞེས་པ་སོ་སྦྲག་པའམ་སོ་ལྷག་བྱུང་ན་དེ་ཉིད་ནམ་མཁའི་ཁམས་སོ། །གཞན་ཡང་སྐྲ་དང་བ་སྤུ་ཡི་མཐར་ཐུག་པ་ནི་ཕ་མའི་རྡུལ་དང་ཁུ་བའི་དབང་གིས་མིའི་ལུས་མཆོག་ལ་འབྱུང་བར་འགྱུར་བ་དེ་དང་དེ་ནི་གོང་དུ་བཤད་པ་དེ་བཞིན་དུ་ཡང་ཁམས་ལྔ་ལ་བརྟེན་ནས་བྱུང་བ་ཡིན་པར་རིག་པར་བྱའོ། །སྐབས་འདིར་འགྲེལ་བར་ལུས་ཀྱི་དབེན་པ་བྱེ་བ་ཕྲག་ཕྱེད་དང་གསུམ་གྱི་དབྱེ་བ་ཇི་སྙེད་པ་ཞེས་པ་དང་། ཀུན་འབྱུང་གི་བདེན་པ་ནི་ལུས་ཀྱི་དབེན་པས་སོ་ཞེས་པ་ལ། དབེན་པའི་སྐད་དོད་་བཻ་ཀཾ་ཞེས་པ་དཔང་འགྱུར་དུ་ལུས་ཀྱི་དབྱེ་བ་བྱེ་བ་ཕྲག་ཅེས་དང་། ཀུན་འབྱུང་གི་བདེན་པ་ནི་ལུས་ཀྱི་རྣམ་པར་དབྱེ་བས་སོ་ཞེས་འབྱུང་བ་ལེགས་ཏེ། སྐྲ་རྣམས་དང་བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞི་པོ་རྣམས་ཀྱང་ཕ་མའི་ཁུ་རྡུལ་གྱི་ཁམས་ཀྱི་འགྱུར་བ་ལ་བྱུང་བའི་དོན་དང་། ཁམས་འདི་དག་གང་


MR17_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གཙོ་བོར་གྱུར་བ་དེར་ཁམས་གཞན་ཀུན་ཀྱང་ཕལ་པའི་ཚུལ་དུ་འབྱུང་བའམ། ཡང་ན་ཁམས་ལས་ལུས་ཀྱི་མཛོད་དང་རྩ་དང་དབང་པོ་ལ་སོགས་པ་ཀུན་འབྱུང་བས་ན་ཀུན་འབྱུང་བའི་བདེན་པ་ནི་ལུས་ཀྱི་ཁམས་ཀྱིས་རྣམ་པར་དབྱེ་བས་སོ་ཞེས་པའི་དོན་ཏོ། །མཁས་པ་གཞན་དག་ཐབས་ཀྱི་ལམ་དུ་མ་བྱས་པའི་ལུས་གནས་ངན་ལེན་གྱི་རྒྱུའི་གཙོ་བོ་ཡིན་པས་ཀུན་འབྱུང་གི་བདེན་པ་དང་དེ་སྒྲིབ་བྲལ་དུ་གྱུར་བས་འགོག་བདེན་ཤུགས་ལ་བསྟན་ཏོ་ཞེས་བཞེད་དོ། །འགྲེལ་བར་སྒོ་གསུམ་འབྱུང་བ་དང་བདེན་བཞི་ངེས་པའི་མདོར་བསྡུས་དང་པོས་འདི་ཡན་ཆད་ཀྱི་དོན་གཏན་ལ་ཕབས་པར་མཛད་དོ། །དེ་ནས་གནས་པ་བདུན་པའི་དུམ་བུ་འཁོར་ལོ་དྲུག་བཤད་པ་ནི། རྟེན་འཁོར་ལོ་དྲུག་དང་བརྟེན་པ་སྐུ་བཞི་སྦྱར་ཚུལ་ནི། གསང་བ་དང་གཙུག་ཏོར་དང་ལྟེ༷་བ་ཡི་འཁོར་ལོ་ལ་ཡང་ལྷན་ཅིག་སྐྱེས་པ་ཡེ་ནས་དག་པ་རྒྱལ་བའི་སྐུ་ལྷག་པའི་ལྷ་ཉིད་དུ་ལྡན་པ་སྟེ་སྐུ་དེའི་རང་བཞིན་ནི་རྟོག་པས་བཏགས་པའི་བཅོས་མ་ཡི་རང་བཞིན་མེད་པ་དང་། མ་བརྟག་པར་མ་བཅོས་གཉུག་མའི་ངང་ལས་འོད་གསལ་གྱི་རང་གདངས་པྲ་ཕབ་པ་ལྟ་བུའི་རང་བཞིན་སྟོང་གཟུགས་དངོས་སུ་སྣང་བའོ། །འཁོར་ལོ་འདི་གསུམ་ལྷན་སྐྱེས་ཀྱི་སྐུའི་རྟེན་དུ་འཇོག་པའི་རྒྱུ་མཚན་ལ་མཁས་པ་སྔ་མ་འགའ་ཞིག །ལོ་བཅུ་དྲུག་གི་མཐར་ཐིག་ལེ་འཛགས་པ་ན་ལྷན་ཅིག་སྐྱེས་དགའ་མངོན་དུ་འགྱུར་བས་དེ་ལ་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བྱ་ལ་གསང་གནས་ཀྱི་འཁོར་ལོའང་ཡེ་ཤེས་ཀྱི་འཁོར་ལོ་ཡིན་པ་དང་། ནམ་མཁའ་ཐུགས་རྡོ་རྗེ་ལ་ཡེ་ཤེས་རྡོ་རྗེ་བརྟེན་པ་དང་། གཙུག་ཏོར་ནམ་མཁའི་འཁོར་ལོ་ཡིན་པས་གཙུག་ཏོར་འཁོར་ལོ་དང་། གཙོ་བོའི་རྒྱབ་ཞལ་ལྷན་སྐྱེས་ཀྱི་སྐུ་ཡིན་པ་དང་། དེ་ནུབ་དུས་མེ་ས་ཁམས་ལ་བརྟེན་པ་ཡིན་ལ། ལྟེ་བ་སའི་འཁོར་ལོ་ཡིན་པས་འཁོར་ལོ་དེ་གསུམ་ལྷན་ཅིག་སྐྱེས་སྐུའི་རྟེན་དུ་བཞག་ཅེས་གསུངས་ཀྱང་། ལྷན་སྐྱེས་ཀྱི་སྐུ་ས་ཁམས་ཡིན་པ་ལ་བརྟེན་ནས་ས་ཁམས་གང་ཡིན་ཐམས་ཅད་དེའི་རྟེན་དུ་འགྲོ་མི་དགོས་པས་འབྲེལ་བ་མེད་ཅིང་། རང་བཞིན་


MR17_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

དང་རང་བཞིན་མེད་པའི་དབྱེ་བ་ལས་ཞེས་པའི་དོན་ཀྱང་མ་ཤར་བར་སྣང་ངོ་ཞེས་མཁས་གྲུབ་རྗེས་གསུངས། དེ་ཡང་ལམ་དུས་སུ་ཡས་བབ་དང་མས་བརྟན་གྱི་དགའ་བ་སྔ་མ་གསུམ་ཚེས་བཅོ་ལྔ་དང་སྦྱར་བའི་ཆ་བཅུ་དྲུག་པ་ནི་ཡས་བབ་ཀྱི་དུས་ན་གསང་བ་ནས་ནོར་བུའི་རྩེར་གཡོ་མེད་དུ་བཅིངས་པའི་བདེ་ཆེན་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ལ། དེ་བཞིན་དུ་མས་བརྟན་གྱི་དགའ་བ་ལ་ཡང་། ནོར་བུ་ནས་གསང་བ་སྙིང་ག་དཔྲལ་བའི་འཁོར་ལོའི་བར་དུ་ཡར་འོངས་པའི་དབྱེ་བས་དགའ་བ་སྔ་མ་གསུམ་ལ་གང་དུ་སླེབ་པའི་གནས་ཀྱི་དབྱེ་བ་ལྔས་ཕྱེ་བའི་བཅོ་ལྔའི་མཐར། དཔྲལ་བ་ནས་གྱེན་དུ་འོངས་ཏེ་གཙུག་ཏོར་གྱི་རྩེར་སླེབས་ནས་བརྟན་པ་ན་ལྷན་ཅིག་སྐྱེས་དགའ་དཀར་པོའི་ཆ་བཅུ་དྲུག་པ་ཡིན་ཞིང་། དེ་འདྲའི་ལྷན་སྐྱེས་དགའ་ཆ་བཅུ་དྲུག་པའི་གནས་སྐབས་གཉིས་པོ་གོང་ནས་གོང་དུ་ཁྱད་པར་དུ་གྱུར་པའི་རིགས་འདྲའི་རྒྱུན་མཐར་ཐུག་པ་འབྲས་དུས་ཀྱི་ལྷན་སྐྱེས་ཀྱི་སྐུ་ཡིན་པ་དེའི་ཕྱིར་གཙུག་ཏོར་དང་གསང་བའི་འཁོར་ལོ་གཉིས་ལྷན་ཅིག་སྐྱེས་པའི་སྐུའི་རྟེན་དུ་གསུངས་སོ། །བཤད་མ་ཐག་པའི་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆ་བཅུ་དྲུག་པ་དེ་དངོས་སུ་འདྲེན་པའི་རྒྱུ་ཐུན་མོང་མིན་པ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ཡིན་ལ། དེ་ཡང་དངོས་པོ་ལ་མ་གྲུབ་པར་བསྐྱེད་རིམ་ཀྱི་ལྷ་སྐུ་བཞིན་རྟོག་པས་བཏགས་པའི་ཡིད་ངོ་འབའ་ཞིག་གི་སྐུ་མ་ཡིན་པར། མ་བཏགས་པ་དངོས་པོ་ལ་གྲུབ་པའི་སྟོང་གཟུགས་ཀྱི་ཕྱག་རྒྱ་ཁྱད་པར་བ་རྗེས་དྲན་གྱི་སྐབས་སུ་ཐོག་མར་འགྲུབ་པ་ནི། ལྟེ་བའི་འཁོར་ལོའི་དབུས་ཀྱི་ཨ་བ་དྷཱུ་ཏཱིའི་ནང་དུ་རླུང་ཞུགས་གནས་ཐིམ་གསུམ་བྱས་པ་ལས་གནས་དེར་ཤར་བའི་སྟོང་གཟུགས་སུ་གསུངས་པས། དེའི་ཕྱིར་ལྷན་སྐྱེས་ཀྱི་ཡེ་ཤེས་ཁྱད་པར་བ་དངོས་སུ་འདྲེན་བྱེད་ཁྱད་པར་བ་ཐོག་མར་གང་དུ་འགྲུབ་པའི་གནས་ལྟེ་བའི་འཁོར་ལོ་ཡིན་པའི་དབང་དུ་མཛད་ནས། ལྟེ་བའི་འཁོར་ལོ་ལྷན་སྐྱེས་ཀྱི་སྐུའི་རྟེན་དུ་གསུངས་སོ་ཞེས་བདག་གི་རྗེ་ཐམས་ཅད་མཁྱེན་པའི་གསུང་ངག་ཐུན་མོང་


MR17_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའོ་ཞེས་མཁས་གྲུབ་རྗེས་གསུངས་པ་ལྟར་ལེགས་བཤད་དམ་པ་འདིའི་རྗེས་སུ་འབྲངས་པར་བྱས་ན་ལེགས་པར་མངོན་ནོ། །གཞན་ཡང་གཙུག་ཏོར་དང་གསང་བའི་འཁོར་ལོ་ནི་ཡས་བབ་དང་མས་བརྟན་གྱི་ལྷན་ཅིག་སྐྱེས་དགའི་གནས་ཡིན་པ་ཡོངས་གྲགས་ལ་ལྟེ་བར་གནས་པ་གཏུམ་མོའི་མེ་ནི་ཁམས་ཞུ་ཞིང་བདེ་བ་འདྲེན་བྱེད་ཡིན་པས་ལྷན་སྐྱེས་ཀྱི་རྟེན་དུ་བཤད་ཀྱང་རུང་ལ་འཕོ་བ་བཅུ་གཉིས་ཀྱི་རླུང་གི་གནས་ལྟེ་བ་ཡིན་པས་དེ་འགག་པའི་དབང་གིས་ལྷན་སྐྱེས་ཀྱི་སྐུ་འགྲུབ་པ་ལའང་བཤད་དུ་རུང་ངོ་། །སྙིང་གའི་ཆུ་སྐྱེས་ལ་ནི་ཆོས་སྐུར་འགྱུར་ཏེ་ཞེས་གསུངས་པ། གཞི་དུས་སུ་སྙིང་གར་གཉིད་འཐུག་གི་གནས་སྐབས་བསྐྱེད་པའི་རྟེན་གྱི་ཐིག་ལེ་དེའི་སྟེང་གི་སྒྲིབ་པའི་ཆ་ལམ་ཟབ་མོས་སྦྱངས་པས་མཐར་འབྲས་ཆོས་སྐུ་འགྲུབ་པའི་ཕྱིར་རོ། །དེ་བཞིན་དུ་མགྲིན་པའི་ཆུ་སྐྱེས་ལ་གནས་པ་རྨི་ལམ་གྱི་གནས་སྐབས་བསྐྱེད་པའི་ཐིག་ལེ་ཡང་སྒྲིབ་བྲལ་དུ་གྱུར་པས་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པའི་བདག་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་བོ། །ཐིག་ལེ་ལ་ཞེས་པ་དཔྲལ་བའམ་སྤྱི་བོའི་ཆུ་སྐྱེས་དག་པའི་འཁོར་ལོ་ལ་ཡང་སད་པའི་གནས་སྐབས་བསྐྱེད་པའི་ཐིག་ལེ་གནས་པ་ལམ་གྱིས་སྒྲིབ་བྲལ་དུ་བྱས་པའི་རིགས་འདྲའི་རྒྱུན་མཐར་འབྲས་རྣམ་པ་སྣ་ཚོགས་སྟོན་པ་སྤྲུལ་པའི་སྐུ་ནི་འགྲུབ་པ་ཡིན་ནོ། །དེ་ལྟར་འཁོར་ལོ་སོ་སོ་ལ་གནས་པ་ས་ལ་སོགས་པའི་ཡོན་ཏན་གྱི་དབང་གིས་འཁོར་ལོ་དྲུག་ཏུ་སྐུ་བཞི་པོ་ལྷག་པའི་ལྷ་རུ་ཇི་སྐད་བཤད་པའི་རིམ་པ་དེ་དག་གིས་འགྱུར་རོ། །ཡོན་ཏན་ནི་སྐབས་འདིར་ལྷན་ཅིག་སྐྱེས་པའི་རྟེན་གཙུག་གསང་ལྟེ་བ་གསུམ་གྱི་ཁམས་ནམ་མཁའ་དང་ཡེ་ཤེས་དང་སའོ། །ཆོས་སྐུའི་རྟེན་གྱི་ཡོན་ཏན་རླུང་། ལོངས་སྐུའི་མེ། སྤྲུལ་སྐུའི་ཆུའོ། །ཡང་སྙིང་གའི་འཁོར་ལོ་དང་མགྲི༷ན་པའི་འཁོར་ལོ་དང་སྤྱི་བོའི་པདྨ་གསུམ་ནི་རིམ་པ་བཞིན་ཆོས་སྐུ་དང་ལོངས་སྤྱོད་རྫོགས་པ་དང་ལྷན་སྐྱེས་དག་པ་ཡི་སྐུའོ། །སྤྱི་བོའི་འཁོར་ལོ་ཡོན་ཏན་


MR17_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་གིས་སྤྲུལ་སྐུ་ཡིན་ཡང་བསམ་པའི་དབང་གིས་དག་པ་སྟེ་དེ་ལྟར་གནས་གསུམ་སྐུ་གསུམ་དང་སྦྱར་བའང་ངོ་། །ཡང་སྐུའི་དབྱེ་བས་ལྟེ་བ་སྤྲུལ་པའི་འཁོར་ལོར་སྤྲུལ་པའི་སྐུ་ལྷག་པའི་ལྷར་བྱས་པའང་ཡོད་དོ། །དེ་ནས་གནས་པ་བདུན་པའི་དུམ་བུ་དཀྱིལ་འཁོར་དྲུག་སྟེང་དང་འོག་གི་ངོ་བོ་ཉིད་ཀྱི་གནས་པ་ནི། འདིར་ལུས་ཀྱི་འཁོར་ལོ་དྲུག་ལ་ཁམས་དྲུག་གི་དབང་གིས་གཞི་དུས་ཀྱི་རིགས་དྲུག་ཏུ་འགྱུར་ཏེ། ས་དང་མེ་དང་ཡེ་ཤེས་རིམ་བཞིན་ཡུམ་གྱི་སྐུ་གསུང་ཐུགས་དང་། ཆུ་དང་རླུང་དང་ནམ་མཁའ་ཡབ་ཀྱི་སྐུ་གསུང་ཐུགས་ཡིན་ལ། ཡུམ་གྱི་གསུམ་རྡུལ་དག་པ་དང་། ཡབ་ཀྱི་གསུམ་ཁུ་བ་དག་གི་རིགས་སུ་གྱུར་པས། ལྟེ༷་བ་སའི་འཁོར་ལོ་ལ་འཁོར་ལོའི་རིགས་སུ་འགྱུར་ཏེ་ཡུམ་གྱི་སྐུའོ། །མགྲི༷ན་པ་དག་མེའི་པདྨ་ནི་རིན་ཆེན་གྱི་རིགས་ཡུམ་གྱི་གསུང་དང་། གསང་བ་ཡེ་ཤེས་ཀྱི་ཁམས་གྲི་གུག་གི་རིགས་ཡུམ་གྱི་ཐུགས་སོ། །སྤྱི༷་བོ་ཡི་པདྨ་ཆུ་ཡི་ཁམས་པདྨའི་རིགས་ཡབ་ཀྱི་སྐུ་དང་ནི། སྙིང་ག་རླུང་གི་པདྨ་ལ་རལ་གྲིའི་རིགས་ཡབ་ཀྱི་གསུང་དང་། དེ་བཞིན་གཙུག་ཏོར་དབུས་སུ་ནམ་མཁའི་ཁམས་ཀྱི་པདྨ་ནི་རྡོ་རྗེའི་རིགས་ཡབ་ཀྱི་ཐུགས་སུ་འགྱུར་ཏེ། དེ་ལྟར་མ་ལས་ཐོབ་པ་རྣམས་ཡུམ་དང་། ཕ་ལས་ཐོབ་པ་ཡབ་གཙོ་བོའི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་པོ་དག་ཀྱང་རིམ་པས་འགྱུར་ཞིང་དེ་དྲུག་རྡུལ་དང་ཁུ་བ་དག་གི་རིགས་གཉིས་སུའང་འགྱུར་རོ། །འདིར་ལུས་ལ་སྟེང་དུ་སྲོག་དང་འོག་ཏུ་ཐུར་སེལ་གྱིས་དབང་བྱེད་པའི་རྩ་གསུམ་གྱི་དབྱེ་བས་མིང་གི་མཚན་ཉིད་ཅན་དུ་འགྱུར་ལ། དྲུག་པོ་དེའི་གསུམ་ཡབ་ཀྱི་དང་། གསུམ་ཡུམ་གྱི་སྐུ་གསུང་ཐུགས་སུ་འཇོག་པ་ཡིན་ཏེ། ཐུར་སེལ་གྱི་བཤང་བའི་རྩ་ནི་འཁོར་ལོ་ཡི་རིགས་སོ། །སྲོག་གི་ཉི་མའི་རྩ་ནི་རིན་ཆེན་གྱི་རིགས་སོ། །ཐུར་སེལ་གྱི་ཁུ་བའི་རྩ་དུང་ཅ་ནམ་མཁའ་ཡི་པདྨ་ནི་གྲི་གུག་གི་རིགས་སོ། །དེ་གསུམ་ཡུམ་གྱི་སྐུ་གསུང་ཐུགས་ཀྱི་རིགས་གསུམ་མོ། །སྲོག་གི་ཟླ་བའི་རྩ་ནི་ཆུ་སྐྱེས་པདྨའི་རིགས་སོ། །ཐུར་


MR17_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་གྱི་གཅི་བའི་རྩ་ནི་རལ་གྲི༷་མཆོག་གི་རིགས་དང་། སྲོག་གི་དབུ་མ་སྒྲ་གཅན་གྱི་རྩ་ནི་རྡོ་རྗེ་དང་ལྡན་པ་སྟེ་རྡོ་རྗེའི་རིགས་སོ། །དེ་གསུམ་གཙོ་བོ་ཡབ་ཀྱི་སྐུ་གསུང་ཐུགས་ཡིན་ལ། དེ་ལྟར་སྟེང་དང་འོག་གི་རྩ་ཡི་རིགས་དྲུག་གོ། དེ་དག་སྟེང་དུ་སྲོག་གི་རྩ་གསུམ། འོག་ཏུ་ཐུར་སེལ་གྱི་རྩ་གསུམ་སྟེ། དེ་ལྟར་སོ་སོར་རྣམ་པ་གསུམ་གྱི་ལམ་ལ་གནས་པ་རྣམས་ཏེ་གཡས་ཉི་མ་དང་གཡོན་ཟླ་བ་དང་དབུས་སྒྲ་གཅན་ནམ་དུས་མེ་ཡི་རྩ་ཡི་དབྱེ་བས་སོ། །ཐབས་ཤེས་ཕན་ཚུན་ལུས་བསམ་གྱི་དབྱེ་བས་ཁམས་དང་ཁ་དོག་རྣམས་གཞན་དང་གཞན་དུ་འགྱུར་ཚུལ་གསུངས་པ་ཡིན་ལ། ཚིགས་བཅད་ཉེར་དགུ་དང་སུམ་ཅུ་པ་འདི་གནས་པ་བཅུ་གཅིག་པ་ཁམས་རྣམས་ལས་ལྷའི་མཚན་མ་འབྱུང་བའི་ངོ་བོ་ཉིད་ཀྱི་གནས་པར་འཆད་པ་ཡོད་ཀྱང་དེ་ནི་སྒྲུབ་ལེར་བཤད་པའི་ཕྱག་མཚན་སོགས་གསུངས་པ་དེ་ཡིན་གྱི་འདི་མ་ཡིན་པས། འདི་གནས་པ་བདུན་པའི་དུམ་བུར་འཆད་པ་ཉིད་ལེགས་སོ། །འདིར་ལུས་ལ་དབང་པོ་རྣམས་འཛིན་པར་བྱེད་པ་ཐབས་དང་། ཡུལ་གཟུང་བར་བྱ་བ་ཤེས་རབ་ཡིན་ལ། དེ་གཉིས་སོ་སོའི་ལུས་ཡིན་ཀྱང་། གཉིས་ཀ་ཚོགས་ནས་འཁྱུད་པའི་དབང་གིས་ཐབས་ཀྱི་བསམ་པ་ཤེས་རབ་ལ་ཞུགས་ཤིང་། ཤེས་རབ་ཀྱི་བསམ་པ་ཐབས་ལ་ཞུགས་པས་ཕན་ཚུན་རོ་མཉམ་པར་འགྱུར་བ་སྟེ། དེའི་ཕྱིར་ཅིག་ཤོས་ཀྱི་ལུས་ལ་ཅིག་ཤོས་ཀྱི་བསམ་པ་རབ་ཏུ་ཞུགས་པ་དབྱེར་མེད་དུ་འདྲེས་ཤིང་ནམ་མཁའ་བཞིན་དུ་རོ་མཉམ་པ་དང་། དེ་བཞིན་དུ་ཡང་གཟུང་བྱ་བསམ་པའི་དབུས་སུ་སོ་སོའི་ལུས་དག་ཀྱང་ཞུགས་ཤིང་འདྲེས་ཏེ་རོ་མཉམ་དུ་གྱུར་པ་ནི་རིམ་གཉིས་ཀྱི་རྣལ་འབྱོར་ལྡན་པས་ཤེས་པར་བྱ་ལ། དེ་ཡང་ཐབས་ཤེས་སོ་སོའི་ལུས་ཀྱི་རང་བཞིན་འབྱུང་བའི་ཡོན་ཏན་གྱི་དབང་གིས་ས་སོགས་ཁམས་ཀྱི་ཁ་དོག་ལ་སོགས་དབྱེ་བ་ཤེས་པར་བྱ་སྟེ། ཇི་ལྟར་ན་སེར་པོ་ནག་པོ་དག་དང་ཁ་དོག་དམར་པོ་ཞེས་དང་དཀར་པོ་བཞི་ནི་རིམ་པ་བཞིན། ས་དང་རླུང་དང་མེ་དང་ཆུ་ལ་ཤེས་པར་བྱའོ་ཞེས་ས་ཁ་དོག་སེར་པོ་ནས་ཆུ་དཀར་པོའི་བར་


MR17_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

དུའོ། །ཡེ་ཤེས་ཀྱི་ཁམས་དང་ནམ་མཁའ་ཡི་ཁམས་ལ་ཡང་ཁ་དོག་ནི་རིམ་བཞིན་སྔོན་པོ་དང་ལྗང་གུར་འགྱུར་ཏེ། །དེ་དག་ཀྱང་ལུས་དང་བསམ་པའི་རབ་ཏུ་དབྱེ་བས་སོ། །དེ་ཇི་ལྟར་ན་ཐབས་ས་ཁམས་པ་རྣམས་ཀྱི་ཤེས་རབ་རླུང་ཁམས་ཡིན་པས་ཐབས་རང་གི་ལུས་ཀྱི་སྒོ་ནས་ཁ་དོག་སེར་པོ་དང་། ཤེས་རབ་ལ་ཞུགས་པའི་བསམ་པའི་སྒོ་ནས་ཁ་དོག་ནག་པོར་འགྱུར་ལ་དེ་བཞིན་དུ་མེ་དང་ཆུ་ཕན་ཚུན་ཐབས་ཤེས་སུ་གྱུར་པ་ཡང་ཤེས་པར་བྱའོ། །དེ་རྒྱས་པར་གསུངས་པ། འདིར་ལུས་ཀྱི་དབྱེ་བས་ལུས་ཀྱི་དབང་པོ་སྒྲིབ་སེལ་དང་། ཡུལ་དྲི་ནི་དྲི་ཡི་རྡོ་རྗེ་མ་དང་། བཤང་ལམ་གྱི་དབང་པོ་རེངས་བྱེད། ངག་བརྗོད་པ་འོད་ཟེར་ཅན་རྣམས་སའི་ལུས་ཀྱི་རང་བཞིན་གྱི་ཁ་དོག་སེར་པོ་དང་། དེས་བདེ་བ་བསྐྱེད་བྱའམ་དེ་ལ་འཁྱུད་པ་རྣམས་ནི་བསམ་པའི་དབང་གིས་རླུང་གི་རང་བཞིན་ཁ་དོག་ནག་པོའོ། །དེ་བཞིན་དུ་སྣ་དབང་མཁའ་སྙིང་དང་རེག་བྱ་རྡོ་རྗེ་མ། ངག་དབང་ཤིན་སྟོབས། བཤང་འཛག་ལྕགས་སྒྲོག་མ་རྣམས་ལུས་ཀྱི་ནག་པོ། །དེས་འཁྱུད་བྱ་རྣམས་བསམ་པའི་དབྱེ་བས་སེར་པོའོ། །མིག་དབང་ས་སྙིང་དང་རོ་རྡོ་རྗེ་མ་དང་། །ལག་པའི་དབང་པོ་རྨུག་བྱེད། །འགྲོ་བ་ཁྲོ་གཉེར་ཅན་རྣམས་ལུས་ཀྱི་མེའི་དམར་པོ། །དེས་བསྐྱེད་འཁྱུད་རྣམས་བསམ་པའི་དབང་གིས་དཀར་པོའོ། །ལྕེ་དབང་འཇིག་རྟེན་དབང་ཕྱུག །ཁ་དོག་གི་གཟུགས་གཟུགས་རྡོ་རྗེ་མ། རྐང་པའི་དབང་པོ་རེངས་བྱེད། ལེན་པ་ཙུནྡ་རྣམས་ལུས་ཀྱིས་དཀར། བསམ་པས་དམར་པོའོ། །རྣ་དབང་ཕྱག་རྡོར། ཡུལ་ཆོས་ཁམས་སམ་ཆོས་དབྱིངས་རྡོ་རྗེ་མ། །བྷ་གའི་དབང་པོ་གཙུག་ཏོར། ཁུ་བ་འཕོ་བ་དྲག་སྤྱན་མ་རྣམས་ལུས་མཁའ་ཁམས་ལྗང་། །དེས་བསྐྱེད་འཁྱུད་པ་རྣམས་བསམ་པས་ཡེ་ཤེས་ཀྱི་རང་བཞིན་སྔོན་པོའོ། །ཡིད་དབང་ཀུན་བཟང་། སྒྲ་རྡོ་རྗེ་མ། མཆོག་དབང་དུང་ཅན་མ་གནོད་མཛེས། གཅི་བ་འཛག་པ་ཤིན་སྔོན་མ་རྣམས་ལུས་ཀྱི་སྔོ། དེར་འཁྱུད་རྣམས་བསམ་པས་ལྗང་གུའོ། །དེ་ལྟར་ལུས་བསམ་


MR17_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབྱེ་བས་ཁ་དོག་གི་ངེས་པ་བཤད་ནས། ཤ་དང་རུས་པ་སོགས་ཁམས་རྣམས་ཕན་ཚུན་ཤེས་རབ་དང་ཐབས་ཀྱིས་འཁྱུད་པ་གསུངས་པ། ཤེས་རབ་དང་ཐབས་སུ་གྱུར་པ་ནི་འདི་ལྟ་སྟེ། ལུས་འདི་ལ་སྲ་བ་ས་ཁམས་རུས་པ་ཤེས་རབ་དང་ཤ་ནི་ཐབས་སོ་ཞེས་དང་། འགྲེལ་པ་ལས་ཤ་ལ་འདུ་བྱེད་ཅེས་བཏགས་པ་ནི་རླུང་གི་ཁམས་ཡིན་པས་ཏེ། འོག་ཏུ་མེ་ལ་ཚོར་བར་བཏགས་པ་སོགས་ཀྱང་དེ་ལྟར་ཤེས་པར་བྱའོ། །ཤ་རུས་མ་བྲལ་ན་ལུས་འཚོ་བས་ཐབས་ཤེས་སུ་འབྲེལ་བར་བསྟན་ནོ། །དེ་བཞིན་དུ་ཆུ་དང་བཅས་པའི་ཁྲག་ཚོར་ཕུང་ཞེས་པ་མེ་ཁམས་ཏེ། ནང་གི་ཆུ་ཁམས་བྲལ་ན་ཁྲག་སྐམ་པས་ཆུ་དང་ཁྲག་དེ་གཉིས་རིམ་བཞིན་གོང་མ་ཤེས་རབ་དང་འོག་མ་ཐབས་སོ། །དེ་བཞིན་དུ་ལུས་ཀྱི་མེ་དྲོད་དག་དང་ནི་གཅི་བ་འདུ་ཤེས་ཆུ་ཡི་མཚན་ཉིད་ཅན་ཉིད་ནི་ཤེས་རབ་དང་ཐབས་ཏེ། དེ་ལ་གོང་དུ་ཁུ་བ་འདུ་ཤེས་སུ་བཤད་པ་མ་ཡིན་ནམ། ཇི་ལྟར་གཅི་བའི་ཁམས་འདུ་ཤེས་སུ་འཇོག་ཟེར་ན། ལུས་ལ་འདུ་ཤེས་གཅི་བ་ནི་བྱིས་པ་སྐྱེས་པ་ཙམ་ནས་འཛག་ལ། བདེ་ཆེན་ཡེ་ཤེས་ཁུ་བ་འཛགས་པ་ནི་ལོ་བཅུ་དྲུག་གི་མཚམས་སུ་སྟེ། དེའི་ཕྱིར་ཁུ་བ་ཡེ་ཤེས་དང་། གཅི་བ་འདུ་ཤེས་ཀྱི་ཕུང་པོར་བརྗོད་དོ། །མེ་དང་དྲི་ཆུ་ཐབས་ཤེས་སུ་བཞག་པ་ནི། དྲི་ཆུ་དྲོད་དང་བྲལ་ན་འཆི་ལྟས་ཡིན་ལ་ལུས་གནས་པ་ལ་དྲི་ཆུ་དྲོད་དང་མ་བྲལ་བ་དགོས་པས་ཐབས་ཤེས་སུ་བཞག་ཅེས་བླ་མ་དག་གསུངས། མེ་དྲོད་ཀྱིས་དྲི་ཆུ་སྨིན་པར་བྱེད་པའི་དབང་དུ་བྱས་ཀྱང་མི་རུང་བ་མེད་དོ། །ལུས་ཀྱི་རླུང་ཁམས་དང་བཤང་བ་ཡང་ཤེས་རབ་དང་ཐབས་ཏེ། རླུང་གི་ཁམས་ཀྱིས་གཟུགས་ཀྱི་ཕུང་པོ་ས་ཁམས་བཤང་བ་དག་འདོར་སྡོམ་བྱེད་པས་སོ། །འདིར་ཤ་ཡི་ཁམས་སོགས་ལ་ཕུང་པོ་ལྔའི་མིང་གི་བརྡས་བསྟན་པ་ནི། གཟུགས་ཕུངས། ཚོར་བ་མེ། འདུ་ཤེས་ཆུ། འདུ་བྱེད་རླུང་། རྣམ་ཤེས་ནམ་མཁའ། ཡེ་ཤེས་སྟོང་པ་སྟེ་དབྱིངས་ལ་གྲུབ་པ་དེ་ཉིད་ཀྱི་སྒྲས་ཁམས་དྲུག་གི་ཆར་གཏོགས་པའི་དོན་དུ་དང་། ཐབས་རྣམས་ལ་ཕུང་པོའི་སྒྲས་བརྗོད་པའོ། །


MR17_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཞེས་རྡུལ་གྱི་ཁམས་དང་། ཁུ་བ་ཞེས་པ་རྣམ་པར་ཤེས་པའི་ཁམས་ནི་ཤེས་རབ་དང་ཐབས་ཏེ་དེ་གཉིས་མཆོག་གི་ལུས་ལ་དཔལ་ལྡན་རྡུལ་དང་བྱང་ཆུབ་ཀྱི་སེམས་ཉིད་དག་ཏུ་འགྱུར་རོ། །སྔ་མ་སྟོང་པ་དང་ཁུ་བའི་དོན་ཕྱི་མ་རྡུལ་དང་། བྱང་ཆུབ་ཀྱི་སེམས་ཞེས་པས་བཤད་པའོ། །ཚུལ་འདིས་རྡུལ་དང་ཁུ་བ་ཤེས་རབ་དང་ཐབས་དང་སྟོང་པ་དབྱིངས་དང་སེམས་ཉིད་ཡེ་ཤེས་ཤེས་རབ་དང་ཐབས་སུ་དོན་གྱིས་བསྟན་ཏེ་རིགས་གཞན་གྱི་ཁྱབ་བྱེད་དོ། །དེ་བཞིན་དུ་རྣ་བ་ཐབས་དང་སྒྲ་ཤེས་རབ་ཡིན་པ་སོགས་དབང་ཡུལ་གཞན་རྣམས་ཀྱང་ཤེས་པར་བྱ་སྟེ། དྲི་ཤེས་རབ་སྣ་ཐབས། དེ་བཞིན་གཟུགས་དང་མིག །རོ་དང་ལྕེ། རེག་བྱ་དང་ལུས། ཆོས་ཀྱི་དབྱིངས་དང་ཡིད། བཤང་བ་འཛག་པ་དང་བཤང་ལམ། འགྲོ་བ་དང་རྐང་པ། ལེན་པ་དང་ལག་པ། བརྗོད་པ་དང་ངག །གཅི་བའི་བྱ་བ་དང་བྷ་གའམ་རྟགས། ཁུ་བ་འཛག་པ་དང་དུང་ཅན་མའི་དབང་པོ་ཟུང་རེ་རིམ་བཞིན་ཤེས་རབ་དང་ཐབས་སུ་ཤེས་པར་བྱ་སྟེ། ཁམས་རང་རང་གི་རྒྱལ་བའི་རིགས་ཀྱི་དབང་གིས་ངག་གི་དབང་པོའི་རང་བཞིན་ལ་སོགས་པ་ཐབས་དང་དེའི་བྱ་བ་དག་ཀྱང་ཤེས་རབ་ཏུ་ཤེས་པར་བྱ་བའི་བར་དུ། ཇི་སྐད་བརྗོད་པ་དེ་ལྟར་ཤེས་རབ་ལྷ་མོ་སྤྱན་མ་དང་སྒྲ་རྡོ་རྗེ་མ་ལ་སོགས་པ་དང་། ཐབས་སངས་རྒྱས་རྣམ་སྣང་དང་བྱང་ཆུབ་སེམས་དཔའ་ཕྱག་རྡོར་ལ་སོགས་པ་དང་བཅས་པ་ཡི་གཞི་དུས་ཀྱི་ཕུང་ཁམས་དབང་པོ་ཡུལ་དང་ཡུལ་ཅན་རྣམས་ནི་གཞན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དག་ལའང་ཤེས་རབ་དང་ཐབས་སུ་རིག་པར་བྱ་སྟེ། སྒྲུབས་ཐབས་ལེའུ་སོགས་སུ་འཆད་པར་འགྱུར་བ་བཞིན་དུའོ། །ཕན་ཚུན་ཤེས་རབ་དང་ཐབས་སུ་འཁྱུད་པའི་ཆོ་གའི་ངེས་པ་བརྗོད་པའོ། །དེ་ནས་གནས་པ་བདུན་པའི་དུམ་བུ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་གསུངས་པ་ནི། ཚིགས་བཅད་སོ་གཅིག་པས་བསྟན་ཏེ། དེ་ཡང་ཟླ་ཉི་ཁུ་རྡུལ་གྱི་བྱ་བ་ལས་ལུས་ལ་


MR17_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་ཇི་ལྟར་ཆགས་པ་ནི། རྩ་རྣམས་སྟོང་ཕྲག་དྲུག་ནི་ཉིན་མོར་བྱེད་པས་བསྒྱུར་བ་ཁྲི་བདུན་དང་ཉིས་སྟོང་ངམ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་མངལ་ན་གནས་པ་མངལ་གྱི་ཟླ་བ་གཅིག་རྫོགས་པའི་རྗེས་ནས་ཞག་རེར་རྩ་ཉིས་བརྒྱ་རེ་ཆགས་པས། མངལ་གྱི་དབུས་དག་ཏུ་ཡང་རྩ་ཡི་གྲངས་འཕེལ་ལ། ཡང་ཡིག་གིས་བཙས་པའི་རྗེས་སུའང་འཕེལ་ཏེ། མདོར་ན་མངལ་ཆགས་ནས་ཟླ་གཅིག་གི་བར་དུ་རྩ་གང་ཡང་མི་ཆགས་ཤིང་ཟླ་གཅིག་རྫོགས་ནས་ཞག་རེར་རྩ་ཉིས་བརྒྱ་རེ་འཕེལ་བའི་ཟླ་བ་གཅིག་གི་ཉིན་ཞག་སུམ་ཅུ་ལ་རྩ་སྟོང་ཕྲག་དྲུག་གི་གྲངས་འཕེལ་བ་ནི་བྱས་ནས་ཟླ་བ་བཅུ་གཉིས་ཀྱི་ཞག་སུམ་བརྒྱ་དྲུག་ཅུ་ལ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་འཕེལ་བ་རྫོགས་ནས། དེ་ལྟར་ལོ་གཅིག་ནི་རྫོགས་པ་ན་ཡང་རྩ་འཕེལ་བ་གཏོང་སྟེ་དེ་ཕན་ཆད་འཕེལ་རྒྱུ་མེད་དོ། །རྩ་འཕེལ་བ་གཏོང་བའི་མཚམས་མངལ་ཆགས་པའི་ཟླ་གཅིག་མ་བརྩིས་པའི་ཟླ་བ་བཅུ་གསུམ་པ་དེ་ནས་རི་བོང་འཛིན་པ་ཁུ་བ་དང་། ཉི་མ་རྡུལ་དག་ཀྱང་འཕེལ་བའི་མགོ་རྩོམ་པར་བྱེད་ཅིང་རིམ་པར་སྐྱེས་པའི་ལོ་བཅུ་དྲུག་དང་། བུད་མེད་ཀྱི་ལོ་བཅུ་གཉིས་ཀྱི་མཚམས་སུ་ཁམས་འཛག་པའི་དུས་དེ་ལ་མ་ཐུག་གི་བར་དུ་འཕེལ་བར་བྱེད་པར་འགྱུར་རོ། །མཚམས་དེ་ནས་འཕེལ་བ་གཏོང་ཞིང་འཛག་པའི་དོན་གྱིས་བུད་མེད་རྣམས་ལོ་ནི་བཅུ་གཉིས་ལོན་ཏེ་རྡུལ་འབབ་པ་དག་ན་ཉིན་བྱེད་དེ་རྡུལ་གྱི་ཁམས་ནི་འཕེལ་བ་གཏོང་སྟེ། དེ་བཞིན་སྐྱེས་པའི་ལོ་བཅུ་དྲུག་ན་ཁུ་བ་འཕེལ་བ་གཏོང་ལ། གོང་དུ་འཕེལ་བ་དང་འཛག་པ་ནི་སྐྱེས་པ་དང་བུད་མེད་རང་རང་གི་ལུས་པོ་དག་ལའོ། །ལུས་ལ་རྩ་ནི་སྐམ་ཞིང་འཆད་པ་ནི་རྩ་སྟོང་ཕྲག་དོན་གཉིས་པོ་རྫོགས་པར་རབ་ཏུ་སྐྱེས་ཟིན་ནས། དེ་ཡི་རྗེས་ཐོག་དེ་མ་ཐག་པའི་ཉིན་ཞག་སོ་སོར་ཉིན་ཞག་རེ་རེ་དག་ལ་རིམ་པས་རྩ་ཟུང་གི་གྲངས་སུ་འགྱུར་ཏེ། ཞག་རེ་ལ་རྩ་གཉིས་རེ་འཆད་པའམ་རླུང་གིས་འདོར་བར་འགྱུར་པ་འོག་ཏུ་རྩ་འཆད་པའི་མདོར་བསྡུས་


MR17_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པར་འགྱུར་རོ། །རྩ་དང་ཁམས་འཕེལ་ཚུལ་གྱི་ངེས་པའོ། །དེ་ནས་གནས་པ་བདུན་པའི་དུམ་བུ་དབུགས་ཀྱི་གྲངས་དང་། ཕྱིའི་ཆོས་རྣམས་ཇི་ལྟར་ལུས་ལ་སྦྱར་བ་སྤེལ་ཏེ་བཤད་པ་ལ་མུ་སྟེགས་ཅན་དྲངས་ཕྱིར་དེ་ཉིད་ཉེར་བཞི་ལུས་ལ་སྦྱར་བ་ནི། ཁམས་ལེར་བཤད་པ་ལྟར་དཔལ་ལྡན་འབྱུང་བ་ལྔ་པོ་དང་ནི་རྣ་བ་སོགས་དབང་པོ་ལྔ་པོ་རྣམས་དག་ནི་དེ་ཉིད་བཅུ་རུ་རབ་ཏུ་འགྱུར་ལ། དེ་བཞིན་ལག་པ་སོགས་ལས་ཀྱི་དབང་པོ་ལྔ་རྣམས་དང་། སྒྲ་སོགས་དེ་ཙམ་ལྔ་རུ་བརྗོད་པ་རྣམས་དང་སྙིང་སྟོབས་སོགས་ཡོན་ཏན་གསུམ་དང་བཅས་པ་དག་ཀྱང་ཡིད་དང་བློ་དང་ངར་འཛིན་དང་མཆོག་ཅེས་པ་དབང་པོ་དྲུག་པ་མཆོག་གི་དབང་པོའོ། །འདི་དག་དེ་ཉིད་ཉེར་བཞི་པོ་རྣམས་ཏེ་ནང་དུ་ལུས་དང་ཕྱི་རོལ་ཏུ་སྲིད་པ་གསུམ་གྱི་གནས་སུ་ཉེར་བཞི་པོ་འདི་ནི་ལོངས་སྤྱོད་པར་བྱ་བ་ཡིན་ལ། གང་གིས་ལོངས་སྤྱོད་པ་པོ་ནི་གཙོ་བོ་དག་ཡིན་ནོ། །དེ་ཡང་དབང་པོ་སོགས་བསྐྱེད་པའི་གཙོ་བོ་ནི་བཞི་པའི་གནས་སྐབས་ལ་བཤད་པའང་ཡོད་མོད། འདིར་དེ་མ་ཡིན་ཏེ་ལོངས་སྤྱོད་པའི་གཙོ་བོ་སྐྱེས་བུ་ལ་བཤད་པ་ཡིན་པས་སོ། །ཇོ་འགྱུར་དུ་ཁྱབ་བདག་ཅེས་ཡོད་དོ། །གཙོ་བོའམ་ཁྱབ་བདག་ཞེས་པ་སུ་ཞིག་ཡིན་ཅེ་ན། ཕུང་པོ་ལྔ་ཚོགས་པ་ཡི་བདག་ཉིད་ལ་བདག་དང་སྐྱེས་བུ་ཞེས་སུ་བཏགས་པ་འདོད་གཟུགས་གཟུགས་མེད་རྣམ་པ་གསུམ་གྱི་ཁྲིད་པ་ལ་གནས་པ་བདག་གམ་གང་ཟག་དག་གི་རང་གིར་བྱ་བའི་དགེ་མི་དགེའི་ལས་ནི་བསགས་པ་འདི་དག་གི་ལོངས་སྤྱོད་པའོ། །དེས་ན་ལོངས་སྤྱད་བྱ་ཉེར་བཞི་པོ་སྐྱེས་བུས་གཟུང་བར་བྱ་བའི་ཆོས་ཅན་ནོ། །སྐྱེས་བུ་རང་གི་ངོ་བོ་ནི་བཟུང་བྱའི་ཆོས་དང་བྲལ་བ་འཛིན་པའི་རང་བཞིན་ཅན་ནོ། །གཟུང་འཛིན་དུ་བསྟན་པ་ནི་ཀུན་རྫོབ་ཇི་ལྟར་སྣང་བ་ཡི་དབང་དུ་བྱས་ཀྱི། དོན་དམ་པར་སྐྱེས་བུ་དང་བདག་ཅེས་བཏགས་པ་ཙམ་ལས་རང་གི་ངོ་བོ་མེད་པས་འཛིན་པ་པོས་སྟོང་ཞིང་། གཟུང་བྱ་ཡང་ཚོགས་པའི་ཆོས་ལ་ངོ་


MR17_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཉིད་ཀྱིས་གྲུབ་པ་མེད་པས་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་བ་རང་བཞིན་གྱིས་འོད་གསལ་བར་ཡོད་པའོ། །རང་བཞིན་དང་སྐྱེས་བུ་ནང་ལུས་ལ་སྦྱར་བའི་ངེས་པའོ། །སྐབས་འདིར་འདི་ལྟར་ཤེས་པར་བྱ་སྟེ། ཕྱི་རོལ་གྲངས་ཅན་པའི་དེ་ཉིད་ཉེར་ལྔ་ནི། དབང་ཕྱུག་ནག་པོའི་རྒྱུད་ལས། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ལས་ཚོགས་ནི་རྣམ་པ་བཅུ་དྲུག་གོ། བཅུ་དྲུག་པོ་ནི་དེ་དག་རྣམས་ལས་ཀྱང་། །ལྔ་པོ་རྣམས་ལས་འབྱུང་བ་ཆེན་པོ་ལྔ། །ཞེས་པ་ལྟར་ལོངས་སྤྱད་བྱ་གཙོ་བོ་སོགས་ཉེར་བཞི་དང་། དེ་ལ་ལོངས་སྤྱོད་བྱེད་བདག་ཤེས་རིག་གི་སྐྱེས་བུ་དང་ཉེར་ལྔ་བཤད་པ་དེ་དག་རྒྱུད་འདིར་དངོས་པོའི་དོན་ལ་གནས་པའི་དེ་ཉིད་ཉེར་ལྔ་གཞན་གྱི་སྒོ་ནས་བསྟན་པར་མཛད་དོ། །དེ་ལ་གྲངས་ཅན་པས་ཡོན་ཏན་གསུམ་ཆ་མཉམ་པ་དངོས་པོ་ཀུན་གྱི་རྒྱུ་སྣང་བའི་ལམ་དུ་མི་འགྱུར་ཞིང་རྟོགས་དཀའ་བ་རང་བཞིན་ནམ་གཙོ་བོ་ཞེས་པ་དེ་ལས། བློ་འམ་ཆེན་པོ་ཞེས་པ་མེ་ལོང་ངོས་གཉིས་པ་ལྟ་བུས་སྐྱེས་བུ་དང་ཡུལ་རྣམས་མཚམས་སྦྱོར་བར་བྱེད་དོ། །དེའི་དབང་གིས་སྐྱེས་བུས་བདག་གིས་ལོངས་སྤྱོད་དོ་སྙམ་པའི་ང་རྒྱལ་འབྱུང་ཞིང་། རྒྱུ་དེ་ལས་སྒྲ་རེག་གཟུགས་རོ་དྲི་སྟེ་དེ་ཙམ་ལྔ་དང་། མིག་རྣ་སྣ་ལྕེ་ལུས་ཏེ་ལུས་དབང་ལྔ་དང་། ངག་ལག་པ་རྐང་པ་རྐུབ་འདོམ་སྟེ་ལས་ཀྱི་དབང་པོ་ལྔ་དང་ཡིད་དང་བཅུ་དྲུག་འབྱུང་ངོ་། །བཅུ་དྲུག་པོའི་ནང་ནས་དེ་ཙམ་ལྔ་པོ་དག་ལས་སྒྲའི་ཡོན་ཏན་གཅིག་པུ་དང་ལྡན་པ་ནམ་མཁའ་ནས་ཡོན་ཏན་ལྔ་ཀ་ཚང་པ་སའི་བར་གྱི་འབྱུང་བ་ཆེན་པོ་ལྔ་འབྱུང་ངོ་། །དེ་ལྟར་ན་གཙོ་བོ་ནི་རང་བཞིན་ཁོ་ན་ཡིན་པའི་མུ་དང་། བློ་དང་ང་རྒྱལ་དང་དེ་ཙམ་ལྔ་བཅས་བདུན་ནི་རང་བཞིན་དང་རྣམ་འགྱུར་གཉིས་ཀར་གཏོགས་པའི་མུ་དང་། དེའི་ལྷག་མ་བཅུ་དྲུག་ནི་རྣམ་འགྱུར་ཁོ་ན་ཡིན་པའི་མུ་དང་། སྐྱེས་བུ་ནི་རང་བཞིན་དང་རྣམ་འགྱུར་གཉིས་ཀ་མ་ཡིན་པའི་མུ་ཡིན་ནོ་ཞེས་འདོད་དོ། །དེ་ལྟར་གཙོ་བོ་སོགས་ཉེར་བཞི་ནི་ཡུལ་དང་ལོངས་སྤྱད་བྱ་ཡིན་ལ། སྐྱེས་བུ་ནི་ལོངས་སྤྱོད་པ་པོ་དང་ཟ་བ་པོ་ཡིན་ནོ་


MR17_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འདོད་དོ། །རྒྱུད་འདིར་གཙོ་བོའམ་རང་བཞིན་ནི་བཞི་པའི་གནས་སྐབས་དང་། ཆེན་པོའམ་བློ་ནི་མུ་སྟེགས་པའི་ལྟར་མ་ཡིན་ཏེ་རྣམ་པར་ཤེས་པ་དང་། ང་རྒྱལ་ནི་ངར་འཛིན་པ་ལ་གསུངས་ཤིང་། ཡིད་དང་འབྱུང་ལྔ་དབང་ལྔ་ལས་དབང་ལྔ་ཡུལ་ལྔ་རྣམས་ཀྱི་ཐ་སྙད་སོར་བཞག་སྟེ་ཐུན་མོང་དུ་མཛད་ཅིང་མཆོག་གི་དབང་པོ་བསྣན་ཏེ་གསུངས་སོ། །དེ་ཡང་ཡུལ་ལྔའམ་སྒྲ་སོགས་དེ་ཙམ་ལྔ་ལས་འབྱུང་ལྔ་བྱུང་བ་མ་ཡིན་ཏེ། ཇི་ལྟར་ན་སྔར་ཁམས་ལེར་རང་བཞིན་ནི་བཞི་པའི་དུས་ཏེ་ནམ་མཁའི་ཁམས་སོ་ཞེས། སྙོམ་འཇུག་གི་བདེ་བ་འཇིག་རྟེན་པའི་བཞི་པའི་དུས་རྡུལ་མུན་སྙིང་སྟོབས་ཀྱི་ཡོན་ཏན་གསུམ་ཆ་མཉམ་པ་ཀུན་གཞི་ནམ་མཁའ་ལྟ་བུ་དེ་ལ་རང་བཞིན་ནམ་གཙོ་བོའི་ཐ་སྙད་འདོག་པས་དེར་ནམ་མཁའ་བསྡོམས་པས་མཆོག་དབང་བསྣན་ཀྱང་ཉེར་བཞི་ལས་ལྷག་པར་མི་འགྱུར་རོ། །དེའི་ངང་ལས་ས་ཆུ་མེ་རླུང་བཞི་དང་ཡིད་དང་བློ་དང་ང་རྒྱལ་བདུན་བྱུང་བ་ནི་མུ་གཉིས་པ་དང་། དེ་ལས་བྱུང་བ་དབང་ལྔ་ཡུལ་ལྔ་ལས་དབང་ལྔ་མཆོག་ཡེ་ཤེས་ཀྱི་དབང་པོ་ཁུ་བ་འབྱུང་བ་དུང་ཅན་མ་བཅས་བཅུ་དྲུག་ནི་རྣམ་འགྱུར་ཁོ་ནའི་མུའོ། །འདི་སྐབས་ཡིད་ཅེས་པ་ཡིད་དབང་དང་། བློ་རྣམ་ཤེས་ཚོགས་དྲུག་དང་། ང་རྒྱལ་ནི་ངར་འཛིན་པའི་རྣམ་ཤེས་ཏེ་ཉོན་ཡིད་ལ་བྱས་ན་འཐད་པར་མཐོང་། ཆོས་རྗེ་བུ་སྟོན་གྱིས། དབང་ཤེས་ལྔའི་ཡིད་དང་། རྣམ་རྟོག་གི་བློ་དང་། ངར་འཛིན་ཉོན་ཡིད་ཅེས་གསུངས།ཀུན་མཁྱེན་དོལ་པོ་པས་ཡོན་ཏན་རྣམས་དང་བཅས་པའི་ཡིད་ཀུན་གཞི་དང་། བློ་རྣམ་ཤེས་ཚོགས་དྲུག་དང་། ངར་འཛིན་ཉོན་ཡིད་ལ་བཞེད། མཁས་གྲུབ་རྗེས། ཡིད་ཡིད་ཤེས། བློ་དེའི་འཁོར་གྱི་སེམས་བྱུང་ང་རྒྱལ་ངར་འཛིན་ཅེས་གསུངས། ལོངས་སྤྱོད་པ་པོ་བདག་ནི་ཐ་སྙད་དུ་ཕུང་པོ་ལྔ་ལ་བཏགས་པ་ཙམ་སྟེ་རང་གི་ངོ་བོ་རྫས་སུ་མེད་ཀྱང་བཏགས་པའི་སྒོ་ནས་ལོངས་སྤྱོད་པ་པོར་འདོད་ལ། དོན་དམ་པར་སེམས་ཀྱི་རང་བཞིན་འོད་གསལ་བ་རྡོ་རྗེ་ཅན་ནི་བདག་ཉིད་ཆེན་པོ་ཁྱབ་བདག་མཆོག་གི་གོ་འཕང་གཡོ་བ་མེད་པ་


MR17_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱད་བྱ་སྤྱོད་བྱེད་དང་བྲལ་བ་ཉིད་དོ། །དེ་ནས་ཕྱི་རོལ་གྱི་འབྱུང་བ་རྣམས་ལ་སོགས་པ་ནང་དུ་ལུས་ལ་ཚང་ཚུལ་གསུངས་པ། འདིར་ནང་དུ་ལུས་ལ་ས་ཡི་ཁམས་ནི་སྲ་བ་ཉིད་དོ། །དེ་བཞིན་ཆུ་ནི་གཤེར་བ་དང་མེ་ཡང་ཚ་བ་དང་ནི་རླུང་གི་ཁམས་ནི་ཡང་ཞིང་གཡོ་བ་བརྐྱང་བསྐུམ་སོགས་བྱེད་པ་ཉིད་དེ། ལུས་ཀྱི་བུག་པ་རྣམས་ནི་སྟོང་པ་ནམ་མཁའི་ཁམས་དག་སྟེ། ལུས་ཀྱི་གཞི་འཛིན་པ་བརྟན་པའི་རུས་པ་དཔྱི་ནས་སྒལ་ཚིགས་དང་ཕྲག་པའི་བར་ནི་འཆི་མེད་རི་བོ་མཆོག་སྟེ་ལྷུན་པོ་དང་། ཕྱི་རོལ་དུ་ཆར་འབབ་པ་ནི་ནང་དུ་ལུས་ལ་འདིར་ནི་ལྕེ་དང་ལྕེ་ཆུང་དག་ལས་འཛག་པའི་སྟཱུ་ཀ་ཞེས་པའི་བདུད་རྩིར་འགྱུར་རོ། །ཕྱི་རོལ་དུ་རྡོ་རྗེ་འབབ་པ་འབྲུག་གི་སྒྲ་ནི་ལུས་ལ་ནང་དུ་རྒྱུ་མ་འཁྲོག་པའི་སྒྲ་དང་། དེ་བཞིན་དུ་ཕྱི་ནང་སྦྱར་ཏེ་ལྷ་ཡི་གཞུ་འཇའ་ཚོན་ཡང་བཤང་བ་དག་སྟེ། ཕྱི་རོལ་དུ་ཆུ་སྲང་དྲུག་ཅུའི་བདག་ཉིད་ཅན་དུས་ཀྱི་ཆུ་ཚོད་རྣམས་ནི་ནང་དུ་དབུགས་རྡུབ་པ་དང་དབུགས་འབྱུང་བ་ཟུང་གཅིག་དག་གོ། ནང་དུ་དབུགས་འབྱུང་རྡུབ་ཟུང་གཅིག་ཏུ་བརྩིས་པའི་དབུགས་རྣམས་དགུ་བརྒྱ་ཉིས་འགྱུར་སྟོང་དང་བརྒྱད་བརྒྱ་དག་གིས་ནང་གི་འཕོ་བ་གཅིག་ཏུ་འགྱུར་བ་སྟེ། ཕྱི་རོལ་གྱི་འཕོ་བ་ནི་ཡེ་རླུང་གི་ཆ་བུ་ལོན་དང་བཅས་པའི་དབུགས་གྲངས་དེ་སྙེད་སྦྱོར་ཀྱིས་དུས་རེ་རེ་འཆར་ཞིང་ནང་དུ་ལྟེ་བའི་རྩ་འདབ་འབྱུང་བའི་དཀྱིལ་འཁོར་ལྔ་འབབ་པའི་རྩ་ཆེན་བཅུ་གཉིས་སུ་དབུགས་ཀྱི་འཕོ་བར་འགྱུར་རོ། །དེ་བཞིན་དུ་ཕྱི་རོལ་དུ་ཉི་མ་ཁྱིམ་རེ་རེར་འཕོ་བ་བཞིན་ཞག་སུམ་ཅུའི་ཟླ་བས་བྱེད་ལ་ནང་དུ་དཀྱིལ་འཁོར་ལྔ་འབབ་པའི་རྩ་ལྔ་རྣམས་ཀྱིས་སོ། །ཕྱི་རོལ་གྱི་དུས་ལུས་ལ་སྦྱར་བའོ། །གཟའ་རྣམས་ནང་དུ་ལུས་ལ་སྦྱར་བ་ནི། སྐར་རྩིས་པ་རྣམས་ཀྱི་བརྩི་བར་བྱ་བ་གཟའ་རྣམས་ནི་ནང་དུ་ལུས་ལ་བུག་པའི་དབྱེ་བའོ་ཞེས་པ། རྭ་འགྱུར་དུ་སྐར་མ་རྣམས་ནི་བུག་པའི་ཞེས་བསྒྱུར། དེ་ཡང་བཤང་ལམ་གྱི་བུག་པ་གཟའ་ཟླ་བ། གཅི་བའི་བུག་པ་ཉི་མ། ཁུ་བའི་བུག་པ་དུས་མེ། ཁའི་བུག་པ་སྒྲ་


MR17_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གཅན། མིག་གཡས་པའི་བུག་པ་བཀྲ་ཤིས། གཡོན་པའི་བུག་པ་གཟའ་ལྷག །སྣ་གཡས་པའི་བུག་པ་ཕུར་བུ། གཡོན་པ་པ་སངས། རྣ་བ་གཡས་པའི་བུག་པ་སྤེན་པ། གཡོན་པ་མཇུག་རིངས་ཏེ་གཟའ་བཅུ་ནང་ལུས་ཀྱི་བུག་པ་དང་སྦྱར་བའི་ངེས་པའོ། །སླར་ཡང་བཀྲ་ཤིས་སོགས་གཟའ་ལྔ་མཇུག་རིངས་དང་དྲུག་དབང་པོ་དྲུག་གི་དབྱེ་བ་ནི་ལེའུ་ལྔ་པར་འཆད་དོ། །ཐུར་མ་བདུན་བསྣོལ་བའི་ཕྱོགས་བཞིར་རྒྱུ་སྐར་བདུན་རེ་སྟེ་གྲོ་བཞིན་དང་བྱི་བཞིན་ཐ་དད་དུ་བགྲང་བའི་ཉེར་བརྒྱད་དང་། དེ་དག་གི་ཟུར་རམ་མཚམས་བཞིར་དབྱུག་གུའི་རྒྱུ་སྐར་བཞི་སྟེ། དེ་ལྟར་ན་ཕྱི་རོལ་དུ་རྒྱུ་སྐར་སོ་གཉིས་དག་ནི་ནང་དུ་ལུས་ལ་སོ་ཡི་ཕྲེང་བ་སོ་གཉིས་ཏེ། དེ་དག་ལ་གཟའི་རྐང་པ་རིམ་དང་རིམ་མིན་དུ་རྒྱུ་བའི་དབྱེ་བ་དང་མཐུན་པར་སྟེང་དང་འོག་ཏུ་རྒྱུ་སྐར་བཅུ་བཞི་རེ་ཡིན་ནོ། །ལོ་ཡི་རྗེས་སུ་འབྲངས་པ་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ནི། ནང་དུ་ཆུ་ཚོད་གཅིག་གི་ཡུན་ལ་རྒྱུ་བའི་དབུགས་སུམ་བརྒྱ་དྲུག་ཅུ་རྣམས་ཡིན་ཏེ། ནང་དུ་ཆུ་ཚོད་རེ་ལ་ཕྱི་རོལ་དུ་ལོ་རེ་ལྟར་བྱས་པའོ། །དེ་ལྟ་བུའི་དབུགས་སུམ་བརྒྱ་དྲུག་ཅུའི་གྲངས་ནི་ཕྱི་རོལ་དུ་ཆུ་ཚོད་དྲུག་ཅུ་རེས་ཞག་རེ་རྫོགས་པའི་ཁྱིམ་གྱི་ཉིན་ཞག་གི་གྲངས་སུམ་བརྒྱ་དྲུག་ཅུ་རྣམས་ནི་ནང་དུ་ལུས་ལ་སུམ་བརྒྱ་དྲུག་ཅུའི་ཚིགས་ཀྱི་དབྱེ་བར་འགྱུར་རོ། །ནང་དུ་ཁུ་བའི་རོ་འབབ་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ནི་ཕྱི་རོལ་དུ་འཇིག་རྟེན་གྱི་ཁམས་ན་རྒྱ་མཚོ་ཆེན་པོར་འབབ་པའི་ཆུ་བོ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་སོ། །འདིར་བླ་མ་དག་རྩ་སྟོང་ཕྲག་དོན་གཉིས་རྫོགས་པ་ན་ཁམས་མ་རྫོགས་ཤིང་ཁམས་རྫོགས་པ་ན་རྩ་སྐམ་པའི་མགོ་ཚུགས་ནས་ཡུན་རིང་སོང་བས་རྩ་དེ་རྣམས་ཚང་བར་ཁམས་ཇི་ལྟར་འབབ་སྙམ་ན་རྣལ་འབྱོར་གྱི་སྟོབས་ཀྱིས་རྩ་བསྐམ་པ་རྣམས་སླར་གསོས་ནས་ཁམས་འབབ་པ་ཡོད་པས་ཕྱི་རོལ་ནང་ལ་སྦྱར་བ་འདི་ཐ་མལ་པ་ཁོ་ནའི་དབང་དུ་མིན་གྱི་སྐྱེས་བུ་སྤྱིའི་དབང་


MR17_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱས་པས་སྐྱོན་མེད་ཅེས་གསུངས་ཀྱང་། ནང་དུ་ཁམས་འབབ་པའི་རིགས་ཅན་རྩ་དེ་ཙམ་ཡོད་པས་ཆོག་གི་དེ་ཙམ་སྤྲོས་མི་དགོས་པ་འདྲའོ། །ནང་དུ་རྒྱུ་མ་ནི་ཕྱི་རོལ་དུ་སྤྲིན་ཏེ་རོ་འབབ་པ་དང་སྒྲ་སྒྲོགས་པའི་ཕྱིར་རོ། །རྒྱུད་ལས་རྒྱུ་མ་ཞེས་པ་ལ་རྣམ་དབྱེ་ཐོབ་ཀྱང་མ་སྦྱར་བར་མཛད་དོ། །རི་བོང་ཅན་གྱི་ཞེས་ཟླ་བའི་ཆ་བཅུ་དྲུག་ནི་ནང་དུ་ལུས་གནས་གཞན་དང་གཞན་དུ་ཁུ་བ་འཕོ་བའི་ཆ་བཅུ་དྲུག་ཡོད་པ་ལ་བཞག་པ་གཅིག་དང་། དེ་ལས་གཞན་སྤུ་ལ་སོགས་པ་ཁམས་ཀྱི་རྣམ་པར་འགྱུར་བ་བཅུ་དྲུག་རྣམས་ལ་བཞག་པ་གཅིག་དང་འཇོག་ལུགས་གཉིས་ཀྱི་རང་བཞིན་ཡོད་པ་ལས་འདིར་ཕྱི་མ་དེ་ཉིད་འཆད་པ་ནི་སྤུ་ཕྲ་སྦོམ་གཉིས་ནི་བ་སྤུ་དང་སྐྲ་ཚེས་གཅིག་དང་གཉིས་པའོ། །དེ་བཞིན་དུ་པགས་པ་སྲབ་འཐུག་ནི་གསུམ་པ་དང་བཞི་པ། ནང་དང་ཕྱིའི་ཁྲག་གམ་སླ་བ་དང་སྐ་བ་གཉིས་ནི་ལྔ་པ་དང་དྲུག་པ། དེ་བཞིན་ཤ་ཕྲ་རགས་གཉིས་ནི་བདུན་པ་དང་བརྒྱད་པ། རྩ་ཕྲ་རགས་གཉིས་ནི་དགུ་པ་དང་བཅུ་པ། རུས་པ་ཕྲ་རགས་གཉིས་བཅུ་གཅིག་པ་དང་བཅུ་གཉིས་པ། རྐང་ཕྲ་རགས་གཉིས་བཅུ་གསུམ་པ་དང་བཅུ་བཞི་པ། ཁུ་བ་སླ་བ་དང་སྐ་བ་གཉིས་ནི་བཅོ་ལྔ་པ་དང་བཅུ་དྲུག་པ་ཡིན་ནོ། །དེ་ནས་འབྱུང་པོའི་སྐྱེ་གནས་སོགས་ལུས་ལ་སྦྱར་བ་ནི། རྣམ་བཤད་རིགས་པར། སྐྱེ་དང་བདེན་དང་དེ་བཞིན་ཡོད། །སེམས་ཅན་གནས་དང་མི་མ་ཡིན། །ཅུང་ཟད་ལུས་དང་ས་ལ་སོགས། །འབྱུང་པོའི་སྒྲ་ནི་མཁས་རྟོག་བྱ། །ཞེས་གསུངས་པ་རྣམས་ཀྱི་ནང་ནས་སྐབས་འདིར་སེམས་ཅན་ལ་འབྱུང་པོའི་སྒྲ་སྦྱར་བ་སྟེ། སེམས་ཅན་འབྱུང་པོ་རྣམས་དང་འབྱུང་པོའམ་སྲིད་པ་ཚོལ་བ་རྣམས་ཀྱི་ཟས་ལྟ་བུའོ་ཞེས་ཀུན་བཏུས་སུ་གསུངས་པ་ལྟ་བུའོ། །དེས་ན་སྒྲུབ་པ་པོ་རང་ལ་ལྟོས་པའི་ཕྱི་རོལ་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གྱི་སྐྱེ་གནས་བཞི་ཡོད་པ་དག་གི་ཆོས་མཐུན་སྒྲུབ་པ་པོ་རང་གི་ལུས་ལ་ཚང་ཚུལ་འཆད་པའམ། ཡང་ན་འབྱུང་པོའི་སྒྲ་ས་སོགས་ལ་འཇུག་པའི་དབང་དུ་བྱས་ནས་ས་སོགས་འབྱུང་བའི་སྐྱེ་གནས་རྣམས་ནང་ལུས་ལ་ཚང་ཚུལ་འཆད་པའོ་ཞེས་ཤེས་པར་


MR17_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ། ཕྱི་རོལ་བརྟན་པ་སའི་སྐྱེ་གནས་ཅན་ནི་ནང་དུ་སྤུ་རྣམས་དང་། ཕྱི་རོལ་དུ་རླུང་གི་སྐྱེ་གནས་སྒོང་སྐྱེས་ནི་ནང་དུ་ཤིག་རྣམས་དང་། ཕྱི་རོལ་དུ་མེའི་སྐྱེ་གནས་ཅན་མངལ་སྐྱེས་ནི་ནང་དུ་ཁུ་བ་ཉིད་དོ། །ཕྱི་རོལ་དུ་ཆུའི་སྐྱེ་གནས་ཅན་སྲིན་བུའི་རིགས་སོ། །དྲོད་གཤེར་ལས་སྐྱེས་པ་ནི་ལུས་ལ་ཡང་སྲིན་བུའི་རིགས་ལ་སོགས་པའོ། །དངོས་སུ་མ་གསུང་ཀྱང་རོའམ་ནམ་མཁའི་སྐྱེ་གནས་ཅན་ནི་ནང་དུ་ཕྲ་མོའི་གཟུགས་ཅན་སྲོག་ཆགས་རྣམས་དང་བཅས་པ་རྣམས་ནི་དེ་ལྟར་ལུས་ལ་འབྱུང་པོ་ཡི་སྐྱེ་གནས་རྣམ་པ་བཞི་ཚང་བའོ། །དེ་ལྟར་ན་སྐྱེ་གནས་ལྔ་པོ་འདིས་ནང་སེམས་ཅན་དང་། སེམས་ཅན་མ་ཡིན་པ་འབྱུང་བའི་ཁམས་རྣམས་ཀྱི་སྐྱེ་གནས་ཀྱང་བསྡུས་པར་བཤད་དགོས་པ་འདྲ་ལ། རྩ་ཤིང་སོགས་བརྟན་པ་སའི་སྐྱེ་གནས་ཅན་ལས་གཞན་གསུམ་ལའང་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས། བེམ་པོའི་དངོས་པོ་སྒོ་ང་སོགས་སམ་རླུང་སོགས་ལས་འབྱུང་བའང་ཡོད་དུ་མི་རུང་བ་མ་ཡིན་ལ། རྫུས་ཏེ་སྐྱེ་བ་ནི་གར་ཡང་མི་སྲིད་པ་མ་ཡིན་ཞིང་ལས་དགེ་མི་དགེའི་དབང་གིས་ནམ་མཁའ་སོགས་ལས་ཟས་ཀྱི་ཆར་དང་། མཚོན་ཆའི་ཆར་སོགས་བྱུང་བ་ནམ་མཁའི་སྐྱེ་གནས་ཅན་དུ་སྣང་ཚུལ་ཀུན་རྫོབ་ལ་ལྟོས་ན་བཤད་དུ་མི་རུང་བ་མེད་པས། འབྱུང་བ་ལྔའི་སྐྱེ་གནས་འདི་སེམས་ཅན་དང་སེམས་ཅན་མ་ཡིན་པ་ཀུན་ལ་དོན་གྱིས་སྦྱར་རུང་ན་གཞུང་འདིའི་འཆད་ཚུལ་ལ་ཅུང་ཟད་སྒོ་ཡངས་པར་ཕན་འདྲ་སྟེ་སུས་ཀྱང་དེ་ལྟར་བཤད་པ་མ་མཐོང་བས་བརྟག་པའི་སྒོར་སྨྲོས་པ་ཡིན་ལ། འདི་ལྟར་ན་གོང་དུ་ཁམས་ལེར་བརྟན་པ་སའི་སྐྱེ་གནས་ལྗོན་པ་སོགས་གསུངས་པ་དེ་ཤིང་ལ་བཟུང་ནའང་མི་རུང་བ་མེད་མོད་དེ་དུད་འགྲོ་སྐྱེ་གནས་བཞིའི་རྫུས་སྐྱེས་སུ་གསུངས་པ་དོན་ཅི་ཡིན་དང་། ནང་སེམས་ཅན་ལ་སྦྱར་ན་སའི་སྐྱེ་གནས་ཅན་ཡོད་མེད་ཇི་འདྲ་ཡིན་པ་དང་། ཕྱིའི་དངོས་པོ་རྣམས་ཀྱི་སྐྱེ་གནས་ནི་སའི་སྐྱེ་གནས་ཅན་འབའ་ཞིག་དུ་འདོད་དགོས་སམ་མི་དགོས་ཀྱི་དོགས་པ་ད་དུང་ལུས་ཡོད་པར་སྣང་བས་མཁས་པ་དག་


MR17_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དཔྱད་པར་རིགས་སོ། །ཕྱི་རོལ་དུ་དགའ་བ་ལ་སོགས་པའི་ཚེས་བཅོ་ལྔ་པོ་རྣམས་ནི་མཐེ་བོང་ལ་སོགས་པ་སོར་མོ་རྣམས་ཀྱི་ཚིགས་རྣམས་ཏེ། ལག་པ་གཡོན་པའི་མཐེའུ་ཆུང་ནས་བརྩམ་སྟེ་མཁའ་རླུང་མེ་ཆུ་ས་ཞེས་པའི་ཁམས་སུ་སྦྱར་ཞིང་། དེ་དག་གི་ཚིགས་བཅོ་ལྔ་པོ་ནི་དཀར་ཕྱོགས་ཀྱི་ཚེས་དགའ་བ་སོགས་བཅོ་ལྔ་དང་སྦྱར་རོ། །ལག་གཡས་ཀྱི་སོར་མོ་རྒན་པོ་མཐེ་བོང་ནས་བརྩམ་སྟེ་སྡུད་རིམ་གྱིས་ས་ཆུ་མེ་རླུང་མཁའ་དང་། དེ་དག་གི་ཚིགས་བཅོ་ལྔ་ནག་པོའི་ཕྱོགས་ཀྱི་དགའ་བ་ལ་སོགས་ཚེས་བཅོ་ལྔའོ། །དེའི་རྗེས་ཀྱི་ཟླ་བ་ལ་ནི་རྐང་པ་གཡོན་དང་གཡས་ཀྱི་སོར་མོ་རྣམས་དེ་ལྟར་སྦྱར་ཏེ་ཟླ་བ་གཉིས་ཀྱིས་དུས་གཅིག་རྫོགས་ཤིང་། དེ་ལན་དྲུག་གིས་ལོ་གཅིག་གིས་དུས་འཁོར་བར་འགྱུར་རོ། །སྤྱི༷་བོའི་པདྨ་དང་ལྟེ༷་བའི་པདྨ་དག་ཀྱང་ལྷན་སྐྱེས་དགའ་བ་བསྐྱེད་ནུས་པ་ཡིན་པའི་ཕྱིར་སྔར་བསྟན་པ་ལྟར་ལྷན་ཅིག་སྐྱེས་པའི་སྐུར་འགྱུར་ཞེས་པ་ནི་ལྟེ་བའི་གཏུམ་མོའི་མེ་དང་སྤྱི་བོའི་ཧཾ་ཡིག་ཁུ་རྡུལ་ཐབས་ཤེས་སུ་གྱུར་པ་ནི་ལྷན་སྐྱེས་བདེ་བ་འདྲེན་པའི་རྒྱུ་ཐུན་མིན་ཡིན་པས་དམིགས་བསལ་ཏེ་གསུངས་པའོ། །དེ་ནི་ནུས་པའི་ངེས་པའོ། །འདིར་ཀྱང་ཡིག་གིས་གསང་བའང་སྡུད་ཅེས་བོད་འགྲེལ་རྣམས་སུ་བཤད། མཐོ་རིས་སོགས་ནང་ལུས་ལ་སྦྱར་བའི་ངེས་པ་ནི། འདིར་ཕྱི་རོལ་དུ་ཚངས་པའི་ཡུལ་ས་ནང་དུ་ལུས་ལ་གཙུག་ཏོར་ནས་མགྲིན་པའི་བར་ནི་མཐོ་རིས་ཀྱི་འཇིག་རྟེན་ནོ། །ལག་མཆོག་གཉིས་དག་དང་རྐང་པ་དག་ནི་རིམ་བཞིན་མི་ཡུལ་དང་ས་འོག་གི་འཇིག་རྟེན་ནོ། །ཆུ་གཏེར་བདུན་དང་གླིང་བདུན་དང་རི་བོ་བདུན་པོ་རྣམས་ནི་ནང་དུ་ལུས་ལ་གཤེར་བའི་ཁམས་རྣམས་དང་འཇམ་པ་ཡི་ཁམས་རྣམས་དང་སྲ་བ་དང་གསུམ་གྱི་རང་བཞིན་གྱི་ཁམས་རྣམས་སོ། །དེ་ཡང་ལུས་ཀྱི་གཤེར་བའི་ཁམས་ལས་ལན་ཚྭའི་ཆུ་གཏེར་རམ་རྒྱ་མཚོ་ནི་གཅི་བ་ཡིན་པ་སོགས་གཤེར་བ་སོགས་ཀྱི་ཁམས་འདི་དག་རྣམས་ཀྱིའོ་ཞེས་པ་ཆང་གི་རྒྱ་མཚོ་ནི་རྡུལ་ལོ། །ཆུའི་རྒྱ་


MR17_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྟཱུ་ཀ་ཞེས་པ་ལྕེ་ཆུང་གི་བདུད་རྩི། གྱིས་ཇོས་ངར་སྣབས་ཞེས་འདོན། འོ་མའི་རྒྱ་མཚོ་བུད་མེད་རྣམས་ཀྱི་འོ་མ་དང་། སྐྱེས་པ་རྣམས་ཀྱི་བད་ཀན་གྱི་ཁམས་སོ། །ཞོའི་རྒྱ་མཚོ་མགོ་བོའི་ཀླད་པ། མར་གྱི་རྒྱ་མཚོ་ནི་ཞག་སྦྲང་གི་རྒྱ་མཚོ་ནི་ཁུ་བའོ། །འཛམ་གླིང་ཆེན་པོ་དུམ་བུ་བཅུ་གཉིས་པ་ནི་ལག་པ་དང་། རྐང་པའི་དུམ་བུ་བཅུ་གཉིས་ཏེ། སྔར་ཚིགས་བཅད་ཉེར་ལྔ་པར་ལག་གཡས་ང་གཡོན་མེ། རྐང་གཡས་ཆུ་གཡོན་ས་ཁམས་སུ་བཤད་པས། ལག་གཡས་ཀྱི་དུམ་བུ་གསུམ་ཤར་གླིང་གསུམ་དང་། གཡོན་ལྷོ་གླིང་དུམ་གསུམ། །རྐང་གཡས་བྱང་གི་གསུམ། གཡོན་ནུབ་གླིང་གསུམ་ཡིན་ནོ། །ནང་གི་གླིང་རྣམས་ལས། དྲག་པོ་ཤ །ཁྲུང་ཁྲུང་མཆིན་པ། མིའམ་ཅི་སྙིང་། ཀུ་ཤ་ཚིལ། འོད་དཀར་རྒྱུ་མ། ཟླ་བ་རྩ་སྟེ་འཇམ་པའི་ཁམས་རྣམས་སོ། །རྡོ་རྗེའི་རི་སྟེ་ལྕགས་རི་ནི་རྐང་ལག་གི་སེན་མོ། །བསིལ་རི་ལག་པའི་རུས་པ། དྲོ་ཎ་ཉེ་བའི་དཔུང་རུས་ཏེ་ལག་ངར། ནོར་བུའི་འོད་དཔུང་བའི་རུས་པ། ནི་ཥ་ཊ་རྐང་པའི་བོལ་གོང་གི་རུས་པ། མན་ད་རིའི་རི་ནི་བྱིན་པའི་རུས་པ། འོད་སྔོན་ནི་བླ་ཡི་རུས་པ་སྟེ་ལུས་ཀྱི་སྲ་བའི་ཁམས་རྣམས་སོ། །རི་བརྒྱད་པ་དབུས་ཀྱི་རི་རབ་ལྷུན་པོ་ནི་ལུས་ཀྱི་སྒལ་ཚིགས་ཏེ་དཔྱི་ནས་བརྩམ་སྟེ་ཕྲག་པའི་མཐར་ཐུག་གི་བར་གྱི་རུས་པའོ། །ཕྱི་རོལ་དུ་མེ་དང་རླུང་གི་དཀྱིལ་འཁོར་ནི་ཀྱེ་རྒྱལ་པོ་ནང་དུ་ལུས་ལ་ཁྲག་དང་པགས་པའོ་ཞེས་ཁྲག་ལ་དྲོད་ཁྱབ་པར་གནས་པ་དང་། པགས་པར་བ་སྤུ་རྣམས་ལ་ང་རྒྱུ་བས་ཁྱབ་པར་གནས་པས་སོ། །ལུས་ཀྱི་སྐྲ་རྣམས་ནི་ཕྱི་རོལ་གྱི་གྲུབ་པ་མཐའ་དག་སྟེ། དེ་ཡང་ཕྱི་རོལ་དུ་མཁའ་ལ་སྤྱོད་པ་ས་ལ་སྤྱོད་པ་དང་། ས་འོག་ན་སྤྱོད་པའི་སྲིད་པ་གསུམ་གྱི་གནས་སུ་གནས་པའི་རྣམས་པ་གསུམ་དུ་འགྱུར་ཞིང་གྲུབ་པ་རབ་འབྲིང་ཐ་མ་དུ་མའི་དབྱེ་བ་དག་གིས་གྲུབ་པ་རྣམས་པ་སྣ་ཚོགས་པའོ། །དེ་ཡང་ཕྱི་རོལ་དུ་མཁའ་ལ་སྤྱོད་པ་རྣམས་ནི་ནང་དུ་ལུས་ལ་མགོ་ལ་སྐྱེས་


MR17_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྲ་རྣམས་སོ། །ས་སྤྱོད་རྣམས་མཆན་ཁུང་ལ་སྐྱེས་པའི་སྤུ་བ་སྤུ་ལས་རགས་པ་རྣམས་སོ། །ས་འོག་ན་གནས་པ་རྣམས་བྷ་ག་དང་རྟགས་ལས་སྐྱེས་པའི་སྤུ་རྣམས་སོ། །དངོས་སུ་མ་བརྗོད་པ་ཉིད་ལས་བ་སྤུ་རྣམས་ནི་འབྱུང་པོའི་རིགས་བྱེ་བ་ཕྲག་ཕྱེད་དང་བཅས་པའི་གསུམ་གྱི་མཚན་ཉིད་དོ། །མཐོ་རིས་ལ་སོགས་པའི་ངེས་པའོ། །དེ་ནས་ཕྱི་རོལ་གྱི་མེ་གསུམ་ནང་ལ་ཚང་བར་གསུངས་ཏེ། ཕྱི་རོལ་དུ་འཇིག་རྟེན་ན་མེ་གསུམ་དུ་གྲགས་པ་ནི། རྡོ་རྗེའི་ལྕགས་རི་ལ་གནས་པ་ལྷོ་ཕྱོགས་རྟ་གདོང་གི་མེ་དང་། ཁྱིམ་བཅུ་གཉིས་ཀྱི་བདག་པོ་ནམ་མཁའ་ལ་གནས་པ་ཉི་མའི་མེ་དང་། རང་བཞིན་བསྲེག་བྱ་ཟ་བའི་མེ་ཕལ་པ་གསུམ་པོ་ནི། ནང་དུ་ལུས་སྙིང་གའི་པདྨ་གཞུའི་རྣམ་པ་ལ་རྡོ་རྗེའི་གློག་གི་མེའོ། །མགྲིན་པའི་པདྨ་ཟླུམ་པོ་ལ་ཁྱིམ་བདག་ཉི་མའི་མེའོ། །ལྟེ་བའི་པདྨར་ཐབ་ཁུང་གྲུ་བཞི་ལ་བསྲེག་བྱ་ཟ་བ་ཤ་ཟའི་མེ་སྟེ། །དེ་ལྟར་སྙིང་མགྲི༷ན་ལྟེ༷་བའི་པདྨ་དག་ལ་རྡོ་རྗེ་སྟེ་གློག་གི་མེ་དང་ཉི་མ་དང་བསྲེག་བྱ་ཟ་བའི་རྩེ་མོ་ཅན་མེ་རྣམས་རབ་ཏུ་འཕྲོ་བ་སྟེ། དེ་ཡང་རིམ་པ་ཡིས་གཞུ་ཡི་རྣམ་པ་དང་ཟླུམ་པོ་དང་ནི་ཉིན་རེ་བཞིན་དུ་ཡང་སྲེག་བླུག་སྲེག་པར་བྱེད་པ་ཆུ་གཏེར་ཟུར་ཏེ་གྲུ་བཞི་པ་ཅན་གྱི་ཐབ་ཁུང་དག་ལ་ཡང་གནས་ཏེ་གོང་དུ་བརྗོད་པ་བཞིན་ནོ། །འཇིག་རྟེན་ལས་སྣང་གི་མེ་གསུམ་པོ་དེ་དག་གི་གོང་ན་མེ་གཞན་པ་དྲི་མ་མེད་པའི་འོད་ཟེར་རབ་ཏུ་འཕྲོ་བ་ཡེ་ཤེས་ཀྱི་གཟུགས་ཅན་གཏུམ་མོའི་མེ་ནི། མུན་པ་དག་གི་མཐར་ཞེས་པ་ཁ་ཅིག་མུན་པའི་རྣལ་འབྱོར་ལ་གནས་པས་དུ་བ་སོགས་ཀྱི་མཚན་མ་མཐོང་ཞིང་དེས་གཏུམ་མོ་རང་འབར་དུ་བྱེད་པ་ལ་བཤད། ཁ་ཅིག་ལས་རླུང་གཡོ་བའི་མུན་པ་ཟད་པའི་མཐར་མངོན་དུ་གསལ་ཞེས་དང་། ཁ་ཅིག་མུན་པ་ཅན་སྒྲ་གཅན་གྱི་རྩ་དབུ་མ་དག་གི་མཐའ་སྟེ་མར་སྣ་ནས་གཏུམ་མོའི་མེ་གསལ་ཞེས་བཤད་དེ། ཕྱི་མ་འདི་ཚིག་ཕྱི་མ་དང་འབྱོར་བས། མུན་པ་སྒྲ་གཅན་གྱི་རྩ་དབུ་མ་དག་གི་མར་སྣའམ་མཐར་གནས་པ་དེ་ནི་རྣལ་འབྱོར་པས་ལམ་དུ་བྱས་པ་ལས་མངོན་དུ་སྣང་ཞིང་གསལ་བར་འགྱུར་ལ།


MR17_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གང་དུ་སྣང་ཞེ་ན་དབུ་མའི་ནང་དུ་སྟེ། གང་ཞིག་ཕྱི་རོལ་ཁྱིམ་གྱི་མེ་ཉི་མ་དང་གློག་གིས་མི་གདུང་ཞིང་། དེ་མ་ཟད་སྣང་བའི་འོད་ཅན་རི་བོང་འཛིན་པ་དང་བཀྲ་ཤིས་སོགས་གཟའ་དང་ཐ་སྐར་སོགས་སྐར་མ་ལ་སོགས་ཞེས་པས་ཤ་ཟའི་མེ་སོགས་བཟུང་སྟེ། དེ་ལྟ་བུ་དག་མེད་པ་དེ་ན་མངོན་དུ་སྣང་བའོ་ཞེས་གསུངས་ཏེ། སྤྱིར་གཏུམ་མོའི་མེ་ལྟེ་བ་ལ་གནས་པར་གསུངས་པ་ལྟར་དེར་ཡང་གནས་མོད་ཀྱི། སམྦུ་ཊི་ལས། ཚངས་པའི་མེ་ནི་སུམ་མདོར་གནས་ཞེས་གསུངས་པ་ལྟར། ལྟེ་འོག་སོར་བཞི་གསང་གནས་ཀྱི་སྟེང་གི་ཆར་མེ་ཐབ་གྲུ་གསུམ་གྱི་རྣམ་པ་ཅན་གྱི་རྩ་དུང་ཅན་མའི་དབུས་སུ་གཏུམ་མོའི་མེ་ཁྱད་པར་ཅན་གནས་ལ། རྣལ་འབྱོར་བས་དེ་ལ་ཐབས་ཀྱིས་གནད་དུ་བསྣུན་པ་ལས་གཏུམ་མོའི་མེ་ཤིན་ཏུ་ཕྲ་ཞིང་རྣོ་བ་འབར་བའི་སྟོབས་ཀྱིས་དཔྲལ་བའི་པདྨའི་ལྟེ་བའི་དྷཱུ་ཏཱིའི་ནང་གི་ཁམས་དཀར་པོ་ཞུ་བ་ལས། བྱང་ཆུབ་ཀྱི་སེམས་དྷཱུ་ཏཱིའི་ནང་ནས་བར་མ་ཆོད་པར་འབབ་པའམ་ཡང་ན་དེ་ལྟར་བབ་པས་རྣམ་རྟོག་གིས་བར་མི་ཆོད་པ་བདེ་བ་འཆར་བའི་དོན་ཏེ། འགྲེལ་བར་གསང་བའི་པདྨ་དང་དཔྲལ་བའི་པདྨ་ལ་མི་ཆོད་པ་སྟེ་ཞེས་གསུངས་པའི་དོན་ཏོ། །དེ་ནི་བཞི་པ་བདེ་ཆེན་གྱི་ཡེ་ཤེས་འདྲེན་པ་ལ་མི་བསླུ་བས་ན་བདེན་པའི་ཡེ་ཤེས་ཀྱི་གཟུགས་ཏེ་ཡེ་ཤེས་ནམ་མཁའི་གཟུགས་ཅན་རྣལ་འབྱོར་པ་ལ་དངོས་སུ་སྐྱེ་བར་བྱེད་དོ། །ཞེས་སོ། །ད་ནི་གཟའ་ཡི་ལོངས་སྤྱོད་པའི་ཆུ་ཚོད་ལ་སོགས་པ་ནང་ལ་སྦྱར་བ་ནི། རེས་ཀྱི་གཟའ་བདུན་དང་། བརྒྱད་པ་རིགས་ལྡན་གྱི་ལོངས་སྤྱོད་ལ་གནས་པ་དང་བཅས་པའི་གཟའ་བརྒྱད་ནི་སྙིང་གའི་པདྨ་འདབ་མ་བརྒྱད་པ་ལ་སྟེ། ཤར་གྱི་འདབ་མ་ལ་ཉི་མའོ། །མེར་ཟླ་བ། ལྷོར་བཀྲ་ཤིས། བདེན་བྲལ་གཟའ་ལག །ཆུར་ཕུར་བུ། རླུང་དུ་པ་སངས། ལུས་ངན་གནོད་སྦྱིན་ཕྱོགས་ཀྱི་འདབ་མར་སྤེན་པའོ། །དབང་ལྡན་དུ་རིགས་ལྡན་གྱི་ལོངས་སྤྱོད་ཕྱེད་ལ་མཇུག་རིངས་ཏེ། ལོངས་སྤྱོད་བྱེད་ཕྱེད་གཞན་ལ་ནི་སྒྲ་གཅན་ནོ། །དེ་ཡང་རེས་ཀྱི་གཟའ་


MR17_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མགོ་བརྩམ་སྟེ་ཉིན་མཚན་གྱི་ཐུན་བརྒྱད་ལ་གཟའ་རྣམས་དུས་ལ་འཆར་བ་ལ་སྤེན་པའི་ལོངས་སྤྱོད་ཀྱི་ཕྱེད་ལ་ཕྱེད་དུ་བྱས་པ་ནི་མཇུག་རིངས་དང་རྭ་ཧུ་ལོངས་སྤྱོད་པའོ། །རབ་ཏུ་གསལ་བར་བྱས་པའི་གཟའ་ཡི་ཆུ་ཚོད་དྲུག་ཅུ་ནི། ལྟེ༷་བའི་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པ་ལས་སྟོང་པའི་འདབ་མ་བཞི་དོར་བའི་ལྷག་མ་དྲུག་ཅུ་ལ་དཀྱིལ་འཁོར་དྲུག་ཅུ་པོ་འབབ་པའི་ཆུ་ཚོད་རྣམས་ཏེ། རེས་གཟའ་སོ་སོ་ཆུ་ཚོད་དྲུག་ཅུ་རེའི་གྲངས་ལ་ལོངས་སྤྱོད་དོ། །སྨི༷ན་མའི་དབུས་སུ་འདབ་མ་བཅུ་དྲུག་ཡོད་པ་ལས་འདབ་མ་གཉིས་ལ་སྟོང་པ་འབབ་ཅིང་འདབ་མ་བཅུ་བཞི་ལ་ཟླ་བའི་ཉིན་ཞག་གི་རྐང་པ་མདའ་དབང་འབྱུང་སོགས་མ་ནུ་སྟེ་བཅུ་བཞི་རྣམས་ནི། དང་པོའི་འདབ་མ་ལ་ཆུ་ཚོད་ལྔའི་བདག་ཉིད་ཀྱི་རྐང་པ་སྟེ། དེ་བཞིན་དུ་གཉིས་པ་དང་གསུམ་པ་ལའང་ལྔའོ། །འདབ་མ་བཞི་པ་ལ་ཆུ་ཚོད་བཞི་ནས་བདུན་པ་ལ་གཅིག་གི་བར་དུའོ། །དེ་བཞིན་ལུགས་ལས་བཟློག་པས་བརྒྱད་པ་ལ་ཆུ་ཚོད་གཅིག་ནས་བཅུ་བཞི་པ་ལ་ལྔ་ཡི་བར་དུའོ། །སླར་ཡང་འདི་ལྟ་སྟེ་ཀྱེ་མི་བདག་ཅེས་བོས་ནས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་སྐར་མའོ་ཞེས་པ་མགྲིན་པའི་རྩ་ཡི་འདབ་མ་སུམ་ཅུ་རྩ་གཉིས་ལས་བཞི་ནི་སྟོང་པ་ཡིན་ལ། ལྷག་ཉེར་བརྒྱད་པོ་གྲོ་བཞིན་བྱི་བཞིན་ཐ་དད་དུ་བགྲང་བས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་པོ་རྣམས་སུ་འགྱུར་རོ། །དེ་ཡང་ཐུར་མ་བདུན་གྱི་རེ་ཁཱ་བསྣོར་བས་ཕྱོགས་རེ་རེ་རེར་ཐུར་རྩེ་བདུན་རེ་འབྱུང་བ་ལ། ཤར་གྱི་ཐུར་རྩེ་དབུས་མ་ལ་རྒྱུ་སྐར་ཤར་དབུས་མ་ནམ་གྲུ་བཀོད་ནས། དེ་ནས་བརྩམ་སྟེ་གཡོན་བསྐོར་གྱིས་ཐ་སྐར་བྲ་ཉེ་སྨིན་དྲུག་རིམ་བཞིན་བཀོད་པས་དབང་ལྡན་མཚམས་སུ་ནི་སྟོང་པ་དབྱུག་གུའི་རྒྱུ་སྐར་གྱི་འདབ་མའོ། །ཐུར་མ་བདུན་པོ་རྣམས་ནི་རྒྱུ་སྐར་ཉེར་བརྒྱད་རྒྱུ་བའི་འདབ་མའི་མིང་ཅན་གྱི་རྩའོ། །དེ་ནས་བྱང་གི་ཐུར་མ་ལ་སྣར་མ་ནས་བདུན་པ་མཆུའི་བར་དུ་གཡོན་སྐོར་དུ་འགོད་པ་དེ་ལྟར་ཕྱོགས་ཀུན་ཏུ་འཁོར་བར་འགོད་པ་ཡིན་ནོ། །སླར་ཡང་ལྟེ༷་བའི་པདྨར་རྒྱུ་སྐར་རྣམས་ཀྱི་ལོངས་


MR17_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་བྱ་ཆུ་ཚོད་དྲུག་ཅུ་ཡིན་པར་རྣལ་འབྱོ༷ར་ལྡན་པ་དག་གིས་རིག་པར་བྱའོ། །ཆུ་ཚོད་ཀྱི་ཆ་ཤས་ནི་ཆུ་སྲང་དྲུག་ཅུ་སྟེ་ཆུ་ཚོད་དྲུག་ཅུ་ལ་ཆུ་སྲང་སུམ་སྟོང་དྲུག་བརྒྱ་འབྱུང་བ་གསལ་བར་ཏེ་ངེས་པར་དེ་མཐའ་དག་ནང་དུ་ལུས་ལ་ནི་ལག་པ་དང་རྐང་པ་ལ་སོགས་དག་གི་ཚིགས་ལ་སྟེ་འཆད་པར་འགྱུར་བའོ། །བརྒྱད་པ་ལྟེ་བའི་ཆུ་སྐྱེས་ལ་སོགས་པའི་འདབ་མ་དང་སྣ་བུག་གཡས་གཡོན་གྱི་དཀྱིལ་འཁོར་ཕུང་ལྔ་དང་། ཁམས་ལྔ་འབབ་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། ལྟེ་བའི་ཆུ་སྐྱེས་སོགས་ཚིགས་བཅད་སོ་བརྒྱད་པ་ནས་བཞི་བཅུ་པའི་བར་གྱིས་བསྟན་ཏེ། ཕྱི་རོལ་དུ་ཉི་མ་ཁྱིམ་བཅུ་གཉིས་སུ་ལོ་ལ་འཁོར་བ་ཇི་ལྟ་བར། ནང་དུ་ལུས་ལ་ལྟེ་བའི་ཆུ་སྐྱེས་ཀྱི་ཉི་མའི་འདབ་མ་དག་ལ་སྲོག་ཅེས་པའམ་དབུགས་ཀྱི་རླུང་གི་འཕོ་བ་བཅུ་གཉིས་སུ་རིམ་པར་འཁོར་ཏེ། འཕོ་བ་རེ་ལ་མཆོག་གི་ཆ་དབུ་མའི་རླུང་ངམ་སྲོག་གི་ནུས་པ་རྒྱུ་བ་དང་བཅས་པ་ཡི་ནི་འཕོ་བ་དག་རིམ་པས་འབྱུང་བར་ཤེས་སོ། །སྲོག་གམ་དབུགས་ཟུང་དགུ་བརྒྱ་ཉིས་འགྱུར་བརྒྱ་ཕྲག་བཅོ་བརྒྱད་དག་གིས་ནང་དུ་འཕོ་བ་རེ་རེར་འགྱུར་ཏེ། ཕྱི་རོལ་དུ་ཆུ་ཚོད་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་ཉི་མའི་ཁྱིམ་འཕོ་བ་གཅིག་ཏུ་འགྱུར་བ་བཞིན་ནོ། །དེ་ཡང་ཐོག་མར་དུས་སྦྱོར་ཀརྐ་ཊ་ནས་མགོ་བརྩམ་སྟེ་རིམ་པས་འཕོ་བ་བཅུ་གཉིས་འབྱུང་བ་ཡིན་ནོ་ཀྱེ་མི་ཡི་དབང་པོ་ཞེས་འབོད་པའི་སྒྲའོ། །དེའི་རྒྱུ་མཚན་དུས་སྦྱོར་གང་གི་ཁྱིམ་ལ་ཉི་མ་གནས་པས་ན་ཁྱིམ་དེ་ཐོག་མར་བྱས་ནས་ཁྱིམ་དྲུག་ཉིན་མོ་དང་དྲུག་མཚན་མོར་རིམ་པ་བཞིན་དུ་འཁོར་བ་དེ་ལ་དཔགས་ནས་ཀརྐ་ཊ་དང་པོར་བྱེད་པའི་ཚུལ་དེ་ནི་རིག་པར་བྱ་སྟེ། ཉི་མ་དང་པོར་སྐྱེས་པའི་ཁྱིམ་ཀརྐ་ཊ་ཡིན་པ་དེ་བཞིན་དུ་མི་མངལ་ནས་སྐྱེས་པ་ཐམས་ཅད་ཀྱི་སྲོག་གི་ནུས་པ་དང་པོར་དུས་སྦྱོར་གང་དུ་སྐྱེས་པར་གྱུར་པའི་ཁྱིམ་དེ་ནི་ཀརྐ་ཊའི་མིང་ཅན་དུ་རིག་པར་བྱ་སྟེ། མངལ་དུ་ཞུགས་པའི་ཟླ་བ་དེ་ཆུ་སྲིན་གྱི་ཁྱིམ་ཟླ་ཡིན་ལ། དེ་ནས་བགྲང་བའི་བདུན་པ་ཀརྐ་ཊ་ལ་སྲོག་སྐྱེ་བར་འདོད་པའི་ཕྱིར་རོ། །


MR17_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་སྲོག་སྐྱེ་བའི་གནས་སུ་འགྱུར་རོ་ཞེས་པའི་རིགས་པས་སོ་ཞེས་ཇོ་འགྱུར་ལྟར་རོ། །ཕྱི་རོལ་དུ་ཁྱིམ་གྱི་དུས་སྦྱོར་གྱི་གང་ཤར་བའི་བདུན་པ་དེ་ནུབ་ཅིང་། ནུབ་པ་ནས་བདུན་པར་གྱུར་པ་དེ་ནི་ཤར་བར་རིག་པར་བྱ་སྟེ། དེ་ལྟར་ཐུར་མ་བདུན་གྱི་དབྱེ་བས་དུས་སྦྱོར་གྱི་ཚད་ནི་ཤེས་པར་བྱ་ཞེས་དང་། དབྱེ་བས་སོ་ཞེས་པ་རྫོགས་ཚིག་མེད་པར་ཆ་བདུན་ཐུར་མས་དུས་སྦྱོར་གྱི་ཚད་ཤེས་པར་བྱེད་པ་ལ་འཆད་པའང་ཡོད། ཐུར་མ་བདུན་པ་རྒྱུ་སྐར་ཉེར་བརྒྱད་ཀྱི་གྲོ་བཞིན་བྱི་བཞིན་རྐང་པ་བཞིར་བསྡོམ་པས་རྒྱུ་སྐར་རྐང་པ་དགུ་རེར་ཁྱིམ་རེར་བྱས་པའི་དབྱེ་བས་སོ་ཞེས་འཆད་པའང་ཡོད་དོ། །དེ་ལྟར་ཕྱི་རོལ་གྱི་དུས་སྦྱོ༷ར་སོ་སོའི་འཆར་ཚད་དང་། ཆུ་སྲིན་གྱི་ཁྱིམ་ལ་ཉི་མ་གནས་པ་ནས་ཉི་རྐང་འཕེལ་ཏེ་ནོར་དུ་གྱུར་ནས་བྱང་བགྲོད་བྱེད་པ་དང་། ཀརྐ་ཊ་ནས་ཉི་རྐང་གི་ལོངས་སྤྱོད་བུ་ལོན་དུ་གྱུར་པས་འགྲིབ་སྟེ་ལྷོ་བགྲོད་བྱེད་པས་རྒྱུ་སྐར་ཕྱེད་ལ་འཕེལ་ཕྱེད་ལ་ནུབ་པས་འཕེལ་འགྲིབ་ཆ་མཉམ་པའམ་འདྲ་བར་བྱེད་པ་དང་། དེ་བཞིན་དུ་ཕྱི་རོལ་དུ་ལོངས་སྤྱོད་ལ་འཆད་པ་དང་དཀྱིལ་འཁོར་ལ་ལྷག་པའི་ཚེས་ཀྱི་ཉིན་ཞག་བཅུ་གཅིག་དང་བཞི་ཆ་རྣམས་ཀྱི་ཚུལ་དག་ཀྱང་ནང་དུ་རླུང་གི་བགྲོད་པ་གཡས་རྒྱུ་དང་གཡོན་དུ་རྒྱུ་བ་ལ་ཤེས་པར་བྱ་སྟེ། ལུས་ཀྱི་ནང་དུ་དབུགས་ཀྱི་འཕོ་ཆུང་རེ་རེའི་མཚམས་སུ་དབུ་མའི་དབུག་བཅུ་གཅིག་དང་དབུགས་གཅིག་གི་བཞི་ཆ་གཅིག་རྣམས་ལས་རླུང་གི་ཆ་ལས་ཆད་ཅིང་བུ་ལོན་དུ་འགྱུར་ལ། དབུ་མའི་དབུགས་ཀྱི་ཆ་ལ་དེ་ཉིད་ནོར་དུ་གྱུར་པར་རིག་པར་བྱ་ཞིང་གཉིས་ཀ་བསྡོམ་ནས་མཉམ་པར་འགྱུར་རོ། །དེ་ལྟར་ཕྱི་རོལ་དུ་སྐར་རྩིས་ཀྱི་ཆོ་གས་མཉམ་པར་རྒྱུ་བ་ནི་ཉི་མའི་ཁྱིམ་འཕོ་བ་སོ་སོའི་མཚམས་སུ་ཉིན་ཞག་ཆད་པ་དང་ལྷག་པ་སྟེ། རྐང་པ་ཆུ་སྲང་བཅོ་ལྔ་དང་བཅས་པའི་དབྱུ་གུ་ང་དྲུག་གི་བདག་ཉིད་ལ་ཞག་ཏུ་བྱས་པ་ནི་ཕྱི་རོལ་དུའོ། །ནང་དུ་བུ་ལོན་དང་ནོར་གྱིས་མཉམ་པ་ཡེ་ཤེས་ཀྱི་ཆ་ལྔ་བཅུ་རྩ་དྲུག་རྐང་བཅས་ཀྱི་དབུགས་ཀྱི་བདག་ཉིད་དེ་ཕྱི་ནང་


MR17_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

གི་དུས་སྦྱོར་འཕོ་བའི་དབྱེ་བས་སོ་ཞེས་པ་ནི་འཕོ་བ་བཅུ་གཉིས་འཁོར་བའོ། །ཕྱི་རོལ་དུ་ཉི་མས་ཉིན་ཞག་སུམ་ཅུར་འཕོ་བ་རེའི་དཀྱིལ་འཁོར་ལྔ་ལོངས་སྤྱོད་ཅིང་། ཉིན་དྲུག་དབྱུག་གུ་སུམ་བརྒྱ་དྲུག་ཅུས་དཀྱིལ་འཁོར་རེ་རེ་ལ་ལོངས་སྤྱོད་པ་བཞིན་དུ། ནང་དུ་དབུགས་བརྒྱ་ཕྲག་བཅོ་བརྒྱད་ཀྱིས་འཕོ་བ་རེ་རེའི་དཀྱིལ་འཁོར་ལྔ་ལོངས་སྤྱོད་ཅིང་། དབུགས་སུམ་བརྒྱ་དྲུག་ཅུས་དཀྱིལ་འཁོར་རེ་རེ་ལོངས་སྤྱོད་དོ། །ལྟེ་བའི་རྩ་ཡི་འཁོར་ལོ་ལ་དང་པོར་བཞི། དེའི་ཕྱི་ལ་བརྒྱད། དེའི་ཕྱི་ལ་བཅུ་གཉིས།དེའི་ཕྱི་རོལ་དུ་དྲུག་ཅུ་རྩ་བཞི་ཡོད་པ་ལས། འཕོ་བ་བཅུ་གཉིས་འབབ་པའི་འདབ་མ་བཅུ་གཉིས་པོའམ་པདྨའི་འདབ་མ་རེ་རེ་དག་ལ་ཞེས་སམ། འགྱུར་གྱི་དབང་གིས་རེ་རེ་ཡི་པདྨའི་འདབ་མ་དག་ལ་དཀྱིལ་འཁོར་ལྔ་ཡི་རླུང་རབ་ཏུ་འབབ་སྟེ། འདབ་མ་དེའི་འོག་གི་ཕྱོགས་ནུབ་ཏུ་འཛིན་མ་ས་ཡི་དཀྱིལ་འཁོར་དང་ནི། གཡོན་ནམ་བྱང་དུ་ཆུ་དང་། གཡས་སམ་ལྷོ༷་རུ་མེ་དང་། སྟེང་ངམ་ཤར་དུ་ང་གི་དཀྱིལ་འཁོར་ནི་རབ་ཏུ་འབབ་སྟེ་འདབ་མའི་དབུས་དག་ཏུ་ཡང་སྟོང་པ་ནམ་མཁའི་དཀྱིལ་འཁོར་གྱི་ང་འབབ་པའོ། །དེ་ལྟར་ས་ལ་སོགས་པ་དཀྱིལ་འཁོར་གྱི་དབྱེ་བ་ལྔ་ཡིས་རིམ་བཞིན་འཕོ་བར་འགྱུར་ཏེ་འཕོ་ཆུང་རེ་ལ་དབུགས་སུམ་བརྒྱ་དྲུག་ཅུ་རེ་ཡོད་དོ། །འཕོ་ཆུང་གི་དཀྱིལ་འཁོར་རེ་རེ་རྫོགས་པའི་མཚམས་སུ་རྐང་པ་དང་བཅས་པའི་དབུགས་བཅུ་གཅིག་རེ་ལ་མཉམ་པ་དབུ་མའི་ཡེ་ཤེས་ཆའི་རླུང་རབ་ཏུ་འབབ་པ་ཡིན་པས། འཕོ་ཆེན་རེའི་དཀྱིལ་འཁོར་ལྔ་ཀ་རྫོགས་པའི་མཚམས་སུ་ཡེ་རླུང་ལྔ་བཅུ་རྩ་དྲུག་དང་དབུགས་གཅིག་གི་བཞི་ཆ་འམ་རྐང་པ་གཅིག་ལོངས་པས། དེས་དམན་པའི་དབུགས་ནི་དྲུག་ཅུ་ཡི་ལྷག་མ་དང་བཅས་པ་འཕོ་ཆེན་རེ་རེའི་དཀྱིལ་འཁོར་ལྔའི་རྒྱུ་བའི་གྲངས་ཏེ་དབུགས་སུམ་བརྒྱ་དང་གསུམ་དང་དབུགས་གཅིག་གི་བཞི་ཆ་གསུམ་ཡོད་པའོ། །དེ་ལྟར་འཕོ་ཆེན་དང་འཕོ་ཆུང་གི་འཕོ་བའི་དབྱེ་བ་རྣམས་ནི་ཉིན་ཞག་སོ་སོའི་དུས་སུ་ནང་གི་དུས་སྦྱོར་གྱི་དབྱེ་བ་དག་གིས་རབ་ཏུ་འབྱུང་བར་འགྱུར་


MR17_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། དེ་ཡང་སྟོང་པ་ནམ་མཁའ་ལ་སོགས་དཀྱིལ་འཁོར་ལྔའམ་དེ་ཉིད་ལྔ་ནི་ངེས་པར་བྱང་སྟེ། སྣ་བུག་གཡོན་དུ་རབ་ཏུ་འབབ་ལ། ས་ལ་སོགས་པ་སྡུད་རིམ་གྱི་དཀྱིལ་འཁོར་ལྔ་ནི་གཡས་སུའོ། །དེ་དག་གི་བདག་པོ་ནི་མི་མཉམ་པའི་དུས་སྦྱོར་གཡོན་གྱི་ཁྱིམ་དྲུག་གི་སྟོང་པ་ལ་སྒྲ་གཅན་དང་། མཉམ་པའི་དུས་སྦྱོར་གཡས་ཀྱི་ཁྱིམ་དྲུག་གི་སྟོང་པ་ལ་དུས་མེ་བདག་པོའོ། །དེ་བཞིན་དུ་སྔ་མ་གཡོན་དང་། ཕྱི་མ་གཡས་ཀྱི་འབྱུང་བ་ལ་སྦྱར་ཏེ་རླུང་ལ་ཟླ་བ་དང་ནི་ཉི་མ་དག་དང་། མེ་ལ་གཟའ་ལག་དང་ས་སྐྱེས་ཆུ་ལ་ལྷ་མིན་བློན་པོ་པ་སངས་དང་། ལྷའི་བླ་མ་ཕུར་བུ་དང་། ས་ལ་མཇུག་རིངས་དང་སྤེ༷ན་པ་འདི་བཅུ་དག་ནི་ནམ་མཁའ་ལ་སོགས་དཀྱིལ་འཁོར་ལྔ་པོ་རྣམས་ལ་བདག་པོ་སྟེ་རང་རང་གི་ཞིང་ཅན་ནམ་ཞིང་ལ་དབང་བ་ཅན་གཟའ་བཅུ་ཡིན་ནོ། །ཕྱི་རོལ་དུ་ཟླ་བ་དྲུག་ལ་ཉི་མ་ཁྱིམ་དྲུག་དག་ཏུ་ལོངས་སྤྱོད་པ་ལུག་འཁྲིག་སེང་སྲང་གཞུ་བུམ་སྟེ་མི་མཉམ་པའི་ཁྱིམ་དྲུག་ལ་ཟླ་བ་ཁུ་བའི་ཁམས་དབང་ཕྱུག་ཏུ་སྟེ་བདག་པོར་འགྱུར་ཞིང་། དེ་ཡང་ནང་དུ་བྱང་དག་ཏུ་སྟེ་གཡོན་གྱི་ཆ་ལ་རྒྱུ་བའི་ཁྱིམ་དྲུག་ལ་ཁུ་བའི་ཁམས་ཟླ་བ་དེ་ལྟར་བདག་པོའོ། །དེ་བཞིན་དུ་མི་བདག་ཅེས་བོས་ནས་ལྷོ༷་རུ་སྟེ་གཡས་སུ་རྒྱུ་བ་མཉམ་པའི་ཁྱིམ། གླང་ཀར་བུ་མོ་སྡིག་པ་ཆུ་སྲིན་ཉ་ཁྱིམ་དྲུག་ལ་ཕྱི་དང་ནང་དུ་ཡང་ཉི་མ་རྡུལ་གྱི་ཁམས་བདག་པོའོ། །དཀྱིལ་འཁོར་གྱི་བདག་པོའི་ངེས་པའོ། །གནས་པ་བཅུ་པ་སྲོག་ལ་སོགས་པ་རླུང་གི་བྱ་བའི་ངོ་བོ་ཉིད་ཀྱི་གནས་པ་འཕྲོས་དོན་དང་བཅས་པ་གསུངས་པ། དེ་སྟེང་སྙིང་གའི་སོགས་ཚིགས་བཅད་ཞེ་གཅིག་པ་ནས་ལྔ་བཅུ་པའི་བར་གྱིས་བསྟན་ཏེ། སྐབས་འདིར་ལྟེ་བའི་འཁོར་ལོ་ནང་དུ་བཞི་དང་། དེའི་ཕྱིར་བརྒྱད། དེའི་ཕྱིར་བཅུ་གཉིས། དེའི་ཕྱི་རོལ་དྲུག་ཅུ་རྩ་བཞི་པོ་རྣམས་ཏེ་འདབ་མའི་སྒྲས་དབུགས་འབབ་པའི་ཆོས་ཅན་རྣམས་བཟུང་ངོ་ཞེས་འགྲེལ་པས་གསུངས་པ་ལ། འགྲེལ་བྱེད་སྔ་མ་ཁ་ཅིག་སྟོང་པའི་རྩ་བཞི་ལ་འཕོ་བ་


MR17_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་རླུང་མི་རྒྱུ་ཡང་། རེས་འགའ་བའི་རླུང་རྒྱུ་བས་དབུགས་ཀྱི་ཆོས་ཅན་དུ་གསུངས་པ་མི་འགལ་ཞེས་དང་། ཁ་ཅིག་རྣལ་འབྱོར་གྱི་སྟོབས་ཀྱིས་རླུང་རྒྱུ་བ་ཡོད་པ་ལ་དགོངས་ཞེས་ཟེར་ཀྱང་། འཕོ་བར་གཏོགས་པའི་རླུང་མི་རྒྱུ་བས་སྟོང་པར་བཤད་ཀྱི། སྤྱིར་རྩ་རྣམས་སུ་རླུང་གཏན་མི་རྒྱུ་བ་ཡོད་དགོས་པ་མི་འདྲ་ལ། དབུགས་འབབ་པའི་ཆོས་ཅན་རྣམས་བཟུང་ངོ་ཞེས་པས་སྟོང་པའི་རྩ་བཞི་དོར་བའི་ལྷག་མ་བཟུང་ངོ་ཞེས་པའི་དོན་ནོ། །ལྟེ་བའི་འཁོར་ལོ་དེ་ཡི་སྟེང་དུ་སོར་མོ་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་མཚམས་སུ་སྙིང་གའི་ཕྱོགས་སུ་པདྨ་ནོར་གྱི་འདབ་མ་དག་ལ་རྩ་ཡི་འཁོར་ལོ་ཡང་དག་གནས་ཞེས་པ་འགྱུར་གྱི་དབང་གིས་ཏེ། ལ་ཞེས་པ་གི་ཞེས་པའི་དོན་དུ་བྱས་ན་འཆད་བདེ་ལ། དོན་ནི་སྙིང་གའི་ཕྱོགས་སུ་རྩ་ཡི་འཁོར་ལོ་པདྨ་ནོར་གྱི་འདབ་མ་དག་ལ་ཡང་དག་པར་གནས་པའི་སྲོག་ལ་སོགས་པ་རླུང་གི་ཚོགས་བཅུ་པོ་འབབ་པ་ཡིན་ཏེ་ཞེས་སོ། །འདི་སྐབས་ལྟེ་བའི་བུ་ག་ནས་སྙིང་གའི་བར་ལ་མི་ཕལ་པའི་རང་སོར་ཕྱེད་བཅུ་གསུམ་ཅུང་མེད་པས་འགྲེལ་པའི་དགོངས་པ་ལེན་ཚུལ་འགའ་ཞིག་བཤད་པ་དགོས་པ་ཆུང་ལ། སྙིང་ག་དང་ལྟེ་བའི་རྩ་འཁོར་གྱི་བར་ཚད་རགས་པ་ཡིན་ན་ཅུང་ཟད་རེའི་འགལ་བ་མེད་པར་མངོན་ནོ། །སྙིང་གའི་རྩ་དེ་ལ་ཡང་ཟླ་བ་དང་ཉི་མ་དང་མེ་སྟེ་སྒྲ་གཅན་གྱི་རྩ་རྣམས་རིམ་པར་གཡོན་དང་གཡས་དང་དབུས་སུའོ། དེ་ཡང་གཡོན་དུ་རྩ་ལ་ནི་རི་བོང་ཅན་ཟླ་བའི་མཚན་མ་ཁུ་བའི་ཡོན་ཏན་གྱི་རྟེན་ཅན་རྐྱང་མའི་ནུས་པ་རབ་ཏུ་འབབ་སྟེ་ངེས་པར་ཁ་དོག་དཀར་པོའོ། །དེ་བཞིན་གཡས་སུ་ཁ་དོག་དམར་པོ་ཉི་མ་ཡི་མཚན་མ་འབབ་པའོ་ཞེས་སོ། །འདི་སྐབས་རྩ་བརྒྱད་ལས་གཡོན་གྱི་རྩ་བཞི་དཀར་པོ། །གཡས་ཀྱི་བཞི་དམར་པོ་ལ་ཟླ་ཉིའི་མཚན་མ་འབབ་ཅེས་སྔ་མ་དག་གསུངས། ཡང་ཕྱི་མ་དག་གིས་དེ་མི་འཐད་དེ་སྙིང་གའི་རྩ་འཁོར་ཐམས་ཅད་ཁ་དོག་ནག་པོར་གསུངས་པས་ན། རྩ་བརྒྱད་ཀྱི་དབུས་སུ་རྩ་གསུམ་ཡོད་པའི་


MR17_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་རྐྱང་ཁ་དོག་དཀར་པོ་རི་བོང་མཚན་མ་འབབ་པ་དང་། གཡས་རོ་མ་དམར་པོ་ཉི་མ་འབབ་པ་དང་། དབུས་སྒྲ་གཅན་གྱི་རང་བཞིན་ཡེ་རླུང་འབབ་པའོ་ཞེས་བཤད། རྩ་བརྒྱད་ཀྱི་དབུས་དྲང་པོའི་གནས་སུ་ནི་དུས་མེའི་ཞེས་སྒྲ་གཅན་གྱི་གཟུགས་སམ་རང་བཞིན་ཡེ་ང་ནི་རབ་ཏུ་འབབ་སྟེ། མཉམ་པ་དག་ལ་ཇི་ཙམ་འབབ་ན། དཀྱིལ་འཁོར་ལྔ་རྫོགས་པའི་འཕོ་ཆེན་རེ་ལ་བུ་ལོན་དུ་གྱུར་པ་དམན་པའི་དོན་གྱིས་དབུགས་གསུམ་དང་རྐང་པ་གསུམ་གྱིས་དམན་པའི་དབུགས་ནི་དྲུག་ཅུ་སྟེ་ལྔ་བཅུ་ང་དྲུག་རྐང་པ་དང་བཅས་པ་འབབ་པའོ། །སྙིང་གའི་ཆུ་སྐྱེས་རྩིབས་བརྒྱད་པ་འདི་རྣམས་ཐུན་ཚོད་འཕོ་བའི་གནས་སུ་གྱུར་པའི་རྩ་ཡིན་པ་རིགས་པར་བྱ་སྟེ། ཇི་ལྟར་ན། ཞག་གཅིག་གི་ཆུ་ཚོད་དྲུག་ཅུ་ལ་བརྒྱད་ཀྱིས་བགོས་པས། ཐུན་ཚོད་རེ་ལ་དབྱུག་གུ་བདུན་དང་དབྱུ་གུ་ཕྱེད་ཆུ་སྲང་སུམ་ཅུ་རེ་ཐོབ་པས་དེ་དབུགས་ཀྱི་གྲངས་སུ་བསིལ་བས་བརྒྱ་ཕྲག་ཉི་ཤུ་རྩ་བདུན་གྱིས་རྩ་དང་རྩ་རེ་རེ་ལ་སྲོག་ཡང་དག་པར་རྒྱུ་བར་འགྱུར་ཏེ། སྣའི་བུག་པར་དཀྱིལ་འཁོར་ལྔ་འབབ་པར་བྱེད་པ་ནི་འདི་རྣམས་ཀྱི་ཆ་ལས་འགྱུར་རོ། །དེ་ཡང་རྩ་འདབ་རེ་རེ་ལ་དབུགས་དེ་ཙམ་རེ་རྒྱུ་ཡང་དབུགས་དེ་རྣམས་བར་མ་ཆད་དུ་གཡོན་དང་གཡས་ཀྱི་འདབ་མ་རེ་རེ་ནས་རྒྱུ་བ་མ་ཡིན་ཏེ། གཡས་གཡོན་འཕོ་བ་ཆུ་ཚོད་ལྔ་རེའི་མཚམས་ནས་འཕོ་དགོས་པས། སྙིང་གའི་གཡོན་རྩ་ལྟ་བུ་གཅིག་ལ་དབྱུ་གུ་ལྔའི་དབུགས་བུ་ལོན་དང་བཅས་པ་སྟོང་དང་བརྒྱད་བརྒྱ་རྒྱུན་ཆགས་སུ་རྒྱུས་ནས། དེ་ནས་གཡས་ཀྱི་འདབ་མ་ལ་དེ་ཙམ་ཞིག་རྒྱུ་ཞིང་། དེ་ནས་སྔར་གྱི་གཡོན་པའི་རྩ་ལ་རང་གི་ཐུན་ཚོད་ཀྱི་དབུགས་ཉིས་སྟོང་བདུན་བརྒྱ་ལས། སྟོང་བརྒྱད་བརྒྱ་སྤྱོད་ཟིན་པའི་ལྷག་དབུགས་དགུ་བརྒྱ་རྒྱུ་བ་ནི་ཆུ་ཚོད་གཉིས་དང་ཆུ་སྲང་སུམ་ཅུའོ། །དེ་ནས་དེ་དང་ཉེ་བའི་གཡོན་གྱི་རྩ་ལ་དབུགས་དགུ་བརྒྱ་བརྒྱུས་པས་འཕོ་བ་གཅིག་གི་དབྱུག་གུ་ལྔར་གཡོན་ནས་རྒྱུ་བ་རྫོགས། དེ་ནས་སྔར་གྱི་གཡས་པའི་རྩ་ལ་དབྱུག་གུ་ཕྱེད་གསུམ་གྱི་དབུགས་རྒྱུ་བ་སོགས་དེའི་ཚུལ་


MR17_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དབྱུག་གུ་ལྔའི་དབུགས་ཀྱི་གྲངས་གཡོན་དང་གཡས་སུ་རེས་མོས་རྒྱུ་ན་སྣའི་དབུགས་གཡོན་དུ་འཕོ་བའི་དུས་སྦྱོར་གྱི་དབུགས་གྲངས་དང་འགྲིག་པས་ཤིན་ཏུ་ལེགས་ཤིང་། གཡས་གཡོན་གྱི་འདབ་མ་རེ་རེར་ཆུ་ཚོད་བདུན་དང་ཆུ་སྲང་སུམ་ཅུ་བར་མ་ཆད་དུ་རྒྱུ་ན་སྣ་བུག་གཡས་གཡོན་གང་རུང་ནས་ཀྱང་དེ་སྙེད་བར་མ་ཆད་དུ་རྒྱུ་དགོས་པས་ཤིན་ཏུ་མི་འགྲིག་ཅེས་བཤད་པ་ལེགས་པ་འདྲའོ། །རླུང་བཅུ་སྙིང་གའི་རྩ་ལ་གནས་པའི་ཚུལ་ནི། སྲོ༷ག་གི་རླུང་ནི་རྩ་སུ་ཤུམྣ་ཡིད་བཟང་མ་ལ་སྟེང་དུ་འབབ་པ་དང་། ཐུར་སེལ་ནི་ལྟེ་བའི་འོག་ཏུ་དུང་ཅན་མ་ལ་ཐུར་དུ་འབབ་པ་དང་། མཉམ་གནས་ནི་ཤར་གྱི་འདབ་མའི་རྩ་སྣར་མ་ཞེས་པ་ལ་ལྷག་པའི་ལྷ་སྟེ་བདག་པོའོ། །དེའི་ཚུལ་གྱིས་སྙིང་གའི་རྩ་པདྨ་ནོར་གྱི་འདབ་མ་སྟེ་བརྒྱད་པོ་དག་ལ་རླུང་བརྒྱད་ནི་གཡས་བསྐོར་དུ་སྟེ། གྱེན་དུ་རྒྱུ་བ་ནི་མེའི་འདབ་མར་རྩ་ལག་ལྡན་གྱི་ལྕེ་ལ་དང་། ཁྱབ་བྱེད་ནི་ལྷོའི་འདབ་མར་རྩ་དམར་སེར་ལའོ། །ཀླུ་ནི་བདེན་བྲལ་གྱི་འདབ་མར་རྩ་རྒྱལ་ཞེས་བྱ་བ་ལ་གནས་པ་དང་། རུས་སྦལ་ནི་ཆུའི་འདབ་མར་རྩ་རྒྱལ་བ་ཞེས་བྱ་བ་དག་ལ་གནས་པ་དང་། རྩངས་པའི་རླུང་ནི་རླུང་གི་འདབ་མར་རྩ་ཨ་ལཾ་པུ་ཥ་སྟེ་ག་རོད་ལོ་ཙཱས་ཀུན་དུ་འཕྱང་བ་ཞེས་པར་བསྒྱུར་བ་དེ་ལ་དང་། ལྷ་སྦྱིན་ནི་བྱང་གི་འདབ་མ་རྩ་ཨི་ཊ་ཞེས་པ་རྭས་ལུག་ཏུ་བསྒྱུར་བ་དེ་ལ་གནས་པ་དང་ནི། ནོར་ལས་རྒྱལ་བ་ཞེས་པ་དབང་ལྡན་གྱི་འདབ་མའི་རྩ་ཀུ་ཧཱ་ཞེས་པ་ལ་གནས་པ་སྟེ། འགའ་ཞིག་གིས་ཀུ་ཧཱ་ཚུལ་འཆོས་སུ་བསྒྱུར། སྲོག་རྒྱུ་བའི་རྩ་སུ་ཤུམྣ་ཞེས་པ་རྭ་པས་ཤིན་ཏུ་སྟོང་པ་དང་། འགའ་ཞིག་གིས་ཡིད་བཟངས་བཟང་མར་བསྒྱུར་བ་ལགས་སོ། །དུང་ཅན་མའི་མཐར་ཡང་ཨི་ཊ་ཞེས་འབོད་པ་རྭས་སྣར་མ་ཞེས་འདོན་ནོ། །དེ་ལྟར་སྲོག་འཛིན་ལ་སོགས་པའི་རླུང་ནི་རྣམ་པ་བཅུ་པོ་འདི་རྣམས་གཙོ་བོར་སྙིང་གའི་ལྟེ༷་བའི་རྩ་ཡི་འཁོར་ལོ་ལ་ནི་ཡས་ཀྱི་བྱ་བ་ཐ་དད་ཀྱི་དབྱེ་བས་ཡང་དག་པར་གནས་ཀྱང་རྩ་སྟོང་ཕྲག་


MR17_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཅུ་རྩ་གཉིས་པོ་རྣམས་ལ་ཁྱབ་པ་ཡིན་ལ། འོན་ཀྱང་སྙིང་གའི་རྩ་འདབ་བརྒྱད་ཀྱི་གནས་ལ་སྐྱེ་གནས་སམ་སྐྱེས་པ་བརྒྱད་དུ་བཤད་དོ། །དུང་ཅན་མ་ནི་རླུང་བཅུའི་རྟེན་རྩ་བཅུའི་ཕྱོགས་ཀྱི་གྲངས་སུ་གྱུར་པ་ཐ་མའམ་མཐའ་ཡང་ཡིན་ལ། དུང་ཅན་མ་གང་གིས་བྱང་ཆུབ་སེམས་ཟག་པར་བྱེད་པ་དེ་ལ་ཐུར་སེལ་ནི་ལྷག་པའི་ལྷའོ། །སྲོག་གི་རྟེན་ཡིད་བཟང་མ་ནི་དབུ་མའི་སྟེང་གི་ཆ་སྟེ། དེ་གཉིས་མ་བགྲང་བའི་འདབ་མ་བརྒྱད་ཀྱི་རྩ་ནི་ཨི༷་ཊ་སྟེ་ལུག་ཞེས་པ་མཉམ་གནས་ཀྱི་རྟེན་སྣར་མ་ལ་སོགས་བརྒྱད་དོ། །འགའ་ཞིག་དུང་ཅན་མའི་མཐའ་ན་ཨི་ཊ་ཞེས་པའི་རྩ་གཞན་ཞིག་ཡོད་པ་ལ་གོ་བར་འདུག་ཀྱང་མི་འགྲིག་གོ། དེ་ལྟར་རྩ་བཅུ་པོ་འདི་ནི་རང་གི་སྙིང་གའི་པདྨ་འདབ་མ་བརྒྱད་པའི་རྩ་ཡི་འཁོར་ལོ་སྟེང་འོག་གཉིས་དང་བཅས་པ་མཐའ་དག་གོ །རླུང་དེ་རྣམས་ཀྱི་བྱེད་ལས་ནི་སྲོ༷ག་གི་རླུང་གིས་ནི་སྲོག་འཛིན་པའམ་གནས་པར་བྱེད་དེ། དབུ་མར་གནས་པ་འབའ་ཞིག་ཏུ་མ་ཟད་ཉི་མ་ཡི་ལམ་ནི་དམར་སེར་ཞེས་གྲགས་པར་ས་ནཱ་སྟེ་རོ་མ་དང་། ཟླ་བའི་ལམ་ནི་ཨི་ཊ་སྟེ་ལུག་ཅེས་གྲགས་པ་ལ་ལ་ནཱ་ཞེས་རྐྱང་མ་སྟེ་དེ་ལྟར་ཉི་ཟླའི་ལམ་གཉིས་ན་གནས་པ་ཡི་སྲོག་གི་རླུང་དག་གིས་ཀྱང་སྲོག་གི་རྟེན་བྱེད་དོ། །རོ་དྲུག་གི་བཟའ་བ་ཟོས་པ་དང་ཆུ་སོགས་བཏུང་བ་འཐུངས་པ་མ་ལུས་པ་དེ་དག་ཐུར་སེལ་གྱིས་ནི་འོག་ཏུ་འདྲེན་པར་བྱེད་པ་ཡིན་ཏེ་ཟས་སྐོམ་མཐའ་དག་འཇུ་ཞིང་ཁྲག་ཤ་རུས་རྐང་ཁུ་བ་སྤུ་དང་པགས་པའི་ཁམས་བདུན་དུ་རོ་མཉམ་པར་བྱེད་པ་ལུས་ལ་རླུང་མཉམ་གནས་དག་གིས་འཐོབ་བོ། །ལུས་ལ་གནས་པ་རླུང་གྱེན་རྒྱུས་ལུས་གཡོ་བར་བྱེད་དེ་དེ་འདི་ལྟར་ཁ་དང་ལག་པ་རྐང་པ་རྣམས་ཀྱིས་རིམ་བཞིན་ཁས་སྨྲ་བ་དང་དགོད་པ་དང་གླུ་ལེན་པ་དང་། རྐང་ལག་གི་འགྲོ་བ་དང་ཟློས་གར་ལ་སོགས་པ་བྱེད་དོ། །རླུང་ཁྱབ་བྱེད་ཀྱིས་ནི་ལུས་ལ་ནད་དག་བྱེད་དེ། ཆུའི་རང་བཞིན་གྱི་ཡོན་ཏན་གྱི་དབང་གིས་ལུས་འདི་འཇིག་པ་དེ་ལྟ་བུའི་ནད་ཉིད་བྱེད་དོ། །རླུང་ཀླུ་


MR17_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྒྲེགས་པ་ཉིད་བྱེད་དེ། གསལ་བར་ལག་པ་དང་རྐང་པ་བསྐུམ་པ་དག་ནི་རུས་སྦལ་གྱི་རླུང་གིས་སོ། །ཁྲོ་བ་དང་གཡེང་བ་མཐའ་དག་དེ་ནི་རྩངས་པའི་རླུང་དག་གིས་བྱེད་པ་ཡིན་ཏེ། གླལ་བ་དག་ཀྱང་ལྷ་སྦྱིན་ཀྱིས་བྱེད་དོ། །ལུས་ནི་གནས་སྐབས་ལྔ་པ་འཆི་བ་ཉིད་དུ་གྱུར་པའང་གཏོང་བར་མི་བྱེད་པ་ནི་ཀྱེ་མི་ཡི་བདག་པོ་ང་གཅིག་སྟེ་གང་ཞེ་ན་ནོར་ལས་རྒྱལ་བའོ། །དེ་ལྟར་སྲོ༷ག་ལ་སོགས་པའི་རླུང་རྣམས་ཐམས་ཅད་དག་ཀྱང་། རང་བཞིན་གྱིས་གནས་སམ་རང་གི་རང་བཞིན་དུ་གྱུར་པ་ཡི་ཡོན་ཏན་དག་ནི་གཏོང་བར་མི་བྱེད་དེ། ནམ་མཁའ་ལ་སོགས་པའི་རང་བཞིན་གྱི་ཡོན་ཏན་དེ་དང་ངང་གིས་ལྡན་པས་ན། ཆུ་གཤེར་བ་དང་མི་འབྲལ་བ་བཞིན་ནོ། །སྲོག་སོགས་རླུང་བཅུའི་བྱ་བ་ངེས་པའོ། །དེ་ནས་རྩ་རྣམས་ལ་མུ་སྟེགས་རྣམས་ཀྱིས་བཏགས་པའི་མིང་རྣམས་ཀྱིས་གསུངས་པ་ནི། ཨི་ཊ་ལ་སོགས་པའི་རྩ་གསུམ་ནི། གང་ཞེ་ན། དམར་སེར་ཕྲ་མོ་དག་ཀྱང་སྟེ་རྣམ་གསུམ་ལམ་བགྲོད་ཅེས་པའི་དོན་ཡིན་ཡང་། ཉི་མའི་ལམ་ལ་བགྲོད་པ་གཡས་ནས་རྒྱུ་བ་དམར་སེར་དང་། སྒྲ་གཅན་གྱི་ལམ་ལ་བགྲོད་པ་སུ་ཤུམྣ་འམ་ཕྲ་མོ་དག་ཀྱང་སྟེ། གཡོན་པ་ཟླ་བའི་ལམ་ལ་བགྲོད་པ་ཨི༷་ཊའོ། །ཨི་ཊ་ལ་སོགས་པ་གཡས་གཡོན་དབུས་རྣམ་པ་གསུམ་གྱི་ལམ་ལ་བགྲོད་པའོ། །དེ་བཞིན་དུ་བཞི་པ་སྣར་མ་དང་ནི་ལྔ་པ་ལག་ལྡན་ལྕེ༷་དང་དྲུག་པ་རྒྱལ་དང་རི་སྟེ་བདུན་པ་ཡང་རྒྱལ་བ་དང་། ནོར་ཏེ་བརྒྱད་པ་དང་དགུ་པ་རིམ་བཞིན་ཨ་ལ༷ཾ་བུ་ཥ་དང་དཔལ་ལྡན་ཀུ་ཧཱའོ། །ཕྱོགས་ཀྱི་གྲངས་ནི་དུང་ཅན་མ་གང་ཡིན་པ་སྟེ་ཀྱེ་མི་ཡི་བདག་པོ། བྱང་ཆུབ་ས་བོན་ཏེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཁུ་བ་བདེ་བའི་མཐར་ཟག་པར་བྱེད་པའོ། །དཔལ་ལྡན་རྩ་ཡི་འཁོར་ལོ་འདི་ནི་རྣམ་པ་མང་པོར་འགྱུར་ཏེ། ལུས་ལ་ཚིགས་ཀྱི་དབྱེ་བ་དུ་མས་ཕྱེ་བའི་སུམ་བརྒྱ་དྲུག་ཅུ་ཡོད་པ་བཞིན་རྩ་ཡི་འཁོར་ལོའང་སུམ་བརྒྱ་དྲུག་ཅུ་དེ་སྙེད་ཡོད་ལ། སྲོག་ལ་སོགས་པའི་རླུང་གི་དབྱེ་བ་ཡང་དེ་སྙེད་དུ་གནས་སོ། །འདབ་


MR17_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

མ་དེ་དག་ཀྱང་ཕྱོགས་སོ་སོ་ན་གནས་པའི་དབང་གིས་རྩ་དེ་དག་ལ་རྒྱུ་བའི་རླུང་རྣམས་ཕྱོགས་སྐྱོང་དབང་པོ་སོགས་ཀྱིས་བྱིན་གྱིས་བརླབ་པའམ་དེ་དག་བདག་པོའི་ཚུལ་དུ་གྱུར་པ་ཡིན་ཏེ། ཕྱི་རོལ་གྱི་ཕྱོགས་སྐྱོང་བ་རྣམས་ནང་དུ་ལུས་ལ་ཚང་ཚུལ་ནི། ཤར་དུ་དབང་པོ་ཡི་འདབ་མའི་ཐུན་ཚོད་ལ་སྲོག་གི་ནུས་པས་ལྷའི་དབང་པོའི་རང་བཞིན་བརྟེན་པའམ་འཛིན་པ་ཡིན་ལ། དེ་བཞིན་དུ་མེ་དང་གཤིན་རྗེ་ལྷ་མིན་ནམ་བདེན་བྲལ་ཆུར་བཅས་རླུང་དང་གནོད་སྦྱིན་དང་ནི་དྲག་པོ་དག་གི་ཕྱོགས་སམ་དབུས་སུ་གྱུར་པའི་རྩ་ཡི་གནས་ནི་འདི་དག་རྣམས་སུ་རླུང་རྒྱུ་བ་ནི་ཕྱོགས་སྐྱོང་བ་བརྒྱད་པོ་དེ་ཡི་རང་བཞིན་བརྟེན་ཞིང་དེ་དག་གི་ནུས་པ་ཉིན་དང་མཚན་མོར་ཐུན་བརྒྱད་ཀྱི་ངོ་བོས་འཁོར་བར་བྱེད་པའོ། །སྙིང་གའི་པདྨ་དེ་ཡི་སྟེང་དུ་སོར་མོ་ཕྱེད་དང་བཅས་པའི་བཅུ་གཉིས་དག་གི་མཐར་མགྲི༷ན་པའི་འཁོར་ལོའི་ཕྱོགས་སུ་གཟའ་ཡི་ཚོགས་རྒྱུ་བ་དང་བཅས་པའི་རྒྱུ་སྐར་གྱི་འཁོར་ལོ་ཡང་དག་པར་གནས་ཏེ། གཙོ་བོའི་རྒྱུ་སྐར་ཉེར་བརྒྱད་དབྱུག་གུའི་རྒྱུ་སྐར་བཞི་དང་བཅས་པའི་འདབ་མ་སོ་གཉིས་སོ། །དབྱུག་གུའི་རྒྱུ་སྐར་བཞི་དོར་ནས་འདབ་མ་ཉེར་བརྒྱད་རྣམས་ལ་ཉིན་མཚན་གྱི་སྲོག་ཡང་དག་པར་རྒྱུ་སྟེ། འདབ་མ་རེ་རེ་ལ་ཇི་ཙམ་རྒྱུ་བའི་ཡུན་ནི་ཆུ་ཚོད་དྲུག་ཅུ་ལ་ཉེར་བརྒྱད་ཀྱི་ཆས་བགོས་པས། ཆུ་ཚོད་གཉིས། ཆུ་སྲང་བརྒྱད། དབུགས་གསུམ། དབུགས་ཀྱི་བཅུ་བཞི་ཆ་དྲུག་གི་བར་དུའོ། །མགྲིན་པའི་པདྨ་དེ་ཡི་སྟེང་དུ་སོར་མོ་ཕྱེད་དང་བཅས་པའི་བཅུ་གཉིས་ཀྱི་མཐར་ཕྱི་རོལ་དུ་ཚངས་པའི་ཡུལ་ས་དཔལ་ལྡན་དཔྲལ་བ་དག་ལ་གནས་པ་དབྱངས་ཀྱིས་ཡོངས་སུ་བསྐོར་བའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་དཀར་པོ་ཟག་པར་བྱེད་པ་ཅན་ནོ། །དེ་ཡང་དཔྲལ་བའི་པདྨ་འདབ་མ་བཅུ་དྲུག་པ་ལས་སྟོང་པའི་རྩ་གཉིས་ཕྲི་བའི་བཅུ་བཞི་ལ་ཉིན་དང་མཚན་དུ་སྲོག་ཡང་དག་པར་རྒྱུ་སྟེ། ཆུ་ཚོད་དྲུག་ཅུ་ལ་བཅུ་བཞིས་ཐོབ་པ་ཆུ་ཚོད་ལྔ་ཟེར་ཀྱང་རགས་རྩིས་ཏེ་ཅུང་ཞིག་ཆད་པའོ། །བཅུ་བཞིས་དྲུག་ཅུར་ཐོབ་པ་དེའི་ཆས་


MR17_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་རེ་རེ་འདོར་རོ། །འགྲེལ་བར་ཐིག་ལེ་དང་རྣམ་པར་བཅད་པ་ལྟེ་བ་ལ་རིག་པར་བྱ་སྟེ་ཟླ་བའི་རྐང་པ་རྒྱུ་བའོ་ཞེས་གསུངས་པའི་དོན་འཆད་པ་ལ། ཁ་ཅིག་མགྲིན་དཔྲལ་གྱི་འཁོར་ལོ་དེ་གཉིས་ཀའི་ལྟེ་བའི་དབུས་དང་གེ་སར་གྱི་རྩེ་མོར་དབྱངས་སུམ་ཅུ་ཐིག་ལེ་ཅན་དང་། གསལ་བྱེད་ཉི་ཤུ་ཚེགས་དྲག་ཅན་ལ་ཟླ་རྐང་རྒྱུ་ཞེས་དང་། ཁ་ཅིག་འཁོར་ལོ་བཞིའི་ལྟེ་བ་དང་འདབ་མའི་གེ་སར་ལ་དབྱངས་སུམ་ཅུ་དང་གསལ་བྱེད་བརྒྱ་ཉི་ཤུ་རྣམ་བཅད་ཚེགས་དྲག་གིས་བརྒྱན་པ་ལ་ཉི་ཟླའི་རྐང་པ་རྒྱུའོ་ཞེས་བཤད་ཀྱང་འགྲིག་དཀའ་ལ། གྱི་ཅོས་ལྟེ་དབུས་སུ་ཐིག་ལེ་དང་ཚེགས་དྲག་ཅན་ལ་ཟླ་བའི་ཆ་རྒྱུ་བར་རིག་པར་བྱའོ་ཞེས་བསྒྱུར་བ་ལྟར། དཔྲལ་བའི་འདབ་མ་བཅུ་དྲུག་ལས་སྟོང་པའི་རྩ་གཉིས་དོར་བའི་བཅུ་བཞི་པོ་ལ་ཟླ་རྐང་བཅུ་བཞི་རྒྱུ་བ་ཡིན་ལ། ཟླ་རྐང་ཆུ་ཚོད་ལྔ་པ་གསུམ་ནི་སའི་ཡོན་ཏན་ལྔ་ལ་རྡུལ་མུན་སྙིང་སྟོབས་ཀྱིས་ཡོན་ཏན་གྱི་དབྱེ་བས་གསུམ་དུ་འགྱུར་བ་དེའི་མུན་པའི་ཡོན་ཏན་གྱིས་དབྱེ་བ་ལྀ། རྡུལ་ཨར། སྙིང་སྟོབས་ལ། ཟླ་རྐང་བཞི་པ་ཆུའི་ཡོན་ཏན་ལ་ཨུ། གསུམ་པ་མེའི་ཡོན་ཏན་རྀ། གཉིས་པ་རླུང་གི་ཡོན་ཏན་ལ་ཨི། གཅིག་པ་ནམ་མཁའི་ཡོན་ཏན་ལ་ཨ་སྟེ་སྔ་རྐང་། ཕྱི་རྐང་ལུགས་ལྡོག་ཏུ་དེ་ལྟར་བདུན་པོ་ཐབས་ཀྱི་ཆས་རིང་པོ་བྱས་པའི་དབྱངས་བཅུ་བཞིས་བསྐོར་བ་ཡི་དབུས་སུ་ཡེ་ཤེས་ཀྱི་ཆ་སྟོང་པའི་རྩ་གཉིས་ཀྱི་ཐོབ་སྐལ་ཐབས་ཀྱི་ཆའི་ཨཾ་དང་། ཤེས་རབ་ཀྱི་ཆའི་ཨཿ གཉིས་ཡིན་ཞིང་དེ་གཉིས་སྟོང་པའི་རྩ་འདབ་གཉིས་ལ་མི་འགོད་པར་དབུས་ཀྱི་ལྟེ་བའི་སྟེང་འོག་ཏུ་འགོད་ཅེས་མཁས་པ་དག་བཞེད། དོན་ལ་དབུས་སུ་བྱང་ཆུབ་སེམས་ཧཾ་ཡིག་གི་ཐིག་ལེའི་རྣམ་པ་ལ་ཟླ་རྐང་རྒྱུ་བའི་དབྱངས་བཅུ་བཞིས་བསྐོར་བ་ཡིན་འདུག་སྟེ། བླ་གནས་འཕོ་བ་ཡང་དེའི་དབང་གིས་འབྱུང་བ་འདྲའོ། །སྐབས་འདིར་འགྲེལ་པ་ལས་རྩ་རྣམས་ཀྱི་མིང་དང་གྲངས་གསུངས་པ། རྒྱུད་སྡེ་གཞན་ལས་རྩ་ཡི་མིང་མི་ཕྱེད་མ་དང་།


MR17_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་གཟུགས་མ་ལ་སོགས་པའི་མིང་གིས་གསུངས་ཀྱང་། འདིར་རྩ་རྣམས་ཀྱི་མིང་གི་ཐ་སྙད་ནི་སླར་ཡང་ལྟེ་བའི་འཁོར་ལོ་ལ་རྩ་དྲུག་ཅུ་རྩ་བཞི་ནི་འཇིགས་མ་ལ་སོགས་པའི་ལྷ་མོ་རེ་བཞིའི་མིང་གིས་བསྟན་ཏོ། །སྙིང་གའི་བརྒྱད་ནི་ཨི་ཊ་ལ་སོགས་པའི་མིང་རྣམས་ཀྱིས་སོ། །མགྲིན་པར་ཐ་སྐར་ལ་སོགས་པའི་མིང་དང་སྟོང་པ་བཞིའི་མིང་རྣམས་ཀྱིས་སོ། །དཔྲལ་བའི་རྩ་རྣམས་ལ་ཚེས་བཅུ་དྲུག་གི་མིང་གིས་སོ། །གཙུག་ཏོར་གྱི་འདབ་མ་བཞི་ལ་ཐུན་མཚམས་བཞིའི་དབྱེ་བས་དེ་ཉིད་བཞིའི་མིང་རྣམས་ཀྱིས་སོ། །དེ་ཉིད་བཞི་ནི། བདག་དང་ལྷ་དང་སྔགས་དང་ཡེ་ཤེས་ཀྱི་དེ་ཉིད་བཞི་ལ་མཁས་པ་དག་བཞེད་ཀྱང་སྟོང་པ་དང་སྟོང་པ་ཆེན་པོ་སོགས་བཞི་ལ་བཤད་ཀྱང་རུང་སྙམ་མོ། །མགྲིན་པ་དཔྲལ་བའི་འདབ་མ་འདི་རྣམས་དང་པོར་ནང་དུ་འདབ་མ་བརྒྱད་པ་ཅན་ཡིན་པར་རིག་པར་བྱ་ལ། དེ་ལྟར་དཔྲལ་མགྲིན་སྙིང་ལྟེའི་འདབ་མ་བརྒྱད་པ་རྣམས་ནི་རིམ་པར་ས་ཆུ་མེ་རླུང་གི་རང་བཞིན་ནོ། །གཙུག་ཏོར་གྱི་འདབ་མ་བཞི་ནི་སྟོང་པའི་རང་བཞིན་ནོ། །ལྟེ་བའི་ནང་གི་འདབ་མ་བཞི་ནི་ཡེ་ཤེས་ཀྱི་རང་བཞིན་ནོ། །གསང་བའི་རྩ་འདབ་སོ་གཉིས་ལས། ཕྱི་རོལ་གྱི་འདབ་མ་བཅུ་དྲུག་དབྱངས་ཀྱི་ཡི་གེ་བཅུ་དྲུག་གི་རྩའོ། །ནང་དུ་འདབ་མ་བཅུ་ལ་ཕུང་པོ་ལྔ་དང་ཁམས་ལྔ་ཡི་རྩའོ། །དེའི་ནང་གི་དྲུག་ལ་འཁོར་ལོ་དྲུག་གི་རླུང་འགོག་པ་སྟོང་པ་དྲུག་གི་ཆའོ། །དེ་ལྟར་ན་འཁོར་ལོ་དྲུག་པོ་རྣམས་ཀྱི་རྩའི་གྲངས་ནི་བརྒྱ་ཕྲག་གཅིག་དང་ལྔ་བཅུ་རྩ་དྲུག་སྟེ། ཚིགས་བཅད་ང་བདུན་པ་སོགས་ཀྱིས་བསྟན་ཏོ། །འཁོར་ལོ་དྲུག་གི་ངེས་པ་བཤད་པ་སྟེ་གནས་པ་བདུན་པའི་དུམ་བུ་འཁོར་ལོ་དྲུག་གོང་དུ་སོང་བ་དེ་དག་གི་རྒྱས་བཤད་ལྟ་བུར་འདི་ཡང་འགྲོའོ། །ད་ནི་སྣ་བུག་གཉིས་ལས་དཀྱིལ་འཁོར་ལྔ་འབབ་ཚུལ་གསུངས་པ་འདི་ནི་གནས་པ་བརྒྱད་པའི་དུམ་བུའང་ཡིན་ལ། འདིར་སྣ་བུག་གཡོན་པ་དང་གཡས་པ་ནས་དབུགས་རྒྱུ་བ་གང་ལ་ཡང་། སྣ་བུག་གི་ནང་གི་ཆ་ལ་ཕྱོགས་བཞི་དབུས་དང་


MR17_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ལྔར་ཕྱེ་བའི་འོག་ཏུ་འམ་མཆུ་ཡི་ཕྱོགས་སུ་སྣ་ཡི་བུ་གའི་རྩ་བར་རྒྱུ་བ་ནི་ས་ཡི་ང་སྟེ། དེ་བཞིན་དུ་གཡོན་དུ་ཞེས་སྣ་ཡི་དབུས་ཀྱི་ཟམ་པ་ཀ་བ་ངོས་སུ་རྒྱུ་བ་ནི་ཆུ་ཡི་རླུང་དང་། གཡས་སུ་ཞེས་པ་སྣ་གཉིས་ཀྱི་ཕྱི་འབུར་པོ་བྱ་གཤོག་ཟེར་བའི་ཕྱོགས་སུ་མཁུར་བའི་ངོས་ཀྱི་སྣ་བུག་གི་ཆར་རྒྱུ་བ་ནི་བསྲེག་ཟ་མེ་ཡི་རླུང་དག་ནི་རབ་ཏུ་འབབ་པ་སྟེ། འདིར་གཡོན་དང་གཡས་ཀྱི་བརྡ་འདོགས་ཚུལ་སྣའི་དབུས་ཀྱི་ཀ་བ་དེ་སྣ་གཉིས་ཀའི་དབུས་ཡིན་པས་རི་རབ་ཡིན་པ་ལྟ་བུ་ལ། རི་རབ་ནི་ཕྱོགས་ཐམས་ཅད་ཀྱི་བྱང་ན་གནས་པར་བཤད་པའི་རིགས་པས། སྣ་བུག་གཡས་གཡོན་གང་ལ་ལྟོས་ཀྱང་ཀ་བའི་ཕྱོགས་ཏེ་བྱང་དང་གཡོན་དུ་བརྩིས་ཤིང་། སྣ་ཡི་རྒྱབ་ཀྱི་ཕྱོགས་ལྷོ་དང་གཡས་སུ་བརྩིས་པའི་དབང་གིས་ཡིན་ནོ། །དེས་ན་སྣ་བུག་གཉིས་ཀའི་བར་ཀ་བའི་ངོས་སུ་གཉིས་ཀའི་ཆུ་རླུང་རྒྱུ་བ་ཡིན་ནོ། །སྣ་བུག་གཉིས་ཀའི་བུག་པའི་སྟེང་གི་ཆ་ཉིད་དུ་རླུང་གི་ཁམས་ཀྱི་རླུང་རྒྱུའོ། །སྣ་བུག་གཉིས་ཀྱི་ཕྱོགས་བཞི་པོའི་དབུས་སུ་ནམ་མཁའ་ཡི་འཕོ་ཆུང་དང་ནི། འབྱུང་ཆུང་རྣམས་འཕོ་མཚམས་སུ་རྒྱུ་བ་མཉམ་པ་ཡེ་ཤེས་ཀྱི་རླུང་རབ་ཏུ་འབབ་སྟེ། གང་ལས་ན་སྣ་བུག་གཉིས་པོ་དག་ལས་འཕོ་ཆུང་འབྱུང་བ་ལྔའི་དཀྱིལ་འཁོར་སྐྱེད་སྡུད་ཀྱི་རིམ་པས་སོ། །འདིར་འཕོ་ཆེན་རེ་མ་རྫོགས་པར་དུ་སྣ་གཡས་གཡོན་གང་རུང་རེར་འཕོ་ཆུང་འབྱུང་ལྔའི་རླུང་བར་མ་ཆད་དུ་འབབ་ཀྱི་ཅིག་ཤོས་སུ་མི་འཕོའོ། །དེ་ཡང་སྲོག་གི་རླུང་གིས་འཁོར་ལོ་འདི་དག་རྣམས་ནི་ནང་ནས་རིམ་པར་འབུགས་པའི་ཚུལ་གྱིས་གྱེན་དུ་འབྱུང་བ་ཡིན་ཏེ། ཇི་ལྟར་ན། ལྟེ་བར་དབྱུག་གུ་དང་ཁྱིམ། སྙིང་གར་ཐུན་ཚོད། མགྲིན་པར་རྒྱུ་སྐར། དཔྲལ་བར་ཚེས་གྲངས། གཙུག་ཏོར་དུ་ཐུན་མཚམས་ཀྱི་རྒྱུ་བའི་དབྱེ་བ་དག་གིས་གཡས་རོ་མ་དང་གཡོན་རྐྱང་མའི་ནང་ནས་རྒྱུ་ཞིང་འབུགས་པར་བྱེད་ལ་སྣ་བུག་ནས་དཀྱིལ་འཁོར་ལྔ་ཡི་དབྱེ་བས་འབབ་པར་བྱེད་དོ། །འོ་ན་དབུ་མར་རྒྱུ་བའི་རླུང་ལམ་གང་དུ་རྒྱུ་ཞེ་ན། དབུགས་རྣམས་


MR17_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ནུས་པ་ནང་དུ་འཇུག་པ་མཉམ་རྒྱུ་ཡེ་ཤེས་ཀྱི་རླུང་ནི་མཆོག་གི་གནས་དབུ་མར་འགྲོ་བའམ་འབབ་པ་ཡིན་ཏེ་དེ་ལས་རྒྱུ་བ་དང་། ཨ་བ་དྷཱུ་ཏི་དེར་རླུང་གི་རྒྱུ་བ་ཐམས་ཅད་འགགས་ན་དམིགས་མེད་ཀྱི་བདེ་ཆེན་སྐྱེ་བའི་ཕྱིར་མཆོག་གི་གནས་ཞེས་བྱའོ། །འདིར་བླ་མ་དག་སྲོག་གི་ནུས་པ་རྣལ་འབྱོར་ཡན་ལག་དྲུག་གིས་སྦྱངས་པས་མི་འགྱུར་བདེ་བ་མཆོག་གི་གནས་སུ་འགྲོ་ཞེས་འཆད་པའང་ཡོད་དོ། །སྣ་བུག་ལ་རྒྱུ་བའི་དཀྱིལ་འཁོར་ལྔའི་རླུང་དེ་ཕྱི་རོལ་དུ་རིང་ཐུང་ཇི་ཙམ་འགྲོ་བ་ནི་སོར་བཅུ་གཉིས་ཀྱི་མཐའ་རུ་འགྲོ་བ་དང་། ཆ་བཅུ་དྲུག་གི་གྲངས་དང་ལྡན་པ་ཡི་མཐའ་རུ་འགྲོ་བའི་བར་གྱིས་ཤེས་པར་བྱ་སྟེ། ས་ཡི་རླུང་ནི་སྣ་བུག་ནས་ཕྱི་ལ་སོར་བཅུ་གཉིས་བར་རྒྱུ་ཞིང་དེ་ནས་ནང་དུ་ལྡོག་གོ། དེ་བཞིན་དུ་ཆུ་རླུང་བཅུ་གསུམ། མེ་རླུང་བཅུ་བཞི། རླུང་གི་རླུང་བཅོ་ལྔ། སྟོང་པ་ནམ་མཁའི་རླུང་སོར་བཅུ་དྲུག་བར་ཕྱིར་སོང་ནས་དེ་ནས་ནང་དུ་ལྡོག་གོ། ཡེ་ཤེས་ཀྱི་རླུང་ནི་འཕོ་ཆུང་གང་གི་མཐར་རྒྱུ་བ་དེ་ཉིད་འཕོ་ཆུང་གི་ཁམས་དེའི་ཚད་དང་འདྲའོ། །གང་གི་ཚེ་ཕྱི་རོལ་དུ་རིང་པོར་རྒྱུ་བའི་ཚེ་ནང་དུ་ཐུང་ངུར་འགྱུར་རོ། །ཕྱི་རོལ་དུ་སོར་བཅུ་དྲུག་རྒྱུ་བའི་ཚེ་རླུང་གི་རྩའི་དབང་གིས་ལྟེ་བར་སོར་བཞི་དམན་ལ། ཕྱི་རོལ་དུ་བཅུ་གཉིས་སུ་འགྱུར་བ་དེའི་ཚེ་ལྟེ་བར་སོར་བཞི་འཕེལ་ལོ། །སྲོག་གི་ནུས་པ་འབབ་པའི་ངེས་པའོ། །ད་ནི་ཕྱི་རོལ་དུ་ཡོད་པའི་ཞིང་སོགས་ནང་ལུས་ལ་སྦྱར་བ་ནི། ཕྱི་རོལ་གྱི་ཞིང་ལ་སོགས་པ་ནང་དུ་ལུས་ལ་གཡས་དང་གཡོན་གྱི་ལག་པ་དང་རྐང་པ་དང་། ལག་པའི་པདྨ་སོར་མོ་རྣམས་ཟུང་དུ་སྦྱར་བ་དག་ལ་མཐེ་བོའི་མཐར་ཐུག་པའི་བར་དུ་ཞིང་སོགས་མཐའ་དག་གོ། ཞེས་པ་དཔུང་པའི་ཚིགས་གཉིས་ཞིང་གཉིས། བརླའི་ཚིགས་གཉིས་ཉེ་བའི་ཞིང་། ཉེ་བའི་དཔུང་པའི་ཚིགས་སམ་གྲུ་མོའི་ཚིགས་གཉིས་ཚནྡོ་ཧ་གཉིས། པུས་མོའི་ཚིགས་གཉིས་ཉེ་བའི་ཚནྡོ་ཧའོ། །ལག་པའི་འཁྲིག་ཚིགས་གཉིས་ལ་འདུས་པའོ། །རྐང་པའི་བོལ་ཚིགས་གཉིས་ལ་ཉེ་བའི་འདུས་པའོ། །ལག་པའི་མཐིལ་གཉིས་ལ་དུར་ཁྲོད་


MR17_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སོ། །རྐང་པའི་མཐིལ་གཉིས་ལ་ཉེ་བའི་དུར་ཁྲོད་གཉིས་སོ། །ལག་པ་གཉིས་ཀྱི་སོར་མོ་ལ་དུར་ཁྲོད་ཆེན་པོ་བཞིའོ། །རྐང་པ་གཉིས་ཀྱི་སོར་མོ་ལ་ཉེ་བའི་དུར་ཁྲོད་ཆེན་པོ་བཞི་སྟེ་ཞིང་ལ་སོགས་པའི་ངེས་པའོ། །འགྲེལ་བའི་མདོར་བསྡུས་དང་པོའི་རྗེས་ནས་འདིའི་བར་དུ་ཀུན་འབྱུང་གི་བདེན་པ་ལ་སོགས་པའི་མདོར་བསྡུས་ཆེན་པོ་གཉིས་པས་བཤད་པར་མཛད་དོ། །འཕྲོས་དོན་ཕྱི་རོལ་དུ་འཁོར་ལོས་སྒྱུར་བ་དང་ཀླ་ཀློ་འཁྲུག་པ་ནང་ལ་སྦྱར་བ་ནི། ལེའུ་དང་པོར་ཕྱི་རོལ་དུ་ཆོས་ཀྱི་འཁོར་ལོ་ཅན་ས་ལ་འཁོར་བར་གསུངས་པ་དེ་ནི། ནང་དུ་རང་གི་ལུས་ལ་རྡོ་རྗེ་ཅན་ཏེ་ཐུགས་རྡོ་རྗེའམ་གཉུག་མ་སེམས་ཀྱི་རྡོ་རྗེའོ། །དབང་ཕྱུག་སོགས་ལྷ་མཆོག་གི་བདག་པོ་བཅུ་གཉིས་རྣམས་ནི་ནང་དུ་ལུས་ལ་ཡན་ལག་འཕོ་བ་བཅུ་གཉིས་ཀྱི་རླུང་འགོག་པ་དང་མ་རིག་པ་ལ་སོགས་ཡན་ལག་བཅུ་གཉིས་འགོག་པའོ། །རིགས་ལྡན་གྲགས་པ་སོགས་གང་ཡིན་པ་དག་ནི་ནང་དུ་ཡང་དག་པའི་ཡེ་ཤེས་ལྷན་སྐྱེས་དགའ་བའོ། །ཕྱི་རོལ་དུ་གླད་པོ་དང་རྟ་དང་ཤིང་རྟ་དང་མངག་གཞུག་པ་རྐང་ཐང་གི་དཔུང་བཞི་ནི་ནང་དུ་འཕགས་པའི་ཚད་མེད་པ་བཞི་རྣམས་སོ། །ཕྱི་རོལ་དུ་དམག་དཔོན་དྲག་པོ་གང་ཡིན་པ་ལུས་ལ་རང་རྒྱལ་གྱི་ཡེ་ཤེས་ཀྱི་མིང་ཅན་དག་ཏུ་འགྱུར་ཏེ། ཕྱི་རོལ་དུ་དམག་དཔོན་ཧ་ནུ་མཱན་ནི་ནང་དུ་ཉན་ཐོས་ཀྱི་ཡེ་ཤེས་ཡིན་ཞིང་། ཐེག་པ་འོག་མའི་ཡེ་ཤེས་ཡར་ལྡན་དུ་སྔགས་ལམ་ལ་ཚང་བའི་དོན་གྱིས་ཉན་རང་སོགས་ཀྱི་ཡེ་ཤེས་ཀྱང་གསུངས་པའོ། །འདིར་འགའ་ཞིག་འཁོར་ལོ་ཅན་ཆེན་པོ་སངས་རྒྱས་ལ་བཤད་པ་དང་། རིགས་ལྡན་ཞེས་པ་དྲག་པོ་འཁོར་ལོ་ཅན་ལ་བཤད་པ་དང་། ཡང་གཉིས་ཀ་དྲག་པོ་འཁོར་ལོ་ཅན་ལ་བཤད་པ་ལྟར་ན་རྟེན་རིགས་ལྡན་དང་དེ་ཉིད་ཆོས་ཀྱི་འཁོར་ལོ་ཅན་ཡིན་པས་མིང་གི་ལྡོག་ཆ་ནས་བཤད་པས་མི་ཟློས་པ་འདྲ་ཡང་། འགྲེལ་པར་དེ་ལྟ་ན་རང་གི་ལུས་ལ་དྲག་པོ་འཁོར་ལོ་ཅན་འཁོར་དང་བཅས་པ་དང་རིགས་ལྡན་


MR17_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར་རོ་ཞེས་གསུངས་པས། རིགས་ལྡན་ཞེས་པ་གྲགས་པ་སོགས་ལ་བཤད་པ་འཐད་དམ་སྙམ་མོ། །དེ་བཞིན་དུ་ཕྱི་རོལ་དུ་གདུག་པ་ཀླ་ཀློ༷འི་དབང་པོ་རྣམས་གང་ཡིན་པ་དེ་ནི་སྲོ༷ག་ཆགས་རྣམས་ཀྱི་ནང་དུ་ལུས་ལ་སྡིག་པ་ཡི་སེམས་དག་སྟེ། ཕྱི་རོལ་དུ་ཀླ་ཀློའི་རྒྱལ་པོ་གང་ཞིག་བྱེད་པའི་བློ་གྲོས་ཞེས་བྱ་བ་སེམས་ཅན་རྣམས་ལ་སྡུག་བསྔལ་སྦྱིན་པར་བྱེད་པ་དེ་ནི་ནང་དུ་ལུས་ལ་སེམས་ཅན་རྣམས་ཀྱི་མི་དགེའི་ལམ་མོ། །ཕྱི་རོལ་དུ་ཀླ་ཀློའི་དམག་དཔོན་རྟ་ལ་གནས་པ་ཟླ་བ་ཆེན་པོའི་བུ་གང་ཡིན་པ་དེ་ནི་ནང་དུ་ལུས་ལ་མ་རིག་པ་འཇུག་པ་སྟེ། ལྷ་མིན་ཀླ་ཀློའི་དཔུང་རྣམས་བཞི་པོ་མཐའ་དག་ནི་ནང་དུ་ལུས་ལ་བདུད་ཀྱི་ཕྱོ༷གས་ནི་རྣམ་པ་བཞི་སྟེ། ཚད་མེད་བཞིའི་མི་མཐུན་ཕྱོགས་རྣམ་འཚེ་གནོད་སེམས་ཕྲག་དོག་ཞེ་སྡང་བཞི་ལ་སྔ་མ་དག་གིས་བཤད། ཕྱི་རོལ་དུ་དེ་ལྟ་བུ་ཡི་གཡུལ་ལ་ཀླ་ཀློ་རྣམས་སྡུད་པ་སྟེ་ཉམས་པར་བྱེད་པ་ནི་ནང་དུ་རང་གི་ལུས་ལ་སྲིད་པའི་འཇིགས་པ་འཇོམས་པ་དག་སྟེ། ཕྱི་རོལ་དུ་འཁོར་ལོ་ཅན་ཆེན་པོ་དང་། རིགས་ལྡན་གྱི་དཔུང་ཚོགས་དཔལ་དང་ལྡན་ཞིང་རྒྱལ་བ་ཐོབ་པ་ནི་ནང་དུ་ཉོན་མོངས་པའི་གཡུལ་ལས་རྒྱལ་སྟེ་ཐར་པའི་ལམ་ཐོབ་པའོ། །ཕྱི་རོལ་དུ་ཀཻ་ལ་ཤར་ནི་རིགས་ལྡན་འཁོར་ལོ་ཅན་ཆེན་པོས་ཆོས་དག་གི་སྦྱིན་པ་མཛད་པ་གང་ཡིན་པ་དེ་ནི་ནང་དུ་ལུས་ལ་སྲིད་པའི་འཇིགས་པ་འཕྲོག་པར་བྱེད་པ་ཡིན་ཏེ། ཕྱི་རོལ་དུ་ས་གཞི་རྣམས་ནི་འབྲུ་འཕེལ་བ་སོགས་རྫས་ཀྱིས་གང་བ་ཡང་། ནང་དུ་ལུས་ལ་ཁམས་ཀྱི་ཚོགས་སྒྲིབ་བྲལ་དུ་གྱུར་པའི་རྣམ་པར་དག་པའི་འབྱོར་པ་དང་ལྡན་པར་གྱུར་པ་ཡང་དོན་གྱིས་འཕང་ངོ་། །སྐབས་གསུམ་པ་དང་མི་ཡི་བླ་མའི་སྲས་པོ་ཚངས་པ་དང་ལྷ་དབང་དག་ནི་རྒྱབ་ཏུ་ཤམྦྷ་ལར་ཆོས་སྟོན་པ་དང་མདུན་དུ་ཀླ་ཀློའི་ཆོས་ཟད་པར་བྱེད་པ་དོན་དུ་གཉེར་བ་མི་ཡི་དབང་པོར་གྱུར་པ་གང་ཡིན་པ། ཤེས་རབ་སྙིང་རྗེའི་བདག་ཉིད་འཇམ་དཔལ་དང་འཇིག་རྟེན་མགོན་པོ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་རྣམ་པ་གཉིས་པོ་དེ་ནི་རང་གི་ལུས་ལ།


MR17_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་རྡུལ་དང་བྱང་ཆུབ་ཀྱི་སེམས་ཁུ་བའི་རང་བཞིན་བདེ་བ་སྟེར་བའམ། ཡང་ན་སྨོན་འཇུག་གི་སེམས་སོ། །རྒྱབ་ཀྱི་དུམ་བུ་དག་ཏུ་ས་གཞི་དག་ལ་ཚངས་པ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱི་རིགས་རྣམས་གནས་པ་དེ་ནི་རང་གི་ལུས་ལ་རིགས་དུ་མའི་རང་བཞིན་གྱི་སངས་རྒྱས་རྣམས་ཏེ། ཇི་ལྟར་ན། ཕུང་ཁམས་སྐྱེ་མཆེད་རྣམ་པར་དག་པ་ཡི་རིགས་སུ་བྱུང་བའོ། །དེ་ལྟར་ཕྱི་རོལ་དུ་རིགས་ལྡན་དྲག་པོ་དང་ཀླ་ཀློ༷འི་དབང་པོའི་གཡུལ་འཁྲུག་པར་འགྱུར་ཏེ། དེ་ཡང་ནང་དུ་ངེས་པར་ལུས་ཅན་རྣམས་ཀྱི་ལུས་ཀྱི་དབུས་སུའང་དེ་འདྲའི་རྣམ་པ་ཆོས་མཐུན་ཆ་ཚང་བར་སྦྱར་དུ་ཡོད་པའོ། །འོ་ན་ཕྱི་རོལ་མཐུན་སྣང་ལ་འཁྲུག་པ་དེ་ལྟ་བུ་འབྱུང་ངམ་ཞེ་ན། ཀུན་རྫོབ་སྒྱུ་མའི་གཟུགས་ཀྱིས་ཀྱང་ཕྱི་རོལ་ཏུ་ནི་ངེས་པར་མ་ཁའི་ཡུལ་དུ་རིགས་ལྡན་དང་ཀླ་ཀློ༷་འཁྲུག་སྟེ། ཡང་དག་པར་ན་རིགས་ལྡན་གྱི་དཔུང་གི་བཀོད་པས་ཀླ་ཀློ་ལ་གནོད་སེམས་ཀྱིས་སྲོག་གཅོད་པ་སོགས་ཐ་མལ་གྱི་ལས་ལམ་གསོགས་པ་ཡི་འཁྲུག་པ་གང་ཡང་ཡོད་པ་མིན་ཏེ། སྒྱུ་མ་ལྟ་བུའི་ཐབས་མཁས་ཀྱི་རོལ་པ་བསྟན་པར་མཛད་པས་གདུལ་བྱ་གདུག་པ་ཅན་ཐར་པའི་ལམ་ལ་འགོད་པ་ཡིན་པའི་ཕྱིར་ནའོ། །དེ་ལྟར་ཕྱི་རོལ་གྱི་ཆོས་སྣ་ཚོགས་སུ་སྣང་བ་འབྱུང་རུང་གི་གཞི་ནང་གི་ལུས་ལ་རླུང་སེམས་ཁམས་ཀྱི་འགྱུར་བ་དེ་ལྟ་བུ་ཡོད་པས་ཡིན་གྱི་ནང་ལ་མེད་ན་ཡུལ་ཅན་དེ་དང་དེ་ལ་ཕྱི་རོལ་གྱི་དོན་དེ་དང་དེར་སྣང་བ་མི་འབྱུང་སྟེ། ཁུ་རྡུལ་གྱི་ཁམས་དང་བྲལ་ན་ཉི་ཟླ་མི་མཐོང་བ་སོགས་ནང་གི་ཁམས་སམ་རླུང་སེམས་ཀྱི་འགྱུར་བའི་དབང་གིས་ཕྱི་རོལ་གྱི་བལྟ་བྱ་ཐུན་མོང་བ་གཅིག་ལ་འང་མི་འདྲ་བ་སྣ་ཚོགས་སུ་སྣང་བ་ཡིན་པར་ཤེས་པར་བྱའོ། །འདི་དག་ལེའུ་ལྔ་པར་རྒྱས་པར་འཆད་པར་ཡང་འགྱུར་རོ། །གནས་པ་དགུ་པ་དབུ་མ་ལས་རྒྱུད་མཐའ་དག་འབྱུང་བའི་ངོ་བོ་ཉིད་ཀྱིས་གནས་པ་ནི། དུས་ཀྱི་ལོ་ནི་སོགས་ཚིགས་བཅད་ང་གཅིག་པ་ནས་དྲུག་ཅུ་པའི་


MR17_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱིས་བསྟན་ཏེ། འདི་དང་གོང་གི་གནས་པ་དང་གཉིས་པོ་རྒྱུད་འདིར་གོང་འོག་བརྗེས་ཏེ་གསུངས་སོ། །དེ་ཡང་ལོ་བརྒྱའི་ཡེ་ཤེས་ཀྱི་རླུང་གི་ཆ་བསགས་པ་ལོ་གསུམ་དང་ཕྱོགས་གསུམ་གྱི་ཞག་གྲངས་སུ་ལོངས་པ་ལས། ལོ་གསུམ་ནི་ཉིན་ཞག་གི་ཆ་ལས་བཏགས་པ་ཉི་མའི་ཡེ་ཤེས་ཀྱི་ཆ་ཡིན་པས་ཤེས་རབ་ཀྱི་ཆ་དང་། ཕྱོགས་གསུམ་ནི་ཚེས་ཀྱི་ཆ་ལས་བཏགས་པས་ཟླ་བའི་ཡེ་ཤེས་ཀྱི་ཆ་ཡིན་པས་ཐབས་ཀྱི་ཆ་ཡིན་ལ། དེའི་ཕྱིར་ལོ་གསུམ་གྱི་ཞག་དང་རྣལ་འབྱོར་མའི་རྒྱུད་ཀྱི་ལྷ་གྲངས་སྦྱར་ཞིང་། ཕྱོགས་གསུམ་གྱི་ཞག་དང་འདུས་པ་སོགས་ཕ་རྒྱུད་ཀྱི་ལྷ་གྲངས་སྦྱར་བ་དང་། ལོ་གསུམ་གྱི་ཞག་དང་སྦྱར་བའི་སྐབས་ཀྱི་དུས་འཁོར་གྱི་ལྷ་པདྨའི་གདན་ཅན་བརྒྱ་ང་དྲུག་ངོས་བཟུང་བ། སླར་ཡང་ལོ་གསུམ་དང་ཕྱོགས་གསུམ་གྱི་ཞག་གྲངས་དང་དུས་འཁོར་རྩ་རྒྱུད་ལས་གསུངས་པའི་དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་གྱི་ལྷ་གྲངས་སྦྱར་བ། དེ་ལས་བསྡུས་རྒྱུད་ཀྱི་པདྨའི་གདན་ཅན་གྱི་ལྷ་རྣམས་བསྡུས་པའི་ཚུལ་དང་། དེ་ལྟར་བསྡུས་པའི་ལྷ་རྣམས་ནང་གི་རྩ་དང་སྦྱར་བ་དགོས་པ་རྒྱས་པར་བསྟན་པ་དང་བཅས་པ་སྐབས་འདིར་འཆད་པས་ན། འདིར་དུས་ཀྱི་ལོ་ནི་རྩ་དབུ་མའི་ལོ་མེ་ཡི་གྲངས་ཏེ་གསུམ་མོ། །ལོ་གསུམ་པོ་དེ་དང་པོ་སྙིང་སྟོབས། གཉིས་པ་རྡུལ། གསུམ་པ་མུན་པའི་རང་བཞིན་ཡིན་པས་རིམ་པ་བཞིན་དུ་བཞག་གོ། ལོ་གསུམ་པོ་དེ་ལོ་ཡི་ཉིན་ཞག་གི་ཚོགས་སུམ་བརྒྱ་དྲུག་ཅུ་རྣམས་ཀྱིས་བསྒྱུར་བས་ཉིན་ཞག་གི་ཚོགས་སྟོང་དང་བརྒྱད་ཅུར་འགྱུར་རོ། །དེ་ཡང་ལོ་གསུམ་པོ་དེ་སྐུ་དང་གསུང་དང་ཐུགས་ཀྱི་རིགས་གསུམ་ཡིན་ཏེ་གོང་དུ་བཤད་པ་ལྟར་ཡོན་ཏན་གསུམ་གྱི་རང་བཞིན་ནོ། །རིགས་དྲུག་ནི་ཉིན་ཞག་གི་ཚོགས་དེ་ལ་ལོ་རེར་བགྲོད་པ་གཉིས་རེ་ཡོད་པས་བགྲོད་པའི་ཡན་ལག་ཅེས་བགྲོད་པ་རེའི་ཡན་ལག་ཉིན་ཞག་བརྒྱ་བརྒྱད་ཅུ་དག་གིས་བགོས་པས་དྲུག་ཐོབ་ཅིང་ལྷག་མ་མེད་པ་ནི་རྣལ་འབྱོར་མའི་རིགས་དྲུག་སྟེ་རྒྱུད་ཀྱི་རིགས་དྲུག་ཏུ་འགྱུར་བའོ། །


MR17_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་ལོ་གསུམ་གྱི་ཉིན་ཞག་གི་ཚོགས་དེ་ལ་ཟླ་བའི་ཞག་སུམ་ཅུས་དབྱེ་བས་ཐོབ་པ་ནི་རིགས་སུམ་ཅུ་རྩ་དྲུག་སྟེ། ཡང་ན་སྔར་བགྲོད་པའི་ཞག་གིས་དབྱེ་བས་རིགས་དྲུག་དེ་ཉིད་སླར་ཡང་དྲུག་གིས་བསྒྱུར་བ་ལ། རོ་ཡིས་བསྒྱུར་བའི་རོ་ནི་རྣལ་འབྱོ༷ར་མ་རྣམས་དག་གི་རིགས་སོ་དྲུག་གོ། རྣལ་འབྱོར་མ་ལ་རིགས་སོ་དྲུག་ཏུ་དབྱེ་བ་དེ་བཞིན་དུ་ཕ་རྒྱུད་ལའང་རིགས་སོ་དྲུག་ཏུ་དབྱེ་བ་བྱེད་རུང་བས་ཐབས་རྣལ་འབྱོར་པ་རྣམས་ཀྱིའོ་ཞེས་འགྲེལ་པར་གསུངས། ཉིན་ཞག་གི་ཚོགས་སྟོང་བརྒྱད་ཅུ་ལ་གཟའ་ཡིས་ཞེས་བདུན་གྱིས་བཅད་པའི་ཐོབ་པ་བརྒྱ་ང་བཞི་ནི་རབ་ཏུ་གསལ་ཞིང་ངེས་པར་དུས་ཀྱི་འཁོར་ལོ་དག་གི་དཀྱིལ་འཁོར་གྱི་ལྷ་གཙོ་བོ་རྣམས་ཀྱི་གྲངས་སོ། །གཉིས་ལྷག་པ་ནི་རིགས་ཐམས་ཅད་འདུས་པའི་བདག་ཉིད་དམ་རིགས་ཀུན་དང་ལྡན་པའི་རིགས་ལྡན་གཙོ་བོ་དུས་ཀྱི་འཁོར་ལོ་ཤེས་རབ་དང་ཐབས་ཟུང་གཅིག་གི་གྲངས་ཏེ་དེ་བསྲེས་པས་དེ་ལྟར་བརྒྱ་དང་ང་དྲུག་གོ། ཁམས་ལེར་བཤད་པ་དང་འདི་དང་འོག་ཏུ་བརྒྱ་རེ་གཉིས་གསུངས་པའི་ནང་གི་བརྒྱ་ང་དྲུག་གི་ལྷ་བགྲང་ཚུལ་གསུམ་དོན་གཅིག་གོ །ལྷ་དང་ལྷ་མོའི་འཁོར་ལོ་དང་རིགས་ལྡན་གྱི་མཚན་ཉིད་དོ། །སླར་ཡང་ཉིན་ཞག་གི་ཚོགས་སྟོང་དང་བརྒྱད་ཅུ་དེ་ལ་ཕྱོགས་དེ་བཅོ་ལྔའི་གྲངས་ཀྱིས་བཅད་པ་དག་གི་ཐོབ་པ་བདུན་ཅུ་རྩ་གཉིས་ཀྱི་གྲངས་འདིས་ལྷ་དང་ལྷ་མོ་རྣམས་ཀྱིས་བདེ་མཆོག་མངོན་པར་བརྗོད་པའི་ལྷ་ཡི་གྲངས་ཡིན་པར་འགྱུར་རོ། །ཀྱེ་མི་ཡི་བདག་པོ་ཞེས་གསུངས་ཏེ། མངོན་བརྗོད་འབུམ་པ་ནས་གསུངས་པའི་སྡོམ་ཆེན་གྱི་ལྷ་གྲངས་ཡིན་ལ། དེ་ལ་ཡང་གཙོ་བོ་ནི་དུས་ཀྱི་འཁོར་ལོའི་བདག་པོ་ཡབ་ཡུམ་ཟུང་བཞག་པར་བྱ་སྟེ་དེ་དང་ལྷན་ཅིག་བདུན་ཅུ་རྩ་གཉིས་ནི་སྡོམ་ཆེན་གྱི་ལྷ་དང་ལྷ་མོའི་མཚན་ཉིད་དོ་ཞེས་དེ་ལྟར་ལོ་གསུམ་གྱི་ཞག་གི་དབྱེ་བས་འཇིག་རྟེན་ཀུན་རྫོབ་ཀྱི་དབང་དུ་བྱས་ཏེ་རིགས་གསུམ་དང་དྲུག་དང་སོ་དྲུག་གི་རྣལ་འབྱོར་མའི་རྒྱུད་ཀྱི་ངེས་པ་བཤད་པའོ། །གཉིས་པ་


MR17_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གསུམ་གྱི་ཞག་དང་རྣལ་འབྱོར་ཕ་རྒྱུད་ཀྱི་ལྷ་གྲངས་སྦྱར་བ་ལ་ཕྱོགས་གསུམ་གྱི་ཞག་དཀྱིལ་འཁོར་གྱི་ལྷ་གྲངས་དང་སྦྱར་བ་དང་། ཕྱོགས་གསུམ་གྱི་ཞག་གྲངས་ཕྱག་རྒྱ་དགུ་དང་སྦྱར་བ་གཉིས་ལས། དང་པོ། འགྲེལ་པར་བྱ་བའི་རྣལ་འབྱོར་དང་རྣལ་འབྱོར་གྱི་རྒྱུད་གསུམ་དང་དྲུག་གི་དབྱེ་བས་ཞེས་པ་རྣལ་འབྱོར་ཕ་རྒྱུད་ཉིད་ལ་གོ་དགོས་ཀྱི་བྱ་རྒྱུད་ལ་གོ་བ་གནས་མ་ཡིན་པས། ཕ་རྒྱུད་སྒྱུ་འཕྲུལ་དྲྭ་བ་ཡི་དཀྱིལ་འཁོར་རྣམ་པ་གསུམ་ཡང་དབུ་མའི་ཕྱོགས་གསུམ་གྱི་ཉིན་ཞག་ཞེ་ལྔའི་ཡན་ལག་ལས་འགྱུར་ཏེ། ཇི་ལྟར་ན་ཞག་ཞེ་ལྔ་པོ་ཉིན་ཞག་སོ་སོ་ལ་དུས་སྦྱོར་བཅུ་གཉིས་ཀྱི་དབྱེ་བས་བཅུ་གཉིས་ཀྱིས་བསྒྱུར་བས་ཉིན་ཞག་གི་ཡན་ལག་ལྔ་བརྒྱ་དང་བཞི་བཅུའི་གྲངས་སུ་འགྱུར་བ་དེ་ལས་ཞག་ཉིས་བརྒྱ་དང་དོན་བཞི་ཐ་དད་དེ་གུད་དུ་ཕྱུངས་པ་ནི་སྒྱུ་སྐྱུ་འཕྲུལ་དྲ་བ་རྣམ་པ་གསུམ་གྱི་ལྷ་གྲངས་ཏེ། ཡང་དག་བུག་པ་རིག་བྱེད་ཅེས་ལྷ་ཟུང་བཞི་བཅུ་རྩ་དགུས་དཀྱིལ་འཁོར་གཅིག་ཏུ་འགྱུར་ཏེ་ཡབ་ཡུམ་སོ་སོར་བརྩིས་པས་ལྷ་གྲངས་དགུ་བཅུ་གོ་བརྒྱད་དང་། སླར་ཡང་འབྱུང་བ་རྒྱ་མཚོ་ཞེས་ལྷ་ཟུང་བཞི་བཅུ་རྩ་ལྔས་དཀྱིལ་འཁོར་གཉིས་པའི་ལྷ་གྲངས་སུ་འགྱུར་ཏེ་སོ་སོར་བགྲང་ན་དགུ་བཅུར་འགྱུར་རོ། །ཡང་མེ་དང་ཆུ་གཏེར་གྱིས་དཀྱིལ་འཁོར་གསུམ་པར་འགྱུར་ཏེ། ལྷ་ཟུང་བཞི་བཅུ་རྩ་གསུམ་ལ་ཡབ་ཡུམ་སོ་སོར་བགྲང་ན་བརྒྱད་ཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལྟར་ལྷ་ཟུང་བརྒྱ་དང་སོ་བདུན་དང་ཡབ་ཡུམ་སོ་སོར་བགྲངས་པས་ཉིས་བརྒྱ་དོན་བཞིའི་གྲངས་སུ་འགྱུར་བ་ཡིན་ནོ། །འདིའི་སྤྲོས་པ་ལེའུ་ལྔ་པར་ཡང་འཆད་དོ། །བྱ་བའི་རྣལ་འབྱོར་ཀྱི་རྒྱུད་ཀྱི་ངེས་པའོ། །དེ་ནས་དཔལ་ལྡན་འདུས་པ་ཡི་དཀྱིལ་འཁོར་རིགས་ནི་དུས་ཀྱི་ཞེས་པ་དྲུག་གི་དབྱེ་བ་ནི། སྔར་ཕྱོགས་གསུམ་གྱི་ཞག་གི་ཡན་ལག་ལྔ་བརྒྱ་བཞི་བཅུ་ལས་སྒྱུ་འཕྲུལ་དྲྭ་བ་རྣམ་པ་གསུམ་གྱི་ལྷ་གྲངས་ཉིས་བརྒྱ་དོན་བཞི་ཐ་དད་དུ་བྱས་པའི་ལྷག་མའི་ཉིན་ཞག་གི་ཆ་ཡན་ལག་དེའི་ཆ་ཤས་ཉིས་བརྒྱ་དྲུག་ཅུ་རྩ་དྲུག་ལ་འདུས་པའི་དཀྱིལ་འཁོར་


MR17_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་ལྷ་གྲངས་སྦྱར་བ་ནི། དང་པོ་དེ་ཉིད་ཅེས་བྱ་བ་ལྷ་ཟུང་ཉི་ཤུ་རྩ་ལྔས་དཀྱིལ་འཁོར་གཅིག་ཏུ་འགྱུར་རོ། །གཞན་ཡང་ཉེར་ལྔ་དེ་ལ་དྲུག་གིས་རྣམ་པར་དམན་པས་ལྷ་ཟུང་བཅུ་དགུས་ཡེ་ཤེས་ཞབས་ལུགས་ལྟ་བུའི་འདུས་པའི་དཀྱིལ་འཁོར་གཅིག་ཏུ་འགྱུར་བ་ནི་གཉིས་པའོ། །ཉེར་ལྔ་དང་བཅུ་དགུ་དེ་དག་ཕྱེད་ཀྱི་དབྱེ་བས་འདུས་པའི་དཀྱིལ་འཁོར་གཞན་གཉིས་སུ་རྣམ་པར་ཕྱེ་བ་སྟེ། ཇི་ལྟར་ཞེ་ན། ཉེར་ལྔའི་ཕྱེད་ནི་ཕྱེད་དང་བཅས་པའི་བཅུ་གཉིས་དང་། བཅུ་དགུའི་ཕྱེད་ནི་ཕྱེད་དང་བཅས་པའི་དགུ་ཡིན་ལ། འདི་ལས་དགུའི་ལྷག་མ་ཕྱེད་ནི་ཕྱེད་དང་བཅས་པའི་བཅུ་གཉིས་ལ་བསྲེས་པས་བཅུ་གསུམ་མོ། །དེ་ལྟར་ན་ལྷ་ཟུང་དགུའི་འདུས་པའི་དཀྱིལ་འཁོར་གཅིག་དང་། ཟུང་བཅུ་གསུམ་གྱིས་འདུས་པའི་དཀྱིལ་འཁོར་གཅིག་སྟེ་གཉིས་སུ་འགྱུར་རོ། །སླར་ཡང་འདུས་པའི་ལྷ་གྲངས་དེ་དག་བསྲེས་པ་དག་ནི་འདུས་པའི་དཀྱིལ་འཁོར་གྱི་དབྱེ་བ་གཉིས་ཏེ། བཅུ་གསུམ་དང་བཅུ་དགུ་གཉིས་གཅིག་ཏུ་བསྲེས་པ་འདུས་པ་སོ་གཉིས་མ་ཀླུ་སྒྲུབ་ལུགས་ལྟ་བུ་དང་ནི། བུག་པ་དང་དེ་ཉིད་བཅས་ལྷན་ཅིག་བསྡོམ་པ་འདུས་པ་སོ་བཞི་མའི་དཀྱིལ་འཁོར་དུ་འགྱུར་རོ། །འདུས་པ་དྲུག་པོ་འདི་ལ་ལྷ་ཟུང་བརྒྱ་དང་སོ་གཉིས། སོ་སོར་བགྲང་ན་ཉིས་བརྒྱ་དང་རེ་བཞི་ཡོད་དོ། །འདུས་པ་སྒྱུ་འཕྲུལ་གཉིས་ལ། དཀྱིལ་འཁོར་དགུ་ལྷ་ལྔ་བརྒྱ་དང་སོ་བརྒྱད་འབྱུང་བས། དེས་ལྔ་བརྒྱ་བཞི་བཅུ་ལ་ཕྲི་ལྷག་འཁོར་ལོ་སྡོམ་ཆེན་གྱི་དཀྱིལ་འཁོར་གྱི་གཙོ་བོ་དུས་འཁོར་ཡབ་ཡུམ་ཟུང་སྟེ། བཞི་བརྒྱ་ལྔ་བཅུའི་ལྷ་དང་ལྷ་མོར་འགྱུར་རོ། །རྒྱུད་འདི་རྣམས་ཀྱི་པདྨའི་གདན་གྱི་དབྱེ་བ་ནི་ལེའུ་ལྔ་པར་འཆད་པར་འགྱུར་རོ། །འདི་ལ་བོད་འགྲེལ་སྔ་མ་རྣམས་སུ་ལྷ་དགུ་མ་ཐ་ག་ནའི་ལུགས་ཀྱི་འདུས་པ། བཅུ་གསུམ་མ་ཨིནྡྲ་ཏི། བཅུ་དགུ་མ་ཡེ་ཤེས་ཞབས། ཉེར་ལྔ་མ་པཎྜི་ཏ་མགྲིན་པ་གསུམ་པ། སོ་གཉིས་མ་འཕགས་པ་ཀླུ་སྒྲུབ་ཡབ་སྲས། སོ་བཞི་མ་ཀུན་སྙིང་གི་ལུགས་ཀྱི་འདུས་པ་ཡིན་ནོ་ཞེས་པ་ལ་


MR17_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་གྲུབ་འགྲེལ་ཆེན་དུ། ཐ་ག་ན་ཡེ་ཤེས་ཞབས་ཀྱི་རྗེས་འབྲང་གི་གཙོ་བོ་གཅིག་ཡིན་པས་ལྷ་བཅུ་དགུ་མ་བཞེད་ཀྱི་དེས་ལྷ་དགུ་མ་གང་དུ་མ་བཤད་ལ། ཨིནྡྲ་ཏི་ཆེན་པོ་འོང་དོན་མེད་ཅིང་། ཆུང་བས་ལྷ་བཅུ་གསུམ་བཞེད་ཅེས་གྲགས་ཀྱང་ཤེས་བྱེད་མ་མཐོང་ལ། མགྲིན་པ་གསུམ་པའི་གཞུང་པོད་ན་མེད་པས་ཉེར་ལྔ་བཞེད་ཅེས་སྔ་མ་རྣམས་ལ་གྲགས་ཀྱང་ཤེས་བྱེད་རྙེད་དཀའ་བའི་ཕྱིར་དང་། ཀུན་སྙིང་གིས་མཛད་པའི་འགྲེལ་ཆུང་གི་ལུགས་མི་བསྐྱོད་པས་གཙོ་བོ་བྱས་པའི་ལྷ་བཅུ་དགུ་མར་གསལ་གྱི་སོ་བཞི་མ་ཟུར་ཙམ་མེད་ཅིང་། ཀུན་སྙིང་གིས་མཛད་ཟེར་བའི་འགྲེལ་ཆེན་ནི་སློབ་དཔོན་དེ་ལ་ཁ་གཡར་བའི་བརྫུས་མ་ཡིན་པར་ཕལ་མོ་ཆེས་འདོད་པ་སོགས་ཀྱིས་སློབ་དཔོན་དེ་དག་སོ་སོའི་ལུགས་སུ་འཇོག་པའི་རྒྱུ་མཚན་ཡང་དག་མེད་ལ། ཀུན་སྙིང་དང་ཤཱནྟི་པ་སོགས་མི་བསྐྱོད་པ་ལྷ་བཅུ་དགུའི་དཀྱིལ་འཁོར་དང་། འཕགས་པ་ཡབ་སྲས་ཀྱིས་སོ་གཉིས་སུ་གསུངས་པའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཡབ་ཡུམ་ཟུང་མ་ཡིན་པར་རྐྱང་པ་ཁོ་ན་ཡིན་ལ། འདིར་བཤད་འདུས་པའི་དཀྱིལ་འཁོར་དྲུག་པོ་ཐམས་ཅད་ཡབ་ཡུམ་ཞལ་སྦྱོར་ཁོ་ན་ཡིན་པས་ཤིན་ཏུ་མི་འདྲའོ། །དེས་ན་འདིར་བཤད་པ་འདི་དག་ད་ལྟ་འདུས་པའི་རྒྱུད་རྩ་བཤད་གང་ན་ཡང་མི་གསལ་ཀྱང་འདུས་པའི་རྩ་རྒྱུད་རྒྱས་པ་ལྟ་བུ་ཞིག་ན་ཡོད་པར་མངོན་ནོ་ཞེས་རྗེ་ཙོང་ཁ་བས་གསུངས་སོ་ཞེས་བཤད་པ་ལྟར་དོན་ལ་གནས་སོ། །དེ་བཞིན་དུ་འདིའི་སྐབས་ཀྱི་སྒྱུ་འཕྲུལ་དྲྭ་བའང་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་ལྷ་གྲངས་དེ་ལྟ་བུ་ཞིག་འབྱུང་བ་ཡོད་པ་ཡང་དེ་དང་འདྲ་བར་རྟོགས་སོ། །བྱ་བའི་རྣལ་འབྱོར་ནི་བྱ་བ་རྒྱུའི་རྣལ་འབྱོར་མ་ཧཱ་ཡོ་ག །བྱེད་པ་རྐྱེན་གྱི་རྣལ་འབྱོར་ནི་ལུང་ཨ་ནུ་ཡོ་ག །མཐར་ཕྱིན་འབྲས་བུའི་རྣལ་འབྱོར་ནི་ཨ་ཏི་ཡོ་ག་ཞེས་སྔ་འགྱུར་བའི་རྒྱུད་རྣམས་སུ་གྲགས་པའི་ཐ་སྙད་དང་བསྟུན་ནའང་རུང་བར་འདུག་སྙམ་མོ། །སྒྱུ་འཕྲུལ་དྲྭ་བ་དང་འདུས་པའི་དཀྱིལ་འཁོར་གྱི་


MR17_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་གྲངས་དེ་ཡང་འདིར་མངལ་ནས་སྐྱེས་པའི་ཕུང་པོ་ལྔ་དང་ཁམས་བཞི་དག་པའི་དབང་གིས་དགུའི་བདག་ཉིད་ཀྱི་འདུས་པའོ། །ཕུང་པོ་ལྔ་དང་ཁམས་བཞི་དང་འཁོར་ལོ་བཞི་རྫོགས་པ་ལྷ་བཅུ་གསུམ་མ་དང་། ཕུང་པོ་ལྔ་ཁམས་བཞི་འཁོར་ལོ་བཞི་ཡུལ་དྲུག་རྫོགས་པའི་ཉེར་ལྔ་མ་སོགས་སྦྱང་གཞི་རྒྱས་བསྡུས་ཀྱི་དབྱེ་བས་ལྷ་གྲངས་མང་ཉུང་དུ་འགྱུར་ཚུལ་དང་། དེ་བཞིན་དུ་སྒྱུ་འཕྲུལ་དྲྭ་བ་ལ། ཕུང་པོ་ལྔ་དང་ཁམས་དགུ་སོགས་ཀྱི་ལྷ་གྲངས་སུ་འགྱུར་ཚུལ་འགྲེལ་པ་ལས་གསུངས་པ་ལྟར་ཏེ་མངལ་དུ་ལུས་རྫོགས་པ་ཇི་ལྟ་བ་བཞིན་ལྷ་གྲངས་དང་ཉི་ཟླའི་རྐང་པའི་གདན་གྱི་དབྱེ་བ་རྣམས་ལེའུ་ལྔ་པར་རྒྱས་པར་འཆད་པར་འགྱུར་རོ། །རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་འབྱུང་བའི་ངེས་པའོ། །དེ་ནས་ཕྱོགས་གསུམ་གྱི་ཞག་གྲངས་ཕྱག་རྒྱ་དགུ་དང་སྦྱར་བ་ལ། འགྲེལ་པར། ད་ནི་ཕྱི་དང་ནང་གི་ཕྱག་རྒྱ་གསུངས་པ་ཞེས་སོགས་ཀྱི་དོན། ངེས་དོན་གྱི་སྐབས་འདིར་ཐམས་ཅད་དུ་རྒྱུས་འབྲས་བུ་ལ་རྒྱས་གདབ་པར་བྱ་སྟེ། འབྲས་བུས་ཀྱང་རྒྱུ་ལ་རྒྱས་གདབ་པར་བྱའོ། །འོ་ན་རྒྱུ་འབྲས་གཉིས་གང་ལ་བྱ་སྙམ་ན། ལུས་ཀྱི་སྒོ་ནས་རྡུལ་ཉི་མའི་ཆོས་ནི་ཤེས་རབ་རྒྱུ་དང་། ཁུ་བ་ཟླ་བའི་ཆོས་ཐབས་འབྲས་བུ་བསམ་པའི་སྒོ་ནས་དེ་ལས་ལྡོག་པ་སྟེ། ལུས་ལས་གཞན་བསམ་པ་ལ་ལྟོས་ནས་ཁུ་བའི་ཆོས་ཅན་ཉིད་ཀྱི་ཕྱིར་ཟླ་བ་ནི་ཤེས་རབ་དང་། རྡུལ་གྱི་ཆོས་ཅན་ཉི་མ་ནི་ཐབས་ཏེ་འབྲས་བུའོ། །དེ་ལྟ་ན་ཐམས་ཅད་དུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ནི་ཤེས་རབ་སྟེ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་རྒྱུའོ། །དམིགས་མེད་ཀྱི་སྙིང་རྗེའི་ངོ་བོ་མཆོག་ཏུ་མི་འགྱུར་བའི་བདེ་བ་ནི་ཐབས་ཏེ་འབྲས་བུའོ། །དེ་འདྲ་བའི་རྒྱུ་འབྲས་གཉིས་ཕན་ཚུན་དུ་རྒྱས་གདབ་པར་བྱ་སྟེ། སྟོང་ཉིད་ཕྱག་རྒྱ་ཆེན་མོ་འབྲས་བུ་མི་འགྱུར་བའི་བདེ་ཆེན་འདྲེན་པ་ལས་མི་འདའ་ཞིང་། མི་འགྱུར་བདེ་ཆེན་ཀྱང་སྟོང་ཉིད་ཕྱག་ཆེན་ལས་དངོས་སུ་སྐྱེ་བ་ལས་མི་འདའ་སྟེ། ཚུལ་དེ་ཉིད་ཀྱིས་དེ་གཉིས་དབྱེར་མེད་པར་ཕན་ཚུན་རྒྱས་


MR17_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་པ་སྟེ་ཕྱག་རྒྱ་ནི་འདིར་མི་འདའ་བའི་དོན་ཏོ། །དེ་ཡང་དབང་མདོར་བསྟན་ལས། སྟོང་ཉིད་གཟུགས་འཛིན་རྒྱུ་ཡིན་ཏེ། །མི་འགྱུར་ལས་སྐྱེས་བདེ་བ་འབྲས། །རྒྱུ་ལ་འབྲས་བུས་རྒྱས་གདབ་ཅིང་། །འབྲས་བུ་རྒྱུ་ཡིས་རྒྱས་གདབ་བོ། །ཞེས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དང་། དེ་ལས་སྐྱེས་པའི་མི་འགྱུར་བའི་བདེ་བ་སྔ་ཕྱི་ལ་རྒྱུ་འབྲས་ཀྱི་རྒྱས་འདེབས་གསུངས་པ་དང་། ཡང་ལྡོག་པའི་སྒོ་ནས་སྟོང་ཉིད་ཕྱག་ཆེན་དང་མི་འགྱུར་བའི་བདེ་བ་རོ་མཉམ་དུ་སྟོན་པ་ལྟ་བུའི་རྒྱས་འདེབས་ཚུལ་གསུངས་ཀྱི། དེ་གཉིས་དུས་མཉམ་པའི་གནས་ལུགས་ཀྱི་ངོ་བོའི་དབང་དུ་བྱས་ན། དེ་གཉིས་གཉིས་སུ་མེད་པའི་བདག་ཉིད་གཅིག་ཡིན་པས་རྒྱུ་འབྲས་ཀྱིས་གསར་དུ་རྒྱས་གདབ་མེད་དེ། འབྲས་བུ་དང་ནི་རྒྱུ་ཡིས་ནི། །ཕན་ཚུན་དུ་ནི་རྒྱས་གདབ་མེད། །ཅེས་སོགས་དང་། དེ་ཕྱིར་བདག་གིས་བདག་ཉིད་ལ། །འགར་ཡང་རྒྱས་གདབ་ནུས་མ་ཡིན། །ཞེས་པའི་བར་གྱིས་གསུངས་སོ། །དེ་ལྟར་སྤྱིར་བསྟན་ནས་སྐབས་ཀྱི་དོན། འདིར་ཟླ་བའི་ཆ་ཤས་སུ་ངེས་པ་ཕྱོགས་གསུམ་པོའི་ཉིན་ཞག་ཞེ་ལྔ་ཡི་ཚོགས་ལས་གཟའ་ཡི་ཞེས་བདུན་གྱི་ཆ་ཡིས་ཐོབ་པ་གང་དག་གི་ཉིན་ཞག་དྲུག་པོ་དེ་དག་རྡོ་རྗེ་ཅན་གྱི་ཕྱག་རྒྱ་དྲུག་སྟེ། མི་བསྐྱོད་པ་དག་པའི་འཁོར་ལོ་དང་། འོད་དཔག་མེད་རྣ་ཆ། རིན་འབྱུང་མགུལ་རྒྱན། རྣམ་སྣང་གདུ་བུ། དོན་གྲུབ་སྐ་རགས། རྡོར་སེམས་ཐལ་བ་དང་མཆོད་ཕྱིར་ཐོགས་པ་སྟེ། དུས་ཀྱི་འཁོར་ལོའི་ཕྱི་རོལ་གྱི་ཕྱག་རྒྱ་དྲུག་སྟེ། རྒྱས་འདེབས་པ་རིགས་བདག་གི་ལྷ་དྲུག་མཚོན་པའོ། །གཞན་པའི་ཉིན་ཞག་བགོས་ལྷག་གསུམ་ལུས་པ་ཡི་ཚོགས་ནི་ནང་དུ་རྡོ་རྗེ་ཅན་གྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་གསུམ་སྟེ། གནས་གསུམ་གྱི་ལྷའོ། །དེ་ལྟར་ཕྱིའི་དྲུག་དང་ནང་གི་གསུམ་བཅས་ཕྱག་རྒྱ་དགུའོ། །ཤེས་རབ་སྐུ་ལ་ཞེས་ཤེས་རབ་ཀྱི་རྒྱུད་དང་། དེས་མཚོན་ཐབས་ཀྱི་སྐུའམ་རྒྱུད་ལ་དུས་སྦྱོར་གསུམ་རྣམས་ཞེས་པ་སྙིང་སྟོབས་དང་རྡུལ་དང་མུན་པའི་བདག་ཉིད་སྐུ་གསུང་ཐུགས་ཀྱི་


MR17_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཅན་དུ་ངེས་པར་གསལ་བར་བྱས་པ་ནི་རྣལ་འབྱོར་མ་དང་རྣལ་འབྱོར་གྱི་རྒྱུད་ཀྱི་ཕྱག་རྒྱ་ལའོ། །ཞེས་ཕྱག་རྒྱ་ཐམས་ཅད་ཀྱང་བསྡུ་ན་སྐུ་གསུང་ཐུགས་ཀྱི་མཚན་མའི་ཕྱག་རྒྱ་རྣམ་པ་གསུམ་ལ་འདུ་བ་ཡིན་པས་སོ། །རྣལ་འབྱོར་མ་དང་རྣལ་འབྱོར་རྒྱུད་ལས་ཕྱག་རྒྱ་རབ་ཏུ་གསལ་བར་བྱས་པའི་ངེས་པའོ། །དེ་ནས་ལོ་གསུམ་གྱི་ཞག་དང་སྦྱར་བའི་དུས་འཁོར་གྱི་ལྷ་པདྨའི་གདན་ཅན་བརྒྱ་ང་དྲུག་ལུགས་གཅིག་ངོས་བཟུང་བ་ནི། འདིར་འཁོར་ལོ་དྲུག་གི་རྩ་སྣ་ཚོགས་པའི་རང་བཞིན་ཅན་རྣམས་ལྷའི་ཚོགས་ཏེ། ཕར་ཕྱིན་བཅུ་ཡི་ནུས་མ་དང་གཙུག་ཏོར་སོགས་ཁྲོ་བོ་རྣམས་ནི་རིམ་པས་གཉིས་ཀའང་གྲངས་བཅུ་རུ་རབ་ཏུ་འགྱུར་ཏེ། གྲངས་ལྔ་ནི་མི་བསྐྱོད་པ་སོགས་སངས་རྒྱས་ལྔ་དང་རྡོ་རྗེ་དབྱིངས་ཕྱུག་མ་སོགས་ལྷ་མོ་ཡུམ་ལྔ་རྣམས་སོ། །གཟུགས་རྡོརྗེ་མ་སོགས་དང་། མིག་ས་སྙིང་ལ་སོགས་པ་སེམས་དཔའ་སེམས་མ་དྲུག་དྲུག་སྟེ། སླར་ཡང་ཀྱེ་མི་ཡི་བདག་པོ་སྐུའི་དཀྱིལ་འཁོར་གྱི་ལྷ་ཡི་ཚོགས་ནི་དབང་པོ་དང་ཚངས་པ་ལ་སོགས་པ་དྲུག་ཚན་གཉིས་ཏེ་བཅུ་གཉིས་སོ། །ཙརྩི་ཀཱ་སོགས་རྣལ་འབྱོར་མ་དང་། མཐའ་ཡས་སོགས་ཀླུ་དང་། ཁྱི་གདོང་མ་སོགས་གཏུམ་མོ་རྣམས་སོ་སོར་བརྒྱད་ཅེས་བྱ་སྟེ་བསྡོམས་པས་དོན་བརྒྱད་དོ། །ནང་དང་ཕྱིའི་གནས་སུའམ་སྲིད་པར་ལྷ་འདི་དག་ཐམས་ཅད་ཐབས་ཤེས་ཀྱི་དབྱེ་བས་ཉིས་འགྱུར་དུ་བྱས་པ་བརྒྱ་དང་ལྔ་བཅུ་རྩ་དྲུག་གི་གྲངས་སུ་འགྱུར་རོ། །འདི་དག་ནི་དཔལ་ལྡན་དུས་ཀྱི་འཁོར་ལོ་ཡི་གཞལ་ཡས་ཁང་གི་ནང་དང་ཕྱི་རོལ་དུ་པདྨའི་གདན་ཅན་གྱི་ལྷ་གྲངས་སོ། །དེ་ལས་ཁྲོ་བོ་དང་ཀླུ་དང་གཏུམ་མོ་ཉེར་དྲུག་ཐབས་ཤེས་ཀྱི་དབྱེ་བས་ལྔ་བཅུ་རྩ་གཉིས་པོ་ལོགས་སུ་ཕྱེས་ནས་བརྒྱ་ང་དྲུག་དེའི་སུམ་ཆ་གཉིས་ནི་བཞི་ལྷག་པའི་བརྒྱ་སྟེ་ནང་གི་ལྷ་རྣམས་སོ། །དེ་ཡི་ཕྱེད་ལྷ་ལྔ་བཅུ་རྩ་གཉིས་ཀྱི་བདག་ཉིད་དག་ཀྱང་སྒོ་སྐྱོང་ཁྲོ་བོ་དང་ཕྱི་རོལ་གྱི་ཀླུ་དང་དུར་ཁྲོད་ཀྱི་གཏུམ་མོ་རྣམས་ཏེ། དེ་ལྟར་ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་གྱི་ཁམས་


MR17_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པོ་དག་ཏུའོ། །དེ་ལྟར་ཉི་མའི་དབྱེ་བས་བཞི་ལྷག་པའི་བརྒྱ་དང་། ཟླ་བའི་དབྱེ་བས་ལྔ་བཅུ་རྩ་གཉིས་ཏེ། སྔར་ཡང་དེ་དག་གཅིག་ཏུ་བསྡོམ་པས་ལྷ་བརྒྱ་དང་ང་དྲུག་ནི་དུས་ཀྱི་འཁོར་ལོའི་པདྨའི་ལྟེ་བ་ལ་གནས་པའི་ལྷ་གཙོ་བོའི་གྲངས་ཏེ། རྩ་འཁོར་ལོ་དྲུག་གི་རྩ་བརྒྱ་དང་ང་དྲུག་པོ་སྦྱོང་བྱེད་དམ། དེ་རྣམས་སྒྲིབ་བྲལ་དུ་གྱུར་པའི་ངོ་བོའོ། །སྐབས་འདིར་དོགས་པ་འདི་ཡོད་དེ། ནུས་མ་སོགས་ལྷ་དོན་བརྒྱད་ལ་ཐབས་ཤེས་ཀྱི་དབྱེ་བས་ལྷ་བརྒྱ་ང་དྲུག་ཏུ་འགྱུར་བར་གསུངས་པ་འདིར་ནུས་མ་རྣམས་ལ་ཐབས་བཅུ་བགྲང་རྒྱུ་མེད་པས་ལྷ་བཅུས་མ་ཚང་བར་འགྱུར་བ་དང་། པདྨའི་གདན་གྱི་ལྟེ་བའི་ལྷ་ཞེས་གསུངས་པ་ལྟར་ན། ནུས་མ་རྣམས་པདྨའི་འདབ་མར་བཞུགས་པ་ཡིན་པ་དང་། ཀླུ་དང་རབ་གཏུམ་མ་རྣམས་ལ་པདྨའི་གདན་མ་གསུངས་པས་དེ་ཡི་དོན་ཇི་ལྟར་བཤད་སྙམ་པ་ནི་དོགས་པའོ། །དེ་ལ་བླ་མ་སྔ་མ་ཕལ་མོ་ཆེས། ནུས་མ་རྣམས་ཀྱི་ཐབས་གཙོ་བོ་ཉིད་ཡིན་པས་སྐྱོན་མེད་པའམ། ལྷའི་ངོ་བོ་བུམ་པ་བཅུ་ཐབས་བཅུར་བྱེད་པ་ཡོད་ཀྱང་། གཙོ་བོ་བཅུར་བགྲང་ན་ཡེ་ཤེས་ཀྱི་འཁོར་ལོར་ལྷ་གྲངས་བཅུས་ལྷག་པར་འགྱུར་ལ། བུམ་པ་སོགས་ལྷའི་ངོ་བོ་ཡིན་ཀྱང་ཞལ་ཕྱག་སོགས་ལྷའི་རྣམ་པར་མེད་པས་ཐབས་ཤེས་ཀྱི་ལྷ་ཡི་གྲངས་སུ་བགྲང་རིགས་པ་མ་ཡིན་ཏེ། ནོར་བུ་དང་དུང་སོགས་བཞི་པོ་བཞིན་ནོ་ཞེས་བླ་མ་དག་གསུངས་སོ། །ཡང་ནུས་མ་རྣམས་པདྨའི་ལྟེ་བ་ལ་གནས་པ་མིན་ཡང་གཙོ་བོའི་ཡུམ་ཡིན་པས་རེས་མོས་ཀྱི་པདྨའི་ལྟེ་བ་ལ་གནས་པར་འགྱུར་བ་ལ་དགོངས་པ་དང་། ཀླུ་རྣམས་འབྱུང་བའི་དཀྱིལ་འཁོར་གྱི་ལྟེ་བ་དང་། རབ་གཏུམ་མ་རྣམས་འཁོར་ལོའི་ལྟེ་བ་ལ་གནས་པས་པདྨའི་ལྟེ་བར་གནས་པ་དང་ཆ་འདྲ་བ་ལ་དགོངས་ཞེས་ཟེར། དེ་ལྟ་ན་དཀྱིལ་འཁོར་གྱི་ལྷ་ལྷག་མ་ལའང་པདྨའི་ལྟེ་བ་དང་ཆ་མཐུན་པ་ལ་གནས་པ་ཡོད་པས་དེ་དག་ཀྱང་པདྨའི་གདན་ཅན་གྱི་ལྷར་བགྲང་རིགས་པར་འགྱུར་ཞེས་བླ་མ་གཞན་དག་གསུངས། དེས་ན་སྐབས་


MR17_Page_0701
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཅི་བྱ་མེད་པར་གྱུར་པ་ལ། མཁས་གྲུབ་འགྲེལ་ཆེན་དུ། གཙོ་བོ་ཡབ་ཡུམ་གཉིས། གཤེགས་པ་གཤེགས་མ་ཡབ་ཡུམ་བཅུ་དྲུག །རྡོར་སེམས་དང་མི་བསྐྱོད་པ་ཡབ་ཡུམ་ལུས་བསམ་གྱི་དབྱེ་བས་བཞི། ཁྲོ་བོ་གཙུག་ཏོར་ཡབ་ཡུམ་ཐུགས་དཀྱིལ་གྱི་ནང་གི་སྟེང་གི་ཆ་ལ་འགོད་པར་གསུངས་པས་དེ་དང་སྐུ་དཀྱིལ་དུ་བཀོད་པ་དང་ཁྲོ་བོ་རིགས་གཅིག་ཀྱང་འགོད་གནས་ཐ་དད་པས་གཉིས་སུ་བརྩིས་པ་དང་། ནུས་མ་བརྒྱད་དང་ལྷག་མ་སྔར་བཤད་རྣམས་ཡབ་ཡུམ་སོ་སོར་བརྩིས་པས་བརྒྱ་ང་དྲུག་ཏུ་འགྱུར་རོ་ཞེས་བཞེད། འོ་ན་ནུས་མ་བརྒྱད་དང་ཀླུ་དང་རབ་གཏུམ་མ་རྣམས་པདྨའི་ལྟེ་བར་མེད་པས། འགྲེལ་པར་པདྨའི་ལྟེ་བ་ལ་གནས་པའི་ལྷའི་ཚོགས་ཀྱི་ངེས་པའོ་ཞེས་པ་དང་འགལ་ཞེ་ན། འདིར་པདྨའི་ལྟེ་བ་ལ་གནས་པ་ཆེས་གསལ་པོར་གསུངས་པས། དགོངས་གཞི་མ་བཙལ་ཀྱང་གནོད་པ་ཅི་ཡང་མེད་ཅིང་། སྒྲུབ་ལེར་ཀླུ་དང་རབ་གཏུམ་མ་རྣམས་ལ་པད་གདན་དངོས་སུ་མ་གསུངས་ཀྱང་པད་གདན་བྱ་མི་རུང་བ་མེད་པས་པདྨའི་ལྟེ་བར་གནས་པར་གསུངས་པའི་ཚིག་འདི་ལ་བརྟེན་ནས་འབྱུང་དཀྱིལ་དང་འཁོར་ལོའི་ལྟེ་བ་རྣམས་སུ་པད་གདན་གསར་དུ་བྱའོ་གསུངས་ཀྱང་། རྒྱུད་རྩ་འགྲེལ་གྱི་ཚིག་གིས་དངོས་ཤུགས་གང་དུ་ཡང་མེད་པའི་རྩི་ཚུལ་དང་པད་གདན་སོགས་ཅི་འགྲིག་བྱས་པས་ཆོག་ན་ལས་སླ་མོད། རྒྱུད་རྩ་འགྲེལ་གྱི་བསྟན་ཚུལ་དང་མི་མཐུན་པས་དེ་ཡི་རྗེས་སུ་འབྲང་བར་མ་གྱུར་པ་དག་ནི་རེ་ཤིག་འདི་ལྟར་སེམས་ཏེ། ལྷ་བརྒྱ་ང་དྲུག་འདི་ནི་པདྨའི་གདན་ཅན་གྱི་ལྷ་ཞེས་གསུངས་པས་པདྨའི་ལྟེ་བ་ལ་གནས་པའི་ལྷ་ཡབ་ཡུམ་ཟུང་བདུན་ཅུ་དོན་བརྒྱད་ཀྱིས་བསྐོར་བའི་གཙོ་བོ་ཡབ་ཡུམ་དང་བཅས་པ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གཅིག་བསྟན་ཏེ། འདིའི་དབང་དུ་བྱས་ན་ནུས་མ་བརྒྱད་ལའང་ཐབས་བརྒྱད་དངོས་སུ་སྦྱོར་བའི་དཀྱིལ་འཁོར་ཞིག་ཡིན་པར་མངོན་ཞིང་། རིགས་ལྔའི་ནང་ཚན་གྱི་མི་བསྐྱོད་པ་ཡབ་ཡུམ་ནི་གཙོ་བོ་ཡབ་ཡུམ་ཡིན་ནོ། །


MR17_Page_0702
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་ད་ལྟ་སྒྲུབ་ལེར་གསུངས་པའི་ལྷ་གྲངས་དང་པད་གདན་ཡོད་མེད་འདི་ལ་སྦྱར་མི་དགོས་ཏེ། དུས་ཀྱི་འཁོར་ལོའི་ལྷ་རྣམས་རིགས་བསྡུས་པའི་དཀྱིལ་འཁོར་དེ་ཡི་དབང་དུ་མཛད་ནས་གསུངས་པའི་ཕྱིར་རོ། །སངས་རྒྱས་དང་སེམས་དཔའ་རྣམས་ཀྱི་ལྷ་གྲངས་སྒྲུབ་ལེར་རྣམ་པའི་ཚུལ་དུ་བཅུ་དྲུག་དང་ཉེར་བཞི་ཡིན་ཡང་འདིར་ལྷ་ངོ་བོ་གཅིག་པའི་དབང་གིས་རིགས་བསྡུས་ཏེ་ལྔ་དང་དྲུག་ཏུ་གསུངས་པ་དང་། ཀླུ་དང་གཏུམ་མོ་བཅུ་ཡོད་ཀྱང་སྐབས་འདིར་བརྒྱད་དུ་གསུངས་ཤིང་དེ་རྣམས་ཀྱང་པདྨའི་གདན་གྱི་ལྟེབར་གནས་པ་ཞིག་ཡིན་པར་མངོན་པས་འདི་ཉིད་བསྡུས་རྒྱུད་སྒྲུབ་ལེར་གསུངས་པའི་ལྷ་གྲངས་ལས་ཉུང་ཞིང་སྙིང་པོ་རིགས་བསྡུས་པའི་དཀྱིལ་འཁོར་གྱི་ལྷ་གྲངས་སུ་གོ་ན་དོགས་པ་འདི་དག་འབྱུང་དོན་མེད་དོ། །ནུས་མ་རྣམས་སུ་མ་ཟད་འོག་ཏུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་གསུངས་པའི་སྐབས་སུ་རྣལ་འབྱོར་མ་རེ་བཞི་དང་སྐུ་དཀྱིལ་གྱི་འདབ་མའི་ཚེས་ཀྱི་ལྷ་མོ་རྣམས་ལའང་ཐབས་ཤེས་གཉིས་རེ་ཡོད་པར་གསུངས་པས་ཀྱང་ཤེས་ནུས་སོ། །གོང་བཤད་དེ་འདྲའི་དཀྱིལ་འཁོར་ཞིག་ཡོད་མི་སྲིད་པ་ནི་མ་ཡིན་ཏེ། དུས་འཁོར་སྡོམ་ཆེན་དང་ལྷ་དགུ་མ་སོགས་བཞིན་ནོ་སྙམ་མོ། །སླར་ཡང་ལོ་གསུམ་དང་ཕྱོགས་གསུམ་གྱི་ཞག་གྲངས་དང་རྩ་རྒྱུད་ལས་གསུངས་པའི་དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་གྱི་ལྷ་གྲངས་སྦྱར་བ་ཞག་གཅིག་གི་ཉི་མའི་ཡེ་ཤེས་ཆ་འབྲིང་དུ་བརྩིས་པ་སུམ་ཅུ་རྩ་གཉིས་ཀྱི་ཆས་དབུགས་ཀྱི་འཁོར་ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་བགོས་པ་ལས། ཉིན་ཞག་སོ་སོར་རེ་རེའི་ཐོབ་སྐལ་ལ་ཆུ་ཚོད་གཅིག་དང་ཆུ་སྲང་ང་གཉིས་དབུགས་གསུམ་ཐོབ་པ་དེ་ཕྱེད་མར་བྱས་པས་ཆུ་ཚོད་ང་དྲུག་དང་དབུགས་ཕྱེད་གཉིས་ཡིན་པ་དེ་ལ་ཆུ་ཚོད་གཅིག་ཏུ་བརྩིས་པར་བྱས་ནས། ཞག་རེ་ལ་ཆུ་ཚོད་གཉིས་རེ་འབྱུང་བ་གང་ཞིག་ཞག་སུམ་ཅུ་ཚང་བ་ཟླ་བའི་དབུས་སུ་ཆུ་ཚོད་དྲུག་ཅུ་དག་ཏུ་འགྱུར་བ་སྟེ། ནང་དུ་རིགས་ལྡན་ཡེ་ཤེས་ཀྱི་རླུང་གི་རང་བཞིན་ནོ། །ཆུ་ཚོད་དྲུག་ཅུ་


MR17_Page_0703
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་དག་མཐའ་དག་རྣལ་འབྱོར་མ་སྟེ་སྲིད་པ་གསུམ་གྱི་གནས་སུ་ཁྱབ་པར་རྒྱུ་བ་ཡིན་ལ། དེའི་སྟེང་དུ་དུས་སྦྱོར་ཐུན་མཚམས་བཞིའི་གྲངས་རིགས་ལྡན་གྱི་ཆུ་ཚོད་དྲུག་ཅུའི་གྲངས་ལ་བསྲེས་པ་དྲུག་ཅུ་རྩ་བཞི་ནི་ཙརྩི་ཀཱ་ལ་ལ་སོགས་པ་ཡི་པདྨའི་འདབ་མའི་ལྷ་མོ་རྣམས་ཡིན་པའོ། །དེ་དག་ཀྱང་ཤེས་རབ་དང་ཐབས་ཀྱི་དབྱེ་བས་ཉིས་འགྱུར་བྱས་པ་བརྒྱ་དང་ཉེར་བརྒྱད་ཀྱི་གྲངས་རྣམས་སོ། །སླར་ཡང་ཉི་མའི་ཆ་ལོ་གསུམ་ལས་ལོ་གཅིག་གི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་རབ་ཏུ་ཕྱེ་སྟེ། དེ་དག་ནག་པ་ལ་སོགས་པའི་ཚེས་ལྷ་སུམ་བརྒྱ་དྲུག་ཅུའོ། །དེ་དག་གི་གཙོ་བོ་དབང་པོ་ལ་སོགས་པ་བཅུ་གཉིས་པདྨའི་གདན་ཅན་གྱི་ནང་དུ་བགྲང་ཟིན་པས། དེའི་ཚབ་ཏུ་སྒེག་མོ་ལ་སོགས་པ་བཅུ་གཉིས་དང་བཅས་པའི་ཚེས་ལྷ་སུམ་བརྒྱ་དྲུག་ཅུ་པོ་ཐབས་ཤེས་ཀྱི་དབྱེ་བས་ཉིས་འགྱུར་དུ་བྱས་པ་བདུན་བརྒྱ་ཉི་ཤུའི་གྲངས་དག་ཀྱང་གང་ཞིག་འདིར་ནི་རྣལ་འབྱོར་མ་ཡི་ཚོགས་ཐབས་དང་བཅས་པའོ། །པདྨའི་འདབ་མའི་ལྷ་མོ་ཐབས་ཤེས་ཀྱིས་དབྱེ་བས་བརྒྱད་བརྒྱ་དང་བཞི་བཅུ་རྩ་བརྒྱད་པོ་འདི་དག་དང་། སྔར་གྱི་པདྨའི་ལྟེ་བའི་ལྷ་བརྒྱ་དང་ང་དྲུག་གི་གྲངས་རྣམས་མཐའ་དག་གཅིག་ཏུ་བསྡུས་པར་གྱུར་པ་སྟོང་དང་བཞི་ལ་བདེ་མཆོག་མངོན་བརྗོད་འབུམ་པ་ལས་གསུངས་པ་འཁོར་ལོ་སྡོམ་ཆེན་གྱི་ལྷ་གྲངས་བདུན་ཅུ་རྩ་གཉིས་ལས་གཙོ་བོ་ཡབ་ཡུམ་ཟུང་མ་གཏོགས་པ་བདུན་ཅུ་དང་། ཕྱག་རྒྱའམ་རྒྱས་འདེབ་བྱེད་ཀྱི་ལྷ་དྲུག་པོ་རྣམས་དང་བཅས་པ་གཅིག་ཏུ་བསྡོམ་པ་དག་ནི་ཉི་མའི་ལོ་གཅིག་གི་ཉིན་ཞག་སུམ་འགྱུར་ཏེ་ལོ་གསུམ་གྱི་ཞག་བརྒྱ་དང་བརྒྱད་ཅུའི་གྲངས་སུ་འགྱུར་རོ། །དེ་དག་ནི་ཉི་མ་ཡི་ཆ་ལོ་གསུམ་པོ་དེ་ཡི་རབ་དབྱེར་འགྱུར་ཏེ། རི་བོང་འཛིན་པ་ཟླ་བའི་ཆ་ལ་ནི་སྒྱུ་འཕྲུལ་དྲྭ་བ་གསུམ་དང་འདུས་པ་དྲུག་སྟེ། ཕ་རྒྱུད་ཀྱི་དཀྱིལ་འཁོར་དགུ་ཡི་གྲངས་ཕྱོགས་གསུམ་གྱི་ཞག་དུས་སྦྱོར་བཅུ་གཉིས་ཀྱིས་བསྒྱུར་བ་མཐའ་དག་ཕྱོགས་ཀྱི་དབྱེ་བའི་ལྷའི་ཚོགས་ལྔ་བརྒྱ་དང་བཞི་བཅུའི་གྲངས་སུ་གྱུར་པའོ། །དེ་ལྟར་ཉི་མ་དང་ཟླ་


MR17_Page_0704
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆ་ལོ་གསུམ་ཕྱོགས་གསུམ་གྱི་ཞག་གྲངས་ཀྱི་ཆ་གོང་བཤད་དེ་རྣམས་གཅིག་ཏུ་བསྡོམ་པ་ནི། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྩ་རྒྱུད་དུ་གསུངས་པའི་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་ལྷ་གྲངས་སུ་འགྱུར་ཏེ། དཀྱིལ་འཁོར་གཞན་དེ་དག་གི་ལྷའི་ངོ་བོ་ཚང་ཡང་དེ་ན་ལྷ་བཀོད་ལུགས་ཇི་ལྟར་ཡིན་པ་ལྟར་བསྡོམ་དགོས་པའི་ངེས་པ་མིན་འདྲ་སྙམ་ཞིང་རྒྱུ་སྐར་གྱི་དཀྱིལ་འཁོར་ལ་ཀླུ་བཅུ་དང་གཏུམ་མོ་བཅུ་ཡོད་དགོས་པ་སོགས་དཔྱད་བྱ་མང་ཡང་མ་སྤྲོས་སོ། །དེ་ལ་ལྷ་གྲངས་དུ་ཡོད་ཅེ་ན། མཁའ་ལག་མི་བདག་རྣམས་ཏེ་སྟོང་དང་དྲུག་བརྒྱ་ཉི་ཤུ་ཡི་ལྷ་དང་ལྷ་མོ་རྣམས་ཀྱི་ནི་ཤེས་རབ་དང་ཐབས་དག་རིམ་བཞིན་ཤེས་རབ་མཚན་མོ་ཡི་ཆ་དང་། ཐབས་ཉིན་མོར་འགྱུར་བ་ཡིན་ཏེ། མཚན་མོ་ཤེས་རབ་དག་ཏུ་བརྟག །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །ཞེས་གསུངས་པ་བཞིན་ནོ། །དེ་ཡང་ཐབས་ཤེས་ཉིན་མཚན་གྱི་ཆ་དེ་དག་མང་ཉུང་མེད་པར་མཉམ་པར་གྱུར་པའི་ཆ་ཅན་དག་སྟེ། ཉིན་ཕྱེད་ནས་མཚན་ཕྱེད་དང་མཚན་ཕྱེད་ནས་ཉིན་ཕྱེད་ལ་ཐུག་གི་བར་དུ་རྒྱུ་སྐར་ཕྱེད་དང་བཅས་པའི་བཅུ་གསུམ་གྱི་ཡུལ་གྱི་ཆུ་ཚོད་ཀྱི་གྲངས་ཏེ། དབྱུ་གུའམ་ཆུ་ཚོད་བཅུ་ལྷག་པའི་བརྒྱད་བརྒྱ་རྣམས་ནི་མཚན་མོ་ཡི་ཆ་དང་རྒྱུ་སྐར་ཕྱེད་ཀྱི་ཆུ་ཚོད་ཀྱི་ཆ་དང་། དེ་བཞིན་དུ་ཉིན་མོ་ཡི་ཆ་དང་རྒྱུ་སྐར་ཕྱེད་ཀྱི་ཆུ་ཚོད་ཀྱི་ཆ་ལའོ། །དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དང་པོའི་སངས་རྒྱས་ལ་ལྷའི་ཚོགས་རྒྱུ་སྐར་ཉེར་བདུན་གྱི་ཡུལ་གྱི་ཆུ་ཚོད་མཁའ་མིག་རྒྱལ་པོ་ཡི་གྲངས་ཀྱི་བདག་ཉིད་དུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདི་ལ་ཁ་ཅིག་ཉིན་མཚན་མཉམ་པའི་དུས་ལ་འཛིན་པ་དང་། མཚན་ཕྱེད་དང་ཉིན་ཕྱེད་ཅེས་པ་དུས་ཚོད་ལ་གོ་བ་ལེན་པ་ལ་དགོས་པ་ལྷག་པོ་ཅི་ཡང་མེད་ཅིང་།རྒྱུ་སྐར་འཁོར་ལོའི་ཕྱེད་ཉིན་མོ་ཡབ་ཀྱི་ཆ་དང་། ཕྱེད་མཚན་མོ་ཡུམ་གྱི་ཆ་ལ་རྒྱུ་སྐར་ཡུལ་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུའི་ཕྱེད་རེ་ཡོད་པ་དེ་ཉིན་དང་མཚན་དུ་ལན་གཅིག་འཁོར་བའི་དོན་དུ་བལྟའོ། །རྒྱུ་སྐར་ཡུལ་གྱི་ཆུ་ཚོད་དང་ལྷ་གྲངས་མཉམ་པ་


MR17_Page_0705
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྒྱུ་སྐར་གྱི་དཀྱིལ་འཁོར་ཞེས་མཚན་གསོལ་བ་ཡིན་ནོ། །བླ་མ་ཁ་ཅིག་མ་རྒྱུད་ཀྱི་ལྷའི་གྲངས་སུ་དུས་ཀྱི་འཁོར་ལོ་དཀྱིལ་འཁོར་གྱི་གཙོ་བོར་བཤད་པས་རྒྱུད་འདི་མ་རྒྱུད་ཡིན་པའི་འཐད་པར་གསུངས་ཤིང་། ཁ་ཅིག་གིས་མ་རྒྱུད་དང་ཕ་རྒྱུད་གཉིས་ཀའི་ལྷའི་གྲངས་ཉི་ཟླའི་ལོངས་སྤྱོད་ལོ་གསུམ་ཕྱོགས་གསུམ་གྱི་ཆ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་བདག་པོར་གྱུར་པ་དེ་ནི་རྒྱུད་འདི་གཉིས་མེད་ཀྱི་རྒྱུད་དུ་འཇོག་པའི་འཐད་པར་གསུངས་སོ། །ཕྱི་རོལ་དུ་སྐར་མའི་ཡུལ་གྱི་ཆུ་ཚོད་དེ་དག་རྣམས་གཟའ་ཐམས་ཅད་ཀྱིས་ལོངས་སྤྱད་བྱ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ནང་དུ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ནི་དབང་པོ་དྲུག་གི་ཆོས་རྣམས་ཀྱིའོ་ཞེས་པའི་དོན་ལ། བླ་མ་ཁ་ཅིག་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་འཁོར་ལོའི་ལྷ་ཐམས་ཅད་ཀྱི་བདག་པོའམ་དབང་པོ་ནི་རིགས་དྲུག་གི་ཆོས་རྣམས་ཀྱིའོ་ཞེས་རིགས་དྲུག་གིས་ལྷ་ཐམས་ཅད་ལ་ཁྱབ་པ་དང་། ཡང་ཁ་ཅིག་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་དྲུག་གི་ལོངས་སྤྱད་བྱ་ནི། དབང་པོ་དྲུག་གི་ཆོས་ཁམས་དྲུག་རྣམས་ཀྱི་རང་བཞིན་གྱི་དཀྱིལ་འཁོར་དྲུག་གི་རླུང་ངོ་ཞེས་བཤད། ཡང་ན་ནང་དུ་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དཀྱིལ་འཁོར་འཁོར་ལོའི་ལྷ་གྲངས་དེ་དག་ནི། དབང་པོ་དྲུག་གི་ཆོས་དང་ལྡན་པ་རྣལ་འབྱོར་པ་རྣམས་ཀྱིས་བསྐྱེད་པ་དང་རྫོགས་པའི་རིམ་པས་ཉམས་སུ་བླང་བར་བྱ་བའམ་ལོངས་སྤྱོད་པའི་དོན་དུ་བཤད་ཀྱང་རུང་སྟེ། དེ་ལྟར་བརྗོད་པའི་རིམ་པས་རྣལ་འབྱོར་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དང་པོའི་སངས་རྒྱས་ཀྱི་རྒྱུད་དོན་ཤེས་པ་གང་གིས་རང་གི་ལུས་ལ། ཕྱི་རོལ་གྱི་ཉིན་དང་མཚན་གྱི་དུས་ཀྱི་ཐུན་ཚོད་དང་དུས་སྦྱོར་དང་དབྱུ་གུ་ལ་སོགས་པ་དང་ཟླ་བ་འཕོ་བའི་དབྱེ་བ་དག་གིས་ཕྱི་དུས་ཀྱི་འཁོར་ལོ་རྣམས་ནང་དུ་ལུས་ལ་རླུང་ཁམས་འཕོ་བའི་དབྱེ་བས་བྱེད་པ་ནང་དུས་ཀྱི་འཁོར་ལོ་ཡི་ཚུལ་ཤེས་ཤིང་། ཕྱི་ནང་གི་ཆོས་དེ་དག་རྣམ་པར་


MR17_Page_0706
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་གཞན་དུས་ཀྱི་འཁོར་ལོའི་ལྷ་རྣམས་བསྐྱེད་པའི་རིམ་པ་དང་། སྦྱོར་བ་ཡན་ལག་དྲུག་གི་སྒོ་ནས་ངེས་དོན་དེ་ཁོ་ན་ཉིད་ཀྱི་ལྷ་རྣམས་མཚན་མའི་སྤྲོས་པ་དང་བྲལ་བ་ཇི་ལྟར་བསྒྲུབ་པའི་གནད་རྣམས་ཚུལ་བཞིན་ཤེས་པར་གྱུར་པ་དེ་ནི་དཔལ་ལྡན་འཇམ་པའི་རྡོ་རྗེ་སྲིད་པའི་འཇིགས་པ་འཇོམས་པར་བྱེད་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་སྐྱེ་བ་འདི་ཉིད་དག་ལ་ཐོབ་པར་ངེས་པའོ། །ཞེས་སོ། །བསྡུས་པའི་རྒྱུད་དང་རྩ་རྒྱུད་ཀྱི་ལྷ་འབྱུང་བའི་ངེས་པའོ། །ཉི་མའི་ཡེ་ཤེས་ཆ་རགས་པ་སུམ་ཅུའི་ཆ་ཡིས་རྩ་རྒྱུད་ཀྱི་ལྷ་གྲངས་ཆིག་སྟོང་དྲུག་བརྒྱ་ཉི་ཤུ་དེ་ལས་ཐོབ་པ་ལྷ་ང་བཞི་ནི་སྐུ་གསུང་ཐུགས་ཀྱི་རིགས་གསུམ་གྱིས་བསྒྱུར་བ་བརྒྱ་དང་དྲུག་ཅུ་རྩ་གཉིས་ནི་ངེས་པར་དུས་ཀྱི་འཁོར་ལོའི་ལྷ་བརྒྱ་ང་བཞི་ཡི་གྲངས་ལ་གཙོ་བོ་ཡབ་ཡུམ་ཟུང་གི་གྲངས་དང་བཅས་པའི་ལྷ་རྣམས་དང་། ཕྱི་རོལ་གྱི་ནི་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་དྲུག་གམ་ཡང་ན་ཕྱག་རྒྱ་ནི་རྒྱས་འདེབ་བྱེད་ཡིན་པས་རྒྱས་འདེབས་ཀྱི་ལྷ་དྲུག་སྟེ། དེ་དག་གི་གྲངས་བསྲེས་པས་དེ་ལྟར་བརྒྱ་རེ་གཉིས་སུ་འགྱུར་རོ། །སླར་ཡང་དེ་ལས་འཁོར་ལོ་དྲུག་དག་གི་རྩ་རྣམས་ཀྱི་གྲངས་དེ་བཞིན་དུ་བསྡུས་རྒྱུད་ཀྱི་ལྷ་རྣམས་འབྱུང་བ་ཉིད་དོ། །འདི་སྐབས་སུའང་དོགས་པ་འདི་ཡོད་དེ། སྔར་ནུས་མ་བཅུ་སོགས་སུ་བགྲང་བའི་ཐབས་ཤེས་ཀྱི་ལྷ་བརྒྱ་ང་དྲུག་དེ་དང་འདི་གཅིག་ན་ནུས་མ་རྣམས་ལ་ཐབས་དངོས་སུ་མེད་པས་ལྷ་གྲངས་མི་ཚང་པ་དང་། ཀླུ་དང་གཏུམ་མོ་བཅུ་ཡི་གྲངས་མ་ཚང་བས་བསྡུས་རྒྱུད་སྒྲུབ་ལེར་གསུངས་པའི་ལྷ་གཙོ་བོའི་གྲངས་ཀྱང་མ་ཚང་ལ། གཙོ་བོ་ཡབ་ཡུམ་ཉིད་འདིའི་ནང་དུ་གཏོགས་པར་བྱས་ན་ལྷ་གཞན་བརྒྱ་དང་ང་བཞི་པོའི་ངོས་འཛིན་ཇི་ལྟར་བྱ་བ་སོགས་འགྲིག་དཀའ་བས། པདྨའི་ལྟེ་བའི་ལྷ་བརྒྱ་ང་དྲུག་དང་སྐབས་འདིའི་ལྷ་བརྒྱ་ང་དྲུག་གི་གྲངས་འདྲ་ཡང་བགྲང་ཚུལ་མི་འདྲ་བའི་གནད་འདི་ཤེས་ན་ཐེ་ཚོམ་ཀུན་རང་གྲོལ་བར་འགྱུར་རོ། །གཙོ་བོ་ཡབ་ཡུམ་ལྷ་གྲངས་འདིར་ངེས་པར་བརྩི་དགོས་པ་མ་ཡིན་ཀྱང་ཡབ་ཡུམ་ཟུང་གི་གྲངས་ཙམ་བསྣོན་པ་གྲངས་འགྲིགས་པའི་ཆེད་ཡིན་གྱི། ལྷ་རིགས་བསྡུས་


MR17_Page_0707
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་ང་དྲུག་གི་གཙོ་བོ་དུས་ཀྱི་འཁོར་ལོ་ཡབ་ཡུམ་ཟུང་བཞག་པས་བརྒྱ་ང་བརྒྱད་པར་འགྱུར་བ་ལྟར་བྱས་ན་བདེ་སྟེ་དཀྱིལ་འཁོར་གཙོ་བོ་རིགས་བསྡུས་པའི་ལྷ་གྲངས་ལེགས་པར་འགྲིག་པར་འགྱུར་བས། སྔར་ཁམས་ལེར་བཤད་པ་ལྟར་གྲངས་བརྩི་དགོས་པ་འདྲ་སྙམ་དུ་སེམས་སོ། །འགྲེལ་ཆེན་དུ། གོང་དུ་ཁམས་ལེ་དང་སྐབས་འདིར་ཡང་དུས་ཀྱི་འཁོར་ལོ་བསྡུས་པའི་ལྷ་ཞེས་གསུངས་པ་ལས་པདྨའི་གདན་ཅན་དང་པདྨའི་ལྟེ་བ་ཅན་གྱི་ལྷའི་གྲངས་ཞེས་ཁྱད་པར་སྦྱར་པ་མེད་ཀྱང་བརྒྱ་ང་དྲུག་གི་གྲངས་སུ་བྱས་པའི་དུས་འཁོར་ཀྱི་ལྷ་གྲངས་ཐམས་ཅད་བརྩི་ཚུལ་གཅིག་ཡིན་པར་བཟུང་ནས་མི་འགྲིག་པ་དུ་མ་བྱུང་བ་ཡིན་ནོ། །དེ་ལྟར་གཙོ་བོ་ཡབ་ཡུམ་བརྒྱ་ང་དྲུག་གི་ལྷ་གྲངས་སུ་མ་བགྲང་ན་མི་འགྲིག་པ་ཅུང་ཟད་མེད་དེ། གཙོ་བོ་ཡབ་ཡུམ་རིགས་ཐམས་ཅད་ལ་ཁྱབ་བྱེད་ཡིན་པས། རྩ་དང་འཕོ་བ་སོགས་སྦྱང་གཞི་སྦྱོང་བྱེད་སྦྱར་བའི་སྐབས་སུ་འཁོར་གྱི་ལྷ་གྲངས་དང་སྦྱར་ནས་གཙོ་བོ་སྤྱིར་འཇོག་པ་ཡིན་པས་ཤེས་སོ། །སྤྱིར་བསྡུས་རྒྱུད་ཀྱི་ལྷ་གྲངས་འདི་ལ་ནུས་མ་བརྒྱད། བདེ་གཤེགས་ཡབ་ཡུམ་བརྒྱད། སེམས་དཔའ་ཡབ་ཡུམ་བཅུ་གཉིས། ཁྲོ་བོ་ཡབ་ཡུམ་བརྒྱད་དང་བཅས་པའི་ཡེ་ཤེས་ཀྱི་འཁོར་ལོ་དང་ཐུགས་དཀྱིལ་གྱི་ལྷ་སུམ་ཅུ་རྩ་དྲུག །གསུང་དཀྱིལ་གཙོ་བོ་ཐབས་དང་བཅས་པ་བཅུ་དྲུག་ནི། སྐུ་དཀྱིལ་གྱི་ལྷ་ཆེན་བཅུ་གཉིས་ཀྱི་ནང་དུའང་འོང་བས་ལྷ་ངོ་བོ་གཅིག་པ་ཡིན་པས་སྐབས་འདིར་མ་བགྲང་བར་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་བགྲང་སྟེ་སྔ་མ་དང་བསྡོམ་པས་བརྒྱ་ཐམ་པའོ། །དེ་ཡི་སྟེང་དུ་སྐུ་དཀྱིལ་གྱི་གཙོ་བོ་བཅུ་གཉིས་ཡུམ་དང་བཅས་པ་ཉེར་བཞི་དང་། སྒོ་སྐྱོང་ཁྲོ་བོ་ཡབ་ཡུམ་བཅུ་གཉིས་དང་སྐུ་དཀྱིལ་གྱི་ཕྱི་ཡི་སྟེགས་བུ་དང་། དུར་ཁྲོད་བརྒྱད་དང་སྟེང་འོག་ཏུ་གླུ་དང་རབ་གཏུམ་མ་རྣམས་ལན་གཉིས་འབྱུང་ཡང་། ལྷ་ངོ་བོ་གཅིག་པས་ན་ཀླུ་བཅུ་ཡབ་ཡུམ་ཉི་ཤུ་སྟེ་སྐུ་དཀྱིལ་གྱི་ལྷ་ང་དྲུག་བསྡོམ་པས་བརྒྱ་དང་ང་དྲུག་འབྱུང་བ་ནི་སྐབས་འདིར་བསྡུས་


MR17_Page_0708
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཀྱི་ལྷའི་གཙོ་བོ་ངོས་བཟུང་བ་ཡིན་ནོ། །དེ་ལ་རྒྱས་འདེབས་ཀྱི་ལྷ་ལ་ཕྱི་རོལ་དུ་རིགས་བདག་གི་རྒྱས་འདེབ་དང་། ནང་དུ་སྐུ་གསུང་ཐུགས་ཀྱི་ལྷ་གསུམ་གྱི་རྒྱས་འདེབས་རྣམས་ལས། འདིར་ཕྱི་རོལ་གྱི་རྒྱས་འདེབས་དྲུག་བསྣན་པས་ལྷ་བརྒྱ་དང་དྲུག་ཅུ་རྩ་གཉིས་སུ་བསྟན་པ་ཡིན་ཏེ། གཙོ་བོའི་གྲངས་བསྣན་པ་ནི་བརྒྱ་ང་བཞི་ལ་ཁ་སྐོང་གི་གྲངས་ཀྱི་ཚུལ་དུ་ཡིན་གྱི་ལྷ་དེ་དག་གི་གྲངས་སུ་བགྲང་བ་མིན་ཏེ། རིགས་ལྡན་གཙོ་བོ་འཁོར་གྱི་ལྷ་ཐམས་ཅད་ཀྱི་བདག་པོ་གཅིག་པུའོ། །དེ་ལས་ནུས་མ་རྣམས་དང་ཁྲོ་བཅུ་སོགས་མ་གཏོགས་པའི་ལྷ་གཞན་རྣམས་ལུས་དང་བསམ་པའི་དབྱེ་བས་ཐབས་ཤེས་ཀྱི་རྣམ་པས་སངས་རྒྱས་ཡབ་ཡུམ་བཅུ་དྲུག །སེམས་དཔའ་ཡབ་ཡུམ་ཉེར་བཞི་སོགས་སྒྲུབ་ལེ་ལྟར་གྱི་ལྷ་གྲངས་སོ་སོར་བརྩིས་ན། ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་གཙོ་བོ་ཡབ་ཡུམ་དང་ནུས་མ་བརྒྱད་དེ་བཅུ། ཐུགས་དཀྱིལ་ལ་ཞེ་བརྒྱད་ཡོད་པ་སྔ་མ་དང་བསྡོམས་པས་ལྔ་བཅུ་རྩ་བརྒྱད། གསུང་དཀྱིལ་ལ་བརྒྱད་ཅུ། སྐུ་དཀྱིལ་ལ་བཞི་བརྒྱ་བཅུ་གཉིས་ཏེ་དེ་ཐམས་ཅད་བསྡོམ་ན་ལྔ་བརྒྱ་དང་ལྔ་བཅུ་ཡོད་དོ། །མཆོད་པའི་ལྷ་མོ་བཅུ་གཉིས་དང་འདོད་ཕྱིར་འདོད་མ་སོ་དྲུག་ཚན་གཉིས་བཅས་མཆོད་ལྷ་བརྒྱད་ཅུ་རྩ་བཞི་དང་བཅས་པ་རྣམས་རྩ་རྒྱུད་ཀྱི་ལྷ་གྲངས་ལས་བཏུས་པའི་བསྡུས་རྒྱུད་ཀྱི་དཀྱིལ་འཁོར་འདིར་བཞུགས་པའི་ལྷ་ཡི་གྲངས་ཡིན་ལ། གཞན་ཡང་རྡོར་སེམས་དང་མི་བསྐྱོད་པ་ཡབ་ཡུམ་བཞི། འདོད་ཕྱིར་འདོད་ཀྱི་ཁྱབ་བྱེད་ལྷ་མོ་གཉིས། རིགས་བདག་དྲུག་ལ་སོགས་པ་ཡན་ལག་གི་ལྷའོ། །ཡང་ན་རྩ་རྒྱུད་ཀྱི་ལྷ་གྲངས་སྟོང་དྲུག་བརྒྱ་ཉི་ཤུ་ལ་བཅུས་བགོས་པའི་ཐོབ་ནོར་བརྒྱ་དང་རེ་གཉིས་འོང་བ་སྔ་མ་དང་གྲངས་གཅིག་ཏུ་འགྱུར་ཏེ། བཅུས་བགོད་པའི་དོན་ཡང་རྩ་རྒྱུད་ཀྱི་ལྷ་གྲངས་ལས་བསྡུས་པའི་དུས་ཀྱི་འཁོར་ལོ་ཡི་ལྷ་གྲངས་འབྱུང་བའི་དོན་ཏེ། སྙིང་གའི་རྩ་འདབ་བརྒྱད་སྟེང་འོག་གཉིས་དང་བཅས་པའི་རྩ་ཨི་ཊ་སོགས་དུང་ཅན་མའི་བར་གྱི་


MR17_Page_0709
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བཅུས་ལུས་ཀྱི་རྩ་ཐམས་ཅད་ལ་ཁྱབ་ཅིང་དེ་དག་གི་རྩ་བ་ལྟ་བུར་གྱུར་པའི་ཕྱིར་བཅུས་བགོད་པ་ཡིན་ནོ། །བཅུས་བགོད་པ་ནི་ནང་དུ་བསྐྱེད་རྫོགས་ཀྱི་དགོས་པ་ལ་ལྟོས་ནས་ངེས་དོན་དང་། ཕྱི་རོལ་དུ་རྒྱུ་སྐར་ཆུ་ཚོད་ལ་ཉི་མའི་ཡེ་ཤེས་ཆ་རགས་པ་སུམ་ཅུས་བགོས་པ་ནི་དྲང་དོན་ནོ། །བསྡུས་པའི་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ངེས་པའོ། །དེ་ནས་དེ་ལྟར་བསྡུས་པའི་ལྷ་རྣམས་ནང་གི་རྩ་དང་སྦྱར་བ་ལ། དང་པོར་སྤྱིར་རྩའི་རིགས་ཀྱི་དབྱེ་བ་ནི། སྐུ་གསུང་ཐུགས་ཀྱི་རིགས་གསུམ་གྱི་རྩ་ནི། ལྟེ་བར་ལུས་ཀྱི་ཐིག་ལེ་འཛིན་པ་དང་། གསང་བར་ངག་གི་དང་། རྡོ་རྗེ་ནོར་བུར་ཡིད་ཀྱི་ཐིག་ལེ་འཛིན་པའི་དབང་གིས་དེ་གསུམ་མོ། །ཡང་རིགས་དྲུག་གི་རྩ་ནི། སྟེང་དུ་རྐྱང་མ་རོ་མ་དབུ་མ་གསུམ་དང་། འོག་ཏུ་བཤང་གཅི་ཁུ་བ་འབབ་པའི་རྩ་དྲུག་གོ། རིགས་སུམ་ཅུ་རྩ་དྲུག་ནི། གཙུག་ཏོར་ལ་སོགས་པ་འཁོར་ལོ་དྲུག་གི་ཟེའུ་འབྲུའི་རྩ་དྲུག་དང་གནད་གཅིག་པ་གསང་གནས་ཀྱི་འཁོར་ལོའི་ནང་སྐོར་གྱི་རྩ་དྲུག་དང་། རྣ་བ་ལ་སྒྲ་འཛིན་པ་གཉིས་དང་། དེ་བཞིན་ལུས་སོགས་ལ་རིམ་པས་རེག་པ་འཛིན་པ་གཉིས་དང་། དེ་བཞིན་གཟུགས་དང་རོ་དང་དྲི་འཛིན་པ་གཉིས་རེ་སྟེ་བཅུ་པོ་འདི་དག་གསང་གནས་ཀྱི་བར་སྐོར་གྱི་རྩ་བཅུའོ། །ལྟེ་བའི་འཁོར་ལོའི་རྩ་འདབ་རེ་བཞི་པའི་ནང་གི་འཕོ་བ་བཅུ་གཉིས་ཀྱི་རྩ་འདབ་བཅུ་གཉིས་པོ་རྣམས་དང་གཞན་སྙིང་གའི་ཟླུམ་པོ་རྣམས་ལ་ཐུན་ཚོད་བརྒྱད་ཀྱི་རྩ་བརྒྱད་དེ། གོང་བཤད་དེ་ཐམས་ཅད་བསྡོམས་པ་རིགས་སུམ་ཅུ་རྩ་དྲུག་གི་གཙོ་མོའི་གྲངས་སུ་འགྱུར་ཏེ། རྩ་དེ་དག་ཀྱང་ཕུང་པོའི་གནས་སུ་རོ་ཞེས་པའི་རིགས་པས། རོ་དྲུག་པོ་འབབ་པ་ཡི་རང་བཞིན་དྲུག་དང་། ཁམས་ཀྱི་རང་བཞིན་ཅན་དྲུག་དང་། དེ་བཞིན་དབང་པོའི་རང་བཞིན་ཅན་དྲུག་དང་། ཡུལ་གྱི་རང་བཞིན་ཅན་དྲུག་དང་། ལས་ཀྱི་དབང་པོའི་དྲུག་དང་། ལས་དབང་གི་ཡུལ་གྱི་རང་བཞིན་ཅན་དྲུག་སྟེ་སོ་དྲུག་དང་། དེ་བཞིན་དུ་གཟུགས་འཇུག་པར་བྱེད་པ་དྲུག་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་།


MR17_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཤེས་དང་ཡེ་ཤེས་འཇུག་པར་བྱེད་པ་དྲུག་སྟེ། དེ་དག་རིམ་བཞིན་རོ་དྲུག་ལ་བརྟེན་ནས་གཟུགས་ཕུང་དྲུག་འཇུག་པ་འམ་སྐྱེད་པར་བྱེད་པའི་རྩ་དྲུག་དང་། དེ་བཞིན་དུ་ཡུལ་དྲུག་ལ་བརྟེན་ནས་ཚོར་བ་དྲུག །ལས་དབང་ལས་འདུ་ཤེས་དྲུག །དབང་པོ་དྲུག་གིས་ཡུལ་ཡོངས་སུ་སྤྱོད་པའི་བྱ་བ་འདུ་བྱེད་པ་ལ་རྟེན་ནས་འདུ་བྱེད་དྲུག །མིག་སོགས་དབང་པོ་དྲུག་ལ་བརྟེན་ནས་རྣམ་ཤེས་དྲུག་འཇུག་པར་བྱེད་པ་དྲུག་དང་། སྟེང་འོག་གི་རྩ་ཆེན་དྲུག་ལ་སྲོག་ཐུར་འབབ་པའི་དབང་གིས་ཡེ་ཤེས་དྲུག་འཇུག་པར་བྱེད་པ་དྲུག་སྟེ། རྡོ་རྗེ་སྙིང་འགྲེལ་ལས། ཕུང་པོ་ཁམས་དྲུག་གཟུགས་ལ་སོགས། །སུམ་ཅུ་རྩ་དྲུག་རྟག་ཏུ་མཆོད། །ས་དང་ཆུ་དང་མེ་དང་རླུང་། །ཁུ་བ་རྡུལ་ནི་དེ་བཞིན་ཏེ། །ཁམས་དྲུག་ཅེས་པར་བཤད་བྱས་པ། །ལུས་ཅན་རྣམས་ཀྱི་གཟུགས་ཕུང་ངོ་། །མགྲིན་གྱུར་རྐན་གྱུར་སྤྱི་བོར་གྱུར། །མཆུར་གྱུར་སོར་གྱུར་སྣ་ལྡན་ཏེ། །འདུ་ཤེས་ཀྱང་ནི་རྣམ་དྲུག་བསྟན། །དངོས་དང་དངོས་མེད་དོན་གསལ་བྱེད། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་དང་དེ་བཞིན་ཡིད་དབང་པོ། །རྣམ་ཤེས་ཕུང་པོར་བཤད་པ་སྟེ། །མིག་ལ་སོགས་པ་རྣམ་པ་དྲུག །དེ་བཞིན་གཟུགས་དང་སྒྲ་དང་ནི། །དྲི་རྣམས་དང་ནི་རོ་དང་ནི། །རེག་བྱ་དང་ནི་ཆོས་ཀྱི་དབྱིངས། །མྱོང་ཕྱིར་ཚོར་བ་རྣམས་སུ་བཤད། །དེ་བཞིན་དབང་པོ་དྲུག་སྒོ་ནས། །རྣམ་ཤེས་རྣམས་ནི་རབ་འཇུག་ཅིང་།།ཡུལ་ལ་དབང་པོ་རབ་འཇུག་བྱེད། །འདུ་བྱེད་རྣམ་དྲུག་རབ་ཏུ་བཤད། །རྟག་ཏུ་སྲོག་དང་ཐུར་སེལ་དག །སྟེང་དང་འོག་གི་ལམ་གསུམ་པོ། །རྩ་དྲུག་རྣམས་སུ་འབབ་བྱེད་པ། །ཡེ་ཤེས་ཕུང་པོ་རྣམ་པ་དྲུག །ཅེས་གསུངས་སོ། །དེ་ལྟར་རིགས་སོ་དྲུག་གི་རྩ་རྣམས་ཀྱང་རོ་སོགས་རྟེན་དང་གཟུགས་སོགས་བརྟེན་པའི་འབྲེལ་བའི་དབྱེ་བས། སོ་དྲུག་པོ་ཉིས་འགྱུར་བྱས་ན་བདུན་ཅུ་རྩ་གཉིས་ཏེ་འཁོར་ལོ་སྡོམ་ཆེན་གྱི་ལྷ་གྲངས་དང་སྦྱོར་བ་ཤེས་པར་བྱའོ། །དེ་བཞིན་དུ་དུས་ཀྱི་འཁོར་ལོའི་ལྷ་གཙོ་བོ་རྣམས་ཀྱི་གྲངས་


MR17_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྦྱར་བར་བྱ་བའི་རྩ་རྣམས་གསུངས་པ། གཙུག་ཏོར་གྱི་འཁོར་ལོ་ལ་ནི་འདབ་མ་ཆུ་གཏེར་ཏེ་ཐུན་མཚམས་བཞི་འཇུག་པར་བྱེད་པའི་འདབ་མ་བཞིའོ། །སྙིང་གར་བརྒྱད་དེ་མཉམ་གནས་སོགས་ཀྱི་རྟེན་དུ་གྱུར་པའི་རྩ་སྣར་མ་སོགས་ཉིན་ཞག་སོ་སོར་ཐུན་ཚོད་ཀྱི་དབྱེ་བས་གཟའ་བརྒྱད་རྒྱུ་བར་བྱེད་པ་རྣམས་སོ། །སྟེང་འོག་གི་ཡིད་བཟང་མ་དང་དུང་ཅན་མ་ནི་སྲོག་དང་ཐུར་སེལ་གྱི་རླུང་གི་རྟེན་ནོ། །དཔྲལ་བའམ་སྤྱི་བོར་ཚེས་བཅུ་དྲུག་འཇུག་པར་བྱེད་པའི་རྩ་འདབ་མི་བདག་སྟེ་བཅུ་དྲུག་གོ །མགྲི༷ན་པ་ཡི་འཁོར་ལོ་ལ་ཡང་རྒྱུ་སྐར་ཉེར་བརྒྱད་དང་དབྱུ་གུའི་རྒྱུ་སྐར་བཞི་འཇུག་པར་བྱེད་པ་སོ་ཡི་གྲངས་ཏེ་སུམ་ཅུ་རྩ་གཉིས་སོ། །ལྟེ༷་བར་འཕོ་བ་བཅུ་གཉིས་ཀྱི་རྩའི་ཕྱི་རོལ་དུ་བརྒྱད་ནི་བརྒྱད་ཀྱིས་བསྒྱུར་བ་དྲུག་ཅུ་རྩ་བཞིའི་རྩ་འདབ་དག་སྟེ། དཀྱིལ་འཁོར་དྲུག་ཅུ་དང་སྟོང་པ་བཞི་འབབ་པར་བྱེད་པའོ། །ཉིས་འགྱུར་མི་བདག་སྟེ་སུམ་ཅུ་རྩ་གཉིས་ཀྱི་གྲངས་ཀྱི་རྩ་འདབ་ནི་གསང་བའི་དབུས་སུ་རབ་ཏུ་གྲགས་པ་ནི་ཁུ་བ་དང་ཁྲག་དང་དྲི་ཆུ་སོ་སེན་སྐྲ་སྤུ་ལ་སོགས་པ་ཁམས་སུམ་ཅུ་རྩ་གཉིས་འཇུག་པར་བྱེད་པ་རྣམས་སོ། །རྩ་སོ་གཉིས་པོ་འདི་དག་གི་མིང་ནི། མི་ཕྱེད་མ་དང་། ཕྲ་གཟུགས་མ་དང་། མཛེས་མ་དང་། གཡོན་མ་དང་། གཞོལ་མ་དང་། ཐུང་ངུ་མ་ལ་སོགས་པར་གསུངས་པ་དེ་དག་རྒྱུད་འདིར་གསང་བའི་རྩ་འཁོར་ཁུ་བ་ལ་སོགས་པའི་ཁམས་སོ་གཉིས་འབབ་པའམ་འཁོར་བར་བྱེད་པ་ལ་གསུངས་ཤིང་། སམྦུ་ཊ་དང་བདེ་མཆོག་ཏུ་སྤྱི་བོའི་པུ་ལི་ར་མ་ཡ་ལ་སོགས་པར་བཤད་པ་དང་། ཀྱེ་རྡོར་ནས་བཤད་པ་སོགས་དང་ངོས་འཛིན་ཚུལ་མི་འདྲ་བ་ནི། རྒྱུད་འདིར་རྩ་དེ་དག་གི་རྩ་བ་གསང་གནས་ན་ཡོད་པ་ལ་དགོངས་ཤིང་། སམ་ཊ་སོགས་སུ་ཡལ་ག་སྤྱི་བོར་སོང་བ་ལ་དགོངས་པས་མི་འགལ་ཞེས་སྔ་མའི་མཁས་པ་དག་གསུངས་སོ། །དེ་ལྟར་འཁོར་ལོ་དྲུག་གི་རྩ་བརྒྱ་དང་ལྔ་བཅུ་རྩ་དྲུག་པོ་འདི་རྣམས་ལས།


MR17_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

གསང་གནས་ཀྱི་ནང་རིམ་གྱི་རྩ་དྲུག་པོ་རྣམས་ནི། དེ་དག་ཏུ་མུན་པ་ཆེན་པོའི་རླུང་ཞུགས་ན་འཁོར་ལོ་དྲུག་གི་རྩར་རླུང་རྒྱུ་བ་འགོག་པར་བྱེད་ཅིང་། གསང་གནས་ཀྱི་རིམ་པ་གཉིས་པའི་རྩ་བཅུ་ནི། དེ་དག་ཏུ་དུས་ཀྱི་ང་ཞུགས་པས་གཟུགས་སོགས་ཡུལ་འཛིན་པའི་རྩ་བཅུར་རླུང་རྒྱུ་བ་རྣམས་འཕྲོག་པའམ་འགོག་པར་འགྱུར་ཏེ། དེ་ལྟར་རྩ་བཅུ་དྲུག་པོ་ནི། རླུང་མཁྲིས་བད་ཀན་གྱི་ནད་གསུམ་འདུས་པ་དག་གི་རང་བཞིན་ཏེ། སླར་ཡང་ཡང་ནས་ཡང་དུ་ཉིས་འགྱུར་བསྒྱུར་བ་དག་ཀྱང་རིམ་བཞིན་བད་ཀན་དང་རླུང་དང་མཁྲིས་པ་དག་གི་ནད་སྐྱེད་པར་བྱེད་པའི་ཆའམ་རང་བཞིན་ཏེ། ཡུལ་འཕྲོག་པའི་རྩ་བཤད་མ་ཐག་པའི་བཅུ་པོ་ཡི་གྲངས་དེ་ཉིད་ཉིས་འགྱུར་བྱས་པས་ཉི་ཤུའི་གྲངས་ནི་བད་ཀན་གྱི་ཆ་སྟེ། གང་ཞེ་ན། གཙུག་ཏོར་གྱི་བཞི་དང་དཔྲལ་བའི་བཅུ་དྲུག་བསྡོམ་པའི་ཉི་ཤུ་པོ་དེའོ། །ཉི་ཤུ་ཉིས་འགྱུར་མགྲིན་པའི་སོ་གཉིས་དང་སྙིང་གའི་བརྒྱད་དེ་བཞི་བཅུ་པོ་དེ་དག་མཁྲིས་པའི་ནད་སྐྱེད་པའོ། །བཞི་བཅུ་ཉིས་འགྱུར་ལྟེ་བའི་རེ་བཞི་དང་། གསང་གནས་ཀྱི་ཕྱི་རིམ་བཅུ་དྲུག་བསྡོམ་པའི་བརྒྱད་ཅུ་པོ་དེ་དག་རླུང་གི་ནད་བསྐྱེད་པར་བྱེད་པའི་ཆའོ། །དེ་ལྟར་འཁོར་ལོ་དྲུག་གི་རྩ་འདབ་བརྒྱ་དང་རླུང་དྲུག་དང་སྟེང་གསུམ་འོག་གསུམ་གྱི་རྩ་དྲུག་བསྣན་པས་བརྒྱ་དང་རེ་གཉིས་ནི་དུས་ཀྱི་འཁོར་ལོ་ཡི་ལྷ་རིགས་བསྡུས་བརྒྱ་ང་དྲུག་དང་ཕྱག་རྒྱ་དྲུག་དང་བཅས་པ་བརྒྱ་རེ་གཉིས་ཀྱི་རང་བཞིན་དུ་གནས་པ་འདི་ལ་བསྐྱེད་པའི་རིམ་པས་རྩ་དང་ལྷའི་གྲགས་སྦྱར་ཏེ། ཏིང་ངེ་འཛིན་གྱིས་གསལ་སྣང་འབྱུང་བར་བསྒོམ་པ་དང་། རྫོགས་པའི་རིམ་པས་རླུང་ཁམས་འཕོ་མེད་དུ་བཅིང་བར་བྱེད་པའི་ཐབས་ཀྱིས་གནད་དུ་བསྣུན་པ་ལས་དངོས་གྲུབ་གཉིས་འགྲུབ་པར་བྱེད་པས་བདེ་བ་སྟེར་བའོ། །སླར་ཡང་རླུང་བཅུ་པོའམ་ཕུང་ཁམས་བཅུའི་རང་བཞིན་གྱིས་དབྱེ་བས་སྟོང་དང་དྲུག་བརྒྱ་ཉི་ཤུ་ནི་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་རྩ་ཡི་གྲངས་སོ། །རྒྱུ་སྐར་གྱི་དཀྱིལ་འཁོར་རྒྱས་པ་ལས། འཇིག་རྟེན་ཀུན་


MR17_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་ཀྱི་བསྐྱེད་རིམ་བད་ཀན་ལ་སོགས་པའི་རྩ་རྣམས་འཇིག་རྟེན་གྱི་དངོས་གྲུབ་བསྒྲུབ་པའམ། རང་ལུས་ཀྱི་ཚེ་དང་ལང་ཚོ་བསྒྲུབ་པའི་སླད་དུ་འཇམ་དཔལ་གྱིས་ཕྱུངས་པ་འཁོར་ལོ་དྲུག་གི་གཙོ་བོའི་རྩ་རྣམས་ཀྱི་གྲངས་ནི་གོང་བཤད་དེ་དག་གོ །རྩ་བརྒྱ་ང་དྲུག་པོ་འདི་དག་ལུས་ལ་གནད་དུ་བསྣུན་པའི་ཐབས་མཁས་དང་མི་ལྡན་པའི་ཐ་མལ་པ་དག་ལ། དང་པོ་ལུས་ཆགས་པ་དང་། བར་དུ་གནས་བའི་རྟེན་བྱེད་ཀྱང་ཐ་མར་ངེས་པར་འཆི་བ་སྟེར་བར་བྱེད་ལ། བླ་མའི་ཞེས་པ་འཇིག་རྟེན་གསུམ་གྱི་བླ་མ་སངས་རྒྱས་ཀྱི་གསུང་གི་མན་ངག་ངེས་པའི་ཐབས་མཁས་ཀྱིས་ཟིན་པར་བྱས་ན་དེའི་དབང་གིས་ཚེ་བསྐལ་བའི་བར་དུ་གནས་པ་དང་ནད་མེད་པ་དག་ཀྱང་སྟེར་བར་བྱེད་དོ། །འཁོར་ལོ་དྲུག་གིས་གནས་དེ་དག་ལ་འཕོ་བའི་དུས་ཀྱི་རྩ་འདབ་རྣམས་སུ་ཉིན་དང་མཚན་མོར་ཐུན་དང་དུས་སྦྱོར་ལ་སོགས་པའི་རྣམ་པར་རྒྱུ་བའི་རླུང་ཐམས་ཅད་བླ་མའི་མན་ངག་གི་ལམ་གྱིས་ཨ་བ་དྷཱུ་ཏིར་གཞུག་ཅིང་གནས་ལ་ཐིམ་ཞིང་འགག་པར་བྱས་ན་རྣལ་འབྱོར་པ་རྣམས་ཀྱི་ཚེ་འདི་ལ་མཆོག་ཏུ་མི་འགྱུར་བ་སངས་རྒྱས་ཀྱི་སྐུ་ཡང་འགྲུབ་པར་བྱེད་ན་འཆི་བའི་འཇིགས་པ་འཕྲོག་ནས་ཚེ་ཡི་རིག་འཛིན་འགྲུབ་པ་སོགས་གནས་སྐབས་ཀྱི་འབྲས་བུ་ཙམ་ལྟ་ཅི་སྨོས་ཏེ་ངོ་མཚར་མེད་དོ། །ཡང་ན་དུས་ཀྱི་རྩ་རྣམས་བླ་མའི་མན་ངག་གི་ལམ་གྱི་གནད་དང་ལྡན་པ་ལ་འཆི་བའི་འཇིགས་པ་འཕྲོག་པར་བྱེད་ཅིང་རིང་དུ་འཚོ་བའི་རྟེན་དུ་འགྱུར་ཞིང་རྣལ་འབྱོར་རྣམས་ཀྱི་ལམ་འདི་ཙམ་ལ་ངོ་མཚར་ཆེན་པོ་མེད་དེ། ཚུལ་བཞིན་གནད་དུ་བསྣུན་པས་རླུང་བཅུ་དབུ་མར་སླར་གཡོ་མེད་དུ་ཐིམ་ན་སངས་རྒྱས་ཉིད་ཀྱང་འགྲུབ་པའི་ཕྱིར་རོ་ཞེས་འབྲུ་མནན་ཀྱང་རུང་སྟེ་དོན་འདྲའོ། །གང་དུ་སླར་ཡང་ཡང་ནས་སོགས་གྲངས་ཙམ་ཞིག་གསུངས་པ་དེའི་དོན་རྒྱས་པར་གསུངས་པ། གཙུག་ཏོར་ལ་ནི་ཆུ་གཏེར་ཏེ་འདབ་མ་བཞི་ཡི་རྩ་དང་། དཔྲལ་བར་རྒྱ་མཚོས་བསྣུན་པའི་དུས་ཞེས་བཞི་བཞི་བཅུ་དྲུག་དང་བཅས་པ་རྣམས་ནི་བད་ཀན་གྱི་ཁམས་ནི་རབ་ཏུ་འཁྲུག་


MR17_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པའོ། །མགྲི༷ན་པ་ཡི་རྩ་འདབ་སོ་སྟེ་སུམ་ཅུ་རྩ་གཉིས་དང་། སྙིང་གའི་ཆུ་སྐྱེས་དག་ལ་མིག་གིས་བསྒྱུར་བའི་དུས་ཏེ་བརྒྱད་དང་དེ་གཉིས་ཀ་བསྡོམས་པས་བཞི་བཅུའི་གྲངས་ཅན་གྱི་རྩ་དེ་དག་རྣམས་ནི་མཁྲིས་པའི་ཁམས་རབ་ཏུ་འཁྲུག་པར་བྱེད་པའོ། །ལྟེ༷་བ་དང་གསང་བ་དག་ལ་རིམ་བཞིན་ཆུ་གཏེར་དྲུག་ཅུ་སྟེ་རེ་བཞི་དང་། གསང་བའི་ཕྱི་རོལ་གྱི་འདབ་མ་མི་བདག་ཞེས་བཅུ་དྲུག་དང་བཅས་པའི་རྩ་བརྒྱད་ཅུ་པོ་དེ་དག་ཀྱང་དེ་བཞིན་རླུང་གི་ཁམས་རབ་ཏུ་འཁྲུག་པར་བྱེད་པའོ། །གསང་བར་རྩ་གཞན་ནི་ཕྱོགས་ཞེས་བར་སྐོར་གྱི་བཅུ་དང་ནང་སྐོར་གྱི་དྲུག་པོ་དག་ཀྱང་རབ་ཏུ་གསལ་བར་བྱས་པ་དེ་དག་ངེས་པར་ནད་འདུས་པ་དག་སྐྱེད་པར་བྱེད་པ་སྟེ། རླུང་འགོག་པ་ཡི་རྩ་བཅུ་དྲུག་གང་ཡིན་པའོ། །དུས་ཀྱི་འཁོར་ལོའི་རྩ་སྡོམ་པའི་ངེས་པའོ། །ད་ནི་བླ་མའི་ངེས་པའི་དབང་གིས་སྲོག་བསྲུང་ཞིང་འཆི་བ་འཇོམས་ཞེས་པ་དེ་ཇི་ལྟར་ཡིན་པ་གསུངས་པ། གསང་གནས་ནང་སྐོར་གྱི་རྩ་དྲུག་གམ་དྲུག་གི་རྩ་ནི་འཁོར་ལོ་དྲུག་གི་རྩ་འདབ་ལ་རྒྱུ་བའི་རླུང་འགོག་པ་སྟེ། གང་ཞེ་ན། སྟེང་དུ་ཟླ་ཉི་མེ་ཡི་དབྱེ་བས་གསུམ་དང་། འོག་ཏུ་བཤང་གཅི་ཁུ་བའི་དབྱེ་བས་རྣམ་པ་གསུམ་གྱི་ལམ་ལ་གནས་པ་རྩའི་གཙོ་མོ་དྲུག་ཏུ་སྲོག་ཐུར་གྱི་རླུང་རྒྱུ་བ་གང་ཡིན་པ། ཐབས་མཁས་ཀྱི་ལམ་དང་མི་ལྡན་པའི་ཐ་མལ་བའི་སྲོ༷ག་ཆགས་རྣམས་ལ་རླུང་དབུ་མར་མི་གནས་ཞིང་འཕོ་བའི་སྟོབས་ཀྱིས་འཆི་བ་སྟེར་བ་དེ་ནི་བླ་མའི་མན་ངག་གི་ངེས་པའི་དབང་གིས་ལུས་ལ་སྲོག་བསྲུང་བར་བྱའོ། །འདིར་དྲུག་གི་རྩ་ནི་འཁོར་ལོ་འགོག་པ་ཞེས་པ་གསང་བའི་ནང་སྐོར་གྱི་དྲུག་ནི་འཁོར་ལོ་འགོག་ཅིང་ཞེས་པ་དང་མིང་འདྲ་ཡང་དེ་དྲུག་ཁོ་ན་ལ་གོ་བར་བྱ་བ་མིན་ནོ། །ཇི་ལྟར་བསྲུང་བར་བྱ་སྙམ་ན། རྩ་དྲུག་པོ་དེར་ང་ངམ་སྲོག་འཕོ་ཞིང་གཡོ་བ་ཡི་ཚུལ་དུ་ཞུགས་ན་མཐར་འཆི་བ་སྟེར་བས། བླ་མའི་ངེས་པ་སྦྱོར་བ་ཡན་ལག་དྲུག་གི་སྒོ་ནས་རླུང་འཕོ་མེད་དུ་བཅིངས་པར་བྱའོ། །དེ་ལྟར་བཅིངས་པའི་སྒོ་ནས་རྩ་དྲུག་གི་དབུས་སུ་གནས་པའི་དབུ་


MR17_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་གལ་ཏེ་སྲོ༷ག་ནི་རབ་ཏུ་ཞུགས་པར་གྱུར་ན་དེ་ཚེ་མི་རྣམས་ཀྱི་ནི་འཆི་བ་འཇོམས་པར་ངེས་ཏེ། སྟེང་དུ་མེ་ཡི་འམ་སྒྲ་གཅན་གྱི་རྩ་ཡི་རླུང་འཆིང་ན་འོག་ཏུ་དུང་ཅན་མར་ཁུ་བ་འབབ་པའི་རླུང་ཡང་འཆིང་ལ། དེ་བཞིན་སྟེང་དུ་ཟླ་ཉིའི་ལམ་གྱི་རླུང་འཆིང་ན་འོག་ཏུ་བཤང་གཅིའི་ལམ་གྱི་རླུང་ཡང་འཆིང་ངོ་། །དེས་ན་འཁོར་ལོ་དྲུག་གི་དབུས་སུ་གནས་པ་ཕྲ་མོ་དབུ་མའི་རྩ་ལ་ནི་སྲོག་མ་ཞུགས་པ་ན་རྣལ་འབྱོར་པ་རྣམས་ཀྱིས་འཆི་བའི་ཡུལ་ནི་གང་དུ་གཅོད་པར་བྱེད་དེ་གཅོད་པར་མི་ནུས་སོ། །དེས་ན་དབུ་མར་བུམ་པ་ཅན་གྱི་རླུང་བསྒོམ་པས་ཀྱང་གནས་སྐབས་སུ་འཆི་བ་འཕྲོག་པར་བྱེད་ལ། གཙོ་བོར་སྦྱོར་བ་ཡན་ལག་དྲུག་པ་རྡོ་རྗེའི་རྣལ་འབྱོར་གྱི་ལམ་གྱིས་སྟེང་གི་རོ་རྐྱང་གི་ལམ་ལ་སྲོག་རྒྱུ་བ་དབུ་མར་བཅིངས་ཤིང་། འོག་གི་བཤང་གཅིའི་ལམ་ལ་རྒྱུ་བའི་ཐུར་སེལ་གྱི་ང་དུང་ཅན་མར་བཅིངས་ནས། དབུ་མར་ཞུགས་གནས་ཐིམ་ཞིང་འཕོ་མེད་དུ་བྱས་ན་འཆི་བས་འཕོ་འགྱུར་མེད་པ་ཕྱག་རྒྱ་ཆེན་པོའི་གོ་འཕང་ཐོབ་ནས་འཁོར་བའི་སྐྱེ་འཆི་རྒྱུན་གཅོད་པར་འགྱུར་རོ་ཞེས་སོ། །མདོར་བསྡུས་གཉིས་པའི་རྗེས་ནས་འདིའི་བར་དུ་འགྲེལ་པར་ནང་དུ་དྲག་པོ་དང་ཀླ་ཀློའི་འཁྲུགས་པ་དང་། དུས་ཀྱི་འཁོར་ལོའི་རིགས་ཀྱི་རྒྱུད་དང་རྩའི་རིགས་འབྱུང་བའི་མདོར་བསྡུས་གསུམ་པས་བཤད་པར་མཛད་དོ། །གནས་པ་བཅུ་གཅིག་པ་ཁམས་རྣམས་ལས་ལྷའི་མཚན་མ་འབྱུང་བའི་ངོ་བོ་ཉིད་ཀྱི་གནས་པ་སྒྲུབ་ལེར་འཆད་པས། འདིར་གནས་པ་བཅུ་གཉིས་པ་ཉི་ཟླ་དང་མེའི་འཆི་ལྟས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་ནི། སྲོག་ནི་གལ་ཏེ་སོགས་ཚིགས་བཅད་རེ་གཅིག་པ་ནས། རེ་དྲུག་པའི་བར་གྱིས་བསྟན་ཏེ། འདིར་དུས་མ་ཡིན་འཆི་བའི་མཚན་ཉིད་ཅན་གྱི་རླུང་གི་འཆི་ལྟས་བཤད་པ་ལ། ལྟེ་བའི་དུས་སྦྱོར་འཕོ་བ་བཅུ་གཉིས་ཀྱི་རྩ་འདབ་བཅུ་གཉིས་ལ་ཁྱིམ་བཅུ་གཉིས་ཀྱི་དུས་སྦྱོར་བཅུ་གཉིས་ཀྱི་རླུང་


MR17_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

འཕོ་ཞིང་རྒྱུ་བ་ཡིན་ཞིང་། ལུག་འཁྲིག་སོགས་མི་མཉམ་པ་དྲུག་དང་། གླང་ཀརྐ་ཊ་སོགས་མཉམ་པ་སྟེ། དེ་ལྟར་མི་མཉམ་པ་དང་མཉམ་པ་སྤེལ་ནས་རེ་རེའི་བར་དུ་ཆོད་པའི་འདབ་མ་དེ་དག་ལས། ལུག་སོགས་མི་མཉམ་པའི་དུས་སྦྱོར་དྲུག་གི་འདབ་མ་གཡོན་དུ་གནས་པ་རྣམས་ལ་སྲོག་འབབ་པའི་ཚེ་སྣ་བུག་གཡོན་ནས་རླུང་རྒྱུ་བར་འགྱུར་ཞིང་། གླང་སོགས་མཉམ་པ་དྲུག་གི་རྩ་འདབ་གཡས་སུ་ཡོད་པ་རྣམས་ལ་སྲོག་རྒྱུ་བའི་ཚེ་སྣ་བུག་ཀྱང་གཡས་ནས་རྒྱུ་བར་འགྱུར་རོ། །དེ་དག་རེ་རེའི་ཡུན་ལ་དབྱུག་གུ་ལྔ་རེ་ལྔ་རེ་ཉིན་ཞག་སོ་སོར་རྒྱུ་སྟེ། འཕོ་བ་བཅུ་གཉིས་ཀྱིས་དབྱུ་གུ་དྲུག་ཅུའི་བདག་ཉིད་ཀྱིས་ཞག་གཅིག་རྫོགས་པའོ། །དེ་ཡང་གཡོན་དུ་མི་མཉམ་པའི་ཁྱིམ་གྱི་དུས་སྦྱོར་གྱི་རྩ་འདབ་དྲུག །གཡས་སུ་མཉམ་པའི་རྩ་འདབ་དྲུག་གནས་པ་ལ་རེས་མོས་སུ་འཕོ་བའི་ཚེ། དཔེར་ན་གཡོན་གྱི་རྩ་འདབ་དང་པོ་ལ་དབུགས་ང་དྲུག་རྐང་བཅས་ཀྱིས་དམན་པའི་སྟོང་བརྒྱད་བརྒྱ་རྒྱུ་བའི་རིང་སྣ་བུག་གཡོན་པར་དབུགས་གྲངས་དེ་སྙེད་རྒྱུས་ནས་ཡེ་རླུང་རྒྱུ་བའི་མཚམས་རྣམས་སུ་སྣ་བུག་གཉིས་ཀ་ནས་མཉམ་རྒྱུ་བྱས་ཏེ། འཕོ་བ་གཅིག་གི་དབུགས་གྲངས་རྫོགས་པའི་དེ་མ་ཐག་གཡས་ཀྱི་རྩ་འདབ་དང་པོ་ལ་དེ་ལྟར་རྒྱུ་ཞིང་། དེ་ནས་གཡོན་གྱི་རྩ་འདབ་གཉིས་པ་འཕོ་བ་སོགས་སྤེལ་བར་བྱེད་དེ། འདི་སྐབས་སོ་སོའི་མཚམས་སུ་མི་སྤེལ་བར་དུས་སྦྱོར་རེ་རེ་འཕོ་མཚམས་སུ་ཡེ་རླུང་ང་དྲུག་རྐང་བཅས་སྣ་བུག་གཉིས་ཀ་ནས་རྒྱུ་སྟེ་འཕོ་ཚུལ་བཤད་པ་ཞིག་ཀྱང་སྣང་སྟེ་བརྟག །དེ་ལྟར་སྣ་བུག་གཉིས་སུ་འཕོ་ཐེབས་དྲུག་རེ་དྲུག་རེ་ལ་དབུ་མར་འབབ་པ་ཐེབས་བཅུ་གཉིས་སུ་འོང་ངོ་། །དེ་དག་ནད་དང་བྲལ་བ་ཁམས་མཉམ་པའི་དབང་དུ་བྱས་པ་སྟེ། ནད་རླུང་མཁྲིས་བད་ཀན་གྱིས་ཟིལ་གྱིས་མནན་པ་རྣམས་ལ། ཁམས་མི་མཉམ་པའི་དབང་གིས་སྲོག་རྒྱུ་བའང་མི་མཉམ་པར་འགྱུར་བས་འཆི་ལྟས་ཀྱི་རླུང་དུ་འགྱུར་རོ། །དེ་ལའང་དུས་མིན་དུ་འཆི་བ་དང་དུས་སུ་བབ་ནས་འཆི་བ་གཉིས་ཡོད་པའི་


MR17_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་དུས་མ་ཡིན་པར་འཆི་བའི་ལྟས་ཀྱི་རླུང་དེ་ལ་ཡང་གཡོན་རྒྱུ་ཟླ་བའི་འཆི་ལྟས་དང་གཡས་རྒྱུ་ཉི་མའི་འཆི་ལྟས་གཉིས་ལས། དང་པོ་ཟླ་བའི་ལམ་གྱི་འཆི་ལྟས་ཀྱི་རླུང་རྒྱུ་ཚུལ་གསུངས་པ། སྲོ༷ག་སྟེ་དབུགས་ནི་གལ་ཏེ་གཡོན་གྱི་རྩ་གཅིག་ཉིད་ལ་ཉིན་དང་མཚན་མོར་ཏེ་ཞག་གཅིག་ཏུ་བར་མ་ཆད་དུ་འབབ་ན་མི་དེ་འཚོ་བ་དག་ནི་དུས་ཀྱི་ལོ་སྟེ་ལོ་གསུམ་ཡིན་པར་གྱུར་བ་ནི། དབུ་མའི་ལོ་བརྒྱའི་བུ་ལོན་རྫོགས་པའི་མཚན་ཉིད་ཀྱི་ལོ་གྲངས་དང་འདྲ་བའི་ལོ་གསུམ་ཡིན་ནོ། །གལ་ཏེ་ཕྱོགས་གཅིག་སྟེ་ཉིན་ཞག་བཅོ་ལྔར་རྣམ་པར་བར་མ་ཆད་དུ་འབབ་པ་ན། མི་རྣམས་ཀྱི་ནི་འཚོ་བ་ཡི་ཡུན་ནི་ཕྱེད་དང་བཅས་པའི་ལོ་གཅིག་ཏུ་འགྱུར་ཏེ་དེ་རྫོགས་ནས་འཆི་བར་འགྱུར་རོ། །དེ་ལྟར་གཡོན་གྱི་སྣ་བུག་ནས་འབབ་པ་མི་འཕོ་བར་ཟླ་བ་གཅིག་ཏུ་བར་རྣམ་པར་མ་ཆད་པར་འབབ་ན། ཀྱེ་མི་ཡི་བདག་པོ་མི་དེའི་འཚོ་བ་དག་ཀྱང་ཟླ་བ་གསུམ་དུ་འགྱུར་རོ་ཞེས་ཕྱོགས་དང་ཟླ་བར་བར་མ་ཆད་པ་ཞེས་པ་ཞག་སྔ་མའི་འཆི་ལྟས་ཀྱི་ཞག་དང་བསྡོམས་ཏེ་བརྩི་དགོས་པ་འོག་ཏུ་འཆད་པར་འགྱུར་རོ། །དེ་ལྟར་རྣལ་འབྱོར་པས་ནི་རང་གི་ལུས་ངག་ལ་གཡོན་རྒྱུ་ཟླ་བའི་འཆི་ལྟས་ཀྱི་རྒྱུ་བའམ་བགྲོད་པ་ཡི་འཆི་བ་ནི་དུས་ཀྱི་འཁོར་ལོར་ཞེས་པ་རྩིབས་བཅུ་གཉིས་པ་བཀོད་པའི་འཁོར་ལོར་དེ་ལས་ཤེས་པར་བྱའོ། །དེ་ཇི་ལྟར་ན། འཕོ་བ་བཅུ་གཉིས་ཀྱི་རྩ་ཆེན་བཅུ་གཉིས་ལ། རླུང་མི་མཉམ་པར་རྒྱུ་བའི་དབང་གིས་འཆི་ལྟས་ཀྱི་ཞག་འཕེལ་བ་དང་ཚེ་ལྷག་ཇི་ཙམ་གྱུར་པ་རྟོགས་སླ་བའི་ཆེད་དུ་ཚུལ་དེ་མཚོན་བྱེད་འདབ་མ་བཅུ་གཉིས་པ་རིམ་པ་གཉིས་པ་ཅན་གྱི་འཁོར་ལོ་བྲིས་ནས་འདབ་མ་དང་པོའི་རེའུ་མིག་ནང་མ་ལ་འཆི་ལྟས་ཀྱི་རླུང་གི་ཉིན་ཞག་གཅིག་དང་དེའི་ཐད་དུ་ཕྱི་མ་ལ་ཚེའི་ཟླ་བ་སུམ་ཅུ་རྩ་དྲུག་འགོད་པར་བྱའོ། །དེ་བཞིན་དུ་རིམ་པ་ནང་མ་ལ་འཆི་ལྟས་ཀྱི་ཉིན་ཞག་རྣམས་དང་། རིམ་པ་ཕྱི་མ་ལ་འཆི་ལྟས་དེའི་ཚེ་ལྷག་ཇི་ཙམ་ཡོད་པའི་ཟླ་བ་སོགས་ཀྱི་གྲངས་བྲི་བར་བྱ་སྟེ། གཉིས་པར་ཞག་གསུམ་ཟླ་བ་


MR17_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ། གསུམ་པར་ཞག་དྲུག་ཟླ་བ་ཉེར་བདུན། བཞི་པར་ཞག་དགུ་ཟླ་བ་ཉེར་བཞི། ལྔ་པར་ཞག་བཅུ་གཉིས་ཟླ་བ་ཉེར་གཅིག །དྲུག་པར་ཞག་བཅོ་ལྔ་ཟླ་བ་བཅོ་བརྒྱད། བདུན་པར་ཞག་བཅོ་བརྒྱད་ཟླ་བ་བཅོ་ལྔ། བརྒྱད་པར་ཞག་ཉེར་གཅིག་ཟླ་བ་བཅུ་གཉིས། དགུ་པར་ཞག་ཉེར་བཞི་ཟླ་བ་དགུ། བཅུ་པར་ཞག་ཉེར་བདུན་ཟླ་བ་དྲུག །བཅུ་གཅིག་པར་ཞག་སུམ་ཅུ་ཟླ་བ་གསུམ། བཅུ་གཉིས་པར་ཞག་སོ་གསུམ་སྟེ་ཟླ་བ་གསུམ་པོ་ཟད་པར་བྱེད་པའོ། །འཁོར་ལོ་གཅིག་པ་འདིས་ཀྱང་གོ་ཆོད་མོད་ཀྱི་འདབ་མ་འདོར་བའི་འཁོར་ལོ་ཟུར་དུ་བྲི་ན། སྔ་མ་ལྟར་རྩིབས་བཅུ་གཉིས་ཕྱི་ནང་རིམ་པ་གཉིས་ཅན་ལ། རྩིབས་དང་པོ་ལ་ནང་དུ་འཆི་ལྟས་ཀྱི་ཉིན་ཞག་གསུམ་དང་། དེའི་ཐད་ཀྱི་ཕྱི་ལ་ཟླ་བ་སུམ་ཅུ་སོགས་སྔ་མ་ལྟར་བྲིས་ནས། བཅུ་གཅིག་པ་ལ་ཞག་སོ་གསུམ་དང་ཟླ་བ་གཅིག །བཅུ་གཉིས་པ་ལ་ཞག་གསུམ་ཕྱི་རོལ་དུ་སྟོང་པའོ། །དེ་ལྟར་ཞག་གསུམ་རེ་འཕེལ་རིམ་བཞིན་ཟླ་བ་གསུམ་རེ་ཕྲི་བའི་འཁོར་ལོའི་འདབ་མ་བཅུ་གཉིས་པོ་དེ་ལས་བཅུ་གཉིས་པ་ལ་ཞག་སོ་གསུམ་དུ་རྒྱུས་པས་སུམ་ཅུར་རྒྱུ་དུས་ཀྱི་ཚེ་ལྷག་ཟླ་བ་གསུམ་པོ་ཟད་པར་བྱས་ནས། དེ་ནས་ཁྱིམ་གྱི་འཁོར་ལོའི་རྩིབས་དང་པོ་ལ་སྔར་མ་རྒྱུས་པའི་ཉིན་ཞག་གསུམ་པོ་གང་ཡིན་པ་དེ་དག་གི་ཉིན་ཞག་གཉིས་ནི་འདབ་མ་བཅུ་གཉིས་པ་ལ་གཡས་ཀྱི་རྩ་ཟད་པའི་དོན་དུ་འབབ་བོ། །ཉིན་ཞག་གཅིག་ནི་དབུགས་ཀྱི་འཁོར་ལོ་ཟད་པའི་དོན་དུ་ཨ་བ་དྷཱུ་ཏཱི་ལ་འབབ་པོ། །དེ་ནས་ཟླ་བའི་འཆི་ལྟས་ཀྱི་གཡོན་གྱི་རྩ་ལ་སྲོག་འགྲོ་སྟེ་ཟླ་བའི་འཆི་ལྟས་ཀྱི་ངེས་པའོ། །འདི་དག་གི་རྒྱུ་ཚུལ་ཇི་ལྟར་ཡིན་ཞེ་ན། དང་པོར་སྣ་གཡོན་པའི་འཆི་ལྟས་ཀྱི་རླུང་ཞག་གཅིག་རྒྱུས་པ་དེ་ནས་ཟླ་བ་གཉིས་ཀྱི་བར་དུ་འཆི་ལྟས་ཀྱི་རླུང་མི་འབབ་པར་དུས་རྒྱུན་གྱི་རང་བཞིན་དུ་རྒྱུའོ། །དེ་ནས་འཆི་ལྟས་ཀྱི་ཉིན་ཞག་རིམ་པར་འཕེལ་བ་འབྱུང་སྟེ། ཟླ་བ་གཉིས་རྫོགས་ཤིང་གསུམ་པའི་འགོ་འཇུག་པ་ན། གཡོན་པའི་རྩ་དེ་ཉིད་ཀྱི་འདབ་


MR17_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་ཉིན་ཞག་གཅིག་འབབ་པས་སྔ་མའི་འཆི་ལྟས་ཀྱི་ཞག་དང་བསྡོམས་པས་འཆི་ལྟས་ཀྱི་རླུང་ཞག་གཉིས་སུ་ལོངས་སོ། །དེ་ནས་ཟླ་བ་དཔེ་ལ་ལར་གསུམ་ཟེར་ཡང་བཞི་པ་ལ་མི་འབབ། །དེ་ནས་ཟླ་བ་བཞི་པའི་མཐར་ཟླ་བ་ལྔ་པ་འཇུག་པ་ན་ཞག་གཅིག་འབབ་སྟེ་སྔ་མ་གཉིས་དང་བསྡོམས་པས་ཞག་གསུམ་མོ། །ལྔ་པ་དེ་ནས་ཟླ་བ་དྲུག་པ་ལ་མི་འབབ་པོ། །འགྲེལ་པ་ལས། བར་གྱི་ཉིན་ཞག་གསུམ་ནི་མཐར་གཡས་དང་གཡོན་གྱི་འཆི་ལྟས་ཀྱི་ཆོས་ཅན་ནོ་ཞེས་གསུངས་པ། འདབ་མ་ཕྱི་མ་རྣམས་སུ་ཟླ་བ་རེའི་མཚམས་ནས་འཆི་ལྟས་ཞག་རེ་འབྱུང་བ་ལ་འདབ་མ་དང་པོར་ཟླ་བ་དང་པོ་དང་གསུམ་པ་ལྔ་པ་ལ་འཆི་ལྟས་ཀྱི་ཞག་བྱུང་གི། བཞི་ལྔ་དྲུག་པ་ལ་མ་བྱུང་བའི་བར་གྱི་ཞག་གསུམ་པོའི་སྐལ་པ་དེ་ནི་འཆི་ལྟས་ཀྱི་ཞག་སུམ་ཅུ་རྩ་གསུམ་པ་རྫོགས་ནས་འདབ་མ་བཅུ་གཉིས་པ་ལ་གཡས་ཀྱི་འདབ་མ་ལ་ཞག་གཉིས་དང་དབུས་སུ་ཞག་གཅིག་འབབ་པ་འཆད་པར་འགྱུར་རོ། །གཡས་དང་གཡོན་གྱི་འཆི་ལྟས་ཞེས་པ་འདི་འགྱུར་མི་བདེ་སྟེ། དཔང་འགྱུར་དུ། བར་གྱི་ཉིན་ཞག་གསུམ་ནི་མཐར་གཡས་དང་དབུ་མ་ལ་གཡོན་གྱི་འཆི་ལྟས་ཀྱི་ཆོས་ཅན་ནོ་ཞེས་པ་ལྟར་རོ། །འཆི་ལྟས་ཀྱི་ཞག་བཅས་ཞག་སུམ་ཅུར་ལོངས་པའི་ཟླ་བ་གསུམ་དང་། འཆི་ལྟས་མེད་ཅིང་ཞག་ཉེར་དགུ་ཡི་ཟླ་བ་གསུམ་བཅས་དྲུག་གིས་ཉིན་ཞག་གསུམ་རྫོགས་པའོ། །དེ་ལྟར་འཆི་ལྟས་ཞག་གསུམ་པོ་དེས་འཆི་ལྟས་ཀྱི་ཞག་གཅིག་གི་དུས་ཀྱི་འཚོ་ཡུན་ཟླ་བ་སོ་དྲུག་ལས་ཟླ་བ་དྲུག་ཟད་པས་ཞག་གསུམ་འཆི་ལྟས་ཀྱི་རླུང་རྒྱུས་པ་དེས་ནི་འཚོ་བའི་ལྷག་མ་ཟླ་བ་སུམ་ཅུར་འགྱུར་རོ། །འཆི་ལྟས་ཞེས་བྱ་བ་ནི་ཚེ་ལོ་བརྒྱ་པའི་དུས་ཀྱི་མི་རྣམས་ལ་མཚོན་ན་དེར་མ་སླེབ་པར་འཆི་བ་རྣམས་སོ། །འཆི་ལྟས་མིན་པ་ལོ་བརྒྱའི་མཚམས་སུ་འཆི་བའོ། །དེ་ལྟར་ཞག་གསུམ་རྒྱུས་པ་དེས་འཆི་ལྟས་ཀྱི་ཞག་དང་པོའི་འཚོ་ཡུན་ཟླ་བ་སོ་


MR17_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ལས་ཟླ་བ་དྲུག་སོང་བས་འདབ་མ་དེ་ལ་དེ་ཕན་ཆད་དུ་སྲོག་ཡང་དག་པར་རྒྱུ་བ་མེད་དེ། དེ་ཕན་ཆད་འཕོ་བ་བཅུ་གཅིག་དང་དབུགས་འབྱུང་འཇུག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱས་ཉིན་མཚན་དུ་འགྱུར་ཏེ། ཁྱིམ་གྱི་འདབ་མ་ཡོངས་སུ་དོར་ཡང་ཞག་གཅིག་གི་དབུགས་ཀྱི་འཁོར་ལོ་ཉུང་ངུ་སོང་བ་མེད་དོ། །དེ་ནས་འདབ་མ་གཉིས་པ་ལ་འཆི་ལྟས་ཀྱི་ཞག་བཞི་པ་ལྔ་པ་དྲུག་པ་གསུམ་ཟླ་བ་བདུན་པ་དང་བརྒྱད་པ་དང་དགུ་པ་ལ་རིམ་བཞིན་འབབ་སྟེ། དེ་དག་གིས་སྔ་མའི་འཚོ་ཡུན་ཟླ་བ་སུམ་ཅུ་ལས་ཟླ་བ་གསུམ་པོ་ཟད་ནས་ཟླ་བ་ཉེར་བདུན་ཚེའི་ལྷག་མར་འགྱུར་རོ། །དེ་ནས་འཚོ་ཟླ་ཉེར་བདུན་པ་ནས་བཟུང་སྟེ་འདབ་མ་གསུམ་པར་སྲོག་རྒྱུའོ། །དེར་འདབ་མ་གཉིས་དོར་བས་འཕོ་བ་བཅུས་ཉིན་མཚན་གྱི་དབུགས་ཀྱི་འཁོར་ལོ་འདབ་མ་བཅུར་རྒྱུ་བར་བྱེད་དོ། །འཚོ་བའི་ཟླ་བ་ཉེར་བདུན་ལས་ཟླ་བ་གསུམ་པོ་རེ་རེ་ལ་འཆི་ལྟས་ཀྱི་ཉིན་བདུན་པ་བརྒྱད་པ་དགུ་པ་འབབ་པས་ཟླ་བ་གསུམ་ཟད་དེ་འཚོ་ཟླ་ཉེར་བཞིར་འགྱུར་ཞིང་འདབ་མ་གསུམ་པ་འདོར་རོ། །དེ་བཞིན་དུ་ཟླ་བ་རེ་རེར་འཆི་ལྟས་ཀྱི་ཞག་འཕེལ་བས། བཅུ་པ་བཅུ་གཅིག་པ་བཅུ་གཉིས་པ་གསུམ་གྱིས་འཚོ་ཟླ་ཉེར་གཅིག་ཏུ་འགྱུར་ཞིང་འདབ་མ་བཞི་པ་འདོར་བ་དང་། འཆི་ལྟས་ཀྱི་ཞག་བཅུ་གསུམ་བཅུ་བཞི་བཅོ་ལྔ་གསུམ་གྱིས་འདབ་མ་ལྔ་པ་དོར་དེ། དེ་ཕན་ཆད་ལྷག་མའི་འདབ་མ་བདུན་པོ་ལ་འཕོ་རེས་བྱེད་དེ། ཚེའི་ཚད་ཟླ་བ་བཅོ་བརྒྱད་དུ་འགྱུར་རོ། །དེ་བཞིན་དུ་ཉིན་ཞག་བཅུ་དྲུག་བཅུ་བདུན་བཅོ་བརྒྱད་གསུམ་གྱིས་ཟླ་བ་གསུམ་ཉུང་བས་ཚེ་ཚད་ཟླ་བ་བཅོ་ལྔར་འགྱུར་ཞིང་འདབ་མ་དྲུག་པ་དོར་བས་འདབ་མ་དྲུག་ལ་སྲོག་རྒྱུ་བར་འགྱུར་རོ། །ཉིན་ཞག་བཅུ་དགུ་དང་ཉི་ཤུ་དང་ཉེར་གཅིག་གིས་འཚོ་ཟླ་བཅུ་གཉིས་སུ་སོང་ཞིང་འདབ་མ་བདུན་པ་འདོར་རོ། །དེ་ཕན་ཆད་འདབ་མ་ལྔ་ཁོ་ནར་ཉིན་མཚན་གྱི་དབུགས་འབབ་པར་བྱེད་དོ། །འཆི་ལྟས་ཀྱི་ཞག་ཉེར་གཉིས་ཉེར་གསུམ་ཉེར་བཞིས་འདབ་མ་བརྒྱད་པ་དོར་ཏེ་འདབ་མ་བཞི་ལ་


MR17_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རྒྱུ་ཞིང་འཚོ་ཟླ་དགུར་འགྱུར་རོ། །ཞག་ཉེར་ལྔ་ཉེར་དྲུག་ཉེར་བདུན་གསུམ་གྱིས་འདབ་མ་དགུ་པ་དོར་ཏེ། ལྷག་མ་གསུམ་ལ་འཕོ་བར་བྱེད་ཅིང་འཚོ་ཟླ་དྲུག་ཏུ་འགྱུར་རོ། །ཉེར་བརྒྱད་ཉེར་དགུ་སུམ་ཅུ་གསུམ་གྱི་ཟླ་བ་དྲུག་གི་ནང་ནས་གསུམ་ཟད་ནས་འཚོ་ཟླ་གསུམ་དུ་གྱུར་ཅིང་འདབ་མ་བཅུ་པ་དོར་ཏེ་ལྷག་མའི་འདབ་མ་གཉིས་ལ་དབུགས་རྒྱུ་བར་བྱེད་དོ། །འཆི་ལྟས་ཀྱི་ཉིན་ཞག་སོ་གཅིག་པ་དང་སོ་གཉིས་པ་དང་སོ་གསུམ་པ་གསུམ་ཟླ་བ་རེ་རེར་བྱུང་བས་འཚོ་ཟླ་གསུམ་ཟད་པར་འགྱུར་ཞིང་འདབ་མ་བཅུ་གཅིག་དོར་ཏེ་འདབ་མ་གཅིག་ལ་དབུགས་རྒྱུ་བར་བྱེད་དོ། །དེ་ནས་སྔར་གྱི་འདབ་མ་དང་པོ་ལ་འཆི་ལྟས་ཀྱི་ཞག་མ་བབ་པའི་སྐལ་པ་ཉིན་ཞག་གསུམ་པོ་ནི་འདབ་མ་བཅུ་གཉིས་པ་ལ་ཉིན་ཞག་གཉིས་བར་མ་ཆད་དུ་འབབ་བོ། །དེ་ནས་འདབ་མ་བཅུ་གཉིས་པ་འདོར་ཞིང་། དེ་ནས་ལྟེ་བར་ཨ་བ་དྷཱུ་ཏཱི་ལ་ཞག་གཅིག་འབབ་སྟེ་སྲོག་གི་འཁོར་ལོ་རྒྱུ་བའི་དབུགས་སྣ་གཡོན་ནས་ཐོན་ཏེ་རྒྱུན་ཆད་པར་གྱུར་ནས་འཇིག་རྟེན་གཞན་དུ་འཕོ་བར་འགྱུར་ཏེ། དེ་ལྟར་ཟླ་བའི་འཆི་ལྟས་ལ་ཉི་མའི་ཡོན་ཏན་སྙིང་སྟོབས་དང་རྡུལ་དང་མུན་པ་གསུམ་གྱི་དབྱེ་བས་ཟླ་བ་སོ་སོར་འཆི་ལྟས་ཀྱི་ཞག་རེ་རེ་ལྷག་པས་འཕེལ་ཏེ་ཞག་གསུམ་རེས་ཁྱིམ་གྱི་འདབ་མ་རེ་འདོར་བར་འགྱུར་རོ། །གཡོན་པའི་རྩ་ལ་ཐུར་སེལ་གྱི་རླུང་ཆ་མི་མཉམ་པ་ལས་བྱུང་བ་ཟླ་བའི་འཆི་ལྟས་ཀྱི་ངེས་པའོ། །དེ་ནས་སྲོག་གི་རླུང་ཆ་མི་མཉམ་པ་ལས་བྱུང་བ་ཉི་མའི་འཆི་ལྟས་གསུངས་པ། རྩ་གཡས་པ་ཉི་མའི་འཆི་ལྟས་ལ་ནི་ཟླ་བའི་ཡོན་ཏན་སྒྲ་རེག་གཟུགས་རོ་དྲི་ལྔ་རྣམས་བཟུང་ནས་ལྔ་རེའི་བར་མཚམས་སུ་རྩ་འདབ་རེ་འདོར་བར་བསྟན་ཏེ། དེ་ཡང་ཁྱིམ་ལྔའི་བར་དུ་འཆི་ལྟས་ཀྱི་ཞག་ལྔ་རེས་འདོར་ཏེ་ལྔས་ཁྱིམ་གྱི་འདབ་མ་དང་པོ་བཅུས་གཉིས་པ། བཅོ་ལྔས་གསུམ་པ། ཉི་ཤུས་བཞི་པ། ཉེར་ལྔས་ལྔ་པ་འདོར་རོ། །དེ་ནས་ཁྱིམ་གྱི་རྩ་གཉིས་ནི་འཆི་ལྟས་ཀྱི་ཞག་རེ་རེ་ལྷག་པས་སོ། །རྩ་འདབ་སྔ་མ་རྣམས་འདོར་བའི་འཆི་ལྟས་ཀྱི་ཞག་རྣམས་ཀྱི་སྟེང་དུ་རྩ་འདབ་


MR17_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མ་རྣམས་འདོར་བའི་ཞག་གྲངས་བསྣན་པས་འཆི་ལྟས་ཀྱི་ཞག་ཉེར་བདུན་པ་རྫོགས་པ་འདབ་མ་བདུན་དོར་བ་དེ་ནས་སྔར་གྱི་འཆི་ལྟས་ཀྱི་ཞག་རྣམས་ལ་མི་ལྟོས་པར་གྲངས་ཀྱི་ཐོག་མའམ་རྩ་བ་དེ་ནས་མགོ་བརྩམ་པར་བྱས་ནས་ཉིན་ཞག་སུམ་ཅུ་རྩ་གསུམ་གྱི་བར་དུ་རྒྱུ་སྟེ། ཉིན་ཞག་བཅོ་ལྔས་ཁྱིམ་བརྒྱད་པ་འདོར་རོ། །བཅུས་དགུ་པ། ལྔས་བཅུ་པ། གསུམ་གྱིས་བཅུ་གཅིག་པ་འདོར་ཏེ་དེ་ལྟར་ཉིན་ཞག་སོ་གསུམ་དུ་གཡས་ཀྱི་རྩལ་བར་མ་ཆད་པར་སྲོག་རྒྱུའོ། །དེ་ནས་ཁྱིམ་བཅུ་གཉིས་པ་ལ་གཡོན་གྱི་རྩའི་ཁམས་ཟད་པའི་དོན་དུ་གཡོན་གྱི་རྩ་ལས་ཞག་གཉིས་སུ་རྒྱུས་ནས་གཡོན་གྱི་འདབ་མ་བཅུ་གཉིས་པོ་འདོར་རོ། །དེ་རྗེས་དབུགས་ཀྱི་འཁོར་ལོ་ཟད་པའི་དོན་དུ་དབུ་མའི་རྩ་བ་ཞག་གཅིག་རྒྱུས་ཏེ་དེ་ནས་འཆི་བར་འགྱུར་རོ། །དེའི་ཕྱིར་ཉི་མའི་འཆི་ལྟས་ཀྱི་ཞག་ལྔ་ནས་ཉི་ཤུ་རྩ་ལྔའི་ཉིན་ཞག་ཏུ་བགྲོད་པའམ་རྒྱུ་བ་སྐྱེ་བའམ་འབྱུང་བ་ནི། ལྔ་རེ་ལྔ་རེ་ནི་འཕེལ་བ་དག་གིས་སྐྱེ་བ་སྟེ། འཆི་ལྟས་ཞག་ལྔས་འདབ་མ་དང་པོ་འདོར་བ་ནས་ཉེར་ལྔ་པས་ལྔ་པ་འདོར་བའི་བར་དུའོ། །དེ་ནས་ཞག་རེ་རེ་ལྷག་པས་ཁྱིམ་གྱི་འདབ་མ་རེ་རེ་འདོར་ཏེ། ཉེར་དྲུག་པས་འདབ་མ་དྲུག་པ་དང་། ཉེར་བདུན་པས་འདབ་མ་བདུན་པ་འདོར་རོ། །དེ་ནས་བཅུ་ནི་གསུམ་གྱིས་བསྒྱུར་བ་སུམ་ཅུ་དག་ཀྱང་གསུམ་ནི་ལྷག་མ་འཆི་ལྟས་ཀྱི་ཞག་སུམ་ཅུ་རྩ་གསུམ་པོ་ཇི་སྲིད་པ་དེ་ཉིད་ཀྱིས་འདབ་མ་ལྷག་མ་རྣམས་འདོར་བ་ཡིན་ཏེ། སྲོག་སྐྱེ་བ་ནས་བརྩིས་པའི་ཁྱིམ་བདུན་པ་ཡི་དུས་ནི་རྫོགས་པ་དེ་ནའོ་ཞེས་པ་ཉིན་ཞག་བཅོ་ལྔས་ཁྱིམ་བརྒྱད་པ་འདོར་བ་སོགས་གོང་བཤད་བཞིན་དུ་ཞག་སུམ་ཅུ་རྩ་དྲུག་གིས་འཆི་བར་འགྱུར་རོ། །དེ་ནས་འཆི་ལྟས་ཀྱི་ཞག་དང་འཚོ་བའི་ལྷག་མར་གྱུར་པའི་ལོ་གྲངས་སྦྱར་བ་ནི། ཉི་མའི་འཆི་ལྟས་ཞག་ལྔར་རྒྱུ་བ་ནས་བརྩམ་སྟེ་ཁྱིམ་གྱི་འདབ་མའི་འཁོར་ལོ་བཅུ་གཉིས་པ་ལ་སྔ་མ་བཞིན་དུ་ནང་དང་ཕྱིར་འགོད་པར་བྱ་སྟེ། དང་པོ་ནས་བཅུ་གཉིས་པའི་བར་དུ་ལོ་རྣམས་གསུམ་དང་མིག་དང་ཟླ་བ་དེ་དག་རྣམས་དང་། དྲུག་དང་


MR17_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་ཟུང་དང་ཟླ་བ་གང་ཡིན་པའི་ཟླ་བ་དེ་དག་རྣམས་དང་ཉིན་ཞག་ཚེས་དང་ཕྱོགས་དང་མདའ་དང་ཡོན་ཏན་དང་གཉིས་དང་ཟླ་བ་རྣམས་ནི་འཚོ་བའི་ལྷག་མའོ། །དེ་ལྟར་བཤད་པ་དེ་དག་གིས་ཁྱིམ་གྱི་འདབ་མ་བཅུ་གཉིས་འདོར་ཚུལ་གསུངས་པ། དང་པོར་སྲོག་སྐྱེ་བའི་ཁྱིམ་གྱི་གནས་ནས་བགྲང་བའི་བདུན་པ་ནི་སྲོག་རྫོགས་པ་ཞེས་བྱ་སྟེ་ཉི་མ་ནུབ་པ་དང་འདྲའོ། །བདུན་པ་ནས་མཚན་མོའི་ཆ་ལ་ཟླ་བ་འཆར་བའི་དུས་ཞེས་བྱ་སྟེ། ཟླ་བ་ཁུ་བའི་ཁམས་ལ་འཆི་ལྟས་ཀྱི་ང་ཞུགས་པ་ལ་བཤད་དེ་ཁུ་བའི་ཁམས་འཆར་བ་ནི་མ་ཡིན་ལ། རྫོགས་པའི་དུས་དེ་ནས་ཁུ་བའི་ཁམས་ཟད་པའི་དོན་དུ་རྩ་གཡས་པ་ལ་སྲོག་ཉིན་ཞག་སུམ་ཅུ་རྩ་གསུམ་རྒྱུ་ཞིང་། དེ་ནས་རྩ་གཡོན་པ་ལ་ཞག་གཉིས་དང་། དབུ་མ་ལ་ཞག་གཅིག་རྒྱུས་ནས་སྲོག་འགག་པར་བྱེད་པའི་ཕྱིར་རོ། །ཉི་ཟླའི་འཆི་ལྟས་གང་ལ་ཡང་འདབ་མ་བདུན་པ་དོར་བ་དེ་ནས་ལྷ་དང་ལྷ་མིན་དང་མི་རྣམས་ཀྱིས་ལུས་ལ་སྲོག་བརྟན་པར་བྱ་མི་ནུས་ལ། བདུན་པ་ཚུན་ཆད་ཀྱི་འཆི་ལྟས་བྱུང་བ་ནི་འཆི་བསླུའི་ཐབས་རྣམས་ཀྱིས་བསླུ་བར་ནུས་སོ། །འདི་དག་ཕལ་ཆེ་བའི་དབང་དུ་བྱས་ཀྱི་རྡོ་རྗེའི་རྣལ་འབྱོར་སོགས་ཐབས་ཀྱི་སྟོབས་དང་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱིས་སྲོག་བརྟན་པར་ནུས་པའང་ཡོད་དོ། །དེ་ཡང་སྲོག་སྐྱེ་བའི་འདབ་མ་དང་པོར་བྱས་ཏེ་བཅུ་གཉིས་པོ་རིམ་པར་བཀོད་པ་ལ་སྲོག་སྐྱེ་བའི་ཁྱིམ་རང་གི་གནས་དེ་ནས་མཆོག་གི་ཆ་ཡི་སྲོག་གམ་དབུགས་ཀྱི་ནུས་པ་ཡིས་ཁྱིམ་གྱི་འཁོར་ལོ་ཡི་འདབ་མ་རྣམས་རིམ་པར་འདོར་ཏེ། ཇི་ལྟར་ན། འཆི་ལྟས་ཀྱི་ཞག་གིས་འཚོ་བའི་ལྷག་མ་ཙམ་མ་གཏོགས་པའི་འཚོ་བ་ཡི་དུས་གཞན་ཉམས་པ་ཡིན་པས། ཞག་ལྔ་ལ་སོགས་པ་ཉམས་པ་ཞེས་བྱ་ཞིང་། ལྷག་མ་ཞེས་པ་ཞག་དེ་དག་གི་ཐད་ཀའི་འཚོ་བའི་ལྷག་མ་ལོ་གསུམ་ལ་སོགས་པའོ། །དེ་ལྟར་ཉམས་པ་འཆི་ལྟས་ཀྱི་ཞག་དང་། འཚོ་བའི་ལྷག་མ་གཉིས་ཐད་ཀར་མཚུངས་པའམ་འགྲིག་པར་གྱུར་པ་ཡི། ལོ་དང་ཟླ་བ་ཞག་གིས་


MR17_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྟེ་ཞེས་ལོ་སོགས་གྲངས་ངེས་འདབ་མ་རྣམས་རིམ་པར་འདོར་བར་འགྱུར་ཏེ། ཇི་ལྟར་ན། འཆི་ལྟས་ཀྱི་ཞག་ལྔ་དང་འཚོ་བའི་ལོ་གསུམ་རྫོགས་ནས་འདབ་མ་དང་པོ་འདོར་ལ། དེ་བཞིན་དུ་འཆི་ལྟས་ཀྱི་ཞག་བཅུ་དང་ལོ་མིག་སྟེ་གཉིས་ཀྱིས་འདབ་མ་གཉིས་པ་སོགས་རིམ་པར་འདོར་བ་སྦྱར་ཏེ། ལོ་རི་བོང་ཅན་ཏེ་གཅིག་གིས་ཀྱང་འདབ་མ་གསུམ་པ་དང་། དེ་བཞིན་དུ་ཟླ་བ་དྲུག་གིས་འདབ་མ་བཞི་པ་དང་། གསུམ་གྱིས་ལྔ་པ་དང་། ཟུང་སྟེ་གཉིས་ཀྱིས་དྲུག་པ་དང་། ཟླ་བས་ཀྱང་ཞེས་པ་ཟླ་བ་གཅིག་གིས་འདབ་མ་བདུན་པ་དོར་བ་ལ་རྫོགས་པ་ཞེས་བྱ་ཞིང་། རྫོགས་པ་ལ་སླེབ་པའི་དུས་དེ་ནས་ནི། ཉམས་པ་དང་ཚེ་ཡི་ལྷག་མ་མཚུངས་པའི་འཚོ་ཡུན་ཉིན་ཞག་ཁོ་ནའི་གྲངས་སུ་བྱས་པ་ཚེས་ཏེ་བཅོ་ལྔ་དང་ཕྱོགས་ཞེས་བཅུ་དང་མདའ་སྟེ་ལྔ་དང་ཡོན་ཏན་ཏེ་གསུམ་རྣམས་དང་མཚུངས་པར་རིམ་བཞིན་འདབ་མ་བརྒྱད་པ་དང་དགུ་པ་དང་བཅུ་པ་དང་བཅུ་གཅིག་པ་འདོར་བར་བྱས་ནས་འདབ་མ་བཅུ་གཉིས་པ་ལ་གཡོན་གྱི་འདབ་མ་རྣམས་འདོར་ཏེ། འདི་ཡི་ཞག་སུམ་ཅུ་རྩ་གསུམ་པོའི་རིང་ལ་གཡས་པ་ཁོ་ན་ནས་འབབ་བོ། །དེ་ཡི་རྗེས་སུ་རྩ་གཡོན་པ་ལ་ཉིན་ཞག་གཉིས་བར་མ་ཆད་དུ་འབབ་ཞིང་། གཡས་གཡོན་གྱི་འདབ་མ་བཅུ་གཉིས་པོ་ཐམས་ཅད་དོར་ཏེ། དབུ་མ་ལ་ཉིན་ཞག་གཅིག་ཏུ་ལྟེ༷་བར་རབ་ཏུ་ཞུགས་པའི་སྒོ་ནས་འབབ་ཅིང་། དེ་ལྟར་རྫོགས་པའི་དུས་ནས་བརྩམ་སྟེ། ཞག་སུམ་ཅུ་རྩ་དྲུག་གིས་འཚོ་བའི་ཡུན་ཡོངས་སུ་རྫོགས་ཏེ། ཉིན་ཞག་སོ་དྲུག་པོ་རྫོགས་པའི་མཐར་ནི་ཉིན་མོར་བྱེད་པའི་འཆི་ལྟས་ཀྱི་སྤྱོར་བས་ངེས་པར་ཚེ་འདིའི་སྲིད་པ་འགག་ཅིང་འཆི་བར་འགྱུར་རོ། །དེ་ལྟར་ལོ་སོགས་སུ་བསྟན་པ་དེ་དག་ཞག་ཏུ་བྱས་པས་འདབ་མ་རྣམས་འདོར་པའི་ཚུལ་ནི། སྔོན་དུ་སྟེ་སྐྱེ་བའི་ཁྱིམ་གྱི་འདབ་མ་དང་པོར་ཉི་མའི་བགྲོད་པའི་ལོ་གསུམ་དག་གི་ཉིན་ཞག་གི་ཚོགས་ནི་སྟོང་དང་བརྒྱད་ཅུའི་ནང་ནས་མདའ་དང་མེ་དང་འཇིག་རྟེན་ཏེ་སུམ་བརྒྱ་སོ་ལྔ་ཡིས་འདབ་མ་དེ་འདོར་བར་བྱེད་དེ་སླན་ཆད་རླུང་མི་རྒྱུ་


MR17_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྟོང་པར་བྱས་ནས་ལྷག་མའི་ཉིན་ཞག་གི་ཚོགས་བདུན་བརྒྱ་ཞེ་ལྔ་བཟུང་ནས་སྲོག་གི་ནུས་པ་འདབ་མ་གཉིས་པ་ལ་འཇུག་པར་འགྱུར་རོ། །དེ་ནས་འདབ་མ་སྔ་མ་ལས་ཕྱི་མར་རྒྱུ་བ་ཡི་ཞག་བཅུ་དང་བཅས་པ་མདའ་དུས་རྩེ་མོ་ཅན་ཏེ། ཞག་སུམ་བརྒྱ་བཞི་བཅུ་རྩ་ལྔས་འདབ་མ་གཉིས་ལ་འདོར་བ་དང་། དེ་ནས་དེ་ཡི་ལྷག་མ་བཞི་བརྒྱ་བཟུང་ནས་འདབ་མ་གསུམ་པར་འཇུག་ཅིང་གཉིས་པ་སྟོང་པར་འགྱུར་རོ། །སླར་དེ་ཉིད་ལ་རྒྱུ་བའི་ཉིན་ཞག་བཅོ་ལྔ་དང་ལྷན་གཅིག་པའི་མཁའ་རི་ཟླ་བ་སྟེ་ཞག་བརྒྱ་དང་བདུན་ཅུ་རྫོགས་པ་དག་ནི་འདབ་མ་གསུམ་པ་ལའོ་ཞེས་པ་གསུམ་པ་འདོར་ཞིང་སྟོང་པར་བྱས་ཏེ་ཞག་ལྷག་མ་ཉིས་བརྒྱ་སུམ་ཅུ་བཟུང་ནས་འདབ་མ་བཞི་པ་ལ་འཇུག་པར་འགྱུར་རོ། །དེ་ནས་རྒྱུ་བའི་ཉིན་ཞག་ཉི་ཤུ་དང་ལྷན་ཅིག་མིག་སྦྲུལ་ཞེས་པ་ཉིན་ཞག་བརྒྱད་ཅུ་རྩ་གཉིས་ཀྱིས་འདབ་མ་བཞི་པ་འདོར་ཞིང་སྟོང་པར་བྱས་ཏེ། ལྷག་མའི་ཉིན་ཞག་གི་ཚོགས་བརྒྱ་ཞེ་བརྒྱད་བཟུང་ནས་འདབ་མ་ལྔ་པ་ལ་འཇུག་གོ། སླར་ཡང་རྒྱུ་བའི་ཉིན་ཞག་ཉི་ཤུ་རྩ་ལྔ་དང་ལྷན་ཅིག་རི་བ་མདའ་དང་ཞེས་ཉིན་ཞག་ལྔ་བཅུ་རྩ་བདུན་གྱིས་འདབ་མ་ལྔ་པ་འདོར་ཏེ་སྟོང་པར་བྱས་ནས་ལྷག་མའི་ཉིན་ཞག་གི་ཚོགས་གོ་གཅིག་བཟུང་ནས་འདབ་མ་དྲུག་པ་ལ་འཇུག་གོ། སླར་ཡང་རྒྱུ་བའི་ཉིན་ཞག་ཉི་ཤུ་རྩ་དྲུག་དང་ལྷན་ཅིག་པའི་ནོར་དང་ལག་པ། ཞག་སྔ་མ་ལས་གཞན་ཏེ། ཞག་ཉེར་བརྒྱད་ཀྱིས་འདབ་མ་དྲུག་པ་དོར་ཏེ་སྟོང་པར་བྱས་ནས་ལྷག་མའི་ཉིན་ཞག་གི་ཚོགས་རེ་གསུམ་བཟུང་ནས་འདབ་མ་བདུན་པ་ལ་འཇུག་གོ། དེ་ནས་འདབ་མ་བདུན་པ་ལ་ནི་རྒྱུ་བ་ཡི་ཉིན་ཞག་གི་ཚོགས་ཉི་ཤུ་རྩ་བདུན་དག་གིས་ཀྱང་ངོ་ཞེས་འདབ་མ་བདུན་པ་འདོར་ཏེ་ལྷག་མའི་ཉིན་ཞག་སུམ་ཅུ་རྩ་དྲུག་བཟུང་ནས་འདབ་མ་བརྒྱད་པ་ལ་འཇུག་གོ། དེ་ནས་ཚེས་ཏེ་བཅོ་ལྔ་ལ་སོགས་པའི་ཉིན་ཞག་གཅིག་གི་བར་གྱི་ཚོགས་པ་ཐམས་ཅད་དག་ཀྱང་རིམ་པར་རྫོགས་པས་འདབ་མ་ཐམས་ཅད་དོར་


MR17_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། གང་ཞིག་ལྟེ༷་བ་དབུ་མར་ཞག་གཅིག་སྲོག་འབབ་པ་ཇི་སྲིད་ཉིད་ཀྱི་བར་དུའོ། །ཞེས་གསུངས་པ་ལྟར་བརྒྱད་པ་ལ་ཉིན་ཞག་བཅོ་ལྔ་རྫོགས་པས་བརྒྱད་པ་དོར་ཞིང་སྟོང་པར་བྱས་ཏེ་ཞག་ལྷག་མ་ཉེར་གཅིག་བཟུང་ནས་འདབ་མ་དགུ་པ་ལ་འཇུག་པར་འགྱུར་རོ། །དེ་ནས་ཉིན་ཞག་བཅུས་འདབ་མ་དགུ་པ་དོར་ཏེ་སྟོང་པར་བྱས་ནས་ལྷག་མ་ཉིན་ཞག་བཅུ་གཅིག་བཟུང་ནས་འདབ་མ་བཅུ་པ་ལ་འཇུག་གོ། དེ་ནས་ཉིན་ཞག་ལྔས་བཅུ་པ་དོར་ཏེ་སྟོང་བར་བྱས་ནས་ལྷག་མ་ཉིན་ཞག་དྲུག་བཟུང་ནས་བཅུ་གཅིག་པ་ལ་འཇུག་གོ། དེ་ནས་ཉིན་ཞག་གསུམ་གྱིས་བཅུ་གཅིག་པ་དོར་ཏེ་སྟོང་པར་བྱས་ནས་ལྷག་མ་ཉིན་ཞག་གསུམ་བཟུང་ནས་གཡོན་གྱི་འདབ་མ་བཅུ་གཉིས་པ་ལ་འཇུག་གོ། དེ་ལ་ཞག་གཉིས་གནས་ནས་དོར་ཏེ་འདབ་མ་ཐམས་ཅད་སྟོང་པར་བྱས་ནས་ལྷག་མ་ཞག་གཅིག་བཟུང་སྟེ། ལྟེ་བ་ལ་འཇུག་ཅིང་ཞག་གཅིག་གི་རྒྱུ་བ་རྫོགས་ནས་དབུགས་ཀྱི་འཁོར་ལོའི་རྒྱུ་བ་སྣ་གཡས་ནས་ཐོན་ཏེ་བཏང་ནས་རྣམ་པར་ཤེས་པ་སྲོག་གི་རླུང་དང་ལྷན་ཅིག་འགྲོ་བ་དྲུག་པོ་གཞན་དུ་འཕོ་བར་བྱེད་དོ། །དེ་ལྟར་ཉི་མའི་ལོ་གསུམ་གྱི་ཉིན་ཞག་སྟོང་བརྒྱད་ཅུའི་གྲངས་རྣམས་ཀྱི་སྲོག་གི་ནུས་པས་ཁྱིམ་གྱི་འཁོར་ལོ་རྩིབས་བཅུ་གཉིས་པ་འདོར་བ་ཡིན་ནོ། །ཉི་མའི་འཆི་ལྟས་ཀྱི་ངེས་པའོ། །བླ་མ་ཁ་ཅིག་ཟླ་བའི་འཆི་ལྟས་ཀྱི་རླུང་རྒྱུ་བའི་ཞག་རྣམས་ཚེས་ཞག་དང་། ཉི་མའི་འཆི་ལྟས་ཀྱི་རླུང་རྒྱུ་བའི་ཞག་རྣམས་ཁྱིམ་ཞག་ཡིན་ནོ་ཞེས་འཆད་དོ། །སྐབས་འདིར་འཆི་ཞག་དང་རང་བཞིན་པའི་ཞག་ཇི་ལྟར་འབྱུང་ཚུལ་ལ་སྔ་འགྲེལ་རྣམས་སུ་བཞེད་པ་མི་མཐུན་པ་ཅུང་ཟད་བྱུང་ཡང་སྔ་མ་དེ་རྣམས་ལས་འཐད་ཆ་བཟུང་བ་མཁས་གྲུབ་འགྲེལ་ཆེན་ལྟར་ན། འདབ་མ་དང་པོར་སྣ་བུག་གཡས་ནས་ཐོག་མར་བར་མ་ཆད་པར་འཆི་ཞག་ལྔ་རྒྱུ། དེ་ནས་རང་བཞིན་པ་སུམ་བརྒྱ་སུམ་ཅུ། དེ་ནས་འདབ་མ་གཉིས་པར་ཐོག་མར་རང་བཞིན་པ་ཉེར་ལྔ། དེ་ནས་འཆི་ལྟས་ཞག་བཅུ། དེ་ནས་


MR17_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་པ་སུམ་བརྒྱ་བཅུ། རྩ་འདབ་གསུམ་པར་རང་བཞིན་པ་བཞི་བཅུ། དེ་ནས་འཆི་ཞག་བཅོ་ལྔ། དེ་ནས་རང་བཞིན་པ་བརྒྱ་བཅོ་ལྔ། རྩ་འདབ་བཞི་པར་ཐོག་མར་རང་བཞིན་པ་ལྔ་བཅུ། དེ་ནས་འཆི་ཞག་ཉི་ཤུ། ལྔ་པར་ཐོག་མར་རང་བཞིན་པ་སོ་གཉིས། དེ་ནས་འཆི་ཞག་ཉེར་ལྔ། དྲུག་པར་ཐོག་མར་རང་བཞིན་པ་གཉིས། དེ་ནས་འཆི་ཞག་ཉེར་དྲུག །བདུན་པ་མན་ཆད་ལ་རྩ་འདབ་རེ་རེ་འདོར་བའི་ཞག་གྲངས་ལ་འཆི་ཞག་དང་། རང་བཞིན་གྱི་ཞག་གཉིས་སུ་འབྱེད་རྒྱུ་མེད་ཀྱི་འཆི་ལྟས་ཀྱི་ཞག་གྲངས་དེ་ཉིད་རྩ་འདབ་འདོར་བའི་ཞག་གྲངས་ཀྱང་ཡིན་ནོ། །འཆི་ཞག་རྣམས་རྩ་འདབ་གཅོད་པའི་ཞག་ལ་གཏོགས་དགོས་ཏེ། འཆི་ཞག་རྣམས་རྩ་འདབ་གང་དུ་རྒྱུས་པ་དེ་གཅོད་བྱེད་ཀྱི་གཙོ་བོ་ཡིན་པ་དང་། དེ་དག་མ་བརྩིས་ན་རྩ་འདབ་འདོར་བའི་ཞག་གྲངས་མི་ཚང་བས་གཏོགས་དགོས་པར་བཤད། ཡང་འཆི་ཞག་ཚེ་ལྷག་ལ་གཏོགས་མི་གཏོགས་དཔྱད་ན། འཆི་ཞག་འདི་ལ་ཚེ་ལྷག་འདི་ཙམ་ཡོད་ཅེས་པའི་ཚིག་ལ་བསམ་ན་མི་གཏོགས་པ་འདྲ་ཞིག་སྣང་ཡང་། འདབ་མ་དང་པོ་ནས་བཞི་པའི་བར་དུ་འཆི་ཞག་རྣམས་ཚེ་ལྷག་ལ་གཏོགས་པར་མ་བྱས་ན་གྲངས་མི་འགྲིག་ལ། འདབ་མ་ལྔ་པ་མན་ཆད་ལ་མུ་གསུམ་སྟེ། འདབ་མ་ལྔ་དྲུག་བདུན་བརྒྱད་རྣམས་ཀྱི་རང་རང་གི་འཆི་ཞག་ཚེ་ལྷག་ལ་མི་གཏོགས་པར་མ་བརྩིས་ན་ཚེ་ལྷག་གྲངས་མི་འགྲིག་གོ། འདབ་མ་དགུ་པ་ལ་འཆི་ཞག་བཅུ་པོ་རིལ་པོ་ཚེ་ལྷག་གི་གྲངས་ལ་གཏོགས་པར་བྱས་ན་བཅུ་དྲུག་ལས་ཐལ་ཏེ་ཉེར་གཅིག་ཏུ་འགྱུར་བས་བཅུ་པོའི་ཕྱེད་གཏོགས་པར་བྱས་ཏེ་བཅུ་དྲུག་བརྩི་དགོས་ལ། བཅུ་པའི་འཆི་ཞག་ལྔ་རིལ་པོ་མ་གཏོགས་ན་འཆི་ཞག་བཅུ་གཅིག་གསུངས་པ་མི་ཚང་བས་གཏོགས་དགོས་སོ། །བཅུ་གཅིག་པ་དང་བཅུ་གཉིས་པ་ལ་རིམ་བཞིན་ཚེ་ལྷག་ཞག་གསུམ་དང་གཅིག་ཏུ་གསུངས་པ་དེ་ལ་རང་རང་གི་འཆི་ཞག་གསུམ་དང་གཉིས་བཤད་པ་དེ་


MR17_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

དག་མི་གཏོགས་ཏེ། གཏོགས་ན་རིམ་བཞིན་ཚེ་ལྷག་ཞག་དྲུག་དང་གསུམ་དུ་འགྱུར་བའོ། །དེས་ན་རང་རང་གི་ཚེ་ལྷག་རིལ་པོ་གཏོགས་པ་དང་མི་གཏོགས་པ་དང་ཕྱེད་གཏོགས་ཕྱེད་མི་གཏོགས་པ་གསུམ་དུ་འགྱུར་རོ་ཞེས་གསུངས། དགུ་པའི་ཚེ་ལྷག་བཅུ་དྲུག་ཕྱེད་པ་དཔྱད་བྱར་སྣང་ངོ་། །དེ་སོགས་ཞིབ་ཏུ་བརྩིས་ན་རྣམ་དབྱེ་དུ་མ་ཞིག་སྣང་ཡང་མ་སྤྲོས་སོ། །འདིར་ཉི་མའི་འཆི་ལྟས་ཀྱི་དུས་ཀྱི་འཁོར་ལོ་བཀོད་ཚུལ་ནི། སྔར་ཟླ་བའི་འཆི་ལྟས་ཀྱི་འཁོར་ལོ་བཞིན་དུ་འཁོར་ལོ་རྩིབས་དྲུག་པ་ཕྱི་ནང་རིམ་པ་གཉིས་བཀོད་པ་ལ། འདབ་མ་དང་པོ་ནས་བརྩམ་སྟེ་བཅུ་གཉིས་པའི་བར་དུ་ནང་དུ་འཆི་ལྟས་ཀྱི་ཉིན་ཞག་གི་གྲངས་དང་། དེའི་ཐད་ཀྱི་ཕྱི་རིམ་ལ་ཚེ་ཡི་ལྷག་མ་འཚོ་ཡུན་གྱི་ཉིན་ཞག་འགོད་པར་བྱ་ཞིང་དབུ་མའི་ཞག་གཅིག་དབུས་སུ་བྲིའོ། །ཡང་དེ་འདྲ་བའི་འཁོར་ལོ་གཉིས་པ་ལ། ནང་དུ་ཉིན་ཞག་འདོར་བ་བཀོད་ཅིང་། ཕྱི་མ་ལ་སྔ་མའི་འདབ་མ་རྣམས་རིམ་པས་སྟོང་པ་འགོད་པར་བྱ་སྟེ། འཁོར་ལོ་དེ་ལྟ་བུ་ནི་བལྟས་པ་ཙམ་གྱིས་འཚོ་ཡུན་དང་འདབ་མ་འདོར་ཚུལ་བདེ་བླག་ཏུ་ཤེས་པར་བྱ་བའི་ཆེད་དུའོ། །དེ་ཡང་གཡས་པའི་རྩ་མཉམ་པའི་དུས་སྦྱོར་ལ་སྐྱེས་པ་རྣམས་ལ་ཉི་མའི་འཆི་ལྟས་འབྱུང་ཞིང་། མི་མཉམ་པའི་དུས་སྦྱོར་གཡོན་པ་ལ་སྐྱེས་པ་རྣམས་ལ་ཟླ་བའི་འཆི་ལྟས་འབྱུང་བ་ཡིན་ནོ། །སྐབས་འདིར་འགྲེལ་ཆེན་ལས་གསུངས་པའི་དགོངས་དོན་དཔྱད་པར་བྱ་བ་འདི་ཡོད་དེ། སྐྱེ་བའི་གནས་ཀྱི་དུས་སྦྱོར་གང་ཡིན་ངོས་བཟུང་བའི་སྐབས་སུ་འགྲེལ་ཆེན་ལས་གསུངས་པ། སྐྱེ་བའི་གནས་དེ་ནས་བདུན་པའི་གནས་ནི་རྫོགས་པའོ། །མངལ་ནས་སྐྱེས་པ་རྣམས་ཀྱི་མངལ་བཟུང་བའི་ཟླ་བ་ནི་ཆུ་སྲིན་ནོ། །དེ་ནས་བདུན་པ་ནི་སྲོག་སྐྱེ་བའི་ཟླ་བ་སྟེ་ཀརྐ་ཊའོ། །ཟླ་བའི་རྩ་འཕེལ་བ་ཡོངས་སུ་བཏང་བའི་ཕྱིས་བཅུ་གཉིས་པའི་མཐར་སླར་ཡང་ཆུ་སྲིན་དུ་འགྱུར་ཏེ་མངལ་བཟུང་བའི་ཟླ་བ་བཅུ་གསུམ་པའོ། །དེ་ཕྱིར་ཀརྐ་ཊ་ནི་སྲོག་གི་སྐྱེ་བའི་གནས་ཏེ་ཉི་མ་ཁོ་ནའི་མ་ཡིན་ནོ། །དེ་ནས་འཆར་ཏེ་སྐྱེ་བ་དེ་ནས་ཆུ་སྲིན་


MR17_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་བ་སྟེ། ཁྱིམ་བདུན་པ་འཆར་བ་ན་ཉི་མ་ནུབ་པ་ཞེས་བྱ་བ་རྫོགས་པའི་དུས་སོ་ཞེས་སོགས་གསུངས་པ་དང་། ཡང་འདིར་ལུས་ཀྱི་ལྟེ་བའི་པདྨ་ལ་རྩ་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་ཁྱིམ་གྱི་འཁོར་ལོའོ། །དེ་ལ་སྐྱེ་བའི་གནས་ནི་ཁྱིམ་དང་པོའི་རྩ་སྟེ། མངལ་ནས་སྐྱེས་པའི་བྱིས་པའི་དུས་སྦྱོར་གང་ཡིན་པ་དེ་ཉིད་གླང་ལ་སོགས་པ་མཉམ་པའི་རྩའི་རང་བཞིན་ཅན་ནོ་ཞེས་གསུངས་པ། འདིའི་དོན་ཇི་ལྟར་ཡིན་འཆད་པ་ལ། མངལ་ནས་སྐྱེས་པའི་བྱིས་པའི་དུས་སྦྱོར་གང་ཡིན་པ་ཞེས་པ་སྔ་འགྲེལ་ཕལ་མོ་ཆེས་བྱིས་པ་བཙས་དུས་ཀྱི་ཕྱི་རོལ་གྱི་དུས་སྦྱོར་བཅུ་གཉིས་པོའི་ཁྱིམ་གང་ཤར་བ་དེ་ལ་ངོས་འཛིན་དགོས་ཏེ། བྱིས་པ་བཙའ་དུས་ཀྱི་མ་དང་བྱིས་པའི་ནང་གི་རྩ་འདབ་ལ་རླུང་རྒྱུ་བའི་དུས་སྦྱོར་ཤེས་པའི་སྐར་རྩིས་པ་སུ་ཡང་མེད་ལ། མི་མཉམ་པའི་ཁྱིམ་ལ་སྐྱེས་པ་རྣམས་ལ་ཟླ་བའི་འཆི་ལྟས་དང་། མཉམ་ཁྱིམ་ལ་སྐྱེས་པ་རྣམས་ལ་ཉི་མའི་འཆི་ལྟས་འབྱུང་བར་གསུངས་པ་ནི་བཙས་པའི་དུས་ཀྱི་ཁྱིམ་གང་ཡིན་པའི་དབང་གིས་ཡིན་ནོ་ཞེས་བཤད། ཡང་ལུང་གོང་མའི་དགོངས་དོན་འཆད་པའི་ཕྱོགས་རྣམས་ལ་དཔྱད་པ་ན་མངལ་བཟུང་བ་ཆུ་སྲིན་གྱི་ཟླ་བ་དང་སྲོག་སྐྱེ་བ་བདུན་པ་ཀརྐ་ཊར་གསུངས་པ་འདི། མངལ་ནས་སྐྱེ་བ་ཡིན་ནོ་ཅོག་ཆུ་སྲིན་གྱི་ཟླ་བ་ལ་མངལ་འཛིན་པ་ཡིན་དགོས་པའི་ཁྱབ་པ་མེད་པ་ནི་མངོན་སུམ་གྱིས་ཤེས་ཏེ། ཟླ་བ་བཅུ་གཉིས་པོ་གང་ལའང་མངལ་འཛིན་ཅིང་གང་ལའང་སྐྱེ་བར་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །འོན་ཏེ་མངལ་ན་གནས་པ་རང་ཉིད་ཀྱི་ནང་གི་དུས་སྦྱོར་ཆུ་སྲིན་གྱི་ཁྱིམ་ལ་མངལ་དུ་ཆགས་པ་ཞེས་བྱར་མི་རུང་སྟེ། མངལ་ཆགས་པའི་སྐབས་སུ་རྩ་འདབ་མ་ཆགས་ལ། དེར་དུས་སྦྱོར་གྱི་རླུང་རྒྱུ་བ་མེད་པའི་ཕྱིར་རོ། །གལ་ཏེ་མ་ཡི་ནང་གི་དུས་སྦྱོར་ཆུ་སྲིན་གྱི་འཕོ་བ་ལ་བབ་ཚེ་མངལ་ཆགས་པར་འདོད་ན། དེ་ནས་བགྲང་བའི་ཁྱིམ་བཅུ་གསུམ་པ་ལ་ཕྱིར་བཙའ་བར་དངོས་སུ་གསུངས་པས། མའི་ཆུ་


MR17_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་དུས་སྦྱོར་ནས་སླར་ཡང་ཆུ་སྲིན་གྱི་དུས་སྦྱོར་འཆར་ཚེ་བྱིས་པ་བཙའ་ན་མངལ་བཟུང་ནས་ཞག་གཅིག་སོང་བའི་མཚམས་སུ་བཙའ་དགོས་པས་མི་འཐད་དོ། །ཡང་གལ་ཏེ་འདི་ནི་མངལ་བཟུང་བའི་ཟླ་བ་དེ་ལ་ཆུ་སྲིན་ཁྱིམ་ཟླར་བཏགས་པ་སྟེ། རྒྱུད་འདིར་མ་རིག་པ་དང་ཆུ་སྲིན་གྱི་ཟླ་བ་སྦྱར་བས་མངལ་བཟུང་བ་དེ་མ་རིག་པ་དང་མཚུངས་པའི་ཕྱིར་དེ་ལྟར་བཏགས་ཤིང་། ཕྱི་རོལ་དུ་ཉི་རྐང་ཆུ་སྲིན་གྱི་ཁྱིམ་དུ་ཞུགས་ནས་ཉི་རྐང་འཕེལ་བའི་མགོ་རྩོམ་པ་དང་འདྲ་བས་དེ་ལྟར་བཏགས་པ་ཡིན་ནོ་སྙམ་ན། དེ་ལྟར་བཏགས་རུང་དུ་ཆུག་ཀྱང་བཏགས་པའི་དགོས་པ་མེད་དེ། དེ་ནས་བགྲང་པའི་བདུན་པ་ཀརྐ་ཊར་སྲོག་སྐྱེ་བའི་དོན་དུ་ཡིན་ན་ནི་མངལ་སྐྱེས་ཐམས་ཅད་སྲོག་ཀརྐ་ཊ་ལ་སྐྱེ་བས་ཁྱབ་ན་མངལ་བཟུང་བའི་ཟླ་བའང་ཆུ་སྲིན་ཡིན་པས་ཁྱབ་བས་བཏགས་པར་མི་འགྱུར་ལ་སྔར་བརྗོད་པའི་སྐྱོན་དུ་འགྱུར་རོ། །མངལ་བཟུང་ནས་སྲོག་སྐྱེ་བའི་ཟླ་བ་ཀརྐ་ཊ་ཡིན་པ་ཡོད་པ་ཙམ་དུ་བཤད་ན། ཆུ་སྲིན་ལ་མངལ་བཟུང་བ་ཡང་ཡོད་མོད་འདི་ནི་ཕྱོགས་གཅིག་ཙམ་ཞིག་ཡིན་གྱི་སྤྱིར་བསྟན་པར་མི་རིགས་ལ། འདི་དག་མཚོན་བྱེད་ཙམ་དུ་གསུངས་པ་ཡིན་ན་ཡང་དགོས་པ་མེད་དེ། ཁྱིམ་ཟླ་བཅུ་གཉིས་གང་ལའང་མངལ་ཆགས་པ་ཡོད་པ་སུས་ཀྱང་ཤེས་པས། དེའི་ཆེད་དུ་ཆུ་སྲིན་དང་ཀརྐ་ཊ་འབའ་ཤིག་སྟོན་མི་དགོས་སོ། །འདིས་མཚོན་ནས་གཞན་བཅུ་གཉིས་ལའང་དེ་ལྟར་ཤེས་པར་བྱ་བ་ཡིན་ན་ནི་འདི་དཔེར་བྱས་ནས་གཞན་ཀྱང་དེ་ལྟར་སྟོན་དགོས་ན་དེ་ལྟར་མ་གསུངས་པའི་ཕྱིར་རོ། །ཡང་ཀརྐ་ཊ་ལ་སྲོག་སྐྱེ་བ་ནི་ཕྱི་རོལ་གྱི་ཁྱིམ་ཀརྐ་ཊའི་ཟླ་བ་ལ་ཡིན་གྱི་མངལ་གནས་ལ་མིན་ཏེ་མངལ་དུ་གནས་པའི་བར་དུ་རླུང་འབྱུང་འཇུག་མི་བྱེད་པའི་ཕྱིར་ཟེར་ཀྱང་། མངལ་གནས་ལ་དབུགས་འབྱུང་འཇུག་མི་བྱེད་ཀྱང་ལྟེ་བའི་རྩ་ལ་འཕོ་བ་ཡོད་པས་ན་ཁྱབ་པ་དེ་མ་ངེས་ལ། གཞན་ཡང་ཉི་མའི་འཆི་ལྟས་ཀྱི་རླུང་དང་པོ་གང་ནས་འབབ་པའི་ལྟེ་བའི་རྩ་འདབ་དེ་ཀརྐ་ཊའི་ཁྱིམ་ཡིན་པར་འདོད་པ་ལ། མཁས་པ་ཁ་ཅིག་གིས་དེ་


MR17_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། འགྲེལ་ཆེན་ལས། དེ་ལ་སྐྱེ་བའི་གནས་ནི་ཁྱིམ་དང་པོའི་རྩ་སྟེ་ཞེས་སོགས། མཉམ་པའི་རྩ་གཡས་ཀྱི་རྩ་དྲུག་གི་ཁྱིམ་དང་པོའི་རྩ་དེ་ཉི་མའི་འཆི་ལྟས་ཀྱི་རླུང་དང་པོར་སྐྱེ་བའི་གནས་ཡིན་པར་དངོས་སུ་གསུངས་པ་དང་འགལ་བའི་ཕྱིར་ཏེ། གཡས་ཀྱི་ཁྱིམ་དང་པོའི་རྩ་ནི་ཆུ་སྲིན་གྱི་ཁྱིམ་གྱི་རྩ་ཡིན་ལ། ཀརྐ་ཊའི་རྩ་ནི་གཡས་ཀྱི་ཁྱིམ་བཞི་པ་ཡིན་ནོ། །དེ་བཞིན་ཟླ་བའི་འཆི་ལྟས་ཀྱི་རླུང་ཐོག་མར་རྒྱུ་བའི་རྩ་ཡང་གཡོན་གྱི་དུས་སྦྱོར་གྱི་རྩ་དྲུག་གི་ནང་ནས་རྩ་འདབ་དང་པོ་ལ་རྒྱུ་བར་འགྲེལ་པར་གསུངས་པ་དེ་དང་འདི་རིགས་མཚུངས་སོ་ཞེས་སོགས་གསུངས་སོ། །འདི་ལ་ཅུང་ཞིག་དཔྱད་པར་བྱས་ན། འགྲེལ་པར་མངལ་ནས་སྐྱེས་པའི་བྱིས་པའི་དུས་སྦྱོར་གང་ཡིན་པ་ཞེས་གསུངས་པའི་དོན། བྱིས་པ་དང་པོ་བཙའ་དུས་ཀྱི་ཕྱི་རོལ་གྱི་དུས་སྦྱོར་གང་ཡིན་པ་དེའི་དབང་གིས་མཉམ་པ་ལས་སྐྱེས་པ་རྣམས་ལ་ཉི་མའི་འཆི་ལྟས་དང་། མི་མཉམ་པའི་ཁྱིམ་ལ་སྐྱེས་པ་རྣམས་ལ་ཟླ་བའི་འཆི་ལྟས་འབྱུང་བར་བཤད་པ་དེ་དག་གི་ལུགས་ལ། བྱིས་པ་བཙའ་དུས་ཀྱི་ཕྱི་རོལ་གྱི་དུས་སྦྱོར་བཅུ་གཉིས་པོ་གང་ལའང་བཙའ་བར་སྲིད་པས་དེའི་དབང་དུ་བྱས་ན་ཐོག་མར་ཀརྐ་ཊ་ལ་འཆི་ལྟས་ཀྱི་རླུང་རྒྱུ་བ་དང་ཆུ་སྲིན་སོགས་གཡས་གཡོན་གྱི་དང་པོ་ཁོ་ནར་འཆི་ལྟས་ཀྱི་རླུང་རྒྱུ་བའི་ངེས་པ་བྱར་མེད་པར་འགྱུར་བ་དང་། ཆུ་སྲིན་དང་ཀརྐ་ཊས་མཚོན་ནས་བསྟན་པ་ཡིན་ན་ཁྱིམ་གཞན་ཀུན་ལའང་དེ་འདྲ་ཡོད་དགོས་པས་ཁྱིམ་ཉི་ཙེ་བ་འབའ་ཞིག་སྲོག་སྐྱེ་པའི་ཁྱིམ་དང་པོར་མི་འགྱུར་རོ། །དེས་ན་སྐྱེ་བའི་གནས་ནི། ཁྱིམ་དང་པོའི་རྩ་ཞེས་དང་། སྐྱེ་བའི་གནས་དེ་ནས་བདུན་པ་ཞེས་སོགས་གསུངས་པའི་དང་པོའི་སྒྲ་འདི་ཀརྐ་ཊ་སྲོག་སྐྱེ་བའི་གནས་སུ་བྱས་པ་དེ་དང་། བཙས་པའི་དུས་ཀྱི་ཕྱིའི་དུས་སྦྱོར་གང་ཡིན་པ་དེ་དང་། དེ་དུས་ཀྱི་བྱིས་པའི་ནང་གི་དུས་སྦྱོར་གྱི་རྩ་འདབ་གང་ལ་རླུང་རྒྱུ་བ་དེ་དང་། གཡོན་དང་གཡས་ཀྱི་རྩ་


MR17_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་དང་པོ་སོགས་གང་ལའང་འཇུག་མི་རུང་བ་མེད་པས། འདིར་ཁྱིམ་དང་པོ་ཞེས་པ་གང་ཡིན་དཔྱད་པའི་སྐབས་སུ་དང་པོའི་འདོད་ཚུལ་མི་མཐུན་པ་འདི་དཔྱད་བྱ་ཡིན་གྱི་འཆི་ལྟས་ཀྱི་རླུང་ཁྱིམ་གྱི་རྩ་འདབ་གང་ལ་དང་པོར་འཇུག་པ་ངོས་ཟིན་ན། དེ་ནས་བརྩམ་སྟེ་འདབ་མ་རིམ་པས་འདོར་བ་དང་བདུན་པ་སོགས་ངོས་ཅིས་མི་ཟིན། དེས་ན་སྐྱེ་བའི་ཁྱིམ་དང་པོ་ཞེས་པ་ཀརྐ་ཊ་དང་སྦྱར་བ་འདི་ལ། གང་ཟག་འགའ་ལ་དེ་འདྲ་འོང་བར་སྟོན་པ་ཙམ་མ་ཡིན་ཏེ། དོན་ཁྱད་པར་ཅན་ཞིག་ཡོད་པ་འདྲ་ལ། གོང་གི་ཚིགས་བཅད་སོ་བརྒྱད་པར། དུས་སྦྱོར་ཀརྐ་ཊ་ནས་མི་ཡི་དབང་ཞེས་དང་། དེའི་ཐད་ཀྱི་འགྲེལ་པར་ཕྱི་རོལ་དུ་ཉི་མའི་སྐྱེ་བའི་ཁྱིམ་ནི་ཀརྐ་ཊའོ། །དེ་བཞིན་དུ་སྐྱེས་པ་ཐམས་ཅད་དུས་སྦྱོར་གང་དུ་སྐྱེས་པར་གྱུར་པའི་ཁྱིམ་དེ་ནི་ཀརྐ་ཊའི་མིང་ཅན་དུ་རིག་པར་བྱ་སྟེ། སྲོག་སྐྱེ་བའི་གནས་སུ་འགྱུར་རོ་ཞེས་པའི་རིགས་པས་སོ་ཞེས་དང་། སྐབས་འདིར་སྐྱེ་བའི་གནས་དེ་ནས་སོགས་གོང་དུ་བསྟན་པ་ལྟར་གསུངས་པ་འདི་གཉིས་དོན་འདྲ་སྟེ། དེའི་ཕྱིར་ཀརྐ་ཊ་ནི་སྲོག་སྐྱེ་བའི་གནས་ཏེ་ཉི་མ་ཁོ་ནས་མ་ཡིན་ནོ་ཞེས་གསུངས་པ་དང་། གོང་དུ་མངལ་ནས་སྐྱེས་པ་ཐམས་ཅད་དུས་སྦྱོར་གང་དུ་སྐྱེས་པའི་ཁྱིམ་དེ་ཀརྐ་ཊའི་མིང་ཅན་དུ་རིག་པར་བྱ་གསུངས་པ་འདི་ཇི་ལྟར་ཡིན་པའི་དོན་སྐབས་འདིའི་དཔྱད་བྱ་གཙོ་བོར་སྣང་ངོ་། །དེ་ལ་མངལ་དུ་རླུང་བཅུའི་རྟེན་རྩ་རྣམས་ཆགས་པ་ཅི་རིགས་རྫོགས་པའི་རྗེས་སུ་ཟླ་བ་བདུན་པ་ལ་སྲོག་གི་འཕོ་བ་ཐོག་མར་སྐྱེ་བ་དེ་ཀརྐ་ཊའི་ཁྱིམ་ཟླ་ཡིན་པར་དོན་གྱིས་ཐོབ་པའི་དབང་དུ་བྱས་ན། དེ་ནས་ཡར་བགྲང་བའི་བདུན་པ་དེ་ཆུ་སྲིན་གྱི་ཁྱིམ་ཟླ་ཡིན་པར་དོན་གྱིས་ཐོབ་པས་དེ་ལ་མངལ་དུ་ཞུགས་པར་འགྱུར་ཏེ། ཕྱི་རོལ་གྱི་ཆུ་སྲིན་ཟླ་བ་འཆར་བ་དང་། ནང་དུ་མངལ་གནས་ཀྱི་རྩ་ཡི་དུས་སྦྱོར་ལ་ཆུ་སྲིན་འཕོ་བ་ཡིན་དགོས་པ་གང་ཡང་མ་ཡིན་ཏེ། མངལ་ཆགས་པ་ཆུ་སྲིན་དང་སྲོག་སྐྱེ་བ་ཀ་རྐཊ་ཡི་ཁྱིམ་ལ་བརྩི་བ་རྟེན་ཅིང་འབྲེལ་བའི་ཆོས་ཉིད་ཀྱིས་ཐོབ་པ་སྟེ།


MR17_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ཚེས་ལ་འཆར་བའི་མ་རིག་པ་ལ་སོགས་པ་བཞིན་ནོ། །ཀརྐ་ཊའི་ཁྱིམ་དུ་ཀརྐ་ཊའི་རྩ་འདབ་ལ་སྲོག་སྐྱེས་ནས་དབུགས་འབྱུང་འཇུག་རགས་པ་མེད་ཀྱང་རྩ་གནས་སུ་འཕོ་བ་ཕྲ་མོ་རིམ་པར་འཁོར་བ་ལས་ཕྱི་རོལ་དུ་བཙས་པའི་ཚེ་ནང་གི་རྩ་འདབ་ཀྱི་འཕོ་བ་གང་ལ་བབ་པ་དེ་ནས་ཐོག་མར་སྲོག་རྒྱུ་བའི་མགོ་བརྩམ་ནས་དབུགས་ཀྱི་འཁོར་ལོ་རིམ་པར་མ་ཤིའི་བར་དུ་འདབ་མ་རྣམས་ལ་འཕོ་བ་ལས། གང་ཞིག་རླུང་ཁམས་མི་མཉམ་པར་གྱུར་པའི་འཆི་ལྟས་ཀྱི་རླུང་རྒྱུ་བ་ནི། འཆི་ལྟས་ཀྱི་རླུང་དེ་ནི་དང་པོར་བཙས་པའི་དུས་ཀྱི་འདབ་མ་གང་ལ་སྲོག་རྒྱུ་བ་དེ་ནས་མགོ་བརྩམ་སྟེ་འབྱུང་བས། གཡོན་ཁྱིམ་དྲུག་པོའི་ནང་ཚན་ཡིན་ན་ཟླ་བའི་འཆི་ལྟས་དང་། གཡས་ཀྱི་དྲུག་གི་བྱེ་བྲག་ཡིན་ན་ཉི་མའི་འཆི་ལྟས་སུ་འགྱུར་ཏེ། གང་དུ་དང་པོར་བཙས་ནས་སྲོག་འབབ་པའམ་སྐྱེ་བ་དེ་ནི་འདབ་མ་དང་པོར་བརྩི་བར་བྱ་ཞིང་། དེ་ནས་རིམ་པས་འདབ་མ་རྣམས་འདོར་བས་བདུན་པ་ལ་རྫོགས་པའམ་ནུབ་པའི་ཁྱིམ་ཞེས་བྱའོ། །དེས་ན་འདབ་མ་བགྲང་བའི་ཐོག་མ་ནི་ནང་གི་རྩ་འདབ་བཅུ་གཉིས་པོ་གང་རུང་ཞིག་ནས་རྩོམ་པ་ཡིན་ལ། གང་དུ་བརྩམ་པ་དེ་ནས་གཡོན་དང་གཡས་ཀྱི་ཁྱིམ་དྲུག་པོ་ལ་ལུགས་འབྱུང་དུ་ཕན་ཚུན་སྤེལ་མར་འཕོ་རེས་བྱེད་པས། མཐར་འདབ་མ་བཅུ་གཉིས་པ་འདོར་བ་ནི་འཆི་ལྟས་ཀྱི་རླུང་གཡོན་དུ་ཞུགས་པ་ཡིན་ན་གཡས་སུ་དང་། གཡས་སུ་ཞུགས་པ་ཡིན་ན་གཡོན་དུ་འོང་བས་བཅུ་གཉིས་པ་འདོར་ནས་དབུ་མར་ཞག་གཅིག་བརྒྱུས་ཏེ་འཆི་བ་ཡིན་ནོ། །དེ་ལྟར་ཡང་འགྲེལ་པར་དེ་ལ་སྐྱེ་བའི་གནས་ནི་ཁྱིམ་དང་པོའི་རྩ་སྟེ། མངལ་ནས་སྐྱེས་པའི་བྱིས་པའི་དུས་སྦྱོར་གང་ཡིན་པ་དེ་ཉིད་ཅེས་གསལ་བར་གསུངས་ཏེ། སྐྱེ་བའི་གནས་ཁྱིམ་དང་པོའི་རྩ་མངལ་ནས་སྐྱེས་པའི་བྱིས་པའི་དུས་སྦྱོར་ལ་ངོས་འཛིན་མཛད་པ་འདིས་ཤེས་སོ། །ནང་དུ་རྩ་འདབ་གང་ལ་འཆི་ལྟས་ཞུགས་པ་དང་རྩ་འདབ་གང་འདོར་བ་ནི་རྣལ་འབྱོར་ཅན་མ་གཏོགས་སྐར་རྩིས་པ་སོགས་ཀྱི་ཡུལ་


MR17_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཀྱང་། འཆི་ལྟས་ཀྱི་རླུང་རྒྱུ་བའི་ཞག་ལས་ནང་དུ་རྩ་ཡི་འདབ་མ་དུ་ཙམ་དོར་བ་རྗེས་སུ་དཔགས་ནུས་ཏེ་ལུང་ལ་བརྟེན་པའི་དཔྱད་པས་སོ། །དེ་ལྟར་བཤད་ན་འགྲེལ་པ་དང་མི་འགྲིགས་པ་མེད་ལ་རིགས་པས་ཀྱང་གནོད་པ་ཡང་དག་བསྟན་དུ་མེད་པ་འདྲ་སྙམ་མོ། །དེ་ལྟར་དུས་མ་ཡིན་པར་འཆི་བའི་མཚན་ཉིད་ཅན་གྱི་རླུང་རྒྱུ་ཚུལ་བསྟན་ནས། ད་ནི་དུས་སུ་འཆི་བའི་མཚན་ཉིད་བསྟན་པ་ལ། འགྲེལ་ཆེན་ལས། ཐོག་མར་མུ་སྟེགས་པ་རྣམས་ཀྱི་ལུགས་དགག་པ་གསུངས་པ། མུ་སྟེགས་རྣམས་ཀྱིས་རྩ་གཡས་པ་ལ་ཆུ་ཚོད་ལྔ་རྒྱུ་བས་ཚེ་ལོ་བརྒྱའོ། །དྲུག་རྒྱུས་པས་དགུ་བཅུ། བདུན་གྱིས་བརྒྱད་ཅུ། བརྒྱད་ཀྱིས་ལྔ་བཅུ། དགུས་སུམ་ཅུ། བཅུས་ཉེར་དྲུག །བཅོ་ལྔས་ལོ་བཅུ་བཞི། ཆུ་ཚོད་སུམ་ཅུས་ལོ་བཅུ་གཉིས། ཉིན་ཞག་གཅིག་ཏུ་རྒྱུ་ན་ལོ་བཅུ། ཞག་གཉིས་ཀྱིས་ལོ་བརྒྱད། གསུམ་གྱིས་ལོ་དྲུག །བཞིས་ལྔ། ལྔ་ལ་རྒྱུ་བས་ལོ་གསུམ་མོ་ཞེས་བརྗོད་པ་དེ་དག་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱིས་གསུངས་པའི་ཚུལ་འདིའི་གཞུང་གི་རིགས་པས་དཔྱད་ན་དེ་ལྟར་འཐད་པ་མ་ཡིན་ཏེ། འཆི་ལྟས་མེད་པའི་མི་རྣམས་ལའང་རང་བཞིན་དུ་གཡས་གཡོན་དུ་དབྱུག་གུ་ལྔར་འབབ་ཅིང་། སྐྱེས་བུ་ཚེ་ལོ་བརྒྱ་པ་ལ་འཆི་ལྟས་ཀྱི་དབུགས་སོགས་འཕེལ་བ་འོག་ནས་འཆད་འགྱུར་ལྟར་ཡིན་ཅིང་། ཉི་ཟླ་གཉིས་ཀའི་འཆི་ལྟས་ཡོད་པ་ལ་ཉི་མའི་འཆི་ལྟས་འབའ་ཞིག་ལས་མེད་པ་མི་འཐད་པ་དང་། བྱིས་པ་སྐྱེས་ནས་ཞག་གཅིག་དང་། ལོ་གསུམ་ལ་སོགས་པར་དུས་མིན་འཆི་བ་རྣམས་ལ་རྩ་ཡི་འདབ་མ་འདོར་ཚུལ་སྔར་བཤད་པ་ལྟ་བུའི་རྣམ་དབྱེ་མི་ཤེས་པར་གཡས་རྒྱུ་འབའ་ཞིག་གི་ཆུ་ཚོད་ལྔ་ཡི་སྟེང་ནས་ཆུ་ཚོད་དྲུག་ལ་སོགས་པ་འཕེལ་བས་དུས་མིན་འཆི་བ་རྟོགས་མི་ནུས་པའི་ཚུལ་འགྲེལ་བར་གསུངས་ཤིང་། སྐབས་འདིའི་མུ་སྟེགས་པའི་ལུགས་བརྗོད་པ་དེར་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་དང་ཐམས་ཅད་མཁྱེན་པས་གསུངས་སོ་ཞེས་པ་ཕལ་ཆེར་ཕྱི་རོལ་བ་དག་གི་སྟོན་


MR17_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབང་ཕྱུག་ལྟ་བུ་ལ་གོ་བར་བྱའི་སངས་རྒྱས་མ་ཡིན་པ་ཤེས་པར་བྱའོ། །འདིར་ནི་རྒྱས་པར་མང་དོགས་ནས་མ་བྲིས་ཏེ་གོ་སླ་ཞིང་སྔ་འགྲེལ་རྣམས་སུ་ཤེས་པར་བྱའོ། །དེ་ནས་དུས་སུ་འཆི་བ་ཚེ་ཡི་མཐར་ཐུག་པ་ལོ་བརྒྱར་སོན་ནས་འཆི་བ་རྣམས་ལ་འཆི་ལྟས་ཀྱི་ང་འབྱུང་ཚུལ་གསུངས་པ། འདིར་སྐྱེས་པ་དང་བུད་མེད་ཐམས་ཅད་ལ་ལོ་སོ་གཉིས་དང་ཟླ་བ་གསུམ་ཞག་བཅོ་ལྔ་ལ་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་སྲོག་རབ་ཏུ་འབབ་སྟེ་གསུམ་ཀ་བསྡོམས་པས་ལོ་དགུ་བཅུ་རྩ་དྲུག་དང་ཟླ་བ་བཅུ་ཞག་བཅོ་ལྔར་གཡས་དང་གཡོན་གྱི་དཀྱིལ་འཁོར་ལྔ་འབབ་བོ། །དེ་ནས་ལོ་གསུམ་དང་ཕྱོགས་གསུམ་གྱི་བར་ནི་དབུ་མའི་དུས་ཏེ་འཆི་ཞག་རྒྱུ་བས་སོ། །དེ་ཡང་གཡོན་པའི་རྩ་སྙིང་སྟོབས་དང་། གཡས་རྩ་རྡུལ། དབུ་མ་མུན་པའི་རང་བཞིན་གསུམ་ལས་འཆི་ལྟས་ཀྱི་ང་ནི་མུན་པའི་རྩ་ལ་རྒྱུ་བའི་གྲངས་སྲོག་དང་ཐུར་སེལ་གྱིས་བཟུང་ནས་རིམ་པ་ལྟར་གཡས་དང་གཡོན་གྱི་རྩ་ལ་ཞག་གི་འཆི་ལྟས་སུ་འགྱུར་རོ།། དེ་ཡང་དབུ་མའི་དུས་ཀྱི་ལོ་ཞེས་པ་ལོ་གསུམ་དང་ཕྱོགས་གསུམ་པོ་ཡི་བར་དུ་ངེས་པར་ལོ་གསུམ་དང་ཕྱོགས་གསུམ་པོའི་ཉིན་ཞག་སྟོང་དང་བརྒྱ་ཉེར་ལྔ་བགྲོད་པའི་དབང་གིས་གཡོན་དང་གཡས་སུ་འཆི་ལྟས་ཀྱི་ང་འཕོ་ཞིང་རྒྱུ་བར་བྱེད་པ་སྟེ། ཇི་ལྟར་ན། ཟླ་བ་ཞེས་པ་གཡོན་དང་ཉི་མའི་ལམ་གཡས་པ་དག་ལ། མི་མཉམ་པ་ལུག་སོགས་དང་། མཉམ་པའི་ཁྱིམ་གླང་སོགས་ལ་སྐྱེས་པ་དག་ལ་རིམ་བཞིན་གཡོན་པ་དང་གཡས་པའི་རྩ་ལ་འཆི་ལྟས་ཀྱི་ཉིན་ཞག་རེ་རེ་འཕེལ་བས་རིམ་པས་སོ་ཞེས་པ་མི་མཉམ་པའི་དུས་སྦྱོར་ལུག་སོགས་ལ་སྐྱེས་པ་རྣམས་ལ། ཐོག་མར་གཡོན་དུ་འཆི་ལྟས་ཀྱི་ཞག་རེ་རེ་འབྱུང་བ་ནས་མགོ་བརྩམ་སྟེ། དེ་ནས་རིམ་པར་གསུམ་དང་ལྔ་དང་བདུན་ལ་སོགས་པ་སུམ་ཅུ་རྩ་གསུམ་གྱི་བར་དུ་འཕེལ་བར་འགྱུར་ལ། གླང་སོགས་མཉམ་ཁྱིམ་ལ་སྐྱེས་པ་རྣམས་ལ་ཐོག་མར་གཡས་སུ་འཆི་ལྟས་ཀྱི་


MR17_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་གཉིས་བྱུང་བ་ནས་མགོ་བརྩམ་སྟེ་རིམ་པར་སུམ་ཅུ་རྩ་གཉིས་ཀྱི་བར་དུ་འཕེལ་བར་འགྱུར་རོ། །འཆི་ལྟས་ཀྱི་ཞག་ཐོག་མར་བྱུང་བ་དེ་ནས་སླར་ཡང་འཆི་ལྟས་སྐྱེས་པའི་ཁྱིམ་གྱི་འཕོ་བའི་དབྱེ་བ་དེ་དག་ནི་མི་མཉམ་པ་གསུམ་དང་ལྔ་ལ་སོགས་པ་དང་། མཉམ་པའི་ཉིན་ཞག་བཞི་དང་དྲུག་ལ་སོགས་པ་རྣམས་ཀྱིས་འདབ་མ་བཅུ་གཉིས་ཀྱི་རྩིབས་ཅན་ཁྱིམ་གྱི་རྩ་འདབ་ཀྱི་འཁོར་ལོ་ལ། དཀྱིལ་འཁོར་ལྔའི་རྒྱུ་བ་འདོར་བའི་སླད་དུ་ཞུགས་པར་བྱེད་པ་སྟེ་ཕྱེད་དང་བཅས་པའི་ཟླ་བ་ཕྱོགས་གསུམ་པོའི་མཐའ་ཇི་སྲིད་དུའོ། །དེ་ལ་ལོ་གསུམ་དང་ཕྱོགས་གསུམ་ལ་དཀྱིལ་འཁོར་ལྔ་དང་ཡོན་ཏན་གསུམ་གྱི་ཁམས་ཟད་པར་བྱེད་ཚུལ་ནི། དང་པོ་གཡོན་ནས་འཆི་ཞག་རྩོམ་པའི་དབང་དུ་བྱས་ན། དང་པོར་སྣ་གཡོན་ནས་འཆི་ལྟས་ཞག་གཅིག །རང་བཞིན་པ་ཞག་གཅིག །དེ་ནས་སྣ་བུག་གཡས་ནས་འཆི་ལྟས་ཞག་གཉིས། རང་བཞིན་པ་ཞག་གཉིས། དེ་ནས་གཡོན་ལ་འཆི་ལྟས་ཞག་གསུམ་རྒྱུ་ཞིང་། རང་བཞིན་པ་ཞག་གསུམ་རྒྱུས་ནས། གཡས་ལ་འཆི་ལྟས་ཞག་བཞི། རང་བཞིན་པ་ཞག་བཞི། དེ་ནས་གཡོན་ལ་འཆི་ལྟས་ཞག་ལྔ། རང་བཞིན་པ་ཞག་ལྔ་རྒྱུ་བས་འཆི་ལྟས་ཀྱི་ཞག་བཅོ་ལྔ། རང་བཞིན་པ་བཅོ་ལྔ་བཅས་བསྡོམ་པས་ཞག་སུམ་ཅུ་རྫོགས་པ་ན། གཡོན་གྱི་སྣ་བུག་ལ་སྣ་བུག་གཉིས་ཀྱི་འཕོ་ཆེན་བཅུ་གཉིས་ཀྱི་ནང་ནས་ནམ་མཁའི་དཀྱིལ་འཁོར་གྱི་འཕོ་བ་འདོར་ཞིང་། དེ་ནས་གཡས་ལ་འཆི་ལྟས་ཞག་དྲུག །རང་བཞིན་པ་ཞག་དྲུག་གིས་འཕོ་བ་བཅུ་གཉིས་ཀྱི་ནང་ནས་སྣ་བུག་གཡས་ལ་སའི་དཀྱིལ་འཁོར་གྱི་འཕོ་བ་འདོར་རོ། །དེ་བཞིན་གཡོན་ལ་མི་མཉམ་པའི་ཞག་བདུན་པ་དགུ་པ་བཅུ་གཅིག་པ་ལྟ་བུའི་སྡེ་ཚན་གསུམ་གསུམ་དང་གཡས་ལ་བརྒྱད་པ་བཅུ་པ་བཅུ་གཉིས་པ་ལྟ་བུ་མཉམ་པའི་སྡེ་ཚན་གསུམ་གསུམ་ནས། གཡོན་ལ་ཉེར་ལྔ་ཉེར་བདུན་ཉེར་དགུ་གཡས་ལ་ཉེར་དྲུག་ཉེར་བརྒྱད་སུམ་ཅུའི་བར་དུ་རྒྱུ་བའི་འཆི་ཞག་དང་རང་བཞིན་པའི་ཞག་དང་གཡས་གཡོན་སྤེལ་ཚུལ་གོང་གི་རིགས་པ་ལྟར་སྦྱར་བས་འཕོ་བ་


MR17_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ཀྱི་ནང་ནས་སྣ་བུག་གཡོན་ལ་རིམ་བཞིན་རླུང་མེ་ཆུ་སའི་དཀྱིལ་འཁོར་གྱི་འཕོ་བ་དང་། གཡས་ལ་རིམ་བཞིན་ཆུ་མེ་རླུང་ནམ་མཁའི་དཀྱིལ་འཁོར་གྱི་འཕོ་བ་རྣམས་འདོར་ཏེ། གཡོན་པ་ལ་རྒྱུ་བའི་ཉིན་ཞག་ལྔ་དང་འཕོ་བའི་ཉིན་ཞག་ལྔ་རྣམས་ལ་གཡོན་པའི་ནམ་མཁའི་དཀྱིལ་འཁོར་འབབ་པ་སྲོག་གི་རླུང་གིས་འདོར་རོ། །གཡས་པ་ལ་དྲུག་གི་ཞག་རྣམས་ཀྱིས་ས་ཡི་དཀྱིལ་འཁོར་འདོར་རོ། །དེ་བཞིན་དུ་གཡོན་པར་བཅུ་གཅིག་པས་གཡོན་རླུང་དཀྱིལ། བཅུ་གཉིས་པས་གཡས་ཆུ་དཀྱིལ། གཡོན་པའི་བཅུ་བདུན་པས་མེ་དཀྱིལ། གཡས་པའི་བཅོ་བརྒྱད་པས་མེ་དཀྱིལ། གཡོན་པའི་ཉེར་གསུམ་པས་ཆུ་དཀྱིལ། གཡས་པའི་ཉེར་བཞི་པས་རླུང་དཀྱིལ། གཡོན་པའི་ཉེར་དགུ་པས་ས་དཀྱིལ། གཡས་པའི་སུམ་ཅུ་པས་ནམ་མཁའི་དཀྱིལ་འཁོར་འདོར་བ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་སྣ་བུག་གཡོན་གྱི་དཀྱིལ་འཁོར་གྱི་འཕོ་བ་འདོར་བ་ལ་ཞག་བཞི་བརྒྱ་ལྔ་བཅུ་དང་གཡས་ཀྱི་དཀྱིལ་འཁོར་ལྔའི་འཕོ་བ་འདོར་བ་ལ་ཞག་བཞི་བརྒྱ་བརྒྱད་ཅུ་སྟེ། ཁྱོན་དྲིལ་བས་ཞག་དགུ་བརྒྱ་དང་སུམ་ཅུའོ། །དེ་ནས་དེའི་འོག་ཏུ་ཡོན་ཏན་གསུམ་གྱི་ཁམས་ཟད་པར་བྱེད་ཚུལ་ནི། སྣ་བུག་གཉིས་ལ་དཀྱིལ་འཁོར་བཅུའི་འཕོ་བ་དོར་བ་དེ་ནས། གཡོན་མི་མཉམ་པའི་རྩ་ལ་འཆི་ལྟས་ཀྱི་ཉིན་ཞག་སོ་གཅིག་དང་། འཕོ་བའམ་རང་བཞིན་པའི་ཉིན་ཞག་སོ་གཅིག །སྣ་བུག་གཡོན་ནས་བརྒྱུས་པས་སྙིང་སྟོབས་ཀྱི་ཁམས་སམ་བད་ཀན་གྱི་ཁམས་ཟད་པར་བྱེད་ལ། དེ་ནས་གཡས་ལ་འཆི་ལྟས་ཀྱི་ཞག་སོ་གཉིས་དང་། རང་བཞིན་པ་སོ་གཉིས་ཀྱིས་རྡུལ་ལམ་མཁྲིས་པའི་ཁམས་ཟད་པར་བྱེད་ཅིང་། དེ་ནས་སླར་ཡང་གཡོན་པར་འཆི་ལྟས་ཀྱི་ཉིན་ཞག་སོ་གསུམ་དང་རང་བཞིན་པ་སོ་གསུམ་བརྒྱུས་པས་མུན་པའམ་རླུང་གི་ཁམས་ཟད་པར་བྱེད་དོ། །དེ་ལྟར་ཡོན་ཏན་གསུམ་ཟད་པ་ལ་ཞག་བརྒྱ་གོ་གཉིས་ཡོད་པ་སྔ་མ་དང་


MR17_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

བསྡོམས་པས་ཕྱོགས་གསུམ་གྱི་ཉིན་ཞག་སྟོང་བརྒྱ་ཉེར་ལྔ་ལ་གསུམ་གྱིས་དམན་པ་སྟོང་བརྒྱ་ཉེར་གཉིས་སོང་ངོ་། །དེས་ན་མ་ཚང་བ་གསུམ་པོ་དེ་དང་བཅས་ཏེ་ལོ་གསུམ་དང་ཕྱོགས་གསུམ་གྱི་ཞག་གྲངས་སྟོང་དང་བརྒྱ་ཉེར་ལྔ་རྫོགས་པའི་མཇུག་ཏུའང་ད་དུང་འཆི་པའི་བར་ལ་ཞག་སོ་བཞི་ཡོད་པས། ལོ་བརྒྱ་རྫོགས་ཀྱང་མི་འཆི་བས་དུས་འཆི་མ་ཡིན་པར་དུས་ལས་ལྷག་པར་སྡོད་པར་འགྱུར་སྙམ་ན་མ་ཡིན་ཏེ། ལོ་གསུམ་ཕྱོགས་གསུམ་གྱི་ཡེ་ཆ་རགས་པ་ཞག་སོ་བཞི་དང་ཆུ་ཚོད་སོགས། འདི་རྣམས་འོང་བ་ཡི་སོ་ཆ་གཞན་ནི་ཞག་སུམ་ཅུ་དག་དང་འཚོ་བ་དག་གིས་ཉིན་ཞག་གམ་མཚན་མོ་གསུམ་སྟེ། ཞག་སོ་གསུམ་ནི་ལོ་གསུམ་ཕྱོགས་གསུམ་གྱི་ཞག་གྲངས་སྟོང་བརྒྱ་ཉེར་ལྔའི་ནང་ནས་ཕྱེད་བཅས་སོ་གཉིས་ན་འཆི་ལྟས་ཀྱི་རླུང་ཞག་སུམ་ཅུ་རྩ་གསུམ་རྒྱུ་བ་དང་དབུ་མའི་ཞག་གཅིག་བཅས་ལ་སོ་སོར་རྗེས་འབྲངས་ཆུ་ཚོད་གཅིག་སོགས་དང་བཅས་ཏེ་རྒྱུས་ནས་འཆི་བར་བྱེད་པ་ཡིན་ནོ། །དེ་ཡང་མངལ་དུ་ཟླ་བ་གཅིག་གི་རིང་ལ་རྩ་གང་ཡང་མི་ཆགས་ཤིང་། ཟླ་བ་གཉིས་པ་ནས་ཞག་རེར་རྩ་ཉིས་བརྒྱ་རེ་ཆགས་པས་ཟླ་བ་བཅུ་གསུམ་རྫོགས་པ་ན་རྩ་བདུན་ཁྲི་ཉིས་སྟོང་རྫོགས་ལ། དེ་ཕན་ཆད་རྩ་འཕེལ་བ་མེད་པར་འཆད་པའི་མགོ་རྩོམ་པ་ཡིན་ཞིང་། ཞག་རེར་རྩ་གཉིས་རེ་སྐམ་པའི་དབང་གིས་ལོ་བརྒྱ་ཐམ་པས་རྩ་དེ་དག་མ་ལུས་པ་གཅོད་པ་ཡིན་ཡང་། མངལ་དུ་ཟླ་བ་བཅུ་གཉིས་སུ་བསྡད་པའི་དབང་དུ་བྱས་ཀྱང་བཙས་ནས་ད་དུང་ཟླ་གཅིག་གི་བར་དུ་རྩ་ཆགས་དགོས་པས་རྩ་ཆད་པ་མི་འབྱུང་བས་ཟླ་བ་གཅིག་ལོ་བརྒྱ་ལ་ལྷག་དགོས་པའི་དོན་དེ་ཡིན་ཏེ། རྩ་བདུན་ཁྲི་ཉིས་སྟོང་ཆགས་པའི་རྗེས་ནས་དེ་ཐམས་ཅད་རྫོགས་པར་ཆད་དེ་འཆི་བ་ནི་ལོ་བརྒྱ་པའི་གང་ཟག་དུས་སུ་འཆི་བ་ཡིན་གྱི། རྩ་ཐམས་ཅད་རྫོགས་པར་རང་བཞིན་གྱིས་མ་ཆད་བར་དུ་ཤི་ན་དུས་མིན་འཆི་བ་ཡིན་ནོ། །དེ་བཞིན་དུ་མངལ་དུ་ཟླ་དགུ་བསྡད་ན་སྐྱེས་ནས་ཟླ་བ་བཞིའི་བར་དུ་རྩ་ཆགས་དགོས་པས་ལོ་བརྒྱ་དང་ཟླ་བ་བཞིར་མི་འཆི་བ་སོགས་


MR17_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པར་བྱའོ་ཞེས་བཤད། ཞག་གཅིག་ལྷག་པ་ནི་རྩ་བདུན་ཁྲི་ཉིས་སྟོང་བཅད་ཀྱང་དབུ་མ་དེ་ཡི་གྲངས་སུ་མི་གཏོགས་བས་དབུ་མ་རླུང་གིས་འདོར་བ་ལ་ཞག་གཅིག་དགོས་པ་ཡིན་ནོ། །དེ་ཡང་མཐའི་ཟླ་བ་གཅིག་གི་བར་ལ་སྣ་བུག་གཡོན་ལ་ཞག་གཅིག །དེ་ནས་གཡས་ལ་ཞག་གཅིག་སོགས་རིམ་པས་སྤེལ་ནས་རྒྱུ་ཞིང་། དང་པོ་གཡོན་ནས་བརྒྱུས་པ་ཡིན་ན། ཉིན་ཞག་སུམ་ཅུ་པ་ལ་གཡས་ནས་རྒྱུ་བས་ཕུང་ལྔ་ཁམས་ལྔ་དབང་ལྔ་ཡུལ་ལྔ་ལས་དབང་ལྔ་དེའི་བྱ་བ་ལྔ་རྣམས་གཅོད་ཅིང་འཕོ་བ་ཐམས་ཅད་མེད་ལ། མཐར་དབུ་མ་ཁོ་ན་ལས་ཞག་གཅིག་རྒྱུས་པས། ཕུང་པོ་དྲུག་པ་ནས་ལས་དབང་གི་བྱ་བ་དྲུག་གི་བར་གཅོད་ཅིང་། དེ་ལྟར་ལས་དབང་གི་བྱ་བ་དྲུག་པ་ཁུ་བ་འཕོ་བ་བཅད་ནས། ཟླ་བ་བདུད་རྩིའམ་ཁུ་བ་འོག་ཏུ་འགྲོ་བ་དང་དུས་མཉམ་དུ་རྣམ་པར་ཤེས་པ་སྙིང་ག་ནས་འཆི་འཕོ་ཞིང་སྲིད་པ་གཞན་དུ་འགྲོ་བར་འགྱུར་རོ། །དེ་ནས་འཆི་བའི་དབུགས་ཏེ་འཆི་ལྟས་ཀྱི་རླུང་རིམ་པས་དབུགས་གཅིག་ནས་ཞག་ཏུ་ལོངས་པའི་བར་དུ་རྒྱུ་ཚུལ་གསུངས་པ། དེ་ལ་ཕྱི་རོལ་ལ་ཇི་ལྟ་བ་བཞིན་དུ་ལུས་ལ་དབུགས་དྲུག་གིས་དབུགས་ཀྱི་འཁོར་ལོའོ། །ཆུ་སྲང་དྲུག་ཅུ་ཆུ་སྲང་གི་འཁོར་ལོ། །ཆུ་ཚོད་དྲུག་ཅུ་ནི་ཆུ་ཚོད་ཀྱི་འཁོར་ལོ། །ཉིན་ཞག་སྟོང་བརྒྱད་ཅུ་ནི་དུས་མིན་ཉི་ཟླའི་འཆི་ལྟས་ཀྱི་འཁོར་ལོའོ། །ཉིན་ཞག་སྟོང་དང་བརྒྱ་དང་རླུང་དྲུག་ནི་དབུ་མའི་དབང་གིས་དུས་ཀྱི་འཆི་བའི་ཉིན་ཞག་གི་འཁོར་ལོའོ། །འཁོར་ལོ་འདི་རྣམས་ལ་འཆི་ལྟས་ཀྱི་དབུགས་འཕེལ་ཚུལ་ནི། ནང་དུ་ལུས་ལ་དབུགས་དང་ཆུ་སྲང་དང་ནི་ཆུ་ཚོད་དང་ཉིན་མཚན་ཟུང་གཅིག་གི་དུས་རྣམས་དེ་ནི་རིམ་པ་དག་གིས་འཕེལ་ཞིང་རྒྱུ་བ་སྟེ། དེ་ཡང་དུས་འཆིའི་རྒྱུ་བ་ནི། བགྲོད་པའི་ཡན་ལག་ལས་ནི་ལོ་བདུན་དག་གིས་དབུགས་འཕེལ་ཞིང་། བགྲོད་པ་འགྲོ་བའི་དབང་ལས་ལོ་ནི་དྲུག་ཅུས་ཀྱང་ཆུ་སྲང་འཕེལ་ལ། ཟླ་བ་གསུམ་རེ་བར་དུ་བཞག་པ་ལས་སུམ་ཅུའི་ལོ་ཡིས་ཆུ་ཚོད་འཕེལ་བ་ཡིན་ལ། དེ་ནས་ཉིན་ཞག་གི་འཆི་ལྟས་རྒྱུ་བའམ་བགྲོད་པའི་དབང་གིས་དུས་ཀྱི་ལོ་སྟེ་གསུམ་དང་ཕྱོགས་


MR17_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཉིད་ཀྱིས་ཀྱང་འཕེལ་ཏེ། ཀྱང་གི་སྒྲས་མངལ་ཟླའི་ཞག་སུམ་ཅུ་བསྡུས་པའོ། །དེ་ཡང་དུས་ཀྱི་འཁོར་ལོ་ལོ་གསུམ་ཕྱོགས་གསུམ་གྱི་ཞག་སྟོང་བརྒྱ་ཉེར་ལྔ་པོ་དག་ལ་ཞག་ཕྱེད་དང་བཅས་པའི་སུམ་ཅུ་རྩ་གཉིས་ཀྱིས་བགོས་པའི་ཉིན་ཞག་ཚོགས་ཀྱིས་འཆི་ལྟས་ཀྱི་ཞག་གྲངས་རྒྱུ་བར་བྱེད་པར་འགྱུར་རོ་ཞེས་གསུངས་པ་ལྟར། ཚེ་ལོ་བརྒྱ་ཐུབ་པའི་སྐྱེས་བུ་མངལ་ནས་སྐྱེས་པ་ནས་བརྩམ་སྟེ་བརྩི་དགོས་པས་བཙས་ནས་ཟླ་བ་ཕྱེད་དང་བཅས་པའི་བཅུ་ལ་བགྲོད་པ་གཉིས་སུ་བྱས་པའི་ཕྱོགས་གསུམ་གྱིས་དམན་པའི་ལོ་དང་པོ་ལ་ནི་འཆི་ལྟས་ཀྱི་རླུང་མི་རྒྱུ་ལ་གཡོན་དང་གཡས་ཀྱི་དཀྱིལ་འཁོར་ལྔ་ཡི་རྒྱུ་བ་ཚུལ་བཞིན་རྒྱུའོ། །དེ་རྗེས་གཉིས་པའི་བགྲོད་པ་དང་པོའི་འཕོ་བ་ལ་འཆི་ལྟས་ཀྱི་དབུགས་གཅིག་རྒྱུ་སྟེ། ལོ་གཉིས་ཀྱི་བགྲོད་པ་དང་པོ་དེ་ནི་དེའི་སྔ་མའི་བགྲོད་པ་གཉིས་ལ་འཆི་ལྟས་མི་རྒྱུ་བའི་དང་པོ་དེ་ནས་བརྩིས་པའི་གསུམ་པ་ཡིན་ནོ། །བྱིས་པ་སྐྱེས་མ་ཐག་པ་ནས་ཡེ་ཤེས་ཀྱི་རླུང་ང་དྲུག་རྐང་བཅས་ཐོག་མར་དབུ་མ་ནས་རྒྱུ་བ་ཆོས་ཉིད་ཡིན་ལ། དེའི་རྗེས་ཐོག་དེ་མ་ཐག་པ་ནས་ནང་གི་དུས་སྦྱོར་གྱི་རླུང་ཐོག་མར་རྒྱུ་བ་དེ་ནས་བརྩམ་སྟེ་རིམ་པར་ནང་གི་འཕོ་བ་བཅུ་གཉིས་འཁོར་བ་ཡིན་ནོ། །དེ་འདྲའི་ནང་གི་དུས་སྦྱོར་ཐོག་མ་དེ་མཉམ་པའི་དུས་སྦྱོར་གྱི་རྩ་ལ་ཡིན་ན་ཐོག་མར་སྣ་གཡས་ནས་རྒྱུ་ཞིང་། མི་མཉམ་པའི་དུས་སྦྱོར་གྱི་རྩ་ལ་ཡིན་ན་གཡོན་ནས་རྒྱུ་བ་ཡིན་ནོ། །དེ་ཇི་ལྟར་འཕེལ་ཏེ་རྒྱུ་ཚུལ་འགྲེལ་པར་གསུངས་པ། གོང་བཤད་ལྟར་བགྲོད་པ་གསུམ་པ་ལ་གཡོན་པའི་ནམ་མཁའི་དཀྱིལ་འཁོར་ལ་འཆི་ལྟས་ཀྱི་དབུགས་གཅིག་རྒྱུ་ཞིང་བགྲོད་པ་བཞི་པ་ལ་ནི་རྣལ་མར་རྒྱུ་སྟེ་འཆི་ལྟས་ཀྱི་དབུགས་མི་རྒྱུའོ། །དེ་ནས་ལོ་གསུམ་པའི་བགྲོད་པ་ལྔ་པ་ལ་གཡས་པའི་རྩའི་སའི་དཀྱིལ་འཁོར་ལ་དབུགས་གཉིས་རྒྱུ་སྟེ་དྲུག་པ་ལ་མི་རྒྱུའོ། །དེ་ནས་བགྲོད་པ་བདུན་པ་ལ་གཡོན་པའི་རྩའི་ནམ་མཁའི་དཀྱིལ་འཁོར་ལ་དབུགས་གསུམ་རྒྱུ་སྟེ་བརྒྱད་པ་ལ་མི་རྒྱུའོ། །དེ་བཞིན་དགུ་བར་གཡས་ཀྱི་རྩའི་ས་དཀྱིལ་ལ་དབུགས་བཞི་


MR17_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་སྟེ་བཅུ་པ་ལ་མ་ཡིན་ནོ། །སླར་ཡང་བཅུ་གཅིག་པ་ལ་གཡོན་གྱི་རྩའི་མཁའ་དཀྱིལ་ལ་དབུགས་ལྔ་རྒྱུ་སྟེ་བཅུ་གཉིས་པ་ལ་མི་རྒྱུའོ། །དེ་ནས་བགྲོད་པ་བཅུ་གསུམ་པ་ལ་གཡས་ཀྱི་རྩའི་ས་དཀྱིལ་ལ་དབུགས་དྲུག་རྒྱུ་སྟེ་བཅུ་བཞི་པ་ལ་རྒྱུ་བ་མ་ཡིན་ནོ། །དེ་ལྟར་དབུགས་དྲུག་གི་འཁོར་ལོ་ལོངས་པ་ལི་པྟཱའམ་ཆུ་སྲང་གཅིག་ཏུ་འགྱུར་ཏེ། འདི་ལྟར་དབུགས་དྲུག་ལོངས་པའི་ཡུན་ལ་བཙས་ནས་བཟུང་ཕྱེད་དང་བཅས་པའི་ཟླ་བས་དམན་པའི་ལོ་བདུན་ཐོགས་སོ། །དབུགས་དྲུག་རྫོགས་པའི་མཚམས་འདི་ནས་དེ་ཕན་ཆད་འཆི་ལྟས་ཀྱི་རླུང་དབུགས་ཀྱི་རྣམ་པར་མི་རྒྱུ་བར་ཆུ་སྲང་འབའ་ཤིག་གི་རྣམ་པར་རྒྱུ་སྟེ་ཆུ་སྲང་དྲུག་ཅུ་མ་ལོངས་བར་དུའོ། །འདི་སྔ་མ་སྔ་མའི་དབུགས་རྒྱུ་གྲངས་ཕྱི་མ་དང་བསྡོམས་ནས་དྲུག་ལོངས་པར་འདོད་དོ། །ཁ་ཅིག་བགྲོད་པ་གསུམ་པར་དབུགས་གཅིག །ལྔ་པར་གཡོན་ས་དཀྱིལ་ལ་གཉིས་ནས་བཅུ་གསུམ་པར་གཡས་ས་དཀྱིལ་ལ་དབུགས་རིལ་པོ་དྲུག་དངོས་སུ་རྒྱུ་བར་འཆད་པའང་སྣང་ངོ་། །ཆུ་སྲང་གི་འཆི་ལྟས་ཀྱི་དབུགས་ནི། ལོ་དྲུག་ཅུའི་བར་དུ་ལོ་རེ་རེ་ལ་བགྲོད་པ་གཉིས་ཡོད་པའི་བགྲོད་པ་རེ་རེ་ལ་རྒྱུ། རེ་རེ་ལ་མི་རྒྱུ་བར་གཡོན་མཁའ་དཀྱིལ་ལ་གཅིག་སོགས་རླུང་དགུའི་བར་དང་། གཡས་ས་དཀྱིལ་ལ་གཉིས་སོགས་འཕེལ་ཏེ་ཆུ་སྲང་དྲུག་ཅུའི་བར་དུ་མི་མཉམ་པ་དང་མཉམ་པའི་དུས་སྦྱོར་གྱི་རང་བཞིན་གྱི་འདབ་མ་དྲུག་དྲུག་ལ་རྒྱུའོ། །དེ་ལྟར་ཕྱེད་བཅས་ཟླ་བའི་དམན་པའི་ལོ་དྲུག་ཅུ་རྩ་བདུན་གྱི་བར་དུའོ། །མཚམས་འདི་ནས་འཆི་ལྟས་ཀྱི་རླུང་ཆུ་ཚོད་ཀྱི་རང་བཞིན་དུ་རྒྱུ་བ་ནི། གཡོན་དང་གཡས་ཀྱི་རྩ་ལ་ཆུ་ཚོད་གཅིག་ནས་དྲུག་ཅུའི་བར་དུ་འཕེལ་བ་ནི་ལོ་སུམ་ཅུ་ལ་ཟླ་བ་དྲུག་ཅུ་པ་ཚན་གསུམ་ཡོད་པ་ལས་བགྲོད་པ་ཕྱེད་དམ་ཟླ་བ་གསུམ་རེ་ལ་རྒྱུ། གསུམ་རེ་ལ་མི་རྒྱུ་བ་སྤེལ་བར་འབྱུང་བས་ལོ་སུམ་ཅུ་ན་ཆུ་ཚོད་དྲུག་ཅུར་ལོངས་པས་དེ་ཕན་ཆད་འཆི་ལྟས་ཀྱི་རླུང་ཞག་གི་རང་བཞིན་དུ་རྒྱུའོ། །དེ་ལྟར་རྒྱུ་ཡུན་གྱི་ལོ་སྔ་མ་ཀུན་བསྡོམས་པས་ཕྱེད་བཅས་ཟླ་བས་དམན་པའི་ལོ་དགུ་བཅུ་རྩ་བདུན་


MR17_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ན་འཆི་ལྟས་ཉིན་ཞག་གི་རླུང་དུས་ཀྱི་འཁོར་ལོ་ལོ་གསུམ་ཕྱོགས་གསུམ་ལ་རྒྱུ་ཚུལ་གོང་དུ་གསུངས་པ་བཞིན་ནོ། །འགྲེལ་པར་གཡོན་ནས་ཐོག་མར་རྒྱུ་ཚུལ་གསུངས་པ་འདི་ལས་མཚོན་ནས་གཡས་ལ་རྒྱུ་ཚུལ་ཀྱང་ཤེས་པར་བྱ་སྟེ། བྱིས་པའི་དབུགས་འབབ་པའི་དུས་སྦྱོར་གང་ལ་བཙས་པ་སྟེ། མི་མཉམ་པ་ཡིན་ན་འཆི་ལྟས་ཀྱི་དབུགས་དང་པོ་གཡོན་ནས་མགོ་རྩོམ་ལ། མཉམ་པའི་དུས་སྦྱོར་ལ་སྐྱེས་པ་ཡིན་ན་གཡས་ནས་མགོ་རྩོམ་མོ་ཞེས་སྔ་འགྲེལ་རྣམས་སུ་གསུངས་སོ། །དེ་ལྟར་ན་གཡས་ནས་དང་པོར་རྩོམ་ཚེ་དབུགས་གཅིག་སྔོན་དུ་མ་སོང་བར་གཉིས་ཅིག་ཆར་གཡས་སུ་རྒྱུ་བའམ། ཡང་ན་གཡས་པར་གཅིག་ནས་རྩོམ་དགོས་ན་གཅིག་གསུམ་སོགས་གཡས་སུ་དང་། གཉིས་བཞི་སོགས་གཡོན་དུ་འབབ་པས་མཉམ་མི་མཉམ་གྱི་གྲངས་མི་འགྲིགས་འདྲ་ལ། དུས་མིན་འཆི་ལྟས་ཀྱི་རླུང་ནི་གཡས་གཡོན་གང་རུང་ནས་རྩོམ་པས་བྱིས་པ་སྐྱེས་པའི་དུས་སྦྱོར་ལས་གཡས་གཡོན་གང་རུང་ཞིག་ནས་རྒྱུ་ལ། དུས་འཆི་ནི་གཡས་གཡོན་གཉིས་ཀར་རྒྱུ་བས་མཐའ་གཅིག་ཏུ་གཡོན་ནས་མགོ་རྩོམ་རུང་ངམ་སྙམ་སྟེ་སླར་བརྟག་བྱའི་གནས་སོ། །དེ་ཡང་དུས་ཀྱི་འཁོར་ལོ་ལོ་གསུམ་ཕྱོགས་གསུམ་གྱི་ཞག་སྟོང་དང་བརྒྱ་ཉེར་ལྔ་ལས། ཞག་ཕྱེད་དང་བཅས་པའི་སུམ་ཅུ་རྩ་གཉིས་ཀྱིས་བགོ་དགོས་ཀྱང་། ཕྱེད་ལྷག་པས་བགོ་མ་བདེ་བ་དེ་བགོད་བདེ་བའི་ཆེད་དུ་བགོད་བྱ་ཉིས་འགྱུར་བྱས་པ་ཉིས་སྟོང་ཉིས་བརྒྱ་ལྔ་བཅུ་ལ། བགོད་བྱེད་སོ་གཉིས་ཀྱང་དེ་དང་ཤེད་མཚུངས་པའམ་ཆ་སྙོམས་ཕྱིར་ཉིས་འགྱུར་བྱས་པས་རེ་བཞི་ལ་ཕྱེད་གཅིག་པོ་བཅུག་པས་རེ་ལྔ་དེས་བགོས་པས་ཐོབ་པ་ཞག་སུམ་ཅུ་རྩ་བཞི་ཆུ་ཚོད་སོ་དྲུག་ཆུ་སྲང་ང་ལྔ་དབུགས་གཉིས་དབུགས་ཀྱི་བཅུ་གསུམ་ཆ་བཞི་ཐོབ་པ་འདི་རྣམས་འཆི་ལྟས་ཀྱི་ཆའི་དབུགས་གྲངས་ཏེ། ཞག་སོ་གསུམ་ནི་ལོ་གསུམ་ཕྱོགས་གསུམ་པོའི་ཁོངས་སུ་གཡས་གཡོན་གྱི་འཆི་ལྟས་ཀྱི་ཞག་


MR17_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། ཞག་གཅིག་ནི་དབུ་མའི་འཆི་ཞག་གཅིག་རྗེས་འབྲངས་རྣམས་ནི་འཆི་ལྟས་ཀྱི་ཉིན་ཞག་སོ་བཞི་ལ་འཕར་དགོས་པས། དབྱུག་སོ་དྲུག་སོགས་སོ་བཞིས་བགོས་པས་ཆུ་ཚོད་གཅིག །ཆུ་སྲང་ལྔ། དབུགས་ཀྱི་བཅུ་གསུམ་ཆ་བཅུ་གཉིས། དེའི་བཅུ་བདུན་ཆ་དྲུག་རེ་རྣམས་རྗེས་འབྲང་དུ་ལྷག་པོར་རྒྱུ་བ་སྟེ། དེ་རྣམས་འཚོ་ཞག་གི་ཁོངས་སུ་གཏོགས་པ་ཡིན་གྱི་ལྷག་པོ་མ་ཡིན་ཏེ། སྔར་གྱི་དབུགས་ལ་སོགས་པ་འཆི་ལྟས་ཀྱི་རླུང་རྒྱུ་བ་ཐམས་ཅད་ཀྱང་དུས་དེ་དང་དེར་གཏོགས་ཀྱི་ལོགས་སུ་འཕེལ་བ་མ་ཡིན་ནོ། །བཅུ་བཞི་པ་རྩ་ལ་སོགས་པ་ལ་གཟའི་རྐང་པ་འཆད་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། ཕྱོགས་དང་ཕྱོགས་ལ་ཞེས་སོགས་ཚིགས་བཅད་རེ་བདུན་པ་ནས་གྱ་གཅིག་པའི་བར་གྱིས་བསྟན་པ་འདི་རྩ་རྒྱུད་ལྟར་ན་གནས་པ་བཅུ་བཞི་པ་དང་། ལས་ཀྱི་རྣམ་སྨིན་གྱིས་འགྲོ་བ་དྲུག་ཏུ་སྐྱེ་བའི་ངོ་བོ་ཉིད་ཀྱིས་གནས་པ་བཅུ་གསུམ་པ་ཡིན་ཡང་། རྒྱུད་འདིར་རྩ་འཆད་པ་འཆི་ལྟས་ཀྱི་རྗེས་སུ་བསྟན་པ་ཡིན་ནོ། །དེ་ཡང་ལོ་གསུམ་གྱི་ཞག་གྲངས་སྟོང་བརྒྱད་ཅུ་འང་བཅོ་བརྒྱད་ཀྱིས་བགོས་པས་དྲུག་ཅུ་ཐོབ་ཅིང་ལྷག་མེད་པ་དེ་ལྟར་གཡོན་གྱི་སྟོང་པ་སོགས་དཀྱིལ་འཁོར་འབབ་པའི་རྩ་སུམ་ཅུ་དང་། གཡས་ཀྱི་ས་སོགས་དཀྱིལ་འཁོར་ལྔ་འབབ་པའི་རྩ་སུམ་ཅུ་སྟེ་རྩ་དྲུག་ཅུ་པོ་འདོར་བ་ལ་ལོ་གསུམ་གྱི་ཞག་བཅོ་བརྒྱད་པ་རེ་རེས་ལྟེ་བའི་རྩ་དྲུག་ཅུ་པོའི་རེ་རེ་འདོར་ཏེ། ཇི་ལྟར་འདོར་ན་དེའི་རླུང་ཐམས་ཅད་འདོར་བ་མ་ཡིན་ཏེ། རྩ་སོ་སོའི་ཁམས་དྲུག་གི་ཆ་ཤས་ཡེ་ཤེས་ཀྱི་རླུང་རྒྱུ་བའི་གནས་རྣམས་གཅོད་པ་བཞག་སྟེ། མི་གཅོད་པའམ་མི་འདོར་བ་ནི་འཆི་བའི་མཐའི་ཉིན་ཞག་དྲུག་གི་བར་དུ། དེ་ཡན་ཆད་དུ་རྒྱུ་བའི་རླུང་ལྷག་མ་རྣམས་རྒྱུ་བ་ལ་དགོས་པའི་ཕྱིར་རོ། །དེས་ན་ཡེ་རླུང་རྒྱུ་བའི་ཆ་བཞག་ནས་དེ་མ་གཏོགས་པའི་འབྱུང་བའི་དཀྱིལ་འཁོར་ལྔ་འབབ་པའི་ཆ་གཞན་ཐམས་ཅད་ཀྱི་རྒྱུ་བ་གཅོད་ཅིང་རླུང་གིས་འདོར་རོ། །དེ་བཞིན་འཁོར་ལོ་གཞན་ལའང་ཡེ་ཤེས་ཀྱི་རླུང་རྒྱུ་


MR17_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

བ་མི་འདོར་བ་ཤེས་པར་བྱས་ནས། ཉིན་ཞག་བཅོ་བརྒྱད་ལ་ཕྱོགས་གཅིག་ཏུ་བྱས་པའི་ཕྱོགས་དང་ཕྱོགས་ལ། ལྟེ་བའི་རྩ་ནི་དགུ་ཡིས་བསྣུན་པའི་ལག་འགྲོ་ཞེས་པ་དགུ་བརྒྱད་བདུན་ཅུ་རྩ་གཉིས་ཏེ། ལྟེ་བའི་ནང་སྐོར་གྱི་འཕོ་བ་བཅུ་གཉིས་ཀྱི་རྩ་དང་། ཕྱི་སྐོར་གྱི་དྲུག་ཅུ་སྟེ་བདུན་ཅུ་རྩ་གཉིས་ཀྱི་གྲངས་དེའི་ལྟེ༷་བའི་འཁོར་ལོ་དག་ལ་གཅོད་པར་བྱེད་དེ། དེ་ལྟར་ཞག་བཅོ་བརྒྱད་ཀྱི་ཕྱོགས་དྲུག་ཅུས་ལྟེ་བའི་རྩ་རྣམས་སྲོག་གི་རླུང་གིས་ཡོངས་སུ་འདོར་བར་བྱེད་དོ། །ལྟེ་བའི་ཁྱིམ་གྱི་རྩ་ཆེན་བཅུ་གཉིས་ལས་ལྔ་རེ་ལྔ་རེ་གྱེས་པའི་རྩ་དྲུག་ཅུ་དེའི་རྩ་རྒྱུད་ལས་ཀྱི་འཁོར་ལོ་ལེན་པ་དང་འགྲོ་བའི་བྱ་བ་ལ་དབང་བ་ཞེས་བྱ་བར་བརྗོད་པའི་ལག་པ་དང་རྐང་པའི་ཚིགས་ཆེན་རེ་རེའི་ཐད་དུ་ལྔ་ཚན་རེའི་རྩ་རེ་རེ་ལས་དྲུག་རེ་དྲུག་རེ་གྱེས་པས་ཚིགས་ཆེན་རེའི་འཁོར་ལོ་རྩ་འདབ་སུམ་ཅུ་རེར་འགྱུར་བས་རྩ་འདབ་སུམ་བརྒྱ་དྲུག་ཅུ་དང་། ཚིགས་ཆེན་གྱི་རྩ་རྣམས་ཀྱི་རྩ་རྒྱུད་རྐང་ལག་གི་སོར་མོ་ལ་སོང་བས་ཚིགས་ཕྲན་གྱི་རྩ་འདབ་རྣམས་སུ་འགྱུར་ལ། དེ་ཡང་ལག་པ་གཡས་པའི་ཕྲག་པ་དང་དཔུང་པའི་བར་གྱི་རྩ་འཁོར་གྱི་སུམ་ཅུ་པོའི་རྩ་རྒྱུད་ལག་པ་གཡས་པའི་སོར་ཚིགས་འོག་མ་ལྔར་སོང་བས་སོར་ཚིགས་རེ་ལ་རྩ་དྲུག་རེ་དྲུག་རེ་སྟེ། སོར་ཚིགས་ཀྱི་ཕྲེང་བ་འོག་མའི་རྩ་སུམ་ཅུའོ། །དེ་བཞིན་དུ་དཔུང་པ་དང་ཉེ་བའི་དཔུང་བ་ཞེས་པ་ལག་ངར་ཏེ། དེ་གཉིས་ཀྱི་བར་གྱི་གྲུ་མོ་གཡས་པའི་ཚིགས་ཀྱི་རྩ་རྒྱུད་ལས་ལག་པ་གཡས་པའི་སོར་མོའི་ཚིགས་དབུས་མ་རྣམས་ཀྱི་རྩ་འདབ་སུམ་ཅུ་དང་། ལག་གཡས་ཀྱི་མཁྲིག་མའི་ཚིགས་ཀྱི་རྩ་སུམ་ཅུ་པོའི་རྩ་རྒྱུད་ལག་པ་གཡས་ཀྱི་སོར་མོ་རྣམས་ཀྱི་རྩེ་མོའི་རྩ་སུམ་ཅུ་སྟེ། ཚུལ་འདི་ཇི་ལྟ་བ་བཞིན་དུ་ལག་པ་གཡོན་དང་། རྐང་པ་གཉིས་ལའང་རིགས་བསྒྲེས་ཏེ་ཤེས་པར་བྱ་ལ། རྐང་ལག་གི་སོར་མོའི་ཚིགས་ཕྲན་དྲུག་ཅུ་པོ་ལ་ཡང་རྩ་འདབ་སུམ་བརྒྱ་དྲུག་ཅུ་ཡོད་དོ། །དེ་ལས་རྐང་ལག་གི་ཚིགས་ཆེན་གྱི་འཁོར་ལོ་རྣམས་ནི་


MR17_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པ་དང་འགྲོ་བའི་བྱ་བའི་གཞི་འཛིན་པས་ལས་ཀྱི་འཁོར་ལོ་ཞེས་བྱ་ལ། སོར་ཚིགས་ཀྱི་རྩའི་འཁོར་ལོ་རྣམས་ནི་ལེན་པ་སོགས་ཀྱི་བྱ་བ་བྱེད་པའི་བྱ་བའི་འཁོར་ལོ་ཞེས་བྱའོ། །དེ་ལྟར་ལས་དང་བྱ་བ་ཞེས་པའི་ཚིགས་རྣམས་ལས་རྩ་འདབ་སུམ་བརྒྱ་དྲུག་ཅུ་ཚན་གཉིས་པོ་དེའི་རྩ་རྣམས་ནི་ལོ་གསུམ་གྱི་ཉིན་ཞག་སྟོང་བརྒྱད་ཅུའི་ནང་དུ་ཉིན་ཞག་རྩེ་མོ་ཅན་ཏེ་ཞག་གསུམ་གྱིས་རྩ་ནི་རེ་རེ་འདོར་ཏེ། ཚིགས་ཆེན་གྱི་རྩ་རེ་རེ་འདོར་བ་དང་དེ་དང་འབྲེལ་ཚུལ་གོང་དུ་བཤད་པ་ལྟར་གྱི་སོར་ཚིགས་ཀྱི་རྩ་རེ་རེའང་མཉམ་དུ་འདོར་བར་འགྱུར་རོ། །འདིར་ཚིགས་ཆེན་བཅུ་གཉིས་པོ་ཕྱིའི་ཟླ་བ་བཅུ་གཉིས་དང་སྦྱར་བ་ལ། ལག་པ་གཡས་ཀྱི་ཕྲག་ཚིགས་ཀྱི་རྩ་འཁོར་སུམ་ཅུ་ནི་ཆུ་སྲིན་ཀྱི་ཟླ་བའི་ཚེས་སུམ་ཅུའོ། །དེ་བཞིན་དུ་ལག་པ་གཡོན་པའི་ཕྲག་ཚིགས་དབོ་ཟླ། ལག་གཡས་གྲུ་ཚིགས་ས་ག་ཟླ་བ། ལག་གཡས་མཁྲིག་ཚིགས་སྣྲོན་ཟླ། གཡོན་པའི་ཆུ་སྟོད་ཟླ་བ་སྟེ། དེ་ལྟར་ལག་པའི་ཚིགས་དྲུག་ལ་རྩ་བརྒྱ་དང་བརྒྱད་ཅུ་ནི་བདག་པོའམ་ལྷག་པའི་ལྷའོ། །དེ་བཞིན་དུ་རྐང་པ་གཡས་པའི་དཔྱི་ཚིགས་གྲོ་བཞིན་ཟླ་བ། གཡོན་པའི་ཁྲུམ་ཟླ། རྐང་པ་གཡས་པའི་པུས་ཚིགས་ལ་ཐ་སྐར་ཟླ་བ། གཡོན་པའི་སྨིན་དྲུག་ཟླ་བ། རྐང་པ་གཡས་པའི་ལོང་ཚིགས་ལ་མགོ་ཡི་ཟླ་བ། གཡོན་པའི་ལོང་ཚིགས་ལ་རྒྱལ་ཟླའི་ཚེས་སུམ་ཅུ་སྟེ། རྐང་པའི་ཚིགས་དྲུག་ལ་རྩ་བརྒྱ་དང་བརྒྱད་ཅུའོ། །རྩ་འདི་དག་ཐམས་ཅད་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་ལ་མི་གཏོགས་པས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཞག་རེ་ལ་གཉིས་རེ་གཅོད་པར་བཤད་པ་དང་མི་འདྲའོ། །འོ་ན་སྟོང་ཕྲག་དོན་གཉིས་པོ་རྩ་གང་ལས་གྱེས་སྙམ་ན། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ནས་སྙིང་གའི་རྩ་ལས་གྱེས་པར་གསུངས་པ་ལྟར། སྙིང་གའི་རྩ་འདབ་བརྒྱད་པོ་རེ་རེ་ལས་ཁུ་རྡུལ་རླུང་གསུམ་འབབ་པའི་རྩ་གསུམ་དུ་གྱེས་པས་ཉེར་བཞི། དེ་རེ་རེ་ལ་གསུམ་དུ་གྱེས་པས་དོན་གཉིས།


MR17_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རེ་རེ་ལ་སྟོང་ཕྲག་རེ་རེ་གྱེས་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཏེ། དེ་ལས་སྟོང་ཕྲག་ཉེར་བཞི་ཁུ་བ་འབབ་པ་དང་། དེ་བཞིན་རྡུལ་དང་ང་འབབ་བར་གྲངས་དེ་སྙེད་པ་ལྟར་བྱ་དགོས་པར་མངོན་ནོ་ཞེས་སྔ་མ་རྣམས་གསུངས་སོ། །དེ་ལྟར་ལོ་གསུམ་གྱི་རིང་ལ་ལྟེ་བའི་རྩ་ཡན་ལག་དང་བཅས་པ་གཅོད་ཚུལ་བཤད་ནས། ད་ནི་ཕྱོགས་གསུམ་གྱི་རིང་ལ་དབྱངས་ཀྱི་ཡི་གེ་དང་རྩ་གཅོད་ཚུལ་ནི། དཔྲལ་མགྲིན་སྙིང་གའི་རྩ་གསུམ་ལས། མགྲི༷ན་པ་དག་ལས་རྒྱུ་སྐར་གྱི་རྩ་འདབ་སོ་གཉིས་ལས་སྟོང་པའི་རྩ་བཞི་མ་གཏོགས་པའི་རྩ་ཉེར་བརྒྱད་པོ་ནི་ཕྱོགས་གསུམ་གྱི་ཉིན་ཞག་ཞེ་ལྔ་པོའི་རིང་ལ་ཉིན་དང་ཉིན་ལ་ཟླ་བའི་ནང་དུ་རིམ་པས་འདོར་བ་སྟེ་ཞེས་གསུངས་པ། ཆུ་ཚོད་ང་དྲུག་རྐང་བཅས་ལ་ཉིན་ཞག་ཏུ་བྱས་པའི་ཟླ་བ་གཅིག་གི་ནང་དུ་འདོར་ཏེ་དབྱངས་རིང་ཐུང་ཉེར་བརྒྱད་ཀྱི་བདག་ཉིད་ཅན་འདོར་རོ། །དེ་བཞིན་དཔྲལ་བའི་ཐིག་ལེར་གནས་པ་ཟླ་བའི་རྐང་པ་ཤིན་ཏུ་རིང་པོའི་དབྱངས་ཀྱི་གྲངས་བཅུ་བཞིའི་བདག་ཉིད་ཀྱི་རྩ་ནི་ཕྱོ༷གས་ཀྱི་ནང་དུ་འདོར་ཏེ། གཟའ་ཡི་རྩ་ཞེས་པ་སྙིང་གའི་རྩ་བརྒྱད་ཞག་བརྒྱད་ཀྱིས་འདོར་བ་དང་། གསང་བར་གནས་པ་གསལ་བྱེད་ཀྱི་ཡི་གེའི་རྩ་སུམ་ཅུ་ནི་འཆི་ཞག་སྟོང་ཉེར་ལྔའི་ཡེ་ཤེས་ཀྱི་ཆ་ཞག་སུམ་ཅུས་འདོར་ཏེ། དེ་ལྟར་རྩ་བརྒྱད་ཅུ་པོ་དེ་ནི་ཞག་ཞེ་ལྔ་དང་མཐའི་ཞག་སུམ་ཅུ་ལ་ཞག་དོན་ལྔ་འོང་བ་་ཉིད་ཆུ་ཚོད་ང་དྲུག་དང་བཞི་ཆ་ལ་ཞག་ཏུ་བརྩིས་པའི་ཞག་བརྒྱད་ཅུར་གྱུར་པ་དེའི་རིང་ལ་གཅོད་པར་འགྱུར་རོ་ཞེས་སོ། །དེ་ལ་མཐའི་ཟླ་གཅིག་ཅེས་པ་ནི། སྔར་མངལ་དུ་ཟླ་གཅིག་རྩ་མ་ཆགས་པའི་དབང་གིས་རྩ་གཅོད་པ་ལ་ཕྱོགས་གསུམ་གྱི་ཞག་ཞེ་ལྔའི་མཇུག་ཏུ་ཟླ་བ་གཅིག་ཡོད་པ་འཚོ་བའི་ཟླ་བ་ཐ་མ་དེ་ལ་གོ་བར་བྱ་དགོས་སོ། །དེའི་སྟེང་དུ་དབུ་མའི་རྩ་འདོར་བའམ་གཅོད་པ་ལ་ཞག་གཅིག་དང་བཅས་པ་ཡིན་ནོ། །དཔྲལ་མགྲིན་གསང་བའི་རྩ་བརྒྱད་སྟོང་པའི་ཆ་ལ་བཅད་རྒྱུ་མེད་པས་དེའི་སྐལ་པའི་ཞག་བརྒྱད་


MR17_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྙིང་རྩ་གཅོད་པའི་ཞག་བརྒྱད། གསང་བའི་ཞག་སུམ་ཅུ་ཆུ་ཚོད་ང་དྲུག་དང་བཞི་ཆ་ལ་ཞག་ཏུ་བྱས་པའི་སོ་གཉིས་ལས་སུམ་ཅུ་མ་གཏོགས་པའི་ལྷག་གཉིས་དང་དབུ་མ་གཅོད་པའི་ཞག་གཅིག་རྣམས་ལ་མཚན་མོ་གསུམ་ཞེས་བྱ་ཞིང་། དེའི་ཞག་གཉིས་སྙིང་རྩ་གཅོད་པའི་ནང་དུ་སོང་ཞིང་། གཅིག་གིས་དབུ་མ་གཅོད་དོ་ཞེས་སྔར་གསུངས་པའི་དོན་ཞིབ་ཏུ་ཕྱེ་བའོ། །དེ་ནས་བཅད་བྱ་རྩའི་ཡི་གེ་བཤད་པ་ནི། རྩ་འདི་རྣམས་ཀྱི་ལྷག་པའི་ལྷའི་ཡི་གེ་ཞེས་གསུངས་པ། ཚེས་ལྷའི་ས་བོན་འདི་རྣམས་བསྒོམ་པས་རྩ་སྦྱོང་ཞིང་བྱིན་གྱིས་བརླབ་པར་བྱེད་པའང་ཡིན་ལ། རྩ་འདི་དག་ལ་འབྱུང་བའི་ཁམས་ཀྱི་ཡི་གེ་འདི་རྣམས་གནས་པའང་ཡིན་ཏེ། འདི་རྣམས་རྩ་འདོར་བ་དང་མཉམ་དུ་གཅོད་པའམ་འདོར་བར་གསུངས་པའི་ཕྱིར་རོ། །དེ་ཡང་ཀ་ཙ་ཊ་ཏ་པ་ས་ཡི་སྡེ་པ་དྲུག་ལ་ནང་གསེས་ལྔ་རེ་ཡོད་པས་གསལ་བྱེད་སུམ་ཅུ་པོ་དེ་དག་དབྱངས་རྩ་འདབ་འཕེལ་བ་དང་བསྒྱུར་བའི་སྡེ་ཚན་དྲུག་ཚན་གསུམ་ལ་རིང་པོ་དང་ཐུང་ངུའི་དབྱེ་བས་སུམ་ཅུ་རྩ་དྲུག་གིས་སྤེལ་བས་གསལ་བྱེད་དབྱངས་དང་བཅས་པ་སྟོང་དང་བརྒྱད་ཅུ་ནི། དབུ་མའི་ལོ་གསུམ་གྱི་ཞག་གྲངས་དང་མཚུངས་པ་རྣམས་ལས། ཉིན་མོར་བྱེད་པ་ཁྱི༷མ་གྱི་དབྱེ་བས་བགྲོད་པར་རྒྱུ་བ་སྟེ། བྱང་དུ་བགྲོད་པའི་ཁྱིམ་དྲུག་ལ་ཉིན་མོ་འཕེལ་བའི་རང་བཞིན་དུ་སྤྱད་པའི་ཕྱི་ནས་ལྷོ་བགྲོད་ཀྱི་ཞག་རེ་རེ་ལྷག་པས་ཉིན་དང་ཉིན་ལ་ཉི་མ་ལྷོར་ལྡོག་པར་འགྱུར་ཏེ། ཉི་མའི་ཕྱོགས་ཉིན་མོ་འགྲིབ་ཅིང་ཟླ་བའི་ཕྱོགས་མཚན་མོ་འཕེལ་བ་སྟེ། དེ་ལྟར་བགྲོད་པ་གཉིས་ཀྱི་རིམ་པས་དུས་ཀྱི་ལོ་སྟེ་ལོ་གསུམ་གྱི་ནི་བགྲོད་པ་ཇི་སྲིད་ཉིད་དུ་རྩ་དང་ཡི་གེ་སྟོང་བརྒྱད་ཅུ་གཅོད་པར་བྱེད་དོ། །དེའི་ཚུལ་ནི། དབྱངས་ཐུང་ངུ་རྣམས་ཀྱི་མཐར་ཐིག་ལེ་ཅན་དང་། རིང་པོ་རྣམས་ཀྱི་མཐར་ཚེག་དྲག་ཅན་སྦྱར་བ་འདི་ལྟར། ཨ་ཨི་རྀ་ཨུ་ལྀ་ཨཾ། ཨ་ཨེ་ཨར་ཨོ་ཨ་ཨཾ། ཧ་ཡ་ར་ཝ་ལ་ཧཾ། དེ་བཞིན་


MR17_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཨཱ་ཨཱི་རཱྀ་ཨཱུ་ལཱྀ་ཨཱཿདང་། ཨཱ་ཨཻ་ཨཱར་ཨཽ་ཨཱལ་ཨཱཿ ཧཱ་ཡཱ་རཱ་ཝཱ་ལཱ་ཧཱཿ འདི་རྣམས་གསལ་བྱེད་སུམ་ཅུ་ལ་སྲོག་ཏུ་ཞུགས་པ་སྟེ། དབྱངས་ལྔ་པོ་རྣམས་མཁའ་སོགས་ཁམས་ལྔ་དང་། ཚེག་དྲག་དང་ཐིག་ལེ་ཅན་ནི་ཡེ་ཤེས་ཀྱི་ཁམས་སོ། །དེ་ཡང་ཕྱི་རོལ་དུ་ཟླ་བ་སོ་སོའི་ཞག་སུམ་ཅུ། ནང་དུ་ཚིགས་སོ་སོའི་རྩ་སུམ་ཅུ་ང་སོགས་ཀྱི་ཁམས་སོ་སོ་བ་གཞན་དུ་ཡི་གེ་དང་ལྷ་སུམ་ཅུ་རྣམས་འབྲེལ་བ་ཅན་ནོ། །དེ་ཡང་ལག་པའི་ཚིགས་ཆེན་དྲུག་དང་རྐང་པའི་དྲུག་དེ་བཅུ་གཉིས་པོ་ཁྱིམ་བཅུ་གཉིས་དང་སྦྱར་ནས། ལག་པ་གཡས་ཀྱི་ཕྲག་ཚིགས་ལས་ཀྱི་འཁོར་ལོ་ཆུ་སྲིན་གྱི་ཁྱིམ་ཟླའི་རྩ་འདབ་སུམ་ཅུ་ཡོད་པའི་ས་སོགས་རྩ་དང་པོ་དྲུག་ལ་ཀྐཱཿཀྐླླྀ་ཀྐཱུ་ཀྐྲཱྀ་ཀྐཱི་ཀྐཱ་ཞེས་པ་དྲུག་དང་། དེ་བཞིན་དུ་བྱ་བའི་འཁོར་ལོ་མཐེ་བོང་གཡས་པའི་འོག་གི་ཚིགས་ཀྱི་རྩ་འདབ་དྲུག་ལའོ། །དེ་བཞིན་ཁྑཱ་ཿསོགས་དྲུག་ཕྲག་ཚིགས་ཀྱི་ཆུ་ཡི་རྩ་དྲུག་ཚན་གཉིས་པ་དང་། མཛུབ་མོའི་འོག་གི་རྩ་དྲུག་ལ་དང་གྒཱཿསོགས་དྲུག་ཕྲག་ཚིགས་ཀྱི་མེ་ཡི་རྩ་འདབ་དྲུག་ཚན་གསུམ་པ་དང་། གུང་མོའི་འོག་གི་ཚིགས་ཀྱི་རྩ་དྲུག །གྷྒཱཿསོགས་དྲུག་ཕྲག་ཚིགས་ཀྱི་རླུང་གི་རྩ་དྲུག་ཚན་བཞི་པ་དང་། མིང་མེད་རྩ་བའི་རྩ་དྲུག །དྡཱཿསོགས་དྲུག་ཕྲག་ཚིགས་ཀྱི་སྡེ་ཚན་ལྔ་པའི་མཁའ་ཁམས་ཀྱི་རྩ་དྲུག་དང་། མཐེའུ་ཆུང་འོག་ཚིགས་ཀྱི་རྩ་དྲུག་ལའོ། །དེ་ལྟར་ཉིན་ཞག་དྲུག་དྲུག་གིས་ས་སོགས་ཀྱི་དཀྱིལ་འཁོར་གྱི་རྩ་དང་ཡི་གེ་ཉི་མས་འདོར་ཏེ་ཉིན་ཞག་སུམ་ཅུས་དཀྱིལ་འཁོར་ལྔ་འདོར་རོ། །དེ་ནས་གཡོན་པའི་ཕྲག་ཚིགས་ཀྱི་རྩ་འདབ་བུམ་པའི་ཁྱིམ་ཟླའི་ཡི་གེ་རྣམས་ལ་འཕོ་སྟེ། ང་ངི་ངྼྀ་ངུ་ངླྀ་ངཾ་། གཡོན་པའི་ཕྲག་ཚིགས་ལས་ཀྱི་འཁོར་ལོའི་ནམ་མཁའ་ལ་སོགས་པ་དང་པོའི་རྩ་དྲུག་དང་། བྱ་བའི་འཁོར་ལོ་གཡོན་པའི་མཐེའུ་ཆུང་གི་འོག་གི་ཚིགས་ཀྱི་རྩ་དྲུག་ལའོ། །དེ་བཞིན་དུ་གྷ་གྷི་སོགས་ཀྱིས་ལས་ཀྱི་འཁོར་ལོ་ཕྲག་ཚིགས་དེའི་རླུང་གི་རང་བཞིན་གྱི་རྩ་དྲུག་དང་། མིང་མེད་ཀྱི་འོག་


MR17_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྩ་དྲུག་དང་། ག་གི་སོགས་དྲུག་གིས་བྱ་བའི་འཁོར་ལོ་དེ་དང་། གུང་མོའི་འོག་གི་ཚིགས་ཀྱི་མེ་ཡི་རྩ་འདབ་དྲུག་དང་། ཁ་ཁི་སོགས་དྲུག་གིས་ཚིགས་ཆེན་དེ་དང་། མཛུབ་མོའི་རྩ་འདབ་ཆུ་དྲུག་དང་། ཀ་ཀི་སོགས་དྲུག་གིས་ཚིགས་དེ་དང་མཐེ་བོང་འོག་གི་རྩ་འདབ་ས་ཁམས་པ་དྲུག་འདོར་རོ། །དེ་ལྟར་གཡས་ཕྱོགས་ཀྱི་ཚིགས་དང་ཚིགས་ཕྲན་རྣམས་ལ་གསལ་བྱེད་བརྩེགས་མ་སྡེ་པའི་ཡི་གེ་ལུགས་འབྱུང་དུ་བཀོད་པ་ལ་དབྱངས་རིང་པོ་ལུགས་ཟློག་ཏུ་བཀོད་པ་སྲོག་ཏུ་ཞུགས་པས་དབྱེ་བ་སུམ་ཅུ་དང་། ལུས་ཀྱི་གཡོན་ཕྱོགས་ཀྱི་ཚིགས་དང་ཚིགས་ཕྲན་རྣམས་ལ་སྡེ་པའི་གསལ་བྱེད་རྐྱང་པ་ལུགས་བཟློག་ཏུ་བྱས་པ་ལ་དབྱངས་ཐུང་ངུ་ལུགས་འབྱུང་དུ་ཞུགས་པས་དབྱེ་བ་སུམ་ཅུ་འགོད་པ་དང་། གྲུ་ཚིགས་དང་སོར་མོའི་བར་ཚིགས། མཁྲིག་ཚིགས་དང་སོར་མོའི་སྟེང་གི་ཚིགས་ཟུང་དུ་སྦྱར་ལ། དེ་ཡང་གཡས་ཀྱི་ཕྱོགས་སུ་མཐེ་བོ་ནས་རིམ་པར་དང་། གཡོན་གྱི་ཕྱོགས་སུ་མཐེའུ་ཆུང་ནས་ཡར་རིམ་པར་སྦྱར་བ་དང་། གཡས་ཀྱི་ཕྱོགས་ཀྱི་ཚིགས་ཐམས་ཅད་དུ་དྲུག་ཚན་རེ་རེ་ས་ཆུ་མེ་རླུང་མཁའ་ལྔ་སྡུད་རིམ་གྱི་ཁམས་དང་། གཡོན་གྱི་ཚིགས་ཐམས་ཅད་དུ་མཁའ་རླུང་མེ་ཆུ་ས་ལྔ་སྐྱེད་རིམ་གྱི་ཁམས་དང་སྦྱར་བ་ཐམས་ཅད་དུ་ཤེས་པར་བྱས་ནས། སྔ་མའི་རིགས་བསྒྲེས་ཏེ་སྦྱར་ཚུལ་ཤེས་པར་བྱས་ཏེ། གཡས་པའི་གྲུ་ཚིགས་དང་མཐེ་བོང་སོགས་ཀྱི་བར་ཚིགས་རྣམས་ལ། ཙྩཱཿསོགས་ཙ་སྡེ་རིང་པོ་ཉ་ཡི་ཁྱིམ་ཟླ་དང་། གཡོན་པའི་གྲུ་ཚིགས་དང་མཐེའུ་ཆུང་སོགས་ཀྱི་བར་ཚིགས་ལ། ཉ་ཉི་སོགས་ཙ་སྡེ་ཐུང་ངུ་ལུག་གི་ཁྱིམ་ཟླ་དང་། དེ་བཞིན་ལག་གཡས་མཁྲིག་ཚིགས་དང་མཐེ་བོང་སོགས་སོར་མོའི་རྩེ་ཡི་ཚིགས་ལ་ཊྚཱཿ སོགས་ཊ་སྡེའི་རིང་པོ་གླང་གི་ཁྱིམ་ཟླ་དང་། གཡོན་པའི་མཁྲིག་ཚིགས་དང་། མཐེའུ་ཆུང་སོགས་ཀྱི་སྟེང་ཚིགས་ལ་ཊ་ཊི་སོགས་ཊ་སྡེ་ཐུང་ངུ་འཁྲིག་པའི་ཁྱིམ་ཟླ་སྟེ། དེ་ལྟར་ལག་པའི་ཚིགས་ཆེན་དྲུག་


MR17_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་བགྲོད་ཀྱི་ཁྱིམ་ཟླ་དྲུག་དང་སྦྱར་བ་ལ་ཞག་དང་ཡི་གེ་བརྒྱ་དང་བརྒྱད་ཅུའོ། །དེ་ནས་གཡོན་པའི་ལག་པའི་སོར་མོའི་སྟེང་གི་ཚིགས་ནས་གཡས་པའི་ཕྲག་པའི་ཚིགས་ཀྱི་རྩ་དང་པོའི་བར་དུ་ཞག་བརྒྱ་བརྒྱད་ཅུས་ཉི་མ་ལྷོར་ལྡོག་པས་ཉིན་མོ་འགྲིབ་ཅིང་མཚན་མོ་འཕེལ་བ་དེ་སྲིད་དུ་ཟླ་བའི་ཐུར་སེལ་གྱི་ང་ལ་འཆི་ལྟས་ཀྱི་རྩ་འཆད་པ་རྒྱུའོ། །དེ་ཡང་ལས་ཀྱི་འཁོར་ལོ་རྐང་པ་གཡས་པའི་དཔྱི་ཚིགས་དང་བྱ་བའི་འཁོར་ལོ་རྐང་པ་གཡས་པའི་མཐེ་བོང་འོག་གི་རྩ་འདབ་ནས་མཐེའུ་ཆུང་འོག་གི་རྩའི་བར་དུ་པ་སྡེའི་ཡི་གེ་སུམ་ཅུ་ཀརྐ་ཊའི་ཁྱིམ་ཟླའི་དབྱེ་བས་ས་སོགས་ཁམས་ལྔ་སྡུད་རིམ་ལ་རྒྱུ་སྟེ། པྤཱཿཔྤླཱྀ་སོགས་སོ། །སེང་གེའི་འཕོ་བ་ཁྲུམས་གྱི་ཟླ་བ་ལ་གཡོན་པའི་དཔྱི་ཚིགས་དང་མཐེའུ་ཆུང་འོག་གི་རྩ་འདབ་ལ་མ་མི་སོགས་ཡི་གེ་སུམ་ཅུ་དྲུག་ཚན་རེ་རེ་མཁའ་སོགས་ཀྱི་དཀྱིལ་འཁོར་ལྔ་འདོར་བར་བྱེད་པར་རྒྱུའོ། །དེ་ནས་བུ་མོའི་ཁྱིམ་ཟླ་རྐང་གཡས་པུས་ཚིགས་དང་། མཐེ་བོང་གི་ཚིགས་དབུ་མ་སོགས་ལ། ཏྟཱཿཏྟླྀ་སོགས་ཏ་སྡེ་རིང་པོའི་ཡི་གེ་སུམ་ཅུ་དང་། སྲང་གི་ཁྱིམ་ཟླ་རྐང་གཡོན་པུས་ཚིགས་དང་རྐང་གཡོན་མཐེའུ་ཆུང་དབུ་མའི་ཚིགས་སོགས་ལ། ན་ནི་སོགས་ཏ་སྡེ་ཐུང་ངུའི་ཡི་གེ་སུམ་ཅུ་དང་། སླར་ཡང་སྡིག་པའི་ཁྱིམ་ཟླ་རྐང་པ་གཡས་ཀྱི་ལོང་བུའི་ཚིགས་དང་མཐེ་བོང་གི་སྟེང་ཚིགས་སོགས་ལ་སྶཱཿ སྶླཱྀ་སོགས་ས་ཡི་དཀྱིལ་འཁོར་ལ་དང་། ྉྤྱཱཉྤྙླྀཿ དྲུག་ཆུ་དཀྱིལ་དང་། ཥྵཱཿཥྵླྀ་སོགས་མེ་དཀྱིལ་དང་། ཤྴཱཿཤྴླྀ་སོགས་དྲུག་ང་དཀྱིལ་དང་། ྈྐྈྐའཿྈྐྈྐ་ལྀ་སོགས་དྲུག་མཁའ་དཀྱིལ་གྱི་རྩ་འདབ་དྲུག་འདོར་བར་བྱེད་པའོ། །དེ་བཞིན་གཞུ་ཡི་ཁྱིམ་ཟླ་རྐང་གཡོན་ལོང་ཚིགས་དང་རྐང་པའི་མཐེའུ་ཆུང་སོགས་ཀྱི་སྟེང་གི་སོར་མོའི་ཚིགས་ཀྱི་རྩ་འདབ་དྲུག་རེ་ལ་ྈྐ་ྈྐི་སོགས་དྲུག་མཁའ་དཀྱིལ་དང་། ཤ་ཤི་སོགས་རླུང་དཀྱིལ་དང་། ཥ་ཥི་སོགས་མེ་དཀྱིལ་དང་ྉྤ་ྉྤི་སོགས་ཆུ་དཀྱིལ་དང་། ས་སི་སོགས་ས་དཀྱིལ་ཏེ་དེ་ལྟར་ཡི་གེ་སུམ་ཅུས་རྩ་འདབ་སུམ་


MR17_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

ཅུའི་ཡི་གེ་འདོར་ཞིང་ལྷོར་བགྲོད་ཀྱི་ཁྱིམ་དྲུག་རྐང་པའི་ཚིགས་ལ་སྦྱར་བའོ། །དེ་ནས་གཡོན་བགྲོད་ལ་ཕུང་པོ་ལྔའི་ཁམས་སྡུད་རིམ་དང་འབྱུང་བའི་ཁམས་ལྔ་སྐྱེད་པའི་རིམ་པས་ཉི་མ་བྱང་དུ་ལྡོག་སྟེ། རྐང་པ་གཡས་པ་ལ་ཆུ་སྲིན་གྱི་དབྱེ་བས་ཟླ་བ་ལྷོར་ལྡོག་གོ། དེ་ལྟར་བགྲོད་པ་གཉིས་དང་ཁྱིམ་ཟླ་བཅུ་གཉིས་རྫོགས་པས་དབུ་མའི་དུས་ཀྱི་འཁོར་ལོ་ལོ་གསུམ་ལས། ལོ་དང་པོ་སྙིང་སྟོབས་ཀྱི་ཡོན་ཏན་གྱི་དབྱེ་བའི་ཉིན་མོ་འཕེལ་བ་ཉི་མའི་ཕྱོགས་དང་མཚན་མོ་འཕེལ་བ་ཟླ་བའི་ཕྱོགས་ཀྱི་དུས་ལ་འཆི་ལྟས་ཀྱི་རྩ་གཅོད་པ་དང་པོ་རིམ་པར་འབྱུང་ངོ་། །དེ་ནས་ལོ་གཉིས་པ་རྡུལ་གྱི་ཡོན་ཏན་གྱི་དུས་སུ་འཕེལ་བའི་དབྱངས་ཀྱིས་ཕྱེ་བའི་ཀ་ལ་སོགས་པ་ཆུ་སྲིན་ལ་སོགས་པའི་དབྱེ་བའི་ཚིགས་རྣམས་ལ་སྔ་མ་བཞིན་དུ་རིག་པར་བྱ་སྟེ། ཆུ་སྲིན་ལ་ཀྐཱཿཀྐཱ་ལ་སོགས་དང་། བུམ་པ་ལ་ང་ངེ་ངར་ངོ་ངལ་ངཾ་སོགས་སྔ་མའི་རྩ་བའི་དབྱངས་ལྔའི་ཚབ་ཏུ་འཕེལ་བའི་དབྱངས་སྲོག་ཏུ་ཞུགས་པ་ཙམ་གྱི་ཁྱད་པར་རོ། །དེ་ལའང་ཡི་གེ་སུམ་བརྒྱ་དྲུག་ཅུས་ལོ་གཉིས་པ་རྫོགས་པར་འགྱུར་རོ། །ལོ་གསུམ་པ་མུན་པའི་ཡོན་ཏན་གྱི་དུས་སུ་བསྒྱུར་བའི་དབྱངས་རིང་ཐུང་བཅུ་གཉིས་པོ་སྲོག་ཏུ་ཞུགས་པའི་ཀ་སོགས་གསལ་བྱེད་སུམ་ཅུ་སྟེ། ཆུ་སྲིན་ལ་ཀྐྷཿཀྐླྦ་ཀྐླྦ་ཀྐྲཱ་ཀྐྻྰ་ཀྐྷཱ་སོགས་དང་། བུམ་པའི་ཁྱིམ་ཟླ་ལ་ངྷ་ངྻ་ངྼ་ངྺ་ངླ་ངྙཾ་ཞེས་པ་སོགས་སུ་འགྱུར་ཏེ། ཡི་གེ་སུམ་བརྒྱ་དྲུག་ཅུས་ལོ་ཐ་མ་རྫོགས་ཏེ། དེ་ལྟར་རྩ་འདབ་རེ་རེའི་སྟེང་དུ་ལོ་གསུམ་ལ་ཡི་གེ་གསུམ་རེ་བབ་པ་ལོ་གསུམ་གྱི་ནང་དུ་རྩ་འདབ་སུམ་བརྒྱ་དྲུག་ཅུའི་ཡི་གེ་སྟོང་བརྒྱད་བརྒྱ་འདོར་པ་ནི་ལོ་གསུམ་གྱི་རྩ་དང་ཡི་གེ་གཅོད་པའི་ངེས་པའོ། །སྐབས་འདིར་དོགས་པ་དཔྱད་པ་ལ། ལོ་བརྒྱའི་ཡེ་རླུང་གི་གྲངས་བསྡོམ་པའི་ལོ་གསུམ་ཕྱོགས་གསུམ་འོང་བ་ཡིན་ཡང་། ཚེ་ལོ་བརྒྱ་པ་རྣམས་ཀྱི་ལོ་དགུ་ཅུ་རྩ་དྲུག་དང་ཟླ་བ་བཅུ་དང་ཞག་བཅོ་ལྔ་རྫོགས་པའི་མཚམས་ནས་ལོ་གསུམ་ཕྱོགས་གསུམ་མགོ་ཚུགས་པ་ན། སྣ་བུག་གཡོན་ཁོ་ན་


MR17_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞག་གཅིག་གསུམ་སོགས་དང་། གཡས་ཁོ་ནར་གཉིས་བཞི་སོགས་བརྒྱུས་པས་གཡས་གཡོན་གྱི་འཕོ་བ་བཅུ་གཉིས་མེད་པས་དེའི་འཕོ་མཚམས་ཀྱི་ཡེ་རླུང་ཇི་ལྟར་རྒྱུ་བ་བསམ་པར་བྱ་དགོས་པ་དང་། ཞག་རེར་ཡེ་རླུང་དྲུག་བརྒྱ་དོན་ལྔ་རྒྱུ་བ་དེ་ལ་ཆུ་སྲང་ང་དྲུག་དང་བཞི་ཆ་རེ་ལ་ཆུ་ཚོད་དུ་བྱས་པའི་ཆུ་ཚོད་གཉིས་ཀྱི་ཡེ་རླུང་རྒྱུ་བས་རྩ་གཉིས་རེ་འཆད་པས་ལོ་བརྒྱའི་དུས་སུ་རྩ་བདུན་ཁྲི་ཉིས་སྟོང་འཆད་པའང་ཇི་ལྟར་འབྱུང་སྙམ་པ་དང་། ལོ་གསུམ་གྱི་མགོ་ཚུགས་ནས་འཕོ་བའི་འདབ་མའི་རྩ་རྣམས་འདོར་བས་འཕོ་བ་དེ་དག་མེད་ལ། དེའི་ཚེ་དེ་དག་གི་མཚམས་སུ་ཡེ་རླུང་ཇི་ལྟར་རྒྱུ་སྟེ། དེ་ལྟར་ན་ལོ་བརྒྱའི་ཡེ་རླུང་ལོ་གསུམ་ཕྱོགས་གསུམ་གྱི་གྲངས་སུ་ཇི་ལྟར་ལོངས་སྙམ་པ་ནི་དོགས་པའོ། །དེ་ལ་མཁས་པ་དག་གིས་འདབ་མ་འདོར་ཡང་དབུགས་ཀྱི་རྒྱུ་གྲངས་སྔ་མ་ལས་དམན་དུ་སོང་བ་མེད་པས་འབྱུང་བ་ཐ་མལ་བའི་རླུང་གི་གྲངས་སུམ་བརྒྱ་དྲུག་ཅུ་རེའི་མཚམས་སུ་ནང་དུ་དབུ་མའི་རླུང་རྒྱུ་བ་ནི་སྔ་མ་ལྟར་ཡོད་པ་ཡིན་ནོ་ཞེས་དང་། ཡང་འཕོ་བ་བཅུ་གཉིས་དོར་བ་ཡང་སྔར་ལོ་གོ་དྲུག་ཡན་ཆད་ལ་རྒྱུ་བ་ལྟ་བུ་མེད་ཀྱང་། གང་ཟག་དེའི་འཕོ་བ་བཅུ་གཉིས་མེད་པ་མ་ཡིན་ཏེ། ལྟེ་བའི་རྩ་འདབ་ལ་འཕོ་བ་བཅུ་གཉིས་ཡོད་ཀྱང་། སྣ་བུག་ལ་བཅུ་གཉིས་སུ་རྒྱུ་ཚུལ་དེ་ལྟ་བུ་མེད་དོ་ཞེས་བཤད་ཀྱང་། དོར་རྒྱུ་ལྟེ་བའི་རྩ་འདབ་ཀྱི་འཕོ་བ་ཡིན་ལ་དེའི་དབང་གིས་སྣའི་བུག་པ་གཡས་གཡོན་དུའང་རྒྱུ་བ་སྤོ་བ་ཡིན་པས། ལྟེ་བའི་འཕོ་བ་མདོར་ན་སྣའི་འཕོ་བ་འདོར་བ་ཇི་ལྟར་ཡིན་པ་དཔྱད་དཀའ་འོ། །ཡང་དབུ་མའི་ལོ་གསུམ་གྱི་ཞག་དགུ་བརྒྱ་སུམ་ཅུའི་རིང་ལ་དཀྱིལ་འཁོར་ལྔའི་རླུང་ཐམས་ཅད་འདོར་བར་བཤད་པ་ལྟར་ན་དེ་ཕན་ཆད་ས་སོགས་ཀྱི་འབྱུང་བའི་རླུང་གང་ཡང་རྒྱུ་བ་མེད་དགོས་ནའང་། ལོ་གསུམ་དང་ཕྱོགས་གསུམ་གྱི་མཐར་ཡང་སྟོང་པ་དང་ས་དཀྱིལ་གྱི་དབུགས་རྒྱུ་བར་འགྲེལ་ཆེན་ལས་གསུངས་པ་དང་འགལ་ཞིང་། དཀྱིལ་འཁོར་ལྔ་


MR17_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པའི་རྗེས་སུ་ཡོན་ཏན་གསུམ་གྱི་ཁམས་ཟད་བྱེད་སྣ་བུག་གཡོན་ནས་ཞག་སོ་གཅིག་པ་ཚན་གཉིས་དང་། གཡས་ནས་སོ་གཉིས་པ་ཚན་གཉིས་སོགས་རྒྱུ་བའི་རླུང་དེ་འབྱུང་ལྔའི་རླུང་གང་ཡང་མིན་པར་འགྱུར་ལ། གལ་ཏེ་སྐབས་དེརཡང་དཀྱིལ་འཁོར་ལྔའི་རྒྱུ་བ་ཡོད་ན། དཀྱིལ་འཁོར་ལྔ་ཇི་ལྟར་འདོར་སྙམ་པ་ནི་དོགས་པའོ། །དེ་ལ་སྔ་མ་དག་སྣ་བུག་གི་དཀྱིལ་འཁོར་ལྔའི་རླུང་དོར་ཡང་ལྟེ་བའི་རྩ་འདབ་ཀྱི་དེ་དག་ད་དུང་དོར་བ་མེད་དེ། དབུ་མའི་རླུང་ང་དྲུག་རྐང་བཅས་ཀྱང་དབུ་མའི་ནང་གི་སྐབས་ཤིག་ཏུ་འོག་ཏུ་བཟློག་གི། སྟེང་གི་སྣ་སྒོར་འབྱུང་བ་མ་ཡིན་ཏེ། དུས་རྒྱུན་འཕོ་བ་བཅུ་གཉིས་ཀྱི་སྐབས་སུའང་། དབུ་མའི་དབུགས་ང་དྲུག་རྐང་བཅས་རྒྱུ་བའི་རྐང་པ་བཞི་ཆ་པ་དེ་ནི་སྣ་སྒོར་མི་སླེབ་པར་དབུ་མའི་ནང་གི་སྐབས་ཞིག་ནས་འོག་ཏུ་བཟློག་པ་ལྟ་བུར་ལོ་གསུམ་སོགས་ཀྱི་སྐབས་འདིར་ཡང་དབུ་མའི་དབུགས་དེ་སྣ་སྒོར་སླེབས་ནས་མཉམ་རྒྱུ་བྱེད་པས་མ་ཁྱབ་ཅིང་། ཟླ་བའི་འཆི་ལྟས་ཀྱི་སྐབས་སུ་ཁྱིམ་གྱི་འདབ་མ་ཡོངས་སུ་དོར་ཡང་དབུགས་ཀྱི་འཁོར་ལོ་དམན་པ་མེད་དོ་ཞེས་བཤད། དེ་ལྟར་བཤད་པ་དག་གི་གནད་བསྡུས་ན། ཇི་སྲིད་དབུགས་ཀྱི་འཁོར་ལོ་ཡོངས་སུ་དོར་ཏེ་དབུགས་ཆད་པ་དེ་སྲིད་དུ་རྒྱུ་བའི་དབུགས་ནི་ཡེ་ཤེས་ཀྱི་ཆ་ཡི་དབུགས་དང་། ལས་རླུང་འབྱུང་ལྔའི་ཆ་ཡི་དབུགས་གཉིས་སུ་གནས་པ་ལ། དབུགས་ཀྱི་འཁོར་ལོ་འབྱུང་ལྔའི་དཀྱིལ་འཁོར་རྣམས་རིམ་པར་དོར་ནས་ཐ་མ་གཡས་ཀྱི་ས་དང་གཡོན་པའི་ནམ་མཁའ་འབའ་ཞིག་གི་རིང་ལའང་སྣ་བུག་གཡས་གཡོན་ནས་དབུགས་རྒྱུ་གྲངས་ཉུང་དུ་མི་འགྱུར་ལ། གཡས་གཡོན་གྱི་འདབ་མ་གཞན་དོར་ཏེ་གཉིས་ལ་བབ་ཀྱང་གཡས་གཡོན་དུ་རྒྱུ་བ་ཡོད་ཆོག་པས་ཇི་སྲིད་རོ་རྐྱང་གི་ལམ་གྱི་རྒྱུ་བའི་ལས་རླུང་མཐའ་དག་ཆད་དེ་དབུ་མར་ཞག་གཅིག་བབས་པ་ན་ཡང་སྣའི་དབུགས་རྒྱུ་བ་ཙམ་ཡོད་མོད། དེ་དག་འདབ་མ་བཅུ་གཉིས་ནས་འབབ་མི་དགོས་པར་དབུས་ཀྱི་དབུ་མའི་ཆ་ནས་འབབ་ཅིང་། དེའི་མཐར་དབུགས་རྒྱུན་ཆད་


MR17_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས། ཇི་སྲིད་དབུ་མ་འབའ་ཞིག་ནས་འབབ་པའི་ཞག་གཅིག་པོ་དེ་ལ་མ་ཐུག་གི་བར་དུ་དཀྱིལ་འཁོར་དང་རྩ་འདབ་གཞན་རིམ་པས་དོར་ཏེ་ཕྱི་མའི་མཐར་ཐུག་པའི་ཆ་དེ་ཡིས་གཡས་དང་གཡོན་དུ་དབུགས་ཀྱི་འཁོར་ལོ་འབབ་པ་ཡིན་པས་སྐྱོན་དེ་དག་མེད་པ་ཤེས་པར་བྱའོ། །ཡང་འཕོ་བ་བཅུ་གཉིས་ལ་དཀྱིལ་འཁོར་བཅུ་ལས་མེད་པས་དེའི་རྒྱུ་ཚུལ་དཔྱད་པའི་སྐབས་སུ་གཡོན་ལ་ཐོག་མཐར་ནམ་མཁའ་ལན་གཉིས། གཡས་ལ་ས་ལན་གཉིས་ཏེ་དྲུག་ཏུ་བྱེད་པ་ཡོད་ཅིང་། ས་དང་ནམ་མཁའ་ལ་ཁམས་ཐ་དད་མེད་པས་དཀྱིལ་འཁོར་བཅུ་ལས་གཞན་དུ་མི་འགྱུར་ཟེར་ཀྱང་། འཕོ་ཆུང་རེ་ལ་དབུགས་སུམ་བརྒྱ་དྲུག་ཅུ་རེར་ངེས་པ་དང་། དེའི་མཚམས་སུ་དབུགས་བཅུ་གཅིག་དང་རྐང་བཅས་ཡེ་རླུང་རྒྱུ་བར་བཤད་པ་འདིས་འཕོ་ཆེན་རེ་རྫོགས་པའི་རྗེས་སུ་ཡེ་རླུང་ང་དྲུག་རྐང་བཅས་རྒྱུ་བ་འདི་མི་བདེ་པས། འཕོ་ཆུང་རེའི་མཚམས་སུ་ཡེ་རླུང་བཅུ་གཅིག་རྐང་བཅས་རྒྱུ་བ་འདི་བྱས་ན་འཕོ་ཆུང་རེའི་མཐར་རྒྱུ་བའི་ཡེ་རླུང་གི་ཚད་ཀྱང་དེ་དང་འདྲ་བར་གསུངས་པ་དང་། གཡས་གཡོན་གྱི་འདབ་མ་དྲུག་ལ། དཀྱིལ་འཁོར་ལྔའི་རང་བཞིན་གྱི་དཀྱིལ་འཁོར་སུམ་ཅུ་འབྱུང་བ་སོགས་མི་འགྲིག་པ་གང་ཡང་མེད་པས་འཕོ་ཆེན་རེའི་ཡེ་རླུང་གི་གྲངས་བསགས་ནས་འཕོ་ཆེན་རེའི་མཐར་རྒྱུ་བ་མིན་པར་འཕོ་ཆུང་རེའི་མཐར་སོ་སོའི་ཡེ་རླུང་རྒྱུ་བ་འདོད་དགོས་སོ། །དེ་དག་རགས་པ་མདོར་བསྡུས་ཙམ་གྱི་དོགས་གནས་དཔྱད་པ་སྟེ་ཞིབ་ཏུ་མ་སྤྲོས་སོ། །དེ་ལྟར་ལོ་གསུམ་གྱི་ཞག་སྟོང་བརྒྱད་ཅུ་ལ་གསལ་བྱེད་ཀྱི་ཆོས་ཅན་རྩ་ནི་སུམ་བརྒྱ་དྲུག་ཅུ་རྫོགས་པར་ཆད་པ་ན་ཕྱོགས་གསུམ་པོ་ཉིད་ཀྱི་ཞག་ཞེ་ལྔ་པོའི་ནང་དུ་དབྱངས་ཐུང་ངུ་བཅོ་ལྔ། རིང་པོ་བཅོ་ལྔ་ཤིན་ཏུ་རིང་པོ་བཅོ་ལྔ་སྟེ། དབྱངས་དེ་དག་གི་ཆོས་ཅན་བཅད་པར་བྱ་བའི་རྩ་ནི། དབྱངས་ཀྱི་ཉིན་ཞག་དེ་དག་གི་དབང་གིས་དབྱངས་ཀྱི་ཆོས་ཅན་གྱི་རྩ་ཉི་མའི་དབྱེ་བས་ཉི་མ་དང་། གསལ་བྱེད་ཀྱི་ཆོས་ཅན་གསང་བའི་རྩ་ཟླ་བའི་དབྱེ་བས་ཟླ་བའི་འཆི་བ་རྒྱུ་བ་སྟེ། གོང་དུ་བརྗོད་པ་


MR17_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་མགྲིན་པར་རྩ་ཉེར་བརྒྱད། དཔྲལ་བར་བཅུ་བཞི། མངལ་ཟླའི་དབང་གིས་གསང་བའི་རྩ་སུམ་ཅུ་བཅས་ཞག་སུམ་ཅུས་བཅད་དེ། དེ་ལྟར་ན་ཞག་དོན་བདུན་དང་ནི། དེ་ནས་མགྲིན་པའི་རྩ་སྟོང་པ་བཞི་དང་། དཔྲལ་བའི་གཉིས་དང་། འཚོ་བའི་མཚན་མོ་གསུམ་གོང་བཤད་ལྟར་དགུ་ལས་དབུ་མའི་ཞག་གཅིག་པོ་མ་བརྩིས་པའི་ཞག་བརྒྱད་གོང་གི་སྟེང་དུ་བསྣན་པའི་ཞག་བརྒྱད་ཅུ་ནི་ཆུ་ཚོད་ང་དྲུག་དང་བཞི་ལ་ཞག་དུ་བྱས་པ་དེའི་དབང་གིས་ཡིན་ཏེ་གོང་དུ་བརྗོད་ཟིན་ཏོ། །དེ་ལྟར་དབྱངས་ཀྱི་ཆོས་ཅན་ཞག་ཞེ་ལྔ་ལ་གསུམ་ནི་ཞེས་པ་གསུམ་གསུམ་སྟེ་དྲུག་ནི་སྟོང་པ་སྟེ་མགྲིན་པའི་བཞི་དང་། དཔྲལ་བའི་གཉིས་པོ་ཞེས་པའི་དོན་འདྲ་སྟེ་རྒྱ་དཔེར་ཆད་དམ་བརྟག །དེ་བཞིན་གསང་བའི་རྩ་གསལ་བྱེད་ཀྱི་ཆོས་ཅན་ལའང་གཉིས་སྟོང་པའོ། །ཞག་འདི་དག་ལས་ཞག་བརྒྱད་ནི་སྙིང་གའི་པདྨ་ལ་རྒྱུ་སྟེ། དེ་ལྟར་རྩ་རྣམས་ལ་རྒྱུ་བ་དང་ནི་སླར་མི་རྒྱུ་བར་ཟད་པ་ཡང་བྱེད་ལ། དེ་ནས་རླུང་བཅུ་པོ་རྣམས་ཡང་དག་པར་འདུས་ཏེ་ལྟེ་བ་ལ་ཉིན་དང་མཚན་མོའི་དུས་སུ་དབུགས་ནི་འབྱུང་བ་དང་འཇུག་པ་ཡི་འཁོར་ལོ་ཉམས་པ་དག་གི་བར་དུ་འཚོ་བ་དག་གི་མཚན་མོ་གཅིག་ཏུ་འགྱུར་རོ། །དེ་ནས་ལས་ཀྱི་དབང་གིས་རྣམ་ཤེས་གཞན་དུ་འཕོ་བ་ཡིན་ལ། ཚེ་ལོ་བརྒྱ་པ་རྣམས་དབུ་མའི་ལོའི་དུས་སུ་འཆི་བ་རྣམས་ཀྱི་རྩ་གཅོད་ཚུལ་གྱི་ངེས་པའོ། །དེ་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་སོགས་པ་ལ་སྔར་བཅད་ཟིན་གྱི་ལྷག་མ་དྲུག་ཆ་རེ་མ་བཅད་པར་བཞག་པ་དེ་རྣམས་སུ་རླུང་རྒྱུ་བ་གསུངས་ཏེ། ཇི་ལྟར་ན། ལོ་གསུམ་ཕྱོགས་གསུམ་གྱི་རྩ་གཅོད་པའི་རླུང་རྒྱུས་པའི་མཐར་འཆི་བ་ལ་ཞག་དྲུག་ཡོད་པའི་ཁོངས་སུ་རླུང་བཅུ་རྒྱུ་སྟེ། དེ་ཡང་ལྟེ༷་བ་དང་མགྲི༷ན་པ་དང་དཔྲལ་བ་དང་རང་གི་སྙིང་གའི་པདྨ་དག་ལ་ང་རྒྱུ་བ་གཏན་བཅད་དུ་མ་བྱས་པའི་རྩ་ནི་ལྷག་མ་དང་བཅས་པ་སྟེ་རིམ་པ་བཞིན་ལྟེ་བར་ཉི་མ་སྟེ་བཅུ་གཉིས། མགྲིན་པ་རོ་སྟེ་དྲུག་དང་། དཔྲལ་བར་མེ་སྟེ་གསུམ་དག་གནས་ཏེ། རང་གི་སྙིང་གའི་པདྨར་ཕྱེད་དང་བཅས་པའི་རྩ་


MR17_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དེ་བཞིན་དུ་ལྷག་མ་ཉིད་དོ། །ལག་པ་དང་རྐང་པའི་ཚིགས་ལ་ཆོས་ཀྱིས་བསྒྱུར་བའི་དུས་ཞེས་དྲུག་ཅུ་རྣམས་ལ་འཆི་ཁའི་ཉིན་ཞག་དྲུག་ནི་ཇི་སྲིད་ཉིད་དུ་སྟེ། དེ་དག་ལ་རླུང་རྒྱུའོ། །ཇི་ལྟར་ན། ལྟེ་བར་བཅད་བྱ་རྩ་བདུན་ཅུ་རྩ་གཉིས་ཀྱི་དྲུག་ཆ་རྩ་བཅུ་གཉིས་ལ། གཡོན་སྟོང་པ་དང་གཡས་ས་ཡི་དཀྱིལ་འཁོར་གྱི་རང་བཞིན་གྱི་ཞག་གཅིག་གི་དྲུག་ཆ་དཀྱིལ་འཁོར་བཅུའི་རླུང་ཆུ་ཚོད་བཅུ་དབུགས་སུམ་སྟོང་དྲུག་བརྒྱ་འཚོ་བའི་རླུང་དུ་གནས་ཤིང་། ལྷག་མ་རྩ་དྲུག་ཅུ་ལ་འཆི་བའི་དབུགས་སམ་རླུང་ཆིག་ཁྲི་བརྒྱད་སྟོང་གནས་སོ། །གཉིས་ཀ་བསྡོམ་པ་ཞག་གཅིག་གི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དེ་ལྟར་འཚོ་འཆིའི་རླུང་གི་ཆུ་ཚོད་དྲུག་ཅུ་རྒྱུ་བའི་རྩ་ནི་ཉི་མའི་གྲངས་སོ། །དེ་བཞིན་དུ་མགྲིན་པའི་རྩ་སོ་གཉིས་ལ་ཡུད་ཙམ་སུམ་ཅུའི་རླུང་འབབ་པ་ལས། རྩའི་དྲུག་ཆ་རྩ་ལྔ་དང་རྩ་གཅིག་གི་སུམ་ཆ་ལ་འཚོ་བའི་རླུང་ཡུད་ཙམ་སུམ་ཅུའི་དྲུག་ཆ་ཡུད་ཙམ་ལྔ་དང་རྩ་གཅིག་གི་སུམ་ཆ་དང་བཅས་པའི་རྩ་དྲུག་ལ་ཡུད་ཙམ་དྲུག་འབབ་བོ། །དཔྲལ་བར་དྲུག་ཆའི་རྩ་གཉིས་དང་། གཅིག་གི་སུམ་ཆ་གཉིས་བཅས་གསུམ་ལ། ཐུན་ཕྱེད་བཅུ་དྲུག་གི་དྲུག་ཆ་ཐུན་ཕྱེད་གཉིས་དང་། ཐུན་ཕྱེད་གཅིག་གི་སུམ་ཆ་གཉིས་རྒྱུ་བ་དང་བཅས་པའི་དཔྲལ་བར་མེ་ཡི་ཐུན་ཕྱེད་དེ་དག་ནི་འཚོ་རླུང་རྒྱུ་ཞིང་ལྷག་མ་རྣམས་འཆི་བའི་རླུང་ངོ་། །སྙིང་གར་དྲུག་ཆ་རྩ་གཅིག་དང་། རྩ་གཅིག་གི་སུམ་ཆ་གཅིག་ཡིན་ཀྱང་ཕྱེད་དུ་བྱས་པ་ལ། ཐུན་ཚོད་བརྒྱད་ཀྱི་དྲུག་ཆ་གཅིག་དང་། ཕྱེད་ལ་ཕྱེད་དུ་མ་ལོངས་ཀྱང་ཕྱེད་དུ་བྱས་པའི་ཐུན་ཚོད་ཀྱི་རླུང་ནི་འཚོ་བའི་རླུང་དང་། ལྷག་མའི་ཐུན་ཚོད་ནི་འཆི་བའི་རླུང་དུ་གནས་སོ། །ལག་པ་དང་རྐང་པའི་ཚིགས་ཆེན་གྱི་རྩ་ཡི་འདབ་མ་སུམ་ཅུ་ལ་ལྔ་རེ་འཚོ་རླུང་དང་ལྷག་མ་ཉེར་ལྔར་མུན་པ་ཆེན་པོའི་འཆི་རླུང་རྒྱུའོ། །སོར་མོ་རྣམས་ཀྱི་འདབ་མ་དྲུག་ལ་རེ་རེ་ནི་འཚོ་རླུང་དང་ལྷག་མ་ལྔ་འཆི་རླུང་མུན་པ་ཆེན་པོའོ། །དེ་ལྟར་ན་ཚིགས་ཀྱི་འདབ་མ་སུམ་བརྒྱ་དྲུག་ཅུ་ལས་དྲུག་ཆ་རྩ་དྲུག་ཅུ་འཚོ་རླུང་དང་ལྷག་མ་རྣམས་དུས་ཀྱི་འཆི་བའི་


MR17_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་མུན་པ་ཆེན་པོས་བཟུང་ནས་འཚོ་རླུང་དེ་དག་གི་ནུས་པས་ཞག་དྲུག་ལ་དབུགས་འབྱིན་རྔུབ་བྱེད་ཅིང་ཞག་དྲུག་གིས་དབང་པོ་དང་ཡུལ་གྱི་རྩ་ཟད་པར་བྱས་ནས་དེའི་མཐར་ནི་དུས་ཀུན་ཏུ་ཕྲ་མོར་ཞེས་ཨ་བ་དྷཱུ་ཏཱི་འབའ་ཞིག་ལ་རླུང་རབ་ཏུ་འབབ་སྟེ། དབུ་མར་རྒྱུ་བའི་ཉིན་ཞག་ཐ་མ་དེས་སྙིང་གི་ཆུ་སྐྱེས་ལ་སྲོག་གི་རླུང་གནས་པ་ཡང་དག་པར་གཏོང་བར་བྱེད་དེ་འཆི་བར་འགྱུར་རོ། །འཆི་བའི་ཞག་དྲུག་པོ་དེ་ལ་སྙིང་གི་རྩ་ལ་སྲོག་གནས་པ་མ་དོར་བའི་དབང་གིས་ལྟེ་བ་སོགས་ལ་རླུང་འབབ་པ་ཡིན་པས་རང་གི་སྙིང་གི་པདྨ་ཞེས་གསུངས་པ་འཚོ་རླུང་གི་གནས་གཙོ་བོའི་དབང་གིས་སོ། །དེ་ནས་ཟླ་ཉི་དང་བཤང་གཅིའི་རྩ་སོགས་ལ་འཚོ་བའི་རླུང་རྒྱུ་བ་དོར་ཏེ་འཆི་རླུང་གིས་གནས་དེ་རྣམས་བཟུང་ནས་སྲོག་སྙིང་གར་སྡུད་ཅིང་སྙིང་གའི་རྩ་ཡང་གཏོང་བར་བྱེད་དོ། །འདི་ལ་རྩ་དེ་དག་གི་དྲུག་ཆར་བཤད་པ་མི་འཐད་དེ། མགྲིན་པར་རྩ་སོ་གཉིས་ལས་མེད་པས་དྲུག་བྱས་ན་སོ་དྲུག་ཡོད་དགོས་པ་དང་། དཔྲལ་བར་བཅུ་དྲུག་ལས་མེད་པ་ལ་གསུམ་ཐོབ་ན་བཅོ་བརྒྱད་ཡོད་དགོས་པར་འགྱུར་བ་དེས་ན་ཕྱེད་དང་བཅས་པའི་རྩ་ཞེས་པ་ཕྱེད་དང་བཅས་པའི་ཐུན་ཕྱེད་ལ་གོ་དགོས་ཀྱི། སྔར་རྩ་བཅད་པའི་དོན་ཡང་། སྔར་ལྟར་ནར་མར་རྒྱུ་བའི་རླུང་གིས་དོར་ཞིང་རྒྱུ་བ་ཆད་པའི་དོན་རྩ་དེ་དག་སྐམ་ནས་རླུང་ཕྱིན་ཆད་འགྲོ་འོང་བྱས་མེད་པར་སོང་བ་མ་ཡིན་པས། སྔར་བཅད་པའི་རྩ་ཐམས་ཅད་མ་ལུས་པར་ཡང་རླུང་བཅུ་དང་མུན་པའི་རླུང་དེ་ལྟར་རྒྱུའོ་ཞེས་བཤད་ཀྱང་། རྩ་སྐམ་ནས་རླུང་རྒྱུ་བའི་གོ་སྐབས་མེད་པ་མ་ཡིན་པ་བདེན་ཏེ། འདིར་ཡང་འཆི་རླུང་དང་མུན་པའི་རླུང་རྒྱུ་བར་བཤད་པ་བཞིན་ནོ། །འོན་ཀྱང་བཅད་ཟིན་དེར་འཚོ་རླུང་མི་རྒྱུ་བའི་གནད་ཀྱིས་འདིར་རྩ་བཅུ་གཉིས་ལ་སོགས་པའི་དབྱེ་བ་བྱས་པ་དང་། ལྷག་མ་རྣམས་སུ་འཆི་རླུང་རྒྱུ་བར་གསུངས་པའི་དོན་དེ་ཡིན་ཞིང་རྩ་འགྲེལ་གཉིས་ཀར་ཡང་འཕོ་བ་དང་ཐུན་ཕྱེད་སོགས་ཀྱི་རྒྱུ་བ་དེ་གང་དུ་རྒྱུ་བའི་རྩ་དེ་དག་དངོས་


MR17_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསུངས་པས་དྲུག་ཆ་ལྷག་མར་བཞག་པ་དེ་ལ་སླར་ཞག་དྲུག་ལ་འཚོ་རླུང་རྒྱུ་རུང་བར་ཡོད་པས་ཡིན་ལ། དྲུག་ཆ་འགྲིག་ཚུལ་ནི་གོང་དུ་བཤད་ཟིན་ཏོ། །དེས་ན་རྩ་འདོར་ཚུལ་ཐམས་ཅད་འཚོ་བའི་རླུང་གིས་འདོར་བ་ལ་གོ་དགོས་ཀྱི་འཆི་རླུང་སོགས་རླུང་གང་ཡིན་རྒྱུ་རུང་ཙམ་ལ་གོ་དགོས་པ་མ་ཡིན་ལ་སྐབས་དེར་རྩ་སྐམ་ནས་རླུང་རྒྱུ་མི་རུང་བར་བྱས་པའང་མ་ཡིན་ནོ། །ད་ནི་ཟླ་ཉིའི་རྒྱུ་བ་ལས་བུ་ལོན་ནམ་ཟད་པའམ་ཆད་པའི་དབང་གིས་དབུ་མའི་ནང་དུ་རྒྱུ་བའི་འཆི་བའི་དུས་འཕེལ་བ་གསུངས་ཏེ། སུམ་ཅུ་རྩ་དྲུག་གི་གྲངས་ཀྱི་སྟོང་ཕྲག་ནི་ཉིན་ཞག་སྟོང་ཕྲག་སུམ་ཅུ་རྩ་དྲུག་སྟེ་དེ་ནི་དྷྲུ་ཞེས་པ་ལོ་ཡི་དོན་ཏེ། དེ་ལྟར་དྷྲུའམ་ལོ་བརྒྱའི་ཉིན་ཞག་གི་ཚོགས་རྣམས་ཀྱི་གྲངས་ཡིན་ལ། ཞག་དེ་དག་གིས་དེ་དང་དེའི་དུས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་ལ་ནི་འཆི་བའི་རླུང་འཇུག་པའམ་རྒྱུ་བ་སྟེ། ཞག་གཅིག་གི་ཉི་ཟླའི་ལམ་གྱི་འཕོ་བ་བཅུ་གཉིས་ཀྱི་དཀྱིལ་འཁོར་ལྔའི་རླུང་གི་རྒྱུ་གྲངས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ། རགས་པར་ཟླ་བའི་ཡེ་ཤེས་ཆ་དྲུག་ཅུའི་ཆ་ཤས་དབུགས་སུམ་བརྒྱ་དྲུག་ཅུ་དང་། ཞིབ་པར་ཉི་མའི་ཡེ་ཆ་སུམ་ཅུ་རྩ་གཉིས་ཀྱི་ཆ་ཤས་དབུགས་དྲུག་བརྒྱ་དོན་ལྔ་དག་བུ་ལོན་དུ་གྱུར་པ་ཡེ་ཤེས་རླུང་གི་ཆ་དེ་རྣམས་དབུ་མ་དེར་ཐོབ་སྐལ་དུ་བཀོད་ནས་རིམ་པར་རྒྱུ་བར་བྱེད་དོ། །ཡང་ན་ཞག་གཅིག་གི་འཕོ་ཆུང་དྲུག་ཅུའི་ཆ་ཤས་ཡེ་ཤེས་ཀྱི་རླུང་ཞེས་སུ་གོ་བར་བྱས་ཀྱང་རུང་ངོ་། །དུས་ཀྱི་རྩ་དང་རླུང་གང་ཇི་ལྟར་རྒྱུ་ཞེ་ན། ཉིན་མཚན་ནམ་ཞག་གང་ཞིག་གི་དུས་ཀྱི་ཡུན་ལ་ཉི་མ་དང་ཟླ་བས་རང་རང་གི་འགྲོས་སམ་རྒྱུ་བ་དག་གིས་ཆ་གཞན་གང་དང་གང་རྫོགས་པར་མི་ནུས་པ་ཡི་ཆ་དེ་ལས་ལྟོས་ས་ལྟོས་འཇོག་གི་སྒོ་ནས་ཆད་པ་དང་ལྷག་པའམ་བུ་ལོན་དང་ནོར་དུ་འགྱུར་བ་ཡིན་ནོ། །ཇི་ལྟར་མི་ནུས་ན། ཟླ་བའི་ཞག་ལ་ལྟོས་ནས་ཚེས་ཞག་གསུམ་བརྒྱ་དྲུག་ཅུར་ཉི་མས་རྒྱུ་སྐར་གྱི་འཁོར་ལོ་ཡོངས་རྫོགས་བགྲོད་པར་མི་ནུས་ཞིང་། ཚེས་ཞག་བཅུ་གཅིག་དང་ཆུ་ཚོད་བཅོ་ལྔ་བསྣན་དགོས་པ་དང་། ཉི་མའི་ཉིན་ཞག་གཅིག་གི་ཆུ་


MR17_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་དྲུག་ཅུ་ཟླ་བའི་ཚེས་ཞག་གཅིག་གིས་རྫོགས་མི་ནུས་ལ། ཟླ་བ་རྒྱུ་སྐར་འཁོར་བ་ལ་ཚེས་ཞག་སུམ་ཅུ་ལ་ཆུ་ཚོད་སུམ་ཅུ་བསྣོན་དགོས་པ་དེའི་ཕྱིར་ཉི་མའི་ཉིན་ཞག་ཉི་མ་སྟེ་བཅུ་གཉིས་ནི་ཚེས་ཞག་གི་དབང་དུ་བྱས་ན་ཉི་མས་རྒྱུ་སྐར་འཁོར་ལོ་རྫོགས་པར་རྒྱུ་བ་ལ་ཡང་བུ་ལོན་དུ་འགྱུར་ཏེ། ཚེས་ཞག་སུམ་བརྒྱ་དྲུག་ཅུའི་སྟེང་དུ་དེ་མ་བསྣན་པར་རྒྱུ་སྐར་འཁོར་མི་ནུས་སོ། །དེ་རགས་རྩིས་ཏེ་ཞིབ་པར་ཚེས་ཞག་བཅུ་གཅིག་རྗེས་འབྲངས་དང་བཅས་པའོ། །དེ་ཡི་ཕྱེད་ཞག་དྲུག་ནི་ཟླ་བའི་ཚེས་ཞག་གི་རྒྱུ་བ་ཡི་གྲངས་སུམ་བརྒྱ་དོན་གཉིས་དེ་ལ་བུ་ལོན་དུ་འགྱུར་ཏེ། ཉི་མ་རང་གི་ཉིན་ཞག་གི་དབང་དུ་བྱས་ན་སུམ་བརྒྱ་དྲུག་ཅུ་རེ་དྲུག་གིས་རྒྱུ་སྐར་འཁོར་ལོ་འཁོར་བ་རགས་པ་དང་ཞིབ་པར་ཞག་ལྔ་རྗེས་འབྲངས་བཅས་པས་འཁོར་རོ། །ཁྱིམ་ཞག་གི་དབང་དུ་བྱས་ན་ཞག་སུམ་བརྒྱ་དྲུག་ཅུས་ཉི་མས་རྒྱུ་སྐར་འཁོར་ལོའི་ཆུ་ཚོད་རྫོགས་ཏེ་ཆད་ལྷག་མེད་དོ། །དེ་ལྟར་ཞག་གསུམ་པོ་འདི་ལས་གཟའ་སྐར་གྱི་བགྲོད་པ་མཐའ་དག་བརྩི་བས་འདི་དག་སྣེ་མི་མཉམ་བའི་དབང་གིས་ཚེས་ལ་ཆད་ལྷག་དང་ཟླ་བ་ལ་བཤོལ་འདོར་བ་འབྱུང་ངོ་། །དེ་ཡང་ཉི་མས་རྒྱུ་སྐར་རྫོགས་པར་བགྲོད་པ་ཡི་ཁྱིམ་གྱི་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ལ་ཚེས་ཞག་བཅུ་གཅིག་སོགས་ལྷག་པ་དེ་བསགས་པས་ཟླ་བ་སུམ་ཅུ་རྩ་གཉིས་ཀྱི་མཐརཕྱི་རོལ་དུ་ཟླ་བ་གཅིག་ལྷག་པོ་འབྱུང་ལ། ནང་དུ་ཞག་རེར་སོ་གཉིས་ཆའི་ཡེ་རླུང་རྒྱུ་བ་བསགས་པས་ཞག་སོ་གཉིས་ཀྱི་མཚམས་སུ་ཞག་གཅིག་ཏུ་ལོངས་ཤིང་། ཟླ་བ་སུམ་ཅུ་རྩ་གཉིས་ན་ཡེ་རླུང་གི་ཆ་ཟླ་བ་གཅིག་ཏུ་ལོངས་པར་འགྱུར་རོ། །དེ་ལྟར་ཞག་གི་རབ་ཏུ་དབྱེ་བས་འཆི་བའི་རླུང་གི་ཆ་ཉི་མ་དང་ཟླ་བའི་ལམ་ལ་རྒྱུ་བ་ནི་སྟོང་པའི་ཟླ་བ་སྟེ། དབུ་མར་འབབ་པའི་ཡེ་ཤེས་ཆའི་ཟླ་བ་དག་ལའོ་ཞེས་པ་ཟླ་བ་གཅིག་ལོངས་པ་དེ་ནི་ཉི་ཟླའི་དབུགས་ཀྱི་རྒྱུ་གྲངས་ལས་ཆད་པ་ཡིན་ཞིང་། དེ་ཡང་ལྟེ་བའི་རྩ་དྲུག་ཅུ་རྩ་


MR17_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་རྒྱུ་བའི་བདག་ཉིད་ཀྱི་སྟེང་ནས་ཆད་པ་སྟེ། ཟླ་བ་སོ་གཉིས་ན་ལྷག་པའམ་སྟོང་པའི་ཆའི་ཟླ་གཅིག་འོང་བ་དེ་ཡང་ཟླ་བ་སོ་གཉིས་ཕྱེད་ཕྱེད་དུ་བྱས་པའི་ཕྱོགས་དྲུག་ཅུ་རྩ་བཞི་ལ་ཆུ་ཚོད་སུམ་ཅུ་རེས་དམན་པར་འགྱུར་རོ། །དེ་ལྟར་རྩ་དྲུག་ཅུ་རྩ་བཞི་པོ་དེ་དག་ལ་རྒྱུ་བར་བྱེད་པའི་དབུགས་ཀྱི་སྟེང་ནས་སྟོང་པ་སྟེ་དབུ་མའི་ཆ་ལ་འཆི་བའི་རླུང་རྒྱུ་སྟེ། ལྟེ་བའི་པདྨ་ལ་གནས་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་ཀྱི་ནང་ནས་ལོ་བརྒྱའི་ཉིན་ཞག་སོ་སོར་རྩ་གཉིས་རེ་གཅོད་པའི་ཡེ་ཤེས་ཀྱི་ཆ་འཆི་ལྟས་ཀྱི་རླུང་དབུ་མ་ལས་རྒྱུའོ། །ཞག་གཅིག་ལ་ཡེ་རླུང་རགས་པར་ཆུ་ཚོད་གཉིས། ཞིབ་པར་ཆུ་ཚོད་གཅིག་དང་སྲང་ང་གཉིས་དབུགས་གསུམ་རྒྱུ་བས་རྩ་གཉིས་རེ་གཅོད་དེ་ཞག་གཅིག་གི་ཡེ་ཤེས་ཆ་དེ་ལོ་བརྒྱའི་ཞག་སུམ་ཁྲི་དྲུག་སྟོང་གིས་བསྒྱུར་བས་ལོ་གསུམ་ཕྱོགས་གསུམ་ལོངས་ཤིང་། ལོ་བརྒྱའི་ཞག་གྲངས་དེས་རྩ་སྟོང་ཕྲག་དོན་གཉིས་ལ་བགོས་པས་གཉིས་ཐོབ་སྟེ་ལྷག་མེད་དོ། །ལོ་བརྒྱའི་ཡེ་ཆ་འཆི་ལྟས་ཀྱི་རླུང་རྒྱུ་བས་རྩ་སྟོང་ཕྲག་དོན་གཉིས་གཅོད་ཚུལ་གྱི་རྣམ་གཞག་སྤྱི་ཙམ་རགས་པའི་ངེས་པའོ། །འདི་དབུ་མའི་རླུང་འཆི་ལྟས་ཀྱི་རླུང་དུ་འགྱུར་བའི་དོན་ནི། དབུ་མའི་རླུང་ནི་སྲོག་ཡིན་ལ། སྲོག་གི་རླུང་ཕྱིར་མི་འཕོ་བར་ནང་དུ་བརྟན་པར་གྱུར་ན་འཆི་བ་མེད་པ་འགྲུབ་མོད་ཀྱི། ཕལ་པས་བརྟན་པར་མ་ནུས་པས་ཉི་ཟླའི་ལམ་ནས་ཕྱིར་རྒྱུ་བའི་དབང་གིས་སྲོག་གི་ནུས་པ་ཉམས་ཏེ་ཚེ་འཛད་པ་ཡིན་པར་ཤེས་པར་བྱའོ། །གོང་གི་དོན་ཞིབ་པར་གསུངས། དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའི་ནང་ནས་ཡེ་ཤེས་ཀྱི་ཆར་གྱུར་པའི་སྲོ༷ག་ནི་ལུས་ལ་ལྷག་པ་ཡི་དབུགས་ཞེས་བྱ་བ་གང་ཞིག་དབུགས་ཆེན་པོའམ་སྲོག་གི་དབུགས་ཡིན་པས་སོ། །དེ་ནི་རབ་ཏུ་གསལ་བར་དུས་སྦྱོར་འཕོ་ཆེན་རེའི་མཚམས་སུ་རིག་བྱེད་དེ་བཞི་དང་རྐང་པ་གཅིག་ཆད་ཀྱིས་དམན་པའི་དྲུག་ཅུ་སྟེ། ཞེས་པ་རྐང་པ་གཅིག་ཡོད་ཀྱང་ཆད་པའམ་མ་བརྩིས་པར་བཞིས་དྲུག་ཅུ་ལ་ཕྲི་བས་ལྷག་ང་དྲུག་དང་རྐང་པ་གཅིག་མ་རྩིས་པ་བསྣན་པས་དབུགས་ལྔ་བཅུ་


MR17_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་དྲུག་དང་དབུགས་ཀྱི་བཞི་ཆ་གཅིག་ཡོད་པའོ། །དུས་སྦྱོར་བཅུ་གཉིས་ཀྱི་འཕོ་བའི་དབྱེ་བ་དག་གིས་ཞག་རེ་ལ་ཡེ་རླུང་རྒྱུ་བ་ཐམས་ཅད་བསྡོམས་ན་དབུགས་དྲུག་བརྒྱ་བདུན་ཅུ་རྩ་ལྔར་རྒྱུ་བ་དེས། ཉིན་ཞག་རེ་རེའམ་སོ་སོའི་དུས་སུ་རྩ་ནི་ཟུང་རེ་རེ་དག་ངེས་པར་འཇོམས་པར་བྱེད་དོ། །རྩ་སྟོང་ཕྲག་དོན་གཉིས་ཀྱི་ནང་ནས་རྩ་གཉིས་སམ་ཟུང་འདི་དག་གཡོན་དང་གཡས་ཀྱི་ཆར་གནས་པ་ཟུང་རེ་སྟེ་གཡས་གཡོན་གྱི་དཀྱིལ་འཁོར་ལྔ་ལ་དབུ་མའི་ང་རྒྱུ་བའི་སྟོབས་ཀྱིས་སོ། །སྐབས་འདིར་རྩ་དེ་དག་གཅོད་བྱེད་ཡེ་རླུང་ཆུ་ཚོད་གཉིས་སུ་བྱས་པ་ནི་ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་དུ་བྱས་པ་དེ་མ་ཡིན་གྱི། ཆུ་སྲང་ང་དྲུག་དང་བཞི་ཆ་རེ་ལ་ཆུ་ཚོད་གཅིག་ཏུ་བྱས་པ་དེ་ཡིན་པས། ཆུ་སྲང་དྲུག་ཅུ་ལ་ཆུ་ཚོད་དུ་བྱས་པའི་ཆུ་ཚོད་གཉིས་ཀྱི་དབུགས་བདུན་བརྒྱ་ཉི་ཤུ་ལ་བཞི་བཅུ་རྩ་ལྔ་ཕྲི་བའི་དྲུག་བརྒྱ་དོན་ལྔར་དབུ་མ་ནས་རྒྱུ་ལ། ཕྲིས་བ་ཞེ་ལྔ་པོ་འཕོ་བ་གཡས་གཡོན་གྱི་རླུང་གི་ཐོབ་སྐལ་ཡིན་ནོ་ཞེས་སྟོན་པའི་ཆེད་དུ། འགྲེལ་བར་ལྷག་མ་དབུགས་བཞི་བཅུ་རྩ་ལྔས་གནས་སོ་ཞེས་གསུངས་པ་དེའི་དོན་ནོ། །དེ་ལྟར་ཡང་དང་ཡང་དུ་ཞག་རེ་ལ་ཡེ་ཤེས་ཀྱི་ང་བརྒྱུས་པས་ལོ་ཡི་ཞག་སུམ་བརྒྱ་དྲུག་ཅུའི་དབུས་སུའམ་ནང་དུ་ཉི་ཟླ་སྟེ་གཡས་གཡོན་དུ་རྒྱུ་བ་དག་ལས་རྩ་སྟོང་པ་མིག་དང་རི་ཡི་གྲངས་ཞེས་བདུན་བརྒྱ་ཉི་ཤུ་འདོར་རོ། །དེ་ལྟར་ལྷ་དང་མི་སོགས་རང་རང་གི་ཚེ་ཡི་ཚད་ཀྱི་ལོ་བརྒྱ་དག་གིས་རྩ་སྟོང་ཕྲག་དོན་གཉིས་འདོར་ཞིང་ལྷ་དང་མི་རྣམས་ཀྱི་རང་གི་ཚེ་སྔར་ལུས་སྐྱེས་འབྱུང་པོ་སོགས་ཀྱི་ཉིན་ཞག་བགྲང་ཚུལ་དེའི་ལོ་བརྒྱ་ལ་དུས་སུ་འཆི་བ་ལོ་གསུམ་ཕྱོགས་གསུམ་གྱི་དུས་བགྲོད་པར་བྱེད་དོ། །རྩ་གཅོད་པའི་ངེས་པའོ། །དུས་ཀྱི་རྩའི་ངེས་པ་བཤད་པ། གལ་ཏེ་སྦྲུལ་སོགས་ཀྱིས་ཟོས་པའམ་རྨུགས་པར་གྱུར་པ་དང་། ནད་ཀྱིས་བཏབ་པར་གྱུར་པ་དང་། མཚོན་སོགས་ཀྱིས་བསྣུན་པར་གྱུར་པ་དེ་དག་གལ་ཏེ་རེས་འགའ་འབྱུང་བ་དེ་ཡི་ཚེ་མི་རྣམས་ལ་ནི་དུས་ཀྱི་རྩ་སྟེ་རྩ་དབུ་མ་ལ་རླུང་རབ་ཏུ་འབབ་


MR17_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་དང་འགྲིག་པར་གྱུར་པ་ན། གཞིའམ་རྒྱུ་དེ་ཡིས་ནི་འཕྲལ་ལ་མྱུར་བར་རྩ་ཡི་འཁོར་ལོ་དྲུག་པོ་དག་ལ་འཆི་བའི་དུས་མུན་པ་ཆེན་པོའི་རླུང་ནི་རབ་ཏུ་འཇུག་པར་འགྱུར་ལ། དེ་ཞུགས་ན་འཁོར་ལོ་དྲུག་པོ་དག་གི་རྩ་བརྒྱ་ང་དྲུག་འདི་འགོག་པར་བྱེད་པ་སྟེ། གཡས་དང་གཡོན་གྱི་ཉི་མ་དང་རི་བོང་ཅན་གྱི་བགྲོད་པ་བཅད་ནས་རིམ་པ་ཡིས། དབུ་མར་ཕྲ་མོ་ལ་ནི་བརྟེན་པ་ཙམ་དུ་གྱུར་པ་དེས་གང་ཞིག་འཕྲོག་པ་ཡིན་ཅེ་ན་ཀྱེ་མི་ཡི་བདག་པོ་ཞེས་བོས་ནས་སྲོ༷ག་ཆགས་རྣམས་ཀྱི་འཚོ་བའོ་ཞེས་སོ། །ད་ནི་སྙིང་ག་ཆོས་ཀྱི་འཁོར་ལོ་ལ་སོགས་པའི་འཁོར་ལོ་བཞི་ལ། ནང་དུ་ཁུ་བ་དང་ཕྱི་རོལ་ཏུ་ཟླ་རྐང་རྣམས་རྒྱུ་ཚུལ་གསུངས་པ། སྤྱིར་ཟླ་རྐང་བཅུ་བཞི་ལ་ཐོབ་ནོར་མཉམ་པ་དང་མི་མཉམ་པའི་དབང་གིས་བསྣོན་འབྲིད་ཀྱི་རིམ་པ་དང་རིམ་མིན་གྱི་བགྲོད་པས་འཕེལ་འགྲིབ་དེ་ཞག་བདུན་པ་ལ་རྫོགས་པ་ཡིན་ལ། ཚེས་བདུན་པོ་དེ་ལ་ཡུལ་ལྔའི་ཡོན་ཏན་བྱིས་པ་དང་། གཞོན་ནུ་དང་། ལང་ཚོ་དང་། ཤིན་ཏུ་ལང་ཚོ་དང་། རྒན་པོ་དང་། ཤིན་ཏུ་རྒན་པོ་དང་། སྨིན་པའི་དབྱེ་བས་འཕེལ་འགྲིབ་ནི། ཉིན་ཞག་བདུན་པ་ལ། ཚེས་ཞག་སུམ་ཅུ་དེ་ཉིད་རྐང་པ་བཞི་རེའི་ཆ་ཅན་ཡིན་པས་བཞིས་བསྒྱུར་བས་བརྒྱ་དང་ཉི་ཤུ་རྫོགས་པས་འཕེལ་བའམ་འགྲིབ་པ་ལྡོག་པར་འགྱུར་རོ། །དེ་ལ་འཕེལ་པ་ནི་སྔ་རྐང་ལ་ནོར་དང་། ཕྱི་རྐང་ལ་བུ་ལོན་དུ་འགྱུར་པའོ། །འདི་སྐབས་སུ་བོད་འགྲེལ་འགར་རྐང་པ་བཅུ་བཞིའི་ཆ་ཡིས་བགོས་པས་ལྷག་མ་གཅིག་མཐོང་བ་སྟེ་ཟིན་ན། ཚེས་དེའི་ཉིན་ཞག་གི་ཆུ་ཚོད་དྲུག་ཅུའི་ཆ་ཤས་རྣམས་ཀྱི་ནང་ནས། རྐང་པ་དང་པོའི་ཆུ་ཚོད་ལྔ་ནི་རྙེད་པ་མཉམ་ན་ཆའི་ནོར་ལ་བྱིན་པས་ལྷག་པར་འགྱུར་རོ། །མི་མཉམ་ན་ནག་པོའམ་དཀར་པོའི་ཚེས་ཀྱི་ཆ་ཤས་ཀྱི་ནོར་ལ་དམན་པས་བུ་ལོན་དུ་འགྱུར་རོ། །དེའི་ཚེ་རྐང་པ་དང་པོའི་ཆ་ཤས་ལྔ་པོ་དེ་རང་དུས་ན་བྱིས་པའོ། །དེ་ནས་ཚེས་ཀྱི་ཉིན་ཞག་གཉིས་པ་ལ་རྐང་པ་གཉིས་པའི་ཆ་ཤས་ལྔ་སྟེ། གཉིས་པ་ནས་ཡར་བགྲང་པའི་རྐང་


MR17_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་པོའི་ཆ་ཤས་ལྔ་དེ་གཉིས་པ་འདིའི་སྐབས་སུ་གཞོན་ནུར་གྱུར་པ་ཡིན་པས་ལྔ་ཉིས་འགྱུར་བྱས་པ་བཅུར་འགྱུར་ཏེ། བྱིས་པ་ལོ་ལྔ་ལོན་པ་དེས་སླར་ཡང་ལོ་ལྔ་ལོན་པ་ན་ལོ་བཅུ་ལོན་པ་ཞེས་ཐ་སྙད་བྱེད་པ་བཞིན་ནོ། །དེ་བཞིན་དུ་ཉིན་ཞག་གསུམ་པ་ལ་གསུམ་པ་དེ་ཉིད་དང་པོ་བྱས་ཏེ་ཡར་བགྲང་བས་གསུམ་པ་ནི་རྐང་པ་དང་པོའི་ཆ་ཤས་ལྔ་པོ་དེ་ཡིན་ལ། ཆ་ཤས་དེ་ལྔ་རང་དུས་ན་ཆ་ཤས་ལྔ་ཡིན་ཞིང་ལྔ་པོ་དེའི་རྒྱུན་གཉིས་པའི་སྐབས་སུ་སླེབས་པ་དང་། གཉིས་པ་རང་གི་ལྔ་པོ་དངོས་པོ་ལ་སོ་སོར་མེད་ཀྱང་ལྡོག་པས་སོ་སོར་བགྲང་བས་བཅུའོ། །རྐང་པ་དང་པོའི་ཆ་ཤས་ལྔའི་རྒྱུན་རྐང་པ་གསུམ་པའི་སྐབས་སུ་སླེབས་ཚེ་ལང་ཚོར་གྱུར་པ་ལྔ་དང་། རྐང་པ་གཉིས་པ་རང་གི་ཆ་ཤས་ཀྱི་རྒྱུན་ཡང་གསུམ་པའི་སྐབས་སུ་སླེབས་པ་དང་། རྐང་པ་གསུམ་པ་རང་གི་གནས་སྐབས་སུ་གསར་དུ་འཕེལ་བའི་ཆ་ཤས་ལྔ་རྣམས་ལྡོག་པས་སོ་སོར་ཕྱེ་ནས་བགྲངས་པས་གསུམ་པའི་གནས་སྐབས་ན་ལྡོག་པའི་ཆ་ཤས་བཅོ་ལྔའོ། །དེ་བཞིན་དུ་ཀུན་ལ་སྦྱར་ཏེ་བརྩི་ཚུལ་བཤད་མོད། ཟླ་རྐང་གི་ཆ་ཤས་བརྒྱ་ཉི་ཤུ་དངོས་པོ་ལ་མེད་པ་ལྡོག་པས་དབྱེ་བ་ཙམ་དུ་འདོད་པ་ནི་རྐང་གནས་བདུན་པོའི་ཆུ་ཚོད་ཀྱི་གྲངས་འབའ་ཞིག་ལ་བསམ་ན་དེ་ལྟར་ཡིན་རུང་། ཚེས་གྲངས་གང་ལ་རྐང་གནས་དང་པོའི་ཆུ་ཚོད་ལྔ་རྐང་བསྡོམ་ལ་བྲི་བ་དེའི་ཕྱི་ཉིན་གྱི་ཚེས་ལ་རྐང་བསྡོམ་བཅུ། དེའི་རྗེས་མའི་ཚེས་ལ་བཅོ་ལྔ་སོགས་ཚེས་རེ་རེར་འཕེལ་ཏེ་བདུན་པ་རྐང་མཚམས་སུ་རྐང་བསྡོམ་ལ་ཉེར་ལྔ་འོང་བ་དེ་རྣམས་ཟླ་རྐང་འཕེལ་འགྲིབ་བྱེད་པའི་ཆུ་ཚོད་ཡིན་པས། ཞག་བདུན་པོའི་རྐང་སྡོམ་གྱི་གྲངས་ཐམས་ཅད་བསྡོམ་པས་བརྒྱ་ཉི་ཤུར་ལོངས་པ་དེ་སྤྱིར་དངོས་པོ་ལ་ཡོད་པ་དེ་ཉིད་འཁོར་ལོ་བཞིའི་རྩ་བརྒྱ་ཉི་ཤུར་སྤྱོད་ཚུལ་གྱི་གྲངས་ཡིན་ནོ། །དེས་ན་འདིར་དོན་ལ་རྐང་པ་གསུམ་པ་ཡི་ལྔ་པོ་བྱིས་པ། གཉིས་པའི་ལྔ་གཞོན་ནུ། དང་པོའི་ལྔ་ལང་ཚོ་སྟེ་བཅོ་ལྔ། བཞི་པར་སྔ་མ་བཅོ་ལྔ་དང་རང་དུས་ཀྱི་བཞི་སྟེ་བཅུ་དགུ་སྟེ་དང་པོའི་ལྔ་པོ་ཤིན་ཏུ་ལང་ཚོའོ། །རྐང་པ་ལྔ་པར་སྔ་མ་རྣམས་དང་ལྷན་གཅིག་རང་གི་རྐང་པ་


MR17_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བཅས་ཉེར་གཉིས་པོ་དེར་རྐང་པ་དང་པོའི་ཆ་ཤས་རྒན་པོའོ། །རྐང་པ་དྲུག་པར་རྐང་པ་དང་པོའི་ཆ་ཤས་ཤིན་ཏུ་རྒན་པོའི་གནས་སྐབས་སུ་གྱུར་བ་ཡིན་ལ། འདིར་སྔ་མ་ཉེར་གཉིས་ཀྱི་སྟེང་དུ་དྲུག་པ་རང་གི་ཆ་ཤས་གཉིས་བསྣན་པས་ཉེར་བཞིར་འགྱུར་རོ། །རྐང་པ་བདུན་པའི་ཚེ་རྐང་པ་དང་པོའི་ཆ་ཤས་ལྔ་སྨིན་པའི་གནས་སྐབས་སུ་གྱུར་ཅིང་། བདུན་པ་རང་གི་ཆ་ཤས་གཅིག་སྔ་མ་ཉེར་བཞི་དང་བསྡོམ་པས་ཉེར་ལྔའོ། །དེ་ལྟར་ཟླ་རྐང་བདུན་པོ་ལ་དངོས་སུ་བསྡོམ་པ་ཉེར་ལྔ། གོང་མ་གོང་མའི་ཆའམ་རྒྱུན་འོག་མ་འོག་མ་རྣམས་སུ་འཕེལ་བའི་ཚུལ་གྱིས་བརྒྱ་དང་ཉི་ཤུར་འགྱུར་ཏེ། རྐང་པ་བདུན་པའི་སྐབས་སུ་རྐང་པ་དང་པོའི་ཆ་ཤས་ལྔ་པོ་འོག་མ་དྲུག་དང་རང་གི་ཆ་ཤས་བདུན་ལྔ་སོ་ལྔར་གྱུར་པ་དང་རྐང་པ་གཉིས་པའི་ལྔ་པ་དེ་འོག་དྲུག་ལ་རྒྱུན་ཡོད་པ་བཅས་སུམ་ཅུ་དང་། རྐང་པ་གསུམ་པའི་ལྔ་འོག་མ་བཞིའི་སྐལ་བ་བཅས་ཉེར་ལྔ། དེ་བཞིན་དུ་རྐང་པ་བཞི་པའི་བཞི་བཞི་བཅུ་དྲུག །ལྔ་པའི་གསུམ་གསུམ་དགུ། དྲུག་པའི་གཉིས་གཉིས་བཞི། བདུན་པའི་གཅིག་བཅས་ཐམས་ཅད་བསྡོམ་པའི་ཚེས་ཞག་བདུན་ལ་དངོས་པོ་ལ་ཡོད་པའི་ཟླ་རྐང་གི་ཆ་ཤས་བརྒྱ་ཉི་ཤུར་འབྱེད་པ་ནི། ནང་དུ་རྩ་ཐ་དད་པ་བརྒྱ་ཉི་ཤུ་ལ་ཟླ་བའི་ཆ་འཕེལ་འགྲིབ་བརྒྱ་ཉི་ཤུ་རེ་དངོས་པོ་ལ་ཡོད་པ་དང་ཆོས་མཐུན་སྦྱར་བའི་ཆེད་དེ། དཔེར་ན་ཕྱིའི་ཟླ་བའི་ཆ་དང་ནང་གི་ཟླ་བའི་ཆ་བཅུ་དྲུག་ཏུ་འབྱེད་པ་བཞིན་ནོ། །དེ་ལྟར་ཚེས་ཞག་བདུན་ལ་ཟླ་རྐང་གི་ཆ་ཤས་བརྒྱ་ཉི་ཤུ་བགྲང་ཚུལ་དེ་ཉིད་སྙིང་ག་སོགས་འཁོར་ལོ་བཞི་ལ་སྔ་རྐང་ལ་རིམ་པས་སྙིང་ག་དཔྲལ་བ་མགྲིན་པ་ལྟེ་བའི་རྩ་འདབ་རྣམས་ལ་ཁམས་དཀར་པོ་བགྲོད་པས་རྫོགས་པར་བྱེད་ཅིང་། ཕྱི་རྐང་ལ་ལྟེ་བ་སྙིང་ག་མགྲིན་པ་དཔྲལ་བའི་རྩ་འདབས་རྣམས་ལ་རྒྱུ་བས་རྫོགས་པར་བྱེད་ཚུལ་འོག་ཏུ་འཆད་པ་ལྟར་རོ། །ཕྱི་རྐང་ལ་ཟ་རྒྱུ་བསྡོམ་པས་རྐང་གནས་ཐ་མ་ལན་བདུན་དུ་བགྲང་བ་སོགས་ཀྱི་ཆ་ཤས་བརྒྱ་ཉི་ཤུར་འགྱུར་ཚུལ་འདྲ་ལ་ཕྱི་རྐང་དེར་སྔ་རྐང་གི་བརྒྱ་ཉི་ཤུའི་ཆ་རྫོགས་པ་


MR17_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཅིག་ཕྲི་བ་སོགས་འགྲིབ་པའི་རིམ་པ་ཡིན་ཞིང་ཇི་ཙམ་ཟླ་བའི་དཀར་ཆ་རྫོགས་པ་དེ་ཙམ་ཉི་མ་ནག་པོའི་ཆ་འགྲིབ་པའམ་སྡུད་པས་འཇུག་ལ་དཀར་ཆ་ཇི་ལྟར་འགྲིབ་པ་དེ་ལྟར་ཉི་མ་ནག་ཆ་སྐྱེ་རིམ་འཕེལ་བས་འཇུག་གོ། དེ་ལྟར་སྤྱིར་ཤེས་པར་བྱས་ནས། སྙིང་གའི་པདྨ་དང་དཔལ་ལྡན་དཔྲལ་བར་འབྱུང་བ་སྟེ་ལྔ་དང་ཕྱོགས་ཞེས་པ་བཅུ་དང་ཉིན་ཞག་ཅེས་བྱ་བ་བཅོ་ལྔ་ལ་ཟླ་བའི་རྐང་པ་རྒྱུ་ཞིང་། ལོངས་སྤྱོད་ཀྱི་འཁོར་ལོ་མགྲིན་པ་དང་ལྟེ༷་བའི་འཁོར་ལོ་དག་ལ་དགུ་དང་ལྡན་པའི་བཅུ་སྟེ་བཅུ་དགུ་དང་། དྲག་པོ་ཟུང་སྟེ་བཅུ་གཅིག་པ་ཉིས་འགྱུར་ཉེར་གཉིས་དང་། རྒྱལ་བ་ཞེས་བྱ་ཉེར་བཞི་དང་། དེ་ཉིད་ཅེས་བྱ་ཉེར་ལྔ་ཞག་བདུན་དུ་འཕེལ་བ་སྤྱད་པ་དག་ནས། སླར་ཡང་རི་བོང་མཚན་མ་ཅན་ཟླ་བ་ནི་ལོངས་སྤྱོད་ཀྱི་ཆུ་ཚོད་གང་འདི་རྣམས་ཕྱི་རྐང་ལ་རིམ་པ་མིན་པས་འདོར་བར་འགྱུར་ཏེ་འགྲིབ་པའོ། །འདི་རྣམས་ཚེས་ཞག་གི་དབང་དུ་བྱས་པ་ཡིན་ལ། འཆི་ལྟས་ཀྱི་སྐབས་སུ་ནི་ཟླ་བའི་ཆ་ཤས་བརྒྱ་ཉི་ཤུ་སྤྱོད་ཅིང་འཕེལ་འགྲིབ་བྱེད་པ་འདི་དག་འཆི་ལྟས་ཀྱི་ཆུ་ཚོད་ཡིན་པས་ཆུ་སྲང་ང་དྲུག་རྐང་བཅས་ལ་ཆུ་ཚོད་དུ་བྱས་པའི་ཆ་ཡིན་ཞིང་ཟླ་བ་གཅིག་ལ་ཟླ་བའི་ཡེ་ཤེས་ཆ་ཆུ་ཚོད་ང་དྲུག་རྐང་བཅས་འབྱུང་བ། དེའི་ལྡབ་འགྱུར་ཉི་མའི་ཡེ་ཤེས་ཆ་ཡིན་པས་རགས་པར་ཟླ་བ་གཉིས་ན་ཞག་གཉིས། ཞིབ་པར་ཞག་གཅིག་ཆུ་ཚོད་ང་གཉིས་སྲང་སུམ་ཅུ་དེ་ཉིད་ཟླ་བས་ཉི་མའི་ཡོན་ཏན་བཟུང་ནས་འཆི་ལྟས་སུ་འགྱུར་ཕྱིར་རྐང་པ་བརྒྱ་ཉི་ཤུར་བཞག་ཅེས་སྔ་མ་རྣམས་གསུངས་སོ། །འདིར་རྭ་འགྱུར་དུ། སྙིང་གའི་པདྨ་དང་ནི་དཔལ་ལྡན་དཔྲལ་བ་ལོངས་སྤྱོད་ལྟེ་བའི་འཁོར་ལོ་རྣམས་ལ་ཟླ་བ་ཡི། རྐང་པ་རྒྱུ་བ་འབྱུང་ཕྱོགས་སོགས་སུ་བསྒྱུར་བ་འདི་བདེའོ། །ཚེས་ཞག་བདུན་པ་ལ་ཆ་ཤས་ཉེར་ལྔ་སྤྱོད་པའི་ཚེ། སྔ་རྐང་དང་པོའི་ཆའི་རྒྱུན་ཡོངས་སུ་སྨིན་པ་དེ་ནི་ཉིན་ཞགས་བརྒྱད་པ་ལ་འཁོར་ལོའི་ལྟེ་བར་ལྷག་པའི་ལྷར་འགྱུར་རོ། །སླར་ཡང་ཕྱི་རྐང་གི་མགོ་བརྩམ་པ་ནས་བཟུང་སྟེ། ཕྱི་རྐང་གི་མཇུག་ཏུ་ཟླ་བ་ཉ་བའི་


MR17_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་སོན་པའི་བར་དུ་ལྟེ་སྙིང་མགྲིན་དཔྲལ་རྣམས་ལ་ཕྱི་རྐང་གི་ཆ་ཤས་བརྒྱ་ཉི་ཤུ་རྫོགས་པར་བྱེད་དེ། ཇི་ལྟར་ན། ལྟེ་བ་དེ་ནས་སླར་ཡང་རིམ་པ་མིན་པས་ལྟེ་བའི་འདབ་མ་དྲུག་ཅུ་རྩ་བཞི་པོ་རྣམས་ལ་ཟླ་རྐང་གི་ཆ་ཤས་དྲུག་ཅུ་རྩ་བཞི། སྙིང་གར་ཆ་བརྒྱད་མགྲིན་པར་སུམ་ཅུ་རྩ་གཉིས། དཔྲལ་བར་ཆ་བཅུ་དྲུག་སྟེ་བརྒྱ་ཉི་ཤུ་སྤྱོད་དོ། །དེ་ལྟར་སྔ་རྐང་དང་ཕྱི་རྐང་བཅུ་བཞིས་རྐང་པ་རྣམས་རྫོགས་པར་འགྱུར་རོ། །དཔྲལ་བར་ཐིག་ལེའི་གནས་སུ་ཐིག་ལེ་དག་ལ་རིམ་རྐང་གི་ཆ་ཤས་རྣམས་རྫོགས་པར་བྱས་ནས་རིམ་མིན་ལ་ཐོག་མར་སྙིང་གར་རབ་ཏུ་འཇུག་པར་འགྱུར་ཏེ། དེ་རྣམས་རྙེད་པ་མཉམ་པ་དཀར་པོའི་ཕྱོགས་ལ་ནོར་གྱི་སླད་དུ་གྱུར་པ་ཟླ་བ་འཕེལ་བའི་ཆ་ལའོ། །སླར་ཡང་རྙེད་པ་མི་མཉམ་པ་ནག་པོ་ཡི་ཕྱོགས་དག་ལ་སྔ་མ་དེ་བཞིན་དུ་རིམ་པ་མིན་པས་འགྲོ་སྟེ། སྙིང་ག་ང་དང་། ལྟེ་བ་ས་དང་། དཔྲལ་བ་ཆུ་དང་། མགྲིན་པ་མེའི་པདྨ་རྣམས་ལ། རྐང་པའི་དབང་གིས་རྒྱུ་ཞིང་ལྟེ༷་བའི་པདྨ་དག་གི་བར་དུ་སྙིང་གར་རྙེད་པ་མི་མཉམ་པ་ནག་པོའི་ཕྱོགས་ཀྱི་རྐང་པ་རྣམས་ཀྱི་བུ་ལོན་ཕྱི་རྐང་རྫོགས་ནས་དཀར་ཕྱོགས་ལ་འཇུག་པར་འགྱུར་བའི་མཐར་ཐུག་པ་ཉིད་དུའོ། །རྐང་པའི་ངེས་པའོ། །ཟླ་རྐང་རྒྱུ་བའི་འཁོར་ལོ་བཞི་པོ་དེ་དག་གི་གྲངས་དང་ཁ་དོག་ནི། སྙིང་ག་དང་དེ་བཞིན་དུ་དཔྲལ་བའམ་མགོ་བོར་རིམ་བཞིན་རྩིབས་བརྒྱད་པ་དང་རྩིབས་བཅུ་དྲུག་པ་ལ་ཁ་དོག་ནི་རིམ་བཞིན་གནག་པ་དང་དཀར་བ་དག་གི་ཆུ་སྐྱེས་མིང་སྟེ། མིང་ཞེས་པ་ནཱ་མའི་སྒྲ་ལས་ཞེས་བྱའོ་ཞེས་པའི་དོན་ཏོ། །སྙིང་གའི་འདབ་མ་བརྒྱད་ཁ་དོག་ནག་པོ། དཔྲལ་བའི་བཅུ་དྲུག་དཀར་པོ་ཞེས་བྱའོ། །དེ་བཞིན་དུ་མགྲི༷ན་པ་དང་ལྟེ༷་བ་དག་ལ་རིམ་བཞིན་དང་པོ་སུམ་ཅུ་རྩ་གཉིས་ཀྱི་རྩིབས་དང་། དེ་ཉིས་འགྱུར་དྲུག་ཅུ་རྩ་བཞི་ནི་གཞན་ལྟེ་བའི་འདབ་མའི་གྲངས་ཡིན་ཏེ། དེ་གཉིས་ཀྱི་ཁ་དོག་ནི་རིམ་བཞིན་དམར་པོ་དང་སེར་པོའོ། །འཁོར་ལོ་བཞིའི་པདྨའི་འདབ་མའི་ངེས་པའོ། །དེ་ནས་ཚིགས་བཞིའམ་འཁོར་ལོ་བཞིའི་ལྟེ་བའི་གེ་སར་གྱི་རྩེ་


MR17_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྣམས་ལ་དབྱངས་ཀྱི་ཡི་གེ་བརྒྱད་པ་གཉིས་ཏེ་བཅུ་དྲུག་ནི། ལྟེ༷་བ་ས་ཁམས་དང་མགྲི༷ན་པ་མེ་ཁམས་ལ་སྟེ། དེ་བཞིན་མགོའམ་དཔྲལ་བ་ཆུ་ཁམས་དང་། སྙིང་ག་ང་གི་ཁམས་ཀྱི་ལྟེ་བའི་གེ་སར་དག་ལ་ཡང་ཟླ་བའི་ཆ་དཀར་ཕྱོགས་དང་ནག་ཕྱོགས་ཀྱི་ཆ་ཡི་རྐང་པའི་ས་བོན་རྣམས་རྫོགས་པའོ། །དེ་ནས་ཟླ་རྐང་གི་ཆ་ཤས་བརྒྱ་ཉི་ཤུ་པོའི་དབྱངས་ཀྱི་ཡི་གེ་བཤད་པ་ནི། ཨ་ལ་སོགས་པ་སུམ་ཅུའི་དབྱངས་གང་ཞེ་ན། རང་བྱུང་གི་དབྱངས་ཐུང་ངུ་ཨ་ཨི་རྀ་ཨུ་ལྀ་ལྔ། ཡོན་ཏན་གྱི་ངོ་བོ་ཨ་ཨེ་ཨར་ཨོ་ཨལ་ལྔ། བསྒྱུར་བ་ཧ་ཡ་ར་ཝ་ལར་ལྡན་པ་ཐུང་ངུ་བཅོ་ལྔ་དང་། དེ་རྣམས་ལ་ཐིག་ལེ་ཡིས་བརྒྱན་པའི་བཅོ་ལྔ་སྟེ་སུམ་ཅུ་དང་། གོང་གི་དབྱངས་ཐུང་ངུ་བཅོ་ལྔ་རིང་པོར་འགྱུར་པ། ཨཱ་ཨཱི་རཱྀ་ཨཱུ་ལཱྀ། རྩ་བའི་དབྱངས་ལྔ་རིང་པོར་བྱས་པ་དང་། ཨཱ་ཨཻ་ཨཱར་ཨཽ་ཨཱལ། ཡོན་ཏན་ལྔ་འཕེལ་བར་གྱུར་པ་ལྔ་དང་། ཧཱ་ཡཱ་རཱ་ཝཱ་ལཱ། བསྒྱུར་བའི་དབྱངས་རིང་པོ་བ ཅོ་ལྔ་དང་། དེ་རྣམས་ལ་དཔལ་ལྡན་རྣམ་པར་བཅད་པ་སྦྱར་བ་ཡིས་སུམ་ཅུ་སྟེ། དེ་ལྟར་དབྱངས་ཐུང་རིང་དང་ཐིག་ལེ་དང་རྣམ་བཅད་ཀྱིས་ཕྱེ་བ་དབྱངས་དྲུག་ཅུར་འགྱུར་ཏེ། དེ་དག་འཁོར་ལོ་བཞི་ལ་འགོད་ཚུལ་ནི། སྙིང་གར་དུས་ཏེ་བཞི་དང་། མགྲིན་པར་མི་བདག་སྟེ་བཅུ་དྲུག་དང་། དཔྲལ་བར་ནོར་ཏེ་བརྒྱད་དང་། ལྟེ་བར་སོ་ཞེས་སུམ་ཅུ་རྩ་གཉིས་ཏེ་སོ་སོའི་འདབ་མའི་ཕྱེད་ཀྱི་གྲངས་དེ་རྣམས་འཁོར་ལོའི་ལྟེ་བའི་གེ་སར་གྱི་རྩེ་མོ་ལའོ། །ཞེས་པ་རྩ་གཉིས་རེའི་བར་དུ་ནང་གི་ཆར་འགོད་པ་ཡིན་ལ། སྙིང་རྩ་ལ་དང་པོ་རྩ་འདབ་བཞི་དང་དེ་ལས་གཉིས་རེ་གྱེས་པའི་བརྒྱད་པོ་ལ་འདབ་མ་དང་ནང་གི་བཞི་ལ་གེ་སར་དུ་འདོད་པ་ལྟ་བུར་བཤད་དོ། །ཟླ་བས་ཏེ་ཁུ་བས་ཟླ་བ་སྔ་མའི་མར་ངོ་ལ་ལྟེ་བའི་འདབ་མའི་གེ་སར་གྱི་རྩེ་མོ་རྣམས་ལ་སྤྱད་པའི་མཐར་སྙིང་གའི་པདྨའི་ལྟེ་བ་ལ་གནམ་སྟོང་དུ་བྱས་ནས། སྔར་ཡང་ཡར་ངོ་ལ་འཁོར་ལོ་གསུམ་ལ་སྤྱོད་པ་ན་ཚེས་རེ་རེ་ལ་ཕྱེད་སྔ་མ་དང་ཕྱེད་ཕྱི་མའི་ཆའི་དབྱེ་བས་ཚེས་བཅོ་ལྔས་དབྱངས་སུམ་ཅུ་པོ་རྣམས་


MR17_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའོ། །འདིར་སྙིང་གའི་པདྨའི་གེ་སར་གྱི་རྩེ་མོ་དཀར་ཕྱོགས་ཀྱི་ཚེས་གཅིག་གི་ཕྱེད་སྔ་མར་ཨ། ཕྱེད་ཕྱི་མར་ཨྃ། དེ་བཞིན་དུ་ཚེས་གཉིས་པའི་ཕྱེད་སྔ་མར་ཨི། ཕྱི་མར་ཨིཾ་ཞེས་པ་སྙིང་གར་དབུས་ཀྱི་ལྟེ་བ་སྤང་ནས་ཕྱོགས་བཞིར་འགོད་དོ། །དེ་ནས་མགྲིན་པའི་པདྨའི་གེ་སར་གྱི་རྩེ་མོར་ཚེས་གསུམ་པའི་ཕྱེད་སྔ་ཕྱི་ལ་རྀ་རྀཾ། དེ་བཞིན་དུ་བཞི་པར་ཨུ་ཨུཾ། ལྔ་པར་ལྀ་ལྀཾ། དྲུག་པར་ཨ་ཨྃ། བདུན་པར་ཨེ་ཨེཾ། བརྒྱད་པའི་ཕྱེད་སྔ་མར་གེ་སར་རྩེ་མོར་ཨར། ཕྱེད་ཕྱི་ལ་ལྟེ་བར་ཨྃར་ཞེས་པ་དང་། དགུ་པ་ལ་ཨོ་ཨོཾ། བཅུ་པར་ཨལ་ཨཾལ། ཞེས་པ་མགྲིན་པའི་པདྨའི་གེ་སར་གྱི་རྩེ་མོ་ལ་སྤྱོད་དོ། །དེ་ནས་དཔྲལ་བའི་པདྨའི་གེ་སར་གྱི་རྩེ་མོར་བཅུ་གཅིག་པའི་ཕྱེད་སྔ་ཕྱིར་ཧ་ཧཾ། བཅུ་གཉིས་པའི་ཡ་ཡཾ། བཅུ་གསུམ་པའི་ར་རཾ། བཅུ་བཞི་པའི་ཝ་ཝཾ། ཉའི་ཕྱེད་སྔ་མ་ལ་གེ་སར་གྱི་རྩེ་མོར་ལ་ཞེས་དང་། ཕྱེད་ཕྱི་མར་ལྟེ་བར་ལཾ་ཞེས་པ། སྤྱི་བོར་ཟླ་བ་རྫོགས་པ་སྐྱེད་པའི་རིམ་པས་རླུང་དང་མེ་དང་ཆུའི་པདྨའི་ལྟེ་བ་རྣམས་ལ་སྤྱོད་དོ། །དེ་ནས་སའི་པདྨའི་ལྟེ་བ་ཡི་འཁོར་ལོའི་གེ་སར་རྣམས་ལ་ནག་ཕྱོགས་ལ་སྡུད་རིམ་གྱི་རིང་པོ་དང་རྣམ་བཅད་ཅན་རྣམས་སྤྱོད་དེ། འདི་ལྟར་ནག་པོའི་ཚེས་གཅིག་གི་ཕྱེད་སྔ་མ་དང་ཕྱི་མ་ལ་ལཱཿལཱ། དེ་བཞིན་དུ་གཉིས་པར་ཝཱཿཝཱ། གསུམ་པར་རཱཿརཱ། བཞི་པར་ཡཱཿཡཱ། ལྔ་པར་ཧཱཿཧཱ། དྲུག་པར་ཨཱལཿཨཱལ། བདུན་པར་ཨཽཿཨཽ། བརྒྱད་པར་ལྟེ་བར་ཨཱརཿཨཱར། དགུ་པར་གེ་སར་ལ་ཨཻཿཨཻ། བཅུ་པར་ཨཱཿཨཱ། བཅུ་གཅིག་པར་ལཱྀཿལཱྀ། བཅུ་གཉིས་པར་ཨཱུཿཨཱུ། བཅུ་གསུམ་པར་རཱྀཿརཱྀ། བཅུ་བཞི་པར་ཨཱིཿཨཱི། བཅོ་ལྔ་པར་ཨཱཿཨཱ། འདིར་སྙིང་གའི་ལྟེ་བ་ལ་ནག་ཕྱོགས་ཀྱི་མཐའི་སྟོང་པ་དང་དཀར་ཕྱོགས་ཀྱི་ཐོག་མའི་སྟོང་པ་གཉིས་ཏེ། དེའི་ཕྱིར་ལྟེ་བ་འདི་ལ་སྟོང་པ་གཉིས་ཏེ་ཟླ་བའི་ས་བོན་དབྱངས་ཐིག་ལེས་བརྒྱན་པ་དང་། ཉི་མའི་ས་བོན་དབྱངས་རྣམ་པར་བཅད་པ་ཅན་


MR17_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་མེད་དོ། །སླར་ཡང་སྙིང་གའི་པདྨའི་གནམ་སྟོང་གི་མཐར་ཚེས་གཅིག་ལ་སོགས་པ་རྣམས་སྙིང་གའི་པདྨའི་གེ་སར་གྱི་རྩེ་ལའོ། །དཀར་པོ་དང་ནག་པོའི་ཆོས་རྫོགས་པའི་དབྱངས་ཀྱི་ངེས་པའོ། །མགྲིན་པའི་པདྨའི་གེ་སར་གྱི་རྩེ་མོ་དང་ལྟེ་བ་ལ་དཀར་པོའི་ཚེས་བརྒྱད་པ་ཡི་ས་བོན་ཨར་ཨར་དང་། ལྟེ་བའི་པདྨའི་གེ་སར་གྱི་རྩེ་དང་ལྟེ་བ་ལ་ནག་པོའི་བརྒྱད་པའི་ས་བོན་ཨཱར་ཨཱར་གནས་པའོ། །འདིར་གེ་སར་ཞེས་སྨྲོས་པས་འདབ་མ་གཞན་ལ་འབྱུང་བཞིའི་རླུང་དང་། དབུས་ཀྱི་གེ་སར་གྱི་རྩེ་མོ་ནས་མཁའ་རླུང་དང་། དབུ་མ་ནས་ཡེ་ཤེས་ཀྱི་རླུང་རྒྱུ་བ་དེ་དག་གི་ས་བོན་དུ་དགོངས་པའོ། །སྙིང་གར་ནག་པོ་དང་སྤྱི་བོར་དཀར་པོ་རྫོགས་པའི་མཐའ་བཅུ་དྲུག་པ་སྟེ་སྙིང་གར་ཞེས་པ་གནམ་སྟོང་གི་མཐར་ཚེས་གཅིག་འཇུག་པའི་དུས་སོ། །དེ་ནི་ཉི་མའི་ཡེ་ཤེས་ཆའི་ས་བོན་གསལ་བྱེད་ཀྱི་ལོངས་སྤྱོད་གསུངས་པ། ཐིག་ལེའི་རྣམ་པ་ཡོད་མེད་དང་ནི་རྣམ་པར་བཅད་པ་ཡོད་མེད་བཞི་ཡི་དབྱེ་བ་ལས། འཁོར་ལོ་བཞི་ཡི་པད་འདབ་མཆོག་ལ་ཀ་སོགས་སྡེ་པ་དྲུག་གི་ཡི་གེ་སུམ་ཅུ་རྣམས་རྣམ་པར་ཕྱེ་བ་ཉི་ཤུ་དང་ནི་བརྒྱ་ཕྲག་གཅིག་ཀྱང་ཟླ་རྐང་གི་གྲངས་དང་མཚུངས་པར་ཐུན་བཞི་བཞི་ཅན་གྱི་བགྲོད་པའི་དབང་གིས་ཉི་མ་ཡི་རླུང་རྒྱུ་ཞིང་ཟླ་བའི་ཆ་ཉམས་པར་བྱེད་དོ། །དེ་ཡང་ཡི་གེ་དང་རྩ་བདབ་ཐུན་ཚོད་རྣམས་གྲངས་མཉམ་པ་སྟེ། ཡར་ངོ་ལ་དཔྲལ་བ་སོགས་འཁོར་ལོ་གསུམ་གྱི་རྩ་འདབ་དྲུག་ཅུ། མར་ངོ་ལ་ལྟེ་བའི་དྲུག་ཅུ་རྫོགས་པར་རྒྱུའོ། །དཀར་ཕྱོགས་ལ་ས་བོན་ཀྱི་ཡི་གེ་རྣམས་སྡུད་རིམ་དང་། ནག་ཕྱོགས་ལ་སྐྱེད་རིམ་གྱིས་སྙིང་གའི་པདྨར་གནམ་སྟོང་གི་མཐར་ཐུག་པར་དཀར་པོའི་ཚེས་གཅིག་ལ་སོགས་པའི་ས་བོན་རྒྱུ་བ་ཡིན་ལ། ལྟེ་བའི་འདབ་མ་བཞི་སྟོང་པའི་ལྷག་མ་དྲུག་ཅུ་ལ་ཐུན་བཞིར་བཅད་དེ། དཀར་པོའི་ཚིས་གཅིག་གི་ཐུན་བཞི་ལ་སྶཱཿསྶཱ་ཉྤཱྱཱཿཉྤཱྱཱ། བཞི་ས་ལ་སོགས་པ་རྣམས་ཉི་མས་སྤྱོད་དོ། །དེ་བཞིན་དུ་ཥྵཱཿཥྵཱ་ཤྴཱཿཤྴཱ་བཞི་དང་། གསུམ་པར་ྈྐྈྐའ ྄ཿྈྐྈྐའ་ཏྟཱཿཏྟཱ་བཞི་དང་། བཞི་པར་


MR17_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ཐྠཱཿཐྠཱ་དྡཱཿདྡཱ་བཞི་དང་། དེ་བཞིན་དུ་ལྔ་པར་དྷདྷཱཿསོགས་བཞི་དང་། དྲུག་པར་པྤཱཿསོགས་བཞི་དང་། བདུན་པར་བྦཱཿསོགས་བཞི། བརྒྱད་པར་མྨཱཿསོགས་བཞི། དགུ་པར་ཋྛཱཿསོགས། བཅུ་པར་ཌྷྞཱཿསོགས། བཅུ་གཅིག་པར་ཙྩཱཿསོགས། བཅུ་གཉིས་པར་ཛྫཱཿསོགས། བཅུ་གསུམ་པར་ཉྙཿསོགས། བཅུ་བཞི་པར་ཁྑཱཿསོགས། དཀར་པོའི་བཅོ་ལྔ་པ་ཟླ་བ་ཉ་བ་ལ། གྷྒཱཿགྷྒཱ་ངྡཱཿངྡཱ་ཞེས་པའི་བར་དུ་གོང་ལྟར་རིམ་པར་བཀོད་པ་སྟེ། དེ་ལྟར་ལྟེ་བའི་པདྨའི་འདབ་མ་རྣམས་ལ་ཉི་མས་ས་ལ་སོགས་པའི་སྡེ་པའི་ཡི་གེ་རྣམས་སྤྱད་ནས་དམར་ཆ་ཉི་མའི་རྒྱུ་བ་དེ་ལས་ལྡོག་ཅིང་། སྤྱི་བོར་དཀར་ཆ་ཁུ་བ་ཟླ་བ་རང་གི་རྒྱུ་བས་འཇུག་སྟེ། དེའི་ཕྱིར་ཉི་མས་སྤྱད་ཟིན་པའི་པདྨ་རྣམས་ལ་ཟླ་བ་འོང་ཞིང་ཟླ་བས་སྤྱད་ཟིན་པའི་པདྨ་རྣམས་ལ་ཉི་མ་འགྲོའོ། །ནག་པོའི་ཕྱོགས་ལ་ཉི་མ་སྐྱེད་པའི་རིམ་པས་རྒྱུ་བ་ལ་ཟླ་བ་སྡུད་པའི་རིམ་པས་ཏེ། གང་གི་ཚེ་ཉི་མ་སྐྱེད་པའི་རིམ་པས་ཡིན་པ་དེའི་ཚེ་ཟླ་བ་སྡུད་པས་དང་། གང་ཚེ་ཟླ་བ་སྐྱེད་པའི་རྒྱུ་བ་དེའི་ཚེ་ཉི་མ་སྡུད་པས་རྒྱུ་བ་ནི་ཐམས་ཅད་དུ་ངེས་པའོ། །ད་ནི་དཔྲལ་བའི་པདྨ་སོགས་ཀྱི་འདབ་མར་ཉི་མས་ང་སོགས་སྡེ་པའི་ཡི་གེ་རྣམས་རིམ་པ་མིན་པར་སྤྱོད་དེ། ནག་པོའི་ཚེས་གཅིག་གི་ཐུན་བཞི་ལ། དཔྲལ་བའི་འདབ་མ་བཞི་པོ་རྣམས་སུ་ང་ངཾ་གྷ་གྷཾ་སྤྱོད་དོ། །ཚེས་གཉིས་པར་ག་གཾ་ཁ་ཁཾ། དེ་བཞིན་དུ་རིགས་བསྒྲེས་ཏེ། གསུམ་པར་ཉ་སོགས་བཞི། བཞི་པར་ཛྷ་སོགས་ཏེ་དེས་དཔྲལ་བའི་འདབ་མ་བཅུ་དྲུག་རྫོགས་ནས། ལྔ་པར་མགྲིན་པའི་པདྨ་ལ་ཚ་ཚཾ་ཙ་ཙཾ། དྲུག་པར་ཎ་ཎཾ་ཌྷ་ཌྷཾ། བདུན་པར་ཌ་སོགས། བརྒྱད་པར་ཊ་སོགས། དགུ་པར་བྷ་སོགས། བཅུ་པར་ཕ་སོགས། བཅུ་གཅིག་པར་ན་སོགས། བཅུ་གཉིས་པར་ད་སོགས། བཅུ་གསུམ་པར་སྙིང་གའི་པདྨའི་འདབ་མ་རྣམས་སུ་ཏ་ཏཾ་ྈྐ་ྈྐཾ ། བཅུ་བཞི་པར་ཤ་ཤཾ་ཥ་ཥཾ། དེ་ནས་གནམ་སྟོང་ལ་ལྟེ་བ་ལ་གཉིས་དང་གེ་སར་གྱི་རྩེ་མོར་གཉིས་ཏེ་ལྤ་ལྤཾ་ས་སཾ་ཞེས་པའོ། །དེ་ནི་སྙིང་


MR17_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

གའི་ལྟེ་བ་དང་གེ་སར་གྱི་རྩེ་མོ་ལ་ཡང་ངོ་། །གནམ་སྟོང་གི་མཐར་ཆ་བཅུ་དྲུག་པ་ལ་གཞོམ་དུ་མེད་པ་སྟེ། ཉི་མའི་ས་བོན་ཐིག་ལེ་སྟོང་པ་ཡིག་དྲུག་ཅེས་པ་ཨེ་དང་། ཟླ་བའི་ས་བོན་ཉ་ཡི་མཐར་ཆ་བཅུ་དྲུག་པ་སྟོང་པ་ཆེན་པོའི་ཡི་གེ་ལྔ་ཞེས་པ་ཝཾ་སྟེ། ཟླ་བ་དང་ཉི་མའི་རྐང་པའི་ཆ་ཤས་བརྒྱ་ཉི་ཤུ་རྒྱུ་བས་འཁོར་ལོ་བཞི་ལ་ཇི་ལྟར་སྤྱོད་པའི་ངེས་པའོ། །དེ་ནས་ཉི་ཟླའི་ནོར་དང་བུ་ལོན་གྱི་འཆི་ལྟས་འཕེལ་ཚུལ་ནི། ཇི་ལྟར་སྐར་རྩིས་ཀྱི་སྐབས་སུ་གཟའི་ཆུ་ཚོད་ལ་ནོར་དུ་གྱུར་པ་རྣམས་བསྣན་ནས་འཕེལ་བ་དང་། བུ་ལོན་དུ་གྱུར་པ་རྣམས་ཕྲིས་པས་དམན་པ་ལྟར་འདིར་ཡང་ཕྱོགས་གཅིག་སྟེ་ཟླ་ཕྱེད་ལ་ཟླ་བ་རང་གི་འགྲོས་ཀྱི་རྒྱུ་བས་ཉིན་ཞག་ཅེས་བྱའི་རྐང་པ་སྟེ་ཉིན་ཞག་གཅིག་གི་བཞི་ཆ་ཆུ་ཚོད་བཅོ་ལྔ་དག་ཀྱང་ཟླ་བའི་བུ་ལོན་དག་ཏུ་བྱེད་དེ། འདི་ནི་རགས་རྩིས་ཀྱི་དབང་དུ་ཚེས་ཞག་རེ་ལ་ཆུ་ཚོད་རེ་རེ་ཆད་པའི་དབང་དུ་བྱས་ན་ཕྱོགས་རེ་ལ་ཉིན་ཞག་གཅིག་གི་བཞི་ཆ་ཆུ་ཚོད་བཅོ་ལྔ་ཆད་པ་ཟླ་བའི་ལོངས་སྤྱོད་ལས་ཟད་པའི་ཆའོ། །ཞིབ་པར་བརྩིས་ན་རྐང་བཅས་ཆུ་སྲང་ང་དྲུག་གི་ཆ་དམན་ནོ། །དེ་བསགས་པས་སླར་ཡང་ཟླ་བ་གཉིས་ཀྱིས་བུ་ལོན་གཞན་པ་དག་ཀྱང་ཉིན་ཞག་གཅིག་ཆད་པར་འགྱུར་ལ། ཞིབ་པར་ཞག་དྲུག་ཅུ་རེ་བཞིན་ཞག་རེ་ཆད་དོ། །ཆད་པ་དེ་དག་ལོ་ཡི་སྦྱོར་བ་དག་ལས་འཕེལ་བ་ནི། རྫོགས་པའི་ལོ་ལ་སྟེ་ལོ་གཅིག་རྫོགས་པ་ན་ཟླ་བའི་བུ་ལོན་ནི་ཉིན་ཞག་དྲུག་ཏུ་འགྱུར་ཏེ་གཞན་ཡང་དེ་བཞིན་དུ་འཆི་བ་དག་གིས་གཏུགས་པའི་མཚམས་ཏེ་ལོ་བརྒྱའི་མཚམས་སུ་ཐུག་གི་བར་དུ་འཕེལ་བ་ཡིན་པས་ལོ་བརྒྱའི་ཞག་སྟོང་ཕྲག་སོ་དྲུག་ལ་རེ་བཞིས་བགོས་པས་ཉིན་ཞག་ཕྱེད་དང་བཅས་པའི་ལྔ་བརྒྱ་དྲུག་ཅུ་རྩ་གཉིས་སུ་འཕེལ་བར་འགྱུར་རོ། །ཀྱེ་རྒྱལ་པོ་ཞེས་བོས་ནས་དེ་ལྟར་ལོ་བརྒྱའི་ཟླ་བའི་བུ་ལོན་གྱི་ཆ་ཞག་དེ་དགའི་མའི་བུ་ལོན་ལ་ཉིས་འགྱུར་གྱིས་འཕེལ་ནས་སྟོང་དང་བརྒྱ་ཉེར་ལྔ་འདི་ནི་ལོ་ཡི་སྦྱོར་བ་བརྒྱ་པོ་དག་གིས་འཕེལ་བར་བྱེད་པར་འགྱུར་


MR17_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཚེས་ཞག་གི་དབང་དུ་བྱས་པའི་ལོ་རེར་ཞག་རགས་པར་བཅུ་གཉིས། ཕྲ་བར་བཅུ་གཅིག་རྐང་བཅས་ཉི་མ་ལ་འཕེལ་བ་ལྟར་བརྩིས་པ་དེའི་དབང་གིས་ཉི་མས་ལྡབ་འགྱུར་དུ་འགྱུར་བ་ཤེས་པར་བྱའོ། །དེ་ལྟར་ཉི་མའི་ཆས་ཟླ་བ་ལ་བུ་ལོན་དུ་གྱུར་པའི་ལོ་བརྒྱའི་ཞག་གྲངས་དེ་ནི་དུས་འཆིའི་དབུ་མའི་ལོ་གསུམ་ཕྱོགས་གསུམ་གྱི་ཞག་གྲངས་དང་མཉམ་པར་འགྱུར་ཏེ། ལོ་བརྒྱའི་ཞག་གྲངས་ལ་སུམ་ཅུ་རྩ་གཉིས་ཀྱིས་བགོས་པས་ཀྱང་ཞག་གྲངས་དེ་འབྱུང་ངོ་། །ཟླ་བའི་ཆ་ལ་ཉི་མའི་བུ་ལོན་དུ་གྱུར་པ་དམན་པའམ་ཆད་པའི་རྣམ་གཞག་གི་ངེས་པའོ། །དེ་ནས་འཆི་ལྟས་ཀྱི་ཆ་འཕེལ་བ་དབུ་མའི་དབུགས་ཀྱི་ཆ་བུ་ལོན་དུ་གྱུར་པའི་ལོ་གྲངས་གསུངས་པ། འབྱུང་བ་དང་འཇུག་པ་ཟུང་དག་གཅིག་ཏུ་བརྩིས་པའི་དབུགས་དྲུག་གིས་ནི་ཆུ་སྲང་གཅིག་ཏུ་རབ་ཏུ་འགྱུར་ཏེ་ཆུ་སྲང་དྲུག་ཅུ་ཡིས་ཀྱང་ཆུ་ཚོད་གཅིག་ཉིད་དོ། །ཆུ་ཚོད་དྲུག་ཅུ་དག་ནི་ཉིན་ཞག་གཅིག་ཏུ་འགྱུར་ལ། གསུམ་གྱིས་བསྒྱུར་བ་བཅུ་ཡི་ཉིན་ཞག་དག་གིས་ཞེས་ཉིན་ཞག་སུམ་ཅུས་ཟླ་བ་གཅིག་ཏུ་འགྱུར་རོ། །ཟླ་བ་དྲུག་གིས་ཀྱང་ནི་བྱང་དང་ལྷོའི་བགྲོད་པ་གང་རུང་གཅིག་ཡིན་པར་འགྱུར་ཏེ། གཅིག་པོ་དེ་ཉིད་གཉིས་ཀྱིས་བསྒྱུར་བའི་བགྲོད་པ་གཉིས་ནི་ལོ་གཅིག་ཏུ་འགྱུར་བར་འཇིག་རྟེན་ན་རབ་ཏུ་གྲགས་ཤིང་དེ་ལ་ཞག་སུམ་བརྒྱ་དྲུག་ཅུ་ཡོད་དོ། །དེ་ལྟ་བུར་སྐྱེས་བུ་རྣམས་ཀྱི་ཚེ་ལོ་བརྒྱ་ལས་ཉི་མའི་ཆར་བྱས་པ་སུམ་ཅུ་རྩ་གཉིས་དང་ཟླ་བའི་ཆར་བྱས་པ་དྲུག་ཅུ་རྩ་བཞིའི་ཆ་ཡི་བུ་ལོན་གྱི་ཆ་ཡེ་ཤེས་ཀྱི་རླུང་བགྲོད་པར་སོན་པ་སྟེ་མཐར་ཐུག་པར་ནི་དུས་ཀྱི་རྩའམ་དབུ་མ་ཨ་བ་དྷཱུ་ཏཱི་ཡི་རྩ་ལ་ཡེ་ཤེས་ཀྱི་རླུང་རྒྱུ་བའི་དབང་གིས་སོ་ཞེས་ཉི་ཟླའི་བུ་ལོན་གྱི་བགྲོད་པ་མཐར་སོན་པ་དུས་འཆིའི་དབུ་མའི་ལོ་གསུམ་གྱི་མཐར་ཐུག་པ་ཉིད་དུ་འགྱུར་རོ། །དུས་ཀྱི་རྩའི་ངེས་པའོ། །དེའི་ཕྱིར་འཇིག་རྟེན་གསུམ་ན་ལྷ་མིན་དང་དབང་ཕྱུག་ལ་སོགས་པ་ལྷ་དང་མི་རྣམས་ཀྱི་རིགས་སུ་གྱུར་པ་དག་འགྲེལ་བར་ལྷ་མི་ལག་


MR17_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་རྣམས་ལས་ཞེས་གསུངས། མཆན། ལས་གང་ཞིག་ནང་དུ་རང་གི་ལུས་ལ་ཟླ་བ་དང་ཉི་མ་ཡི་བགྲོད་པ་དག་ཏུ་གྱུར་པའི་སྲོ༷ག་དང་ཐུར་སེལ་གྱི་ང་མཐའ་དག་དབུ་མར་བཅིངས་ནས་རྫོགས་པར་ནུས་པའི་རྣལ་འབྱོར་ལྡན་པ་སངས་རྒྱས་ཉིད་ལས་གཞན་ཡོད་པ་མིན་ཏེ། འདི་ལྟར་ཕྱི་རོལ་ཏུ་ཟླ་བ་རང་གི་རྒྱུ་བས་ལོ་ཡི་མཚམས་སུ་ཉིན་མཚན་ནམ་ཉིན་ཞག་གི་ཚོགས་སུམ་བརྒྱ་དྲུག་ཅུ་རྒྱུ་བ་མ་ཡིན་པ་དང་། སྲིད་པར་ཏེ་ནང་དུ་ལུས་ལ་ལོ་ཡི་ནང་དུ་སྔར་བཤད་པ་ལྟར་དབུ་མའི་བུ་ལོན་གྱི་ཆ་ཞག་བཅུ་གཅིག་དང་བཞི་ཆ་ནི་ཡེ་ཤེས་ཀྱི་ཆར་གྱུར་པའི་རིམ་པས་ཉི་མས་ཀྱང་ནི་ཕྱི་རོལ་དུ་ཚེས་ཞག་སུམ་བརྒྱ་དྲུག་ཅུས་རྒྱུ་སྐར་ཉེར་བདུན་པོ་ཐམས་ཅད་རྫོགས་པར་རྒྱུ་བ་མིན་པ་ཉིད་དེ་ཞག་བཅུ་གཅིག་དང་བཞི་ཆ་སྣོན་དགོས་པར་འགྱུར་ལ། དེའི་རྒྱུ་མཚན་ཉིན་ཞག་སུམ་བརྒྱ་དང་དྲུག་ཅུ་ལ་ཡེ་རླུང་གི་ཆ་སུམ་ཅུ་རྩ་གཉིས་ཀྱིས་བགོས་པས་ཞག་བཅུ་གཅིག་དང་ཞག་གཅིག་གི་བཞི་ཆ་ཆུ་ཚོད་བཅོ་ལྔ་ཐོབ་པ་བུ་ལོན་དུ་སོང་བ་དེའི་དབང་གིས་སོ། དེ་ལྟར་ལོ་དང་ལོར་ནི་ཞེས་ལོ་སོ་སོར་དབུ་མའི་ཡེ་ཤེས་ཀྱི་ཆ་ཉི་ཟླའི་རྒྱུ་བ་ལ་བུ་ལོན་དུ་གྱུར་པ་དག་གི་ཆ་དེས་ནི་སྲིད་པ་སྟེ་ལུས་ཀྱི་ཆ་དང་འཚོ་བའི་རླུང་གི་དུས་ཟ་སྟེ་འཆི་ང་དུ་གྱུར་པའི་ཕྱིར་རོ། །དེ་ལྟར་ན་ནང་དུ་དབུ་མའི་ང་ནི་ནང་གི་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པུ་སྟེ་འཁོར་བ་པ་རྣམས་ལ་ལུས་སྐྱེ་བ་དང་འཇིག་པའི་རྒྱུར་གྱུར་པའི་རྩ་བ་ཡིན་པའི་ཕྱིར་ན་དེ་ལྟར་བརྗོད་དེ། དང་པོར་ཀུན་གཞི་སྲོག་གི་རླུང་དང་བཅས་པ་མངལ་དུ་ཞུགས་ནས། མངལ་དུ་ལུས་འཕེལ་བའི་རྩ་བ་དེ་ཡིན་ལ། བར་དུ་གནས་པ་དང་མཐར་རྩ་རྣམས་རླུང་གིས་འདོར་ཏེ་དབུ་མར་སྲོག་གི་རླུང་ཉིད་ལ་བསྡུས་ནས་སྲོག་དེས་ལུས་བཏང་སྟེ་སླར་ཡང་སྲིད་པ་གཞན་དུ་འཕོ་བར་བྱེད་པ་ཡིན་པའི་སླད་དུའོ། །དེས་ན་རྣལ་འབྱོར་པ་རྣམས་ཀྱི་སྲོག་འཛིན་ལ་སོགས་པ་རླུང་རགས་པ་བཅུའི་རྩ་བར་གྱུར་པ་སྲོག་གི་རླུང་ཤིན་ཏུ་ཕྲ་བ་དབུ་མའི་རླུང་དེ་དབུ་མར་འཕོ་མེད་དུ་བཅིངས་ཤིང་ཐིམ་པའི་སྟོབས་ཀྱིས་ལས་རླུང་གི་འཕོ་བ་མ་ལུས་པ་


MR17_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

གཞོམ་མེད་ཀྱི་དབྱིངས་སུ་ཐིམ་པ་ན་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྐུ་ནམ་མཁའ་ལྟ་བུ་འཕོ་འགྱུར་མེད་པ་ཐོབ་པ་ནི་སྲིད་པ་གསུམ་གྱི་སྐྱེ་འཇིག་ལས་རྣམ་པར་རྒྱལ་བ་གཞན་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པུ་ཡིན་པར་དོན་གྱིས་ཤེས་པར་བྱའོ། །དེའི་ཕྱིར་ཐབས་རྡོ་རྗེའི་རྣལ་འབྱོར་ལ་གོམས་པའི་སྟོབས་ལས་ཟླ་ཉིའི་བགྲོད་པ་ཁུ་རྡུལ་དང་སྲོག་ཐུར་གྱི་འཕོ་བ་གཞོམ་མེད་དྷཱུ་ཏཱིར་རྫོགས་པར་བྱས་ཏེ་འཆི་བའི་དགྲ་ལས་གཏན་དུ་རྣམ་པར་རྒྱལ་བ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་གོ་འཕང་འཕོ་བ་མེད་པ་བསྒྲུབ་པར་བྱའོ་ཞེས་སངས་རྒྱས་ཀྱི་བཀའ་ཡི་ངེས་པའོ། །དེ་ནས་ནང་དུ་རྩ་ཆད་པའི་འཆི་ལྟས་ཀྱི་རླུང་གི་དབང་གིས་གཅི་བ་སོགས་ཁམས་ཀྱི་རྣམ་པར་འགྱུར་བའི་མཚན་ཉིད་གསུངས་པ། འདིར་ལུས་ལ་རྩ་ཆད་པ་ནི་གལ་ཏེ་གཡོན་པའམ་གཡས་པའི་རྩ་གཅིག་སྟེ་རོ་རྐྱང་གང་རུང་ལ་སྲོག་རབ་ཏུ་འབབ་པ་དང་བྲལ་བ་ཡིན་ན་ཀྱེ་མི་ཡི་བདག་པོ་ཟླ་བ་དྲུག་གི་མཚམས་སུ་འཆི་བར་འགྱུར་ཞེས། དེའི་ཚེ་གཅི་བ་དག་ནི་སྐྱུར་བ་ཉིད་དུ་འགྱུར་རོ། །སྒྲ་རོ་གཟུགས་དྲི་རེག་བྱ་དེ་ཙམ་ལྔ་པོ་རྣམས་ནི་ཉིན་ཞག་ལྔ་ནས་མཆོག་གི་ཆ་སྲོག་གི་ནུས་པ་ཆེན་པོ་ཡིས་འདོར་ཏེ་གསང་བའི་བར་སྐོར་གྱི་རྩ་བཅུའི་གོང་བུ་འཆད་པའི་དུས་སུའོ། །དེའི་ཚུལ་ཀྱང་འཆི་བ་ལ་ཞག་དྲུག་ཡོད་པའི་མཚམས་སུ་ཞག་དང་པོ་ལ། སྒྲ་འཛིན་པར་བྱེད་པའི་རྩ་གཉིས་ཆད་པས་ཡུལ་སྒྲ་ཐོས་པ་ནི་རྣ་བ་ལས་འདོར་ཏེ། དེའི་ཚེ་རྣ་བའི་ནང་གི་སྒྲ་འུར་འུར་པོ་མེད་པ་དང་སྒྲ་མི་ཐོས་པར་འགྱུར་རོ། །འདིར་རྒྱུད་རྩ་བར་རྣ་བ་ལ་འདོར་ཏེ་ཞེས་ལྔ་པའི་དོན་ལ་བདུན་པ་བྱས་པ་ཡོད་དོ། །དེ་བཞིན་དུ་ཞག་གཉིས་པ་སོགས་ལ་རོ་འཛིན་གྱི་རྩ་གཉིས་ཆད་པ་དང་རོ་སོགས་འདོར་བ་རིམ་པར་སྦྱར་ཏེ། ཡུལ་རོ་ཡང་ངེས་པར་ཁ་ལས་འདོར་ཞིང་རོ་ཕྱིན་ཅི་ལོག་ཏུ་སྣང་བའམ་རོ་མི་ཚོར་བར་འགྱུར་བ་ན་ཉིན་ཞག་ལྔ་འཚོའོ། །མིག་འབྲས་ལ་གཟུགས་བརྙན་མི་སྣང་བར་གྱུར་ཅིང་མིག་གི་དབུས་ནས་སོ་ཞེས་པ་མིག་གི་དབུས་ནས་


MR17_Page_0775
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གཟུགས་འཛིན་པ་འདོར་ཏེ་གཟུགས་ལེགས་པར་མི་མཐོང་བ་ནི་ཞག་བཞི་ནས་འཆིའོ། །དྲི་ནི་སྣ་ལས་འདོར་ཏེ་དྲི་མི་ཚོར་བ་ཞག་གསུམ་ནས་འཆིའོ། །མི་རྣམས་དག་གི་ལག་པ་དང་རྐང་པའི་ཆ་ནས་བཟུང་སྟེ་ལུས་ལས་དྲོ་བའི་དངོས་པོ་རིམ་པ་ཡིས་བྲལ་བར་འགྱུར་ཞིང་ཆ་དེ་དག་ནས་རེག་བྱ་མི་འཛིན་པར་འདོར་བ་ནི་ཞག་གཉིས་ཀྱི་མཚམས་སུ་འཆིའོ། །མཐའི་ཉིན་ཞག་དྲུག་པ་ལ་ཆོས་ཀྱི་དབྱིངས་ཁུ་བ་འཕོ་བ་དང་དབུགས་ཀྱི་འཁོར་ལོ་ཡང་འདོར་བར་འགྱུར་རོ། །ཉིན་ཞག་དྲུག་གི་ནང་དུ་འཆི་བའི་མཚན་ཉིད་གཞན་ཡང་གསུངས་པ། འདིར་ལུས་ལ་ཞག་དྲུག་གི་ནང་དུ་འཆི་བ་རབ་ཏུ་ཞུགས་པར་གྱུར་པ་ན་རང་གི་ལུས་སྣ་ཡི་རྩེ་མོ་འཕྱང་བ་གླང་པོ་ཆེའི་སྣའི་རྣམ་པ་ལྟ་བུར་མཐོང་བ་དང་ནི། རང་གི་སྤྱི༷་བོར་ལག་པ་བཞག་སྟེ་མིག་གཉིས་ཀྱིས་དབུས་ཀྱི་ལག་པ་དེ་ལ་བལྟས་ན་དུས་རྒྱུན་ཤིན་ཏུ་ཕྲ་མོར་མཐོང་ན་ཡང་འདིའི་སྐབས་སུ་ཕྲ་མོར་མི་མཐོང་བར་ལག་པ་དེ་ཡི་རང་བཞིན་དག་ཏུ་མཐོང་བ་དང་། ལག་པ་གཉིས་ཀའི་མཐིལ་ལ་རྒྱ་སྐྱེགས་ཚོན་གྱིས་རབ་ཏུ་བྱུགས་ཀྱང་དམར་པོ་ཉིད་དུ་བྱེད་པ་མ་ཡིན་པ་དང་། ཉི་མ་ཁ་དོག་ནག་པོ་ཉིད་དུ་མཐོང་བ་དང་ནི། ཡོངས་སུ་ཆ་རྫོགས་པར་གྱུར་པའི་རི་བོང་འཛིན་པ་ཁ་དོག་སེར་པོར་མཐོང་བ་དང་། དེ་རྣམས་ནི་ཉིན་ཞག་དྲུག་གི་མཚམས་སུ་འཆི་བའི་ལྟས་ཡིན་ནོ། །དེ་ནས་ཉིན་ཞག་གང་ལ་གཅིན་དང་ལུས་ཀྱང་དྲོད་མེད་པར་བསིལ་བར་གྱུར་པ་ན་ཀྱེ་མི་ཡི་བདག་པོ་ཞེས་བོས་ནས་དེ་ཡི་ཉིན་ཞག་དེ་ཉིད་ལ་ནི་འཆི་བ་ཉིད་ཡིན་ནོ། །ཉིན་ཞག་དྲུག་གི་མཚམས་སུ་འཆི་བའི་མཚན་མ་གཞན་ཡང་གསུངས་པ། འདིར་དུས་མ་ཡིན་པར་འཆི་བས་ནོན་པ་ལ་ལྕེ༷་ཡི་འོག་ཏུ་ནག་པོའི་ཐིག་ཅེས་རི་མོ་ནག་པོ་དག་ཏུ་རབ་ཏུ་འགྱུར་ཏེ། གཞན་ཡང་མིག་ལ་ཚངས་པའི་རི་མོ་ཤིན་ཏུ་ཕྲ་མོ་སྐྲའི་ཚད་ཙམ་གྱི་ནག་པོ་དམར་པོའི་དཀྱིལ་འཁོར་འབྱེད་པར་འགྱུར་བ་དང་། དབུགས་ནི་ཟླ་བ་དང་ཉི་མའི་ལམ་དུ་འཕྲོ་སྟེ་སྣ་བུག་གཉིས་དང་ཁ་ནས་དུས་མཉམ་པར་དྲག་ཏུ་བསྐྱོད་ཅིང་


MR17_Page_0776
[མ་དཔེ་གཟིགས་ན་འདིར་གནོན།]

འབབ་པ་དང་། ཀྱེ་མི་ཡི་བདག་པོ་འཆི་བའི་ལྟས་གཞན་ཡང་མཁུར་ཚོས་གཡས་གཡོན་གཉིས་པོ་དེ་བཞིན་ཉིད་ཅེས་འཕྲིག་ཅིང་བསྐྱོད་པ་དང་། ནུ་མའི་སྟེང་གི་ལག་པའི་འཕར་རྩ་ཡི་རླུང་ནི་མཆན་ཁུང་དུ་ཞུགས་པས་ལག་ངར་དུ་འཕར་རྩ་འཕར་རྒྱུ་མེད་པ་དང་། གཟའ་མིག་དམར་ལ་སོགས་པ་ཡི་སྐར་མའི་ཚོགས་རྣམས་མཐའ་དག་རང་བཞིན་པར་མི་མཐོང་སྟེ་མེ་སྟག་འཕྲོ་བ་དག་དང་བཅས་པར་མཐོང་བ་དང་། མགྲི༷ན་པ་དང་རྐང་ལག་ལུས་དང་བཅས་པ་རེངས་ཤིང་གཡོ་བ་བྲལ་བས་སེམས་མེད་པ་ལྟར་གྱུར་པ་དང་། ལུས་འཁོར་བ་ལྟ་བུར་ཡང་ནི་སྣང་བར་འགྱུར་ཏེ་འདི་དག་ལུས་ལ་འཆི་བའི་མཚན་ཉིད་དག་ཏུ་འགྱུར་བར་འདོད་དོ། །གཞན་ཡང་ལུས་ལ་གང་ཅུང་ཟད་ཕྱིན་ཅི་ལོག་ཏུ་མཐོང་བ་དང་། ལུས་ཀྱི་གྲིབ་མའི་སྐྱེས་བུ་ནམ་མཁའ་ལ་སྣང་བ་བརྟག་ཚུལ་སོགས་གཞུང་གཞན་ལས་བཤད་པ་དེ་དག་ཀྱང་འཆི་བའི་མཚན་ཉིད་དུ་རྣལ་འབྱོར་པས་ཤེས་པར་བྱས་ནས་སྦྱིན་པ་སོགས་དགེ་བ་ལ་འབད་པར་བྱ་སྟེ། གལ་ཏེ་བསོད་ནམས་སྟོབས་ཀྱིས་འཆི་ལྟས་ཞི་ནས་སླར་འཚོ་བར་གྱུར་པ་དེ་ལྟ་ན་ལེགས་ཤིང་། ཅི་སྟེ་འཆི་བ་བསླུ་མ་བཏུབ་པར་འཆི་བར་འགྱུར་བ་དེ་ལྟ་ནའང་སྦྱིན་པ་སོགས་ཀྱི་འབྲས་བུ་ཚེ་རྗེས་མ་ལ་སྤྱོད་པ་དེའི་ཕྱིར་མཐོང་བ་ཚེ་འདི་དང་མ་མཐོང་བ་ཕྱི་མའི་ཕྱོགས་གཉིས་ཀ་ལ་ཡང་བདེ་བ་དོན་དུ་གཉེར་བ། བདེ་བར་གཤེགས་པའམ་ནང་པ་སངས་རྒྱས་པ་རྣམས་ཀྱིས་འཆི་བ་ལ་བསམ་ནས་ལོངས་སྤྱོད་ལ་དམ་དུ་འཛིན་པའི་བློ་མི་བསྐྱེད་པར་སྦྱིན་པ་ཅི་ནུས་སུ་བྱིན་པར་བྱའོ་ཞེས་པ་བཅོམ་ལྡན་འདས་ཀྱི་བཀའི་ངེས་པའོ། །འཆི་ལྟས་དང་འཆི་བའི་མཚན་ཉིད་དང་རྩ་འཆད་པ་འདི་འགྲེལ་བའི་མདོར་བསྡུས་བཞི་པས་བཤད་པར་མཛད་དོ། །གནས་པ་བཅུ་གསུམ་པ་ལས་ཀྱི་རྣམ་སྨིན་གྱིས་འགྲོ་བ་དྲུག་ཏུ་སྐྱེ་བའི་ངོ་བོ་ཉིད་ཀྱི་གནས་པ་ནི། སྐྱེ་བ་དང་ནི་སོགས་ཚིགས་སུ་བཅད་པ་གྱ་གཉིས་པ་ནས། བརྒྱ་དང་དྲུག་པའི་བར་གྱིས་བསྟན་ཏེ། གོང་དུ་འཆི་ལྟས་ཀྱི་རླུང་རྒྱུ་བ་


MR17_Page_0777
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྩ་འཆད་པའི་རིམ་པས་རྣམ་ཤེས་ཀྱིས་ལུས་འདོར་ཞིང་འཆི་བའི་ཚུལ་བཤད་ནས་ཤི་བའི་རྗེས་སུ་ཇི་ལྟར་འགྱུར་སྙམ་ན། འཇིག་རྟེན་ཀུན་རྫོབ་ཏུ་ལས་ཀྱི་རྣམ་སྨིན་གྱི་དབང་གིས་འགྲོ་བ་དྲུག་ཏུ་སྐྱེ་བར་བྱེད་ལ། དེར་ཡང་ཀུན་རྫོབ་ཏུ་འཇིག་རྟེན་སྐྱེད་པ་དང་སྡུད་པའི་བྱེད་པོ་ཇི་ལྟ་བུ་ཡིན་པ་དང་། དོན་དམ་པར་བྱེད་པ་པོ་མེད་པ་དང་། རྒྱུ་གང་གིས་འཁོར་བར་བཅིངས་པ་དང་། དེ་ལས་གྲོལ་ཚུལ་རྣམས་བསྟན་པ་ལས། དང་པོར་འཇིག་རྟེན་ཀུན་རྫོབ་ཀྱི་སྐྱེད་པ་དང་སྡུད་པའི་བྱེད་པོ་གསུངས་པ། སེམས་ཅན་རྣམས་སྐྱེ་བ་དང་ནི་བཙའ་བའི་དུས་དང་བྱིས་པ་དང་གཞོན་ནུ་དག་གི་གཟུགས་ནི་བྱེད་པ་གང་ཡིན་པ་དེ་ཉིད་མཐོ་རིས་ལྷ་དང་མི་དང་ས་འོག་གི་འཇིག་རྟེན་དག་ཏུ་སླར་ཡང་སྡུད་པར་བྱེད་པ་པོ་གང་ཞིག་ཡིན་ན་འཕོ་བའི་སྐད་ཅིག་གི་གནས་སྐབས་དང་ལྡན་པའི་དུས་ཀྱི་འཁོར་ལོ་ཅན་དེ་ཉིད་ཡིན་ཏེ། ཁུ་རྡུལ་དང་ལྷན་ཅིག་མངལ་དུ་ཞུགས་པའི་ཀུན་གཞིའི་རྣམ་ཤེས་སྲོག་གི་རླུང་དང་བཅས་པ་ཕ་མའི་སྙོམས་འཇུག་གི་བདེ་བ་བཞི་པའི་གནས་སྐབས་དེས་ལུས་འཛིན་ཅིང་སྐྱེད་པར་བྱེད་ལ། སླར་སྡུད་པའི་དུས་སུའང་ཀུན་གཞིའི་རྣམ་ཤེས་སྲོག་གི་རླུང་དང་བཅས་པ་དེར་སྡུད་ཀྱིས་དེ་ལས་གཞན་པའི་འཇིག་རྟེན་སྐྱེད་པ་དང་སྡུད་པའི་བྱེད་པོ་ཅུང་ཟད་ཀྱང་མེད་པས་ཉི་མ་ཞེས་པ་རྡུལ་དང་ཟླ་བ་ཁུ་བ་སོགས་རྐྱང་བས་ལུས་འཛིན་པ་མིན་ཏེ། དུས་ཀྱི་འཁོར་ལོ་འཕོ་བའི་བག་ཆགས་དང་ལྡན་པ་ཀུན་གཞིའི་རྣམ་ཤེས་མེད་པས་ཁུ་རྡུལ་སོགས་ཀྱིས་ལུས་འཛིན་ཅིང་སྐྱེད་པར་མི་བྱེད་དོ། །དེའི་ཟུར་གྱིས་ཉི་མ་དང་ཟླ་བ་སོགས་ལྷ་རྣམས་ཀྱང་འགྲོ་བའི་བྱེད་པ་པོ་མ་ཡིན་པར་བསྟན་པའོ། །ཇི་ལྟར་ཁུ་རྡུལ་སེམས་གསུམ་མམ། ཟླ་ཉི་མེ་སྟེ་སྒྲ་གཅན་དང་གསུམ་ཚོགས་པ་ལ་འགྲོ་བའི་བདག་ཉིད་དུ་གྲགས་པའི་ཁུ་རྡུལ་དག་གིས་ཀྱང་འགྲོ་བ་སྐྱེད་པར་ཅི་ཕྱིར་མི་བྱེད་ཅེ་ན། ཟླ་བ་ཉི་མ་སྟེ་ཁུ་རྡུལ་དང་ལ་སོགས་པའི་སྒྲས་བཤང་གཅི་རྐང་གི་དངས་མ་དང་བཅས་པ་དང་ལྷ་ལྔ་པོ་རྣམས་དང་འབྱུང་བ་ལྔ་པོ་དག་དང་བཅས་པ། མཚན་མོའི་ཆ་ཞེས་པ་


MR17_Page_0778
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མོ་ཟླ་བའི་ཆ་ཡིན་པས་སྐབས་འདིར་འཁོར་བ་པ་རྣམས་སྐྱེ་བའི་དུས་ལ་གོ་བར་བྱ་སྟེ། སེམས་ཅན་སྐྱེ་བའི་ཚེ་ན་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སེམས་རྡོ་རྗེ་འཛིན་པ་དེ་ཡིས་མའི་མངལ་དུ་ཁུ་བ་ལ་སོགས་པ་དངས་མ་ལྔ་དང་ལྷ་ལྔ་དང་འབྱུང་བ་ལྔ་རྣམས་ལུས་དང་ངག་སེམས་རྫོགས་པའི་དོན་དུ་རོ་མཉམ་པར་ཟོས་ཏེའམ་བཟུང་སྟེ་ཚོགས་པ་གཅིག་ཏུ་བྱས་པའི་རྒྱུ་དེ་ལས་ལུས་ངག་སེམས་གསུམ་འཕེལ་ཞིང་རྫོགས་པར་བྱེད་ལ། སླར་ཡང་ཉིན་མོའི་དུས་ཏེ་ཉི་མའི་ཆ་སྡུད་པའི་དུས་ལ་བརྗོད་པ་ཡིན་པས་འཚོ་བ་སྡུད་པའི་དུས་སུ་འཕོ་བའི་བག་ཆགས་དང་ལྡན་པ་ཀུན་གཞི་རྣམ་པར་ཤེས་པས་ལུས་ལ་བརྟེན་ནས་དངོས་པོ་སྣ་ཚོགས་མཐའ་ཡས་པའི་འདུ་འགོད་རྩོམ་པའི་རང་བཞིན་རྣམས་ཀྱང་གཏོང་བར་བྱེད་དེ་ལྟེ་སྙིང་མགྲིན་དཔྲལ་གཙུག་ཏོར་གྱི་གནས་རྣམས་སུ་ས་ལ་སོགས་པའི་ཁམས་ལྔ་པོ་ཡོངས་སུ་འདོར་ཞིང་ཚེ་འདིའི་སྣང་བ་འགག་ནས་སྐྱེ་བ་གཞན་སྐྱེད་པའི་རྒྱུར་ནི་རིམ་པས་འཕོ་ཞིང་འགྱུར་བའི་ཚུལ་གྱིས་འཇུག་པར་བྱེད་པས་སོ། །དེ་ལྟར་ཁུ་བ་ལ་སོགས་པ་བདུད་རྩི་ལྔའི་དངས་མ་དང་། ཁམས་ལྔ་བཟུང་ནས་ལུས་སྐྱེད་པར་བྱེད་པ་པོ་དང་། སླར་ཡང་འདོར་བར་བྱེད་པ་པོ་ནི་བདག་འཛིན་སོགས་བག་ཆགས་སྣ་ཚོགས་པས་བགོས་པའི་རྣམ་པར་ཤེས་པ་ཡིན་གྱི། ཁམས་ལྔའི་དངས་མ་ལྔ་ནི་མ་ཡིན་ཏེ། དེ་དག་རྐྱང་པས་དེ་མི་ནུས་པའི་ཕྱིར་རོ། །འདིར་ནང་དུ་ཁུ་བ་ཟླ་བའི་མིང་ཅན་ནི་འོད་དཔག་མེད་ཀྱི་ངོ་བོ་དབང་ཕྱུག་ཆེན་པོ། ཉི་མ་དང་རྡུལ་ནི་རྟག་ཏུ་ཞི་བ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་དཔལ་མོ། རྐང་ནི་གསུང་རྡོ་རྗེ་དྲག་པོ། གཅི་བ་ནི་སྐུ་རྡོ་རྗེ་ཁྱབ་འཇུག །བཤང་བ་ནི་ཐུགས་རྡོ་རྗེ་ཚངས་པའོ། །ཕྱི་རོལ་དུ་འཇིག་རྟེན་པའི་ལྷའི་གཙོ་བོ་འདི་ལྔ་འཇིག་རྟེན་གྱི་བྱེད་པ་པོར་མུ་སྟེགས་པ་དག་གིས་འདོད་ཀྱང་། ལྷ་དེ་དག་གིས་འཇིག་རྟེན་བསྐྱེད་པ་མ་ཡིན་ཏེ། ནང་གི་ལུས་ནི་རྣམ་ཤེས་ཀྱིས་བཟུང་བའི་དངས་མའི་ཁམས་ལྔ་ལས་སྐྱེ་བ་ཡིན་ན་དེ་ལ་ལྷས་ལུས་ཅན་རྣམས་བསྐྱེད་པར་བཏགས་པ་ཙམ་


MR17_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དངོས་པོ་ལ་དེ་དག་གིས་བསྐྱེད་པ་མ་ཡིན་པར་ཤེས་པའི་ཆེད་དུ་གསུངས་པའོ། །ཀུན་རྫོབ་ཀྱི་བྱེད་པ་པོའི་ངེས་པའོ། །འདིར་བྱེད་པ་པོ་དང་ལས་སུ་བྱ་བ་ནི་འཇིག་རྟེན་ཀུན་རྫོབ་ཏུ་ལྟོས་ནས་བཏགས་པ་ཙམ་ལས་དོན་དམ་པར་དཔྱད་ན་བདེན་པར་གྲུབ་པ་མེད་དེ། འདིར་ལུས་གྲུབ་པར་གྱུར་ན་དེའི་དབང་གིས་སྒྲ་དང་ལ་སོགས་པ་ཞེས་པས་རེག་བྱ་དང་གཟུགས་དང་རོ་དང་དྲི་དང་ཆོས་ཀྱི་དབྱིངས་ཏེ་དྲུག་པོ་རྣམས་ནི་ཡུལ་ཅན་དྲུག་གིས་གཟུང་བར་བྱ་བའི་ལས་སུ་འགྱུར་ཏེ། ཡུལ་ཅན་དབང་པོ་རྣ་བ་ལུས་མིག་ལྕེ་སྣ་ཡིད་དྲུག་པོ་དག་ཀྱང་འཛིན་པར་བྱེད་པའོ། །ཁྱིམ་བཅུ་གཉིས་སུ་ཉི་མ་བགྲོད་པའི་དབྱེ་བས་ལོ་དང་ཟླ་བ་དང་། ཟླ་བའི་ཕྱེད་ཕྱོགས་ཉེར་བཞི་དང་ཉིན་མོ་དང་མཚན་མོ་དང་ཚེས་བཅོ་ལྔ་དང་། ཕྱི་རོལ་གྱི་ཟླ་བ་དང་ཉི་མ་འདི་མཐའ་དག་ཀྱང་སྣང་བར་བྱེད་པ་ཡིན་ཏེ། དེ་ལྟར་བྱེད་པ་པོ་དང་བྱེད་པའམ་བྱ་བ་དང་ལས་གསུམ་གྱི་རྣམ་པར་གཞག་པ་བྱེད་ལ། བྱེད་པ་པོ་གང་ཞིག་ལས་སུ་བྱ་བ་དང་བྱ་བའམ་བྱེད་པ་དེ་དག་སྡུད་པའི་བྱེད་པ་པོ་ནི་ཀུན་རྫོབ་ཏུ་ཀུན་གཞིའི་རྣམ་ཤེས་ཁུ་བ་འཕོ་བའི་སྐད་ཅིག་ལྷན་སྐྱེས་དགའ་བ་དེ་ཡིན་ཏེ། དེའི་དབང་གིས་དབང་པོ་དང་ཡུལ་དུ་སྣང་བ་དང་། དེ་ལ་བརྟེན་ནས་ལོ་དང་ཟླ་བ་ལ་སོགས་པའི་དུས་འཕོ་བའི་བྱེད་པ་རྣམས་སྣང་བར་གྱུར་གྱི་བྱེད་པོ་འཕོ་བའི་བག་ཆགས་དང་ལྡན་པའི་རྣམ་ཤེས་དེ་མེད་ན། ཕྱི་དང་ནང་གི་ཐ་སྙད་ཀྱིས་བསྡུས་པའི་ཆོས་འདི་རྣམས་ཀྱི་རྣམ་པར་བཞག་པའང་མི་སྲིད་པས། ཀུན་རྫོབ་ཙམ་དུ་ཚངས་པ་སོགས་འཇིག་རྟེན་སྐྱེད་པའི་བྱེད་པོ་ལས་གཞན་དུ་སྲིད་པ་ཉེ་བར་ལེན་པའམ་སྡུད་པའི་བྱེད་པོ་འཕོ་བའི་རྣམ་ཤེས་འདིར་འགྱུར་ཏེ། དེ་ལས་གཞན་པའི་དབང་ཕྱུག་སོགས་འཇིག་རྟེན་སྐྱེད་པའི་བྱེད་པ་པོ་ནི་འཁོར་བའི་བྱེད་པ་པོ་མ་ཡིན་ཏེ། འཕོ་བའི་བག་ཆགས་དང་ལྡན་པའི་རྣམ་ཤེས་ཡོད་ན་དེས་འཁོར་བར་སྐྱེ་བ་འགྲུབ་ལ། དེ་མེད་པར་ཚངས་པ་སོགས་རྒྱུ་གཞན་གང་གིས་ཀྱང་འཁོར་བར་སྐྱེ་བ་


MR17_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་མི་ནུས་པའི་ཕྱིར་རོ། །དེ་ལྟར་འཁོར་བ་ཉེ་བར་ལེན་པའམ་སྡུད་པའི་བྱེད་པ་པོ་དེ་སྐྱེ་བ་དང་འཇིག་པར་བྱེད་པའི་བྱེད་པ་པོར་ཅིས་མི་འགྱུར་སྙམ་ན་མ་ཡིན་ཏེ། སྐྱེ་བ་དང་སྡུད་པའི་དུས་ཀྱི་རྣམ་ཤེས་གཅིག་མ་ཡིན་ཏེ་སྐད་ཅིག་གིས་འཕོ་བ་དང་ལྡན་པས་ན་བྱེད་པ་པོ་གཅིག་པུ་དང་རྟག་པ་གང་ཡང་མེད་པས་བྱེད་པ་པོ་ཟད་པའོ། །འོ་ན་འཕོ་བའི་བག་ཆགས་ཀྱི་སྒྲིབ་པ་དང་བྲལ་བ་འབྲས་བུ་ལྷན་སྐྱེས་ཡེ་ཤེས་ཀྱི་སྐུའམ་གཞི་དུས་ཀྱི་སེམས་ཀྱི་ཆོས་ཉིད་རང་བཞིན་འོད་གསལ་བའི་སེམས་སམ་རང་བྱུང་གི་ཡེ་ཤེས་དེ་ཉིད་གཅིག་པུ་དང་རྟག་པ་ཉིད་དུ་བཤད་པ་དེ་བྱེད་པ་པོར་ཅིས་མི་འགྱུར་སྙམ་ན། གཞི་དུས་ཀྱི་ལྷན་ཅིག་སྐྱེས་པ་རང་བཞིན་འོད་གསལ་བའི་ཆོས་ཉིད་དེའི་གཤིས་སུ་གློ་བུར་བའི་སེམས་ཀྱི་འཕོ་བའི་བག་ཆགས་མཐའ་དག་དང་བྲལ་བའི་གཞི་འབྲས་དབྱེར་མེད་དག་པ་གཉིས་ལྡན་གྱི་འབྲས་དུས་ཀྱི་ལྷན་སྐྱེས་ཡེ་ཤེས་ཀྱི་སྐུ་གང་ཞིག་ནམ་མཁའ་དང་མཉམ་པས་མཁའ་ཁྱབ་ནམ་ཡང་འཕོ་བའི་གཡོ་བ་མི་མངའ་བས་མཁའ་ཡི་རྡོ་རྗེ་ཅན་དེ་ནི་ཆ་མེད་ཀུན་འགྲོ་ཁྱབ་པ་པོ་ཞེས་བརྗོད་དེ། རྡུལ་དང་སྐད་ཅིག་མའི་ཆ་མེད་པ་དང་། ཆོས་ཀུན་ལ་ཆོས་ཉིད་ཀྱི་ཚུལ་དུ་འགྲོ་ཞིང་ཁྱབ་པ་ཡིན་ཡང་། དེ་ལ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གྱུར་པའི་ཕྱིར་གཟུང་བའི་ཡུལ་དང་འཛིན་པའི་རྣམ་པ་དང་བྲལ་ཏེ་གཟུང་འཛིན་གྱི་མཚན་མ་མི་མངའ་བ་དང་། རྡུལ་སོགས་ཡོན་ཏན་གསུམ་གྱི་ཆར་འབྱེད་པ་སོགས་ཀྱི་གཉིས་ཆོས་གང་ཡང་མེད་ལ། ཁམས་བཅོ་བརྒྱད་སོགས་ཆོས་རྣམས་ཀྱི་རང་བཞིན་གང་ཡང་མི་དམིགས་ཤིང་མེད་པའོ། །དེའི་ཕྱིར་དོན་དམ་པར་ནི་སྐྱེད་པ་དང་སྡུད་པའི་བྱེད་པ་པོ་དང་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱང་དམིགས་སུ་མེད་དོ་ཞེས་པའི་དོན་ཏོ། །བྱེད་པོ་མེད་པའམ་ཟད་པའི་ངེས་པའོ། །ད་ནི་ཕྱི་དང་ནང་གི་ཆོས་རྣམས་ཚོགས་པ་ལས་སྐྱེ་སྟེ་གཅིག་པུ་ཉིད་དུ་དཔྱད་བཟོད་དུ་གྱུར་པ་ནི་གང་ཡང་མེད་པར་གསུངས་པ། དྲི་དང་ཁ་དོག་དང་ནི་རོ་


MR17_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

དང་རེག་པ་ཞེས་དང་འཛིན་མ་ས་དང་ནི་ཆུ་དང་མེ་དང་རླུང་སྟེ། དེ་ལྟར་ངེས་པར་གཟུགས་ཅན་བརྒྱད་པོ་རྣམས་ནི་མཐའ་དག་གཟུགས་སོགས་ཡུལ་གྱི་ཚོགས་པ་དག་སྟེ། དེ་ལས་དྲི་ལྟ་བུ་གང་ཤས་ཆེ་བ་གཅིག་ནི་གཙོ་བོར་འགྱུར་བའི་ཆ་ནས་གཟུགས་སྒྲ་དྲི་རོ་རེག་བྱ་ཞེས་སོ་སོར་བཞག་ཀྱང་། རྡུལ་བརྒྱད་ཚོགས་པ་ལས་བྱུང་བ་མ་ཡིན་པའི་དྲི་སོགས་ཡན་གར་པ་ཡོད་པ་མ་ཡིན་ནོ། །སྒྲ་དང་སྟོང་པ་སོགས་ཀྱི་རྐང་པ་གཅིག་པོ་དེ་འགྲེལ་པ་ལས་སྔ་མར་བྱས་པ་དེ་ལྟར་བཤད་ན་བདེ་བས། སྒྲ་དང་སྟོང་པ་དང་ནི་ཆོས་ཀྱི་དབྱིངས་དང་ཡིད་ཀྱང་ཀྱེ་མི་ཡི་བདག་པོ་གཟུགས་མེད་ཀྱི་ཁམས་ཀྱི་སྲིད་པ་ཉིད་དུ་འགྱུར་རོ་ཞེས། སྐྱེ་མཆེད་ཐ་མ་གཉིས་སམ་ཁམས་ཐ་མ་གསུམ་གཟུགས་མེད་ན་ཡོད་ཀྱི་སྐྱེ་མཆེད་དང་ཁམས་གཞན་མེད་པར་གཞུང་སྤྱི་ལས་གསུངས་པ་ལྟར་དང་། འགྲེལ་པར་འདིར་སྟོང་པའི་སྒྲས་ཁུ་བའི་ཁམས་བརྗོད་དོ་ཞེས་གསུངས་པ་ཁུ་བ་འཕོ་བ་ཡེ་ཤེས་ཀྱི་ཁམས་ཡིན་པས་སྟོང་པའི་སྒྲས་ཡེ་ཤེས་ཀྱི་ཁམས་དང་། སྒྲའི་ཡོན་ཏན་གྱི་སྒོ་ནས་ནམ་མཁའི་ཁམས་བཟུང་བ་ཡིན་ནམ་སྙམ་སྟེ། ཡུལ་སྒྲ་སོགས་ཀྱི་འདུ་ཤེས་ནུབ་པའི་ཕྱིར་སྒྲ་དངོས་སུ་ཡོད་ཚུལ་བཤད་དཀའ་ལ། ཡང་ན་མིང་གི་འདུ་ཤེས་ཀྱི་ཆ་ལ་བཤད་དགོས་སམ། འདིའི་དོན་སྔ་མ་རྣམས་ཀྱིས་བཤད་པ་མ་མཐོང་ངོ་། །དེ་ལྟར་འཇིག་རྟེན་གསུམ་པོ་མཐའ་དག་པ་འདི་ནི་སྤྲོ༷་བ་སྟེ་ཆགས་པ་དག་དང་། སླར་ཡང་སྡུད་པར་འགྱུར་ཏེ་འཕོ་བའི་སྐད་ཅིག་གི་དུས་ཀྱི་མཐུ་ལས་སོ་ཞེས་པ། སྤྱིར་སོ་སོའི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་གནས་སྐབས་ཀྱི་དུས་དེ་ལས་སྐྱེ་བ་ནི་གཞུང་སྤྱི་ལས་གྲགས་པ་དང་མཐུན་ལ། དེ་ལ་རྒྱུ་དང་རྐྱེན་ནི་ལས་དང་ཉོན་མོངས་པ་ཡིན་ཞིང་། སེམས་ཅན་སྤྱི་མཐུན་གྱི་ལས་ལས་སྣོད་ཀྱི་འཇིག་རྟེན་དང་། སོ་སོའི་དགེ་མི་དགེ་མི་གཡོ་བའི་ལས་གསུམ་གྱིས་འདོད་གཟུགས་གཟུགས་མེད་ཀྱི་སྲིད་པ་འགྲུབ་པ་ཡིན་ཞིང་། དེ་ལྟ་བུའི་ལས་དང་ཉོན་མོངས་པ་སྐྱེད་པའི་རྩ་བ་ཡང་སེམས་ཀྱི་སྟེང་གི་འཕོ་བའི་བག་


MR17_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཕྲ་བ་ནང་གི་དུས་སྐད་ཅིག་མའི་མཐུ་ལས་ཡིན་ནོ། །དེའི་ཕྱིར་འཁོར་བ་འདིར་བཅིངས་པ་དང་དེ་ལས་དགྲོལ་བའི་བྱེད་པ་པོ་གཞན་མེད་པའི་ཚུལ་གསུངས་པ། འདིར་ལུས་ལ་ཞེས་རང་གི་རྒྱུད་ཀྱི་ཕུང་པོ་ལྔའི་ཚོགས་པ་མི་རྟག་པའི་ཆོས་ཅན་འདི་ལ་ངའོ་སྙམ་དུ་ངར་འཛིན་ལྷན་སྐྱེས་ཀྱིས་དམིགས་ནས་བདག་ཏུ་འཛིན་པའི་དབང་གིས་བདག་ཉིད་འཆིང་སྟེ། ཇི་ལྟར་ན། ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་དུ་མ་སྣ་ཚོགས་པའི་རང་བཞིན་ལ་གནས་པའི་ཐ་སྙད་ཀྱི་མཚན་ཉིད་དམ་ཡོན་ཏན་གཟུགས་དང་གཟུགས་ཅན་མིན་པ། དྲི་དང་དྲི་མ་ཡིན་པ་སོགས་དང་། སྐྱེ་བ་དང་འགག་པ་དངོས་པོ་དང་དངོས་པོ་མེད་པ་སོགས་སུ་དེ་དང་དེའི་མཚན་མར་རྣམ་པར་རྟོ༷ག་པ་སྣ་ཚོགས་པ་རྣམས་ཀྱིས་རང་གི་སེམས་འཁོར་བར་ཀུན་དུ་འཆིང་སྟེ། དཔེར་ན་རང་གི་ལུས་ལས་བྱུང་བའི་སྐུད་པ་རྣམས་ཀྱིས་རང་ཉིད་འཆིང་བར་བྱེད་པ་དར་གྱི་སྲིན་བུ་ཇི་ལྟ་བ་བཞིན་ཉིད་དོ། །བདག་ཉིད་བདག་གིས་ངེས་པར་སླར་ཡང་དངོས་པོ་སྣ་ཚོགས་པའི་རང་བཞིན་ལ་གནས་པའི་ཡོན་ཏན་སྣ་ཚོགས་སུ་རྟོག་པའི་རྣམ་རྟོག་རྣམས་དང་བྲལ་ནས་ཆོས་ཐམས་ཅད་རང་བཞིན་མེད་པའི་དོན་རྟོགས་པ་རྣམ་པར་རྟོག་པ་མེད་པའི་ཡིད་དག་ལ་ནི་བདག་གིས་བདག་འཆིང་བ་སྟེ་གཏོད་བར་བྱེད་དེ། དེ་ལྟ་ན་འཆིང་བ་དང་བྲལ་བས་འཁོར་བའི་སྡུག་བསྔལ་ལས་གྲོལ་བ་ཡིན་ནོ། །དེ་ཕྱིར་རྒྱལ་པོ་ཞེས་བོས་ནས་རང་གི་རྣམ་པར་རྟོག་པ་ལས་ཕུང་ཁམས་ཀྱི་ཆོས་རྣམས་ཀྱི་རང་བཞིན་གྱི་ཡོན་ཏན་ལ་མཚན་མར་བཟུང་བའི་སྒོ་ནས་གནས་པའམ་ཞེན་པ་ལས་སྡུག་བསྔལ་དང་ནི་བདེ་བ་བྱེད་པ་སྟེ། ཁམས་བཅོ་བརྒྱད་ཀྱི་ཆོས་ཀྱི་རང་བཞིན་རྣམ་པར་བྲལ་བ་ལ་ནི་སུ་ཞིག་བདེ་བ་དང་སྡུག་བསྔལ་བྱེད་པ་པོ་ཡིན་ལ་བྱེད་པོ་དེས་བདེ་སྡུག་གི་བྱ་བ་ཅི་ཞིག་བྱེད་དེ། དེ་ལྟར་བརྟག་ན་བྱེད་པོ་དང་བྱེད་པ་མེད་མོད་ཀྱི། དངོས་པོའི་རང་བཞིན་མི་ཤེས་པའི་འཇིག་རྟེན་པ་རྣམས་ཀྱིས་བྱེད་པོ་མ་ཡིན་པ་ལ་བྱེད་པོར་བརྟགས་པ་ཕྱིན་ཅི་ལོག་གིས་རང་སེམས་རྨོངས་


MR17_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པ་ཡིན་ནོ། །ལས་ཀྱིས་འཆིང་བའི་ངེས་པ་བསྟན་པའོ། །འདིར་ལུས་ལ་དང་པོ་འཁོར་བའི་སེམས་ཀྱི་རང་བཞིན་རྣམ་པ་བརྒྱད་དེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་ནི་ཡིད་དང་བློ་དང་ངར་འཛིན་དག་གི་སེམས་དང་བརྒྱད་པོ་འདི་ནི་རགས་པ་དང་ཕྲ་མོ་དང་མཆོག་གམ་ཕྲ་མོ་གཞན་དང་ཡང་གནས་སྐབས་གསུམ་དེ་ནི་རྣམ་པ་གསུམ་གྱི་ཡོན་ཏན་ལ་གནས་པ་སྟེ། ཇི་ལྟར་ན་ས་བོན་གྱི་ཡི་གེ་དང་ཐིག་ལེ་དང་ཆ་དང་སྒྲ་ལ་སོགས་པའི་དབྱེ་བ་ཡིས་འཆད་པར་འགྱུར་བ་ལྟར་ལ། རགས་པ་ཐོག་རེག་ཏུ་ཡོད་པར་སྣང་བ་ས་ལ་སོགས་པ་བླུན་པོ་སྟེ་སེམས་མེད་བེམས་པོའི་རང་བཞིན་རྣམས་ནི། ཡུལ་གྱི་བག་ཆགས་གསལ་བར་སད་ནས་འཛིན་པར་བྱེད་པའི་ཡུལ་ཅན་རགས་པའི་དབང་པོ་རྣམས་ལ་རང་བཞིན་གྱིས་ཀྱང་ཡུལ་དུ་གནས་ཏེ་སད་པའི་གནས་སྐབས་ཀྱི་སེམས་རགས་པ་ཡིན་པའི་ཕྱིར་རོ། །ཕྲ་མོའི་སེམས་རྨི་ལམ་གྱི་གནས་སྐབས་ན་ཡིད་ཙམ་ལས་བྱུང་བའི་དབང་པོ་རྣམས་ལ་རྨི་ལམ་དེའི་ཡུལ་སྒྱུ་མ་ལྟ་བུའི་དངོས་པོ་ཕྲ་མོ་འཛིན་པར་བྱེད་དོ། །ཡང་གི་སྒྲས་ཕྲ་མོ་གཞན་དབང་པོ་ཐམས་ཅད་འགོག་པའི་མཚན་ཉིད་ཅན་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཀྱི་ཆོས་ཅན་ནོ། །བལྟར་མེད་པ་དང་རྟོག་པ་མེད་པར་གཅིག་ཏུ་གྱུར་པ་ཞེས་པ་ལ་སོགས་པའི་བརྗོད་པ་སྟེ། སྣང་བའི་དངོས་པོ་ཐམས་ཅད་ཡོངས་སུ་བཏང་བའམ་སྤངས་པའི་ཕྱིར་རོ། །དེ་ལྟར་གནས་སྐབས་རྣམ་པ་གསུམ་ནི་རིམ་པ་ལྟར་སྙིང་སྟོབས་དང་རྡུལ་དང་མུན་པའི་ཡོན་ཏན་གསུམ་གྱི་དབྱེ་བས་རགས་པ་ཉིན་མོ། ཕྲ་མོ་ཐུན་མཚམས་ཏེ་རྨི་ལམ་གཞན་མཚན་མོ་ཆེན་པོ་གསུམ་གྱི་མཚན་ཉིད་ཅན་ནོ། །སེམས་ཀྱི་གནས་སྐབས་བཞི་པ་ཀུན་རྫོབ་ཏུ་ཁུ་བ་འཕོ་བ་ཡེ་ཤེས་ཀྱི་སེམས་ལ་ཡང་ཀུན་རྫོབ་ཏུ་སེམས་ཅན་སྐྱེ་བ་དང་སྡུད་པའི་རྒྱུར་གྱུར་པ་ཡེ་ཤེས་ཀྱི་སྐུ་སྟེ། བཞི་པའི་གནས་སྐབས་དེ་ནི། དེ་ཉིད་ཉེར་ལྔའི་ནང་ནས་རྩ་བའི་རང་བཞིན་ཡིན་ལ། མུ་བཞི་ལས་རྣམ་འགྱུར་མེད་པའི་རང་བཞིན་ཁོ་ན་ཡིན་པས་རྣམ་འགྱུར་མེད་པའི་རང་བཞིན་ཞེས་བརྗོད་ན་གོ་བདེའོ། །འཚོ་བ་འབྱུང་བ་སྟེ་སྲོག་ཆེན་པོ་ཡེ་ཤེས་ཀྱི་ང་འབྱུང་བ་ཆོས་ཀྱི་ཁམས་


MR17_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རང་བཞིན་ནོ། །འབྱུང་བ་མིན་ཞེས་ལས་ས་ཆུ་མེ་རླུང་དང་ཁུ་བ་ནམ་མཁའི་ཁམས་རྣམས་ནི་མ་ཡིན་ནོ་ཞེས་སོ། །འཁོར་བའི་སེམས་སད་པ་སོགས་བཞིའི་དབྱེ་བའི་རང་བཞིན་རྣམ་པ་བཞི་ངེས་པའོ། །ད་ནི་བཞི་པ་ཨ་ལ་སོགས་པའི་མིང་གི་ཡི་གེ་གསུངས་ཏེ། འཇིག་རྟེན་དུ་རིག་བྱ་དོན་གྱི་དངོས་པོ་རིག་པར་བྱེད་པ་བརྡའམ་མིང་སྟེ། བརྗོད་བྱ་རྗོད་བྱེད་ཀྱི་ངོ་བོར་གནས་པ་ལས་དོན་ཐམས་ཅད་གོ་བ་ཡིན་ཀྱང་། འདིར་དེ་བཞིན་གཤེགས་པས་བརྡར་བྱས་པ་བཞི་པ་སོགས་དེ་ཉིད་ཉེར་ལྔ་མཚོན་པའི་ཡི་གེ་བཀོད་པ་ནི། ཨ་སོགས་སྟོང་པ་ལྔ་ནི་བཞི་པའི་གནས་སྐབས་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་པའི་ཡི་གེ་སྟེ། ཡེ་ཤེས་དེ་ལ་ཡེ་ཤེས་ལྔའི་ལྡོག་ཆས་ཕྱེ་བས་གཞོམ་མེད་ལྔའོ། །བཞི་པའི་གནས་སྐབས་ལྷན་སྐྱེས་ཀྱི་ཡེ་ཤེས་དེ་ནི་རང་བཞིན་འབའ་ཞིག་ཡིན་ལ་རྣམ་པར་འགྱུར་བ་མིན་པའོ། །དབུས་སུ་གཞོམ་མེད་ཀྱི་ཡི་གེ་ཨ་སྟོང་པ་དང་པོ། །དེ་བཞིན་ཤར་དུ་ཨཾ། ལྷོར་རྀ། བྱང་དུ་ཨུ། ནུབ་ཏུ་ལྀ་ཡིག་སྟོང་པའོ། །དཔལ་ལྡན་ཆ་དང་ཞེས་པ་རྣམ་བཅད་དེ་ཉི་མ་དང་། ཐིག་ལེ་ང་རོ་ཟླ་བ་དང་། ནཱ་ད་སྒྲ་གཅན་དང་། དུས་ཞེས་པ་དུས་མེ་དང་། སྔར་རང་བཞིན་བརྒྱད་བཤད་པའི་ནང་ནས་སེམས་དང་བློ་སྟེ་གཉིས་དང་བཅས་པའི་རང་བཞིན་དག་ཀྱང་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཀྱི་ཆོས་ཅན་ནོ། །དེ་བཞིན་གཞན་པའི་དབྱངས་ཀྱི་ཡི་གེ་ནི་ང་ལ་སོགས་པའོ་ཞེས་གོང་གི་རང་བཞིན་བརྒྱད་ཀྱི་ནང་ནས་འབྱུང་བ་ལྔ་པོ་དེ་དག་གི་སྟེ། ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ་རྣམས་སོ། །རིང་པོ་རྨི་ལམ་གྱི་གནས་སྐབས་ཀྱི་ཆོས་ཅན་ནོ། །ཞེས་གསུངས་པས་ཐུང་ངུ་ལྔ་གཉིད་འཐུག །རིང་པོའམ་འཕེལ་བ་ལྔ་རྨི་ལམ། བསྒྱུར་བ་ལྔ་སད་པའི་གནས་སྐབས་ལ་སྦྱར་དགོས་སམ་སྙམ་སྟེ། གཞན་དག་གཉིད་འཐུག་དང་རྨི་ལམ་གཉིས་ལ་ཨ་ཨི་སོགས་ཐུང་རིང་སྦྱར་བར་བྱས་འདུག་པ་བརྟག །རགས་པ་སད་པའི་གནས་


MR17_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ལ་ནི་སྡེ་པའི་ཡི་གེ་རྣམས་ནི་གསུམ་གྱིས་བསྒྱུར་བའི་བཅུ་སྟེ་སུམ་ཅུ་པོ་དབྱངས་བཅུ་གཉིས་ཀྱིས་སྤེལ་བས་སུམ་བརྒྱ་དྲུག་ཅུ་ནི་སད་པའི་གནས་སྐབས་ཀྱིའོ། །བཅུ་དྲུག་གཞན་ནི་རྣམ་འགྱུར་ཁོ་ན་ཡིན་པ་སྟེ། ཁམས་ལྔ་དང་ལས་དབང་ལྔ་དང་དེའི་ཡུལ་ལྔ་ནི་རྣམ་འགྱུར་ཏེ་ཡིད་དང་ལྷན་ཅིག་བཅུ་དྲུག་པོ་དེ་ནི་རྣམ་འགྱུར་རོ། །རྣམ་འགྱུར་རགས་པ་བཅུ་དྲུག་པོ་དེ་དག་གི་ཡི་གེ་ནི། སོ་སོའི་ཁམས་ཀྱི་གསལ་བྱེད་ཀྱི་ཡི་གེ་རེ་རེ་དབྱངས་བཅོ་ལྔས་བཟུང་བའི་གསལ་བྱེད་ཀྱི་སྡེ་ཚན་བཅུ་དྲུག་ནི་རྣམ་པར་འགྱུར་བ་བཅུ་དྲུག་གོ་ཞེས་གོང་གི་སད་པའི་གནས་སྐབས་ཀྱི་ཡི་གེ་སུམ་བརྒྱ་དྲུག་ཅུ་ལས་བཏུ་དགོས་པ་འདྲ་སྟེ། སྔ་མ་དག་གིས་གཞན་དུ་འཆད་པ་སྣང་ངོ་། དེ་ལྟར་སྤྱིར་དེ་ཉིད་ཉེར་ལྔ་ཅི་རིགས་ཡི་གེས་མཚོན་ཚུལ་ཙམ་ལས་སོ་སོར་སྦྱར་བར་མཛད་མི་འདུག་གོ། འཁོར་བའི་ཆོས་ས་སོགས་རང་བཞིན་བརྒྱད་དང་རྣམ་འགྱུར་བཅུ་དྲུག་སྟེ། ཉེར་བཞི་པོ་དེ་དག་གི་དབུས་སུ་སྐྱེས་བུའི་མིང་ཅན། གཉུག་སེམས་འོད་གསལ་ལམ་གཉུག་མ་སེམས་ཀྱི་རྡོ་རྗེ་ཅན་ནི་གཞན་བསྐྱེད་པའི་རྒྱུར་གྱུར་པའི་རང་བཞིན་མིན་ཅིང་། རང་བཞིན་གཞན་གྱིས་བསྐྱེད་པའི་རྣམ་འགྱུར་ཀྱང་མིན་ཏེ། དབང་ཕྱུག་ནག་པོའི་གཞུང་ལས། སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་པ་དང་ཚུལ་མཐུན་པའི་སྒོ་ནས་ཡང་དག་པའི་ཆོས་བསྟན་པ། མཐུན་པས་མཐུན་པ་འདུལ་བའི་ཐབས་མཁས་ཀྱང་ཡིན་ལ། ཡང་དག་པའི་དོན་དུའང་དེ་ལྟར་ཡིན་ཏེ་དྲང་དོན་ཙམ་ནི་མ་ཡིན་ནོ། །ཁྱབ་བྱ་འཁོར་བའི་སེམས་རང་བཞིན་གྱིས་མ་གྲུབ་པ་འོད་གསལ་བའི་བདག་ཉིད་དུ་ཡེ་ནས་གནས་པའི་ཕྱིར་ན། སེམས་ཐམས་ཅད་ལ་ཆོས་ཉིད་ཀྱི་ཚུལ་དུ་ཁྱབ་བྱེད་དུ་གནས་པ་ཡིན་ཡང་དངོས་པོ་དང་མཚན་མའི་རང་བཞིན་དུ་གྲུབ་པ་གང་ཡང་མེད་པ་སྟེ། གང་གི་ཕྱིར་ན་རང་གི་ངོ་བོ་གདོད་ནས་འཁོར་བའི་བག་ཆགས་ཀྱིས་བསླད་པ་མེད་པ་རང་བཞིན་རྣམ་དག་ཡིན་པ་


MR17_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀྱང་། གང་སེམས་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ་ཞེས་འཁོར་བའི་སེམས་དང་བྲལ་བ་མྱ་ངན་ལས་འདས་པའི་སེམས་གཞན་ཡོད་པ་དེ་ལ་ནི་རྡོ་རྗེ་ཅན་གྱི་མིང་གིས་བཅོམ་ལྡན་འདས་ཀྱིས་གསུངས་སོ་ཞེས་གཞི་དུས་ཀྱི་སེམས་ཉིད་འོད་གསལ་ལ་དངོས་སུ་གསུངས་པ་ལྟར་འཆད་དགོས་ཀྱི། རྣམ་གྲངས་པའི་དོན་དམ་བདེན་མེད་ཙམ་ལ་སེམས་ཀྱི་མིང་མི་མཐུན་ལ་སྐྱེས་བུ་དང་སྦྱར་དུ་མེད་ཅིང་འབྲས་དུས་ཀྱི་སེམས་ཉིད་དག་པ་གཉིས་ལྡན་ལ་མ་སྦྱར་ཀྱང་ཤུགས་ཀྱིས་ཤེས་སོ། །རང་བཞིན་རྣམ་པ་བཞིའི་ངེས་པའོ། །ད་ནི་འཁོར་བར་སེམས་ཅན་རྣམས་རང་གི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་གསུངས་པ། འདི་ལྟར་འཁོར་བར་བདེ་བ་དང་སྡུག་བསྔལ་བ་མྱོང་ཚུལ་ནི། རང་བཞིན་ཕུང་སོགས་དང་དེའི་ཡོན་ཏན་དྲི་སོགས་ལ་གནས་པ་ཉམས་སུ་མྱོང་བ་ནི། དཔེར་ན་དགེ་བའི་ལས་ཀྱི་དབང་གིས་ལྷའི་ལུས་བཟུང་སྟེ་ཡུལ་གྱི་འདོད་ཡོན་གྱི་བདེ་བ་མྱོང་བ་དང་། ལས་མི་དགེ་བས་ངན་སོང་དུ་སྐྱེས་ཏེ་རྟེན་དེས་ཡུལ་ཡིད་དུ་མི་འོང་བའི་སྡུག་བསྔལ་མྱོང་བ་ལྟ་བུ་སེམས་ཅན་རྣམས་རང་རང་གིས་སྔོན་བསགས་པའི་ལས་ཀྱི་རྣམ་སྨིན་ལས་སྐྱེས་པ་དེ་ནི་ལས་བསགས་པ་པོ་དེ་ཉིད་ཀྱིས་ཟ་བའམ་ལོངས་སྤྱོད་པ་སྟེ། མི་རྣམས་ཀྱི་ནི་ལས་འདི་དག་ཀྱང་རྣམ་པ་གསུམ་དུ་འགྱུར་ཏེ། རགས་པ་ལུས་ཀྱི་ལས་དང་། དེ་ལས་ཕྲ་མོ་ངག་གི་ལས་དང་། དེ་ལས་ཕྲ་བའམ་འབད་རྩོལ་གྱི་འཇུག་པ་ཆུང་བའམ་ཞི་བ་ཡིད་ཀྱི་ལས་གསུམ་དུ་འགྱུར་བའོ། །གཞན་ཡང་ཕྱི་ནང་གི་གྲུབ་མཐའི་འདོད་པས་བཞག་པའི་དབང་གིས་ལས་དེའི་དབྱེ་བ་རྣམ་པ་གསུམ་སྟེ། ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་མིན་པར་རང་རྐྱ་ཐུབ་པའི་དངོས་པོ་ཉིད་དུ་ཡོད་པའི་བདག་ནི་ལས་བྱེད་པ་པོ་ཡང་ཡིན་ནོ་སྙམ་དུ་སེམས་པའི་ལས་དེ་ནི་ཁྱད་པར་ཅན་གྱི་ལས་ཞེས་ཏེ། བྱེད་པ་པོ་ཕུང་པོ་ལས་གཞན་པའི་བདག་རྟག་གཅིག་རང་དབང་ཅན་ལ་སོགས་པའི་


MR17_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྒྲོ་བཏགས་པའི་བྱེད་པོ་ཁྱད་པར་ཅན་དེའི་ལས་ཡིན་པས་སོ། །བྱེད་པ་པོ་རང་ལས་གཞན་པ་ཕྱུག་བདག་དབང་ཕྱུག་དང་ཚངས་པ་སོགས་ཀྱང་ཡོད་པ་དེ་ཉིད་བྱེད་པ་པོ་ཡིན་ནོ་ཞེས་སུ་འཛིན་པ་ལས་བྱེད་པོ་གཞན་གྱིས་བྱས་པའི་ལས་ཀྱི་མིང་ཅན་དུ་འགྱུར་ཏེ། དབང་ཕྱུག་ནག་པོའི་རྒྱུད་དྲུག་ཅུ་པ་ལས། བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་གཡང་སའམ། །ངེས་པ་ཉིད་དུ་མཐོ་རིས་འགྲོ་བར་འགྱུར། །ཞེས་བཤད་པ་ལ་སོགས་པ་ལྟ་བུའོ། །འདི་གཉིས་ནི་ཕྱི་རོལ་པའི་བྱེད་པོའི་ལས་སུ་འདོད་ཚུལ་ལོ། །ལས་བྱེད་པ་པོ་བདག་གམ་གཞན་པ་མིན་ཏེ། ཕུང་པོ་ལས་གཞན་པའི་བདག་བྱེད་པ་པོ་ཚད་མས་མ་དམིགས་པའི་ཕྱིར་དང་། གཞན་གྱིས་བྱས་པ་གཞན་ལ་འབྱུང་བའང་མ་ཡིན་ཏེ། རང་གིས་མ་བྱས་པའི་ལས་ཀྱི་འབྲས་བུ་དང་འཕྲད་པར་འགྱུར་བ་དང་། གཞན་གྱིས་བྱས་པའི་ལས་ཀྱིས་རང་གིས་བདེ་སྡུག་མྱོང་ན་ལས་འབྲས་འཆོལ་བར་འགྱུར་བ་དང་། འཇིག་རྟེན་ཀུན་གྱི་བདེ་སྡུག་བྱེད་པའི་བྱེད་པོ་གཅིག་པུ་རང་དབང་ཅན་མི་སྲིད་པ་ལ་སོགས་པའི་རིགས་པའི་སྒོ་ནས་གཞན་གྱིས་བྱས་པ་མ་ཡིན་པར་གསལ་བས། ནང་པ་སངས་རྒྱས་པ་རྣམས་ཀྱིས་ནི་ཕུང་པོའི་རྒྱུན་དང་ཚོགས་པ་ལ་བདག་ཏུ་བཏགས་པ་ཙམ་ལས་གཞན་པའི་བདག་དང་དབང་ཕྱུག་སོགས་བྱེད་པ་པོའི་རང་བཞིན་ཅུང་ཟད་ཀྱང་མེད་པའམ་རྣམ་པར་བྲལ་བར་ཤེས་པ་དེ་ནི་བྱེད་པ་པོ་བདེན་པར་གྲུབ་པས་བྱས་པའི་ལས་མ་ཡིན་ཏེ། ཕུང་པོའི་རྒྱུན་གྱིས་དགེ་མི་དགེའི་ལས་འདུ་བྱས་པ་ནི་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་གིས་བྱུང་བ་བརྟག་ན་རང་བཞིན་མེད་ཀྱང་ལས་འབྲས་བསླུ་མེད་དུ་སྣང་བ་ཡོད་པ་དེ་ལའང་། ཇི་ལྟར་སཱ་ལུའི་ས་བོན་ལས་སཱ་ལུ་དང་། ཀོ་དྲ་བའི་ས་བོན་ལས་ཀོ་དྲ་བ་འབྱུང་བ་ལྟར། དགེ་མི་དགེའི་ལས་ཀྱི་འབྲས་བུ་སོ་སོར་མི་འཆོལ་བར་འབྱུང་བ་ནི་རྟེན་འབྲེལ་གྱི་ནུས་པའོ། །ལས་ཀྱི་འབྲས་བུའི་


MR17_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པའོ། །དེ་ཕྱིར་བདག་དང་དབང་ཕྱུག་སོགས་བྱེད་པོ་འགའ་ཡང་སྲོ༷ག་ཆགས་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་དག་ནི་མི་སྦྱིན་ཞིང་མི་འཕྲོག་སྟེ། འཁོར་བ་དག་ཏུ་དགེ་བ་དང་མི་དགེ་བའི་སྒོ་གསུམ་གྱི་ལས་རྣམ་པ་གསུམ་པོ་གང་བྱས་པའི་སྔོན་གྱི་ལས་ནི་བདེ་སྡུག་གི་འབྲས་བུ་རབ་ཏུ་སྦྱིན་པར་འགྱུར་ན་ཡང་། འཇིག་རྟེན་སྐྱེད་པ་དང་སྡུད་པའི་བྱེད་པ་པོ་བདག་དང་དབང་ཕྱུག་ལ་སོགས་པས་སེམས་ཅན་རྣམས་ལ་བདེ་བ་དང་སྡུག་བསྔལ་འདི་སྟེར་ཞིང་། བདེ་སྡུག་དེ་ནི་འཕྲོག་པ་ཡིན་ནོ་སྙམ་པ་རྨོངས་པ་རྣམས་ཀྱི་བློ་གྲོས་ཏེ། ཅིའི་ཕྱིར་ན། རང་གི་ལུས་ལ་དཔག་ཏུ་མེད་པའི་དགེ་བ་ཟག་མེད་ཀྱི་ལམ་སྐྱེ་རུང་ཡིན་ཀྱང་། དེ་འཕྲོག་པར་བྱེད་པའི་བུག་པ་མིག་སོགས་ཀྱི་དབང་པོའི་སྒོ་ནས་འཁོར་བའི་ལོངས་སྤྱོད་ཡིད་བརྟན་མེད་པ་ལ་འཕྱན་ཏེ་རྟག་ཏུ་དགེ་བའི་ལམ་ལས་ཉམས་ནས་འཁོར་བར་འཁྱམས་པ་དེ་ཉིད་ཀྱི་ཚུལ་རང་གི་ཡིད་ཀྱི་དབང་པོ་དག་གིས་མཐོང་བ་མ་ཡིན་པར་མི་མཐོང་བཞིན་དུ་འཁོར་བའི་བྱེད་པོ་གཞན་ཡོད་པར་མཐོང་བ་ནི་ཤིན་ཏུ་འཁྲུལ་ཏེ། འཁོར་བར་འཁྱམས་པའི་བྱེད་པོ་རང་ལ་ཡོད་པར་མ་ཤེས་ནས་འཁོར་བར་འཕེན་པའི་བྱེད་པོ་གཞན་དུ་སྒྲོ་འདོགས་པ་ཆེས་རྨོངས་པ་སྟེ། མདོ་སྡེ་རྒྱན་ལས། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །འདི་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་གསུངས་པ་དང་ཚུལ་འདྲའོ། །རང་གི་ལས་ཀྱི་འབྲས་བུ་ཉེ་བར་ལོངས་སྤྱོད་པའི་ངེས་པའོ། །དེ་ནས་བཞི་པའི་གནས་སྐབས་ཀྱི་སེམས་ཀྱི་ནུས་པ་ཁྱད་པར་དུ་བཤད་པ་ནི། འདིར་སེམས་ཅན་རྣམས་ལ་འཛག་བདེ་འདོད་པའི་ནུས་པ་དང་། དེ་ལས་ཡུལ་དོན་དུ་གཉེར་ནས་སྤྱོར་བའི་བྱ་བ་ལ་འཇུག་པའི་ནུས་པ་དང་ནི། དེ་ལྟར་ཞུགས་པས་གསུམ་པ་ཁམས་འབབ་པས་བདེ་བའི་ཡེ་ཤེས་སྐྱེད་པའི་ནུས་པ་གསུམ་པོ་དེ་ནི་འགྲོ་བ་རྣམས་ཀྱི་རང་གི་ཡིད་ལ་གཞི་དུས་ནས་ཡོད་པ་སྟེ། ནུས་པ་གསུམ་པོ་དེའི་དབང་གིས་རིམ་པ་བཞིན་དུ་ཆགས་ཡུལ་གྱི་དངོས་པོ་ཡིད་ལ་ཤར་བའམ་


MR17_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་དང་ནི། དེ་དང་ལྷན་ཅིག་གཉིས་སྦྱོར་ལ་འཇུག་པ་དག་དང་དབང་ཤེས་དང་ཡུལ་བདེ་བར་རོ་མཉམ་པའི་རྒྱུར་ནི་དོན་དེ་དག་ལ་ཉེ་བར་དམིགས་པར་བྱེད་པའམ་ཉམས་སུ་མྱོང་བར་བྱེད་ལ། སླར་ཡང་སྔར་གྱི་ཡེ་ཤེས་འགྱུར་བདེ་མྱོང་བའི་འཛིན་པ་དག་ཀྱང་གཏོད་པ་དག་ནི་ནུས་པ་བཞི་པ་སྲིད་པ་གསུམ་གྱིས་བཏུད་པ་མཆོག་སྟེ། ནུས་པ་དེས་གཟུང་འཛིན་གཉིས་སུ་མེད་པ་ཉིད་ཀྱིས་ཀྱང་ངེས་པར་བྱེད་དེ། དེ་ལྟར་ནུས་པ་བཞི་རིམ་པས་འབྱུང་བར་ངེས་སོ། །བཞི་པོ་དེ་དག་གི་ནང་ནས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་མི་ཕྱེད་པ་ཤིན་ཏུ་རྣམ་དག་འོད་གསལ་རྡོ་རྗེ་ཅན་གྱི་སེམས་ནི་སྔར་བཤད་པ་ལྟར་གཉུག་མ་འོད་གསལ་བའི་སེམས་བདེ་བའི་ཡེ་ཤེས་ཀྱི་སྟོབས་ཀྱིས་མངོན་དུ་བྱས་པ་ཡིན་ལ། ཀྱེ་མི་ཡི་བདག་པོ་དེ་ལྟ་བུའི་རྡོ་རྗེ་ཅན་གྱི་སེམས་དེ་ཉིད་མཆོག་ཏུ་མི་འགྱུར་བའི་བདེ་བ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དབྱེར་མེད་པ་ནམ་མཁའ་ལྟ་བུ་མཉམ་པ་ཉིད་ཀྱི་དོན་ལ་གནས་པ་ཡིན་པས་སྔར་ལྟར་གསལ་བ་དང་འཇུག་པ་དང་རོ་མཉམ་གྱི་རྒྱུར་དོན་ལ་ཉེ་བར་དམིགས་པ་ཅུང་ཟད་མི་ཟ་སྟེ་སྒྲུབ་པ་དང་བླང་བ་གང་ཡང་མེད་ལ། དེ་དག་གང་ཡང་གཏོང་བ་མིན་པ་ཉིད་དེ་དགག་པ་དང་བསལ་བ་མེད་པར་ཆོས་ཉིད་ལ་གནས་པའོ། །ཇི་སྲིད་དུ་དགག་བསྒྲུབ་བསལ་བཞག་གི་འདུ་བྱེད་ཡོད་པ་དེ་སྲིད་དུ་འགྱུར་བ་འཕོ་བའི་སེམས་ལས་མི་འདའ་བས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དངོས་མ་ཡིན་ནོ། །འདོད་པའི་ནུས་པ་ལ་སོགས་པའི་ངེས་པ་སྟེ་འདིས་རང་གི་སེམས་ཀྱི་ནུས་པས་མྱུར་དུ་གྲོལ་བ་སྟེར་བའི་ཡེ་ཤེས་ཁྱད་པར་ཅན་དམིགས་བསལ་ཏེ་གསུངས་པ་ཡིན་ནོ། །ཇི་སྐད་བསྟན་པ་དེ་ཇི་ལྟ་བུའི་ཕྱིར་ན། རྫས་ཡོད་ཀྱི་བདག་དང་དབང་ཕྱུག་སོགས་ནི་འཁོར་བའི་བྱེད་པོ་སྡུག་བསྔལ་དང་བདེ་བ་རབ་ཏུ་སྦྱིན་པ་པོར་ཀྱེ་མི་ཡི་བདག་པོ་དེར་ནི་འགྱུར་བ་མིན་ཞིང་། སྲིད་པ་གསུམ་གྱི་


MR17_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ན་བྱེད་པ་གཞན་འགའ་ཡང་བཅིངས་པ་དང་གྲོལ་བར་བྱེད་པར་འགྱུར་བ་མིན་ཏེ། ཀྱེ་མི་ཡི་བདག་པོ་རང་གི་སེམས་ཀྱི་ནུས་པ་རྣམ་པར་སྤངས་ནས་སོ། །ཞེས་རང་གི་སེམས་ཀྱི་ནུས་པས་འཆིང་གྲོལ་དུ་འགྱུར་ཞིང་། སེམས་ཀྱི་ནུས་པ་ནི་སད་རྨི་གཉིད་འཐུག་སྙོམས་འཇུག་གི་གནས་སྐབས་བཞི་ཡི་ཡིན་ལ། དེ་དག་གི་གཙོ་བོ་ནི་བཞི་པའི་གནས་སྐབས་འཁོར་བ་སྐྱེ་བ་དང་འགོག་པའི་ཆོས་ཅན་གྱི་གནས་སྐབས་དེ་ཉིད་དེ། ཁུ་བ་འཕོ་བའི་འགྱུར་བ་ལས་འཁོར་བའི་བག་ཆགས་སྐྱེད་ཅིང་། འཕོ་མེད་དུ་བཅིངས་པས་འཁོར་བ་འགོག་ཅིང་གྲོལ་བ་སྟེར་རོ། །འཕོ་བའི་བག་ཆགས་ཤེས་སྒྲིབ་ཡིན་པས་འདིའི་གྲོལ་བ་ནི། མི་གནས་པའི་མྱང་འདས་ལ་གོ་བར་བྱའོ་ཞེས་མཁས་གྲུབ་རྗེས་གསུངས། སྤྱིར་འཕོ་བའི་བག་ཆགས་ཞེས་པ་ཁུ་རྡུལ་ང་གསུམ་དང་འགྲོགས་པའི་སེམས་གློ་བུར་བའི་འགྱུར་བ་ཐམས་ཅད་ལ་གོ་དགོས་ཀྱི། སྙོམས་འཇུག་སྐབས་ཀྱི་ཁུ་བ་འཛག་མི་འཛག་ཙམ་ཁོ་ན་ལ་བསམ་པ་ནི་ཤིན་ཏུ་ཁྱབ་ཆུང་ངོ་། །རང་བཞིན་གྱིས་མྱ་ངན་ལས་འདས་པའི་སེམས་འཁོར་བ་ལས་འདས་པ་ཆོས་ཉིད་འོད་གསལ་བའི་ཡེ་ཤེས་སེམས་ཅན་གྱི་ལུས་ཐམས་ཅད་ལ་གནས་པ་ནི་གདོད་ནས་རྣམ་པར་གྲོལ་བ་ཡིན་པས་གང་གིས་ཀྱང་མ་བཅིངས་པ་ཡིན་ལ་དེའི་ཕྱིར་གང་གིས་ཀྱང་སླར་མ་བཀྲོལ་བའོ། །དེ་ལུས་ཐམས་ཅད་ལ་ཇི་ལྟར་གནས་སྙམ་ན། ནམ་མཁའ་སྟོང་པའི་ཆ་བུམ་པའི་དབུས་དེ་ནས་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་ཕྱིར་འཐོན་ནས་གཞན་དུ་འགྲོ་བ་མིན་ཞིང་ཆུ་ཕོ་བ་ན་ནམ་མཁའ་དེར་གསར་དུ་འཇུག་པ་མིན་པ་ཇི་ལྟ་བ་དེ་བཞིན་དུ། རྣམ་ཐར་བཞིའི་རང་བཞིན་གྱིས་གདོད་ནས་དག་པའི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་དེ་ནི་སེམས་ལ་ཆོས་ཉིད་ཀྱི་ཚུལ་དུ་འབྲལ་མི་སྲིད་པ་ཡིན་ཞིང་། དེ་ལྟ་བུ་རྡོ་རྗེ་ཅན་དེ་ནི་དེ་ཙམ་ལྔ་སོགས་ཡུལ་དང་རྣམ་པར་བྲལ་ཞིང་སྙིང་སྟོབས་སོགས་ཀྱི་ཡོན་ཏན་མེད་པ་ནི་སེམས་ཡོད་


MR17_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུས་ཅན་ཐམས་ཅད་ཀྱི་ལུས་ཀྱི་དབུས་དག་ཏུ་གནས་པ་ཡང་། གནས་སྐབས་བཞི་སྒྲིབ་བཅས་ཀྱི་སྐབས་དང་། སྒྲིབ་བྲལ་འབྲས་བུའི་སྐབས་སུའང་སྔ་ཕྱིའི་འགྱུར་བ་མེད་པར་མཉམ་པ་ཉིད་དུ་གནས་པ་ནི་བུམ་པའི་དབུས་ཀྱི་ནམ་མཁའ་འགྲོ་འོང་མེད་པར་གནས་པ་དེ་བཞིན་ནོ། །སྒྲིབ་བཅས་ཀྱི་གནས་སྐབས་བཞིའི་དུས་སུའང་དེ་དག་གི་སྒྲིབ་པ་བག་ཆགས་དང་བཅས་པ་དེ་དང་རང་བཞིན་གྱིས་བྲལ་བ་སྟེ་དེས་མ་གོས་པ་ཡིན་ནོ། །རྟག་པ་དངོས་པོ་དང་ཆད་པ་དངོས་པོ་མེད་པ་གཉིས་པོ་དེ་དག་གང་ལ་མེད་པ་མཐའ་གཉིས་ལས་འདས་པ་ནི་རྡོ་རྗེ་ཅན་ཏེ་རྣམ་པར་དག་པའི་སེམས་སོ། །འཁོར་བ་དང་མྱ་ངན་འདས་པའི་སེམས་ངེས་པའོ། །དེ་ལྟར་ལས་ནི་ཡོད་པར་སྨྲ་བ་དང་བྱེད་པ་པོ་གཅིག་པུ་མེད་པར་སྨྲ་བ་དང་། བདག་མེད་པར་སྨྲ་བ་པོར་གྱུར་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེའི་གསུང་གིས་རྣམ་པར་དག་པའི་སེམས་རང་བཞིན་འོད་གསལ་བའི་བདག་ཉིད་ནི། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། ཞེས་པ་ལྟར་མཐའ་བཞིའི་སྤྲོས་པས་དབེན་པའི་གནས་ལུགས་དེ་ཁོ་ན་ཉིད་སྟོན་པ་ཁམས་གསུམ་གྱི་བླ་མ་མཚུངས་མེད་གཅིག་པུ་དེ་ནི་འཇིག་རྟེན་གྱི་བྱེད་པ་པོ་མིན་ཞིང་། དེ་ནི་ཤེས་བྱའི་རྣམ་པ་ཀུན་མངོན་སུམ་མཁྱེན་པ་དང་པོའི་སངས་རྒྱས་སྐུ་བཞིའི་བདག་ཉིད་སྲིད་པ་གསུམ་གྱིས་ཞབས་ཀྱི་པདྨ་ལ་སྤྱི་བོས་བཏུད་པ་ཟག་པ་མེད་པའི་བདེ་བ་ཆེན་པོ་རྣམ་པ་ཐམས་ཅད་པའི་ཆོས་ཅན་དུས་ཀྱི་འཁོར་ལོ་ཅན་ཏེ། འཁོར་ལོ་ལག་པར་ཐོགས་པའི་འཁོར་ལོ་ཅན་ཁྱབ་འཇུག་ལ་སོགས་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྟོན་པ་སངས་རྒྱས་གང་ལ་ཚངས་པ་དང་ཁྱབ་འཇུག་དང་དྲག་པོ་དབང་ཕྱུག་ཆེན་པོ་དག་ཀྱང་གང་གི་ཞབས་ཀྱི་ཆུ་སྐྱེས་དྲུང་དུ་ལྷག་པར་སྐྱབས་སུ་འགྲོ་བ་དུས་ཀྱི་འཁོར་ལོ་གང་ཞིག་རིགས་ཐམས་ཅད་ཀྱི་རྒྱལ་བ་མཆོག་རྣམས་སྐྱེད་པའི་དཔལ་ལྡན་རྡོ་རྗེ་སེམས་དཔའ་


MR17_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་སྟོབས་ལ་སོགས་པའི་ཡོན་ཏན་འགྱུར་བ་དང་ཟག་བཅས་དང་གཉིས་ཆོས་ཀྱི་མཚན་མ་གང་ཡང་མེད་ཅིང་རྣམ་པར་རྟོ༷ག་པ་མཐའ་དག་མེད་པ་དེ་ལ་འཇམ་དཔལ་གྲགས་པ་བདག་ཕྱག་འཚལ་ལོ་ཞེས་སྟོང་པ་ཉིད་སྨྲ་བ་པོའི་ངེས་པའོ། །ད་ནི་འཆི་ཁར་བསམ་པའི་དབང་གིས་གནས་རིས་སོ་སོར་སྐྱེ་ཚུལ་གསུངས་པ། འཁོར་བ་འདིར་སེམས་ཅན་རྣམས་ཀྱི་རང་གི་ལས་དགེ་མི་དགེའི་དབང་གིས་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གྱི་ཚུལ་ཅན་འཆི་ཁར་བསམ་པ་སྐྱེ་བ་ནི་དགེ་བའི་ལས་སྔོན་སོང་གི་མཐུས་འཆི་བའི་དུས་སུ་སྙིང་སྟོབས་ཀྱི་ཡོན་ཏན་ཞི་བའི་བསམ་པ་སྐྱེས་པ་ལ་ནི་བརྟེན་ནས་ལྷ་ཉིད་དུ་སྐྱེ་བར་འགྱུར་རོ། །ཀྱེ་མི་ཡི་བདག་པོ་མི་དགེ་བའི་ལས་ཀྱི་དབང་གིས་ཆགས་སྡང་སོགས་ཀྱི་བསམ་པ་མུན་པ་ཡི་ཡོན་ཏན་ཅན་སྐྱེ་བ་ལ་ནི་དམྱལ་བ་ཉིད་དོ། །མི་དགེ་བ་འབྲིང་པོའི་ལས་ཀྱི་དབང་གིས་ཉོན་མོངས་འབྲིང་དུ་སྐྱེས་པའི་བསམ་པ་རྡུལ་དག་ལ་ཡང་དུད་འགྲོ་ཉིད་དེ་རབ་མཆོག་ས་ཡི་སྟེང་དུ་མི་ཉིད་དུ་སྐྱེ་བ་དག་ནི་དགེ་མི་དགེ་འདྲེས་པ་ཡི་བསམ་པ་ལའོ། །འབྱུང་པོ་ཉིད་ནི་རྣམ་པ་གསུམ་སྟེ་རྡུལ་དང་མུན་པ་དང་ནི་སྙིང་སྟོབས་ཕན་ཚུན་འདྲེས་པ་ལའོ། །ཞེས་འཕེན་རྫོགས་ཀྱི་ལས་དགེ་མི་དགེ་འདྲེས་པ་ལས། སྙིང་སྟོབས་ཏེ་ཞི་བ་དགེ་ལས་ཤས་ཆེ་ཞིང་ལྷག་པ་ལས་ཡི་དྭགས་མཆོག་འབྱུང་པོའི་གཙོ་བོ་མཐུ་དང་ལོངས་སྤྱོད་ལྡན་པ་རྣམས་སོ། །རྡུལ་ལྷག་པ་ལས་འབྱུང་པོ་ཡི་དྭགས་ཀྱི་སྡེ་ཚན་འབྲིང་པོ་རྣམས་སོ། །མུན་པ་ལྷག་པ་ལས་ཐ་མའོ། །ལྷ་མ་ཡིན་རྣམས་ལྷའི་ནང་དུ་བསྡུས་པའོ། །མི་ལའང་སྙིང་སྟོབས་ལྷག་པ་རྣམས་བདེ་བ་དང་ལྡན་ཞིང་རྡུལ་ལྷག་པ་བདེ་སྡུག་གཉིས་ལྡན་དང་། མུན་པ་ལྷག་པ་རྟག་ཏུ་སྡུག་བསྔལ་དང་ལྡན་པ་དེ་བཞིན་དུ་མཐོ་རིས་ལྷ་ལ་སོགས་པ་གནས་ཐམས་ཅད་དུ་ཡང་སེམས་ཅན་སོ་སོའི་ལས་སྣ་ཚོགས་པའི་དབང་གིས་འབྲས་བུ་རྣམ་པར་སྨིན་པ་སྣ་ཚོགས་དཔག་ཏུ་མེད་པ་མི་འདྲ་བར་འགྱུར་རོ། །དེའི་ཕྱིར་འཆི་བའི་དུས་


MR17_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལས་སྔོན་སོང་གི་དབང་གིས་ཡིད་ཀྱི་བསམ་པ་ཞི་བ་དང་མ་ཞི་བ་བཟང་པོ་དང་ངན་པ་གང་ཞིག་དྲན་པར་གྱུར་པ་ལས། དེ་དང་མཚུངས་པའི་སྐྱེ་གནས་དེར་ནི་སྐྱེ་བོ་ཡང་དག་པར་སྟེ་ངེས་པར་སྐྱེ་བར་འགྱུར་རོ། །འཆི་བའི་དུས་ཀྱི་བསམ་པ་སྐྱེ་བའི་ངེས་པའོ། །དེ་ནས་ལྷ་ལ་སོགས་པའི་སྐྱེ་གནས་ཀྱི་དབྱེ་བ་གསུངས་པ། མཐོ་རིས་སུ་ལྷ་ཉིད་གནས་བརྒྱད་ཀྱི་དབྱེ་བ་དག་གིས་ལྷ་ཡི་མཆོག་གི་གནས་སུ་སྐྱེའོ་ཞེས་པ་ཟད་པར་ས་ཆུ་མེ་རླུང་གི་མིང་ཅན་བསམ་གཏན་བཞིས་གཟུགས་ཁམས་ཀྱི་གནས་རིས་བཞི་དང་། ཟད་པར་སྟོང་པས་གཟུགས་མེད། ཟད་པར་ཟླ་བ་དང་ཟད་པར་ཉི་མ། ཟད་པར་སྒྲ་གཅན་ཞེས་པ་བསྒོམ་པ་ལས་འདོད་པའི་ལྷར་སྐྱེ་བ་སྟེ་གནས་བརྒྱད་དུ་དབྱེ་བ་དེ་དག་ཏུ། སྦྱིན་སོགས་བསོད་ནམས་ཀྱི་སྟོབས་དང་། མི་དགེ་བཅུ་ཡོངས་སུ་སྤངས་པའི་རྒྱུས་སྐྱེ་བར་འགྱུར་རོ། །མི་ཉིད་ཀྱི་གནས་རིས་གཅིག་ནི་ཇི་ལྟ་བ་ཁམས་དྲུག་གི་བདག་ཉིད་དོ། །དུད་འགྲོ་དག་ཀྱང་ཆུ་གཏེར་རྣམ་པ་སྟེ་སྐྱེ་གནས་བཞི་ལས་སྐྱེས་པ་ཁམས་དྲུག་གི་བདག་ཉིད་ཅན་ནོ། །ངེས་པར་དམྱལ་བའི་འགྲོ་བར་སྐྱེས་པ་དམྱལ་བ་ཉིད་ནི་དེ་བཞིན་གཅིག་སྟེ་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པ་ཁམས་དྲུག་གི་བག་ཆགས་ལས་བྱུང་བ་རྨི་ལམ་དང་མཚུངས་པའོ། །ལྷ་མ་ཡིན་ནི་ལྷ་དང་ཡི་དྭགས་ནི་དམྱལ་བར་བསྡུས་པས་དེ་ལྟར་སྐྱེ་གནས་བཅུ་བཞི་འདི་རྣམས་སུ། རོ་ཡི་འགྲོ་བར་ཏེ་འགྲོ་བ་དྲུག་ཏུ་སྐྱེ་པོ་ཀུན་གཞིའི་རྣམ་པར་ཤེས་པའི་ཆོས་ཅན་འཁོར་ཏེ། ལས་ཀྱི་ཞགས་པས་ངེས་པར་བཅིངས་པ་དག་སྐྱེ་བ་འབུམ་ཕྲག་དུ་མས་ཀྱང་ལས་ཀྱི་ཞགས་པ་ལས་གྲོལ་ནས་ཐར་པ་མཆོག་གི་བདེ་བའི་གོ་འཕང་དུ་ནི་འགྲོ་ཞིང་གཏན་དུ་གྲོལ་བ་རྙེད་པ་མིན་ནོ། །སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་ལྷ་ལ་སོགས་པར་སྐྱེ་བའི་དབྱེ་བ་ངེས་པའོ། །ད་ནི་འཆིང་བའི་རྒྱུ་གསུངས་ཏེ། ཕུང་པོ་ལྔ་དང་ཁམས་དྲུག་དང་དབང་པོ་དྲུག་དང་ནི་རྣམ་པ་གསུམ་གྱི་སྲིད་པ་འཇིགས་པ་ཡུལ་


MR17_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་དང་ཞེས། འདི་ལ་སྡུག་བསྔལ་རྣམ་པ་གསུམ་གྱི་བདག་ཉིད་སྲིད་པའི་འཇིགས་པ་ཞེས་འབྲུ་མནན་པའང་ཡོད་ལ། ཡུལ་དྲུག་ལ་སྦྱར་ན་ཡུལ་དྲུག་ལ་ཆགས་པས་སྲིད་པར་འཇིགས་པ་དང་སྡུག་བསྔལ་སྐྱེད་པའི་དོན་ནོ། །ལས་ཀྱི་དབང་པོ་ལྔ་པོ་དག་དང་། དེ་ཙམ་ལྔ་པོ་དག་དང་ནི་མི་དགེ་བ་དང་དགེ་བའི་ལས་ཀྱི་སྐྱོན་དང་ཡོན་ཏན་དང་བཅས་པའི་ལས་དང་ཡིད་དང་བློ་དང་ངར་འཛིན་དང་ལ་སོགས་པ་སྲོག་གི་ནུས་པ་རྩ་བའི་རང་བཞིན་འཕོ་བའི་བག་ཆགས་ཏེ། འདི་དག་གིས་བཅིངས་པར་བྱེད་ལ། གང་བཅིངས་ན་འཚོ་བ་སྟེ་རང་གར་ནམ་ཡང་རྒྱུན་མི་འཆད་པ་སྲོག་ཀུན་གཞིའི་རྣམ་པར་ཤེས་པའི་ཆོས་ཅན་དག་ནི། གནས་གང་དུ་ན་རོ་ཡི་འགྲོ་བར་རྒྱུན་གྱིས་འཁོར་ཏེ། སྔ་མའི་སྲིད་པ་བཏང་ནས་ཀྱང་འཕོ་བའི་ཆགས་པ་རྟོགས་དཀའ་བ་ཕྲ་མོའི་དངོས་པོ་དག་གིས་སླར་ཡང་སྐྱེ་བར་བྱེད་དེ། ཇི་སྲིད་ཐར་པའི་གོ་འཕང་མ་རྙེད་པ་དེ་སྲིད་དུ་མཐའ་མེད་པར་འཁོར་བར་འགྱུར་རོ། །དེ་ལྟར་འཆིང་བ་ཕྲ་མོ་དང་རགས་པའི་དངོས་པོ་སྟེ། རགས་པ་ནི་སད་རྨི་གཉིད་འཐུག་གི་གནས་སྐབས་ཅན་ནོ། །ཕྲ་མོ་ནི་བཞི་པ་འཕོ་ཆགས་ཀྱི་དགའ་བས་བཅིངས་པའོ། །དེས་ན་འཆིང་བྱེད་ཀྱི་རྩ་བ་ཕྲ་མོ་འཕོ་བའི་བག་ཆགས་ཡིན་པས། འཆིང་བྱེད་ཀྱི་དངོས་པོ་འདི་དག་བཏང་ན་ནམ་ཡང་མི་ཟད་པའམ་གོ་འཕང་གཡོ་བ་མེད་པ་མཆོག་གི་གནས་སུ་རབ་ཏུ་འགྲོ་སྟེ། མཆོག་གི་གནས་གང་དུ་སོན་ན། སླར་ཡང་འཁོར་བར་སྐྱེ་བ་དང་ལྡན་པ་མིན་ཏེ་འཁོར་བར་ནམ་ཡང་སྐྱེ་བ་མ་ཡིན་ནོ། །དེ་ལྟར་བཞི་པའི་གནས་སྐབས་ཀྱི་བག་ཆགས་དེ་སྒྲིབ་པ་གཞན་ལས་མཆོག་ཏུ་ཕྲ་ཞིང་། དེ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་བག་ཆགས་ཡིན་ལ། དེ་ཉིད་ལྷག་མེད་དུ་སྤོང་བ་ནི་སྔགས་བླ་མེད་ཀྱི་རྫོགས་རིམ་ཀྱི་ཡེ་ཤེས་མཆོག་ལ་ངེས་པར་ལྟོས་དགོས་པ་ཡིན་ནོ་ཞེས་སྔ་མ་རྣམས་གསུངས་སོ། །འཁོར་བའི་བག་ཆགས་ཀྱི་མ་རིག་པའི་ངེས་པའོ། །དེ་ནས་འཆིང་བ་ཀུན་གྱི་རྩ་བར་གྱུར་


MR17_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཆིང་བྱེད་ཕྲ་མོ་དེའི་གཉེན་པོ་རིག་པ་ཡེ་ཤེས་གསུངས་པ། ཡན་ལག་དྲུག་དང་བཅས་པའི་རིག་བྱེད་དང་། ཞེས་པ་རིག་བྱེད་ཡན་ལག་དྲུག་ནི། མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་སྟོན་པ་སྒྲ་དང་། སྡེབ་སྦྱོར་དང་། ངེས་ཚིག་མངོན་བརྗོད་དང་། སྐར་རྩིས་ཏེ་དྲུག་གོ། འཆི་མེད་མཛོད་འགྲེལ་དུ། བསླབ་དང་ཞེས་ལུགས་ཀྱི་བསྟན་བཅོས་དང་། བརྟག་པ་རྟོག་གེ་དང་གཉིས། ལུང་སྟོན་པ་སོགས་བཞི་སྟེ་དྲུག་ལ་བཤད་དོ། །ཤེད་བུ་སྟེ་མི་སྦྱིན་ལ་སོགས་པ་དྲང་སྲོང་བཅུ་གཉིས་གྱིས་བྱས་པ་དྲན་པའི་གཞུང་དང་བཅས་པ་དང་། རྟོ༷ག་གེ་ནི་འཇིག་རྟེན་པའི་ཚུར་མཐོང་གི་དངོས་པོ་རབ་ཏུ་འཇལ་བའི་ཕྱི་རོལ་པའི་བསྟན་བཅོས་རྣམས་སོ། །གྲུབ་པའི་མཐར་ལྡན་ཞེས་གྲུབ་མཐའ་ནི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་བྱེད་དཀྱིལ་འཁོར་འཁོར་ལོ་སོགས་རྣམ་པར་རྟོག་པས་བསྒོམ་པའི་ཆོས་ཅན་ཏེ། དེ་རྣམས་དང་ལྡན་པ་ཞེས་པའི་ཚིག་གིས་ཁྱད་པར་སྦྱར་བའོ། །དེ་བཞིན་དུ་འཇིག་རྟེན་དུ་སྙན་དངགས་མཁན་པོ་དྲང་སྲོང་རྒྱས་པ་ཡིས་བྱས་པའི་སྙན་ངག་བྷཱ་ར་ཏ་དང་། མེ་བཞིན་དུ་འཇུག་གི་བུ་དྲང་སྲོང་མེ་ཡིས་བྱས་པའི་སྙན་ངག་བསྒོམ་པའི་ཆོས་དང་། ལ་སོགས་པ་ཞེས་པའི་སོགས་ཁུངས་སུ་གྲོག་མཁར་བས་བྱས་པའི་བཙུན་མོ་རོལ་རྙེད་མའི་ལོ་རྒྱུས་སྙན་ངག་གིས་བརྩམ་པ་རཱ་མཱ་ཡ་ཎ་དང་། དྲང་སྲོང་མ་རྐེཎྚེ་ཡིས་བྱས་པའི་སྙན་ངག་ཁྱབ་འཇུག་གི་འཇུག་པ་བཅུ་སྟོན་པའི་སྔོན་རབས་ཀྱི་ཆོས་ལ་སོགས་པ་རྣམས་བཟུང་སྟེ། དེ་ལྟར་ཕྱི་རོལ་པའི་བསྟན་བཅོས་བྱེད་པའི་མཁན་པོ་དེ་རྣམས་ཀྱིས་བྱས་པའི་བསྟན་བཅོས་གཞན་གང་ཇི་སྙེད་པ་དེ་ཡང་དེ་ཁོ་ན་ཉིད་སྟོན་པ་ནང་རིག་པ་མིན་ཏེ། རིག་པ་ཞེས་པ་གང་ཞེ་ན། དེ་ཁོ་ན་ཉིད་ཀྱི་དོན་སྟོན་ཅིང་གཏན་བདེ་རྣམ་གྲོལ་ལམ་དུ་གྱུར་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ནི་ནང་གི་རིག་པ་སྟེ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ། །གཞན་ཡང་འགྱུར་མེད་ཀྱང་རིག་པ་


MR17_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་རྣམ་ཀུན་མཆོག་ལྡན་སྟོང་པ་ཉིད་ཀྱི་ཐབས་ལས་སྐྱེས་པའི་ཐབས་བྱུང་དམིགས་མེད་ཀྱི་ཡེ་ཤེས་ཟག་པ་མེད་པའི་བདེ་བ་ཆེན་པོའི་བདག་ཉིད་ཅན་ཡིན་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཞེས་བྱའོ། །དེ་ལྟར་ནང་རིག་པ་མཐར་ཐུག་པ་དེ་ནི་གདུལ་བྱའི་རྟོགས་ཚུལ་ལས་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་ཏེ། ཐབས་ལམ་གྱི་སྐབས་སུ་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་གྲུབ་ནས། དེ་དང་མཉམ་པར་སྦྱོར་བ་ལས་འགྱུར་མེད་ཀྱི་བདེ་བ་འདྲེན་པའི་རྒྱུ་འབྲས་སུ་བཞག་པ་དང་། གྲོལ་ལམ་གྱི་སྐབས་སུ་ཡུལ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལ་དམིགས་པའི་སྟོབས་ཀྱིས་ཡུལ་ཅན་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འགྱུར་བས་རྒྱུ་འབྲས་ལྟ་བུར་བཞག་པ་ནི་ལམ་པའི་བློ་ངོ་ལ་སྣང་ཚུལ་གྱི་སྒོ་ནས། རྒྱུ་དང་འབྲས་བུ་དང་ཡུལ་དང་ཡུལ་ཅན་དང་ཤེས་རབ་དང་ཐབས་ཀྱི་ཆ་གཉིས་སུ་ཕྱེ་སྟེ་མ་བཞག་པར་ཟུང་འཇུག་གི་དོན་ཇི་ལྟ་བུ་ཡིན་པ་རྟོགས་པར་མི་ནུས་པས་དེ་ལྟར་འཇོག་དགོས་ཀྱང་། གནས་ལུགས་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་ན་དེ་གཉིས་རྒྱུ་དང་འབྲས་བུ་དང་ཡུལ་དང་ཡུལ་ཅན་གྱི་རྣམ་པར་ཐ་དད་དུ་གྲུབ་པ་མ་ཡིན་ཏེ། ངོ་བོ་ཐ་དད་དུ་གྲུབ་པ་ཞིག་གསར་དུ་ཆུ་དང་ཆུ་འདྲེས་པ་ལྟར་དབྱེར་མེད་དུ་འགྱུར་མི་སྲིད་དེ་ནམ་ཡང་རང་རང་གི་ངོ་བོས་ཐ་དད་དུ་ཡོད་པས་སོ། །དེས་ན་གཉིས་སྣང་གིས་བསླད་པ་ཅན་རྣམ་པར་རྟོག་པའི་ངོ་ན། སྟོང་པ་དང་མི་སྟོང་པ་རྟག་པ་དང་མི་རྟག་པ། ཡུལ་དང་ཡུལ་ཅན། རྒྱུ་དང་འབྲས་བུ། འཁོར་བ་དང་མྱང་འདས། བདག་དང་གཞན། དངོས་པོ་དང་དངོས་མེད་རྣམས་ནམ་ཡང་གཅིག་ཏུ་འདྲེ་བ་མེད་དེ། དེ་དག་མཚན་ཉིད་མི་མཐུན་པའི་ཕྱིར་རོ། །དེ་ལྟར་མཚན་ཉིད་མི་མཐུན་པ་སྣ་ཚོགས་སུ་སྣང་ཡང་དོན་དམ་པར་དེ་ལྟར་མ་གྲུབ་པའི་གནད་ཀྱིས། སྟོང་པ་དང་སྣང་བ་ཐ་དད་མེད་པར་གྱུར་པའི་ཆོས་ཀྱི་དབྱིངས་སོ་སོ་རང་གིས་རིག་པར་བྱ་བའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དེའི་ངང་དུ་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གྱུར་པ་ལས་གཞན་པའི་


MR17_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཆོས་ཀྱི་དབྱེ་བ་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་ཡོད་ན་དེ་ཉིད་ཆོས་ཀྱི་དབྱིངས་ལས་གཞན་དུ་འགྱུར་བ་དང་། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་གཅིག་པུ་ཡིན་པ་ལས་ཀྱང་འདའ་བར་འགྱུར་རོ། །དེས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་རྟོགས་པ་དེའི་ངོ་ན་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་དུ་རྟོགས་པ་ཙམ་ལས་ཡུལ་དང་ཡུལ་ཅན་ཐ་དད་དང་། དངོས་དང་དངོས་མེད་ལ་སོགས་པའི་གཉིས་ཆོས་ཀྱི་མཚན་མ་སྣང་བ་གང་ཡང་མེད་ཅིང་། དེས་ཇི་ལྟར་རྟོགས་པ་ལྟར་ཆོས་ཐམས་ཅད་ལའང་དོན་དམ་པར་གཉིས་ཆོས་སུ་གྲུབ་པ་ཡང་མེད་མོད། ལྡོག་པའི་སྒོ་ནས་ཤན་འབྱེད་པའི་ཤེས་རབ་ཀྱིས་རྣམ་པར་མི་རྟོག་པ་ཡུལ་ཅན་དང་། སྟོང་པ་ཉིད་ཡུལ་དུ་བཤད་པ་ལའང་འགལ་བ་མེད་དོ། །དེ་བཞིན་དུ་ལམ་འདིའི་ཁྱད་ཆོས་མི་འགྱུར་བའི་བདེ་བ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དབྱེར་མེད་ཚུལ་ཀྱང་ཤེས་པར་བྱ་སྟེ། འགྱུར་བའི་ཚོར་བདེ་དང་། དགག་བྱ་བཅད་ཙམ་གྱི་སྟོང་པ་གཉིས་མི་རྟག་པ་དང་རྟག་པ་དང་། དངོས་པོ་དང་དངོས་མེད་དུ་གྱུར་པ་དེ་གཉིས་གསར་དུ་ལམ་གྱིས་སྟོབས་ལས་དབྱེར་མེད་པར་གྱུར་པ་དང་། སྔར་ཡོད་པའི་རྒྱུ་དང་། དེ་ལས་ཕྱིས་སྐྱེས་པའི་འབྲས་བུ་གཉིས་སླར་ཡང་གཅིག་ཏུ་འདྲེས་ནས་དབྱེར་མེད་པར་སོང་བ་དང་། དེ་བཞིན་དུ་སྤྱད་བྱ་ཡུལ་དང་སྤྱོད་བྱེད་ཡུལ་ཅན་ཐ་དད་པའི་ཆོས་གཉིས་སྔར་མེད་གསར་དུ་འདྲེས་ཤིང་དབྱེར་མེད་པར་སོང་བ་གང་ཡང་གནས་ལུགས་ལ་མེད་ཀྱང་ལམ་པའི་བློ་ངོ་ལ་སྣང་ཚུལ་གྱི་དབང་གིས་རྣམ་གཞག་དེ་ལྟ་བུ་བྱེད་པའང་འགལ་བ་མེད་མོད། གནས་ལུགས་དེ་ཁོ་ན་ཉིད་གདོད་ནས་དབྱེར་མེད་མཉམ་པ་ཆེན་པོའི་དོན་ལ་ངེས་ཤེས་ཚུལ་བཞིན་མ་སྐྱེས་བར་དུ་ཇི་ལྟར་བཤད་ཀྱང་རྣམ་རྟོག་གི་སྤྱོད་ཡུལ་ལས་བརྒལ་མི་ནུས་ཤིང་གནས་ལུགས་ཇི་བཞིན་གཏན་ལ་འབེབ་མི་ནུས་སོ། །བདེན་གྲུབ་ཀྱིས་མི་སྟོང་བ་ཞིག་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་མི་རུང་ཞིང་རྣམ་ཀུན་


MR17_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ལྡན་གྱི་སྟོང་ཉིད་རྟོགས་ཚེ་དེ་ལས་ལྷག་པའི་སྟོང་ཉིད་རྟོགས་ཚུལ་གཞན་རྣམ་པ་ཀུན་དུ་མི་སྲིད་དོ། །དེ་བཞིན་དུ་འགྱུར་མེད་ཀྱི་བདེ་བ་ཐོབ་པའི་ཚེ་འགྱུར་བཅས་ཀྱི་བདེ་བ་གྲོགས་སུ་མི་དགོས་པས་བདེ་སྟོང་ཁྱད་པར་ཅན་ཟུང་འཇུག་ཏུ་བསྒྲུབ་པའི་ལམ་འདི་ལ་ཐེག་པ་འོག་མའི་བློས་དཔྱད་ཀྱི་ལྟ་བ་གཞན་གྱི་གྲོགས་ཅི་ཡང་མི་དགོས་ཤིང་། བདེ་བ་དང་སྟོང་པའི་ལྡོག་ཆ་ནས་བསྟན་ཀྱང་ངོ་བོ་དབྱེར་མེད་ཀྱི་གནས་ལུགས་མངོན་དུ་བྱས་ཚེ་ཆོས་ཉིད་དོན་གྱི་བདེན་པ་མངོན་དུ་མཛད་པ་ཡིན་ནོ། །གནས་ལུགས་ལ་དེ་ལྟར་ཡིན་ཡང་གློ་བུར་གྱི་སྒྲིབ་པའི་དབང་གིས་གཉིས་འཛིན་ཅན་རྣམས་ལ་གནས་ལུགས་ཟུང་འཇུག་གི་དོན་ཇི་བཞིན་སྣང་མི་ནུས་པས་ལམ་གྱི་རྒྱུད་སྦྱངས་པས་རིམ་པ་བཞིན་དུ་གནས་ལུགས་ལ་ངེས་ཤེས་ཇེ་བཟང་དུ་སོང་ནས་མཐར་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པའི་དུས་ན་ཟུང་འཇུག་གཉིས་སུ་མེད་པའི་དོན་མངོན་དུ་གྱུར་པ་སྟེ། འགྲེལ་པར་རྒྱུ་དང་འབྲས་བུ་གཅིག་ཏུ་འདྲེས་པར་གྱུར་པ་མེའི་འོད་དང་བསྲེག་པར་བྱེད་པ་ཐ་དད་དུ་མེད་པ་གཅིག་ཏུ་འདྲེས་པར་གྱུར་པ་བཞིན་ནོ་ཞེས་གསུངས་པ་ལྟར། རིམ་ལྔ་ལས་ཀྱང་ཟུང་འཇུག་ཉེར་གསུམ་གསུངས་པ་ལྟ་བུའོ། །དེ་ལྟར་ནང་གི་རིག་པའམ་དེ་ཁོ་ན་ཉིད་ཀྱི་རིག་པ་དེ་ནི་འཇིག་རྟེན་འདིར་ནི་འདས་པའི་དུས་དང་། ད་ལྟར་བྱུང་བའི་ཐུབ་པ་རྫོགས་པའི་སངས་རྒྱས་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་ཆེན་པོའི་མངའ་དབང་ལ་གནས་པ་རྣམས་ཀྱིས་རབ་ཏུ་གསུངས་པ་ཉིད་དེ། དེའི་རང་བཞིན་ཅི་ལྟ་བུ་ཞེ་ན། ཀུན་རྫོབ་ཏུ་འཇིག་རྟེན་རྣམས་གང་ལས་སྐྱེ་བ་དང་གང་དུ་ཐིམ་པ་ནི། བཞི་པའི་གནས་སྐབས་ཀྱི་བདེ་བའི་སྐད་ཅིག་གང་དུའམ་གང་ལས་སྐྱེ་བའི་དུས་སུ་འཇིག་རྟེན་གསུམ་པོ་མཐའ་དག་ཏུ་འགྱུར་བ་དང་། ཀྱེ་མི་ཡི་བདག་པོ་འཆི་བའི་དུས་སུ་སླར་ཡང་བདེ་བའི་སྐད་ཅིག་གང་དུ་འཇིག་རྟེན་གསུམ་པོ་མཐའ་དག་ཐིམ་པའོ། །དོན་དམ་པར་རང་བཞིན་འོད་གསལ་བའི་ཡེ་ཤེས་ཀྱི་ངང་ལས་སྣང་ཞིང་དེར་ཐིམ་ལ་ཡེ་


MR17_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལ་ནི་འཕོ་འགྱུར་མེད་དོ། །གཞི་དུས་ཀྱི་བཞི་པའི་གནས་སྐབས་ཀྱི་དྲི་མ་ལམ་གྱིས་སྦྱངས་པ་ན་ཟག་པ་མེད་པའི་བདེ་བ་འགྱུར་བ་མེད་པར་བརྗོད་དེ། བཞི་པའི་གནས་སྐབས་སྒྲིབ་བྲལ་དུ་གྱུར་པ་ནི་འོད་གསལ་བའི་སེམས་མངོན་དུ་གྱུར་པ་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་སྐུ་ནམ་མཁའ་ལྟ་བུ་མཉམ་པ་ཉིད་དེ་ལས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བ་དང་། སླར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མཛད་པ་སྟོན་པའང་བྲི་གང་བྲལ་བའི་ཆོས་ཉིད་དེའི་ངང་དུའོ། །ནང་རིག་པ་དེ་ཁོ་ན་ཉིད་ཀྱི་དོན་ལ་གོམས་པའི་སྟོབས་གསུངས་པ། འཇིག་རྟེན་འདིར་ནང་རིག་པ་དེ་ཁོ་ན་ཉིད་ཀྱི་དོན་ལ་འཇུག་པའི་རྣལ་འབྱོར་དབང་པོ་གང་ཞིག་ལམ་དེ་ལ་བརྟན་པ་མ་ཐོབ་པའམ་རྣལ་འབྱོ༷ར་གྱི་ལམ་ལ་མཆོག་ཏུ་གོམས་པ་མ་ཐོབ་པར་རྣམ་རྟོག་གིས་རབ་ཏུ་གཡོ་བའི་ཡིད་ཀྱིས་གལ་ཏེ་ཤི་བར་གྱུར་པ་ན་ཡང་། དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རིགས་སུ་སྟོང་ཉིད་སྙིང་རྗེའི་རྣལ་འབྱོ༷ར་དང་ལྡན་པ་དེ་ཁོ་ན་ཉིད་ལ་ཕྱོགས་པའི་རྣམ་པར་དག་པའི་སེམས་དང་ལྡན་པ་ཉིད་དུ་སྐྱེ་བར་འགྱུར་ལ། སྔོན་གྱི་གོམས་པ་དེ་ཡིས་སླར་ཡང་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་ཀྱི་རྣལ་འབྱོར་ཡངས་པའམ་རྒྱ་ཆེན་པོ་དག་ནི་ཀུན་ཏུ་འཛིན་པར་འགྱུར་ཞིང་། དེ་ལྟ་བུའི་ཡེ་ཤེས་ཡོངས་སུ་རྫོགས་པ་ཐོབ་ན་བདེ་བའི་གོ་འཕང་ནམ་ཡང་མི་ཟད་པ་མཆོག་གི་གནས་སུ་རབ་ཏུ་འགྲོ་སྟེ། གང་དུ་སླར་ཡང་འཁོར་བར་སྐྱེ་བའམ་འབྱུང་བ་དང་ལྡན་པ་མིན་པ་སངས་རྒྱས་ཐམས་ཅད་ཀྱི་མཆོག་གི་གནས་སོ། །དེ་ལྟར་ནང་རིག་པའི་རྣལ་འབྱོར་བཤད་ནས། དེའི་ཞོར་ལ་ཡང་དག་པའི་རྣལ་འབྱོར་དང་། དེ་ལས་གཞན་པའི་རྣལ་འབྱོར་པ་དག་གི་སྒོམ་པ་དང་བྱེད་ལས་དང་སོ་སོའི་བརྟུལ་ཞུགས་སོགས་དང་འཆི་བའི་ཚེ་གང་དུ་འགྲོ་བའི་ལམ་གྱི་ཁྱད་པར་དང་། བཅིང་གྲོལ་


MR17_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར་ཚུལ་རྣམས་གསུངས་པ་ལས། སངས་རྒྱས་པ་དང་ལྷ་མིན་དང་འབྱུང་པོ་རྣམས་ཀྱི་ཡེ་ཤེས་སྐྱེ་བའི་དུས་གསུངས་པ། ཡེ་ཤེས་ཏེ་རྣལ་འབྱོར་གོམས་པ་ན་འདི་ལྟར་སྐྱེ་སྟེ། ཇི་ལྟར་ན། རྒྱལ་བ་སངས་རྒྱས་པ་རྣམས་ཀྱི་རྣལ་འབྱོར་སྟོང་ཉིད་སྙིང་རྗེའི་བདག་ཉིད་ཀྱི་ཡེ་ཤེས་ཉི་མ་ལྟ་བུ་ནི། ཉིན་མཚན་གཉིས་ལས་ཉིན་མོའི་དུས་སུ་དང་ཁྱད་པར་སྔ་དྲོ་དང་། མཚན་མོ་ཕྱེད་ཕན་ཆད་ནམ་སྨད་དང་མཚན་མོའི་མཐར་ཏེ་ཐོ་རེངས་སུ་ཡེ་ཤེས་དེ་ཉིད་ལྷག་པར་གནས་པར་སྐྱེའོ། །ལྷ་མིན་རྣམས་ཀྱི་ཕྱིན་ཅི་ལོག་ཏུ་བརྟག་པའི་ཆོས་ཀྱི་རྣལ་འབྱོར་རམ་ཡེ་ཤེས་ནི་ཟླ་བ་སྟེ། མཚན་མོའི་དུས་སུ་དང་ཉི་མ་ཕྱེད་ཕྱི་དྲོ་དང་ཉིན་མོ་དག་གི་མཇུག་ཉི་ནུབ་དག་ཏུའོ། །མ་གསུངས་ཀྱང་འབྱུང་པོ་རྣམས་ཀྱི་རྣལ་འབྱོར་ནི་གོང་བཤད་དེ་དག་གི་ཐུན་མཚམས་བཞི་ལ་སྟེ། ཉིན་མཚན་ཐུན་བཞི་ལ་མ་གཏོགས་པའམ་སྤངས་པའི་དུས་སུ་སྟེ། འདི་དག་གི་རྣལ་འབྱོར་ནི་རྟག་པ་དང་ཆད་པའི་ངོ་བོ་ཅན་ནོ། །རྟག་པ་ནི་ཉིན་མོའི་ཐུན་མཚམས་ལ་ལྷག་པར་གནས་ཤིང་ཆད་པ་མཚན་མོའི་དེ་ལའོ། །ཐུན་མཚམས་བཞི་ནི་ཉིན་ཕྱེད་མཚན་ཕྱེད་ཉི་ཟེར་འཆར་སྡུད་གཉིས་ཏེ་བཞིའོ། །ཐུན་མཚམས་བཞི་སྤངས་པའི་དོན་གཞན་དག་དེ་མིན་པ་ལ་འཆད་དོ། །རྣལ་འབྱོར་གསུམ་པོ་འདི་དག་གྲངས་བཞིན་དུ་སངས་རྒྱས་པ་རྣམས་ཀྱི་ནི་ཡང་དག་པའི་ཡེ་ཤེས་སུ་འགྱུར་རོ། །ལྷ་མིན་རྣམས་ཀྱི་དེ་དང་འགལ་བ་ཡེ་ཤེས་རྣམ་པར་ཉམས་པ་དག་ཏུ་འགྱུར་རོ། །ཡང་དག་ཡེ་ཤེས་ནི་ཉིན་མོའི་སྣང་བ་བཞིན་དུ་ཐམས་ཅད་མཐོང་བ་དང་། རྣམ་ཉམས་ཡེ་ཤེས་ནི་མཚན་མོའི་སྣང་བ་བཞིན་སེམས་ཅན་རྣམས་ཀྱི་འཚོ་བ་དང་འཆི་བ་ཅུང་ཟད་མཐོང་བའོ། །དེ་གཉིས་དག་ལ་སྟོན་བྱེད་ཀྱི་ངག་ཀྱང་རིམ་བཞིན་དང་པོའི་ཚིག་ནི་ལེགས་སྦྱར་དུ་བསྟན་པ་སོགས་ངག་སྒྲ་ངེས་པའི་ཚིག་དང་ལྡན་པའི་བརྗོད་པ་རྣམ་པར་དག་པ་དང་། ལྷ་མ་ཡིན་རྣམས་ཀྱི་ཡུལ་སྐད་ཉི་ཚེ་བ་ཐ་མལ་གྱི་སྐད་དུའམ་ངག་དག་


MR17_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རབ་ཏུ་འགྱུར་བ་སྟེ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་བདག་ཉིད་ཀྱིས་ཞི་ཞིང་ཕན་པའི་ལས་སྟོན་པ་དང་། ལྷ་མིན་རྣམས་ཀྱིས་ཤ་བཟའ་བའི་སླད་དུ་དུད་འགྲོ་གསོད་པ་སོགས་སེམས་ཅན་ལ་གནོད་པ་དྲག་པོ་ཡི་ལས་སྐྱེ་བར་བྱེད་པ་སྟོན་པའོ། །སངས་རྒྱས་པ་རྣམས་ཀྱི་ཡེ་ཤེས་ཀྱིས་ནི་སྲིད་པ་གསུམ་གྱི་གནས་སུ་སྐྱེས་བུ་དམ་པ་ཉིད་ཀྱི་ལས་སྟོན་པ་དང་། ལྷ་མིན་རྣམས་ཀྱིས་ས་སྟེང་དུ་ཐ་མལ་གྱི་ལས་མཚོན་ཆའི་འཁྲུལ་འཁོར་ལ་སོགས་པའི་བཟོ་གནས་དང་དམ་པ་མིན་པའི་བྱ་བ་རྣམས་སྟོན་པར་བྱེད་པ་དག་ཀྱང་ངོ་། །ཀྱང་ཡིག་གིས་འབྱུང་པོ་རྣམས་ཀྱི་ས་ལ་རྣམ་པར་འདྲེས་པའི་ལས་དུ་མ་སྟོན་པར་བྱེད་དོ། །ད་ནི་སོ་སོའི་ཟས་བཟའ་བའི་དུས་གསུངས་ཏེ་འདིར་ཉིན་ཞག་སོ་སོ་ལ་དེ་རིང་གི་ཉི་མ་གུང་ནས་མདང་གི་མཚན་མོའི་ཕྱེད་ཚུན་ཆད་ནི་ཉིན་མོའི་དུས་དང་། དོ་ནུབ་ཀྱི་མཚན་མོ་ཕྱེད་ནས་དེ་རིང་གི་ཉི་མ་གུང་གི་བར་ནི་མཚན་མོའི་དུས་སུ་བྱས་པའི་ཉིན་དང་མཚན་མོའི་ཕྱེད་ཕྱི་མ་ཡི་དུས་སུ་རིམ་བཞིན་སངས་རྒྱས་པ་དང་། ལྷ་མིན་པ་ཀླ་ཀློ་དེ་དག་གི་ནི་ཟས་ཟ་བའི་དུས་ཏེ། དེ་དག་གིས་དཀའ་ཐུབ་པ་རྣམས་ཀྱིས་དེ་ལྟར་ཉིན་གུང་ཡན་ཆད་ཀྱི་སྔ་དྲོ་དང་། དེ་ཕྱིན་ཆད་ཀྱི་དུས་ལ་ཟ་བའོ། །ཁྱིམ་པ་རྣམས་ལ་དེ་ལྟར་ངེས་པ་མེད་དེ། །བཟའ་བ་ནི་སངས་རྒྱས་པ་རྣམས་ཀྱི་བཟའ་བའི་གཙོ་བོ་ཟན་དང་། ཀླ་ཀློ་རྣམས་ཀྱིས་ཁྱད་པར་དུ་བ་ལང་གི་ཤ་གཙོ་བོར་བྱེད་པ་སྟེ། བཏུང་བ་ཡང་སངས་རྒྱས་པ་རྣམས་ཀྱིས་འོ་མ་སོགས་རྣམ་མང་བཅུད་སྟེར་ཞིམ་པ་སྡིག་མེད་དག་དང་། །ཀླ་ཀློ་རྣམས་ཀྱི་བྱ་གག་ལ་སོགས་པའི་སྒོ་ངའི་ཁུ་བའོ། །གོས་ནི་སངས་རྒྱས་པ་རྣམས་ཀྱིས་ཁ་དོག་ལེགས་པར་བསྒྱུར་བ་དམར་པོ་སོགས་དང་། ཀླ་ཀློ་རྣམས་ཀྱི་དཀར་པོ་བགོ་བ་དག་དང་། དེ་བཞིན་དུ་ཚེ་འཕོས་ནས་ཉི་མ་དང་ཟླ་བའི་བགྲོད་པ་བཞིན་དུ་གྱེན་དུ་མཐོ་རིས་སུ་འགྲོ་བ་དང་ས་འོག་ཏུ་ངན་སོང་གི་


MR17_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་འགྲོ་བ་སྟེ། སངས་རྒྱས་པ་རྣམས་ཉི་མ་བཞིན་དུ་གྱེན་དུའམ་སྟེང་དུ་འགྲོ་བ་དང་། ཀླ་ཀློ་རྣམས་འོག་ཏུ་ངན་སོང་དུ་གཞོལ་བའོ། །འདིར་ཉི་མ་སྟེང་དང་ཟླ་བ་འོག་ཏུ་འགྲོ་བ་ནི། ལུས་ཅན་རྣམས་འཆི་བའི་ཚེ་ནང་གི་ཉི་ཟླ་ཁམས་དམར་ཆ་དང་དཀར་ཆ་སྟེང་དང་འོག་ཏུ་འགྲོ་བ་ལ་བཤད་དེ། རྩ་བའི་རྒྱུད་ཀྱི་དབང་མདོར་བསྟན་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། ལུས་ཅན་ཐམས་ཅད་འཆི་བ་ན། །ཟླ་བ་བདུད་རྩི་འོག་ཏུ་འགྲོ། །སྟེང་དུ་ཉི་མ་རྡུལ་སྒྲ་གཅན། །རྣམ་ཤེས་དངོས་པོའི་མཚན་ཉིད་དོ། །ཞེས་གསུངས་པ་བཞིན་ནོ། །སངས་རྒྱས་པའི་ཆོས་ནི་སེམས་ཅན་ལ་འཚེ་བ་མེད་པའོ། །ཀླ་ཀློའི་ཆོས་ནི་འཚེ་བ་ཡང་སྟེ་ཞེས་ཡང་ཡིག་ལས་འབྱུང་པོ་རྣམས་ཀྱང་སྡུད་པའོ། །རང་རང་གི་བླ་མའི་ཆོས་ལུགས་བསྟན་པའི་ངེས་པའི་དབང་གིས་བསྒོམ་པའི་དུས་དང་འདོད་པའི་ལྷ་ལ་མཆོད་ཅིང་བསྟོད་པ་སོགས་ཀྱི་དུས་སུ་སངས་རྒྱས་པ་རྣམས་ལ་རྡོ་རྗེ་གདན་སྐྱིལ་ཀྲུང་དང་། ཀླ་ཀློ་རྣམས་ལ་ལྷ་མིན་གྱི་འདུག་སྟངས་སམ་གདན་བསྔགས་པ་ཡང་ངོ་། ཡང་ཡིག་གིས་དེ་ལས་འདུག་སྟངས་སམ་གདན་གཞན་ནི་ཐུན་མོང་བ་སྟེ་ཆེད་དུ་གདན་དེ་དག་མི་སྒྲུབ་ཅིང་མི་འགོག་པའོ། །འདིར་རྡོ་རྗེའི་གདན་རྗེས་སུ་འཆད་པར་འགྱུར་ལ་ལྷ་མིན་གྱི་གདན་ནི་སའི་ངོས་ལ་པུས་མོ་གཡོན་གྱི་སྟེང་དུ་པུས་མོ་གཡས་པ་བརྐྱང་པའི་སྒྱིད་ཁུང་བཞག་སྟེ་ཙོག་པུར་འདུག་ཅིང་རྐང་པ་གཡོན་གྱི་བྱིན་པའི་སྟེང་དུ་རྐང་པ་གཡས་ཀྱི་བྱིན་པ་བཞག་པའོ། །ཡང་ཡིག་གིས་འཕང་པ་རྐང་པ་གཡས་འོག་ཏུ་བྱས་པའི་འདུག་སྟངས་ཀྱང་ངོ་། །ཡང་རྐང་པ་གཡས་པའི་མཐིལ་ཏུ་གཡོན་པའི་བོལ་གོང་བཞག་པ་དང་། དེའི་རྒྱབ་ཏུ་དཔྱི་བཞག་པ་རྒུར་པོར་འདུག་པའང་ཡང་སྒྲས་སྡུད་དོ། །དེ་ལྟར་སངས་རྒྱས་པ་དང་ཀླ་ཀློ་ལྷ་མིན་རྣམས་ཀྱི་བྱ་བ་ཐ་དད་པ་བརྗོད་པའི་ངེས་པའོ། །འབྱུང་པོ་རྣམས་ཀྱི་ལས་འདྲེས་མ་གསུངས་པ། འབྱུང་པོ་རྣམས་ཀྱི་ལས་ནི་དགེ་


MR17_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་འདྲེས་མར་རབ་ཏུ་འགྱུར་ཏེ་ཚིག་ཀྱང་སྐད་སྣ་ཚོགས་འདྲེས་པ་དང་། ཁྱད་པར་ཤ་ཟ་དག་གི་ཚིག་སྨྲ་བའོ། །ཆོས་ནི་འཚེ་བ་མེད་པ་དང་འཚེ་བ་ལྡན་པ་འདྲེས་མར་འབྱུང་སྟེ། ངེས་པར་བླ་མའི་ངེས་པའི་དབང་གིས་སྲོ༷ག་གཅོད་ལ་སོགས་སྐྱོན་དག་ལ་ཡང་དམིགས་བསལ་ཏེ། མཆོད་སྦྱིན་དང་གཡུལ་ལ་སོགས་པའི་དོན་དུ་རབ་ཏུ་འཇུག་པར་འགྱུར་ཏེ་དེ་དག་ལ་སྡིག་པ་མེད་པར་འདོད་པ་དང་། ཀྱེ་མི་ཡི་བདག་པོ་དཀའ་ཐུབ་ལ་སོགས་པའི་འབྲས་བུའི་དོན་དུ་སྲོག་གཅོད་པ་སོགས་འཚེ་བ་ལས་རེས་འགའ་དག་ནི་ལྡོག་པའམ་སྟེ་དེ་ལྟར་གཅིག་ཏུ་མ་ངེས་པར་འཚེ་བ་ཆོས་དང་ཆོས་མིན་དུ་སྨྲ་བ་འདྲེས་མ་སྟོན་པའོ། །བཟའ་བ་དང་བཏུང་བ་དག་ཀྱང་འདྲེས་པ་དང་ཉི་ཟླའི་བགྲོད་པ་ལྟ་བུ་དག་ལས་ལམ་ནི་འདྲེས་མའམ་འདྲེས་པ་ནི་རྣལ་འབྱོར་སྔ་མ་གཉིས་ལས་གཞན་དུ་འབྱུང་པོ་རྣམས་ཀྱི་ཚུལ་བཤད་པའོ། །དེ་ནས་ཆོས་ལུགས་གསུམ་པོ་དེ་དག་ལ་བརྟེན་པའི་ལམ་རྣམ་པ་གསུམ་བཤད་པ་ནི། འོད་ཟེར་གྱི་ལམ་དང་། དུ་བའི་ལམ་དང་། རྣམ་པར་འདྲེས་པའི་ལམ་གསུམ་ལས། སྙིང་སྟོབས་ཀྱི་ཡོན་ཏན་གྱི་རང་བཞིན་གྱིས་བསྐྱེད་པ་འོད་ཟེར་གྱི་ལམ་ཞེས་བྱ་བ་ནི། དགེ་བའི་ལམ་སྟེ་དེ་ནི་ཉི་མའི་སྣང་བ་དང་ཡར་ངོའམ་དཀར་པོ་ཡི་ཕྱོགས་ཀྱི་ཆ་དང་ཉིན་མོ་དང་། བགྲོད་པ་བྱང་དང་ལོ་ཡི་ཕྱེད་ཆུ་སྲིན་ལ་སོགས་པའི་ཟླ་བ་དྲུག་ཉིན་མོ་འཕེལ་བ་དག་ཀྱང་ཡིན་ལ། འདི་ཤར་བ་ནས་ནུབ་པའི་བར་སྟེ་ཉིན་མོའི་མིང་ཅན་ཞེས་བྱ་བ་ཡིན་ནོ། །ལམ་ཅིག་ཤོས་ཟླ་བའི་སྣང་བ་དང་། མཚན་མོ་དག་དང་དཀར་མིན་ཏེ་ནག་པོའི་ཕྱོགས་སམ་མར་ངོ་། །བགྲོད་པ་འདི་ནི་ལྷོ༷་རུ་སྟེ་ཀརྐ་ཊ་སོགས་ཁྱིམ་དྲུག་གོ། འདི་ནི་དུ་བ་དག་གི་ལམ་མུན་པའི་ཡོན་ཏན་གྱི་རང་བཞིན་ཅན་ནོ། །འདི་ནི་ནུབ་པ་ནས་ཤར་བའི་བར་མཚམས་མོ་ཞེས་པར་ངེས་པ་སྟེ་མཚན་མོ་དང་འདྲ་བས་སོ། །དེ་ལས་འོད་ཟེར་གྱི་ལམ་ལས་ལྷ་རྣམས་མཐོ་རིས་སུ་འགྲོ་བ་སྟེ། དཀར་མིན་ནག་པོའམ་དུ་བའི་ལམ་དག་


MR17_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་བཞིན་ལྷ་མིན་རྣམས་ས་འོག་ཀླུ་ཡི་འཇིག་རྟེན་དུ་བགྲོད་པའི་ལམ་དང་། རྡུལ་གྱི་ཡོན་ཏན་ཅན་ཀུན་ཏུ་འདྲེས་པ་ཡི་ལས་ལམ་ཉིན་མཚན་གཉིས་ཀའི་ཆ་ཅན་ནི་ཀྱེ་མི་ཡི་བདག་པོ་མི་ཡི་འཇིག་རྟེན་དུ་ནི་ཡི་དྭགས་དང་དུད་འགྲོ་དང་མི་རྣམས་དག་གིར་འགྱུར་ཞེས་དེ་དག་གི་ལམ་མོ། །དེ་ལྟར་དཀར་ནག་འདྲེས་པའི་ལས་ཀྱིས་སྤྱིར་མཚོན་ནས་སེམས་ཅན་རྣམས་ཁམས་དང་མོས་པ་བསམ་པ་སྣ་ཚོགས་པའི་དབང་གིས་སོ་སོའི་བརྟུལ་ཞུགས་དང་སྤྱོད་ལམ་སོགས་མི་འདྲ་བ་དུ་མར་འགྱུར་བའི་ཀུན་ཏུ་འགྲོ་བའི་ལམ་སྣ་ཚོགས་ཡོད་པ་ཤེས་པར་བྱ་ལ། དེ་ལྟར་ལྷ་དང་ལྷ་མིན་དང་འབྱུང་པོའི་བྱ་བ་ལ་རྗེས་སུ་ཆགས་པའི་ལས་ཀྱི་བག་ཆགས་གང་ཞིག་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་གང་གི་དབུས་སུ་རབ་ཏུ་ཞུགས་པ་དེའི་དབང་གིས་ལྷ་ལ་སོགས་པ་དེ་དག་གི་བརྟུལ་ཞུགས་ཀྱི་ངེས་པ་ལ་དགའ་བའི་ལས་ཀྱི་ཞགས་པས་ངེས་པར་བཅིངས་པ་སྟེ་དེ་དང་འབྲལ་བར་མི་འདོད་ལ། བྱ་བ་གསུམ་པོ་དེ་ཡི་དབུས་སུ་ཞུགས་པ་སེམས་ཅན་རང་རང་གི་བསམ་པས་ཀྱེ་མི་ཡི་བདག་པོ་ལྷ་ལ་སོགས་པ་དེ་ཡི་རིགས་སུ་བསམ་པ་དེ་ཡིས་འཛིན་པ་དག་གིས་འགྱུར་ཏེ། སེམས་ཅན་རྣམས་ལམ་གང་ལ་མོས་པའི་རིགས་ཅན་ཡིན་པ་ནི། རང་རང་གི་སྔོན་གྱི་བག་ཆགས་གོམས་པ་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་ཤས་ཆེ་ཆུང་ལས་འབྱུང་བ་ཡིན་གྱི་རང་བཞིན་གྱིས་རིགས་གང་རུང་དུ་ངེས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཇི་སྲིད་སེམས་ཀྱི་རང་བཞིན་དག་ནི་འདོད་གཟུགས་གཟུགས་མེད་རྣམ་པ་གསུམ་གྱི་སྲིད་པའི་བག་ཆགས་ཀྱི་དབང་གིས་བག་ཆགས་དེ་དང་མ་འབྲལ་བར་དུ་ཚོར་བ་བདེ་བ་དང་སྡུག་བསྔལ་བ་མྱོང་བའི་མཐའ་མི་མངོན་པ་དེ་སྲིད་འཇིགས་རུང་འཁོར་བ་འདིར་ངར་འཛིན་པ་དང་བཅས་པའི་ཀུན་གཞིའི་རྣམ་ཤེས་བརྒྱུད་མར་འཁྱམ་པར་བྱེད་དེ། ཀྱེ་མི་ཡི་བདག་པོ་མཐོ་རིས་དང་མི་ཡུལ་དག་དང་ས་ཡི་འོག་ཏུ་ཡང་ངེས་པ་མེད་པར་ཡང་ནས་ཡང་དུ་འཁོར་བར་འགྱུར་བ་ནི་བག་ཆགས་འཛིན་པའི་


MR17_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པའོ། །བག་ཆགས་རྣམ་པ་གསུམ་དང་བྲལ་བ་ནི། འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པ་སྐམ་སར་གནས། །ཞེས་གསུངས་པ་ལྟར། རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་སྲིད་པ་གསུམ་གྱིས་བཏུད་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཉིད་དོ། །དེ་ལྟར་སེམས་ཅན་རྣམས་ནི་རྣམ་རྟོག་སྣ་ཚོགས་གོམས་པའི་བག་ཆགས་ལས་རིགས་སྣ་ཚོགས་མོས་པ་སྣ་ཚོགས་ལམ་སྣ་ཚོགས་སུ་འགྱུར་བ་ཡིན་པའི་ཚུལ་ཤེས་པར་བྱའོ། །བག་ཆགས་སྤངས་པའི་ངེས་པའོ། །དེ་ནས་མངལ་དུ་དབྱངས་གསལ་གྱི་ཡི་གེའི་རིམ་པས་སྐྱེ་བར་འགྱུར་བ་བཞིན་དུ་སྐྱེས་པའི་མཐར་སླར་ཡང་འཆི་བའི་མཚན་ཉིད་གསུངས་པ། མངལ་དུ་ཁུ་རྡུལ་གཉིས་ཀུན་གཞིའི་རྣམ་ཤེས་དང་ཡང་དག་པར་སྦྱོར་བ་ལས་རྣམ་ཤེས་ཀྱིས་བྱིན་གྱིས་བརླབ་པའམ་བཟུང་བའི་ཁུ་རྡུལ་ལས་ལུས་འགྲུབ་པ་ཡིན་ལ། དེ་ཡང་རྡུལ་ནི་གསལ་བྱེད་སུམ་ཅུའི་བདག་ཉིད་དང་། ཁུ་བ་ནི་དབྱངས་སུམ་ཅུའི་བདག་ཉིད་དེ། འདི་དག་ཀུན་གཞིའི་རྣམ་པར་ཤེས་པས་བཟུང་ནས་ཕན་ཚུན་རྒྱུ་དང་རྐྱེན་དུ་སྦྱར་བས་ལུས་ཆགས་པ་དང་འཕེལ་བ་ཡིན་ཞིང་། མངལ་ཆགས་པའི་ཟླ་བ་གཅིག་གི་རིང་ལ་ཟླ་བ་ཕྱེད་ཕྱོགས་དང་པོ་ལ་ཀ་སོགས་སུམ་ཅུ་རང་བཞིན་ཀྱི་དབྱངས་ཐུང་ངུ་ལྔ་སྤྲོ་བའི་རིམ་པས་བྱིན་གྱིས་བརླབས་པ་དང་། ཕྱོགས་ཕྱི་མ་ལ་གསལ་བྱེད་སུམ་ཅུ་དབྱངས་རིང་པོ་ལྔ་སྡུད་རིམ་གྱི་བྱིན་གྱིས་བརླབ་པ་རྣམས་འཇུག་སྟེ། དེ་ལྟར་གསལ་བྱེད་ཀྱི་ཕྱོགས་གཉིས་པོ་འདི་ནི་དུས་སུ་འཆི་བའི་མཐར་མངལ་དུ་ཟླ་བ་གཅིག་ལ་རྩ་མ་ཆགས་པའི་དབང་གིས་ལོ་བརྒྱའི་མཚམས་ཀྱི་མཐར་རྩ་འཆད་པའི་ཟླ་བ་གཅིག་བྱུང་བ་དེའི་དུས་སུ་གསང་བའི་རྩ་སུམ་ཅུ་འདོར་བ་ཡིན་པར་རབ་ཏུ་གསལ་བར་འགྱུར་རོ། །དེ་ལྟར་ཟླ་བ་གཅིག་ལ་བདུད་རྩི་ལྔའི་རོར་གྱུར་པའི་དུས་དེར་ཁུ་རྡུལ་ཕན་ཚུན་ཐ་དད་པས་གཅིག་ལ་གཅིག་གི་ནུས་པ་འཇུག་པ་མེད་དེ་རོ་མཉམ་པར་གནས་སོ། །ཟླ་བ་དང་པོ་རྫོགས་པའི་རྗེས་དེ་ནས་ཟླ་བ་ལྔའི་བར་དུ། ཁུ་བ་


MR17_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྡུལ་གྱི་ནུས་པའི་ཆ་སོ་སོ་རིམ་བཞིན་མཁའ་རླུང་མེ་ཆུས་སྐྱེད་རིམ་དང་། ས་ཆུ་མེ་རླུང་མཁའ་སྡུད་རིམ་གྱི་དབྱེ་བས་ཟླ་བ་སོ་སོའི་ཕྱོགས་སྔ་ཕྱི་ལ་ཕན་ཚུན་གཅིག་ལ་གཅིག་གི་ནུས་པ་འཇུག་པ་ནི་ཁུ་རྡུལ་གྱི་ནུས་པ་སོ་སོ་དང་ཁམས་མཐུན་པའི་མིང་ནི་ཡི་གེ་སོ་སོས་མཚོན་ནས་འཆད་པ་ཡིན་ཞིང་། མངལ་དུ་ཞུགས་ནས་ཟླ་བ་གཅིག་རྫོགས་པའི་རྗེས་ཀྱི་རྩ་ཆགས་པའི་ཟླ་བ་དེའི་དཀར་ཕྱོགས་ཀྱི་ཆ་ལ་ཕའི་ཁུ་བའི་དབྱངས་མཁའ་ཁམས་ཨ་ཡིག་གི་བྱིན་རླབས་མའི་རྡུལ་ཀ་སོགས་གསལ་བྱེད་སུམ་ཅུ་ལ་འཇུག་སྟེ། ང་གྷ་ག་ཁ་ཀ་ཞེས་པ་ནས་ྈྐ་་ཤ་ཥ་ྉྤ་ས་ཞེས་པའི་བར་དུ་སྟེ། དེ་རྣམས་ཁུ་བ་ནམ་མཁའི་ཁམས་རྡུལ་ལ་ཞུགས་པ་ཡིན་ནོ། །དེའི་ནག་ཕྱོགས་ལ་ཁུ་བའི་ཁམས་དབྱངས་ལཱྀ་ཡིག་རིང་པོ་རྡུལ་གསལ་བྱེད་སུམ་ཅུ་ལ་འཇུག་སྟེ། སླཱྀ་ྉྤླཱྀ་ཥླཱྀ་ཤྩཱྀ་ྈྐླྀ་་ཏླཱྀ་ཐླཱྀ་སོགས་ནས་ཀླཱྀ་ཁླཱྀ་གླཱྀ་གྷླཱྀ་ངླཱྀའི་བར་སུམ་ཅུའོ། །དེ་རྣམས་ཁུ་བའི་སའི་ཁམས་རྡུལ་ལ་ཞུགས་པ་ཡིན་ནོ། །དེ་བཞིན་དུ་འབྱུང་བ་དང་མི་འབྱུང་བ་དག་ལ་ཞེས་པ། ཡར་ངོ་ཟླ་བ་སྐྱེད་རིམ་མར་ངོ་ལ་འཆི་རིམ་ཡིན་ཞིང་། ཟླ་བ་འཕེལ་ཚེ་ཉི་མ་འགྲིབ། ཉི་མ་འཕེལ་ཚེ་ཟླ་བ་འགྲིབ་པས་སོ་སོའི་འཕེལ་དུས་སྐྱེ་རིམ་དང་འགྲིབ་དུས་འཆི་རིམ་ཡིན་པས། འདིར་ཟླ་བའི་སྐྱེད་རིམ་ཡར་ངོ་ལ་འབྱུང་བ་དང་། མར་ངོ་འཆི་རིམ་ལ་མི་འབྱུང་བར་བྱས་པ་དག་རྡུལ་གྱི་ས་དང་ནམ་མཁའི་ཁམས་དག་ཁུ་བའི་ཁམས་ལ་རབ་ཏུ་འཇུག་སྟེ། རྡུལ་གྱི་སའི་ཁམས་ནི། གསལ་བྱེད་ས་ཏ་ཕ་ཊ་ཙ་ཀ་ཡིན་ལ། དེ་ཁུ་བའི་དབྱངས་རིང་པོ་ལྔ་ལ་འཇུག་སྟེ་སྶླཾ་སྶཱུ་སྶླྀ་སྶཱི་སྶཱཿ དེ་བཞིན་ཏྟླྀ་སོགས་དང་། པྤླྀ་སོགས་དང་། ཊྚླྀ་སོགས་དང་། ཙྩླྀ་སོགས་དང་། ཀྐླཱྀ་ནས་ཀྐཱཿབར་སུམ་ཅུའོ། །དེ་རྣམས་རྡུལ་གྱི་སའི་ཁམས་ཁུ་བའི་ཁམས་ལ་འཇུག་པའོ། །མར་ངོ་ལ་རྡུལ་གསལ་བྱེད་ཀྱི་ནམ་མཁའི་ཁམས། ང་ཉ་ཎ་ན་མ་ྈྐ་དྲུག་ཡིན་ལ། དེ་རྣམས་ཁུ་བའི་ཁམས་ཀྱི་


MR17_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཐུང་ངུ་ལྔ་ལ་ཞུགས་པས། ང་ངི་ངུ་སོགས་སུམ་ཅུ་སྟེ་དེ་རྣམས་རྡུལ་གྱི་མཁའ་ཁམས་ཁུ་བ་ལ་ཞུགས་པའོ། །དེ་བཞིན་དུ་རྩ་ཆགས་པའི་ཟླ་བ་དེ་དང་པོར་བྱས་པའི་ཟླ་བ་གཉིས་པའི་ཕྱོགས་དང་པོ་ལ། ཁུ་བའི་ཨི་ཡིག་རླུང་གི་ཁམས་རྡུལ་གསལ་བྱེད་ལ་ཞུགས་པ། ངི་གྷི་ལ་སོགས་པ་སུམ་ཅུ། རྡུལ་གྱི་ཆུ་ཁམས་གསལ་བྱེད་ྉྤ་ཐ་ཕ་ཋ་ཙ་ཁ་རྣམས་དབྱངས་རིང་ལྔ་ལ་ཞུགས་པ་ྉྤྦཱྀ་སོགས་སུམ་ཅུའོ། །མར་ངོ་ལ་ཁུ་བའི་དབྱངས་ཨུ་ཆུ་ཁམས། སཱུ་ཉྤཱུ་སོགས་སུམ་ཅུའོ། །རྡུལ་གསལ་བྱེད་ང་ཁམས་གྷ་ཛྷ་ཌྷ་བྷ་དྷ་ཤ་རྣམས་ཁུ་བ་དབྱངས་ཐུང་ལ་ཞུགས་པ་གྷ་གྷི་སོགས་སུམ་ཅུ་རྣམས་སོ། །དེ་བཞིན་དུ་ཟླ་བ་གསུམ་པའི་ཡར་ངོ་ལ་ཁུ་བའི་དབྱངས་མེ་ཁམས་རྀ་ཡིག་རྡུལ་གྱི་གསལ་བྱེད་སུམ་ཅུ་ལ་ཞུགས་པ་ངྼ་ནས་སྼྀའི་བར་དང་། རྡུལ་གྱི་གསལ་བྱེད་མེའི་ཁམས་ཤ་ད་ཌབ་ཛ་ག་རྣམས་ཁུ་བའི་དབྱངས་རིང་པོ་ལྔ་ལ་ཞུགས་པ་ཤྴླླྀ་སོགས་ནས་གྒཱཿབར་རོ། །མར་ངོ་ལ་ཁུ་བའི་དབྱངས་མེ་ཁམས་རཱྀ་ཡིག་རྡུལ་གྱི་གསལ་བྱེད་ལ་ཞུགས་པ་པྼྰྀ་ཉྤྼྰྀ་སོགས་སུམ་ཅུ་དང་རྡུལ་གྱི་གསལ་བྱེད་ག་གི་སོགས་སུམ་ཅུའོ། །དེ་བཞིན་དུ་རིགས་བསྒྲེས་ཏེ། ཟླ་བ་བཞི་པའི་ཡར་ངོ་ལ་དུ་གྷུ་སོགས་ཨུ་ཡིག་ཆུ་ཁམས་ཀྱིས་རྡུལ་གསལ་བྱེད་བྱིན་གྱིས་བརླབས་པ་སུམ་ཅུ་དང་། རྡུལ་གྱི་གསལ་བྱེད་རླུང་ཁམས་ཤྴླཱྀ་སོགས་སུམ་ཅུའོ། །མར་ངོ་ལ་དབྱངས་ཨཱི་རིང་རླུང་ཁམས་རྡུལ་གྱི་གསལ་བྱེད་ལ་ཞུགས་པ་སཱི་སོགས་དང་། རྡུལ་གྱི་གསལ་བྱེད་ཁ་ཁི་སོགས་སོ། །ཟླ་བ་ལྔ་པའི་ཡར་ངོ་དབྱངས་ས་ཁམས་ལཱྀ་རིང་རྡུལ་གྱི་གསལ་བྱེད་ལ་ཞུགས་པ། ཌླཱྀ་སོགས་སུམ་ཅུ་དང་། རྡུལ་གསལ་བྱེད་ས་ཁམས་ྈྐ ྈྐཱྀ་སོགས་སུམ་ཅུའོ། །མར་ངོ་དབྱངས་མཁའ་ཁམས་ཨཱ་རིང་གསལ་བྱེད་ལ་ཞུགས་པ་སཱ་ཉྤཱ་་སོགས་སུམ་ཅུ་དང་། གསལ་བྱེད་ས་ཁམས་དྲུག་དབྱངས་ཐུང་ངུར་ཞུགས་པ་ཀ་ཀི་སོགས་སུམ་ཅུའོ། །དེ་ལྟར་སྐྱེད་པ་དང་སྡུད་པའི་དབྱེ་བས་འབྱུང་བ་ལྔ་ཡི་


MR17_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

གེ་སུམ་ཅུ་པ་བཞི་ཚན་རེ་ཟླ་བ་ལྡབ་འདིའི་བར་དུ་ཁུ་བ་དང་རྡུལ་དག་ཕན་ཚུན་དུ་འཇུག་གོ། ཞེས་པ་འདི་མཁས་གྲུབ་རྗེའི་འགྲེལ་ཆེན་དུ་ཡོད་པ་ལྟར་བཀོད་པའོ། །འགྲེལ་ཆེན་གཞུང་ན་དངོས་སུ་འདིའི་རྣམ་གཞག་གསལ་ཁ་མི་སྣང་ཞིང་། འགྲེལ་ཆེན་ལྟར་ན། མངལ་འཛིན་པའི་དུས་སུ་རྡུལ་གསལ་བྱེད་སུམ་ཅུ་དང་། ཁུ་བ་དབྱངས་སུམ་ཅུའི་བདག་ཉིད་ཀུན་གཞིའི་རྣམ་པར་ཤེས་པ་བྱིན་གྱིས་བརླབས་པ་ནི་ཕན་ཚུན་ཡང་དག་པར་སྦྱོར་རོ། །མངལ་དུ་སྐྱེས་པའི་ཕྱོགས་དང་པོ་ལ་ཀ་སོགས་གསལ་བྱེད་སུམ་ཅུ་དབྱངས་ཐུང་ངུའི་བྱིན་གྱིས་བརླབས་པ་དང་། ཕྱོགས་ཕྱི་མ་ལ་དབྱངས་རིང་པོའི་བྱིན་གྱིས་བརླབས་པ་ཞག་རེ་རེ་ལ་ཡི་གེ་གཉིས་གཉིས་འབྱུང་ཞིང་། གསལ་བྱེད་ཀྱི་ཕྱོགས་གཉིས་པོ་འདི་ནི་མཐར་འཆི་བའི་ཚེ་གསང་གནས་ཀྱི་རྩ་སུམ་ཅུ་འདོར་བ་ལ་རབ་ཏུ་གསལ་བར་འགྱུར་རོ། །དེ་བཞིན་དུ་དེའི་རྗེས་ཀྱི་ཟླ་བ་དང་པོ་ཡི་དཀར་ཕྱོགས་ལ་ཁུ་བའི་ནམ་མཁའི་ཁམས་ཨ་ཡིག་རྡུལ་གསལ་བྱེད་སུམ་ཅུ་ལ་རབ་ཏུ་འཇུག་ཅིང་། ནག་པོའི་ཕྱོགས་ལ་རྡུལ་གྱི་སའི་ཁམས་ལཱྀ་ཡིག་གསལ་བྱེད་སུམ་ཅུ་ལ་རབ་ཏུ་འཇུག་གོ། དེ་བཞིན་དུ་འབྱུང་བ་སྐྱེད་པ་སྟེ་ཡར་ངོ་དང་། མི་འབྱུང་བ་སྡུད་པ་སྟེ་མར་ངོ་དག་ལ་རྡུལ་གྱི་ས་དང་ནམ་མཁའི་ཁམས་དག་ཁུ་བའི་ཁམས་ནམ་མཁའ་དངོས་ལ་འཇུག་གོ། དེ་བཞིན་དུ་ཟླ་བ་གཉིས་པའི་ཕྱོགས་དང་པོ་ལ་ཁུ་བའི་རླུང་ཁམས་ཨི་ཡིག་གིས་བྱིན་གྱིས་བརླབ་པའི་གསལ་བྱེད་སུམ་ཅུ་དང་། ཕྱོགས་ཕྱི་མར་རྡུལ་གྱི་ཆུ་ཁམས་ཨཱུ་ཡིག་གིས་བྱིན་གྱིས་བརླབ་པའི་གསལ་བྱེད་སུམ་ཅུའོ། །ཟླ་བ་གསུམ་པའི་ཕྱོགས་དང་པོར་ཁུ་བའི་མེ་ཁམས་རྀ་ཡིག་གིས་བྱིན་བརླབ་སུམ་ཅུ་དང་། ཕྱོགས་ཕྱི་མར་རྡུལ་གྱི་མེ་ཁམས་རཱྀ་ཡིག་གིས་བྱིན་བརླབ་སུམ་ཅུ་སྟེ། དེ་བཞིན་བཞི་པའི་ཕྱོགས་དང་པོར་ཁུ་བའི་ཆུ་ཁམས་ཨཱུ། ཕྱི་མར་རྡུལ་གྱི་ང་ཁམས་ཨཱི། ཟླ་བ་ལྔ་པའི་ཕྱོགས་སྔ་ཕྱིར་ཁུ་བའི་ས་ཁམས་ལྀ་དང་རྡུལ་གྱི་ནམ་མཁའི་


MR17_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཨཱ་ཡིག་གི་བྱིན་གྱིས་བརླབས་པ་རྣམས་ཏེ། དེ་ལྟར་སྐྱེད་པ་དང་སྡུད་པའི་དབྱེ་བས་ནམ་མཁའ་དང་ས་ལ་སོགས་པ་ཁུ་བ་དང་རྡུལ་དག་ཕན་ཚུན་དུ་ཞག་རེ་རེ་ལ་གཉིས་གཉིས་འཇུག་གོ། དེ་ལྟར་ཟླ་བ་ལྔར་ཕུང་པོ་དང་ཁམས་འཕེལ་བར་བྱས་ནས། དེ་ནས་དབང་པོ་དང་ལས་དབང་ཡུལ་དང་བཅས་པ་འཕེལ་བའི་དོན་དུ། ཡོན་ཏན་ལྔ་དང་འཕེལ་བ་ལྔ་དང་། བསྒྱུར་བ་ཧ་སོགས་ལྔ་པོ་ཐུང་ངུ་དང་རིང་པོ་རྣམས་གསལ་བྱེད་རྣམས་ལ་འཇུག་སྟེ། ཟླ་བ་དྲུག་པའི་ཕྱོགས་དང་པོའི་ཕྱེད་ལ་ང་སོགས་ཨ་ཡིག་གིས་བསྒྱུར་བ་སུམ་ཅུ་ཕྱེད་ཕྱི་མར་ཧ་ཡིག་གིས་བསྒྱུར་བ་དྷ་གྷ་སོགས་སུམ་ཅུ། ཕྱོགས་ཕྱི་མའི་ཕྱེད་སྔ་མ་ཨལ་ཡིག་གིས་བསྒྱུར་བ། སཱལ་ཉྤཱལ་སོགས་སུམ་ཅུ། ཕྱེད་ཕྱི་མར་ལཱ་ཡིག་གིས་བསྒྱུར་བ་སྶླཱ་སོགས། སུམ་ཅུ། དེ་བཞིན་དུ་ཟླ་བ་བདུན་པའི་ཕྱེད་སྔ་ཕྱི་བཞི་ལ་ཨེ་ཡ་ཨཽ་ཝཱ་བཞི་དང་། བརྒྱད་པར་ཨར་ར་ཨཱར་རཱ། དགུ་པར་ཨོ་ཝ་ཨེ་ཡ། བཅུ་པར་ཨལ་ལ་ཨཱ་ཧཱ་ཞེས་པ་གསལ་བྱེད་སུམ་ཅུ་པོ་རྣམས་ལ་འཇུག་གོ། ཟླ་བ་ཕྱི་མ་ལྔ་པོ་འདི་ལ་ཞག་རེ་རེ་ལ་ཡི་གེ་བཞི་རེ་བཞི་རེ་འཆར་རོ། །འདི་སྐབས་རྡུལ་གསལ་བྱེད་རྣམས་ཁུ་བའི་དབྱངས་ལ་འཇུག་པ་དངོས་སུ་མ་གསུངས་ཀྱང་། སྔར་གྱི་རིག་པ་སྦྱར་ན་ཟླ་བ་ཕྱི་མ་ལྔའི་ཞག་རེ་རེ་ལ་ཡི་གེ་བརྒྱད་རེ་འཆར་རོ། །མངལ་གྱི་ཟླ་བའི་རྗེས་ཀྱི་ཟླ་བ་བཅུ་པོ་འདིས་ཕུང་ཁམས་སྐྱེ་མཆེད་རྣམས་འགྲུབ་སྟེ་རྡུལ་དང་ཁུ་བ་ཡང་དག་པར་སྦྱོར་བས་སོ། །དེ་ནས་ཟླ་བ་བཅུ་གཅིག་པ་ལ་ཐིག་ལེས་བྱིན་གྱིས་བརླབས་པ་སུམ་ཅུ་དང་། བཅུ་གཉིས་པ་ལ་ཚེག་དྲག་ཅན་སུམ་ཅུ་རྣམས་སུ་འགྱུར་ཏེ། ཟླ་བ་ཁུ་བའི་ཁམས་ཀྱིས་རྩ་དང་རྐང་དང་རུས་པ་རྣམས་སྐྱེད་པ་རྫོགས་ནས། དེ་ཕན་ཆད་གསར་དུ་བསྐྱེད་དུ་མེད་པས་འཕེལ་བ་ཆད་པ་སྟེ། དེ་ལྟར་མངལ་ཟླ་གཅིག་གི་རྗེས་སུ་ལོ་གཅིག་སྟེ་ཟླ་བ་བཅུ་གཉིས་ཀྱི་དུས་སུ་འཆི་བའི་ལོ་གསུམ་གྱིས་བཅད་བྱ་ཡི་གེ་སྟོང་བརྒྱད་ཅུ་


MR17_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པ་ཡིན་ནོ། །དེའང་ཕའི་ཁུ་བ་ནི་རུས་པ་དང་རྐང་ལ་སོགས་པའི་ཉེར་ལེན་གྱི་རྒྱུ་ཡིན་པ་དང་། མའི་དམར་ཆ་ལྷན་ཅིག་བྱེད་རྐྱེན་དུ་ཞུགས་ནས་རུས་པ་སོགས་བསྐྱེད་པ་དང་། དམར་ཆ་ཤ་དང་པགས་པ་སོགས་ཀྱི་ཉེར་ལེན་གྱི་རྒྱུ་ལ་ཁུ་བའི་ཁམས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱས་ནས་ཤ་སོགས་འགྲུབ་པས་ཁུ་རྡུལ་ཕན་ཚུན་གཅིག་གི་ནུས་པ་གཅིག་ལ་ཞུགས་པའི་དོན་དེ་ལྟ་བུ་ཡིན་ནོ། །དེ་ལྟར་འཕེལ་བ་རྫོགས་ནས་ཤེས་རབ་ཀྱི་ལོ་བཅུ་གཉིས་དང་ཐབས་ཀྱི་ལོ་བཅུ་དྲུག་པའི་བར་དུ་ཉི་མ་དང་ཟླ་བའི་ཁམས་རྡུལ་དང་ཁུ་བ་འཕེལ་བར་བྱེད་ཅིང་ལོ་བཅུ་གཉིས་དང་བཅུ་དྲུག་པ་ལ་ཁམས་སྨིན་པ་རྫོགས་པར་འགྱུར་ཏེ། འདི་དག་སའི་ཁམས་སྨིན་པའོ། །མཚམས་འདི་ནས་དབུ་མའི་སྙིང་སྟོབས་ཀྱི་ཆར་འགྱུར་རོ། །སླར་ཡང་ཤེས་རབ་ཀྱི་ལོ་བཅོ་བརྒྱད་དུ་ཆུའི་ཁམས་སྨིན་ཏེ། ཐབས་ཀྱི་ལོ་བཅུ་དྲུག་དང་ཟླ་བ་གཅིག་དང་ཉིན་ཞག་ཉེར་གཉིས་དང་ཞག་ཕྱེད་དང་བཅས་པའི་བར་དུ་ཆུའི་ཁམས་སྨིན་ནོ། །ཤེས་རབ་དང་ཐབས་ཀྱི་མེ་སྨིན་པ་ཡང་སྔ་མ་ཆུ་ལ་བཤད་པ་བཞིན་ནོ། །དེ་བཞིན་དུ་རླུང་གི་ཁམས་དང་ནམ་མཁའི་ཁམས་སྨིན་པ་སྟེ། སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་ལོ་དགུ་བཅུ་གོ་དྲུག་ཟླ་བ་བཅུ་ཞག་བཅོ་ལྔས་ཁམས་ཐམས་ཅད་སྨིན་པ་རྫོགས་ནས། དབུ་མའི་ལོ་གསུམ་ཕྱོགས་གསུམ་དང་མཐའི་ཟླ་བ་གསལ་བྱེད་སུམ་ཅུའི་ཚད་ཀྱི་ཞག་བཅས་ཉིན་ཞག་གི་ཚོགས་སྟོང་དང་ཆིག་བརྒྱ་ལྔ་བཅུ་རྩ་ལྔའི་འཆི་བའི་དུས་རབ་ཏུ་རྒྱུ་སྟེ་འཚོ་བ་ཟ་བར་བྱེད་དོ། །དེ་ལྟར་ཤེས་པར་བྱས་ནས་ཀ་སོགས་སྡེ་པ་དྲུག་རྣམས་ནང་གསེས་བཅས་པ་སུམ་ཅུ་པོ་ལ་དབྱངས་ཀྱིས་བསྒྱུར་བ་དང་བཅས་པ་སུམ་བརྒྱ་དྲུག་ཅུ་སྔར་བཤད་པ་དག་ཀྱང་ཡོན་ཏན་གྱིས་བསྒྱུར་བ་ཉིན་ཞག་སྟོང་བརྒྱད་ཅུ་དང་། གང་ཡང་ཕྱོགས་གསུམ་དག་གི་དབྱངས་ཐུང་རིང་ཤིན་རིང་ཞེ་ལྔ་དང་ངེས་པར་མཐའི་ཞག་སུམ་ཅུའི་གསལ་བྱེད་ཀྱི་གྲངས་བཅས་གཅིག་ཏུ་བསྡོམ་པ་སྟོང་དང་བརྒྱ་དང་ལྔ་པོ་དེ་དག་རྣམས་ལས་


MR17_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་དབུ་མ་ཡི་ལམ་རྣམ་པ་གསུམ་དུ་བགྲོད་པའི་དབང་གིས་དུས་ཀྱི་འཆི་བས་རྒྱུ་བའམ་བགྲོད་པ་སྟེ། དེ་བཞིན་དུ་ཕྱི་རོལ་དུ་བཀྲ་ཤིས་སོགས་གཟའ་ལྔའི་མྱུར་བའི་རྐང་པ་སྟོང་དང་བརྒྱ་སོ་བཞི་དང་། ཉི་མ་དང་རི་བོང་ཅན་གྱི་རྐང་པ་རོ་དུས་རི་བོང་ཅན་ཏེ་བཅུ་གཅིག་དག་དང་། སྒྲ་གཅན་གྱི་ཟླ་བའི་ལོངས་སྤྱོད་རྐང་པ་ཕྱེད་དང་བཅས་པའི་བདུན་ལ་ཕྱེད་བཙུག་པས་བརྒྱད་དང་། མཇུག་རིངས་ཀྱི་རྐང་པ་ཉིན་ཞག་སོ་སོར་ཆུ་ཚོད་གཉིས་དང་བཅས་པའི་གཟའ་དགུའི་རྐང་གྲངས་འདི་དག་བསྡོམས་པས་སྟོང་དང་བརྒྱ་ང་ལྔ་འདི་ལོ་གསུམ་ཕྱོགས་གསུམ་མཐའི་གསལ་བྱེད་ཀྱི་ཞག་བཅས་ཀྱི་གྲངས་དང་མཉམ་པ་འདི་དག་ལ་འཆི་བ་རྒྱུའོ་ཞེས་ནང་གི་གཟའི་རྐང་པ་འཆད་པ་རྟོགས་པར་བྱ་བའི་སླད་དུའོ། །དེ་བཞིན་དུ་སྙིང་སྟོབས་ལ་སོགས་པ་གསུམ་གྱི་དབྱེ་བས་ཞག་སུམ་ཅུ་རྩ་གཉིས་ཀྱི་ལོ་དང་ཟླ་བ་གསུམ་དང་ཕྱོགས་གཅིག་གི་ཕྱོགས་བདུན་པོ་དག་ཀྱང་ཡོན་ཏན་ཏེ་གསུམ་གྱིས་བསྒྱུར་བ་ལོ་གོ་དྲུག་དང་ཟླ་བ་ཕྱེད་དང་བཅུ་གཅིག་ཏུ་འགྱུར་བ་ནི་རིམ་པར་ཟླ་བ་སྙིང་སྟོབས་དང་ཉི་མ་རྡུལ་དང་མེ་ཡིས་ཞེས་སྒྲ་གཅན་མུན་པའི་ཡོན་ཏན་གྱིས་ཕྱེ་བའོ། །དེ་ཡང་ལོ་བརྒྱའི་ཕྱོགས་ཉིས་སྟོང་བཞི་བཅུ་ཡོད་པ་ལས། ལོ་གསུམ་གྱི་ནི་ཕྱོགས་རྣམས་བདུན་ཅུ་རྩ་གཉིས་དག་དང་། རི་བོང་ཅན་གྱི་ཡོན་ཏན་ཏེ་ཕྱོགས་གསུམ་དང་མཐའི་ཟླ་བ་གཅིག་ལ་དུས་ཀྱི་མེ་ཡི་ཕྱོགས་གཉིས་བཅས་ཕྱོགས་བདུན་ཅུ་རྩ་བདུན་དག་ལོ་བརྒྱ་ཡི་ཕྱོགས་ལས་ནི་དམན་པར་གྱུར་པ་ཡི་ལྷག་མའི་ཕྱོགས་ནི་གཡས་དང་གཡོན་གྱི་ལམ་དུ་ཉི་མ་དང་ཟླ་བ་དག་གི་མཉམ་པ་དང་མི་མཉམ་པའི་བགྲོད་པ་ལ་རླུང་རྒྱུ་བའི་གྲངས་ཡིན་ཏེ། དེ་ལ་ཇི་ཙམ་ཡོད་ཅེ་ན། འཇིག་རྟེན་མིག་དང་མེ་མིག་གྲངས་ཏེ་ཉིས་སྟོང་སུམ་བརྒྱ་ཉེར་གསུམ་ཡོད་པ། དེ་ལྟར་ལོ་བརྒྱའི་ཉིན་དང་མཚན་མོའི་དུས་ཞག་སྟོང་ཕྲག་སོ་དྲུག་གི་བར་གྱི་རྒྱུ་བ་རྣམས་ལས་གཙོ་བོ་དབུ་མའི་རླུང་གི་ཆ་དག་གིས་དམན་པ་མཐའ་


MR17_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྟེ། གཙོ་བོས་དམན་པ་དེའི་ཆ་ནི་ལོ་གསུམ་ཕྱོགས་གསུམ་མཐའི་ཟླ་གཅིག་གི་ཆ་སྟེ། མཐའི་ཟླ་བའི་གསལ་བྱེད་སུམ་ཅུ་ལ་སོགས་པ་སྡེ་པ་སུམ་བརྒྱ་དྲུག་ཅུ་པ་ཚན་གསུམ་དང་དབྱངས་ཞེ་ལྔ་རྣམས་དག་ནི་ཉི་མ་ཡི་བགྲོད་པ་སྟེང་དུ་སྲོག་གི་རླུང་དང་ཟླ་བའི་བཟོད་པའི་ཐུར་སེལ་གྱི་རླུང་གི་དབང་གིས་ལོ་གསུམ་ཕྱོགས་གསུམ་མཐའི་ཟླ་བ་བཅས་པ་ལ་འཆི་བས་ཞེས་འཆི་ལྟས་ཀྱི་རླུང་རྒྱུ་བས་ཟོས་སོ། །རྒྱུ་སྐར་འཁོར་ལོའི་ཕྱེད་ཁྱིམ་དྲུག་དང་བཅས་པའི་རྒྱུ་སྐར་འཁོར་ལོའི་ཁྱིམ་སྟེ་ཁྱིམ་བཅོ་བརྒྱད་ཀྱི་ཆུ་ཚོད་ཀྱི་གྲངས་ཉིས་སྟོང་བཞི་བརྒྱ་སུམ་ཅུ་སྟེ་ཡུལ་གྱི་ཆུ་ཚོད་མཁའ་མིག་རྒྱལ་པོའི་སྟེང་དུ་དེའི་ཕྱེད་བསྣན་པའམ་ཁྱིམ་གཅིག་གི་ཆུ་ཚོད་སུམ་ཅུ་རྩ་ལྔ་ལྷག་པའི་བརྒྱས་བཅོ་བརྒྱད་བསྒྱུར་ཀྱང་དོན་འདྲའོ། །གྲངས་དེ་ལ་རི་བོང་ཅན་གྱི་རྐང་པ་རིམ་པ་ལ་ལྔ་བཅུ་དང་། རིམ་མིན་ལ་ལྔ་བཅུ་སྟེ་བརྒྱ་པོ་དེ་དང་བྲལ་བ་དང་། གཟའ་ཡི་གྲངས་ཀྱི་ཆུ་ཚོད་ཅེས་པ་བདུན་ཏེ་དེ་རྣམས་ཀྱིས་དམན་པ་ཞེས་དོན་ལ་བརྒྱ་དང་བདུན་པོ་དེས་ཕྲི་ལྷག་ནི་སྔར་བཤད་ཉི་ཟླའི་རྒྱུ་བའི་ཐོབ་སྐལ་ཉིས་སྟོང་སུམ་བརྒྱ་ཉེར་གསུམ་དེར་འགྱུར་རོ། །དེ་ལྟར་དབུགས་རྒྱུ་བ་དེ་དག་རྣམས་ཀྱང་ཤེས་རབ་གཡས་རྒྱུ་སྡུད་པའི་རིམ་པ་དང་། གཡོན་རྒྱུ་སྐྱེད་པའི་རིམ་པ་ཐབས་ཀྱི་རབ་ཏུ་དབྱེ་བ་དག་གིས་ཉིན་མཚན་དུས་ཀྱིས་དབུ་མའི་དབུགས་ཀྱི་ཆ་འཆི་བས་ཟོས་སོ། །དེ་ལྟར་སྡེ་པ་གསལ་བྱེད་ཀྱི་ཡི་གེ་དབྱངས་དང་བཅས་པ་སྟོང་བརྒྱད་ཅུ་དང་། དབྱངས་ཀྱི་ཚོགས་ཞེ་ལྔ་དང་བཅས་པ་དང་། མཐའི་གསལ་བྱེད་སུམ་ཅུ་རྣམས་ཉིད་དག་དང་ཕྱི་རོལ་ཏུ་གཟའ་རྣམས་ཀྱི་རྐང་པ་དང་མཚུངས་པ་བརྒྱ་ང་ལྔ་དང་བཅས་པ་ནི། དམན་པ་ཟླ་བའི་འཆི་ལྟས་དང་། བར་མ་ཉི་མའི་འཆི་ལྟས་དང་། གསལ་བྱེད་ལྷག་པའི་ལྷར་བྱས་པ་དུས་ཀྱི་འཆི་བ་གསུམ་ལ་སྦྱར་བའི་ཕྱིར། དམན་དང་བར་མ་དུས་འཆི་གསུམ་ནི། རིམ་པར་ཟླ་བ་དང་ཉི་མའི་འཆི་བ་དང་ནི་གསལ་བྱེད་སུམ་ཅུ་ལྷག་པའི་ལྷ་ཉིད་དུ་བྱས་


MR17_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གསང་བའི་རྩ་གཅོད་པ་མཐའི་ཟླ་བའི་འཆི་བ་དབུ་མའི་ཆ་ལའོ། །དེ་ཡང་ཉི་ཟླའི་ལམ་དུ་འཆི་ལྟས་ཀྱི་རླུང་ཞག་སུམ་ཅུ་རྩ་གཉིས་དང་མཐའི་ཉིན་ཞག་གཅིག་ཀྱང་སྟེ་སོ་གསུམ་པོ་འདི་ནི་རི་བོང་ཅན་དང་བཅས་པ་ཉི་མའི་རྒྱུ་བའམ་བགྲོད་པ་ལ་རྩ་ཡི་འདབ་མ་བཅུ་གཉིས་ནི་གཅོད་པ་འདི་ཉི་ཟླ་གཉིས་ཀྱི་དུས་མིན་འཆི་བའི་རླུང་རྒྱུ་བ་ཐུན་མོང་བ་ཡིན་ལ། དུས་སུ་འཆི་བ་དབུ་མའི་འཆི་ལྟས་ཀྱི་ང་རྒྱུ་བ་ལ་ནི་ཞག་སོ་གསུམ་གྱི་འཆི་ལྟས་རྒྱུ་བའི་རྗེས་སུ་སླར་ཡང་ཞག་སུམ་ཅུ་དང་མཚན་མོ་གསུམ་གྱིས་ཏེ་དོན་ལ་ཞག་སོ་གསུམ་གྱིས་སྙིང་སྟོབས་ལུས། རྡུལ་ངག །མུན་པ་སེམས་ཏེ་རྡོ་རྗེ་གསུམ་དང་བཅས་པའི་ཚེ་འདིའི་ཕུང་པོ་དང་ཁམས་དང་དབང་པོ་ལ་སོགས་པའི་དཀྱིལ་འཁོར་ལྔ་ཚན་དྲུག་འདོར་རོ། །དེ་ནས་ཟླ་བ་དང་ཉི་མའི་རྩ་རྐྱང་མ་དང་རོ་མ་དག་ཏུ་ང་རྒྱུ་བས་དོར་ནས། ཨ་བ་དྷཱུ་ཏི་དུང་ཅན་མར་ནི་སྲོ༷ག་གི་ང་དག་ཉིན་གཅིག་རབ་ཏུ་འཇུག་སྟེ། དེར་ལྟེ་བ་ས་དང་། སྙིང་གར་ཆུ་དང་། མགྲིན་པར་བསྲེག་ཟ་མེ་དང་། དཔྲལ་བར་རླུང་དང་གཙུག་ཏོར་ནམ་མཁའི་ཁམས་ནི་རྣམ་པར་ཆད་པ་ཇི་སྲིད་ཉིད་དུའོ། །ཞེས་སྟེང་དུ་སྲོག་རླུང་གིས་ལྟེ་བར་ས་ཁམས་ཡོན་ཏན་ལྔའི་རང་བཞིན་ཅན་འདོར་ཏེ་སའི་ཁམས་རྣམ་པར་ཆད་ནས། གཙུག་ཏོར་དུ་མཁའ་ཁམས་ཡོན་ཏན་གཅིག་གི་རང་བཞིན་ཅན་དོར་ཏེ་སྟོང་པའི་ཁམས་རྣམ་པར་ཆད་པའི་བར་དུའོ། །དེ་བཞིན་འོག་ཏུ་ཐུར་སེལ་གྱིས་ལྟེ་གསང་ནོར་བུར་རིམ་བཞིན་ལུས་ངག་སེམས་ཀྱི་ཐིག་ལེའི་ཆོས་དོར་རིམ་བཞིན་སད་པ་དང་རྨི་ལམ་གཉིད་ལོག་གི་གནས་སྐབས་འཆད་དོ། །དེ་བཞིན་སྟེང་དུ་ཡང་རྡུལ་ཀྱི་ཁམས་ཀྱི་ཐིག་ལེ་རྣམས་སྲོག་གིས་འདོར་བ་དེ་ནས་ལུས་ངག་སེམས་གསུམ་འཆད་དོ། །ཡན་ལག་ཐམས་ཅད་ལ་ཁུ་བ་འོག་ཏུ་འདོར་ཞིང་རྡུལ་སྟེང་དུ་དོར་ནས་འཕོ་བའི་དུས་སུ་བཞི་པའི་གནས་སྐབས་དྲུག་པ་ཡེ་ཤེས་ཀྱི་ཁམས་འདོར་ཞིང་ཚེ་འདིའི་བཞི་པའི་གནས་སྐབས་


MR17_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཆད་པར་འགྱུར་རོ། །དེ་ལྟར་དབུགས་རྒྱུ་བའི་དབང་གིས་འཆི་བའི་སེམས་ཅན་རྣམས་ལ་ཞག་རེ་རེའི་ནང་དུའང་དབུ་མའི་དབུགས་ཀྱི་བུ་ལོན་འཕེལ་ནས་དུས་དང་དུས་མིན་གྱི་འཆི་བ་གང་ཡིན་ཀྱང་འཆི་ལྟས་ཀྱི་ང་གིས་འཚོ་བ་ཟོས་ནས་མཐར་འཆི་བར་ངེས་པ་ཉིད་དུ་ཤེས་པར་བྱའོ། །མངལ་ནས་སྐྱེས་པ་རྣམས་འཆི་བའི་དུས་ངེས་པའོ། །མདོར་བསྡུས་བཞི་པའི་རྗེས་ནས་འདིའི་བར་དུ་འཇིག་རྟེན་ཀུན་རྫོབ་ཀྱི་སྐྱེ་འགག་གི་རྒྱུར་གྱུར་པ་འཕོ་བའི་སྐད་ཅིག་གི་མཚན་ཉིད་ཅན་དུས་ཀྱི་འཁོར་ལོ་ངེས་པ་ཞེས་པའི་འགྲེལ་བའི་མདོར་བསྡུས་ལྔ་པས་བཤད་པར་མཛད་དོ། །ལས་རླུང་འཕོ་བའི་འཆི་བ་གློ་བུར་དུས། །གཉུག་མ་རྡོ་རྗེའི་དུས་སུ་ཐིམ་པ་ལས། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཡེ་ཤེས་སྐུ། །འཇམ་དཔལ་དང་པོའི་སངས་རྒྱས་དེར་བཏུད་ནས། །འཆི་མེད་དབུ་མ་ནམ་མཁའི་སྲོག །སྙིང་ལ་བཅུད་དུ་ལེན་བྱེད་པ། །རྡོ་རྗེ་ཐབས་མཆོག་ཆོ་ག་ཡིས། །འཆི་མེད་རིག་འཛིན་བསྒྲུབ་ཚུལ་འཆད། །བཅོ་ལྔ་པ་དབུ་མར་ཞུགས་པའི་དགའ་བ་ལ་སོགས་པ་རྣམས་ཀྱིས་འཆི་ལྟས་ཀྱི་འཆི་བ་བསླུ་བའི་ངོ་བོ་ཉིད་ཀྱི་གནས་པ་ནི། དང་པོར་མཐའ་དག་རྒྱལ་བའི་སོགས་ཚིགས་བཅད་བརྒྱ་དང་བདུན་པ་ནས། བརྒྱ་ཉེར་བཞི་པའི་བར་གྱིས་བསྟན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་རྒྱུར་ལུས་བསྲུང་བ་གསུངས་ཏེ། སེམས་ཅན་རྣམས་ཀྱི་ལུས་ལ་སྲོག་འཛིན་གྱི་རླུང་ཕྱིར་འབྱིན་པ་ན་ལྟེ་བ་སའི་ཁམས་ནས་མགོ་བརྩམ་སྟེ་འབྱུང་བ་དང་ནང་དུ་འཇུག་པ་ན། གཙུག་ཏོར་ནམ་མཁའི་འཁོར་ལོ་ནས་ལྟེ་བ་སའི་བར་དུ་རྒྱུ་ཞིང་། ཐུར་སེལ་གྱི་རླུང་ནི། ལྟེ་གསང་ནོར་བུའི་ཆུ་སྐྱེས་གསུམ་ལ་བརྒྱུད་ནས་ལུས་ངག་སེམས་ཀྱི་རིམ་པས་འབབ་པ་དག་གི་ཕྱིར་འབྱུང་བ་སྡུད་རིམ་དང་། ནང་དུ་རིམ་པ་དེ་ལས་ལྡོག་སྟེ་འཇུག་པ་སྐྱེད་པའི་རིམ་པའོ། །ལྟེ་གསང་ནོར་བུའི་ཆུ་སྐྱེས་གསུམ་ནི་རིམ་པ་ལྟར་ལུས་


MR17_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ངག་སེམས་ཀྱི་ཐིག་ལེ་གསུམ་གྱི་གནས་ཡིན་པས་དེ་ལྟར་གསུངས་པའོ། །དེ་ལྟར་ཡང་རྩ་བའི་རྒྱུད་ཀྱི་དབང་མདོར་བསྟན་ལས། ལྟེ་བའི་པདྨ་སྙིང་མགྲིན་དང་། །དཔྲལ་བ་གཙུག་ཏོར་འདམ་སྐྱེས་ལ། །ས་ཆུ་མེ་རླུང་སྟོང་པ་རྣམས། །སྡུད་པས་རབ་ཏུ་འབབ་པ་ནི། །འབྱུང་འགྱུར་དེ་ནི་འཇུག་པ་དག །སྐྱེད་པའི་འཇུག་སྟེ་ས་ལའོ། །ལྟེ་གསང་ནོར་བུའི་ཆུ་སྐྱེས་ལ། །ལུས་ངག་སེམས་ནི་འབབ་པ་དག །འབྱུང་བ་དང་ནི་འཇུག་པ་ནི། །སྡུད་དང་སྐྱེད་པའི་རང་བཞིན་ཅན། །ཞེས་གསུངས་སོ། །དེས་ན་སྲོག་ཐུར་ཕྱིར་འབྱུང་བ་བཀག་ཅིང་དབུ་མར་བཅིངས་པའི་སྒོ་ནས་ལུས་བསྲུང་བར་བྱ་སྟེ། དངོས་གྲུབ་བསྒྲུབ་པའི་དང་པོར་མཐའ་དག་རྒྱལ་བའི་རང་བཞིན་ཕུང་པོ་དང་ཁམས་ཀྱི་བདག་ཉིད་ཅན་གྱི་ལུས་ནི་དངོས་གྲུབ་ཀྱི་རྒྱུ་རུ་སྔགས་པ་དག་གིས་ཡང་དག་པར་བསྲུང་བར་བྱ་སྟེ། ལུས་མེད་ན་ནི་འཇིག་རྟེན་པ་སོགས་ཀྱི་དངོས་གྲུབ་མེད་ཅིང་སྐྱེ་བ་འདི་ལ་ཟག་མེད་མཆོག་གི་བདེ་བ་ཐོབ་པར་འགྱུར་བའང་མེད་པ། དེ་ཕྱིར་ལུས་ཀྱི་དོན་གྱི་རྒྱུར་ནི་ཉིན་ཞག་སོ་སོའི་དུས་སྦྱོར་བཅུ་གཉིས་ཀྱི་དུས་སུ་སྟེང་དུ་རོ་རྐྱང་ལ་སྲོག་རྒྱུ་བ་དབུ་མར་དང་། འོག་ཏུ་བཤང་གཅིའི་རྩ་ལ་ཐུར་སེལ་རྒྱུ་བ་དུང་ཅན་མར་འགོག་པའི་རྩ་ཡི་སྦྱོ༷ར་བ་འདི་བསྒོམ་པར་བྱའོ། །དེ་ལྟར་བསྒོམ་པས་རླུང་དང་བྱང་སེམས་དབུ་མར་འཆིང་བའི་བདེ་བའི་སྟོབས་གྱིས་ལུས་ཀྱི་ཁམས་སྙོམས་ཤིང་ལུས་ལེགས་པར་གནས་པ་འགྲུབ་པར་འགྱུར་ལ། ལུས་ནི་བརྟན་པ་དང་ལང་ཚོར་ལྡན་ཞིང་ཕྲ་ཡང་སོགས་འཇིག་རྟེན་པའི་ཚེ་ཡི་རིག་འཛིན་གྲུབ་ན། མཆོག་གི་དངོས་གྲུབ་ལས་གཞན་པའི་འཇིག་རྟེན་པའི་དངོས་གྲུབ་ནད་མེད་པ་དང་དབང་དང་འབྱོར་པ་སོགས་དག་ནི་སྲིད་པ་གསུམ་གྱི་གནས་སུ་མངག་གཞུག་གམ་བྲན་བཞིན་རང་དབང་ཉིད་དུ་རབ་ཏུ་འགྱུར་བ་ཡིན་ཏེ། སྲོག་རྩོལ་གྱི་སྒོ་ནས་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་ངེས་པའོ། །དེ་ནས་འཇིག་རྟེན་


MR17_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་དངོས་གྲུབ་བསྒྲུབ་པའི་ལམ་གསུངས་པ། སྟོང་པ་ནམ་མཁའ་ལ་ནི་དུ་བ་ལ་སོགས་ཀྱི་མཚན་མ་མངོན་སུམ་མཐོང་བའི་ལམ་སོར་སྡུད་དང་བསམ་གཏན་ནི། བླ་མའི་མན་ངག་ངེས་པའི་དབང་གིས་རྣམ་པ་ཐམས་ཅད་པའི་གཟུགས་བརྙན་མཚམས་སུ་སྟེ་མཐར་ཐུག་པར་ནི་བསམ་པའམ་བསྒོམ་པར་བྱ་ཞིང་། གཟུགས་བརྙན་རྣམ་པ་ཐམས་ཅད་པར་འཆར་བ་ཡི་མཚམས་དེ་ནས་སྲོག་རྩོལ་གྱིས་རྩ་ཡི་འཁོར་ལོ་རྣམས་སུ་སྲོ༷ག་དང་ཐུར་སེལ་གྱི་རླུང་ནི་གཞུག་ཅིང་། འཛིན་པའི་ཡན་ལག་གིས་བརྟན་བྱ་དག་ཀྱང་བྱེད་པ་སྟེ་འཁོར་ལོ་རྣམས་ཀྱི་ལྟེ་བ་དབུ་མར་རོ། །དེའི་ཕྱི་ནས་རྗེས་སུ་དྲན་པའི་རྣལ་འབྱོར་གྱིས་ཟླ་བ་ངེས་པར་འགོག་པ་དཔེར་ན་གཟའ་སྒྲ་གཅན་གྱི་ཟླ་བ་འགོག་པ་བཞིན་དུ་བྱེད་དེ། དེའི་དོན་ནང་གི་ཟླ་བ་བྱང་ཆུབ་སེམས་འཕོ་བ་ནི་རྣལ་འབྱོར་པ་ཡིས་འགོག་པར་བྱེད་པས་སོ། །ཞེས་སྲོག་ཐུར་ཡང་དག་པར་སྦྱོར་བར་ནུས་པ་ལ་རྣལ་འབྱོར་པ་ཞེས་བརྗོད་པའོ། །དེ་ལྟར་བྱང་ཆུབ་སེམས་ཀྱི་འཕོ་བ་འགོག་པ་ལ་དབང་ཐོབ་པ་དེ་ནས། བྱང་སེམས་དེ་ནོར་བུའི་རྩེ་ནས་གཙུག་ཏོར་གྱི་བར་དུ་རྒྱུ་མཐུན་པ་དང་རྣམ་པར་སྨིན་པ་དང་སྐྱེས་བུ་བྱེད་པ་དང་བྲལ་བའམ་དྲི་མ་མེད་པའི་རིམ་པས་མས་བརྟན་གྱི་རིམ་པས་གཤེགས་ཤིང་སླར་འཕོ་མི་སྲིད་པར་འགྱུར་བས་གང་ཞིག་རྣམ་རྟོག་གི་སྒོ་ནས་ཅུང་ཟད་བརྗོད་བྱ་མ་ཡིན་པ་སོ་སོ་རང་རིག་པ་དོན་གྱི་ཡེ་ཤེས་སྐུ་བཞིའི་བདག་ཉིད་འདོད་པ་དམ་པ་དག་ནི་ཉིན་ཞག་འགའ་ཡིས་ཏེ་ལོ་གསུམ་ཕྱོགས་གསུམ་གྱིས་སྐྱེ་བ་འདི་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པའི་ལམ་གྱིངེས་པའོ། །དེ་ནས་དུས་མ་ཡིན་པར་འཆི་བ་བསླུ་བ་གསུངས་པ། གང་གི་ཚེ་རྣལ་འབྱོར་པས་དུས་མ་ཡིན་པའི་འཆི་བའི་མཚན་ཉིད་མཐོང་བ་དེའི་ཚེ། ཉི་མ་དང་ཟླ་བ་ཞེས་གཡས་དང་གཡོན་གྱི་རྩ་ལ་རྒྱུ་བའི་རླུང་སྲོག་རྩོལ་གྱིས་འགོག་པ་ཉིད་


MR17_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། ཇི་ལྟར་ན། མཉམ་པ་སྡུད་པ་དང་མི་མཉམ་པ་སྐྱེད་པའི་རིམ་པས་འཕོ་བའམ་བགྲོད་པ་འབྱུང་ལྔའི་དཀྱིལ་འཁོར་འབབ་པ་ལ་སྟེ། དབུ་མ་དང་དུས་ཀྱི་མེ་ཡི་རྩ་དུང་ཅན་མ་ལ་རབ་ཏུ་ཞུགས་པར་བྱ་ཞིང་། སྲོ༷ག་དང་ཐུར་སེར་གཉིས་པོ་དག་ཀྱང་དབུ་མར་བཅིངས་ནས་གནས་པ་ཉིན་ཞག་དང་པོ་སྟེ་གཅིག་སོང་ན་དུས་མིན་འཆི་བ་བསླུ་བ་སྟེ། དེ་ཡང་ལག་པ་དང་བཅས་རྐང་པའི་སོར་མོའི་ཚིགས་དང་སེན་མོའི་མཐར་ཐུག་པའི་བར་ལུས་ཀུན་ནི་དཀྱིལ་འཁོར་ལྔ་འབབ་པ་དབུ་མའི་སྦྱོར་བའི་བུམ་པ་ཅན་གྱི་སྲོ༷ག་གིས་ཀུན་ཏུ་གང་བར་བྱས་ནས་གཙུག་ཏོར་ལ་སོགས་པའི་འཁོར་ལོ་དྲུག་ལ་སངས་རྒྱས་ཏེ་རྣམ་སྣང་གི་རང་བཞིན་བཤང་བའི་རྩ་དང་། ལྷ་མོ་སྒྲོལ་མའི་རང་བཞིན་གཅི་བའི་རྩ་དང་། མི་འཇིགས་པའམ་འཇིགས་མེད་རིན་འབྱུང་གི་རང་བཞིན་རོ་མའི་རྩ་དང་། ལག་པའི་པདྨའམ་ཕྱག་ན་པདྨ་འོད་དཔག་མེད་ཀྱི་རང་བཞིན་རྐྱང་མའི་རྩ་རྣམས་ལ་འབབ་པའི་རླུང་ཐམས་ཅད་ནང་དུ་བཟུང་ནས་ལུས་ཐམས་ཅད་གང་བར་བྱས་ཏེ། དེ་ནས་དབུ་མར་འབབ་པར་བྱེད་པ་བུམ་ཅན་གྱི་སྦྱོར་བ་རྣལ་འབྱོར་པས་ནི་བསྒོམ་པར་བྱ་སྟེ། སྒྲུབ་ལེ་སོགས་སུ་འཆད་པར་འགྱུར་པའི་རིམ་པས་སོ། །དུས་མ་ཡིན་པའི་འཆི་བ་བསླུ་བའི་ངེས་པའོ། །དེ་ནས་ནད་ཞི་བར་བྱེད་པ་གསུངས་པ། འདིར་ལུས་ལ་ལྟེ་བ་དང་གསང་བ་ན་སྔར་བརྗོད་པ་ལྟར་རླུང་གི་སྐྱོན་ཏེ་ནད་བྱེད་པའི་རྩ་བརྒྱད་ཅུ་ཡོད་པ་དེ་དག་ཁམས་མཉམ་པ་ཉིད་བྱེད་པའི་སླད་དུ། ཐུར་སེལ་གསང་གནས་ཀྱི་འཁོར་ལོའི་དྷཱུ་ཏིའི་ནང་དུ་བསྐུམ་པའི་གསང་གནས་ཀྱི་བུམ་ཅན་བྱས་ན། སྟེང་དུ་སྲོག་གི་རླུང་ལས་གྱུར་པའི་ཉེས་པ་ཞི་ཞིང་འདོད་པ་སྟེ་བདེ་བ་བྱེད་པར་འགྱུར་བས་ཐུར་སེལ་བསྐུམ་ན་འདོད་པ་ཞེས་ཕན་པའམ་མཐུན་པའི་དོན་ཏེ། ལུས་མཆོག་དག་ལ་རླུང་གི་ནད་ནི་མ་ལུས་དག་ལ་འདི་ཉིད་བསྔགས་པའོ། །དེ་བཞིན་དཔྲལ་བ་དང་གཙུག་ཏོར་ལ་བད་ཀན་གྱི་སྐྱོན་


MR17_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་རྩ་ཉི་ཤུ་པོ་ཁམས་མཉམ་པའི་སླད་དུ་སྲོ༷ག་རྩོལ་འདོད་པར་འགྱུར་བ་ནི། སྟེང་གི་སྲོག་དབུ་མར་དགག་པའི་དོན་དུ་དཔྲལ་བའི་བུམ་ཅན་བྱ་བ་སྟེ། དེ་དག་ནི་བད་ཀན་གྱི་ནད་ལ་ཕན་པའམ་འདོད་པ་ཉིད་དུ་འགྱུར་རོ། །སླར་ཡང་སྲོག་ཐུར་བུམ་ཅན་དེ་དག་གཏོང་པ་ནི་མཁྲིས་པ་ཡི་ནད་དག་གི་སྐྱོན་ལའོ་ཞེས་པ། ཐོག་མར་ཕྱི་རོལ་དུ་ཤུགས་དྲག་པོས་བཏང་ནས་ཕྱི་རོལ་གྱི་རླུང་ཤཱི་ཏ་ཅེས་པ་བསིལ་བའི་དོན་ཏེ། ཁ་ནས་ཧ་སིབ་ཀྱིས་བཟུང་ནས་དལ་བུས་ནང་དུ་རྡུབ་ལ་བུམ་ཅན་སྤྱི་ལྟར་བཟུང་ཞིང་། ལྕེ་ཆུང་ལ་ལྕེས་བསྐྱོད་ཅིང་དེ་ལས་འབབ་པའི་བདུད་རྩི་སྟཱུ་ཀ་སོགས་བཏུང་བས་མཁྲིས་པའི་ནད་མཐའ་དག་སེལ་ཏེ། མགྲིན་པ་དང་སྙིང་ག་ལ་མཁྲིས་པའི་སྐྱོན་བྱེད་པའི་རྩ་བཞི་བཅུ་ཡོད་པ་དེ་རྣམས་ཁམས་མཉམ་པར་བྱེད་པའི་སླད་དུ་སྦྱོར་བ་དེ་དག་བྱའོ། །སྟེང་སྲོག་གི་ང་དང་འོག་ཐུར་སེལ་གྱི་ང་གི་ཡང་དག་པར་འགོག་པར་ལྟེ་བར་ཁ་སྦྱོར་གྱི་བུམ་ཅན་བསྒོམ་ན་ལུས་ལ་ནད་མེད་པའི་བདེ་བ་སོགས་བྱེད་པར་འགྱུར་ཏེ། ཁྱད་པར་དུ་འདུས་པ་དག་དང་རིམས་ལ་ཕན་པར་བྱེད་པའོ། །གསང་བར་འདུས་པའི་ནད་སྐྱེད་པའི་རྩ་བཅུ་ཡོད་པ་དེ་དག་ཁམས་སྙོམས་པར་འགྱུར་རོ། །སྟེང་འོག་གི་རླུང་ཁ་སྦྱོར་དུ་བུམ་པ་ཅན་གྱིས་བཅིངས་པ་དེའི་ཡོན་ཏན་གཞན་ཡང་། ལྟེ༷་བའི་སྟེང་དུ་སྲོ༷ག་གི་ང་ནི་ནང་དུ་འབབ་ན་སྟོད་ཀྱི་སྐྱོན་མཐའ་དག་གི་ནད་འཕྲོག་སྟེ། ལྟེ༷་བའི་རྩ་བར་ཐུར་སེལ་འབབ་ན་གཞན་པ་སྨད་ནད་དག་ཀྱང་ཞི་བ་འབྱུང་ངོ་། །རླུང་སོགས་ཉེས་པ་གསུམ་ཞི་བའི་མན་ངག་གོ། ཡང་ལྟོ་བའི་ནད་དམུ་ཆུ་དང་སྐྲན་སོགས་ཞི་བའི་མན་ངག་གསུངས་པ། ལྟོ་བར་ནང་དུ་བསྐུམ་པར་བྱ་སྟེ། གང་ཞེ་ན། ཐུར་སེལ་གྱི་རླུང་ནི་བཤང་གཅི་ཁུ་བ་རྣམ་པ་གསུམ་གྱི་ལམ་དུ་བགྲོད་པ་དག་དང་། སྲོ༷ག་གི་རླུང་ཉིད་ཟླ་ཉི་མེའི་ལམ་གསུམ་དུ་རྒྱུ་བ་གསུམ་པོ་སྟེང་ནས་ཀྱང་བསྐུམ་ནས་ལྟེ་བར་ཁ་སྦྱར་དུ་བུམ་པ་ཅན་བཟུང་བས། ཇི་


MR17_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་སྲོག་ཐུར་དེ་དག་ཡང་དག་པར་འཕྲད་དེ། ལྟེ་བའི་མེ་ནི་སྟོབས་དང་ལྡན་ཞིང་ལུས་ཀུན་ལ་ནི་དྲོད་ཀྱིས་ཁྱབ་པར་རབ་ཏུ་འགྱུར་བ་འདིས་ནི་ལྟོ་བ་ཆུས་གང་བའི་དམུ་ཆུ་དང་སྐྲན་དང་གཞང་འབྲུམ་དང་གཞན་ནད་རྣམས་དག་ཀྱང་ལྟོ༷་བར་སོན་པ་ཟླ་བའི་སྦྱོར་བས་འཇོམས་པ་སྟེ་ཞེས་ཟླ་བ་གཅིག་ཏུ་སྦྱོར་བ་དེ་བྱས་པས་སེལ་ལོ། །གཞན་ཡང་དབུགས་བརྩེགས་པའམ་དབུགས་མི་བདེ་བ་སྐྱིག་བུ་སོགས་དང་ཡུད་པ་དང་ནི་གློ༷་ནད་དང་རྣམ་པ་གསུམ་གྱི་དུག་ཅེས་བརྟན་པ་ཤིང་ལ་སོགས་པ་ལས་བྱུང་བའི་དུག་དང་། གཡོ་བ་སྦྲུལ་སོགས་ཀྱི་དུག་དང་། བཅོས་མའམ་སྦྱར་བའི་དུག་དང་། མིག་གི་ནད་དང་མགོ་བོའི་ནད་ལ་སོགས་པ་དག་ཀྱང་ཞི་བར་འགྱུར་བ་འབྱུང་ངོ་། །དེ་ནས་འཆི་ལྟས་ཀྱི་ང་བསླུ་བའི་སླད་དུ་རྩ་བཅིངས་པའམ་ནུ་མ་གཅུན་པའི་མན་ངག་གསུངས་པ། འདིར་གང་གི་ཚེ་རྣལ་འབྱོར་པས་ཉིན་མཚན་དུ་དབུ་མར་སྲོག་གནས་པ་བྱུང་ན་དེས་འཆི་བ་ངེས་པར་བསླུ་བས་རབ་ཡིན་ཡང་། དེ་ལ་གནས་པར་མ་ནུས་ན་ཆོ་ག་འདིར་རླུང་གཡས་སུ་རྒྱུ་བའི་འཆི་ལྟས་གཡོན་དུ་སྤོ་བ་དང་། གཡོན་པར་རྒྱུ་བ་གཡས་སུ་འཕོ་བར་བྱེད་པས་རླུང་ཡོ་བ་བཅོས་པ་འདི་བྱས་ནའང་འཆི་ལྟས་བསླུ་བར་འགྱུར་ཏེ། མཆན་ཁུང་གཡས་དང་གཡས་མིན་ལས་ནི་ནུ་མ་དག་ཀྱང་སྟོབས་ལྡན་མནན་ཏེ་སྲོ༷ག་ནི་བཀག་པ་ལས་ཞེས་པ། གཡས་པར་རླུང་ཡོ་སྟེ་གཡས་རྒྱུའི་འཆི་ལྟས་བྱུང་ན་གཡོན་དུ་སྤོ་བའི་སླད་དུ། ལག་གཡོན་གཡས་པའི་མཆན་ཁུང་དུ་བཅུག་ལ་ནུ་མ་གཡས་པ་མནན་པ་དང་། ལག་གཡས་ཀྱིས་མཆན་ཁུང་གཡོན་པའི་རྩ་སྟོབས་ལྡན་ནམ་དྲག་ཏུ་མནན་ཞིང་གྲུ་མོ་གཉིས་ཀྱིས་ཕྱི་ནས་བསྡམ་པ། སྣ་གཡས་པ་ནས་རླུང་རྔུབས་ཏེ་བུམ་ཅན་གྱིས་ལུས་དགང་བར་བྱས་ལ་མི་ཐུབ་པ་ན་གཡོན་ནས་འབུད་པ་བྱས་པས་སྣ་གཡོན་དུ་རྒྱུ་བར་འགྱུར་རོ། །དེ་བཞིན་གཡོན་པའི་འཆི་ལྟས་ལ་ནུ་མ་གཡོན་པ་གཅུན་པ་སྣ་གཡོན་ནས་རྡུབ་པ་སོགས་གོ་ཟློག་ཏུ་བྱའོ། །འདི་ལ་ལུས་དྲང་པོ་རྡོར་སྐྱིལ་


MR17_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའམ། རླུང་གཡས་སུ་ཡོ་བ་ལ་གཡས་འོག་ཏུ་བཅུག་སྟེ་དེ་ལྟར་བྱ་བར་ཡང་གསུངས་སོ། །ཞིབ་པར་ཁྲིད་ཡིག་སོགས་ལས་ཤེས་སོ། །དེ་ལྟར་ནུ་མ་གཡས་པ་མནན་པར་བྱས་པས་གཡས་ནས་གཡོན་པའི་རྩར་ནི་འཕྲལ་ལ་རབ་ཏུ་འབབ་སྟེ། གཡོན་པའི་མཆན་ཁུང་བཅིངས་པ་ལས་ཀྱང་གཡས་སུ་འབབ་པའོ། །ཚུལ་དེ་ཡང་ཡང་གོམས་པར་བྱས་པས་ཟླ་བ་ཕྱེད་ཀྱིས་ཀྱང་ནི་འཆི་བ་སྟེར་བ་ཉི་ཟླའི་འཆི་ལྟས་འཕྲོག་སྟེ། སོ་སོར་ཟླ་བ་ཕྱེད་དང་གཉིས་ཀར་ཟླ་བ་གཅིག་གི་བར་དུ་གོམས་པས་འབྱུང་ངེས་སོ། །དེ་ནི་གང་བ་དང་དབྱུང་བ་དག་གི་ལམ་སྣ་བུག་གང་རུང་གཅིག་ནས་བྱེད་པའི་བུམ་པ་ཅན་གྱི་ང་གི་རྣལ་འབྱོ༷ར་དང་ལྡན་པའི་རྣལ་འབྱོར་པ་ཡིས་སོ། །དུས་མིན་འཆི་བ་བསླུ་བའི་ངེས་པའོ། །རྐང་པ་གཉིས་རྡོ་རྗེ་སྐྱིལ་ཀྲུང་དུ་གནས་པ་ཡི་རྐང་པ་གཉིས་པོ་ཡི་མཐེ་བོང་གཉིས་གཟུང་བ་ཡི་རྒྱབ་ཏུའམ་བསྣོར་མར་གནས་པའི་དཔུང་པ་རྡོ་རྗེ་བཅིངས་པ་ཡི་ལག་པའི་པདྨོ༷་དག་ནི་གཡས་པས་རྐང་གཡས་དང་། གཡོན་པས་རྐང་གཡོན་བཟུང་བའི་ལུས་ཀྱི་འཁྲུལ་འཁོར་དེས་ལུསཀྱི་རྒྱབ་ཀྱི་ཟུག་རྔུ་འཇོམས་པར་བྱེད་དོ། །སྟེང་དུ་རྐང་པ་བསྣོར་བ་དག་དང་འོག་ཏུ་མགོ་བོ་ཡོད་པར་བྱས་པའི་འཁྲུལ་འཁོར་གྱིས་ལུས་ལ་བད་ཀན་ནད་རྣམས་མཐའ་དག་འཕྲོག་པར་བྱེད་དོ། །གསང་བའི་བུམ་ཅན་གྱིས་ནི་སྲོ༷ག་འགོག་པ་ལས་ཉིན་ཞག་འགའ་ཞིག་སྟེ། ཞག་བཅུའམ་ཟླ་བ་ཕྱེད་དག་གིས་ནི་རབ་ཏུ་འཁྲུ་བ་དང་གཅི་བའི་ནད་དག་ངེས་པར་འཇོམས་པར་བྱེད་ཅིང་། ཐོ་རངས་ཀྱི་དུས་སུ་མིང་མེད་སྲིན་ལག་དག་གིས་ཆུ་དང་བྲལ་བའི་ཞེས་པ་ཆུས་མ་བཀྲུས་པའི་ཁར་ནི་སོ་ཡི་ཕྲེང་བ་དགལ་རབ་བདར་བ་སྟེ་ཉུག་པར་བྱས་པའི་སོ་ཡི་དྲི་མ་མིག་ལ་བྱུགས་ན་མིག་རྣམས་དག་གི་མིག་སྨན་དུ་འགྱུར་ཞིང་། དེར་མ་ཟད་སླར་ཡང་མིག་གི་ནད་ནི་འཕྲོག་པ་ཐོ་རེངས་ལ་ཆུ་གྲང་མོ་ཡིས་མིག་ལ་གཏོར་བ་དག་ཀྱང་ངོ་། །གན་རྐྱལ་ཉལ་ནས་རླུང་གསང་


MR17_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཁ་སྦྱར་བྱས་ཏེ། རང་གི་ལྟེ༷་བ་ཉིད་གཡོན་པའི་ལག་པའི་པདྨས་བཟུང་བ་དག་ནི་མ་ཞུ་བ་ཡི་ཟུག་རྔུ་འཇོམས་པར་བྱེད་པའོ། །འབྲས་དང་སྐྲངས་འཕུར་རྣམས་བྱུང་བ་ལ་ནི་ངེས་པར་མར་དང་བཅས་པའི་ཚྭ་གོས་ཀྱིས་གཏུམས་པ་ཡིས་བདུག་པ་སྟེ། དྲོད་དུག་བྱས་ན་སྐྲངས་པ་འཕེལ་པ་འཇོམས་པར་བྱེད་དོ། །དེ་ནས་ཤིང་ཨརྐ་ཞེས་པ་ཉི་མའི་ཤིང་སྟེ་ཉི་མ་ཤར་ན་རྐྱོང་ཞིང་ཉི་མ་ནུབ་པ་ན་འཁུམ་པའམ་ཉལ་བ་འོ་མ་ཅན་ནོ། །དེ་འདྲའི་ཨ་རྐའི་འོ་མ་བྱུགས་པས་ཀྱང་འབྲས་སོགས་སྐྲངས་འབུར་ཞི་བ་འབྱུང་ངོ་། །དུས་འགའ་ཞིག་གི་ཚེ་ན་སོ་སྲིན་ཟུག་རྔུ་དང་བཅས་པར་གྱུར་ན། སྟག་ལྡན་གྱི་ནི་ས་བོན་ཞེས་པ་ཤིང་ཀནྚ་ཀ་རིའི་ས་བོན་གྱི་དུ་བ་ས་སོགས་ཀྱི་སྦུབས་ལ་སོགས་པ་དག་གིས། གང་ན་བའི་སོ་ཡི་སྟེང་འདིར་བཟུང་བའམ་ཕོག་པར་བྱས་ན་སྲིན་བུ་ལ་སོགས་པ་སོ་ན་བ་འཇོམས་སོ། །ནད་རིགས་ཞི་བའི་ངེས་པའོ། །ད་ནི་མཛེ་ནད་སོགས་ཞི་བའི་ཆོ་གའམ་ཐབས་གསུངས་ཏེ། འདིར་ནི་རྣལ་འབྱོར་ཆེན་པོ་དུ་བ་སོགས་ཀྱི་མཚན་མ་དང་སྲོག་རྩོལ་གྱིས་མི་འགྱུར་བའི་བདེ་བ་བསྒྲུབ་པ་ལ་ནུས་པ་ཅི་རིགས་ཐོབ་པ་ཞིག་གིས་བྱ་བ་སྟེ། ཆོ་ག་འདིས་ལོ་ཕྱེད་ཀྱིས་ནི་སྔགས་པ་རྣམས་ཀྱི་མཆོག་གི་ལུས་ལ་རྣག་སྨིན་པའི་འབྲུམ་བུ་དཀར་བའི་ཚོགས་ཀྱིས་ཁྱབ་པའི་མཛེ་འཕྲོག་པ་དེས། དེ་ལས་གཞན་པའི་ནད་ལྟ་ཅི་སྨྲོས་སོ། །ཆོ་ག་དེ་ཇི་ལྟ་བུ་ཞེ་ན། ཤེས་རབ་ཕྱག་རྒྱ་མ་དང་འདུས་པར་བྱས་ལ་རང་གི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་ནང་དུ་ལྷུང་བ་བདེ་བ་དང་བཅས་པ་དག་ཀྱང་། རྟག་ཏུ་སྲོ༷ག་གི་ང་གིས་འགོག་པ་སྟེ་ཕྱིར་མི་ལྷུང་བར་འཛིན་པ་ལྟེ་བའི་བུམ་ཅན་གྱི་སྦྱོར་བ་དག་ལས་ཏེ། གལ་ཏེ་དེས་མཛེ་མ་སེལ་ན། ཕྱག་རྒྱ་ལོ་བཅུ་དྲུག་མ་བསྟེན་ཅིང་ཉིན་ཞག་སོ་སོར་ཤ་ཆང་གི་བཟའ་བཏུང་བཅས་ཕྱག་རྒྱའི་སྐྱེ་གནས་སུ་བསྲུབ་པ་ལས་བྱང་ཆུབ་ཀྱི་སེམས་ལྷུང་བ་བཟུང་ན་མཛེའི་ནད་འཕྲོག་སྟེ་བུམ་ཅན་གྱི་སྦྱོར་བས་སོ། །ཐབས་དེས་མཛེ་སེལ་


MR17_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་ཟད་བདུན་ཅུའི་ལོ་ཡི་དུས་ཀྱི་རྒ་བ་སྐྲ་དཀར་བཅས་པ་དག་ཀྱང་ཕྱག་རྒྱ་དང་འདུས་ནས་བྱང་སེམས་བཟུང་བ་ཡང་ཡང་བྱས་པ་ལོ་གཉིས་རབ་ཏུ་རྫོགས་པ་ན་ངེས་པར་འཕྲོག་གོ། སྦྱོར་བ་འདི་ཉིད་ཀྱིས་ཉི་མ་འགའ་སྟེ། དུས་ཀྱི་འཁོར་ལོ་ལོ་གསུམ་དང་ཕྱོགས་གསུམ་པོའི་ཞག་གྲངས་དེ་ཡིས་ལམ་དེ་དང་རང་གི་སེམས་ནི་རབ་ཏུ་འགྲོགས་པ་དག་ལས། རྒ་བ་རྣམ་པར་ཉམས་པ་དེ་ཡི་སྟེང་དུ་ཕྱག་རྒྱའི་དངོས་གྲུབ་སྟེ་ཕྱག་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ། །དེ་ནས་སྲོག་རྩོལ་བྱ་བའི་ངེས་པ་གསུངས་ཏེ། འདིར་སྔགས་པ་རྣམས་ཀྱིས་ལུས་བསྲུང་བ་དང་ཚེ་དང་མཆོག་སོགས་སྒྲུབ་པའི་ཐབས་ཁྱད་པར་ཅན་སྲོ༷ག་རྩོལ་བུམ་པ་ཅན་རབ་ཏུ་གོམས་པར་བྱ་སྟེ། ཡུན་ཇི་སྲིད་དུ་བྱ་ན། སྙིང་ག་དང་དེ་བཞིན་མགོ་བོ་དག་ནི་ཇི་སྲིད་མེ་ཡིས་ཚ་ཞིང་གདུང་བར་གྱུར་པ་དེ་སྲིད་དུ་བྱ་སྟེ། དེ་ལས་ཐལ་ནས་སྟེང་དག་ཏུ་ནི་འོང་བར་བསྒོམ་པ་མི་བྱ་སྟེ། བྱས་ན་བཟང་པོའི་པདྨར་ཞེས་ལྟེ་བར་སྲོག་བརྒྱལ་བར་འགྱུར་ཏེ། དེ་ལས་རླུང་མར་ཕབ་ནས་མནན་པའམ་བསྡམ་དགོས་པ་ལ། མ་བསྡམ་པའམ་བསྡམ་ཀྱང་མི་ཐུབ་པར་སྲོག་གི་སྟོབས་དག་གིས་ཐུར་སེལ་སྟེང་དུ་འཕགས་ཤིང་སྲོག་གིས་གཙུག་ཏོར་ཕུག་ཅིང་ཚེ་འདིའི་ཕུང་པོ་དག་དང་ཁམས་རྣམས་རྣམ་པར་སྤངས་ནས་འཆི་བ་ཉིད་དུ་འགྲོ་བར་འགྱུར་ཏེ། དེའི་ཕྱིར་ལས་ཀྱི་ཕྱག་རྒྱ་དང་འགྲོག་པ་རབ་ཏུ་ཉམས་པ་སྟེ་བྲལ་བའི་སྐྱེས་བུ་རྣམས་ཀྱིས་སྐྱེ་བ་འདི་ཉིད་ལ་ནི་སྲོལ་རྩོལ་གྱི་བདེ་འབྲས་མཆོག་མི་འགྱུར་སྟེར་བ་མེད་པས་སྲོག་རྩོལ་བསྒོམ་པ་ལ་མན་ངག་གི་གནད་དང་མ་བྲལ་ཞིང་ཕྱག་རྒྱ་དང་འགྲོགས་པ་གལ་ཆེ་བར་བསྟན་ཏོ། །དེ་ལྟ་བུས་ན་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་བསྟེན་པ་དང་བདུད་རྩི་མྱོང་བ་སོགས་ལམ་གྱི་ཆ་རྐྱེན་དུ་གསུངས་པ་ཡིན་ཏེ། ཕྱག་རྒྱ་མོ་བསྟེན་པར་གསུངས་པ་ནི་ཟབ་མོའི་རྣལ་འབྱོར་བསྒོམ་པའི་དོན་དུ་གསུངས་ཏེ། ཉིན་མཚན་དུས་སུ་ཆགས་པ་ཡི་སེམས་དྲག་པོས་ཟིལ་


MR17_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མནན་ནས་ཆགས་པའི་གདུང་བས་ཁུ་བ་ཟད་པའི་བར་དུ་བུད་མེད་ལ་རོལ་པའི་དོན་ནི་གསུངས་པ་མིན་པ་ཉིད་དོ། །ཆང་གི་བཏུང་བ་ནི་གསུང་གི་རྡོ་རྗེ་མཆོད་པའི་དོན་ཏེ་ཞེས་པ་ཅུང་ཟད་ཁ་ཚིམ་པར་བྱེད་པ་ལས། ངེས་པར་སྔགས་པ་རྣམས་ལ་ཆང་གི་བུམ་པ་བཞིན་དུ་ལུས་གང་བ་ཙམ་འཐུང་ནས་མྱོས་པར་བྱེད་པ་གསུངས་པ་ཉིད་མ་ཡིན་ཏེ། དབང་པོ་རྣམས་མྱོས་པར་གྱུར་པས་ཐར་པ་སྟེར་བ་མ་ཡིན་ནོ། །ཁ་ཟས་ཐམས་ཅད་ལུས་ཉམས་ཆུང་བས་དགེ་བ་ལ་སྦྱོར་མི་ནུས་པ་བརྟས་ནས་ལུས་བདེ་བའི་དོན་ཏེ། ཉིན་ཞག་སོ་སོའི་དུས་སུ་རན་པར་བཟའ་བ་ལས་ཐལ་ནས་ཟས་ཀྱི་རོ་ལ་ཆགས་པས་བཟའ་ཆེས་པ་མ་ཞུའི་རྒྱུར་ཡང་མ་གསུངས་སོ། །དཔལ་ལྡན་རྣལ་འབྱོར་པའི་བརྟུལ་ཞུགས་སོགས་ཀྱི་སྤྱོད་པ་སྣ་ཚོགས་གསུངས་པ་ཡང་ནང་གི་རྟོགས་པ་སོགས་འདོན་པའི་དངོས་གྲུབ་ཀྱི་རྒྱུར་ཏེ་མཚན་མོ་དུར་ཁྲོད་དང་ཉེ་གནས་སོགས་སུ་འཁྱམས་པ་དག་ཀྱང་རྩེད་མོའི་དོན་ནི་མ་ཡིན་ནོ། །དེའི་ཕྱིར་རྡོ་རྗེ་ཐེག་པ་ལས་འདོད་ཡོན་ལྔ་མི་སྤོངས་བར་ལམ་དུ་ཁྱེར་ཞིང་ཅི་བདེ་བའི་སྤྱོད་པས་བཟའ་བཏུང་སོགས་ལ་དགག་པ་མེད་པར་ལོངས་སྤྱོད་པ་གསུངས་མོད་ཀྱི་རྣལ་འབྱོར་པ་རང་གི་ནང་གི་ནུས་པ་ཐོབ་པའི་ཚོད་དང་སྦྱར་ཏེ་ལམ་གྱི་གྲོགས་སུ་འགྱུར་མི་འགྱུར་གྱི་ཚོད་ཟིན་པར་བྱ་དགོས་ཀྱི། བདག་ནི་གསང་སྔགས་པ་ཡིན་པས་ཅི་ཡང་སྤྱད་དུ་རུང་ངོ་སྙམ་དུ་རང་རྒྱུད་ཆུད་ཟ་བར་མི་བྱ་སྟེ། འགྲེལ་བའི་མདོར་བསྡུས་གཉིས་པར་གསུངས་པ། རྡོ་རྗེ་ཐེག་པ་ནི་གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ལ་རང་གི་སེམས་ཀྱི་བསམ་པས་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ་ཞེས་པའི་དོན། ངེས་པ་ནི་ཉན་ཐོས་པའི་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པ་དང་བྲལ་བའི་སྡོམ་པ་དང་། དེ་བཞིན་དུ་དབང་པོ་གཉིས་སྦྱོར་གྱི་བདེ་བ་ལ་མི་འཇུག་པའི་ངེས་པ་དེ་དང་བྲལ་བ། འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་ཅིང་དབང་པོ་གཉིས་སྦྱོར་གྱི་བདེ་བ་ཆེན་པོ་འདོད་པ་གསང་སྔགས་པ་རྣམས་ཀྱི་བསམ་པས་སྐྱེ་


MR17_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདི་ལ་སངས་རྒྱས་ཀྱི་འབྲས་བུ་རབ་ཏུ་སྟེར་བ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སོགས་ལས་བསྟན་ལ། འདིར་བཅོམ་ལྡན་འདས་ཀྱིས། གདོལ་བ་སྨྱིག་མ་མཁན་སོགས་དང་། མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་གསུངས་པ་ལྟ་བུ་དེ་ལྟར་ཡིན་མོད་ཀྱང་། སྐྱེ་བ་འདི་ལ་མཚམས་མེད་ལྔ་སོགས་མི་བཟད་པའི་ལས་བྱས་པ་དེ་དག་སྔགས་ཀྱི་ཐེག་པ་འདིར་ཞུགས་ནས་ཚུལ་བཞིན་སྤྱད་དེ། ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་བདེ་བས་ཏིང་ངེ་འཛིན་གྱིས་འཁོར་བའི་ལས་ཉོན་བཅོམ་ནས་མི་དགེ་བ་གློ་བུར་བསླར་ཡང་མི་འཇུག་པར་བྱས་ན་སངས་རྒྱས་སུ་འགྱུར་བ་ཡིན་ནའང་། སྔགས་ཀྱི་ཐེག་པར་ཞུགས་པའི་རྗེས་ལ་མཚམས་མེད་སོགས་ལས་མི་བཟད་པ་བྱེད་པ་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་དེ་བཞིན་གཤེགས་པས་བཞེད་པ་མ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱི་གསུངས་ཐེག་པ་གསུམ་ག་ཡང་ཐོག་མཐའ་བར་གསུམ་དུ་དགེ་བ་འབའ་ཤིག་ཡིན་པས་སྔགས་ཀྱི་ཐེག་པར་ཞུགས་ནས་སྡིག་པ་བྱས་ཀྱང་སངས་རྒྱས་སུ་འགྱུར་བ་ནི་རྣམ་པ་ཀུན་དུ་གསུངས་པ་མ་ཡིན་ནོ། །རྣལ་འབྱོར་པ་རྣམས་ཀྱིས་ཤ་བཟའ་བར་གསུངས་པའང་རང་གི་ལས་ཀྱིས་ཤི་བ་སོགས་སྡིག་མེད་ཀྱི་ཤ་ཡིན་གྱི་ཆེད་དུ་གསོད་ཅིང་ཉོས་པ་སོགས་དང་མཆོད་སྦྱིན་གྱི་ཆེད་དུ་བསད་པའི་ཤ་ཟ་བར་གནང་བ་མེད་དོ། །ཉི་མ་སོ་སོར་སྔགས་པའི་དམ་ཚིག་བཞི་བྱའོ་ཞེས་པའི་ནང་ཚན་བཟའ་བའི་དམ་ཚིག་ཏུ་ཁ་ན་མ་ཐོ་བ་མེད་པའི་ཤ་ལྔ་དང་བདུད་རྩིལྔའི་རིལ་བུ་ཉུངས་ཀར་གྱི་ཚད་ཙམ་དམ་ཚིག་གི་དོན་དུ་བསྟེན་པར་གསུངས་ཤིང་། རྟག་པར་ཁ་ན་མ་ཐོ་བ་མེད་པའི་ཆང་དང་བུད་མེད་ནི་བསྒོམ་པའི་སླད་དུ་བསྟེན་པར་གསུངས་ཀྱང་། དེས་འཆིང་བར་མི་འགྱུར་བ་རྨོངས་པ་མེད་པའི་ཆོས་ཀྱིས་གསུངས་སོ། །དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་ལས་ཀྱང་། ལྷ་དང་རང་འཇིགས་ཕ་མེས་དང་། །འདོད་འགྲུབ་དོན་དང་བཙོང་ཕྱིར་ཡང་། །གདུལ་དཀའ་སྡིག་པ་བྱེད་


MR17_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། །གནོད་བྱེད་མིན་པའི་སེམས་ཅན་བསད། །དེ་ཡི་ཤ་དེ་ཉོ་བ་དང་། །ཟ་འདོད་ཁ་ན་མ་ཐོ་བཅས། །མ་བླང་སྣོད་དུ་ལྷུང་གྱུར་པ། །གཞན་གྱིས་བྱིན་པ་ལྟ་བུ། དེ་ཉིད་ཁ་ན་མ་ཐོ་མེད། །སྲོག་ཆག་གཅིག་གི་ཤ་དག་ནི། །རྣལ་འབྱོར་པ། མང་པོ་རྣམས་ཀྱིས་ཟོས་པ་མཆོག །སྲོག་ཆགས་དུ་མའི་ཤ་དག་ནི། །ཡིད་སྐྱེས་གཅིག་གིས་ཟོས་པ་མིན། །སྙིང་རྗེ་བསྐྱེད་དེ་དེ་ཉིད་ལས། །རྣམ་པར་མི་རྟོག་སེམས་ཀྱིས་ནི། །རྣལ་འབྱོར་ལྡན་པས་བཟའ་བྱ་བ། །རིགས་སུ་འཛིན་པ་གཞོམ་པའི་ཕྱིར། །རྟག་ཏུ་བཟའ་དང་བཏུང་བ་དང་། །རིགས་མིན་མངོན་བགྲོད་རྡོ་རྗེ་ཅན། །དེ་ཉིད་གཟིགས་པ་དག་གིས་གསུངས། །ཞེས་གསུངས་པ་དང་། འཇིག་རྟེན་ཁམས་ལེའི་འཇིག་རྟེན་འབྱུང་བ་དུས་ཀྱི་སྟོང་པ་རྣམས་ལས་ཞེས་སོགས་ཀྱི་འགྲེལ་བར་འཕྲོས་དོན་དུ་གསུངས་པ། སྔགས་ཀྱི་ཚུལ་འདི་ལ་བསྔགས་པ་ནི། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། གང་ཐེག་པ་གསུམ་གྱི་དགོངས་པ་མི་ཤེས་པ་དེ་ནི་དུས་ལས་ཐམས་ཅད་མཁྱེན་པའི་ལམ་ལས་ཉམས་པར་འགྱུར་རོ། །སྔགས་ཀྱི་ཐེག་པ་ལ་ལྡེམ་པོར་དགོངས་པའི་སྐད་གཞན་མི་ཤེས་པས་སྲོག་གཅོད་པ་ལ་སོགས་དང་། ཚོགས་ཁང་དང་གཙུག་ལག་ཁང་གི་རྫས་ལ་ཉེ་བར་ལོངས་སྤྱོད་པར་བྱས་པ་དང་། རྟག་པ་དང་ཆད་པའི་ཕྱོགས་བཟུང་བས་ཕྱི་རོལ་གྱི་ཡུལ་ཉེ་བར་ལོངས་སྤྱོད་པ་ལ་ཆགས་པར་འགྱུར་ན། སློབ་དཔོན་གྱི་ཆས་ཀྱིས་དཀོན་མཆོག་གསུམ་ལ་ཅོ་དྲིས་ནས་དམྱལ་བར་འགྲོ་བར་འགྱུར་རོ། །འདིར་འཇིག་རྟེན་ཕ་རོལ་དང་འཇིག་རྟེན་འདིའི་དོན་དུ་སེམས་ཅན་རྣམས་ཀྱིས་མཉེས་པར་བྱ་བའི་རྒན་པ་བཞི་སྟེ། དེ་དག་ལས་ཡེ་ཤེས་ཀྱི་རྒན་པ་ནི་མངོན་པར་ཤེས་པ་ཐོབ་པ་དང་། རབ་དགའ་ལ་སོགས་པའི་ས་ཐོབ་པའི་རྡོ་རྗེ་སློབ་དཔོན་ནམ་དགེ་སློང་


MR17_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ངམ། ཁྱིམ་པ་མཆོད་པར་འོས་པ་དེ་ནི་དགེ་སློང་བཅུ་དང་མཉམ་པར་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དེ་མེད་ན་དཀའ་ཐུབ་ཀྱིས་རྒན་པ་ནི་ངུར་སྨྲིག་འཛིན་པ་སྟེ། དེ་ཡང་ངུར་སྨྲིག་འཛིན་པ་རྣམས་རབ་ཏུ་བྱུང་བའི་ལོ་དང་། །སྔགས་པ་རྣམས་དབང་གིས་རྒན་པ་ཁྱིམ་པའི་སློབ་དཔོན་རྣམས་ཀྱིས་ཐམས་ཅད་དུ་ཕྱག་བྱ་སྟེ། དཀའ་ཐུབ་ཀྱི་རྒན་པའི་ཕྱིར་དང་། ཁྱིམ་པ་རྣམས་ལ་མངོན་པར་ཤེས་པ་མེད་པའི་ཕྱིར་རོ། །ཐོས་པས་རྒན་པ་ནི། མཁས་པ་མཆོད་པར་འོས་པ། བསྟན་པ་གསལ་བར་བྱེད་པ། ཕས་ཀྱི་རྒོལ་བ་བདུད་ཀྱི་རིགས་རྣམས་འདུལ་བར་བྱེད་པ་སྟེ། འདི་དག་རྣམས་འཇིག་རྟེན་ཕ་རོལ་གྱི་དོན་དུ་སེམས་ཅན་རྣམས་ཀྱིས་མཉེས་པར་བྱ་བའོ། །ནོར་གྱིས་རྒན་པ་ནི། རྒྱལ་པོ་སྟེ་འཇིག་རྟེན་འདིའི་ལོངས་སྤྱོད་དོན་དུ་གཉེར་བ་རྣམས་ཀྱིས་མཉེས་པར་བྱ་བའོ། །དེའི་ཕྱིར་ཐེག་པ་གསུམ་ཤེས་པ་པོ་ནི་དཀའ་ཐུབ་ཀྱིས་རྒན་པ་སྟེ། ཁྱིམ་པ་ནི་ཇི་སྲིད་དཀའ་ཐུབ་པར་མ་གྱུར་པར་ཉན་ཐོས་ཀྱི་ཐེག་པ་ལས་སོ་སོར་ཐར་པ་མཉན་པའི་སྐབས་མེད་དོ། །དེའི་ཕྱིར་ཁྱིམ་པ་ནི་མངོན་ཤེས་དང་ལྡན་པ་མ་གཏོགས་པར་རྒན་པོར་མི་འགྱུར་ཞིང་། རབ་ཏུ་བྱུང་བ་དང་བྲལ་བའི་ཁྱིམ་པ་རྣམས་ཚོགས་ཁང་དང་གཙུག་ལག་ཁང་ལ་ཉེ་བར་ལོངས་སྤྱོད་པ་ཡང་བཅོམ་ལྡན་འདས་ཀྱིས་ཐེག་པ་གང་དུ་ཡང་མ་གསུངས་སོ་ཞེས་སྐབས་འདི་སོགས་སུ་མངོན་ཤེས་ཞེས་གསུངས་པ་ནི་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་ལ་གཙོ་བོར་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་བས་ན་ཐེག་པ་གསུམ་ཡོངས་སུ་ཤེས་པར་བྱ་བའི་སླད་དུ་དང་པོ་བྱེ་བྲག་སྨྲ་བའི་གཞུང་ལ་བརྟེན་ནས། རྡུལ་ཕྲ་རབ་འདུས་པའི་འཇིག་རྟེན་གྱི་ཁམས་ཡོད་ཅིང་། དེ་བཞིན་དུ་ཁུར་ཁུར་བའི་གང་ཟག་ཡོད་དེ། རྟག་པ་དང་མི་རྟག་པར་བདག་མི་སྨྲའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །དེས་ན་འཇིག་རྟེན་གྱི་ཁམས་འབྱུང་བ་དང་འགག་པ་དང་། ཆགས་པ་དང་འཇིག་པའི་དུས་ཀྱང་རིག་པར་བྱའོ། །


MR17_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་མཚམས་སྦྱར་ནས། འཇིག་རྟེན་ཆགས་ཚུལ་གསུངས་པ་ལྟར། དེང་སང་སྔགས་པ་རྣམས་ཐེག་པ་གསུམ་གྱི་གཞུང་གི་དོན་ལ་ཐོས་བསམ་ཡང་མི་དགོས་ལ། སྔགས་པ་ཡིན་ན་ཅི་བྱས་པ་བཀག་པ་མེད་པ་ལྟ་བུར་བསམ་པ་ནི། བློ་ངན་སྔགས་ལ་ཁུངས་ཕྱུངས་ནས། །ཐུར་དུ་ཁ་བལྟས་དམྱལ་བར་འགྲོ། །ཞེས་གསུངས་པ་ལྟར་འགྱུར་བར་དོགས་པས་ཐར་པ་དོན་དུ་གཉེར་ཞིང་བདག་ལེགས་སུ་འདོད་པ་རྣམས་ཀྱིས་སྔགས་ཀྱི་ཐེག་པའི་སྨིན་གྲོལ་མནོས་པ་ཆུད་མི་ཟ་ཞིང་དོན་ཡོད་པའི་གནད་ལ་ཚུལ་བཞིན་བསམ་པར་རིགས་སོ། །རྣལ་འབྱོར་པའི་སྤྱོད་པའི་ངེས་པ་བསྟན་པའོ། །ད་ནི་ཀུན་སྤངས་ཀྱི་རྣལ་འབྱོར་པའི་སྨན་གསུངས་ཏེ། མི་བསྐྱོད་པ་དྲི་ཆུ་ནི་ཅུང་ཟད་དྲོ་བ་ཉིད་དུ་བྱ་སྟེ་ཁ་ནང་དུ་བཟུང་བས་ཁ་ཡི་ནད་ཞི་བར་བྱེད་དེ། སོ་ཡི་ཟུག་རྔུ་ཉིད་ཀྱི་ཡང་སྨན་དེ་ཉིད་དོ། །ཡང་ཡིག་གིས་སོ་སྲིན་ལ་ཡང་ཕན་པར་བསྟན་ཏོ། །ཐོ་རངས་ཀྱི་དུས་སུ་མི་བསྐྱོད་པ་གྲང་མོ་སྣར་རྔུབས་པ་དག་ནི་མགོ་ཡི་ནད་འཕྲོག་ཅིང་། དེ་བཞིན་ཉིད་དུ་ཆུ་ནི་གྲང་མོ་སྣས་རྔུབས་པས་སོ། །རྣ་བ་དག་དང་མིག་ཏུ་གཅིན་ནི་རིམ་པར་དྲོ་བ་དང་། གྲང་མོ་རབ་ཏུ་བླུགས་པས་དེ་གཉིས་ཀ་དག་གི་ནད་འཕྲོག་གོ། ཡི་དྭགས་ལ་སོགས་པ་འབྱུང་པོས་བཟུང་ནས་གཟིར་བ་ལ་ཚ་བ་གསུམ་སྟེ་སྒ་པི་ཕོ་གསུམ་དང་བཅས་པའི་མི་བསྐྱོ༷ད་པ་སྣས་རྔུབས་ན་བདེ་བ་སྟེར་ཏེ། སྦྲུལ་གྱིས་སོས་ཟོས་པ་ཉིད་ལ་ཡང་བདེ་བ་སྟེར་རོ། །ཁའི་ནད་སོགས་ཞི་བར་བྱེད་པའོ། །ད་ནི་ཚེ་འཕེལ་བའི་དོན་དུ་བདུད་རྩི་ལྔའི་སྦྱོར་བ་གསུངས་པ། ཇི་ལྟར་ཕྱི་རོལ་དེ་བཞིན་ལུས་ཞེས་གསུངས་པ་ལྟར། ཕྱི་དང་ནང་གི་བཤང་བ་རྣམ་པར་སྣང་མཛད་ཀྱི་རང་བཞིན་དང་། དེ་བཞིན་གཅིན་དང་། ཁུ་བ་དང་རྡུལ་ལམ་ཁྲག་དང་ནི་མི་ཡི་ཤ་དང་བཅས་པ་ཟོས་པས་ཚེ་ནི་སྟེར་བར་འགྱུར་རོ། །དེ་ལ་ནང་དུ་བཤང་བ་དང་། ཕྱི་རོལ་དུ་བཤང་བའི་སྒྲས་རྣམ་པར་སྣང་མཛད་སྟོབས་ལྡན་གྱི་ཞག་སྟེ་གསེར་མུ་ཟི་དང་ནང་


MR17_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཤང་བ་ཆ་མཉམ་པའོ། །ནང་དུ་གཅིན་དང་ཕྱི་རོལ་ཏུ་ཁྱབ་འཇུག་མི་བདག་སྟེ་བྷྲིཾ་ག་རཱ་ཛཱའི་ཁུ་བའོ། །བྷྲིཾ་ག་ར་ཛ་ནི་རཱ་ཛཱ་རིང་པོར་བྱས་ནས་རྒྱལ་པོར་བསྒྱུར་བ་ཡོད་ཀྱང་། ར་ཛ་ཐུང་ངུ་ཚོས་ཀྱི་མིང་སྟེ་སྒྲ་ཡི་ཚོས་ཞེས་འདིས་མགོ་ལ་བྱུགས་པས་སྐྲ་ནག་པོར་བྱེད་པ་སྟེ། བཅུད་ལེན་གྱི་སྨན་ཡིན་ཞིང་བལ་ཡུལ་སོགས་སུ་སྐྱེ་བ་ཡིན་ལ། ཡུལ་སྐད་དུ་བྷང་ག་ར་ཟེར་ཞིང་པ་ཤ་ཀ་འདྲ་བའི་སྔོ་ཞིག་ཡིན་ཅེས་བཤད་པ་སྣང་། མ་རྙེད་ན་ཚབ་ར་མོ་ཤག་གིས་རུང་བར་བཤད་པ་སྣང་། ནང་དུ་བུད་མེད་རྡུལ་ལམ་མེ་ཏོག་སྟེ་ཁྲག་དང་། ཕྱི་རོལ་ཏུ་ལྷང་ཚེར་དམར་པོའམ་རིགས་ལྔ་ལས་བཅུད་ལེན་ལ་ནག་པོ་བཟང་བར་ཡང་བཤད་པ་སྣང་། འདི་གཉིས་ཆ་མཉམ་པའོ། །བུད་མེད་ཀྱི་མེ་ཏོག་ནི་གཞོན་ནུ་མའི་དང་པོའི་རྡུལ་རབ་ལ་མ་རྙེད་ན་གཞོན་པ་རིགས་བཟང་གི་ཟླ་མཚན་ནོ། །ནང་དུ་སྐྱེས་པའི་ཁུ་བ་དང་། ཕྱི་རོལ་དུ་དངུལ་ཆུའོ། །དངུལ་ཆུ་ནི་འཆད་འགྱུར་ལྟར་དག་པར་བྱས་ལ་ཁུ་བ་དང་དངུལ་ཆུ་ཡང་ཆ་མཉམ་དུ་བྱས་པའོ། །མི་ཡི་ཤ་ཞེས་པ་ཕྱི་རོལ་ཏུ་འབྲས་བུ་གསུམ་སྟེ་ཨ་བར་སྐྱུར་གསུམ་མོ། །ནང་དུ་མི་ཡི་རྐང་སྟེ་འདི་དག་ཆ་མཉམ་པའོ། །དེ་ལྟར་ཕྱི་ནང་གི་བཤང་བ་ཆ་གཅིག །ཤ་བཞི་ཆའི་རྐང་པས་དམན་པའི་ཆ་གཅིག །ཁྲག་ཆ་ཕྱེད། ཁུ་བ་རྐང་པ་གཅིག་སྟེ་འདི་རྣམས་གཅིག་ཏུ་ཞིབ་བཏགས་བྱས་ནས་གཅིན་གྱིས་ལན་བདུན་བར་དུ་བསྒོ་བར་བྱས་ཏེ་ཡང་ནས་ཡང་དུ་ཉི་མ་བསྐམ་པ་ཉིན་ཞག་སོ་སོར་གསེར་ཞོ་གཉིས་ཀྱི་ཚད་ཙམ་མར་དང་སྦྲང་རྩི་དང་བཅས་པ་ཟོས་ན་ཟླ་བ་དྲུག་གི་མཚམས་སུ་ཚེ་སྟེར་བར་འགྱུར་ཏེ། དེའི་ཚེ་ལོ་མ་དང་སྐྱུར་པོ་དང་ཏིལ་མར་དང་ལན་ཚྭ་བཟའ་བ་སྤངས་ཞིང་བུད་མེད་དང་སྦྱོར་བ་སྤངས་པ་ལས་སོ་ཞེས་པ་ནི་བདུད་རྩི་ལྔའི་ངེས་པའོ། །དབུ་མར་སྲོག་རབ་ཏུ་གཞུག་པའི་བསམ་གཏན་དང་བཅས་པར་བུད་མེད་ཀྱི་མེ་ཏོག་སྟེ་རྡུལ་དང་། བྷྲིཾ་གི་རཱ་ཛཱ་སྐྲའི་རྒྱལ་པོའི་ཁུ་བ་མེ་ཏོག་དང་ཆ་མཉམ་པ་བཅས་རྔུབས་ན་སྐྲ་དཀར་དང་བཅས་


MR17_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒ་བ་དང་ནི་ལུས་སྐྱེས་ལུས་ཀྱི་སྲིན་བུ་རྣམས་ཀྱང་ཟླ་བ་དྲུག་གི་མཚམས་སུ་འཕྲོག་གོ། བ་ལང་དང་། ཁྱི་དང་། སོ་ལྡན་གླང་པོ་ཆེ་དང་། རྟ་དང་། མི་ཡི་ཤ་སྟེ་སྒྲོ༷ན་མ་ལྔ་པོ་སྦྲང་བུའི་སྐྱུགས་པ་སྦྲང་རྩིའམ་སྦྲང་ཆང་དག་དང་བསྲེས་པ་ཟོས་པས་མཐའ་དག་ནད་ནི་འཕྲོག་པ་སྟེ། སྔར་བརྗོད་པ་ལྟར་ཕྱི་དང་ནང་གི་བུད་མེད་ཀྱི་མེ་ཏོག་ཉིད་ཁུ་བ་དག་དང་བསྲེས་པ་ལོ་གཅིག་ཟོས་ན་རྒ་བ་ངེས་པར་སེལ་བར་བྱེད་དོ། །དེ་ནས་རླུང་སོགས་ཉེ་བར་ཞི་བ་གསུངས་ཏེ། རླུང་འཇོམས་པ་ལ་རོ་ལན་ཚྭ་དང་སྐྱུར་བ་དག་ཏུ་རབ་ཏུ་འགྱུར་ཏེ་མངར་བ་དང་བསྐ་བ་དག་ནི་མཁྲེས་པའི་དགྲ་སྟེ་གཉེན་པོའོ། །བད་ཀན་འཇོམས་པ་རོ་ཁ་བ་ཀུན་དང་དེ་བཞིན་ཚ་བ་ལྒ་པི་ཕོ་གསུམ་དག་ཀྱང་སྟེ། དེ་ལྟར་སྨན་རྣམས་ཕྱེ་མ་སོགས་དངོས་སུ་ཟོས་སམ་ཡང་ན་ནི་བསྐོལ་བའི་ཁུ་བ་འཐུང་པའམ། དེ་གང་རུང་གིས་ནད་གསུམ་པོ་འཇོམས་སོ། །ཡང་འོ་མའི་སྨན་ནི། བད་ཀན་འཇོམས་པར་ར་ཡི་འོ་མ་ཚ་བ་ལྒ་སྐྱ་པི་ལིང་ཕོ་བ་རིས་གསུམ་དང་བཅས་པ་དག་སྟེ། མ་ཧེ༷འི་འོ་མ་ཁ་ཤ་ར་དང་བཅས་པ་མཁྲིས་པའི་དགྲ་ཡིན་པ་དང་། རླུང་འཇོམས་དག་ཀྱང་རྔ་མོའི་འོ་མ་རྒྱ་མ་ཚྭ་དང་བཅས་པ་སྟེ། རླུང་མཁྲིས་བད་ཀན་རྣམ་པ་གསུམ་གྱི་ནད་འཕྲོག་གོ། བ་ཡི་འོ་མ་དང་ནི་དེ་བཞིན་དུ་བ་ཡི་མར་ནི་རིགས་མ་གཏོགས་པ་དེ་དང་བྲལ་བ་ཡི་རླུང་མཁྲིས་བད་ཀན་རྣམ་པ་གསུམ་གྱི་ནད་ཞི་བར་བྱེད་དོ། །རླུང་སོགས་སོ་སོའི་སྨན་རྒྱམ་ཚྭ་སོགས་དང་སྦྱར་བས་སོ། །འདིར་དེ་བཞིན་བ་ཡི་འོ་མ་དང་ནི་མར་ཞེས་པའི་དོན་དུ་གོ་བར་བྱའོ། །ཛཱ་ཏཱི་ལ་སོགས་པ་བསྐོལ་བའི་སྨན་འདི་ཐམས་ཅད་ལ་ཆུ་བརྒྱད་འགྱུར་བྱ་སྟེ། སྨན་བྲེ་གང་ཡོད་ན་ཆུ་བྲེ་བརྒྱད་ལྟ་བུར་བཤད། དེ་ནས་བསྐོལ་བའི་རྐང་པ་སྟེ་ཆུ་བཞི་ཆ་ལུས་པ་ཙམ་དུ་གདུས་པའོ། །ཤིང་ཛཱ་ཏཱི་ཡི་འདབ་མ་བསྐོལ་བའི་


MR17_Page_0830
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ནི་བཞི་ཆ་ལུས་པ་དྲོ་བ་དེས་ཁ་ནད་ཞི་བར་བྱེད་དེ། སོ་ཡི་ཟུག་རྔུ་ཉིད་ཀྱང་ངོ་མཁུར་བཀང་དང་བཏུང་ནས་སོ། །ཏིལ་མར་དང་དངོས་པོའི་ཆུ་ཞེས་པ་ར་ཡི་གཅིན་ཆ་མཉམ་བསྐོལ་བ་ཏིལ་མར་ལྷག་མ་རྐང་པའི་ཚད་ལ་སྨན་ཚ་བ་གསུམ་གོང་བཤད་དང་ལན་ཚྭ་དག་གི་ཁུ་བ་རྐང་པའི་ཆ་ཤས་བླུག་པ་འདྲེས་པར་བྱས་ནས་དྲོ་འཇམ་རྣ་བར་བླུགས་པ་དག་གིས་རྣ་བ་ཡི་ནི་ནད་དག་འཇོམས་སོ། །བ་ལང་གི་མར་དང་དེ་ཡི་བརྒྱད་འགྱུར་གྱི་འོ་མ་ལྷན་ཅིག་བསྐོལ་བར་གྱུར་པ་ཡི་མཇུག་ཏུ་ཀླུ་སྟེ་ན་གཱ་གེ་སར་དང་དམར་པོ་གུར་གུམ་དག་མར་གྱི་རྐང་པའི་ཤ་ཆས་བྱིན་པ་དག་གིས་རྟག་ཏུ་སྣ་ཡི་ནད་དག་འཇོམས་ཏེ་སྣར་བླུག་ཅིང་རྔུབ་པའི་སྣ་སྨན་ནོ། །ཀརྐོ་ཊཱི༷་ཞེས་པ་བནྡྷ་ཀ་ར་ཀོ་ཊཱི་འཆིང་བྱེད་ཅེས་པ་སྟེ། མཁན་པ་འབྲས་བུ་མེད་པ་ལ་སྔ་མ་རྣམསཀྱིས་ངོས་བཟུང་སྣང་བ་དེ་དང་། ལཱངྒུ་ལི༷་ཞེས་པ་ཤོག་ཤིང་ལ་ངོས་བཟུང་བ་དེ་དང་། ཨི༷ནྡྲཱི༷་ཞེས་པ་དབང་པོ་སྟེ། ཨིནྡྲ་བ་རུ་ནི་ཞེས་པ་ཏིགྟའོ། །དེ་རྣམས་བོང་བུའི་ཆུར་བཅས་ཕྱུགས་པས་ཤ་རོ་དང་འབྲས་ཀྱི་ཕྲེང་བ་འཕྲོག་གོ །འདིར་མདོར་བསྡུས་ཙམ་སྟེ་རྒྱས་པར་གསོ་བའི་བསྟན་བཅོས་ལས་ཤེས་པར་བྱའོ། །ད་ནི་རྡོ་རྗེའི་ཚེར་མ་འབྲུམ་བུ་ཆེན་པོའི་ནད་ཞི་བ་གསུངས་པ། སྡིག་པའི་ནད་རིམས་ཆེན་པོ་འབྲུམ་པ་ཕོག་ནས་ལུས་ལ་རྐང་ལག་གི་ཚིགས་དང་མགོ་བོ་གདུང་ཞིང་ཚ་བ་སྐྱེས་ཙམ་ན་བུག་པ་མེད་པའི་ཁྱིམ་དུ་ཞུགས་ནས། ལག་པ་གཉིས་པོ་དག་ནི་བརླའི་མཐར་ཐུག་པར་རབ་ཏུ་འཕྱང་བར་བྱ་ཞིང་ལངས་ཏེ། རྐང་པའི་པདྨ་མཉམ་པ་དག་དང་སྲོ༷ག་གི་ང་ནི་འགོག་པ་གསང་བའི་བུམ་ཅན་བྱ་སྟེ། ཇི་སྲིད་ལུས་ནི་ས་ལ་འགྱེལ་བའམ་རབ་ཏུ་ལྷུང་བར་མ་གྱུར་པ་དེ་སྲིད་དུ་བྱ་བ་དང་། ཡང་སྔར་ལྟར་བྱས་ཏེ་དེ་ལྟར་ཡང་ཡང་ལུས་ལ་ཚ་བ་དག་ནི་གྲོལ་བའི་བར་དུ་ཡང་བྱ་སྟེ་ཚ་བ་གྲོལ་ནས་མི་བྱའོ། །ཡང་དང་


MR17_Page_0831
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དུ་འཆད་འགྱུར་གྱི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །དེས་འཆི་བའི་འཇིགས་པ་བྱེད་པའི་ཚེར་མ་ཅན་ནི་ངེས་པར་འཇོམས་ཏེ། ཏིང་ངེ་འཛིན་ནི་བར་རླུང་ཁ་སྦྱོར་འཛིན་པའི་སྲོག་རྩོལ་བཅས་རང་གི་སྙིང་གའི་པདྨར་ཟླ་བའི་གཟུགས་ཅན་གྱི་དཀྱིལ་འཁོར་ལ་རྡོ་རྗེའམ་པདྨའི་གདན་སྟེ་འདུག་སྟངས་ཀྱིས་བཞུགས་པ་དྲི་མ་མེད་པའི་རི་བོང་ཅན་དང་མཚུངས་པའི་སྣ་ཚོགས་ཡུམ་ནི། ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན་གཡོན་པདྨ་བསྣམས་པ་བསྒོམ་པས་སོ། །སྨན་ནི། སྡིག་པའི་ནད་དེས་དང་པོར་ལུས་ལ་ཚ་བ་སྐྱེ་བ་ན་སྲན་ཆུང་ཕྱེར་བཏགས་ནས་ཆུ་གྲང་མོ་དང་སྦྱར་ཏེ་འཐུངས་པས། ནད་དེའི་ཚ་བས་རྣམ་པར་བསྣུན་པའི་མི་རྣམས་ཀྱི་ནི་རྡོ་རྗེའི་ཚེར་མ་འཇོམས་པར་བྱེད་དོ། །ཚ་བའི་མཐར་ཏེ་ཉིན་ཞག་གསུམ་པ་སོགས་སུ་འབྲུམ་བུ་སྔ་མ་ཐོན་ལ་ཆེར་མ་ཐོན་པའི་དུས་སུ་ནི་འབྲུམ་ནད་དེས་ཤི་བའི་ཐོད་པ། དེ་ཡང་ཕོ་ལ་ཕོ་ཐོད་དང་། མོ་ལ་མོ་ཐོད་བྱུང་ན་རབ་ཡིན་ན་ཡང་མ་རྙེད་ན་འབྲུམ་ཤིའི་ཐོད་པ་ཇི་ལྟར་རྙེད་པ་དེ་ཉིད་བརྡར་བ་མི་བསྐྱོད་པ་དང་བསྲེས་པ་འཐུངས་པ་ཡིས་ཀྱང་འཇིགས་པར་བྱེད་པ་འབྲུམ་ནད་འཕྲོག་པ་སྟེ། བཟླ་བར་བྱ་བའི་སྔགས་ཀྱང་། ཆུ་ཞེས་པ་པ་སྡེའི་ཡི་གེ་གཉིས་པ་ཆུའི་ཁམས་ཕའོ། །མེ་ཞེས་པ་ཕའི་འོག་ཏུ་རའོ། །རླུང་ཞེས་པ་སྟེང་དུ་ཨེ་ཡིག་གོ། འདི་རྣམས་གཅིག་ཏུ་སྦྱོར་བ་རྗེས་སུ་ང་རོ་ནི་ནམ་མཁའ་ཐམས་ཅད་ལ་ཁྱབ་པ་སྟེ། སྣ་ཚོགས་ཡུམ་གྱི་ས་བོན་ཕྲེཾ་ཞེས་པ་འདི་དག་གི་སྔོན་དུ་ཨོཾ་ཡིག་དང་ནི་བཅས་པའི་ལྷ་མོའི་སྔགས་དང་། བཛྲ་སྔ་མ་ཅན་དག་གི་ནད་ཀྱི་མིང་ཀཎྚ་ཀ་ཞེས་པ་དེ་འཇོམས་པའི་ཁ་སྒྱུར་མཐའ་རྟེན་དང་བཅས་པ་སྟེ། དེ་གང་ཞེ་ན། ཨོཾ་ཕྲེཾ་བི་ཤྭ་མཱ་ཏཿབཛྲ་ཀཎྚ་ཀཱ་ན་ནཱ་ཤ་ཡ་ནཱ་ཤ་ཡ། མ་མ་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་ཨོཾ་མགོ་འདྲེན་པ། ཕྲེཾ་ས་བོན། བི་ཤྭ་


MR17_Page_0832
[མ་དཔེ་གཟིགས་ན་འདིར་གནོན།]

མཱ་ཏ་སྣ་ཚོགས་ཡུམ། བཛྲ་ཀཱཎྚ་ཀན་རྡོ་རྗེའི་ཚེར་མ་རྣམས། ནཱ་ཤ་ཡ་གཉིས་ནི་གཞོམ་དུ་གསོལ་ལན་གཉིས། མ་མ་བདག་གི་ཤཱནྟིཾ་ཞི་བར། ཀུ་རུ་ལན་གཉིས་ནི་མཛོད་མཛོད། སྭཱ་ཧཱ་མཐའ་རྟེན་ཏེ། གཞན་སྲུང་ན་མ་མའི་ཚབ་ཏུ་ལྷ་སྦྱིན་སོགས་གང་སྲུང་དེའི་མིང་བཅུག་ནས་བཟླ་བར་བྱས་ཏེ་སྲན་ཆུང་སོགས་སྨན་རྣམས་ལའང་སྔགས་བདུན་སོགས་ཀྱིས་གདབ་པར་བྱའོ། །སྔར་མ་བྱུང་བ་བསྲུང་བར་བྱེད་ན་བསྒོམ་བཟླས་དེ་ཉིད་ཀྱིས་ནི་བསྲུང་བར་བྱ་སྟེ།མགོ་དང་མགྲི༷ན་པ་སྙིང་ག་ལྟེ༷་བ་གསང་བ་དང་ལ་སོགས་པ་ཞེས་པས་གཙུག་ཏོར་དང་བཅས་པའི་གནས་དྲུག་པོ་འདི་རྣམས་སུ་སྔགས་ཆུས་ཐིག་ལེ་བྱ་ཞིང་ཐུན་གསུམ་ཏུ་བཟླས་དམིགས་བྱའོ། །བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་གྱི་བཟླས་དམིགས་འདི་ནི་གཞན་ཡང་ཆར་མི་འབབ་པ་དང་ཆར་ཆེས་པ། ཞིང་ལ་ཟ་བའི་བྱི་བ་དང་ནེ་ཙོ་ཆ་ག་པ་སོགས་དང་། ཐོག་སེར་སོགས་ཉེ་བར་འཚེ་བ་ཐམས་ཅད་ལ་དེ་དེའི་མིང་སྤེལ་སྦྱར་ནས་བདག་དང་གཞན་བསྲུང་བ་ལ་དྲན་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་ཉི་མའི་གདུང་བ་ཞི་བའི་སྨན་གསུངས་པ། མཉམ་པ་ཞེས་འོག་གི་སྨན་ཀུན་ཆ་མཉམ་པར་བྱ་བའི་དོན་ཡིན་ལ། དྷཱ་ཏྲི༷་ཞེས་པ་སྐྱུ་རུ་རའི་འདབ་མའི་ཕྱེ་མ་དང་། འགྱུར་འགར་སྐྱུ་རུ་རའི་འབྲས་བུའི་ཕྱེ་མ་ཞེས་གསུངས། དྷཱ་ནྱ་པ་ཞེས་པ་ཀུ་སྟུཾ་པུ་རུ་ཞེས་འབོད་པ་འགྱུར་མངས་སུ་འུ་སུ་ཞེས་བྱས་པ་དེ་དང་ནི། གཞན་ཡང་དེ་བཞིན་ཏིནྟི༷་རཱི༷་ཡི་འདབ་མའི་ཕྱེ་མ་ཞེས་པ་འགྲེལ་པར་བན་དྷཱུ་ལིའི་འདབ་མ་ཞེས་གསུངས་པ། འགྱུར་མངས་སུ་བ་ལུ་ཞེས་པར་བྱས། ཁ་ཅིག་ཀོ་བ་ལ་བྱུགས་ན་ལྕགས་བཞིན་གྱོང་བར་འགྱུར་བ་གཡེར་མ་ལ་བྱེད་མོད་སྔ་མ་ཡིན་པར་བླ་མ་དག་བཞེད། དེ་གསུམ་པོ་ཆ་མཉམ་པར་བྱས་ནས་ཉི་མ་དང་ཟླ་བ་ཡི་འོད་ཀྱིས་རེག་པའི་ཆུ་ནི་ངེས་པར་ཉ་ལྕིབས་


MR17_Page_0833
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་དྲི་མ་དང་བྲལ་བ་དག་ལ་བསྐོལ་བར་བྱ་སྟེ། །དེ་ཡང་ཆུ་རྫས་ཀྱི་བརྒྱད་འགྱུར་བླུགས་ནས་རྐང་པའི་ལྷག་མར་ཏེ་བཞི་ཆ་གཅིག་ལུས་པ་ཙམ་དུ་བསྐོལ་བར་བྱའོ། །ཚད་འདི་དག་སྲང་གི་ཚད་ལྟ་བུ་འདེགས་ཚད་མིན་ཏེ་བྲེ་སོགས་འཇལ་ཚད་ཀྱི་དབང་དུ་བྱས་པའོ། །རྩིབས་མ་དོར་ནས་སྨན་དེ་ཡི་ཁུ་བ་ཡི་རྐང་པའི་ཆ་ཡི་ཀ་ར་དང་བསྲེས། གཞན་པའི་ཉིན་ཞག་ཅེས་པ་ཉི་མའི་ནད་ཀྱིས་གདུང་པའི་ཕྱི་ཉིན་དག་ནས་ཞག་གསུམ་གྱི་ཐོ་རངས་དུས་སུ་འཐུངས་པ་དེ་ཡིས་ནི། སོ་ག་རོང་ཆེན་གྱི་ལམ་དུ་བགྲོད་པ་ལ་ཉི་མའི་འོད་ཟེར་དག་གིས་བསྲེག་པ་འཆི་བ་སྟེར་བ་འཕྲོག་པ་སྟེ། སྤུ་དང་པགས་པ་སོགས་ཁམས་བདུན་ལ་ཚད་པའི་ནད་ཞུགས་ནས་སྟོབས་ཤོར་བའམ་སོང་བ་དག་ཀྱང་ངོ་ཞེས་ནད་དེ་འཕྲོག་པའམ། ཞི་བར་བྱེད་ལ་ཚད་ནད་གཞན་ལའང་ཕན་ནོ། །དེ་ལྟར་སྲོག་རྩོལ་བུམ་པ་ཅན་གྱིས་དབུ་མར་སྲོག་ཞུགས་པའི་དགའ་བ་སོགས་ཀྱི་སྒོ་ནས་འཆི་བ་བསླུ་བ་དང་དེའི་ཡན་ལག་ནད་སྣ་ཚོགས་ཞི་བའི་ཐབས་དུ་མ་དང་བཅས་པ་བསྟན་པའི་ངེས་པའོ། །བཅུ་དྲུག་པ་ཕྱི་རོལ་འཇིག་རྟེན་པའི་བྱ་བ་བསྒྲུབ་པའི་ངོ་བོ་ཉིད་ཀྱིས་གནས་པ་ནི། གསེར་ལ་ཉི་མ་སོགས་ཚིགས་བཅད་བརྒྱ་ཉེར་ལྔ་པ་ནས་བརྒྱ་ང་བཞི་པའི་བར་གྱིས་བསྟན་ཏེ། ལུས་དང་ལོངས་སྤྱོད་ཀྱི་དོན་དུ་རིན་པོ་ཆེའི་སྦྱོར་བ་དང་། དཀོན་མཆོག་མཆོད་པ་སོགས་ཀྱི་དོན་དུ་དྲིའི་སྦྱོར་བ། རིགས་བརྒྱུད་བསྲུང་བ་སྦྲུམ་མ་དང་། བྱིས་པ་གསོ་བའི་ཆོ་ག་རྣམས་གནས་པ་འདིར་སྟོན་པ་ལས། དང་པོར་ལུས་བརྟན་པ་གྲུབ་པའི་ཆེད་དུ། ཕྱི་རོལ་བཅུད་ལེན་དོན་དུ་གཉེར་བས་རེག་པ་ཙམ་གྱིས་ལྕགས་གསེར་དུ་བསྒྱུར་ནུས་པ་གྲུབ་པའི་དངུལ་ཆུ་ཞེས་པའི་བཅུད་མཆོག་དེ་མེད་ན། དེ་དང་ཆ་འདྲ་དངུལ་ཆུའི་བཅུད་ལེན་འབྲིང་པོ་འདི་བྱ་སྟེ། འདིའི་


MR17_Page_0834
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་ནི། རྣམ་པར་དག་པའི་གསེར་སྦྱང་བ་ལ། ཉི་མ་ཞེས་པ་ཟངས་དང་། རྡོ་ཁབ་ལེན་ལས་བྱུང་བའི་ལྕགས་དང་། བ་ཊ་ཞེས་པ་ལྷང་ཚེར་ལས་སྐྱེས་པའི་ལྕགས་དང་། དེ་ལྟར་ལྕགས་ནི་རྣོན་པོ་སྟེ། འདི་རྣམས་ཆ་མཉམ་པར་བྱའོ། །ཁབ་ལེན་སོགས་ལས་སྐྱེས་པའི་ལྕགས་དེ་དག་རྣོ་ལྕགས་ཁྱད་པར་ཅན་ཡིན་ནོ། །ལྷང་ཚེར་ལས་སྐྱེས་པའི་ལྕགས་མ་རྙེད་ན་ལྷང་ཚེར་ནག་པོ་དར་བ་སོགས་སྐྱུར་ཆུར་སྦང་བ་ཞིབ་བཏུལ་གྱིས་ཚབ་བྱ་བར་བཤད་པ་ཡོད། དེ་ཡང་དང་པོར་གསེར་བཟང་པོ་སྦྲང་གཤོག་ཙམ་དུ་བརྡུང་བར་བྱས་ནས་བསྲེག་པ་དང་། བཙོ་བ་དང་། མུ་ཟི་དང་། སྐྱུར་པོ་སྦྱར་བ་དང་ལྷན་ཅིག་རྡོ་གཏུན་དུ་བཏགས་པས་ཁ་དོག་སྔོ་ལ་དམར་བའི་མདངས་ཅན་དུ་གྱུར་པའི་གསེར་ལ། ཟངས་ཀྱང་སྔ་མའི་ཚུལ་དུ་སྦྱངས་པའི་དམར་ལ་དཀར་མདངས་ཅན་དུ་གྱུར་པ་དང་། དེ་ལྟ ར་ལྕགས་ཁམས་གསུམ་པོ་ཆ་མཉམ་པར་བྱས་ལ། དེ་དག་ཀོང་བུར་བླུགས་ནས་དེར་མཱ་ཀྵི༷་ཀ་ཞེས་པ་འབེམ་ར་སེར་པོར་གྲངས་པ་རྡོ་གསེར་ཟིལ་གྱི་ཕྱེ་མ་ཡིས་གདབ་པར་བྱ་ཞིང་། ཞི་གའི་ཀོང་བུ་ཁ་བྱེ་བ་དེའི་ནང་དུ་བཅུག་པ་དེ་དག་སོལ་བའི་མེར་ང་དྲག་པོས་སྦུད་པར་བྱས་ནས་ཡང་ཡང་བཞུས་པས་ཇི་སྲིད་རྫས་གཞན་ཚིག་ནས་གསེར་འབའ་ཞིག་གནས་པའི་བར་དུའོ། །དེ་ལྟར་གསེར་དག་པ་དེ་ཉིད་བཅུད་ལེན་གྱི་ས་བོན་ཡིན་ལ། ས་བོན་དེ་དངུལ་ཆུ་དེའི་ཕྱེད་ཀྱི་ཚད་དུ་གྱུར་པ་སྟེ་གསེར་སྲང་དོ་ལ་དངུལ་ཆུ་སྲང་བཞི་ལྟ་བུ་ཉིད་ཀྱིས་ཀྱང་ནི་སྦྱར་བར་བྱ་སྟེ། དེ་ཡང་ལན་བདུན་གྱི་བར་དུ་སྦྱང་བར་བྱས་པས། དྲི་མ་དག་དང་བྲལ་བའི་དངུལ་ཆུ་དགོས་པས། དང་པོར་སོ་ཕག་གི་ཕྱེ་མ་དང་། མཚུར་དང་། བ་ཚྭ་དང་། ལན་ཚྭ་དང་། དུག་དང་མུ་ཟི་དང་། སྐྱུར་པོ་དང་། མི་རྟ་བ་ལང་གི་གཅིན་དང་། སྣ་


MR17_Page_0835
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་སྨན་གྱིས་ཉི་མ་བཅུའམ་བདུན་དུ་བཀྲུས་ཤིང་། རྡོ་ཡི་སྣོད་དམ་གླ་ཧེ་ལ་ནང་དུ་དངུལ་ཆུ་མཉེ་བསྲུབ་བྱས་པས་ཡང་ནས་ཡང་དུ་སྦྱང་ནས་ཟླ་བ་ལྟར་དྲི་མ་མེད་ཅིང་བེར་རྒ་འཛིན་པའི་ཚད་དུ་གྱུར་བར་བྱ་སྟེ། གསོ་རིག་གི་དངུལ་ཆུ་བཙོ་བཀྲུའི་ལག་ལེན་དང་ཁོག་འཕྲུལ་ཏེ་བྱའོ། །དེ་ལྟར་དག་པའི་དངུལ་ཆུ་གསེར་དང་ལྷན་ཅིག་བསྒོངས་པ་སྲང་ནི་དྲུག་ཏུ་བྱ་ལ། དེ་ནས་བ་ཡི་དར་བ་མར་དང་བྲལ་བ་དྲག་པོའི་རྩེ་མོ་ཅན་གྱིས་བསད་ནས་ཞེས་མེ་དྲག་པོས་བསྐོལ་བས་སྙིགས་མའམ་རྩིག་མ་རས་ཀྱིས་བཙགས་ཏེ་ཆུར་བ་དོར་ནས། འདིར་ནི་དངས་མ་ཆུར་ཁུ་རྩིག་དང་མ་འདྲེས་པ་དེ་ཉིད་གཟུང་བར་བྱ་བ་ཉིད་དོ། །དེ་ནས་དངས་མ་དེ་ཉིད་དུ་དཔལ་ལྡན་གོང་བུ་སྟེ་གསེར་དང་འདྲེས་པའི་དངུལ་ཆུའི་གོང་བུ་ཟླ་བའི་མདོག་ཅན་དེ་ནི། ཁབ་ལེན་གྱི་སྣོད་དུ་སླར་ཡང་བསྐོལ་བ་དག་ཀྱང་ཇི་སྲིད་ཁུ་བ་ཕྱེད་ལུས་པ་ཉིད་ཀྱི་ཚད་དུ་མ་གྱུར་པར་བསྐོལ་བར་བྱའོ། །དེ་ནས་གསེར་དང་དངུལ་ཆུའི་ལྡེ་གུ་དེ་རབ་ཏུ་བླངས་ཏེ། ལྷད་མེད་པ་དག་པའི་ཀ་ར་སྲང་བརྒྱད་བསྲེ་བར་བྱ་སྟེ། ཡང་ན་རྒྱལ་པོ་སོགས་དལ་བར་འདུག་པ་མ་ཡིན་པ་འགྲོ་བ་སོགས་ཀྱི་ལས་བྱེད་པའི་སྤྱོད་ལམ་ཅན་ཕལ་ལ་ཟས་འཇུ་བའི་དབང་གིས་དགུ་ནི་དེ་ལ་བསྲེ་བ་ཉིད་དུ་བྱ་ཞིང་། འཇུ་སྟོབས་ཆུང་བ་ལ་བདུན་སོགས་ཅི་རིགས་སུ་བྱའོ། །དེ་སྟེང་འཇུ་བྱེད་དུ་ཕོ་བ་རིས་ཀྱིས་ཕྱེ་མ་ཀ་རའི་དྲུག་ཅུ་རྩ་བཞིའི་ཆ་ཙམ་རེ་བསྲེའོ། །བཅུད་ཀྱི་སྨན་དེ་ནི་ཉིན་ཞག་སོ་སོར་ཐོ་རངས་ཀྱི་ཆར་ཐམས་ཅད་ཀྱི་དུས་སུ་བཟའ་བར་བྱ་སྟེ། རགས་པའི་ཁ་ཟས་དང་དྲག་ཤུལ་གྱི་སྤྱོད་ལམ་རྣམས་རྣམ་པར་སྤངས་ཏེ་བགྲོད་པ་གཅིག་གི་ཡུན་ཇི་སྲིད་ཉིད་དུ་འཇུ་ཚོད་དང་བསྟུན་ལ་བཟའ་བར་བྱའོ། །དེ་ལྟར་ཟོས་པའི་


MR17_Page_0836
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་ནི་ཟླ་བ་དྲུག་གིས་ལྷ་ཡི་ལུས་སུ་འགྱུར་ཏེ། སྐྲ་དཀར་པོ་དང་གཉེར་མ་དང་བྲལ་ཞིང་བཅུད་ལེན་འདི་ཡིས་འཆི་བ་མེད་པ་ཉིད་དུ་འགྱུར་རོ། །དེ་ཕྱིར་བཅུད་ལེན་དེ་ཉིད་ཉི་མ་སོ་སོའི་དུས་སུ་ཇི་སྐད་བཤད་པའི་ཆོ་ག་དེ་དང་ལྡན་པས་བཟའ་བར་བྱ་སྟེ། འོན་ཀྱང་གསེར་གྱི་གོང་བུས་རྣམ་པར་དམན་པ་སྟེ་ཟད་པར་གྱུར་གྱི་བར་དུའོ། །དེ་ལྟར་གསེར་གྱི་གོང་བུ་ཟ་བའི་རིང་ལ་བཏུང་བ་ནི་ཏཱ་མ་བཱུ་ལའི་བཟའ་བ་བསྒྲུབ་སྟེ། དེའི་སྙིགས་མ་དོར་བའི་ཁུ་བ་འབའ་ཞིག་བཏུང་བར་བྱའོ། །ཏཱ་མ་བཱུ་ལ་ཞེས་པ་གོ་ལ་ཞེས་བཤད་ཀྱང་གོ་ཡུ་ཡིན་ནམ་སྙམ་མོ། །ཏཱ་མ་བཱུ་ལའི་དྭངས་མ་དེ་གསེར་གྱི་གོང་བུ་ཟ་བ་དེ་སྲིད་དུ་བཏུང་བའི་ཆོ་ག་འདི་བྱ་སྟེ། དེ་ཕན་ཆད་བཏུང་བ་དེ་དགོས་པའང་མ་ཡིན། ཁ་ཟས་གཞན་ཡང་དེ་བཞིན་ནོ། །བཅུད་ལེན་གྱི་ངེས་པའོ། །དེ་ནས་ཟན་སོགས་ལོངས་སྤྱོད་བསྒྲུབ་པའི་རྒྱུར་གསེར་ཕྱེད་ལྡན་གྱི་སྦྱོར་བ་གསུངས་པ། སྔར་རམ་གོང་དུ་བརྗོད་པ་ས་བོན་གསེར་དང་རྒྱལ་པོ་དངུལ་ཆུ་མཉམ་པ་དག་སྟེ་འདྲེས་པར་བཏགས་པ་དང་། གཞན་ཡང་དངུལ་ཆུ་ལ་ནི་འཆད་འགྱུར་སྨན་གསུམ་དེ་བླུགས་པ་ཕྱེད་ཀྱི་ཚད་ཙམ་མོ། །དེ་ཉིད་ལན་ཚྭ་དང་སྐྱུར་པོ་དག་གིས་མཉེས་ནས། འོག་ནས་འཆད་འགྱུར་ལྟར་རྣམ་པ་མང་པོའི་སྨན་གྱིས་ཇི་སྲིད་གསེར་དང་དངུལ་ཆུ་གོང་བུ་གཅིག་ཉིད་དུ་འགྱུར་བ་དེ་སྲིད་དུ་མཉེའོ། །དེ་ལ་མཉེ་བར་བྱེད་པའི་སྨན་རྣམས་ནི། དང་པོར་མཁྲིས་པ་སྣ་ཚོགས་དང་སྐྱུར་པོས་མཉེ་བར་བྱའོ། །གང་མཉེ་ན། མུ་ཟི་དང་བ་བླ་སོགས་དང་། ད་ར་ད་མཚལ་དཀར་ལ་སྔ་མ་དག་གིས་ངོས་བཟུང་བ་དེ་དང་། ཤི་ལཱ་སྡོང་རོས་དམར་པོ་དག་ཀྱང་དངུལ་ཆུ་དང་མཚུངས་པར་མཉེ་སྟེ། འདིར་དངུལ་ཆུ་གནས་པའི་དོན་དུ་ཉེ་བའི་བཅུད་གཉིས་དང་། བཅུད་ཆེན་པོ་གཅིག་སྟེ་གསུམ་བསྡོམ་པ་དངུལ་ཆུའི་


MR17_Page_0837
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་དང་མཚུངས་པ་སྟེ། དེ་ལྟར་དངུལ་ཆུ་དང་རྫས་གསུམ་པོ་ལྷན་ཅིག་ཉའམ་བ་ལང་གི་མཁྲིས་པ་དང་། བཱི་ཛ་པཱུ་ར་ལ་སོགས་པ་འབྲས་བུ་སྐྱུར་མོ་ཇི་ལྟར་རྙེད་པའི་ཁུ་བས་མཉེ་བ་དང་། གཞན་རྫས་རྣམས་འགྲེལ་པར་གསུངས་པ་སྔ་མ་རྣམས་ཀྱི་ངོས་འཛིན་མཛད་པ་ནི་འདི་ལྟ་སྟེ། གོང་བཤད་ཉེ་བའི་བཅུད་མུ་ཟི། བཅུད་ཆེན་པོ་ད་ར་དྭ་ཉེ་བའི་བཅུད་གཉིས་པ་ཤི་ལཱ་གསུམ་དང་། ཏཱ་ལ་ཀཱ་བ་བླ་དང་། ཤ་ཤ་ཀ་རི་བོང་ཅན་ཏེ་དངུལ་རྡོ་དང་། ཀཱ་ཀྵི་ནག་མཚུར་དང་། ཁ་ཅིག་མཐིང་ཤུན་ཡང་ཟེར། ཀཱ་ཤི་ས་ལྷང་ཚེར་དང་། ཏུད་ཐཱ་ཀ་སྤང་རྡོའམ་ཟངས་རྡོ་དང་། ཧཻ་མ་ཀི་རི་ཀཱ་ཞེས་པ་གསེར་བཙག་སྟེ་ཡུག་རྡོ་སྨུག་པོ་ཡིན་ལ་རྡོ་མདུད་རྩེ་ཡིན་པར་བཤད་པའང་སྣང་། དེ་ལྟར་རྫས་དེ་རྣམས་དང་རོ་གཅིག་ཏུ་གྱུར་པའི་ས་བོན་གསེར་དང་དངུལ་ཆུའི་རྫས་དེ་ཡིས། དངུལ་གྱི་སྦྲང་གཤོག་གི་འདབ་མ་ལ་བྱུགས་པ་གསེར་ཉིད་དུ་འགྱུར་ཏེ། ཉིན་ཞག་གསུམ་དུ་ཐབ་ཀྱི་མེས་རན་པར་གདུང་པས་སྨིན་པར་བྱས་པ་དག་ཀྱང་ཕྱེད་དང་ལྡན་པས་སོ་ཞེས་དངུལ་གྱི་ཕྱེད་གསེར་གྱི་ཆ་དེས་དངུལ་ཆ་གཅིག་གསེར་དུ་འགྱུར་བས་སོ། །ཞེས་གསེར་ཕྱེད་ཅན་གྱི་གསེར་འགྱུར་གྱི་བྱ་ཐབས་ངེས་པའོ། །དེ་ནས་མེ་ཏོག་བྱ་བ་གསུངས་ཏེ། དངུལ་གྱི་མེ་ཏོག་གི་མིང་གིས་དྲམྨ་ཞེས་པ་དངུལ་གྱི་འདྲ་མིན་ནམ། པ་ན་དོང་ཙེའི་གཟུགས་ཀྱི་རྫས་བྱ་ཚུལ་བརྗོད་དེ། དེ་ནི་རྣོན་པོ་ཡི་ལྕགས་ཞེས་པ་དངུལ་ནག་ཏུ་གྲགས་པ་ལྕགས་དཀར་གྱི་ནང་དུ་དངུལ་ལྷད་བསྲེས་པ་བཞུ་ཞིང་འདྲེས་པར་བརྡུང་པ་ཁྲོ་དང་འཁར་བའི་ཆ་འདྲ་ཞིག་ཏུ་འོང་ངོ་། །དེའི་འདབ་མ་སྦྲང་གཤོག་བྱས་པ་དེ་དག་པར་བྱེད་པའི་སླད་དུ། ལྕགས་རྣོ༷ན་པོ་དང་ནམ་མཁའ་ལས་སྐྱེས་པ་ལྷང་ཚེར་དང་། ཨ་ལ་ཞེས་པ་ཏཱ་ལ་ཀཱ་སྟེ་བ་བླ་དང་། ལན་ཚྭ་ནི་རྒྱམ་ཚྭ་དང་ལྕེ་མྱང་ཚྭ་ཡང་ཟེར།


MR17_Page_0838
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་བ་ཀྵ་ར་ཚྭ་སྣའི་རིགས་ཀྱི་བྱེ་བྲག་སྟེ། འགའ་ཞིག་ནས་ཚིག་འཁུས་ཐལ་དང་། ཁ་ཅིག་བུལ་ཐོག་བྱ་བལ་མ་ཟེར། ཁ་ཅིག་ཆུ་ཚན་གྱི་ཐེན་སྐོར་དུ་ཆགས་པའི་བ་ཚྭའི་རིགས་ཆུར་བཅུག་ཀྱང་ཞུ་བར་མི་འགྱུར་བའི་རིགས་ལ་ངོས་འཛིན་མོད། ནས་ཚིག་ཁུ་བའི་ཁ་ལ་ཆགས་པ་སོགས་ཀྱི་ཚྭ་ཁ་ལ་རོ་ངད་པ་དེས་རུང་བས་དེ་དང་ནི། སརྫ་ར་ས་སྤོས་དཀར་ཏེ། དེ་ལྟར་རྣོན་པོ་སོགས་རིམ་པ་ཡིས་འཕེལ་བ་དག་ཀྱང་ཞེས་རྣོན་པོ་ཆ་གཅིག་ནས་སྤོས་དཀར་ཆ་དྲུག་གི་བར་དུའོ། །དེ་རྣམས་བསྡོམ་ནས་ཉི་མ་ཞེས་པ་ཟངས་ཉིས་འགྱུར་བྱས་པ་རོ་མཉམ་བྱེད་པས་ཞེས་གཅིག་ཏུ་འདྲེས་པར་བྱེད་པའི་སླད་དུ་ཀོང་བུ་ཁ་བསྡམ་པར་བསྲེག་ཅིང་། དེའི་རྗེས་སུ་ཀོང་བུ་ཁ་ཕྱེ་བར་ཉི་མའི་ལྷག་མ་དག་ནི་ཞེས་ཟངས་ལྷག་མར་གྱུར་གྱི་བར་དུ་བཞུ་ཞིང་བསྲེག་བར་བྱའོ། །སླར་ཡང་ལན་ཚྭས་ཞེས་ཊཾ་ག་ནའི་ལན་ཚྭ་ཞེས་པ་འཇུ་རྩི་ཚྭ་ལས་དག་པར་འགྱུར་བ་དང་ནི་དེ་བཞིན་དུ་བ་ལས་བྱུང་བ་པ་ཡི་དར་བའོ། །ལ་སོགས་ཀྱིས་བྲན་ཞེས་པ་ཉི་མའི་ཤིང་ཨརྐའི་རྩ་བའམ་ལྕམ་པའི་རྩ་བས་ཚབ་རུང་བར་བཤད། བཛྲ་ཀ་ན་ཀའི་རྩ་བ་རྡོ་རྗེའི་གསེར་ཞེས་པ་དོང་གའི་ཤིང་གི་རྩ་བ་དང་། འགའ་ཞིག་དྷ་ཏུ་རའི་རྩ་བ་ཞེས་འདོན། ཨེ་རཎྚ་དནྡ་ཁྲ་བོའི་ཤིང་གི་རྩ་བ་དང་། ཀྵཱི་ར་ཀཉྩུ་ཀཱའི་རྩ་བ་སྟེ་ཐར་ནུའི་རྩ་བ་རྣམས་བརྡུངས་ནས་ཟངས་ལྷག་ཚྭ་ལས་དག་པར་བྱས་པ་དང་ལྷན་ཅིག་བཏགས་ནས་ཞག་བདུན་བར་དུ་མནན་པར་བྱའོ། །དེས་མཉེན་ཞིང་འཇམ་པར་འགྱུར་རོ། །དེ་ནས་ཇི་སྲིད་སླར་ཡང་འཇམ་མཉེན་དུ་འགྱུར་བའི་བར་དུ་བ་ཡི་དར་བ་ལ་སྦང་ཞིང་བཀྲུ་བར་བྱའོ། །དེ་ནས་དེ་བཞུ་ཞིང་རྫས་དེ་དངུལ་ལ་དངུལ་གྱི་སུམ་ཆ་ཞིག་བྱིན་ཞིང་ཁ་བཀང་སྟེ་བཞུས་པ་ལ་བསྣུན་པ་སྟེ་བརྡུང་བར་བྱས་པ་དག་ཀྱང་དག་པ་ཡི་ནི་དངུལ་གྱི་མེ་ཏོག་ཉིད་དུ་འགྱུར་ཏེ་དངུལ་གྱི་སུམ་ཆ་དངུལ་མིན་ཡང་། དངུལ་དང་འདྲ་བར་བྱེད་པས་མེ་ཏོག་གི་འདབ་མའི་ངེས་པའོ། །


MR17_Page_0839
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཆོད་པའི་དོན་དུ་དྲི་དང་སྤོས་ལ་སོགས་པའི་ལེ་ཚེ་སྦྱར་བ་གསུངས་པ། ཨེ༷་ལ་ཞེས་པ་སུག་སྨེལ་དང་། ག་བུར་དང་། ཕྲེང་བ་ཞེས་པ་སྤྲི་ཀའི་མེ་ཏོག་གམ་མ་ལ་ཏ་པུ་སྤའང་ཟེར་བ་སྤྲ་བའི་མེ་ཏོག་ཀྱང་ཟེར་ཏེ། དོན་དུ་ཤིང་སྤྲི་ཀའི་མེ་ཏོག་དང་ནི། གཡོ་བ་ཞེས་པ་སི་ཧླ་ཀའི་ཕྱེ་མ་དང་། གྷ་ན་ཞེས་པ་གླ་སྒང་ངོ་། །དེ་ལྔ་ནི་རེའུ་མིག་ཉེར་ལྔའི་སྟེང་གི་རེའུ་མིག་དང་པོ་ལྔ་ལ་འགོད་པར་བྱའོ། །འབྲས་བུ་ཅན་པྲི་ཡངྐུའི་མེ་ཏོག་ཏེ་དཀར་པོ་ཡོད་པ་བཟང་བ་དང་། བྱ་རོག་སྟེ་ཨ་ག་རུ་ནག་པོ་དང་། རི་སྐྱེས་ཏེ་ཤཻ་ལཻ་ཡ་ཞེས་པ་བྲག་བྱུང་སྟེ་བྲག་ཞུན་དཀར་པོ་ལ་གྲགས་ཀྱང་། འགའ་ཞིག་གི་བྲག་སྤོས་པ་དང་། འགའ་ཞིག་གི་བྲག་དྲེག་ལ་འདོད་དོ། །ཀ་ཀྐོ༷་ལ་ནི་ཀ་ཀོ་ལ་དང་། སི་དྷ་མུ་ཏྲ་ནི་སིདྷ་མཱུ་དྲ་ཞེས་པ་སེང་གེའི་ལག་པ་སྟེ། ཛ་ཡ་ནི་ཞེས་པའི་ཤིང་སྡོང་ཆེན་པོ་ཡུལ་ཏི་ར་ཧུ་ཏི་སོགས་སུ་སྐྱེ་བ་ཡིན་ཡང་། བོད་ན་དེའི་ཕྱོགས་མཐུན་ཕུར་མོང་ཡིན་ཡང་ཟེར། ལི་ག་དུར་དམར་པོ་ལ་བཞེད་པའང་ཡོད། འདི་ལྔ་སྟེང་གི་ལྔ་པོའི་འོག་གི་ལེ་ཚེ་ལྔ་ལའོ། །ཨུཏྤལ་ནི་སྐབས་འདིར་་རྟ་ཡིན་པར་འགྲེལ་བར་གསུངས། འབྲས་བུ་ནི་ཛཱ་ཏི་ཕ་ལའོ། །རི་དྭགས་སྐྱེས་གླ་རྩིའོ། །དམར་པོ་གུར་གུམ་མོ། །དེ་ཏྱ་ཞེས་པ་མུ་རཱ་འོ་ཞེས་གསུངས་པ་འདི་ལ་ཐར་ལོ་སོགས་ཤུ་དག་དཀར་པོ་ཞེས་འདོད་ལ། ཁ་ཆེ་ཟླ་བས་ཤུ་ཟུར་དཀར་པོ་ཞེས་དང་། ག་རོད་ལོ་ཙཱས་ལྷ་མིན་ཞེས་བསྒྱུར་བ་ལྟར་ན་དེ་བ་ད་རི་ཡིན་ཡང་ཟེར། དེ་ལྔ་དབུས་ཀྱི་རེའུ་མིག་ལྔ་ལའོ། །པཱུ་ཏི་ཞེས་པ་པུ་ཏྲ་ཀེ་ཤ་སྟེ་བུའི་སྐྲ་ཞེས་པ་སྲོག་ཆགས་ནགས་རྒྱུག་ལྡན་གྱི་སྐྲ་ཡིན་ཟེར་བའང་ཡོད་ལ། རྩ་ཨ་བ་འདྲ་བ་སྔོ་དྲི་བཟང་ཞིག་ཡོད་པ་ཡང་བཤད་པ་དང་། ཀླུ་ཞེས་པ་ནཱ་ག་གེ་སར་གྱི་མེ་ཏོག་དང་། བསིལ་བ་ཙན་དན་དཀར་པོའོ། །ར་ཎ་ཨཱུ་ཤིར་ཀ་སྟེ་པུ་ཤེལ་ཙེའོ། །འདབ་མ་ནི་ཤིང་ཏ་མཱ་ལའི་འདབ་མ་སྟེ། སྔོ་སྐྱབ་ཀྱི་འདབ་མ་འདྲ་བ་ཁ་དོག་སྔོན་པོ་དྲི་ཤིན་ཏུ་ཞིམ་པ་ཞིག་


MR17_Page_0840
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཅེས་ཟེར། དེ་ལྔ་དབུས་ཀྱི་ལྔ་པོའི་འོག་གི་ལྔ་ལའོ། །བ་ལ་སྟེ་མཱཾ་སི་ནི་སྤང་སྤོས་སོ། །ཛ་ལ་སྟེ་ཆུ་ཞེས་པ་པཱ་ལ་ཀ་ཡིན་པར་གསུངས་པ་དྲི་ཞིམ་པོ་རྩ་བ་རིང་པོ་ཅན་ཞིག་ཡོད་ཅེས་ཟེར་ལ། བོད་ན་ཕྱོགས་མཐུན་ཟིང་དུ་ཡིན་ནམ་ཟེར། ཁ་ཅིག་ཏུ་བ་ལེ་ཀའང་ཟེར་ལ། ཙ་མིས་བ་ལུར་བསྒྱུར་བ་དེ་དང་། འཁྲི་ཤིང་ཞེས་པ་འཁྲི་ཤིང་གླ་རྩི་སྟེ་ཤིང་གཞན་གྱི་ལོགས་ལ་འཁྲིས་ནས་སྐྱེ་བ། སྐྱུ་ལུ་སུའང་ཞེས་པ་མེ་ཏོག་སྔོན་པོ་ཅན་ཞིག་ཡོད་དོ་ཞེས་ཟེར། ཨཾ་བ་ར་ནི་ནམ་མཁའ་ཞེས་པ་བྷེ་རུཎྚ་བིཥྚ་ཡིན་པར་གསུངས་བིཥྚ་བྲུན་གྱི་མིང་ཡིན་ཡང་ཤིང་ཞིག་གི་ཡིན་པ་འདྲ་ལ། བྱ་བྷེ་རུཎྚ་ཞེས་པ་ཁྭ་ཏའི་དབྱིབས་འདྲ་བའི་བྱ་སེར་པོ་ཞིག་གི་བྲུན་ཤིན་ཏུ་དྲི་ཞིམ་ཞིག་ཡོད་པ་དེ་ཡིན་པ་ཟེར་བ་དང་། འགའ་ཞིག་གིས་ཕ་ཝཾ་གི་བྲུན་འདྲ་བའི་ཤིང་གི་འབྲས་བུ་གཅིག་ཡོད་ཟེར། འཁྱོག་པོ་ཞེས་པ་པིཎྚི་ཏ་ཀ་རའི་མེ་ཏོག་ཅེས་གསུངས་པ། རྒྱ་སྤོས་ཀྱི་མེ་ཏོག་ལ་བཞེད་དེ། །ཙ་མིས་འཁྱོགས་པོའི་ཚབ་ཏུ་འཁོར་ལོ་ཞེས་འདོན་ཏོ། །དེ་ལྔ་པོའི་འོག་གི་རེའུ་མིག་ལྔ་ལ་བཀོད་པར་བྱའོ། །དེ་ལྟར་དྲི་ཡི་སྦྱོར་བའི་རྫས་ལྔ་ཚན་ལྔ་བཤད་པ་འདི་དག་ནི་ཇི་ལྟར་འདོད་པ་བཞིན་ལེ་ཚེ་སྦྱར་བའི་རྫས་ལྔ་ཕུག་རེ་རེ་དག་གིས་བཟང་པོའི་དྲི་ཡི་སྦྱོར་བ་རེ་རེ་མཛོད་ཅིག་ཅེས་པ་སྟེ། དེ་ལྟར་སྦྱར་ནས་དྲི་དེ་དག་ཁྱད་པར་དུ་འགྱུར་བའི་ཕྱིར། རི་དྭགས་ཞེས་པ་གླ་རྩི་དང་རི་བོང་ཅན་ག་བུར་སོགས་ཀྱི་དྲི་ཡིས་བདུག་པ་དག་གིས་སྨིན་པར་བྱ་བ་དང་། མེ་ཏོག་དྲི་བཟང་པོ་ཅན་རྣམས་ཀྱིས་དྲིས་དེ་ལ་བགོ་བར་བྱ་བ་དང་། ཆང་ལ་སོགས་པས་སོ་ཞེས་པ་ཆང་དང་ལ་སོགས་པའི་སྒྲས་ག་བུར་གླ་རྩི་ཛཱ་ཏི་ཕ་ལ་སོགས་འཆད་འགྱུར་ལྟར་ཆང་ཐམས་ཅད་ཀྱིས་དབུག་ཅིང་བསང་བར་བྱའོ་ཞེས་པ་ནི་དྲི་ཡི་རྫས་དགོད་པའི་ངེས་པའོ། །དེ་ནས་ལི་ཚེ་ལ་བགོད་པའི་རྫས་རྣམས་ཀྱི་ཆ་གསུངས་པ། མིག་སྟེ་གཉིས་ནི་སྟེང་གི་རེའུ་མིག་དང་པོ་ཨེ་ལེའི་ཆའོ། །དེ་བཞིན་དུ་གོང་གི་ཉི་ཤུ་རྩ་ལྔ་པོའི་རིམ་པ་མཚུངས་པར་རིམ་བཞིན་དུ་ཟླ་བ་དང་མེ་དང་རྒྱ་མཚོ་དང་མདའ་དང་དེ་བཞིན་དུ་དྲུག་པ་སོགས་ལ་ཡོན་ཏན་དང་


MR17_Page_0841
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གཏེར་དང་མདའ་དང་འདིར་རོ་ཞེས་པ་དཔེ་མ་དག་པའོ། །ལག་པ་དང་ཟླ་བ་ལྔ་ཚན་གཉིས་པ་རྣམས་ལའོ། །ཡང་བཅུ་གཅིག་པ་སོགས་ལ་མདའ་དང་མིག་དང་ཟླ་བ་དང་མེ་དང་རྒྱ་མཚོ་རྣམས་ལྔ་ཚན་གསུམ་པ་ལའོ། །སླར་ཡང་བཅུ་དྲུག་པ་སོགས་ལ་ཟླ་བ་དང་དུས་ཏེ་གསུམ་དང་དུས་ཏེ་བཞི་དང་མདའ་དང་མིག་རྣམས་ལྔ་ཚན་བཞི་པ་ལ་འགོད་པ་དང་། དེ་ནས་ཉེར་གཅིག་པ་སོགས་ལ་ཆུ་གཏེར་དང་མདའ་དང་མིག་དང་ཟླ་བ་དང་འཇིག་རྟེན་ཏེ་གསུམ་རྣམས་ཏེ། དེ་ལྟར་ཨེ༷་ལ་ལ་སོགས་པའི་ཆ་ཤས་ཆེ་ཆུང་གི་གྲངས་ཆ་ལྔར་བྱས་པ་རྣམས་རིམ་པས་ཡོངས་སུ་བཀོད་པ་རེའུ་མིག་ལྔ་རེ་ལྔ་རེ་དག་ལ་སྟེ། དེ་ལྟར་རྫས་ལྔ་ནི་ལེ་ཚེ་གཅིག་ཏུ་སྦྱར་བའི་གྲོང་ཁྱེར་ལྔའམ་རེའུ་མིག་ལྔ་ལ་གནས་པ་ཡི་ཆ་ཚད་ཆད་ལྷག་མེད་པ་དག་པའི་ཆ་ཤས་ནི་ཉིན་ཞག་ཅེས་བྱས་དྲིར་འགྱུར་རོ་ཞེས་པ་ཆ་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་བསྡོམས་པས་བཅོ་ལྔར་འགྱུར་བ་དེའི་ཚུལ་གྱིས་འཕྲེད་དང་སྟེང་འོག་ཏུ་ཡང་ཆ་བཅོ་ལྔར་འགྲིགས་པ་དེ་དག་གང་ཡང་རུང་བ་སྦྱར་ཀྱང་དྲིའི་སྦྱོར་བ་རེ་རེར་འགྱུར་ལ། ཟུར་བཞི་ནས་དེ་བཞིན་ཆ་འགྲིག་པ་སོགས་རྫས་ལྔ་ཆ་བཅོ་ལྔར་འགྲིག་པ་གང་ཡང་སྦྱར་རུང་བར་མངོན་ནོ། །དྲི་ཆབ་དང་བྱུགས་པ་སོགས་ཀྱི་དྲིའི་སྦྱོར་བའི་ཆ་ངེས་པའོ། །ད་ནི་སྤོས་ཀྱི་རེང་བུ་སོགས་བསྲེག་པར་བྱ་བའི་སྤོས་ཀྱི་ལེ་ཚེ་སྦྱར་བ་གསུངས་པ། སྔར་བཀོད་པའི་དྲི་ཡི་ལེ་ཚེ་ཉེར་ལྔ་པ་ལས། ཛཱ་ཏི་ལ་སོགས་པ་ལྔ་དབྱུང་བར་བྱས་ནས་དེའི་ཚབ་ཏུ་གཞན་ལྔ་གཞུག་པར་བྱ་བ་ནི། དང་པོ་ཛཱ་ཏི། གཉིས་པ་ཨེ༷་ལ། གསུམ་པ་འཁྲི་ཤིང་གླ་རྩི། བཞི་པ་ཏ་མཱ་ལའི་འདབ་མ། ལྔ་པ་ཀཻ་ལ་ཤའམ། ཀ་ལ་ཤར་གྲགས་པ་ཀ་ཀོ་ལ་ལྔ་ཕྱུངས་ནས་དེ་ཡི་གྲོང་དུ་རིམ་པས་དགོད་པར་བྱ་བ་ནི། ཛཱ་ཏིའི་རེའུ་མིག་ཏུ་རྒྱ་སྐྱེགས་སོགས་རིམ་པར་ཏེ་སརྫ་ར་ས་སྤོས་དཀར་དང་། འོ་མ་ཞེས་ཤྲཱི་བ་ས་སྟེ་སྒྲོན་ཤིང་གི་ཐང་ཆུ་པུ་ར་ཞེས་པ་གུ་གུལ། ཀ་ཀོ་ལའི་རེ་མིག་ཏུ་སི་ཏ་ཀུན་དུ་རུ་ཀ་དག་སྟེ། རྭས་སྲ་རྩི་ཞེས་འདོན་ལ།


MR17_Page_0842
[མ་དཔེ་གཟིགས་ན་འདིར་གནོན།]

སོག་པོ་སྤོས་དཀར་རམ་སོག་སྤོས་ཏེ་ཐང་ཆུའོ་ཞེས་བཤད། བིབྷཱུ་ཏིས་དེ་བ་ད་རུ་ཞེས་བཤད་ཀྱང་ཟེར། གོང་གི་ས་རྫ་ར་ས་ཡང་སྲ་རྩི་ཤིང་ཞེས་པ་སྤོས་དཀར་གྱི་ཤིང་དང་། དེའི་ཐང་ཆུ་སྤོས་དཀར་གྱི་མིང་ཡིན་ཡང་སྐབས་དེར་ཤིང་ཡིན་ནམ་ཁྱད་པར་ཡོད་པ་གང་ཡིན་བརྟག་གོ། དེ་ལྟར་བདུག་པའི་བྱ་བ་རྣམས་ལ་གོང་བཤད་བཞིན་རྫས་ལྔ་རེ་ཆ་ཤས་སུ་སྦྱར་བའི་ལྔ་ཚན་གང་རུང་རེས་བདུག་པར་བྱའོ། །ཡང་ག་བུར་ཀ་ར་དང་བཅས་པ་ཆ་གཅིག་བྱ་བའམ། གང་དུ་ཀ་ར་ཡིན་པ་དེར་མེ་ཏོག་གི་རོ་དང་ལྡན་པ་སྦྲང་རྩི་བཅུག་ནས་སྤོས་སྦྱར་བ་དག་དང་། ཡང་ན་སྤོས་སྦྱོར་ལྔ་ཚན་གང་རུང་རེའི་སྟེང་དུ་སེན་མོ་ཞེས་པ་ན་ཁི་དག་ནི་མེ་ཡི་ཆ་ཤས་ཞེས་ཆ་གསུམ་བསྣན་པས་ཆ་བཅོ་བརྒྱད་ཀྱིས་ཡན་ལག་དྲུག་གི་སྤོས་སུ་འགྱུར་རོ། །ག་བུར་དང་ཀ་ར་དང་སྦྲང་རྩི་དང་གླ་རྩི་དང་བཅས་པ་བཞི་རེ་རེ་ནས་ཆ་རེ་རེ་བྱས་པ་རྫས་གཞན་སྤོས་སྦྱོར་དྲུག་པའི་སྟེང་དུ་བསྣན་ན་སྦྱོར་བ་བཅུ་པའི་སྤོས་སུ་འགྱུར་རོ། །སྤོས་སྦྱོར་དེ་དག་སྦྲང་རྩི་དང་བྲལ་བ་ཀ་ར་ཅུང་ཟད་བསྲེས་པའི་དྲི་ཡི་ཆུ་ཡིས་སྦྲུལ་ཏེ་སྦྱར་བ་དག་ཀྱང་ལྕགས་སམ་ཤིང་སོགས་ཀྱི་སྦུབ་ནས་དྲངས་ཏེ་སྤོས་ཀྱི་རེང་བུ་ནཱ་ར་ཙའི། རྣམ་པ་རབ་ཏུ་བྱ་སྟེ་ཞེས་པ་ནཱ་རཱ་ཙ་ནི་གཟུགས་མོ་བྱི་ཐུར་གྱི་མིང་ཡིན་པར་བཤད། དེ་ལྟ་བུའི་བདུག་སྤོས་དེས་གོས་ལ་སོགས་པ་བདུག་པ་དང་། དམ་པའི་ཆོས་དང་སངས་རྒྱས་ཀྱི་སྐུ་གཟུགས་ལ་སོགས་པ་མཆོད་པའི་དོན་དུ་བྱའོ། །དེ་ནས་དྲི་བཟང་གི་ཁྲུས་ཀྱི་ལེ་ཚེ་སྦྱར་བ་གསུངས་པ། སྔར་དྲི་ཡི་ལེ་ཚེ་སྦྱར་བའི་རྫས་ཉེར་ལྔ་པོའི་ནང་ནས་རྫས་བཞི་དང་སྤོས་ཀྱི་ན་ཁི་བཅས་ལྔ་ཕྱུངས་ཏེ། དེ་ཡི་ཚབ་ཏུ་གཞན་ལྔ་སྦྱར་བར་བྱ་བ་ནི། རི་དྭགས་ཀྱི་ལྟེ༷་བ་གླ་རྩི་ནི་དང་པོ་དང་། དེ་བཞིན་དུ་གཉིས་པ་སེང་ཧ་མཱུ་ཏྲ་དང་། གསུམ་པ་རི་བོང་ཅན་ག་པུར་དང་། བཞི་པ་མཁའ་བྷེ་རུཎྚ་བིཥྚའི་རྫས་ཕྱུངས་ནས་དེ་ཡི་གྲོང་དུ་ཁྲུས་ཀྱི་སྦྱོར་བ་ལ་དགོད་པར་བྱ་བ། རིམ་བཞིན་ལྟེ་བའམ་གླ་རྩིའི་རེ་མིག་ལ་གྲནྠི༷་བརྑ་གདུད་པའི་ལོ་མ་ཞེས་པ། འཁུར་བ་འདྲ་བའི་རྩྭ་དྲི་ཞིམ་པ་ཞིག་ཡོད་ཟེར་ཞིང་དེ་རྩོད་ཡིན་པར་ཡང་བཤད། ཁ་ཅིག་ཏང་


MR17_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནམ་ལྒ་སྐྱ་ཡིན་ཡང་ཟེར། གཉིས་པར་སྟག་ཅེས་པ་སྟག་སེན་ཏེ་ཀཎྚ་ཀ་རི་དང་། གསུམ་པ་རི་བོང་ཅན་གྱི་ཚབ་ཏུ་ཧ་རེ་ཎྱ་ཞེས་པ་ཕོ་བ་རིས་དཀར་པོ་དང་། མཁའ་ཡི་གྲོང་དུ་ཧ་ཏ་ཞེས་པ་ཀ་ཙོ་རི་ཀ་སུག་པའམ། བི་བྷཱུ་ཏི་ས་ཙོ་རམ་སི་ཞེས་དང་། རྭས་ཙོ་ར་ཀ་ཞེས་དང་། ག་རོད་ཀྱིས་བསྒྱུར་བྱེད་ཅེས་སྤང་སྤོས་སུ་བཤད། གཞན་ཡང་དེ་བཞིན་དུང་སྟེ་ན་ཁི་ཆ་གསུམ་སྤོས་ལ་བསྣན་པ་ཕྱུངས་ནས་དེ་ཡི་ཆ་ལྟར་ཤུན་པ་ཤིང་ཚ་དག་གི་ཆ་ཡང་གསུམ་བསྣན་པས། དེ་ལྟར་ཁྲུས་ཀྱི་སྦྱོར་བ་ལ་རེ་མིག་ཉེར་ལྔ་པའི་ལྔ་ཚན་རེའི་སྟེང་དུ་ཤིང་ཚ་ཆ་གསུམ་བསྣན་པས་རྫས་དྲུག་ཆ་བཅོ་བརྒྱད་ཀྱིས་ཆུ་དང་སྦྱར་བའི་ཁྲུས་ཀྱི་དྲི་ཡི་སྦྱོར་བར་འགྱུར་རོ། །དེ་ནས་དྲིལ་ཕྱིས་ཀྱི་ལེ་ཚེ་སྦྱར་བ་གསུངས་པ། ཁྲུས་ཀྱི་ལེ་ཚེ་སྦྱར་བར་གསུངས་པའི་ནང་ནས་ཤུན་པ་ཤིང་ཚ་བཞིན་དུ་རྫས་ལྔ་པོ་འདི་རྣམས་ཆ་གསུམ་སྦྱིན་པར་བྱ་སྟེ། གང་ཞེ་ན། དྷཱ་ནྱ་ཞེས་པ་ཀུ་སྟུཾ་བུ་རུ་འུ་སུ་དང་། མུརྦཱི༷་ཞེས་པ་མ་རུ་བ་ཀ་སྟེ་དམར་རུ་མགོ་ནག་སྐྱེ་བའི་ཤིང་གི་འདབ་མ་དང་། བརྒྱ་ཡིས་མཚན་ཞེས་པ་ཤ་ཏ་པུཥྤ་ཞེས་པ་མེ་ཏོག་བརྒྱ་བ་ཟི་རའམ་མགོ་སྙོད་ཀྱི་མེ་ཏོག་ལ་བཤད་པ་དེ་དང་། ད་མ་ཀ་ཞེས་པ་ཕུར་མོང་དཀར་པོ་དང་། མ་དྷུ་རི་ཤིང་མངར་རྣམས་ནི་ཤིང་ཚའི་ཆ་དེ་བཞིན་དུ་གསུམ་གསུམ་སྦྱར་བ་ཆ་བཅོ་བརྒྱད་ཀྱིས་ཏིལ་མར་སོགས་དང་སྦྱར་ནས་ལུས་ལ་དྲིལ་ཕྱིས་ཀྱི་སྤོས་དག་ལ་ཡང་ངོ་། །ད་ནི་བསྐུ་མཉེའི་སླད་དུ་སྨིན་པའི་ཏིལ་མར་གྱི་རེ་མིག་སྦྱར་བ་གསུངས་པ། སྔར་དྲི་ཡི་ལེ་ཚེ་སྦྱར་བར་བརྗོད་པ་མ་བཟློག་པ་སྟེ་མ་ཕྱུངས་པར་སོར་བཞག་ལ། ཆུ་སྐྱེས་ཏེ་ན་ཁིའམ་སེན་མོ་གཏོང་བ་བཞིན་དུ་འདིར་ཏ་ནུའམ་ལུས་དང་ཞེས་པ་ཤུན་པ་ཤིང་ཚ་དང་། གྲནྠི༷་བརྞ་མདུད་པའི་ལོ་མ་དག་ཀྱང་ཆ་གསུམ་བྱིན་ནས་དྲིའི་ལེ་ཚེའི་རྫས་ལྔ་དང་འདི་གཉིས་བཅས་རྫས་བདུན་པོ་ཆ་བཅོ་བརྒྱད་པ་འདི་ཉིད་འཆད་འགྱུར་ལྟར་ཏིལ་མར་སྨིན་པར་བྱས་པ་ནི་དྲི་སྣ་ཚོགས་ཀྱི་ཏིལ་མར་བྱ་བ་ལའོ། །དེ་བཞིན་དུ་དྲི་ཡི་ཕྱེ་མ་དག་བྱ་བ་ལ་སེན་མོའི་ཚབ་ཏུ་རྫས་ལྔ་པོ་


MR17_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་གྲ་ནྠཱི་བརྞྞ་ཀ་སྦྱིན་པར་བྱ་སྟེ། སེན་མོའི་ཆ་དེ་བཞིན་དུ་ཆ་གསུམ་དུ་འགྱུར་ཏེ། ལུས་ཤིང་ཚ་དང་གོང་བཤད་ཧ་ཏ་གཉིས་པ་སྣན་པ་ནི་བཏུང་བ་ལ་དྲིས་བསྒོ་བ་དང་། ཁ་ལ་དྲི་བཟང་པོས་བསྒོ་བ་ལ་ཡང་ངོ་། །ཤུན་པ་དང་ཕ་ལ་དང་གྲནྠི་དང་དུང་ངམ་ན་ཁི་བཞི་ཆ་གསུམ་ནི། འབྲས་བུ་ཡི་སྨིན་པ་དང་། འདབ་མ་དང་སྦྱར་བའི་སྨི༷ན་པ་དང་། ངང་པ་ཡི་སྨིན་པ་སོགས་ལ་ཡང་ཞེས་པས། ཁྱོགས་ཀྱི་སྨིན་པ་རྣམས་འཆད་པར་འགྱུར་བ་ལྟར་ལ་དེ་དག་ལ་སྦྱིན་པར་བྱའོ། །འདི་སྐབས་འགྲེལ་བ་འགར་དྭངས་པའི་སྨིན་པ་ཞེས་ད་བ་ཟུར་ཅན་ས་མཐའ་བཅས་བྱེད་པ་ནི་མ་བརྟག་པའོ། །དེ་ལྟར་དྲི་ཡི་སྦྱོར་བའི་རབ་དབྱེ་སུམ་ཅུ་དག་གིས་ལེགས་པར་སྤྲས་པ་འདི་ལྟ་བུ་རྣམ་པ་མང་པོའི་དྲི་དང་སྤོས་དང་ཁྲུས་སྤོས་ལ་སོགས་པའི་སྦྱོར་བ་དག་དྲི་དོན་དུ་གཉེར་བ་རྣམས་ཀྱིས་བྱའོ། །དྲི་སྦྱོར་གྱི་རྫས་ནི་མ་ཉམས་པ་དང་སྦྱར་ཚད་དང་ལྡན་པས་རྣམ་པར་དག་ཅིང་འབྲས་བུ་སོགས་དང་སྦྱོར་བས་དྲི་སྨིན་པ་དང་། མེ་ཏོག་སོགས་དྲི་ཞིམ་པོས་བསྒོས་པ་དག་ནིའམ་དང་ནི་དྲིས་བསང་ཞིང་ཕུག་པ་ཉིད་བྱས་པ་དག་གིས་ཀྱང་ལེགས་པར་འགྱུར་རོ། །འདིར་རབ་དབྱེ་སུམ་ཅུ་བགྲང་ཚུལ་ལ། དྲི་ཡི་ལེ་ཚེ་ལྔ་ཚན་ལྔ་དང་དེ་བཞིན་སྤོས། ཁྲུས། དྲིལ་ཕྱིས། ཏིལ་མར། ཕྱེ་མ་རྣམས་ལ་ལྔ་ཚན་རེར་བརྩིས་པས་དྲུག་ལྔ་སུམ་ཅུའམ། ཡང་ན་དྲི་སྦྱོར་ལེའུ་ཚེ་རེ་རེ་ལའང་འཕྲེད་ལ་སྦྱོར་བ་ལྔ། གྱེན་ཐུར་གྱི་ལྔ་ཚན་ལྔ། ཐུར་ལ་གཉིས། དབུས་ཀྱི་རེ་བུ་མིག་དགུ་པོ་རེ་རེ་ནང་དབུས་སུ་བྱས་ལ་ཕྱོགས་བཞི་བགྲང་བས་དགུ། མཚམས་བཞི་དང་སྦྱར་ཏེ་བགྲང་བས་དགུ་སྟེ་བཅོ་བརྒྱད་དང་སྔ་མ་བཅུ་གཉིས་དང་བསྡོམ་པས་སྦྱོར་བ་སུམ་ཅུར་བཞེད་པ་དང་། ཡང་རེ་མིག་གི་རྫས་མ་སྤོས་པ་ལ་གྱེན་འཕྲེད་དུ་བཅུ། དེ་བཞིན་སྤོས་ཀྱི་ལེ་ཚེའི་རྫས་ལྔ་སྤོས་པ་ལ་བཅུ། ཁྲུས་ཀྱི་རྫས་ལྔ་སྤོས་པ་ལ་བཅུ་སྟེ་སུམ་ཅུའོ་ཞེས་དང་། ཡང་རེ་མིག་ཉེར་ལྔ་ལ་བཀོད་པའི་རྫས་མ་འཕོས་པ་གཞིར་བཞག་ལ་རྫས་ལྔ་འཕོས་པའི་རབ་དབྱེ་ལ་བརྩིས་ན། དྲིའི་ལྔ་ཚན་


MR17_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །དེའི་ཚབ་ཏུ་སྤོས་ཀྱི་ལྔ། ཁྲུས་ཀྱི་ལྔ། དྲིལ་ཕྱིས་ཀྱི་ལྔ། ཏིལ་མར་གྱི་ལྔ། ཕྱེ་མ་སོགས་ཀྱི་ལྔ་ཚན་གཅིག་སྟེ་སུམ་ཅུ་འཕོ་བའི་དྲི་རྫས་ཀྱི་རབ་དབྱེ་ཞེས་བཤད་དོ། །ད་ནི་དྲི་ཡི་སྦྱོར་བ་དེ་དག་འདུག་པས་སྨིན་པར་བྱ་བ་ཉིན་ཞག་སོ་སོར་བྱ་བའི་ཚུལ་བསྟན་པ་སྟེ། དེ་ཡང་དྲིའི་སྦྱོར་བ་ལ་བདུག་པར་བྱ་བའི་འཕྲོད་ཀྱི་རྫས་ནི་འདབ་མ་ཐ་མ་འབྲིང་དང་མཆོག་གསུམ་ལས། ཐ་མ་ནི་གླ་སྒང་དང་། ཤཻ་ལཻ་ཡ་དང་། ཨུ་ཤིར་དང་། བཱ་ལ་ཀ་དང་། ཀ་པི་ཏྠ་དཱ་དང་། བིལ་བ་ཀ་སེང་དང་། མཱུ་ར་དང་། མཱཾ་སི་འདི་རྣམས་རྫས་ཐ་མའོ། །འདབ་མའི་དྲི་འདི་དག་གི་དབང་གིས་ཉིན་ཞག་དང་པོར་བརྒྱད་ཆ་གཅིག་འདབ་མའི་དབང་གིས་བསྐ་བར་འགྱུར་ཏེ་ཞེས་པ་ཨ་རུ་རའི་ཕྱེ་མ་བུ་རམ་དང་སྦྱར་བས་བདུག་པར་བྱའོ། །འདི་གོ་བ་ད་དེར་བརྗོད་ན་ཨ་རུ་ར་བུ་རམ་སྦྱར་བ་ལྔ་ཚོན་གྱི་འདབ་མའི་སྤོས་སྦྱོར་དེའི་བརྒྱད་ཆ་ཙམ་གྱིས་ཉིན་ཞག་དང་པོ་ལ་བདུག་པར་བྱ་སྟེ་དྲིའི་རྫས་རྣམས་ཀྱི་ལྡེ་གུ་ཁམ་ཕོར་ནང་དུ་སྦྱར་བ་ལ་འོག་ནས་ཁམས་ཕོར་གྱི་ནང་ནས་བདུག་བྱེད་ཨ་རུ་དང་བུ་རམ་གྱི་དུ་བས་བདུག་ཏེ་དུ་བ་མི་འཆོལ་བར་ཞག་གཅིག་འགོག་པར་བྱའོ། །ཞེས་སོ། །དེ་ནས་ཉིན་ཞག་གཉིས་པ་ལ་མེ་ཏོག་དྲི་ཞིམ་པོས་བགོ་བ་བྱས་ནས། ཉིན་ཞག་གསུམ་པ་ལ་འབྲིང་པོའི་འདབ་མ་རྣམས་བསྲེ་བར་བྱའོ། །འདབ་མ་དེ་ཡི་བདུག་པ་བསྐ་བ་དག་ཉིས་འགྱུར་དག་ནི་དྲག་པོའི་སྤོས་ལ་བདུག་པར་བྱ། འདབ་མའི་བཞི་ཆ་དག་གིས་ཉིན་ཞག་གཉིས་བདུག་ནས་ཞག་གཅིག་བར་དུ་བཞག་སྟེ་ཞག་གཉིས་ལ་མེ་ཏོག་གིས་བདུག་པར་བྱའོ། །དྲག་པོའི་སྤོས་ནི་རྒྱ་སྐྱེགས་དང་། ས་རྫ་ར་ས་དང་། ཤྲཱི་པཱ་ས་དང་། གུ་གུལ་དང་། ཀུན་དུ་རུ་ཀ་སོགས་སྤོས་སམ། བིབྷཱུ་ཏིས། དེ་བ་ཀར་ལ་ཟེར་ཏེ་ལྔ་པོ་འདི་དག་བུ་རམ་གྱིས་སྦྱར་བའི་དྲག་པོའི་སྤོས་སུ་འགྱུར་རོ། །འདིར་འབྲིང་པོའི་འདབ་མ་ནི། སྤྲི་ཀའི་མེ་ཏོག་སོགས་མེ་ཏོག་གི་སྡེ་དང་། ཙན་དན་ཨ་ག་རུ་ཤིང་གི་སྡེ་དང་། ཛཱ་ཏི་སོགས་འབྲས་བུའི་སྡེ་དང་། སེན་མོ་དང་ཤིང་ཚ་ཤུན་པའི་སྡེ་དང་། སིཧླ་


MR17_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཁུ་བའམ་ཐང་ཆུའི་སྡེ་གང་རུང་ངོ་། །དེའི་ཕྱི་ནས་དྲག་པོའི་སྤོས་ཀྱི་རྫས་ཀྱི་ཚད་ཀྱི་སྟེ་ཚད་དང་མཉམ་པའི་བུ་རམ་དག་ཀྱང་བསྲེག་པས་བདུག་པར་བྱར་སྟེ། ཚད་འདི་སོ་གའི་དུས་སུ་ཡིན་ཅིང་། སོ་གའི་སྦྱོར་བ་དག་ལས་དབྱར་རྫས་ཀྱི་ཉིས་འགྱུར་དང་། དགུན་སུམ་འགྱུར་དུ་འཕེལ་བ་སྦྱིན་བར་བྱའོ། །འགྲེལ་པར་དེ་ནས་བུ་རམ་ཚིག་པར་གྱུར་པ་ན་ཞེས་པ་བསྲེག་ནས་ཞེས་པའི་དོན་ཏེ། དེའི་རྗེས་སུ་བུ་རམ་གྱི་རྐང་པའི་ཆ་ཤས་ཏེ་བཞི་ཆ་གཅིག་གི་དུང་སྟེ་ན་ཁི་དང་བུ་རམ་སྦྱར་བ་དག་གི་བདུག་པ་ཉིན་ཞག་གཉིས་བསྲེག་སྟེ་བདུག་པར་བྱའོ། །དེ་ནས་སྦྲང་རྩི་དང་དཀར་པོ་ཞེས་པ་ཤ་ཁ་ར་དག་ཀྱང་སྤོས་ཀྱི་རྫས་དང་མཉམ་པ་གོང་བུའི་བདུག་པ་འཆད་འགྱུར་ལྟར་ངེས་པར་བསྲེག་པས་བདུག་པར་བྱའོ། །གོང་བུ་ཞེས་པ་ནི་གོང་བུའི་བདུག་པ་སྟེ་ག་བུར་དང་བཅས་ཤིང་དྲག་པོའི་སྤོས་ཀྱི་རྫས་ལྔ་སྦངས་ནས་ལེ་ཚེ་སྦྱར་བའི་རྫས་ལྔ་བུ་རམ་གྱི་ས་སྦྲུས་པའི་གོང་བུ་བསྲེག་ནས་བདུག་པར་བྱ་སྟེ། དེའི་ཚད་ནི་དུང་གི་སྟེ་སེན་མོའི་ཚད་གོང་དུ་རྐང་པ་གཅིག་ཏུ་བཤད་པ་དེའོ། །འདིར་གོང་བུའི་ཆེ་ཆུང་གི་ཚད་ནི་ཁམ་བུ་ཞེས་པ་ཁམ་ཚད་དེ། ཁམ་ཐོག་གི་ནང་འབྲས་ཙམ་ལ་བཟུང་ན་བདེ་འདྲ་སྙམ་མོ། །བུ་རམ་ཡང་ཉིན་ཞག་སོ་སོར་ཁམ་ཚད་གསུམ་རེ་བསྲེག་པས་བདུག་ནས་བར་བར་དུ་མི་བདུག་པར་ངལ་གསོ་བར་བྱའོ། །ཉིན་ཞག་སོ་སོར་དྲི་ཡི་རྫས་ཀྱི་བརྒྱད་ཆའི་སྤོས་ངེས་པར་བསྲེག་པས་བདུག་པར་བྱའོ། །རྣམ་པ་གཞན་དུ་ཚད་མ་ཟིན་པར་བདུག་པ་ཆུང་ན་བདུག་པས་མ་སྨིན་པ་ལས་དྲི་སྐྱུར་བར་འགྱུར་ཞིང་། ཐལ་ཆེས་ན་དྲི་ཚིག་ནས་གཞན་པར་འགྱུར་རོ། །དེའི་རྗེས་སུ་ལེ་ཚེ་ལ་བཀོད་པའི་མཆོག་གི་འདབ་མའི་རྫས། པཱུ་ཏྲ་ཀེ་ཤ་དང་། ཛཱ་ཏི་ཕ་ལ་དང་། ག་བུར་དང་། ལྟེ་བ་གླ་རྩི་དང་། གཞན་མཆོག་གི་འདབ་མའི་གཙོ་བོ། མ་ལ་ཡ་ཅན་ཙན་དན་དང་། ལ་གྷུ་སྟེ་ཡང་བ་ཨ་ག་རུ་དང་། ཙ་ལ་སྟེ་གཡོ་བ་སི་ཧཱ་ཀ་དང་། ཟླ་བ་ག་བུར་དང་། ག་བུར་དེ་དང་ལྡན་པ་ཀ་ར་སྦྲང་རྩི་དང་བཅས་པ་གསུམ་ལྡན་པ་ཡི་སྨན་རྣམས་བདུག་པར་


MR17_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ནི་སྔ་མ་དེ་བཞིན་ནོ། །འདིར་བདུག་པའི་བུ་རམ་ནི་གོང་བུའི་བུ་རམ་སྟེ། ཁུ་བ་སྔོན་དུ་འགྲོ་བ་ཅན་བ་སྒར་བ་ནི་མིན་ནོ། །དེ་ནས་ཡོངས་སུ་སྨིན་པའི་དྲི་ཤེས་པར་བྱས་ནས། སྨིན་པའི་སྤོས་དེ་ལག་མཐིལ་དུ་མཉེས་པའི་ཚེ་ལག་མཐིལ་དམར་པོར་གྱུར་ན་སྨིན་པ་ཡིན་ནོ། །མ་སྨིན་ན་ཇི་སྲིད་སྨིན་པར་འགྱུར་གྱི་བར་དུ་དཀར་པོའམ་བསིལ་བའི་ཙན་དན་དང་ཀ་ར་སོགས་ཀྱི་བདུག་པ་བསྲེག་པར་མི་བྱའོ། །ཡོངས་སུ་སྨིན་པའི་དྲི་འདི་ནི་མེ་ཏོག་བཟང་པོ་ཙམ་པ་ཀ་སོགས་དྲི་ཞིམ་པོ་རྣམས་ཀྱིས་ཉིན་ཞག་འགའ་ཞིག་སྟེ། ཕྱོགས་ཀྱི་ཕྱེད་ཞག་བདུན་ནམ་ཕྱོགས་གཅིག་གི་བར་དུ་ཇི་སྲིད་འདོད་པར་ཞེས་དྲི་སྐྱུར་བ་སོགས་སྤངས་ཤིང་ཡིད་དུ་འོང་བར་གྱུར་པ་དེ་སྲིད་དུ་བསྒོ་བར་བྱ་སྟེ་མེ་ཏོག་དེ་དག་གི་གསེབ་ཏུ་བཞག་པར་བྱའོ། །དེའི་ཕྱི་ནས་དྲི་འབུགས་པའམ་བསང་བའི་རྫས་ནི། རྫས་ཀྱི་བརྒྱ་ཡི་ཆ་ཤས་ཙམ་གྱི་འབུགས་པའི་རྫས་འབྲས་བུ་གསུམ་ཞེས་པ། ཛཱ་ཏི་ཕ་ལ་དང་། འཁྲི་ཤིང་གླ་རྩི་དང་། ཀ་ཀོ་ལ་གསུམ་དང་། ཡང་ན་ཀ་ཀོ་ལའི་ཚབ་ཏུ་ཨེ་ལ་སུག་སྨེལ་བྱ་སྟེ་དེ་གསུམ་དང་། ཟླ་བ་ག་བུར་དང་མ་ད་ཞེས་གླ་རྩི་སྟེ་འདི་ལྔ་ཆ་མཉམ་པར་བྱས་ནས་བརྒྱད་འགྱུར་གྱི་ཆང་འཆད་པར་འགྱུར་བ་དང་བཅས་པས་འབུགས་པར་བྱའོ། །ད་ནི་དྲི་རྣམས་བསླང་བའི་དོན་དུ་ཆང་གསུངས་པ། དྲིའི་བསྟན་བཅོས་ལས་ཆང་སོགས་སྨིན་པའི་ཆོ་ག་རྒྱ་ཆེར་བཤད་ཀྱང་མདོར་བསྡུས་པ་ལ་ཤི་གྲུའི་ཆུ་དང་ཞེས་པ་ཤི་གྲུའི་ཁུ་བ་སྟེ་ཕོ་རིས་དཀར་པོ་ཡིན་པར་བཤད། གཞན་དག་སྡོམ་འབྱུང་གི་འགྲེལ་བར་དེ་གཉིས་ཐ་དད་དུ་བཤད་པས་མི་འཐད་ཀྱང་ཟེར། ཚ་ག་མུ་ཏྲ་འདི་རའི་གཅིན་ཞེས་པ་སྟེ་འབྲས་བུ་གོ་སྙོད་འདྲ་བར་གཅིན་གྱི་དྲི་བྲོ་བ་ཞིག་ཡོད་ཀྱང་བོད་དུ་ཕྱོགས་མཐུན་སྲུབ་ཀ་ཡིན་ཟེར། མེ་ཏོག་བཅུད་སྦྲང་རྩི་དང་དེ་གསུམ་ཚད་མཉམ་པ་དེ་དག་མེ་ཏོག་ལས་སྐྱེས་སྦྲང་རྩིའི་མཐར་ཐུག་པར་ནི་མེས་བསྐོལ་བར་བྱ་སྟེ། སྨན་གཞན་གྱི་ཁུ་བ་བསྐམ་ནས་སྦྲང་རྩིའི་ཚད་ལུས་པའི་བར་དུའོ། །དེ་ནས་བླངས་ཏེ་ནཱ་རི་


MR17_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

ཀེ་ལ་ལ་སོགས་པའི་སྣོད་དུ་བླུགས་ནས་ཟླ་བ་གཅིག་གི་བར་དུ་ནི། འབྲུ་སོ་བའི་ཕུང་པོའི་དབུས་སུ་བཞག་པས་སྨིན་པར་འགྱུར་ཏེ། དེ་ཡང་མེས་བསྐོལ་བའི་རྗེས་སུ་སྦྲང་རྩི་དེ་ལ་རི་དྭགས་ཏེ་གླ་རྩི་སོགས་འབུགས་པ་ལྔ་དང་མཉམ་པར་སྦྱར་བ་ཡི་ཆང་དང་ལྟེ༷་བ་གླ་རྩི་སོགས་འབུགས་རྫས་དང་ལྡན་པ་འདི་ནི་དྲི་འབི༷གས་པར་བྱེད་པ་སྟེ་དྲི་ཡི་རྫས་ཀྱི་ཕྱི་ནང་ཀུན་དུ་འབིགས་ཤིང་ཁྱབ་པར་བྱེད་པའོ། །ཆང་འདི་ལ་ཨ་ས་པའི་ཆང་ཞེས་ཟེར་ཏེ་སྨན་བསྐོལ་བའི་དངས་མ་ཆང་དུ་ལངས་པ་ཡིན་པས་སོ། །དྲིའི་བསྟན་བཅོས་ཐམས་ཅད་ལས་བཤད་པའི་བདུག་པ་སྨིན་པར་བྱ་བའི་རྫས་བསྲེག་ནས་བདུག་པའི་འཁྲུལ་འཁོར་རྣམ་པ་གསུམ་བཤད་དེ། ནང་ངོས་མཉམ་པ་དོང་བ་ཞབས་མེད་ལྟ་བུ་དང་། སྐེད་ཉག་ཌཱ་མ་རུའི་དབྱིབས་ཅན་སྟེང་འོག་ཧར་པོ་དང་། སྟེང་ཁམ་ཕོར་གྱི་དབྱིབས་ཅན་གསུམ་ཡོད་ལ། གསུམ་ཀའི་སྐེད་པར་འཇིམ་པ་སྲབ་མོས་བར་འགག་ལ། འོག་གི་དུད་པ་འགྲོ་བའི་ལམ་སོར་མོ་གཉིས་ཀྱི་བུག་པ་ཅན་དཔང་སོར་མོ་དྲུག་པ་ནི་ཐ་མ་སྟེ་བསྐ་བ་དང་དྲག་པོའི་བདུག་པའི་སྣོད་དོ། །འབྲིང་པོ་སོར་བརྒྱད་པའི་དཔངས་ཏེ་ན་ཁི་དང་བུ་རམ་དང་གོང་བུའི་སྤོས་ཀྱི་དོན་དུའོ། །མཆོག་སོར་མོ་བཅུ་པ་བསིལ་བའི་སྤོས་ཀྱི་དོན་དུའོ། །འཁྲུལ་འཁོར་འདིའི་འོག་ཏུ་ཕྱེ་མ་དང་བཅས་པའི་གྱོ་མོའི་སྐྱེད་བུའི་སྟེང་དུ་ཚ་བའི་མེ་མ་དག་བཞག་ནས་བྱེ་མ་ཚན་མོ་ལ་བདུག་པ་བཏབ་ལ་སྟེང་ནས་འཁྲུལ་འཁོར་བཞག་གོ། འཁྲུལ་འཁོར་གྱི་སྟེང་དུ་འཇིམ་པའི་ཁམས་ཕོར་ཐོད་པའི་དབྱིབས་ལྟ་བུའི་ནང་དུ་སོར་ཕྱེད་ཀྱི་སྲབ་འཐུག་ཙམ་ཀྱི་དྲིའི་རྫས་ཀྱི་ལྡེ་གུ་སྦྱར་ནས་ཁ་སྦུབ་པའོ། །རྫས་ཆུང་བ་ལ་ནཱ་རི་ཀེ་ལ་ལ་བགོས་ནས་དུ་བ་ལ་བཟེད་པར་བྱས་ཀྱང་རུང་ངོ་། །དབྱུག་གུ་གཅིག་དང་། ཕྱེད་དག་ཏུ་བདུག་པའི་ཚད་ཤེས་ནས་རྫས་ཀྱི་སྣོད་དེ་བླངས་ནས། སྤངས་ལེབ་ཀྱི་སྟེང་དུ་ཁ་སྦུབ་ཏེ་བཞག་ལ་གོས་ཀྱིས་ཕྱི་ནས་བྱིབས་པར་བྱའོ། །སྨིན་པར་བྱ་བའི་དུས་སུའང་རྫས་ཀྱི་སྣོད་ཐོད་པ་དང་འཁྲུལ་


MR17_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་བར་དུ་རླན་དང་བཅས་པའི་གོས་ཀྱིས་དཀྲིས་ཏེ་དུ་བ་མི་འཆོར་བ་དང་མེས་ཚ་བ་མེད་པར་བྱའོ། །ཞེས་པ་བདུག་པ་ཡིས་དྲི་སྨིན་པའི་ངེས་པའོ། །འབྲས་བུས་སྨིན་པ་ནི་བཱི་ཛ་བཱུ་རའི་ནང་གི་འབྲས་བུ་ཕྱུངས་ནས་པགས་པ་ཡོངས་སུ་བསྒྱུར་བའི་ནང་དུ་དྲིའི་རྫས་བཅུག་སྟེ་དེའི་ཕྱི་ནས་ཤིང་ཤུན་གྱིས་དཀྲིས་ལ་འཇིམ་པ་སོར་གཅིག་གི་སྲབ་མཐུག་གིས་བྱུགས་ནས་བ་ལང་གི་ལྕི་བའི་མེས་ཁ་སྦྱོར་གྱི་སྦྱོར་བས་སྨིན་པར་བྱ་སྟེ་ཇི་སྲིད་ཕྱི་ཡི་བྱུགས་པ་མེ་ཡི་མདོག་སྟེ་དམར་པོར་འགྱུར་གྱི་བར་དུའོ། །དེ་ལས་ཐལ་ན་དྲི་ཚིག་ནས་ཉམས་པར་འགྱུར་རོ། །དེ་ནས་ཕྱུངས་ཏེ་བསིལ་བར་གྱུར་པའི་དྲི་ལྟེ་བ་ལ་སོགས་སྔར་བརྗོད་པ་རྣམས་ཀྱིས་དབུག་པར་བྱའོ། །འདབ་མ་སྦྱར་བའི་སྨིན་པ་ནི། ཆུ་ནང་བཅུག་ན་ཆུ་དངས་བྱེད་ཤིང་ཀེ་ཏ་ཀའི་འདབ་མ་རྣམས་ལ་སྣོད་བྱས་ནས་དྲིའི་རྫས་གཞུག་སྟེ་བྱ་བ་གཞན་འབྲས་བུའི་སྨིན་པ་བཞིན་ནོ། །ངང་པའི་སྨིན་པ་ནི། གསེར་རམ་དངུལ་གྱི་བུམ་པའི་ནང་དུ་དྲིའི་རྫས་དཔངས་སོར་གཅིག་ཙམ་དུ་བྱུགས་པ་དེ། ཟངས་ཀྱི་སྣོད་དྲི་བཟང་པོའི་ཆུས་ཕྱེད་བཀང་བ་བསྐོལ་བའི་ནང་དུ་ངང་པ་བཞིན། རྐྱལ་བར་བྱེད་པ་བྱས་པས་སྨིན་ནས་དབུག་པ་སྔར་བཞིན་ནོ། །གཞན་དྲིའི་བསྟན་བཅོས་ལས་བཤད་པའི་རྫས་རྣམ་པ་དགུའི་ནང་ནས་དམན་པའི་འདབ་མ་རྣམས་དག་པར་བྱེད་པའི་སླད་དུ་ལས་རྣམ་པ་བརྒྱད་བཤད་དེ། རྩབ་མོས་བཀྲུ་བ་དང་། དུགས་ནི་ཁྱོགས་ཀྱིས་སྨིན་པ་དང་། མཉེ་བ་དྲི་བཟང་གི་ཆུས་དང་། བརྡུང་བའམ་བརྔོ་བ་ནི་བུ་རམ་གྱི་ཆུ་ལ་སོགས་པའོ། །སྦང་བ་ཤིང་གྲུ་སོགས་ཀྱི་ཁུ་བར་དང་། བདུག་པ་བསྐ་བ་དང་དྲག་པོའི་དུ་བས་དང་། བསྒོ་བ་ཀེ་ཏ་ཀ་སོགས་ཀྱི་མེ་ཏོག་གིས་དང་། དབུག་པ་ལྟེ་བ་ལ་སོགས་པའི་རྫས་རྣམས་ཀྱིས་བྱ་བ་ཡིན་ནོ། །དམན་པ་གླ་སྒང་སོགས་ལ་བ་རྡོ་བའམ་བརྡུང་བ་སྤངས་ནས་བཀྲུ་བ་དང་བསྲོ་བ་སོགས་བྱའོ། །དེ་བཞིན་ཤུན་པ་དང་འབྲིང་པོའི་འདབ་མ་རྣམས་དང་རྩ་བ་དང་ཤིང་དང་འདབ་མ་དང་ཚི་


MR17_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚོགས་ལའོ། །སེན་མོ་ནི་བརྡུར་བས་སོ། །ཞེས་བྷ་ར་ཛ་ཞེས་པ་བ་རྡོ་བར་རྭས་བསྒྱུར་བ་ལེགས། པུ་ཏྲ་ཀེ་ཤ་ནི་སྦྱོར་བས་སྨིན་པའོ། །ལྷག་མ་མེ་ཏོག་གི་ཚོགས་བཞིན་ནོ། །འབྲས་བུའི་ཚོགས་དང་། ཁུ་བའི་ཚོགས་དང་། ཞུ་བའི་རྫས་ཏེ་ཞུ་བར་བྱེད་པ་ལ་ལས་ཅི་ཡང་མི་བྱའོ། །ཁྱོགས་ཀྱིས་སྨིན་པ་ནི་དྲིའི་རྫས་རྣམས་ཕྱེ་མར་བྱས་ནས་སྣོད་ཀྱི་ཁར་གོས་གཙང་མའི་སྟེང་དུ་ཕྱེ་མ་བཀྲམ་ཞིང་། སྒྱེད་པུའི་སྟེང་དུ་སྣོད་དྲི་བཟང་གི་ཆུས་ཕྱེད་གང་བ་བཞག་ནས་བསྐོལ་བའི་རླངས་པའི་དུགས་ཀྱིས་བདུག་པ་ཕྱེ་མ་རློན་པར་གྱུར་གྱི་བར་དུ་བྱས་ལ། དེ་ནས་བླངས་ཏེ་ལག་པས་མཉེ་བ་ལ་སོགས་པ་བྱའོ། །དེ་བཞིན་པུ་ཏྲ་ཀེ་ཤ་དང་ན་ཁིའི་ཁྱོགས་ཀྱི་དུགས་ཀྱི་ཚབ་ཏུ་བ་ལང་གི་ལྕི་བ་དང་འཇིམ་པས་བསྐོལ་བ་དང་བརྔོ་བའམ་བརྡུང་བའོ། །སྐ་བའི་ཆུས་བྲན་ཏེ་ལྷག་མ་སྔ་མ་བཞིན་ནོ། །བདུག་པ་སོགས་སྨིན་པ་རྣམ་པ་ལྔའི་ངེས་པའོ། །འདིར་མ་གསུངས་པ་གཞན་དྲིའི་བསྟན་བཅོས་ལས་ཤེས་པར་བྱའོ་ཞེས་གསུངས་སོ། །དེ་ནས་དྲི་དེ་དག་བསིལ་བའི་སྤོས་ཀྱིས་སྨིན་པའི་དུས་སུ་བསང་བར་བྱེད་པའམ་བསང་བ་ཉིད་དུ་བྱེད་པའི་ཆོ་ག་ནི་དྲི་ཡི་རྫས་ལ་པཱུ་ཏི་གོང་བཤད་པུ་ཏྲ་ཀེ་ཤ་དང་། ར་ས་ཞེས་པ་གནྡྷ་ར་ས་སྟེ། ཁ་ཅིག་སྒྲ་འདི་མུ་ཟི་ལ་འཇུག་པར་བཤད་ཀྱང་དེ་ནི་འདི་སྐབས་གཏན་མ་ཡིན་ལ་ཁ་ཅིག་ག་བུར་དང་། ཁ་ཅིག་གུར་གུམ་ལ་འདོད། སེན་མོ་ན་ཁི་དང་། ཙ་ལ་གཡོ་བ་སིཧླ་རྣམས་བུ་རམ་གྱི་ཁུ་བ་དྭངས་མས་སྦྱང་ནས་སྤོས་ཀྱི་སྦྱོར་བ་རྣམས་ལ་བསྣན་པར་བྱས་ཏེ་ཉིན་ཞག་གཅིག་གམ་གཉིས་སོགས་སུ་འདམ་བཏགས་བྱ་བ་དེ་ནི་སྐྱུར་བ་སོགས་ཀྱི་དྲི་རྣམ་པར་སྦྱང་བའམ་བསང་བའམ་བསང་བའི་དོན་དུ་ཡིན་པ་སྟེ། ཁ་ཅིག་སྨན་འདི་རྣམས་སྤོས་སྦྱོར་གྱི་བསང་བ་ཡིན་པར་ཡང་འཆད་དེ་བརྟག་བྱའོ། །ཅི་སྟེ་སྤོས་སྨིན་ཆེས་ནས་ཚིག་པ་ལ་ཆུ་འགྲམ་དུ་བཞག་པའམ། མཚན་མོ་ཟླ་འོད་ཀྱིས་ཕོག་པར་བྱས་པ་དྲིའི་སྐྱོན་བསང་བ་དེ་སྲིད་དུ་


MR17_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དྲི་ཉམས་པའི་རྒྱུ་ནི་དག་པ་དང་མ་དག་པའི་རྫས་བསྲེས་པ་དང་། འབྲུ་མར་གྱིས་ཕོགས་པ་དང་། རླན་ཅན་གྱི་གནས་སུ་ཡུན་རིང་བཞག་པ་དང་། སོག་མ་དང་། འགྱུར་བྱེད་ཚྭ་དང་མུ་ཟི་སོགས་ཀྱིས་གོས་པ་དང་། བཤང་གཅི་དང་བྱི་བས་རེག་པ་དང་། ཤིན་ཏུ་དྲོ་བའི་གནས་སུ་བསྙལ་བས་རུལ་བ་རྣམས་སོ། །དེ་བཞིན་དུ་དྲི་བསང་བའི་རྫས་གཞན་བསིལ་བ་ཙན་དན་དང་ཏུ་རུ་ཀ་དང་གུ་རུང་ཨ་ག་རུ་དང་རི་བོང་ཅན་ག་བུར་ཡང་ཡིན་ལ། བསྒོ་བའི་བྱ་བར་མེ་ཏོག་དྲི་བཟང་པོ་དྲི་མཐུན་པ་ཅན་དག་གོ། མེ་ཏོག་གི་དྲིའི་སྐྱོན་བསང་བའི་སླད་དུ་འབུགས་པ་ལ་ནི་ག་བུར་དང་ལྟེ༷་བ་གླ་རྩི་དང་གོང་བཤད་འབྲས་བུ་གསུམ་དང་མ་དའི་ཆང་གླ་རྩི་དང་བཅས་པའི་ཆང་སྟེ། དེ་བཞིན་ཡང་དག་པའི་ཁྲུས་ཀྱི་སྤོས་སྦྱོར་ལ། གསང་བ་ཤུན་པ་དང་གྲནྠི༷་བ་རྞྜྣ་སྟེ་ནགས་སུ་རྒྱུ་བ་དང་པུ་ཏྲ་ཀེ་ཤ་བུ་ཡི་སྐྲ་དང་བཅས་པ་གོང་བཤད་ལྟར་ལ། དེ་ལྟར་རྫས་གསུམ་པོའི་ཆ་གསུམ་ཁྲུས་སྦྱོར་བཅོ་ལྔ་ལ་བྱིན་ནས་ཆ་བཅོ་བརྒྱད་དུ་བྱ་དགོས་སོ། །གྲནྠི༷་བརྞ་ཆ་གསུམ་དྲིལ་ཕྱིས་ཀྱི་སྤོས་སྦྱོར་དག་ལ་ཡང་སྦྱིན་པར་བྱའོ། །དེ་ནས་རྫས་གཅིག་གིས་དྲི་ཡི་རྒྱལ་པོ་བྱ་བའི་ཆོ་ག་ནི། དྲི་གཞན་གྱི་དབུས་སམ་ལྟེ་བར་རྒྱལ་པོ་ལྟ་བུར་གྱུར་བ་གཙོ་བོའི་དྲི་ནི། ཆུ་སྐྱེས་ཏེ་ན་ཁི་ནི་དྲི་ཡི་བསྟན་བཅོས་ལས་བཤད་པ་ལྟར་བསྐོལ་བརྡུངས་སོགས་ཀྱི་ཆོ་གས་ཚུལ་བཞིན་སྦྱོང་བས་དག་པ་གང་ཞིག་རང་ལས་གཞན་པའི་རྫས་ཀྱིས་དམན་ཞིང་མངར་བ་ཆང་དག་དང་རྣམ་པར་བྲལ་བར་དྲི་ཡི་ཆུ་ཡིས་བཏགས་པར་བྱའོ། །ན་ཁི་དེ་ལ་རིགས་བཞི་སྟེ། གླང་པོ་ཆེའི་རྣ་བ་དང་། རྟའི་རྨིག་པ་དང་། ཨུཏྤ་ལའི་འདབ་མ་དང་། བ་ད་ར་རྒྱ་ཤུག་གི་འདབ་མ་ལྟ་བུ་བཞི་ལས། དྲིའི་སྦྱོར་བ་ལ་དང་པོ་གཉིས་དང་། སྤོས་ཀྱི་སྦྱོར་བ་ལ་ཕྱི་མ་གཉིས་མཆོག་ཡིན་པས་འདིར་བ་ད་རའི་འདབ་མ་ལྟ་བུ་རབ་དང་། དེ་མེད་ན་ཨུཏྤལ་ལྟ་བུ་ལ་སོགས་པ་བཟུང་བར་བྱའོ། །དྲི་ཡི་ཆུ་ནི་ཤིན་ཏུ་དངས་པའི་


MR17_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བླངས་ལ། ཨེ་ལ་དང་ཤུན་པ་ཤིང་ཚའམ་རྭས་ལི་ཤི་ཟེར། མཱ༷ཾ་སི་དང་པཱ་ལ་ཀའམ་མེད་ན་བ་ལུ་དང་ཙནྡན་རྣམས་ཞོ་གཉིས་ཧྲོ་བ་བརྡུང་རས་གཙང་ལ་ཐུམ་པོ་བྱས་ཏེ། ཆུ་བྲེ་བརྒྱད་ཀྱི་ནང་དུ་གཞུག་པར་བྱ་ཞིང་བསྐོལ་ནས་བཞི་ཆ་ལུས་པ་ན་དྲིའི་ཆུ་ཡིན་ཏེ། དེའི་ནང་དུ་ན་ཁི་བཏགས་པར་བྱའོ། །དེ་ནི་དྲི་གཞན་ལའང་དྲི་ཡི་ཆུར་འགྱུར་རོ། །དེ་ནས་སྤོས་ཀྱིས་སྨིན་པ་དག་ཏུ་བྱ་བ། བསྐ་བ་དང་དྲག་པོ་ཡི་སྤོས་དང་སྦྲང་རྩི་དང་བཅས་ལག་སྐྱེས་སེན་མོ་ན་ཁི་དག་གི་ཁམ་བུ་རིམ་པས་འཕེལ་ཞེས་པ། སྦྲང་རྩི་ཀ་ར་དང་བཅས་པ་ཨ་རུ་རའམ་བསྐ་བའི་ཁམ་བུ་གཅིག་གི་ཚད་དེས་ཉིན་ཞག་དང་པོ་ལའོ། །དེ་འདྲའི་ཁམ་བུའི་ཐོག་མཐར་སྦྲང་རྩི་དང་བྱེ་མ་ཀ་ར་འབའ་ཞིག་བསྲེག་པས་བདུག་གོ། ཉིན་ཞག་གཉིས་པ་ལ་བདུག་པ་སྤངས་ཏེ་མེ་ཏོག་གིས་བསྒོ་བ་བྱའོ། །དེའི་རྗེས་ཀྱི་ཉིན་ཞག་གཉིས་ལ་དྲག་སྤོས་ཀྱི་ཁམ་བུ་གཉིས་བསྲེག་པས་བདུག་གོ། བར་དུ་ཞག་རེ་རེ་བཞག་པས་སོ། །སེན་མོའི་ཁམ་བུ་གསུམ་ཉིན་ཞག་གསུམ་པ་ལའོ། །དེ་ནས་ཁམ་བུ་གཉིས་ནི་ཀ་ར་དང་བསྲེས་པ་དག་སྟེ་མ་ལ་མ་ཡ་བྱུང་ཙན་དན་གྱི་ཁམ་བུ་གཉིས་ཉིན་ཞག་གཉིས་ལ་བདུག་པ་དང་། དེ་བཞིན་དུ་གཡོ་བ་སིཧླ་དང་། ལྕགས་ལྟར་མཁྲེག་པ་ཨ་ག་རུ་ནག་པོ་དང་། འགྱུར་མངས་སུ་དམར་པོ་ཞེས་འདོན་པ་ལྟར་ན་གུར་གུམ་མོ། །ག་བུར་དག་གི་ཁམ་བུ་ཡང་རེ་རེ་ཉིན་ཞག་རེ་རེ་ལའོ། །དེ་ལྟར་ཁམ་བུའི་ཐོག་མ་དང་ཐ་མར་སྦྲང་རྩི་དག་དང་དཀར་པོ་ཞེས་པ་ཤ་ཀ་ར་ངེས་པར་བསྲེག་སྟེ་བདུག་པ་སྔར་བཤད་བཞིན་ནོ། །ཤ་ཀ་ར་ནི་བྱེ་མ་ཀ་རའོ། །དེ་ལྟར་བདུག་པས་སྨིན་པར་བྱས་པའི་ཞག་རེ་དང་། བསྒོ་བའི་ཞག་རེ་སྤེལ་བས་ཞག་ཉེར་བཞི་ས་དང་པོར་སྤོས་ཀྱིས་བདུག་པ་ལས་སྨིན་པར་འགྱུར་བར་གནས་སོ། །དེ་ནས་ཉིན་ཞག་འགའ་ཞིག་སྟེ་བཅུའི་བར་དུ་སྤོས་ཀྱིས་བདུག་པའི་ཆ་ལས་བྱུང་བའི་དྲིའི་སྐྱོན་ཞི་ཕྱིར་མེ་ཏོག་བཟང་པོ་རྣམས་ཀྱིས་བསྒོ་བ་དག་བྱས་ནས་སྔར་གྱི་དྲི་ཡི་ཆུ་ཡིས་ཡང་ཡང་མི་སྐམ་


MR17_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྲེགས་ནས་འདམ་འཐག་བྱས་པ་དག་བྱ་སྟེ། ཆུ་གྲང་མོས་སྦྲུས་ན་དྲི་སྐྱུར་བར་འགྱུར་བས་དྲོད་ལྡན་དུ་བྱའོ། །དེ་ནས་འཇིམ་པའི་ཐོད་པ་བུ་ག་མེད་པའམ་རླུང་འཛག་པ་མིན་པ་ཉིད་དུ་དྲི་ཡི་རྫས་བཞག་སྟེ། སྤྲ་ཚིལ་དང་ནི་གོས་ཀྱིས་བར་མཚམས་བཅད་ཅིང་བཅིངས་པར་བྱས་ཏེ་བརྟན་པར་ཁ་བཅད་ལ། དེ་ཉིད་ཤིན་ཏུ་ཆེ་བའི་རྫ་མའི་སྣོད་དམ། དེ་མེད་ན་ཡང་ན་ས་འོག་ཏུ་དོང་བརྐོས་པར་གཞུག་སྟེ་བྱེ་མ་དག་གིས་སྣོད་དེའི་མགྲིན་པ་བར་དུ་གང་བ་བླུགས་པར་བྱས་ནས་ནི། ཉི་མས་དྲོས་པའི་ཆུ་ཅུང་ཟད་སྣོད་དེའི་སྟེང་དུ་སྐབས་སུ་བྲན་ཅིང་། ཟླ་བ་དྲུག་གི་བར་དུ་ཉི་མའི་འོད་ལ་བཞག་པའི་སྦྱོར་བས་སྨིན་པར་འགྱུར་ཏེ། ཆུ་ལ་གནས་པ་དེ་ནི་ལྟེ༷་བའི་གཙོ་བོའི་དྲི་ཞེས་པ་དྲི་ཡི་རྒྱལ་པོའི་ངེས་པའོ། །ད་ནི་དྲི་དང་མེ་ཏོག་གི་ཏིལ་མར་གྱི་ཆོ་ག་གསུངས་པ། འདིར་ཏིལ་ཡོངས་སུ་སྨིན་པ་གསར་པ་རྣམས་བཟུང་ནས། ཤིང་ཨ་མྲ་དང་། ཛཾ་བུ་དང་། ཀ་པིད་ཐ་དང་། མ་དུ་ལུང་ག་དང་། བིལ་བ་ལྔའི་འདབ་མ་བསྐོལ་བའི་ཆུ་ཡིས་ཏིལ་རྣམས་མཉེས་ནས་སྤུན་པ་བསལ་ཏེ་དག་པར་བྱས་པ་དག་པ་དང་པོ་དང་ནི། དེ་ནས་དྲ་བ་ཅན་གྱི་འཁྲུལ་འཁོར་གྱི་སྟེང་དུ་གོས་གཙང་མར་ཏིལ་རྣམས་བཀྲམ་སྟེ། དེའི་སྟེང་དུ་སྣོད་གཞན་གྱིས་བྱིབས་ནས་སྤོས་དྲི་བཟང་པོ་རྣམས་ཀྱིས་ཆུའི་རླངས་པས་བདུག་པར་བྱས་པ་དག་པ་གཉིས་པ་དང་། དེ་ནས་གོང་གི་འབྲས་བུ་གསུམ་དྲིའི་ཆུས་དག་པར་བྱས་པས་བྱུག་པ་ལ་སོགས་པ་དྲི་བཟང་པོའི་ཆུས་བྱུག་པ་རྣམས་ཀྱིས་དག་པར་བྱས་ནས་ཉི་མའི་འོད་ཀྱིས་བསྐམ་པར་བྱའོ། །དེའི་ཕྱི་ནས་ཛཱ་ཏི་ལ་སོགས་པའི་མེ་ཏོག་དྲི་ཞིམ་པོ་རྣམས་ཀྱིས་ཉིན་ཞག་འགའ་ཞིག་སྟེ་ཉིན་བཅུའམ་དཀར་ནག་གི་ཕྱོགས་གཅིག་ཏུ་བར་མ་ཆད་པར་ཇི་སྲིད་འདོད་པར་བསྒོ་བར་བྱའོ། །དེ་ནས་ཏིལ་འཚིར་བའི་འཁྲུལ་འཁོར་དག་ལས་ཏིལ་མར་བླངས་ནས་ཀྱེ་མི་ཡི་བདག་པོ་མཁས་པས་འཆིང་བུའི་སྣོད་དམ་ཁ་དོག་བསྒྱུར་བའི་ཤེལ་སྣོད་དུ་


MR17_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པར་བྱའོ། །དེ་འདྲའི་ཏིལ་མར་དེ་ནི་ཁྲུས་ཀྱི་དུས་སམ་ཡན་ལག་ལ་བྱུགས་པ་དག་ལས་དགའ་བར་བྱེད་པའི་དྲིས་མྱོས་པར་བྱེད་ལ། མེ་ཏོག་གི་དྲིས་བགོས་པའི་ཏིལ་མར་ཉིད་ནི་མཆོག་ཏུ་སྨིན་པ་མིན་པར་འགྱུར་ཏེ་དྲི་མི་བརྟན་པས་སོ།།ཅི་སྟེ་སྨིན་པའི་ཏིལ་མར་བྱེད་འདོད་ན། དེའི་ཚེ་ཏིལ་མར་དེ་ཉིད་དྲི་བཟང་པོའི་ཆུ་དང་ཚད་ཆ་མཉམ་དུ་བསྐོལ་ནས་ཇི་སྲིད་ཏིལ་གྱི་དབུ་བ་འདོར་བའི་བར་དུའོ། །དེ་ནས་འཕོག་རན་པའི་དུས་སུ་མར་ཁུའི་བརྒྱད་ཆའི་དྲི་རྫས་དྲི་ཆུས་དག་པ་སྦྱིན་ཏེ་དྲི་རྫས་ནི་སྔར་བཤད་ཨེ་ལ་སོགས་ལྔ་དང་། སེན་མོ་ཤིང་ཚ་མདུད་པའི་ལོ་མ་བཅས་ཆ་བཅོ་བརྒྱད་དྲི་ཆུས་བཏགས་ཤིང་མཉེས་པའོ། །དེ་ནས་ཐབ་ཀྱི་སྟེང་ནས་ཕོག་ལ་གྲང་བའི་བར་དུ་བཞག་གོ། དེ་ནས་གླ་རྩི་ག་བུར་ཛཱ་ཏི་སོགས་དྲི་འབུགས་པའི་རྫས་བྱིན་ནས་མཆིང་བུའི་སྣོད་དུ་བཞག་པར་བྱའོ། །ཏིལ་མར་དེ་ལ་གླ་རྩིའི་ཆང་རྫས་ཀྱི་རྐང་པའི་ཆ་ཤས་བསྲེས་ནས་རྒྱ་སྐྱེགས་ཀྱི་སྣོད་དུ་ཉི་མའི་འོད་ཀྱིས་ཞག་བདུན་གདུང་བར་བྱས་ན་གླ་རྩིའི་ཏིལ་མར་དུ་འགྱུར་རོ། །ཡང་ན་འོད་མའི་དོང་བར་ཉི་འོད་ཀྱིས་སྨིན་པར་བྱས་ཤིང་ལྟེ་བ་ལ་སོགས་པས་ཕུག་པ་མཆོག་གི་བྱུག་པར་འགྱུར་རོ། །དེ་ལྟར་དྲི་ལ་སོགས་པའི་སྦྱོར་བ་བསྟན་པའི་ངེས་པའོ། །དེ་ནས་སྦྲུམ་མ་རྣམས་བཙའ་བའི་དོན་དུ་རེ་མིག་བཅུ་དྲུག་པ་སུམ་ཅུ་རྩ་བཞི་པའི་འཁྲུལ་འཁོར་གསུངས་པ། གང་ཚེ་ཕྱི་རོལ་གྱི་ཕོ་ཉ་མོ་མ་མོ་རྣམས་ཀྱི་སྐྱོན་གྱིས་སྦྲུམ་མ་བཙའ་བའི་ཚེ་མངའ་རེངས་བ་སྟེ་སྐྱེ་མི་བཏུབ་པ་ལ་བྲེ་ཡི་རྒྱབ་ཏུ་རེའུ་མིག་བཅུ་དྲུག་པ་ལ། དང་པོ་ལས་འཛིན་ཞེས་པ་རི་སྟེ་བདུན། གཉིས་པར་ཉི་མ་སྟེ་བཅུ་གཉིས། གསུམ་པར་ཟླ་བ་སྟེ་གཅིག བཞི་བར་མ་ནུ་སྟེ་བཅུ་བཞི་རྣམས་རེ་མིག་སྟེང་མ་བཞི་ལའོ། །དེ་བཞིན་དུ་རིམ་པར་ལྔ་པར་མིག་སྟེ་གཉིས་དང་དྲུག་པར་འདོད་པ་བཅུ་གསུམ། བདུན་པར་ནོར་བརྒྱད་དང་། བརྒྱད་པར་དྲག་པོ་བཅུ་གཅིག དགུ་པར་རྒྱལ་པོ་བཅུ་དྲུག བཅུ་པར་མེ་སྟེ་གསུམ་


MR17_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང་། བཅུ་གཅིག་པར་ཕྱོགས་བཅུ་དང་། བཅུ་གཉིས་པར་འབྱུང་བ་ལྔ་དང་། བཅུ་གསུམ་པར་བུག་པ་དགུ་དང་། བཅུ་བཞི་པ་རོ་དྲུག་དང་། བཅོ་ལྔ་བར་ཚེས་ཞེས་བཅོ་ལྔ་དང་། བཅུ་དྲུག་པར་ཆུ་གཏེར་བཞི་དག་ནི་མཐའ་ཡི་རེ་མིག་ལ་གཞག་པར་བྱའོ། །གྲངས་ནི་འདི་ལྟར་རེ་མིག་བཞི་ཡིས་ཆུ་ཡི་གཏེར་དང་རྩེ་མོ་ཅན་ཞེས་སུམ་ཅུ་རྩ་བཞི་ཡི་གྲངས་སུ་འགྱུར་ཏེ། གྱེན་ཐུར་འཕྲེད་སོགས་རེ་མིག་བཞི་རེའི་ཨཾ་ཀི་གྲངས་གཅིག་ཏུ་བསྡོམས་ན་དེ་ལྟར་འོང་བས་སུམ་ཅུ་རྩ་བཞི་པའི་འཁྲུལ་འཁོར་ཞེས་བརྗོད་དོ། །འདི་ལྟ་བུའི་ཕྱི་རོལ་གྱི་ཕོ་ཉ་མོས་མངལ་རེངས་པར་བྱས་པ་ལས་གྲོལ་བའི་དཔལ་ལྡན་འཁོར་ལོ་མཐའ་དག་ནི། ཚད་ཀྱིས་ཞེས་པ་འཇལ་བྱེད་ཀྱི་ཚད་ཅན་བྲེ་ཡི་རྒྱབ་ཏུ་བྲིས་ནས། བུ་རབ་ཏུ་བཙའ་བར་འགྱུར་བའི་དུས་སུ་སྦྲུམ་མ་རྣམས་ལ་མིག་སྔ་དང་བྷ་གར་བསྟན་པར་བྱ་སྟེ་མངལ་འགྲོལ་བའི་ངེས་པའོ། །འཁོར་ལོ་འདི་དབྱངས་འཆར་རྒྱུད་ནས་སྦྲུམ་མའི་ཙཀྲ་བཤད་པ་དང་གཅིག་ལ་འདི་འདྲ་ཨཾ་ཀིའི་འཁྲུལ་འཁོར་ལ་ཕན་བྱ་སོ་གཉིས་དང་གནོད་བྱ་སོ་གཉིས་ཡོད་པ་བརྒྱད་པ་བརྒྱད་ཀྱི་འཁྲུལ་འཁོར་ཙ་མིས་ལོགས་སུ་བསྒྱུར་བ་གཅིག་དང་། གློ་བོ་ལོ་ཙཱས་བསྒྱུར་བའི་ཕན་བྱ་གནོད་བྱ་གྲངས་མི་མཉམ་པ་གཅིག་བཅས་དེ་དག་གི་མན་ངག་བཅས་བྱུང་ལ། དེ་རྣམས་དུས་འཁོར་རྩ་རྒྱུད་ལས་བཤད་པ་ཡིན་ཞེས་ཟེར། མངལ་འགྲོལ་བའི་འཁོར་ལོ་འདིའང་དེའི་ནང་དུ་གཏོགས་པའོ། །འདི་སྦྲུལ་ཤ་དང་ཚོས་ཀྱི་ཁུ་བས་བྲི་བར་བཤད་པའང་སྣང་། ཐོད་ལེ་ཀོར་རམ་མཚལ་ལམ་ལི་ཁྲིས་བྲི་བའང་བཤད། རྡོ་རྒྱུས་དང་ཚོས་ཀྱི་སྣག་ཚ་བྱས་ནས་འཇག་རྒོད་དཀར་པོའི་སྨྱུ་གུས་བྲི་བར་ཡང་བཤད། ཨ་ཨི་རྀ་ཨུ་ལྀ་སོགས་དབྱངས་བཅོ་ལྔ་ཨཾ་དང་བཅས་པ་ཡང་གཅིག་ལ་སོགས་པའི་ཨཾ་གྲངས་དང་སྦྱར་ཏེ་བྲི་བ་དང་། གཡུང་དྲུང་དགའ་འཁྱིལ་རྟེན་སྙིང་དང་བཅས་བྲི་བ་སོགས་འདུག་ཀྱང་། དབྱངས་ཡིག་ཙམ་བྲིའམ་ཨཾ་གྲངས་


MR17_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ལེ་ཀོར་གྱིས་བྲིས་ནས་སྦྲུམ་མའི་མིག་གིས་མཐོང་ས་དང་། འདོམ་གྱི་ཕྱོགས་སུ་ཡིག་མགོ་ཐུར་བསྟན་དུ་འཇོག་པ་ངེས་པར་བཤད། ཡང་བྲེ་སྲང་སྦྲེལ་ནས་སྦྲུམ་མའི་སྟེང་དུ་འཇོག་པ་དང་། ཕྱུགས་ཀྱི་རྒྱབ་ཏུ་བཀལ་བར་བྱ་ཟེར་བ་དང་། འཁོར་ལོ་ལ་མཆོད་པ་ཙམ་བྱ་རབ་གནས་མི་དགོས་པ་སོགས་ལག་ལེན་སྣ་ཚོགས་གཞན་ནས་བཀབ་སྟེ་འཆད་ཀྱང་། དེ་ཙམ་རྒྱས་སྤྲོས་མ་བྱས་ཀྱང་ཆོག་པར་སྣང་ངོ་། །དེ་ནས་བྱིས་པའི་རྒྱུད་གསུངས་པ། རྣལ་འབྱོར་མ་རྣམས་གང་དག་རབ་ཏུ་གསལ་བར་རན་ངེས་པར་ས་གཞི་དག་ལ་བརྒྱད་པ་བརྒྱད་ཀྱི་མ་མོར་རབ་ཏུ་གྲགས་པ་དྲུག་ཅུ་རྩ་བཞི་པོ་དེ་དག་གིས་བྱིས་པ་དག་མངལ་ན་གནས་པ་ཞེས་བྱ་བ་དང་། སྐྱེས་ནས་ཉིན་ཞག་ཅེས་བྱ་བ་ལ་རིམ་བཞིན་དང་པོ་མངལ་དུ་གནས་ཚེ་སུམ་འགྱུར་དགུ་སྟེ། མ་མོ་ཉ་རེ་བདུན་གྱིས་འཚེ་བ་དང་། བཙས་ནས་ཉིན་ཞག་བཅུའི་བར་དུ་མ་མོ་བཅུ་སྟེ། དེ་ནས་ཟླ་བ་བཅུ་གཅིག་གི་བར་དུ་མ་མོ་བཅུ་གཅིག་གིས་དང་། གཞན་ནི་ལྔ་པ་གསུམ་སྟེ་བཅོ་ལྔ་ནི་བྱིས་པ་ལ་ལོ་བཅོ་ལྔའི་བར་དུ་འཚེ་སྟེ། དེ་ལྟར་ཟླ་བ་བཅུ་གཅིག་ཞེས་དང་ལོ་བཅོ་ལྔ་ཞེས་བྱ་སྟེ། དེ་ལྟར་མཐའ་དག་ས་ཡི་སྟེང་དུ་མ་མོ་དེ་དག་གིས་བྱིས་པ་རྣམས་རབ་ཏུ་འཛིན་པར་བྱེད་དོ། །ཇི་ལྟར་ན་མངལ་དུ་འཚེ་བ་ཉེར་བདུན་པོས་ནི་མངལ་གྱི་ཟུག་རྔུ་དང་ནི་རབ་ཏུ་བཙའ་བའི་དུས་སུ་མའི་སྐྱེ་གནས་ལ་ཡང་ཟུག་གཟེར་བྱེད་པ་ཉིད་དེ། དེ་ལ་ཡང་བཅོ་ལྔས་ནི་མངལ་བཟུང་བ་ནས་བརྩམས་ཏེ་ཉིན་ཞག་བཅོ་ལྔའི་བར་དུ་མངལ་དུ་ཟུག་རྔུ་རབ་ཏུ་བྱེད་དོ། །དེ་ནས་མ་མོ་དགུ་ནི་ཟླ་བ་དགུའི་བར་དུ་འགྲོའོ། །བཙའ་བའི་དུས་སུ་གཅིག་དང་། ནུ་མའི་འོ་མ་འཕྲོག་པ་གཉིས་ཏེ་མངལ་དུ་འཚེ་བ་ཉེར་བདུན་པོས་འཚེ་ཚུལ་ལོ། །བྱིས་པ་མངལ་ནས་སྐྱེས་པ་རྣམས་ལ་མ་མོས་གཟིར་བའི་བྱིས་པ་གསོ་བའི་བྱིས་པའི་རྒྱུད་ཅེས་བྱ་བ་ཉིད་དུ་འགྱུར་ཏེ། དུས་སོ་སོ་ལ་གཏོར་མ་སྦྱིན་པ་སོགས་ཀྱི་ས་གསོ་དགོས་པས་སོ། །དེ་ཡང་བཙས་


MR17_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གོང་བཤད་ལྟར་ཉིན་ཞག་གི་དབང་དང་ཟླ་བ་དང་ལོ་ཡི་རབ་ཏུ་དབྱེ་བ་ཡིས་དེ་དང་དེར་བྱིས་པ་གཟིར་བྱེད་མ་མོ་རྣམས་ལ་གཏོར་མ་སྦྱིན་པར་བྱའོ། །ལོ་བཅུ་དྲུག་ནས་ཁུ་བ་འཛག་པས་བྱིས་པ་ཉིད་མ་ཡིན་ནོ། །མ་རུངས་པའི་གཞོན་ནུ་མ་ལྔ་རྣམས་ནི་དགའ་བ་ལ་སོགས་པའི་ཚེས་ལྔའི་མཚམས་སུ་ནམ་མཁའ་ལ་སོགས་པའི་རང་བཞིན་ཡོན་ཏན་དབང་གིས་ཚེས་འཕོ་བའི་ཚིགས་མཚམས་དག་ལ་ཡང་དག་པར་གནས་པར་གྱུར་པ་དེ་དག་ཐམས་ཅད་ཀྱིས་རང་རང་གི་ཚེས་དེ་དང་དེ་ལ་འཇིགས་པར་གྱུར་པའི་གནོད་པས་བྱིས་པ་རྣམས་འཛིན་པར་བྱེད་དེ། ཀྱེ་རྒྱལ་པོ། དེ་དག་ལ་ཐུན་མོང་གི་གཏོར་མས་བྱིས་པ་དེ་དག་ངེས་པར་གཏོང་བར་མི་བྱེད་དོ། །དེའི་ཕྱིར་དེ་དག་ཞི་བའི་དོན་དུ་འདིར་ནི་བྱ་བ་རྣམ་པ་མང་པོའི་དཀྱིལ་འཁོར་བཞེངས་ནས་ཁྲུས་དང་སྦྱིན་བསྲེག་སོགས་འཆད་པར་འགྱུར་པ་དག་ཏུ་རབ་ཏུ་འགྱུར་རོ། །མ་རུངས་པ་རྣམས་ཀྱིས་བྱིས་པ་འཛིན་པའི་ངེས་པའོ། །དེ་ནས་མངལ་ལ་འཚེ་བ་ཉེར་བདུན་པོས་གཟིར་བའི་སྨན་གསུངས་པ། སྦྲུམ་མ་རྣམས་ཀྱི་མངལ་ན་བར་གྱུར་ན་སྨན་རུ་རྟ་དང་། ཨུ་སཱི་ར་ཞེས་པ་ཨུ་ཤིར་ཏེ་པུ་ཤེལ་ཙེ་དང་། ཀ་སེ་རུ་ཞེས་པ་བལ་པོའི་གྲོ་མ་སྟེ་མོན་ལུག་གླ་སྒང་ཞེས་བཤད་སྣང་། ཏ་ཀ་ར་རྒྱ་སྤོས་རྩ་བ་དང་། ཨུཏྤལ་གྱི་རྩ་བ་དང་། འདམ་སྐྱེས་ཏེ་པདྨའི་གེ་སར་རྣམས་ནི། བསིལ་བའི་ཆུ་དྭངས་པ་ཡིས་བཏགས་ཤིང་། རྡོ་རྗེ་ཡིས་ནི་བསྔགས་པ་དག་ཀྱང་མངལ་གྱི་ཟུག་རྔུ་ཅན་ལ་རབ་ཏུ་སྦྱིན་པར་བྱ་སྟེ། རྡོ་རྗེའི་སྔགས་ནི་ཨོཾ་ཨཱཿཧཱུྃ་ཨ་མུ་ཀཱ་ཡ་གརྦྷ་ཤཱུ་ལམ་ཧ་ར་ཧ་ར་སྭཱ་ཧཱ། ཞེས་པ་སྟེ། སྔགས་དོན་ཆེ་གེ་མོའི་མངལ་གྱི་ཟུག་རྔུ་ཕྲོག་ཕྲོག་ཅེས་པའོ། །དེ་བཞིན་དུ་མངལ་ནི་རེངས་པ་སྟེ་བཙའ་དཀའ་ན། ན་ཀུ་ལ་སྲེ་མོང་གི་སྤུ་ཉག་བརྒྱད་དང་། གཙུག་ཕུད་ཅན་གྱི་ཞེས་རྨ་བྱའི་མཇུག་མ་དག་གི་སྤུ་བརྒྱད་བསིལ་བའི་ཆུར་བཏགས་ནས་གོང་གི་སྔགས་ཀྱིས་བསྔགས་པ་རབ་ཏུ་


MR17_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པར་བྱའོ། །འདི་རུ་རྟ་ལ་སོགས་པའི་སྟེང་དུ་བསྣན་ཡང་གསུངས། བཙས་ནས་ཞག་བཅུའི་བར་གྱི་མ་མོ་རྣམས་ལ། འོ་མ་དང་མར་དང་ཐུག་པ་དང་ཟན་དང་ནི་ཞོ་དང་བུ་རམ་བཅས་པ་ཡི་གཏོར་མ་ཉིན་ཞག་མ་རྣམས་དག་ལ་ཞག་གསུམ་གྱི་བར་དུ་སྦྱིན་པར་བྱའོ། །བཙས་ནས་འོ་མ་འཕྲོག་པ་གཉིས་ལ་འོ་མ་ཅན་གྱི་ཤིང་གི་འོག་ཏུ་བུད་མེད་དེ་ལའོ་མའི་ཁྲུས་བྱ་བ་དང་། འོ་མ་འཕྲོག་པའི་མ་མོ་གཉིས་ལ་བའི་འོ་མས་བཀང་བའི་ཁམ་ཕོར་སོ་མ་བཏང་བ་བདུན་དང་འོ་ཟན་གྱི་གཏོར་མ་སྦྱིན་པར་བྱའོ། །དེ་ནས་ཟླ་བའི་མ་མོ་རྣམས་ལ་བཙོས་པའི་མ་སྨིན་པའི་ཟས་ལྔ་ཞེས་པ་མར་གྱིས་བཙོས་པའམ་སྨིན་པར་བྱས་པའི་འཁུར་བའི་བྱེ་བྲག་ལྔ་སྟེ། པཱུ་རི་ཀཱ་ཞེས་པ་གང་བ་ཅན་ཏེ་ཁུར་བའི་བར་སྲན་ཕྱེ་རྩིང་བོས་གང་བའོ། །གྷྲི་ཏ་པཱུ་ར་ཞེས་པ་ནང་མར་གྱི་གང་བ་ཅན་དང་། སོམ་ལི་ཁུར་བ་རས་དོས་ཀྱི་གཟུགས་འདྲ་བ་དང་། སེ་བཱ་ལཱི་ཞེས་པ་བག་ཟན་ནམ་ཟན་གྱི་རིལ་བུ་འབྲུ་མར་ལ་བཙོས་པ་དང་། བ་ཊ་ག་ཞེས་པ་ཁུར་བ་ཟླུམ་པོ་སྟེ་རྣམ་པ་ཐ་དད་པའི་ཁུར་བ་ལྔའོ། །གཞན་ཞོ་དང་བུ་རམ་དང་བཅས་པའི། པོ་ལི༷་ཀ་ཁུར་བ་དང་མོད་ཀ་ནི་ལ་དུ་སྟེ་གྲོ་ཟན་མར་ཁུས་བཙོས་པ་དག་དང་། ཁ་ཅིག་སྲན་མ་ཕྱེ་བསྲེས་རིལ་བུར་བཤད་ཀྱང་སྔ་མའོ། །དེ་ལྟར་བཟའ་བ་དེ་དག་དང་། ཙནྡན་གྱི་དྲི་དང་དྲི་བཟང་པོའི་མེ་ཏོག་དང་། ཏིལ་མར་རམ་མར་གྱི་མར་མེ་དང་བཅས་པས་མཆོད་ནས། བྱིས་པ་ཁྲུས་ཀྱིས་བཀྲུ་བ་དག་ཀྱང་། ཨ་ཤྭདླཱུ་དང་། ནྱ་གྲོ་དྷ་དང་། ཨུ་དུམ་ཝ་ར་དང་། པླཀྵ་དང་། མ་དྷུ་ཀའི་ཤིང་སྟེ་ཤིང་འོ་མ་ཅན་ལྔའི་འདབ་མ་རྣམས་ཅུང་ཟད་བསྐོལ་བའི་ཆུ་དྲོ་འཇམ་ཉིད་ཀྱིས་ཁྲུས་བྱ་བ་དང་བཅས་མཚན་མོའམ་ཞག་ལྔ་ཡི་བར་དུ་ནི་རབ་ཏུ་བྱའོ། །ཟླ་དགས་ཐང་ཤིང་། ཨ་དུམ་བླ་ཀྴ། པསྥ་ལ། ཕལྐུ་སྟེ་འོ་མ་ཅན་གྱི་ཤིང་ལྔ་ཞེས་བཤད། ཁྲུས་བྱས་པའི་མཇུག་ཏུ་ཕྱིས་པ་ལ་བདུག་པ་སྦྱིན་པར་བྱ་སྟེ། བ་ལང་གི་སོ་དང་ལུག་གི་རྭ་དང་། རི་དྭགས་ཀྱི་སྤུ་དང་། མི་ཡི་སེན་མོ་དང་སྐྲ་དང་། སྦྲུལ་གྱི་ཤུན་པ་རྣམས་གཅིག་ཏུ་


MR17_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་དྲག་པོའི་སོལ་བ་སྟེ་སྦྱིན་སྲེག་གིའམ་རོ་སོལ་གྱི་མེ་ལ་བསྲེག་པ་དག་གི་སྤོས་ཀྱིས་བྱིས་པ་ལ་བདུག་པར་བྱའོ། །འདིར་སྐྲ་ཞེས་པ་ལ་ཙ་མིས་ཀོ་ས་ཀོའི་སྤུ་དང་། འགྱུར་མངས་སུ་མོ་མཚན་སྤུ་དང་། ལ་ལས་བྱ་ནག་ཟེབ་ཟེར་བ་སྣང་ཡང་མི་ཡི་སྐྲར་བྱེད་པ་ལེགས་སོ། །དེ་ལྟར་བྱིས་པ་ཟླ་སྐྱེས་ཏེ་ཟླ་བ་བཅུ་གཅིག་གི་བར་དུ་སྐྱེས་པའམ་འཕེལ་བར་བྱེད་པ་རྣམས་ནི་གེགས་མེད་དུ་རྒྱས་པའི་དོན་དུ་སྨིན་པའི་ཟས་ལྔ་སོགས་མཐའ་དག་བརྗོད་པ་རྣམས་ཀྱང་ཕྱོགས་བཞི་དང་གྲོང་གི་དབུས་སུ་མ་མོ་རྣམས་ལ་གཏོར་མ་དག་སྦྱིན་པར་བྱ་བ་ལའོ། །དེ་ནས་ལོ་ཅན་མ་རྣམས་ཀྱི་གཏོར་མའི་ཆོ་ག་གསུངས་པ། འདིར་ཟླ་བ་བཅུ་གཅིག་རྫོགས་པའི་རྗེས་ཀྱི་ཟླ་བ་གཅིག་ནི་ལོ་ཅན་མའི་ཁོངས་སུ་བཟུང་བར་བྱའོ། །བཟའ་བ་ལྔ་ཞེས་པ་ཡུང་བ་སོགས་ཀྱིས་ཟན་ཁ་དོག་སེར་པོ་དཀར་པོ་དམར་པོ་ནག་པོ་ལྗང་ཀུར་བྱས་པ་ལྔ་དང་། བཅའ་བ་ལྔ་ནི་ཁུར་བ་ལྔ་སྨིན་པའི་ཟས་སྔར་བརྗོད་པ་ལྔ་པོ་དེ་དང་ཆུ་ལ་རྒྱུབ་ཉ་ཡི་ཤ་དང་། ཤ་གཞན་དང་དྲི་དང་མེ་ཏོག་མར་མེ་ལྔར་བརྗོད་པ་རྣམས་དང་། ཆང་དང་སྔར་བརྗོད་པའི་བ་ལང་གི་སོ་སོགས་བདུག་པའི་སྤོས་དང་། འདབ་མ་ལྔས་བཀྲུ་བ་དག་དང་། དེ་བཞིན་ཕྱོགས་ཀྱི་གཏོར་མ་དག་ནི་ཞེས་པ་ཉིན་ཞག་ཕྱོགས་ཀྱི་གྲངས་ཏེ་བཅུར་སྟེང་འོག་ཕྱོགས་མཚམས་ཀྱི་ཆར་གཏོར་མ་སྦྱིན་པ་གྲོང་ཁྱེར་གྱི་དབུས་སམ་ལམ་བཞི་མདོར་བྱའོ། །དེ་ཡང་གཏོར་མའི་ཡོ་བྱད་ཐམས་ཅད་སྨྱིག་མའི་སྣོད་དུ་བཞག་ཅིང་མར་མེ་དང་བཅས་པའི་གཏོར་མས་ཡི་གེ་དྲུག་པའམ་བསྲེག་སྔགས་དང་བཅས་པས་བྱིས་པ་ལ་ལན་གསུམ་བྱ་བས་ཏེ་ཕྱི་རོལ་དུ་གཏོང་བར་བྱའོ། །ཆོ་ག་དེ་དག་བྱིས་པ་ལོར་ནི་སྐྱེས་པ་རྣམས་དག་རབ་ཏུ་གསལ་བར་ས་ཡི་སྟེང་འདི་ཉིད་ལ་རྒྱས་པའི་སླད་དུ་བྱའོ་ཀྱེ་མི་ཡི་དབང་པོ། དེ་ལྟར་མངལ་བཟུང་བ་ནས་བརྩམ་ཏེ་ལོ་ནི་ལྔ་པ་གསུམ་གྱི་བར་དུ་ངེས་པར་རྣལ་འབྱོར་མ་དྲུག་ཅུ་རྩ་གསུམ་པོ་དེ་རྣམས་ངེས་པར་རབ་ཏུ་མཆོད་པ་དག་ཏུ་བྱ་བར་འགྱུར་ཏེ། དེ་ལྟར་མ་


MR17_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་བྱིས་པ་རྣམས་ཞི་བ་དང་རྒྱས་པར་མི་འགྱུར་རོ། །ཞེས་བྱིས་པ་གསོ་བའི་དོན་དུ་རྣལ་འབྱོར་མ་རྣམས་མཆོད་པའི་ངེས་པའོ། །འདིར་གཏོར་མའི་ཆོ་ག་ལ་སྲུང་འཁོར་མངོན་རྟོགས་རྒྱས་བསྡུས་ཅི་རིགས་བསྒོམ་ནས། གཏོར་མ་བྱིན་གྱིས་བརླབས། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་རྣལ་འབྱོར་མ་དེ་དག་བཀུག་པར་བསམ་ལ། མཆོད་པ་སྔོན་དུ་འགྲོ་བས་ཨོཾ་ཨཱཿཧཱུཾ་ཧོ་ད་ཤ་མ་ཏྲིས་པ་རི་ཝཱ་རེ་བྷྱཿ ཨེ་དམ་བ་ལིང་སོགས་ཀྱིས་བསྔོའོ། །འདི་མ་མོ་བཅུ་སྟེ་དེ་བཞིན་གཞན་ཅི་རིགས་ལ་སྦྱར་ཏེ། རྒྱས་པར་སྒྲུབ་ཐབས་ལེའུ་སོགས་དང་འཕྲུལ་ཏེ་ཤེས་པར་བྱའོ། །དེ་ནས་མ་མོའི་གདོན་གྱིས་བཟུང་བ་རྣམས་ཀྱི་སྐྱོན་གྱི་མཚན་ཉིད་གསུངས་པ། བྱིས་པ་མ་མོས་བཟུང་བ་དེ། ཡན་ལག་ཡང་ཡང་རྐྱོང་བར་འགྱུར་ཞིང་མིག་དག་ན་བ་སྟེ་ཁ་དང་ལག་པ་དང་རྐང་པ་དག་སེར་པོ་ཉིད་དུ་ཡང་དག་འགྱུར་ཞིང་། གཅིན་ནི་ཁ་དོག་སེར་པོ་དག་དང་། ལུས་ལ་ཚ་བ་ཞེས་པ་སྐྱེ་བར་འགྱུར་བ་དང་ནི། སྐྱུག་པ་དང་ནི་ལུས་སྐམ་པ་དང་། སྐབས་སུ་བརྒྱལ་བར་འགྱུར་བ་དེ་དག་གིས་མ་མོས་བཟུང་པའི་མཚན་མ་རྣམས་ནི་ཤེས་པར་གྱུར་ནས་བྱིས་པ་དེ་རྣམས་ཀྱི་ཡང་ཀྱེ་མི་ཡི་བདག་པོ་ནད་དང་གདུག་པའི་གདོན་དེ་དག་ཞི་བའི་རྒྱུར་ནི་དཀྱིལ་འཁོར་དང་སྦྱིན་སྲེག་དང་ཁྲུས་དང་གཏོར་མ་ལ་སོགས་པ་བྱ་སྟེ། གལ་ཏེ་མ་མོ་རྣམས་ལ་གཏོར་མ་མ་བྱིན་ན་ནི་བྱིས་པ་དེ་གཏོང་བར་མི་འགྱུར་ཏེ། རང་བཞིན་ཡོན་ཏན་དབང་གིས་འབྱུང་བ་ལྔའི་ཁམས་ལས་སྐྱེས་པའི་མ་མོས་ཀྱང་དེ་བཞིན་དུ་འཛིན་པའི་དབང་གིས་སོ། །དེ་ནས་རིགས་ལྡན་མ་ཞེས་པ་མ་མོ་དྲུག་ཅུ་རྩ་བཞི་པར་གྱུར་པ་མོ་ནི། རྣལ་འབྱོར་མ་རེ་གསུམ་པོ་ཐམས་ཅད་ཀྱི་མངལ་དང་ཉིན་ཞག་དང་ཟླ་བ་དང་ལོའི་མཚམས་སོ་སོ་ལ་ཁྱབ་པར་བྱེད་པའི་ངོ་བོས་གནས་པ་ཡིན་ལ་རིགས་ལྡན་མ་དེས་ཟིན་པ་གྱུར་ན། བྱིས་པ་གང་གི་ཡན་ལག་ཐམས་ཅད་མདོག་དཀར་པོར་འགྱུར་བ་དང་ཀྱེ་མི་ཡི་བདག་པོ་འབྲུམ་པ་ཤིན་ཏུ་ཕྲ་མོ་ཉུངས་ཀར་


MR17_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

སྐེ་ཚེ་ཙམ་གྱིས་ལུས་ཁྱབ་པ་དང་། མགྲིན་པ་ལུས་དང་བཅས་པ་འཁྱོག་ཅིང་། ཁ་དང་གསང་བ་དང་བཤང་ལམ་དག་ལས་ཁྲག་ནི་ཟག་གྱུར་པ། དེ་འདྲ་བ་ལ་བྱིས་པ་དེ་བསྲུང་བའི་དོན་དུ་མཆོད་པ་བྱ་བ་མིན་ཏེ། ཅིའི་ཕྱིར་ན་སྔགས་པ་གང་ཞིག་བྱིས་པ་གསོ་མི་ནུས་པའི་མཚན་ཉིད་ལ་རྨོངས་པ་རྣམས་ནི་གྲགས་པ་དམན་པའམ་ཆུང་ངུ་ཉིད་དུ་རབ་ཏུ་འགྱུར་ཏེ། ནོར་ལ་ཆགས་པས་བྱིས་པ་དེ་གསོ་རུ་ཡོད་པ་སྐད་དུ་བྱས་ཏེ་བསྲུང་བ་དང་གསོ་བར་བརྩོན་ཀྱང་གསོ་མི་ནུས་པས་འཇིག་རྟེན་ན་སྐྱེ་བོའི་ཁ་ཟེར་བར་འགྱུར་རོ། །རིགས་ལྡན་མས་ཟིན་པའི་རྟགས་ཚང་བའི་བྱིས་པ་དེ་ནི་འཆི་བར་འགྱུར་ཏེ་ངེས་པར་ལྷ་དང་མི་དང་ལག་འགྲོ་ཀླུ་རྣམས་ཀྱིས་བསྲུང་བར་ནུས་པ་མིན་པའི་སླད་དུའོ། །འཇིག་རྟེན་འདིར་ཀླུ་དང་གནོད་སྦྱིན་དང་གང་ཡང་མཁའ་ལ་ཁྱིམ་རྣམས་སུ་རྒྱུ་བའི་གཟའ་དང་། ལྷ་མིན་གྱི་རིགས་སུ་སྐྱེས་པའི་སྲིན་པོ་དག་དང་ཡི་དྭགས་ཀྱི་བྱེ་བྲག་ཤ་ཁྲག་ལ་དགའ་བ་ཤ་ཟ་རྣམས་དང་ནི། སཱི་ཀ༷ཾ་ནྱ་ཞེས་པ་རྭས་ཤེས་བྱེད་མ་དང་། ག་རོད་ཀྱིས་བྱད་མ་ཞེས་འདོན། བྱད་སྟེམས་ནི་བྱད་དུ་འཇུག་པའི་རིག་སྔགས་ཀྱིས་བསྐུལ་བས་གནོད་པ་བྱེད་པ་པོ་དེའོ། །གདུག་པའི་ལྭ་བ་མ་ཞེས་པ་ཤ་ཟ་བ་མཛེས་མའི་གཟུགས་ཅན་མ་དང་། མི་ཡི་ཁྲག་ལ་དགའ་ཞིང་མཁའ་ལ་འགྲོ་བའི་མཁའ་འགྲོ་མ་དང་། སྣ་ཚོགས་སུ་གཟུགས་སུ་བསྒྱུར་བའི་ཕྲ་མེན་མ་སྲོག་ལ་འཚེ་བར་བྱེད་པ་གཟུགས་ཅན་མ་དག་དང་། ཡི་དྭགས་ཀྱི་རྣམ་པ་ལ་འབྲས་བུ་བུམ་པ་འདྲ་བ་ཅན་བུམ་རྣ་ལ་སོགས་པ་གྲུལ་བུམ་དག་དང་། དྲིལ་བུའི་རྣ་བ་ཅན་སོགས་ཞིང་སྐྱོང་རྫུ་འཕྲུལ་ལྡན་པ་རྣམས་དང་། འབྱུང་པོའི་ཚོགས་ཀྱི་བདག་པོ་དང་། རྐང་པ་ཕྱིར་བལྟས་ལྟོགས་པ་དང་ལྡན་པའི་ཡི་དྭགས་ཀྱི་གདོན་དང་། རོ་ལངས་ཀྱི་གདོན་དག་དང་། རིག་སྔགས་གྲུབ་པ་ཡི་གདོན་དང་། བརྗེད་བྱེད་ཀྱི་གདོན་དང་བཅས་པ་དང་། མཁའ་འགྲོའི་དབང་པོ་ནམ་མཁའ་ལྡིང་གི་གདོན་


MR17_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སོ་སོའི་དཀྱིལ་འཁོར་བྲིས་ནས་དེ་དག་ལ་མཆོད་པ་བྱས་ན་མཆོག་ཏུ་བདེ་བ་བྱེད་བར་འགྱུར་བ་ཡིན་ནོ། །འབྱུང་པོའི་གདོན་དེ་དག་གིས་ཟིན་པའི་མཚན་མ་ནི་འབྱུང་པོའི་རྒྱུད་ལས་བརྗོད་པ་ལྟར་ཤེས་པར་བྱ་ལ། འདི་ཉིད་དུ་སྒྲུབ་ཐབས་ལེའུར་འཆད་འགྱུར་གྱི་འབྱུང་པོའི་ཕྱག་རྒྱ་བཅིངས་པ་ཇི་སྙེད་ཅིག་ལས་ཕྱག་རྒྱ་གང་དག་གང་བཅིངས་པ་ལས་གདོན་ནམ་འབྱུང་པོ་དེ་དང་དེས་གཟིར་བ་ཡིན་པའི་མཚན་མ་ཤེས་པར་བྱའོ། །དེ་ནས་མ་རུངས་པ་དེ་དག་རྣམས་མཆོད་པའི་དོན་དུ་དཀྱིལ་འཁོར་བྲི་བ་ཉིད་དུ་འགྱུར་ལ། དེ་ཡང་ཀྱེ་མི་ཡི་བདག་པོ་གྲོང་གི་ཕྱི་རོལ་དུ་ཤིང་གང་ལ་ཤིང་གཞན་གྱི་གྲིབ་མ་མི་འཕོག་པ་ཙམ་དུ་གཅིག་པུར་གནས་པའི་ཤིང་གཅིག་གི་གནས་དང་། དུར་ཁྲོད་དང་ནི་ལྷ་མཆོག་ཁང་པ་ལྷ་ཁང་སྟོང་བ་དག་གམ་ཆུ་བོ་འདུས་པ་ཡི་ངོགས་རྣམས་སུ་དཀྱིལ་འཁོར་བྱ་བ་སྟེ། དཀྱིལ་འཁོར་དེ་ཡི་ཚད་ནི་ཁྲུ་གང་དག་གམ་ཁྲུ་གཉིས་དང་བཞི་ནས་སྟོང་གི་བར་དག་ནི་བྲི་བར་བྱ་སྟེ། ལྷ་དགུ་དང་། ལྷ་བཅུ་གསུམ་དང་། མི་བདག་སྟེ་བཅུ་དྲུག་གི་ལྷ་རྣམས་དག་གི་ཚད་ཀྱིས་སོ་ཞེས་པ་གོང་དང་རིམ་བཞིན་སྦྱར་ཏེ། ལྷ་དགུ་པ་ལ་ཁྲུ་གང་། བཅུ་གསུམ་པ་ལ་ཁྲུ་གཉིས། བཅུ་དྲུག་པ་ལ་ཁྲུ་བཞི་ནས། དང་པོའི་སངས་རྒྱས་རྒྱུ་སྐར་གྱི་དཀྱིལ་འཁོར་ལྟ་བུ་ལ་ཁྲུ་སྟོང་གི་བར་དུ་འབྱོར་པ་དང་བསྟུན་ནས་བྱའོ། །དེ་ཡང་དཀྱིལ་འཁོར་ཐམས་ཅད་ཀྱི་དབུས་སུ་རྩིབས་བརྒྱད་པའི་འཁོར་ལོར་རམ་པདྨར་འགྱུར་ཏེ། ཞི་རྒྱས་ཀྱི་རིགས་ཀྱི་དབང་གིས་དཀྱིལ་འཁོར་དག་ལས་ཕྱེད་ཀྱི་ཆ་ཤས་ཀྱིས་སོ། །སྒོ་ནི་དཀྱིལ་འཁོར་འཁོར་ལོའི་བརྒྱད་ཆར་འགྱུར་ཏེ། ངེས་པར་སྒོ་དེ་ཡི་ཕྱེད་ཀྱིས་སྟེགས་བུའམ་ཁ་ཁྱེར་དག་དང་དོ་ཤལ་ལོ་ཞེས་པ་དོ་ཤལ་གྱི་ས་ལའོ་རྩིག་པའི་ར་བ་རེ་ཁཱ་ལྔ་པ་དང་རིན་པོ་ཆེའི་སྣམ་བུ་དག་ནི་ཁ་ཁྱེར་གྱི་ཕྱེད་ཀྱི་ཚད་དེ། སྒོའི་ཚད་ཀྱིས་སྒོ་འཁྱུད་དང་ལོགས་དང་འགྲམ་མོ། །རྟ་བབས་དག་ཀྱང་སྒོ་ཡི་ཚད་ལས་སུམ་འགྱུར་དག་ཏུ་འགྱུར་རོ་ཞེས་དཀྱིལ་འཁོར་གྱི་མཚན་ཉིད་ངེས་པའོ། །དེ་ནས་


MR17_Page_0863
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའི་ཐབས་གསུངས་པ། ཟླུམ་པོའི་ཐབ་ནི་རྒྱར་མཐོ་གཉིས་དང་ཟབས་སུ་མཐོ་གཅིག་སྟེ་ཆ་གསུམ། སྙིང་པོའི་དབུས་སུ་པདྨ་དཀར་པོའི་རང་བཞིན་དང་། ཁ་ཁྱེར་ལ་པདྨའི་ཕྲེང་བ་དང་། ཕྱི་རོལ་ལོགས་ཀྱི་འོག་ཏུ་པདྨའི་འདབ་མ་རྣམས་ཏེ་དེ་ཐམས་ཅད་དཀར་པོའི་ཚོན་རྣམས་དག་གིས་བཀང་བའམ་གཏམས་པ་སྟེ། དབུས་ཀྱི་པདྨ་དཀར་པོའི་ལྟེ་བ་དང་འདབ་མ་རྣམས་ལ། དཔལ་ལྡན་ཚོན་ཁ་དོག་ལྔ་པོ་དག་གིས་ལྷ་རྣམས་ཀྱི་ནི་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་རིགས་ཀྱི་དབང་གིས་རང་རང་གི་མཚན་མ་སོ་སོར་བྱ་བ་ནི། འདི་ལྟར་མཁའ་དང་རྣམ་ཤེས་ཕུང་པོ་དག་པ་ཡེ་ཤེས་ཀྱི་རིགས་ཀྱི་རྡོ་རྗེ་སྔོན་པོ་དབུས་དང་། འདུ་བྱེད་དག་པ་དོན་གྲུབ་ཀྱི་རིགས་རལ་གྲི་ནག་པོ་དབང་པོར་འགྱུར་ཏེ་ཞེས་པ་ཤར་དང་། ཚོར་བ་དག་པ་རིན་འབྱུང་གི་རིགས་ཀྱི་དབང་གིས་ལྷོར་ནི་རིན་ཆེན་དམར་པོའོ། །གཡོན་ཞེས་བྱང་དུ་འདུ་ཤེས་དག་པ་འོད་དཔག་མེད་པའི་རིགས་ཀྱི་དབང་གིས་འདབ་མ་བརྒྱ་དང་བཅས་པའི་པདྨ་དཀར་པོ་དག་དང་། ནུབ་ཏུ་གཟུགས་དག་པ་རྣམ་སྣང་གི་རིགས་འཁོར་ལོའི་མཚན་མ་སེར་པོ་དང་། སྒྲོལ་མ་སོགས་ཡུམ་བཞིའི་མཚན་མ་ནི། མེར་ནི་ང་ཁམས་དག་པའི་གྲི༷་གུག་ནག་པོ་ངེས་པར་པདྨའི་འདབ་མ་ལ་གནས་ཤིང་ལྷ་མིན་ཟུར་དུ་མེ་ཁམས་དག་པ་ལྕགས་ཀྱུ་དམར་པོ་དག་ཏུ་འགྱུར་རོ། །རླུང་དུས་ཁམས་དག་པ་རྡོ་རྗེ་ཞགས་པར་འགྱུར་ཏེ་ཁ་དོག་སེར་པོའོ། །ཀྱེ་མི་ཡི་བདག་པོ་དབང་ལྡན་ནམ་དྲག་པོའི་འདབ་མ་དག་ལ་ཆུ་ཁམས་དག་པའི་མདོག་དཀར་བའི་རྩེ་གསུམ་མོ། །དེ་ལྟར་ལྷ་དགུ་དང་དེ་སྟེང་བཅུ་གསུམ་ལམ་ནི། ཤར་གྱི་སྒོར་ནི་རལ་གྲི༷་ནག་པོའི་སྤྲིན་དང་མཚུངས་པ་དག་ཁྲོ་བོ་ཕྲག་དོག་རྡོ་རྗེ་སྟེ། ལྷོར་ནི་རྡོ་རྗེའི་དབྱུག་པ་དམར་པོ་འདོད་ཆགས་རྡོ་རྗེའོ། །ཆུ་རུ་སྟེ་ནུབ་ཏུ་དཔལ་ལྡན་བེ་ཅོན་སེར་པོ་གཏི་མུག་རྡོ་རྗེ་དག་ཏུ་རབ་ཏུ་འགྱུར་ཏེ་ངེས་པར་བྱང་དུ་ཐོ་བ་དཀར་པོ་ང་རྒྱལ་རྡོ་རྗེ་དག་ཀྱང་ངོ་། །དབུས་ཀྱི་རྡོ་རྗེ་སྔོན་པོ་ནི་ཁྲོ་བོའི་རྒྱལ་པོ་ཞེ་


MR17_Page_0864
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་རྡོ་རྗེའོ། །དེ་ཡང་སྦྱིན་བདག་གི་རྒྱས་བསྡུས་ཇི་ལྟར་མོས་པའི་སེམས་ཀྱི་རྗེས་སུ་འབྲང་བའི་བྲི་ཚུལ་ཤེས་ནས་ལྷ་དགུ་མ་ནས་ཤིན་ཏུ་རྣམ་པ་མང་པོ་ཡི་ལྷ་གྲངས་ཅན་དུས་ཀྱི་འཁོར་ལོ་ཡི་དཀྱིལ་འཁོར་དག་ནི་ཇི་སྲིད་པར་གྱུར་པའི་བར་དུ་བྲི་བར་བྱས་ནས་དེར་མཆོད་པ་སོགས་བྱ་བ་ནི། དེ་སྔ་བུ་མེད་པའི་མོ་གཤམ་རྣམས་ཀྱི་བུ་སྐྱེ་བ་ཡི་དོན་དང་གདོན་གྱིས་བཅོམ་པའི་མི་རྣམས་ཀྱི་ནད་གདོན་ཞི་བ་དང་ལུས་དང་བསོད་ནམས་རྒྱས་པའི་དོན་དུ་འདི་དག་མཛོད་ཅིག་ཅེས་པའོ། །དེ་ནས་གདོན་གྱིས་ཟིན་པ་རྣམས་ཀྱི་ཁྲུས་ཀྱི་ཆོ་ག་གསུངས་པ། འདིར་དཀྱིལ་འཁོར་གྱི་ཕྱོགས་སུ་དབང་ལེར་གསུངས་པ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བུམ་པ་བརྒྱད་ནི་རིན་ཆེན་ལྔ་དང་བཅས་པ་དང་གཞན་ཡང་སྨན་ལྔ་ལ་སོགས་པ་དང་ལྡན་པའི་ཆུས་བཀང་བ་འོ་མ་ཅན་གྱི་ཤིང་གི་འདབ་མ་ཡིས་བུམ་པའི་པདྨའི་ཁ་རྒྱན་བྱས་པ་ཅན་དང་། སོ་མ་བཏང་བའི་ཁམ་ཕོར་གཙང་མ་ནི་བདུན་གྱིས་ཆུ་གཙང་མ་དང་། བདུད་རྩི་ལྔ་དང་ལ་སོགས་པའི་སྒྲས་ཕྱིའི་བདུད་རྩི་ལྔ་ནི་འོ་མ་དང་ཞོ་དང་མར་དང་སྦྲང་རྩི་དང་བུར་ཤིང་གི་ཁུ་བ་ལྔ་དང་དྲི་བཟང་པོའི་དྲིའི་ཆུ་སྟེ་དེ་རྣམས་ཀྱིས་བཀང་བའི་ཁམས་ཕོར་གྱི་ཆུ་ལ་སོགས་པས་ཡི་གེ་དྲུག་པ་སྤེལ་ཚིགས་དང་བཅས་པས་བསྒྲུབ་བྱ་བཀྲུས་ཏེ། སླར་ཡང་བུམ་པ་བརྒྱད་དང་རྒྱལ་བ་དང་རྣམ་རྒྱལ་གྱི་བུམ་པའི་ཆུས་ཀྱང་བཀྲུ་བར་བྱའོ། །དེ་ནས་སླར་ཡང་ཉུངས་ཀར་སོགས་ཀྱིས་ངེས་པར་བྲབ་ཅེས་པ། དང་པོར་བ་ཡི་འོ་ཞོ་མར་ལྕི་བ་ཆུ་སྟེ་བ་བྱུང་ལྔའི་ཆང་བུས་ནད་པ་ལ་བྱབས་པར་བྱའོ། །དེ་ནས་མེ་འབར་བའི་རྩའི་ཐབ་རྣམས་དང་། འགྱུར་མངས་སུ་རྩྭའི་ཁྲེས་པོ་ཞེས་བསྒྱུར་ཏེ་རྩའི་ཆུན་པོ་མེ་སྦར་བས་བྱབས་པ་དང་། ཉུངས་ཀར་གྱིས་བྱབས་པ་དང་། ཁམ་ཕོར་དང་སིང་རས་ཟན་གྱི་གོང་བུ་སྟེ་ཆང་བུ་རྣམས་ཀྱིས་རེ་རེ་ནས་བྱབས་པར་བྱས་ནས། དཀྱིལ་འཁོར་ལ་དྲི་དང་བདུག་པ་མར་མེ་རྣམས་དང་རྣམ་པ་མང་པོའི་འབྲས་བུ་དང་རོ་སྣ་ཚོགས་པའི་ཞལ་ཟས་དང་། མེ་ཏོག་དཀར་པོ་དག་དང་གོས་


MR17_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་པ་རྣམས་ཀྱིས། རྣམ་པར་བཀྲ་བའི་མཆོད་པ་སྣ་ཚོགས་བྱས་ཏེ། སླར་ཡང་གསོལ་གདབ་སྡིག་བཤགས་སོགས་སྔོན་དུ་འགྲོ་བས་སློབ་མའི་གནས་གསུམ་བྱིན་རླབས་སོགས་ཀྱིས་རབ་ཏུ་གནས་པར་བྱས་ནས་དཀྱིལ་འཁོར་དུ་གཞུག་པར་བྱ་བ་དང་། དེར་བུམ་པའི་ཆུ་ལ་སོགས་པས་དབང་བསྐུར་བ་སྦྱིན་པར་བྱ་ཞིང་། དེ་ནས་ཞི་བའི་བསྲེག་བྱ་དག་ནི་སྦྱིན་སྲེག་བྱ་སྟེ། བསྲེག་བྱའི་རྫས་ནི་འོ་མ་དང་སོ་བ་དང་ཏིལ་ལ་སོགས་པ་ཞེས་པ་དུ རྦ་དང་ཡུངས་ཀར་འབྲས་ལ་སོགས་པའི་རྫས་དང་། འོ་མའི་རྐང་འཐུང་སྟེ་འོ་མ་ཅན་གྱི་ཤིང་ལྔ་རྣམས་དག་གི་ཡམ་ཤིང་མདའ་བརྒྱ་ཞེས་ལྔ་བརྒྱ་དག་འབུལ་བ་དང་། མཆོད་ཡོན་དག་དང་མེ་ལྷ་སྤྱན་དྲང་བ་དང་། ཞབས་བསིལ་འབུལ་བ་དང་ནི ། དེ་བཞིན་ཉིད་དུ་རྗེད་པ་སྟེ་བསྟོད་ཅིང་ཕྱག་འཚལ་བ་དང་། གོང་ལྟར་མཆོད་པ་བྱ་བ་འདི་དག་ནི། རབ་མཆོག་ས་ཡི་སྟེང་དུ་མ་མོ་རྣམས་ཀྱིས་གཟིར་བ་ཡི་བྱིས་པ་རྣམས་དང་གཞན་དག་གདོན་གྱིས་བཟུང་བ་དག་གི་ནད་གདོན་ཞི་བའི་དོན་དུ་བྱ་བ་སྟེ། དེ་བཞིན་དུ་རིགས་སུམ་ཅུ་རྩ་དྲུག་གི་རྣལ་འབྱོར་མ་རྣམས་ནི་ཀྱེ་མི་ཡི་བདག་པོ་ཞི་རྒྱས་སོགས་ལས་ཀྱི་དོན་དུ་དུས་ཀུན་ཏུ་ནི་མཆོད་པ་དག་ཏུ་བྱ་བ་ཉིད་དུ་འགྱུར་རོ། །འདིར་གང་ཞིག་མ་བརྗོད་པའི་མཆོད་པ་དང་སྦྱིན་སྲེག་སོགས་ཀྱི་ལས་ཀྱི་ཆོ་ག་ནི་དབང་གི་ལེའུ་ལས་གསུངས་པ་བཞིན་དུ་བྱའོ། །མདོར་བསྡུས་ལྔ་པ་ནས་འདིའི་བར་དུ་འགྲེལ་བར་བཅུད་ལེན་ལ་སོགས་པ་དང་བྱིས་པའི་རྒྱུད་ཀྱི་མདོར་བསྡུས་ཆེན་པོ་དྲུག་པས་བཤད་པར་མཛད་དོ། །བཅུ་བདུན་པ་ལྟ་བ་ཐམས་ཅད་རྗེས་སུ་དཔགས་པས་ཡོངས་སུ་བརྟག་པའི་ངོ་བོ་ཉིད་ཀྱི་གནས་པ་ནི། བདག་མེད་ལས་ཀྱི་རྣམ་སྨིན་སོགས་ཚིགས་བཅད་བརྒྱ་ང་ལྔ་པ་ནས་བརྒྱ་བདུན་ཅུ་བའི་བར་གྱིས་བསྟན་ཏེ། འདིར་རང་དང་གཞན་གྱི་ལྟ་བའི་ཁྱད་པར་གྱི་འདོད་པ་རྣམ་པར་གཞག་པ་གསུངས་པ། འཇིག་རྟེན་ཐ་སྙད་ཀྱི་དབང་གིས་སྣང་བ་བརྟག་པར་བྱ་བའི་གཞི་ཕུང་པོ་དང་ཁམས་དང་དབང་པོ་སོགས་ལ་འདི་དང་འདི་ཞེས་རྣམ་པར་


MR17_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱོད་པའི་སྒོ་ནས་གྲུབ་མཐའ་འཇོག་པ་སྤྱི་ཙམ་ལ་སངས་རྒྱས་པ་དང་མུ་སྟེགས་པ་ལ་ཁྱད་མེད་ལ། འཇིག་རྟེན་པ་རྣམས་བདེ་བ་ཐོབ་ཅིང་སྡུག་བསྔལ་འདོར་བའི་དངོས་གྲུབ་བམ་དགོས་པའི་ཆེད་དུ་དེ་ཁོ་ན་ཉིད་འཚོལ་བའི་ལྟ་བ་དང་སོ་སོའི་བློས་གང་དཔོགས་པ་ཙམ་གྱི་གྲུབ་མཐའ་འཇོག་པར་མཚུངས་མོད་ཀྱི་དངོས་པོའི་རང་བཞིན་ཕྱིན་ཅི་ལོག་ཏུ་འཛིན་པ་དང་ཕྱིན་ཅི་མ་ལོག་པར་རྟོགས་པའི་སྒོ་ནས་ལྟ་བ་དང་གྲུབ་མཐའ་མཆོག་དམན་དུ་འགྱུར་བ་ཡིན་ལ། དེ་ལྟར་ལྟ་བ་དང་གྲུབ་མཐའ་སྣ་ཚོགས་སུ་འགྱུར་བ་ནི། འདིར་རྡོ་རྗེ་གུར་གྱི་རྒྱུད་སོགས་ལས། དངོས་པོ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱར། །དེས་དེའི་རང་བཞིན་ཉིད་འགྱུར་ཏེ། །སྣ་ཚོགས་གཟུགས་ཀྱི་ནོར་བུ་བཞིན། །ཞེས་གསུངས་པ་ལྟར། སྣ་ཚོགས་སུ་བཟུང་བའི་བག་ཆགས་ཀྱི་དངོས་པོ་གང་དང་གང་གིས་ནི། མི་རྣམས་ཀྱི་ཡིད་ལ་ཡང་དག་པར་སྦྱར་བ་དེས། སེམས་དེ་ནི་བག་ཆགས་དེའི་རང་བཞིན་འཛིན་པ་ཉིད་དུ་འགྱུར་ཏེ། དཔེར་ན་སྣ་ཚོགས་གཟུགས་ཀྱི་ནོར་བུ་ཞེས་པ། རས་ཁ་དོག་གང་དང་འཕྲད་པ་དེའི་ཁ་དོག་ཏུ་འགྱུར་བ་བཞིན་ནོ། །དེས་ན་ཇི་ལྟར་སྣང་བ་ལ་བརྟེན་པའི་ཐ་སྙད་ཅན་ལས་བྱེད་པ་པོ་གང་ཟག་དང་། དེའི་བྱེད་པ་མིག་སོགས་དང་ལས་སུ་བྱ་བ་གཟུགས་སོགས་ཡིན་པ་ཙམ་ལ་སངས་རྒྱས་པ་དང་མུ་སྟེགས་དག་ལ་བྱེ་བྲག་མེད་མོད། དེ་ལྟ་ན་ཡང་དངོས་པོ་རྣམས་ཀྱི་ཀུན་རྫོབ་ཀྱི་རང་བཞིན་རྟོགས་ཚུལ་ལ་ཡང་ཕྱི་དང་ནང་པའི་ཁྱད་པར་ཆེ་མོད་ཀྱི། གཙོ་བོར་སྟོང་པ་ཉིད་ཀྱི་དོན་ལ་ནི་བྱེ་བྲག་ཆེས་མི་མཐུན་པ་ཡོད་དེ། ཕྱི་རོལ་པའི་ལྟ་བ་ཐམས་ཅད་ཚུར་མཐོང་གི་ལམ་ལས་བརྒལ་མ་ནུས་པས་བདག་ཡོད་པ་དང་ཕུང་སོགས་དངོས་པོ་ཡོད་པར་འདོད་པ་མཚུངས་ལ། ནང་པ་སངས་རྒྱས་པས་ནི་བདག་མེད་པ་དང་སྟོང་པར་སྨྲ་བ་ཡིན་པས། དང་པོ་སངས་རྒྱས་པའི་གཞུང་གི་འདོད་པ་སྤྱི་རྣམ་པར་གཞག་པ་ནི། གང་ཟག་དང་ཆོས་ཀྱི་བདག་མེད་པ་གཉིས་དང་། ལུས་ངག་ཡིད་གསུམ་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་གནས་འདོད་གཟུགས་གཟུགས་


MR17_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་སྲིད་པ་གསུམ་དང་། དུས་ཀྱི་འགྲོ་བ་སྟེ་འགྲོ་བ་དྲུག་དང་། དེ་དག་གི་གནས་དེ་རྣམས་སུ་འཁོར་བ་རྒྱུ་གང་ལས་འབྱུང་ན། ཡན་ལག་བཅུ་གཉིས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་ཡང་དག་པར་བྱུང་བ་དང་། རིག་བྱེད་བདེན་པ་ཞེས་འཕགས་པའི་བདེན་པ་བཞི་རྣམས་ནི་ཐེག་པ་གསུམ་གྱི་ལམ་ཐུན་མོང་པ་དང་། གཉིས་ཀྱིས་བསྒྱུར་བའི་དགུ་ནི་མ་འདྲེས་སངས་རྒྱས་ཆོས་རྣམས་ཏེ་ཞེས་པ་དགུ་གཉིས་བཅོ་བརྒྱད་ཀྱི་གྲངས་དང་ལྡན་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་ཐེག་ཆེན་མདོ་སྔགས་གཉིས་ཀའི་ཐོབ་བྱའི་འབྲས་བུ་དང་། གཞི་གཟུགས་སོགས་ཕུང་པོ་ལྔ་དང་། འབྲས་བུ་ཆོས་སྐུ་སོགས་སྐུ་གསུམ་དང་། སྔགས་ཀྱི་ཐུན་མོང་མིན་པའི་ཆོས་སྐད་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དུ་བླུན་པ་བེམས་པོ་མ་ཡིན་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་པྲ་ཕབ་པ་ལྟ་བུ་སྟེ། སྣང་སྟོང་ཟུང་འཇུག་གི་སྟོང་ཉིད་མཐའ་དང་བྲལ་བ་ཉིད་ཡིན་པར་བསྟན་ཏོ། །དགག་བྱ་བཅད་པའི་མེད་དགག་གི་སྟོང་པའང་རང་གི་ངོ་བོ་རྐྱང་པའི་ཆ་ནས་རྡུལ་དུ་གྲུབ་པའི་བེམ་པོ་མིན་ཡང་ཤེས་པ་མེད་པའི་བླུན་པ་ཡིན་པ་ལ་ནི་འདྲ་བས། དེ་ལས་ཀྱང་འདས་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་འོད་གསལ་བསྟན་པའོ། །དེ་ལྟར་ཆོས་འདི་དག་གང་དུ་བརྗོད་ཅིང་བསྟན་པ་དེ་ནི་ངེས་པར་རྡོ་རྗེ་ཅན་གྱི་སྟེ་སངས་རྒྱས་ཀྱི་བསྟན་པ་དག་ཏུ་རབ་ཏུ་འགྱུར་ཏེ། གདུལ་བྱའི་བསམ་པའི་དབང་གིས་དོན་དེ་རྣམས་ཐེག་པའི་རིམ་པས་བསྟན་པར་མཛད་དོ། །གཞུང་གང་དུ་རིག་བྱེད་མཆོད་སྦྱིན་སྙན་ངག་ངེས་བརྗོད་སྲིད་སྲུང་མཆན་བཞི་པོ་བྱེད་པ་པོས་མ་བྱས་པའི་རང་བྱུང་ཡིན་པ་དང་། ཚངས་པའི་ཁ་ལས་བྲམ་ཟེ་དང་ལག་པ་ལས་རྒྱལ་རིགས་དང་། རྐང་པ་ཡི་བརླ་ལས་རྗེ་རིགས་དང་། རྐང་པ་ལས་དམངས་རིགས་དང་། དེ་ལ་སོགས་པ་ཚངས་པའི་ལུས་ངག་ཀྱང་སྐྱེ་བོའི་སྐྱེ་གནས་ཡིན་པར་ཁས་ལེན་ཏེ། ཨ་ཤྭ་མེ་དྷ་ཞེས་པ་རྟ་གཙང་གི་མཆོད་སྦྱིན་ཏེ་རྟ་དཀར་པོ་སྤུ་གཞན་མ་འདྲེས་པ་


MR17_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

བྲམ་ཟེའི་ཆོ་གས་མཆོད་སྦྱིན་བྱས་པ་དག་ལས་གཞན་པ་མཐོ་རིས་སྒྲུབ་བྱེད་མཆོག་གི་ཆོས་མེད་ཅེས་པ་དེ་ནི་ཚངས་པའི་བསྟན་པར་འགྱུར་ལ། དེ་མཚུངས་གླུ་དབྱངས་ཆོས་སུ་སྨྲ་བ་ཁྱབ་འཇུག་པའི་འདོད་པ་ནི་སྣོད་བཅུད་འདི་ལ་བྱེད་པ་པོ་གཞན་རྡུལ་ཕྲ་རབ་རྟག་པ་ཡོད་པ་དང་། གསོན་ལུས་ལ་ཁྱབ་པའི་བདག་རྟག་གཅིག་རང་དབང་བ་ཡོད་པ་དང་། བདག་དེས་བྱས་པའི་ལས་ཡོད་པ་དང་། དུས་གསུམ་རྟག་པའི་རྫས་སུ་ཡོད་པ་དང་། ས་སོགས་འབྱུང་བ་ལྔའི་རང་བཞིན་གྱི་རྫས་ཡོད་པ་དང་ནི། སྙིང་སྟོབས་སོགས་རྫས་ཀྱི་ཡོན་ཏན་གསུམ་ཡོད་པ་དང་། འདིའི་ལུགས་ཀྱི་སྟོང་པ་ཉིད་ནི་དངོས་པོ་རྣམས་སྐད་ཅིག་མ་མིན་ཡང་མཐར་ཞིག་པར་གྱུར་པ་ཉམས་པའི་ཆོས་ཆད་སྟོང་དུ་ཡོད་པར་འདོད་དེ། དངོས་པོ་ཐམས་ཅད་མཐར་ཞིག་ཅིང་ཉམས་པ་ཆད་སྟོང་དེའི་ངང་དུ་ཐིམ་ནས་གཅིག་ཏུ་གྱུར་བ་ལ་སོགས་པས་ད་ལྟ་མི་མཐོང་བར་འདོད་དོ། །སོགས་སྒྲས་ཕྲ་མོར་གྱུར་པས་མི་མཐོང་བ་རྡུལ་ཕྲ་རབ་ཡོད་ཀྱང་དངོས་སུ་མི་མཐོང་བ་ལྟ་བུ་སོགས་བཟུང་ངམ་སྙམ། བྱེད་པ་པོ་ཞེས་བྱ་བ་ནི་དགེ་མི་དགེ་བས་བྱས་པ་དེ་ནི་བདེ་སྡུག་གི་འབྲས་བུའི་རྒྱུ་སྟེ་དེ་ལྟ་བུའི་འབྲས་བུ་སྟེར་བར་བྱེད་པའི་རྒྱུ་ཡོད་དོ་ཞེས་རབ་ཏུ་གསལ་ཞིང་ངེས་པར་བསྟན་པ་དེ་ནི་དུས་ཀྱི་འཁོར་ལོ་འདིར་ཁྱབ་འཇུག་པ་དག་གི་འདོད་པ་མདོར་བསྡུས་པའོ་ཞེས་དེའི་ཆོས་ལུགས་སོ། །འཁྲིག་པ་ཆོས་སུ་སྨྲ་བ་དབང་ཕྱུག་པའི་འདོད་པ་ནི། སྤྱིར་ཁྱབ་འཇུག་པའི་བྱེད་པོ་དང་བདག་དང་ལས་དང་དུས་དང་རང་བཞིན་དང་ཡོན་ཏན་སྟེ་ལམ་དྲུག་འདོད་པ་དང་། སྟོང་ཉིད་ཅེས་ཞིག་པའི་སྟོང་པ་ནི་མཐར་མྱང་འདས་སུ་འདོད་པ་རྣམས་དབང་ཕྱུག་པས་ཀྱང་འདོད་དེ་གྲུབ་མཐའི་ཁོག་མཚུངས་པ་ཡིན་ལ། ཚངས་པ་དབང་ཕྱུག་ཁྱབ་འཇུག་གསུམ་པོ་ལྷ་ངོ་བོའམ་རང་བཞིན་གཅིག་པའམ་གཟུགས་གཅིག་པར་འདོད་དེ། སྐུ་ཚངས་པ། གསུང་དབང་ཕྱུག ཐུགས་ཁྱབ་འཇུག་ཅེས་འདོད་དོ། །འདིར་དབང་ཕྱུག་པས་ལུས་ལ་ལམ་དྲུག་ཅེས་པ་ལུས་ཀྱི་དབང་པོ་དྲུག་སྟེ་ཡུལ་ལ་འཇུག་པར་


MR17_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་ལམ་དེ་རྣམས་དང་། དེ་ཉིད་ལྔ་ཞེས་པ་འབྱུང་བ་ལྔ་དང་། མཆོག་གི་གོ་འཕང་ཞེས་པ་དྲུག་པ་ཡེ་ཤེས་ཀྱི་ཁམས་དང་། མ་ལུས་པ་ཞེས་པ་ཡང་ཁམས་ཐམས་ཅད་གཅིག་ཏུ་འདྲེས་པར་གྱུར་པའི་རང་བཞིན་ནོ། །ཙ་མིས་སེམས་ཅན་གྱི་ཁམས་མ་ལུས་པ་ཞེས་འདོན། དེ་ལས་གཞན་ནི་སྔགས་ཀྱི་ལུས་ཞེས་ཨཱ་ལི་ཀཱ་ལིའི་བདག་ཉིད་ཅན་གྱི་སྔགས་ཀྱི་དེ་ཉིད་དོ། །རིག་པ་ཞེས་པ་འདོད་པའི་དགའ་བ་ཉམས་སུ་མྱོང་བའི་ཕྱིར་འདོད་པའི་སྒྱུ་རྩལ་སོགས་ཀྱི་སྒོ་ནས་འདོད་པའི་དེ་ཁོ་ན་ཉིད་བསྟན་པའོ། །བདག་ཅེས་པ་བདག་གི་དེ་ཁོ་ན་ཉིད་རྟག་པའོ། །དམ་པའི་ཞི་བ་ཉིད་དང་ཞེས་པ། ཞི་བ་དབང་ཕྱུག་གི་དེ་ཁོ་ན་ཉིད་ནི་བརྟན་གཡོའི་དངོས་པོ་ཐམས་ཅད་ལ་ཁྱབ་པའི་རང་བཞིན་ཞི་ཞིང་ཕྲ་བ་ཆོས་རྣམས་ཀྱི་དམ་པར་གྱུར་པའོ། །ཞི་བ་དེ་ནི་གཟུགས་སྤངས་པ་སྟེ་རགས་པའི་རྣམ་པ་ཅན་མ་ཡིན་པར་ཕྲ་བ་དང་ཡང་བ་ལ་སོགས་པའི་ཡོན་ཏན་གྱིས་ཕྲ་ཞིང་དཔག་པར་དཀའ་བ་ཞི་བའི་དེ་ཉིད་ནི། རྣམ་པ་གསུམ་གྱི་གནས་ན་གནས་པ་སྟེ། འདི་ལྟར་ཤ་རུས་སོགས་ལུས་ཀྱི་གོང་བུ་ལ་གནས་པ་དང་། ངག་ཏུ་བརྗོད་པའི་ཚིག་ལ་གནས་པ་དང་། གཟུགས་ལ་གནས་པ་ཞེས་པས་སྐད་དོད་ཀྱི་དབང་ལས་གཟུགས་སུ་བྱས་ཀྱང་རང་བཞིན་ལ་གནས་པ་ཞེས་རྣམ་པར་རྟོག་པའི་སེམས་ཀྱི་རང་བཞིན་ལ་གནས་པ་སྟེ་སད་རྨི་གཉིད་འཐུག་གི་སྐབས་ཀུན་ཏུའོ། །དེ་ལྟར་ལུས་ངག་ཡིད་རྣམ་པ་གསུམ་གྱི་གནས་ན་གནས་པ་ཞི་བ་དག་གི་སྦྱོར་དང་ཞེས་པ་སེམས་ཅན་རྣམས་སྐྱེ་བའི་དུས་སུ་དབང་པོ་ལ་སོགས་པ་སྐྱེད་པའམ་སྦྱོར་བའམ་འདུས་པར་བྱེད་པ་དང་། འཆི་བའི་དུས་དེ་དག་གི་ཚོགས་པ་རྣམ་པར་འབྲལ་ཞིང་གཏོང་བའི་དངོས་པོ་དག་ཏུ་གྱུར་པ་ནི་དབང་ཕྱུག་ཞི་བའམ་ཕྲ་བ་དེ་ཉིད་ཡིན་ནོ་ཞེས་འདོད་པ་སྟེ། གང་ཞིག་ཕྲར་གྱུར་གཅིག་ཏུ་སྐྱེ་གནས་འདུག དེ་ཡིས་འདི་ཀུན་སྐྱེ་ཞིང་འཇིག་པར་བྱེད། དེ་ཉིད་དབང་བདག་མཆོག་སྦྱིན་ལྷ་མཆོད་བྱ། །ཡོན་


MR17_Page_0870
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་བྱེད་པ་ཤིན་ཏུ་ཞི་བ་ཐོབ། །ཅེས་དང་། ཕྲ་ཞིང་བསམ་གྱིས་མི་ཁྱབ་རབ་ཏུ་སྲབ་བྱེད་ཀུན་རིག་ཐམས་ཅད་བྱེད། རྣལ་འབྱོར་གོམས་པས་ཐོབ་པའི་བློ་ཅན་བསམ་གཏན་ཡུལ། ཉི་མ་ཟླ་བ་ཆུ་མེ་རླུང་ཕྱོགས་ནམ་མཁའི་ལུས་ཅན་ཏེ། ཞི་བའི་བདེ་དགའ་བསྒྲུབ་པར་འདོད་པ་རྣམས་ཀྱིས་དབང་ཕྱུག་རྟག་ཏུ་བསྒོམ། ཞེས་བཤད་དོ། །ཐིག་ལེའི་དབྱེ་བ་ཞི་བ་ཉིད་དང་ཞེས་པ། ཁུ་བ་འཕོ་བ་འཛག་བདེའི་གནས་སྐབས་ཀྱི་བདེ་བ་དེ་ནི་དབང་ཕྱུག་ཞི་བ་སྟེ། དབང་ཕྱུག་གི་སྒྲ་བསྒྲགས་པའི་རྒྱུད་ལས། དབང་ཕྱུག་ནུས་མ་མཉམ་སྦྱོར་བས། རྨད་དུ་བྱུང་བའི་བདེ་བ་སྐྱེ། །ནུས་ཅན་ཚུལ་གྱིས་བསྒོམ་པ་ཡིས། །ཡང་དག་དུ་ན་དངོས་པོ་མེད། །ནུས་ཅན་མ་ཡིན་སྟོང་ཉིད་ལྟ། །སྒྲོ་འདོགས་ཐམས་ཅད་རྣམ་འཇོམས་པའོ། །ཞེས་དང་། ལྷ་མོ་རིན་ཆེན་གནས་འདི་ནི། །དབང་ཕྱུག་དྲག་དང་ནུས་ལྡན་མཆོག །ལྟེ་བར་ཆུར་ནི་སོང་བ་སྟེ། །མཚོན་བྱ་མཚོན་བྱེད་ལས་ངེས་གྲོལ། །ཞེས་བཤད་ཅིང་། གཞན་ཡང་། དབང་ཕྱུག་འཁྲིག་པ་གྲུབ་པ་ལས། །དབུ་མའི་ཡེ་ཤེས་སྐྱེ་བར་འདོད། །བུམ་པ་ཅན་གྱི་རླུང་གིས་ནི། །བསྐལ་པའི་བར་དུ་འཆི་མེད་འགྲུབ། །ཅེས་སོགས་འཁྲིག་པ་ཆོས་སུ་སྨྲ་བ་དང་། རླུང་གི་རྣལ་འབྱོར་མང་པོ་ཡང་བཤད་དོ། །མཐའ་དག་ལུས་ལ་གནས་པ་ཞེས་པ་ནི། །རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ལ་ཁྱབ་པ་སྟེ། །གོང་དུ་དམ་པའི་ཞི་བ་ཞེས་པ་ཞི་བ་རང་གི་ངོ་བོ་བསྟན་པའི་ཆ་ནས་བརྗོད་ལ། །འདིར་ངེས་བརྟན་གཡོ་ཐམས་ཅད་ལ་ནམ་མཁའ་ལྟར་ཁྱབ་པའི་ཆ་ནས་བརྗོད་པའོ། །བཅུ་གཉིས་མདུད་པའི་དབྱེ་བ་སྟེ་ཞེས་པ་སྲོག་ཆགས་རྣམས་ཀྱི་ལུས་ལ་གནས་པའི་ཁྱིམ་གྱི་དུས་སྦྱོར་བཅུ་གཉིས་ཀྱི་རླུང་འཕོ་བ་རྣམས་ལ་མདུད་པའི་མིང་གིས་བརྗོད་དེ། དེའི་སྒོ་ནས་དབྱེ་བའི་ལོ་དང་བགྲོད་པ་དང་དུས་དྲུག་དང་དུས་བཞི་དང་གསུམ་དང་། ཟླ་བ་དང་ཕྱོགས་དང་། ཉིན་ཞག་དང་ཆུ་ཚོད་དང་ཆུ་སྲང་དང་


MR17_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

དབུགས་ཀྱི་དབྱེ་བ་རྣམ་པར་བརྗོད་པ་ཡི་དུས་ཀྱི་ཆ་དེ་དག་ཀུན་དུ་དབང་ཕྱུག་གིས་ཁྱབ་པའོ། །དེ་ལྟར་དབང་ཕྱུག་པ་འདི་དག་གིས་སྣོད་བཅུད་ཐམས་ཅད་དབང་ཕྱུག་དེས་བྱས་པས་ན། ཐམས་ཅད་ཀྱི་བྱེད་པ་པོ་དབང་ཕྱུག་དེ་གཅིག་པུ་ཡིན་པར་འདོད་དེ། །ཇི་སྐད་དུ། དབང་ཕྱུག་རྫ་མཁན་ལྟ་བུར་སྣ་ཚོགས་འདི་སྤྲུལ་བྱེད་པོར་མ་གྲུབ་ན། །ས་གཞི་འདི་མི་འགྲུབ་ཅིང་རི་རབ་འདི་མིན་རྒྱ་མཚོ་མ་ཡིན་ཏེ། །ཉི་ཟླ་སྐར་ལྡན་བཀོད་པ་འདི་དག་མིག་ཡུལ་དུ་མི་འགྱུར། །ཡོད་པའི་ཕྱིར་ན་དབང་ཕྱུག་འགྲོ་བའི་བྱེད་པོར་གྱུར་བ་ཡིན། །ཞེས་འདོད་ལ། གཞན་ཡང་། སྐྱེ་བ་པོ་འདི་ཤེས་པ་ཡོད་མིན་ཏེ། །བདག་གི་བདེ་སྡུག་བདག་ལ་རང་དབང་མེད། །དབང་ཕྱུག་གིས་བཏང་ཡང་ན་གཡངས་སའམ། མཐོ་རིས་དག་ཏུ་འགྲོ་བ་ཁོ་ནར་འགྱུར། ཞེས་དང་། ཡོན་ཏན་ནོར་ལྡན་ཚེ་ཐུང་དང་། །ངན་པར་སྤྱོད་རྣམས་ཚེ་རིང་དང་། །གཏོང་ལྡན་དབུལ་པོ་མཐོང་བས་ན། །དབང་ཕྱུག་གིས་བྱས་གསལ་བ་ཡིན། །ཞེས་སོགས་རིགས་པ་ལྟར་སྣང་བ་དུ་མས་ཀྱང་དབང་ཕྱུག་བྱེད་པ་པོ་བསྒྲུབ་པར་བྱེད་དོ། །བདག་ཅེས་བྱ་བ་འཇིག་རྟེན་གྱི་བྱེད་པ་པོར་སྨྲ་བ་རྣམས་ཀྱིས་འདི་སྐད་དུ། སྐྱེས་བུ་དྲང་སྲོང་ཆེན་པོ་ཉི་མའི་མདོག །མུན་པ་ལས་འདས་གྱུར་པ་དེ་རིག་ན། །འཆི་བ་ལས་འདས་འགྱུར་ཏེ་བདག་གིས་རྟོགས། །སྐྱེ་མེད་གནས་འགྲོ་བ་ལ་ལམ་གཞན་མེད། །ཅེས་དང་། ཆེན་པོ་ཉི་མདོག་མུན་བདུན་གནས། །སྐྱེས་བུ་དེ་ནི་ཁོ་བོས་རིག །དེ་རྟོགས་འཆི་བའི་འཇིགས་མེད་དེ། །ཐར་ཕྱིར་དེ་ལས་ལམ་གཞན་མེད། །བ་ནི་བ་ཐག་རྣམས་ཀྱི་བཞིན། །ཆུ་ཤེལ་ཆུ་རྣམས་ཀྱི་བཞིན་དང་། །བླག་ཤ་ཡལ་ག་རྣམས་ཀྱི་བཞིན། །དེ་ནི་ལུས་ཅན་ཀུན་གྱི་རྒྱུ། །ཞེས་བཤད་དོ། །དེ་བཞིན་དུ་ཚངས་པ་དང་ཁྱབ་འཇུག་པ་རྣམས་ཀྱིས་ཀྱང་ཚངས་པ་དང་ཁྱབ་འཇུག་དག་འཇིག་རྟེན་གྱི་བྱེད་པ་པོར་འདོད་ཅིང་མཆོད་པར་བྱ་བའི་ལྷ་ཡི་མཆོག་ཏུ་འཛིན་ནོ། །དེ་ལྟར་གོང་


MR17_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ལམ་དྲུག་ནས་བཅུ་གཉིས་མདུད་པའི་དབྱེ་བའི་བར་དུ་བསྟན་པ་འདི་དག་ཐམས་ཅད་གཞུང་གང་དུ་རབ་ཏུ་བསྟན་པར་གྱུར་པ་དེ་ནི་ངེས་པར་ཞི་བ་པའམ་དབང་ཕྱུག་པ་ཡི་བསྟན་པའོ། །དེ་ནས་འཇིག་རྟེན་རྒྱང་ཕན་པའི་འདོད་པ་གསུངས་པ། འདིར་ལུས་ཅན་རྣམས་ལ་ཁྱབ་པའི་དབང་ཕྱུག་མེད་ཅིང་། དེ་བཞིན་དུ་བྱེད་པ་པོ་མེད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་དག་ཀྱང་མེད་ལ། སྙིང་སྟོབས་ལ་སོགས་པའི་ཡོན་ཏན་དང་ཡུལ་དྲི་ལ་སོགས་པར་སྣང་བ་རྣམས་ནི་ས་སོགས་འབྱུང་བའི་ཚོགས་བཞི་པོ་ནི་ད་ལྟ་ཡོད་པ་འདི་ལ་ལོངས་སྤྱོད་པ་ཁོ་ན་ཡིན་པས། འབྱུང་བའི་ཚོགས་དེ་ལ་ལོངས་སྤྱོད་པ་མེད་པ་ན་ཤི་བའི་དུས་སུ་ལས་ཀྱི་འབྲས་བུ་རྗེས་སུ་མྱོང་བ་མེད་པ་སྟེ། ཨ་རུ་དང་བུ་རམ་སོགས་ཡང་དག་པར་སྦྱོར་བ་ལས་མྱོས་པར་བྱེད་པའི་ཆང་གི་ནུས་པ་གསར་དུ་སྐྱེ་བ་བཞིན་དུ་འབྱུང་བ་རྣམས་ཡང་དག་སྦྱོར་བ་ལས་སེམས་ཅན་སྣ་ཚོགས་སུ་སྣང་བའི་ནུས་པ་འདི་ཟད་དེ་ཤི་བ་ན་འཇིག་རྟེན་ཕ་རོལ་གྱི་ལུས་ལེན་པ་མེད་དེ། མར་མེའི་འོད་འགགས་པ་བཞིན་ནོ། །ཞེས་འདོད་པ་གསལ་བར་ལྷ་ཡི་བླ་མ་ཕུར་བུ་དག་གིས་བསྟན་པར་རིག་པར་བྱའོ། །དེ་ལྟར་ཡང་རྒྱང་ཕན་པའི་གཞུང་ལས། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་། །སྲན་ཟླུམ་ཚེར་མ་གཟིར་རིང་རྣོ་བ་དང་། །རྨ་བྱའི་མདོངས་བཀྲ་ལ་སོགས་ཆོས་རྣམས་ཀུན། །སུས་ཀྱང་མ་བྱས་ངོ་བོ་ཉིད་ཀྱི་བྱུང་། །ཞེས་དང་།ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུའང་དེ་ཙམ་ཁོ་ནར་ཟད། །བཟང་མོ་མང་ཐོས་གང་སྨྲ་བ། །དེ་དག་སྤྱང་ཀིའི་རྗེས་དང་མཚུངས། །ཞེས་ཇི་ཙམ་དབང་པོའི་སྤྱོད་ཡུལ་དུ་སྣང་བའི་ཚེ་འདི་གང་ཙམ་ལས་ཚེ་ཕྱི་མ་མེད་དོ། །བཟང་མོ་ཞེས་བོས་ནས་མང་ཐོས་རྣམས་ཀྱིས་ཚེ་ཕྱི་མ་དང་ལས་ཀྱི་རྣམ་སྨིན་ཡོད་པ་སྐད་དུ་བཤད་པ་དེ་ནི་སྔོན་རྐུན་པོ་གཡོན་ཅན་ཞིག་གིས་གྲོང་ཞིག་གི་ཕྱི་རོལ་དུ་སྤྱང་ཀིའི་རྗེས་མང་པོ་བཀོད་ནས་ད་སྟེ་ཞག་བདུན་ནུ་སྲིན་པོ་སྤྱང་ཀི་ཞེས་པ་བྱུང་ནས་གྲོང་ཁྱེར་པ་ཐམས་ཅད་ཟ་བས་ཀུན་


MR17_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནོར་ཅི་ཡོད་ཕྱིར་ཕྱུངས་ནས་མི་རྣམས་ཁྱིམ་དུ་སྒོ་བཅད་དེ་ཕྱི་རོལ་ཏུ་མིག་མི་ལྟ་བར་བྱས་ན་ལེགས་ཞེས་སྨྲས་པའི་ངག་ལ་ཉན་ནས་དེ་ལྟར་བྱས་པ་ན་རྐུན་པོས་ནོར་ཐམས་ཅད་ཁྱེར་ཏེ་སོང་བའི་གཏམ་རྒྱུད་ལ་དཔེར་བྱས་པའོ། །དེ་ནས་ཀླ་ཀློ་སྟག་གཟིག་པ་རྣམས་ཀྱི་འདོད་པ་གསུངས་པ། རཧྨ་ཎ་ཞེས་བྱ་བའི་བྱེད་པོས་རྒྱུ་བ་གཡོ་བ་ནང་གི་སེམས་ཅན་དང་། མི་རྒྱུ་བ་ཕྱི་ཡི་བརྟན་པ་ས་སོགས་ཀྱི་དངོས་པོ་ལས་སྐྱེས་པ་མཐའ་དག་བསྐྱེད་ཅིང་། ཀླ་ཀློ་སྟག་གཟིགས་པ་གོས་དཀར་ཅན་རྣམས་ཀྱི་ཐར་པ་དག་གི་རྒྱུ་ནི་བྱེད་པོ་རཧྨ་ཎ་དེ་མཉེས་པ་ཉིད་བྱས་པ་ལས་ངེས་པར་མི་རྣམས་མཐོ་རིས་སུ་འགྱུར་བ་དང་མ་མཉེས་ན་དམྱལ་བར་འགྱུར་རོ་ཞེས་བཤད་པ་དེ་ནི་རཧྨ་ཎ་ཡི་བསྟན་པའོ། །ཞེས་གསུངས་ཏེ། ཡུལ་གྱི་མིང་གིས་སོག་པོ་སྟག་གཟིག་པ་ཞེས་གྲགས་པ་ཀླ་ཀློའི་ཆོས་ལུགས་ཀྱི་གྲུབ་མཐའི་གཙོ་བོ་རཧྨ་ཎ་བྱེད་པ་པོར་འདོད་པ་འདི་ཡིན་པར་གསལ་ལ། དེང་སང་ཕྱི་གླིང་བ་རྣམས་ཀྱིས་ཀྱང་གནམ་གྱི་བདག་པོས་འཇིག་རྟེན་འདི་ཐམས་ཅད་བྱས་པས་དེ་དྲིན་ཆེ་ལ། དེའི་བཀའ་ནི་མི་གསོད་པ་སོགས་སུ་བསྒྲགས་པ་ལྟར་བྱ་ཞིང་དེ་མཉེས་ན་དེའི་གནས་བདེ་སྐྱིད་ཕུན་སུམ་ཚོགས་པར་སྐྱེ་བ་དང་། མི་མཉེས་པར་བྱས་ན་ས་འོག་ཏུ་སྡུག་བསྔལ་མྱོང་བའི་དམྱལ་བར་བཙུད་པར་འགྱུར་ཞེས་ཟེར་བ་འདི་ཡི་ཁུངས་སྟག་གཟིག་པའི་ཆོས་ལུགས་དེ་ཡིན་པར་འདུག་གོ །དེ་ནས་བྲམ་ཟེ་རྒྱལ་བ་ཞེས་པ་སྟོན་པར་འཛིན་པ་གཅེར་བུ་པའམ། མཆོད་འོས་པའམ། ནམ་མཁའི་གོས་ཅན་པའམ། ཟད་བྱེད་པའི་འདོད་པ་གསུངས་པ། འདས་པ་སོགས་དུས་གསུམ་ཉིད་རྫས་སུ་གྲུབ་པ་ཉིད་དང་། རྫས་ནི་དྲུག་སྟེ། ཞེས་པ། ལུས་འཛིན་བྱེད་སྲོག་རྟག་པ་དང་། འགྲོ་བ་བཞིར་འཁོར་བའི་ལུས་ཅན་གང་ཟག་དང་། དུས་དང་། ནམ་མཁའ་དང་། དགེ་བ་བསོད་ནམས་དང་། མི་དགེ་བ་སྡིག་པ་དྲུག་ཡིན་ལ། འདི་དག་ལས་སྲོག་དང་དུས་དང་ནམ་མཁའ་གསུམ་


MR17_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པ་དང་། གཞན་གསུམ་མི་རྟག་པར་འདོད་ཅིང་། དུས་ཞེས་བྱ་བ་རྫས་སུ་ཡོད་པ་སྟེ། འབྱུང་བ་རྣམས་ཀྱང་དུས་ཀྱིས་འབྱིན། །སྐྱེ་དགུ་རྣམ་སྡུད་དུས་ཀྱིས་བྱེད། །དུས་ཀྱིས་གཉིད་ལོག་སད་བྱེད་ཕྱིར། །དུས་ནི་ཤིན་ཏུ་འདའ་བར་དཀའ། །ཞེས་བཤད་དོ། །སྤྱིར་དངོས་པོ་ཐམས་ཅད་རྫས་ཀྱི་སྒོ་ནས་རྟག་པ་དང་རྣམས་གྲངས་ཀྱི་སྒོ་ནས་མི་རྟག་པ་དང་། དེ་བཞིན་དངོས་པོ་རྣམས་རང་བཞིན་གྱི་སྒོ་ནས་གཅིག་དང་། རྣམ་གྲངས་སམ་རྣམ་པའི་སྒོ་ནས་དུ་མ་ཡིན་པར་འདོད་དོ། །ཚིག་དགུས་བསྒྲུབས་དང་། ཞེས་པ་ཚིག་གི་དོན་དགུས་ཤེས་བྱ་ཐམས་ཅད་བསྡུས་ཤིང་དེ་ཡི་སྒོ་ནས་ཁོ་རང་གི་གྲུབ་མཐའ་འཇོག་པའམ་བསྒྲུབ་པར་བྱེད་པ་ཡིན་ལ། ཚིག་གི་དོན་དགུ་ནི། སྲོག་དང་། སྲོག་མ་ཡིན་པ་དང་། ཟག་པ་དང་། སྡོམ་པ་དང་། སྤུངས་པ་དང་བཅིངས་པ་དང་། ཐར་བ་དང་། འགྲོ་བ་དང་། འོང་བ་དགུ་ཡིན་པར་འགྲེལ་བ་ལས་གསུངས་ལ། ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་རྩ་འགྲེལ་སོགས་སུ་གསུངས་པ་དང་འདིར་གསུངས་པ་གྲངས་འདྲེན་ཚུལ་གྱི་ཁྱད་པར་ཅུང་ཟད་མི་འདྲ་བ་སྣང་ངོ་། །དེ་ལ་སྲོག་ནི་བདག་དང་དོན་གཅིག་པར་འདོད་ལ། སྲོག་དེ་ནི་དྲུག་གི་ལུས་ལ་ཆ་ཤས་སོ་ཞེས་པ། ས་ཡི་ལུས་ལ་ཆ་ཤས་དང་། དེ་བཞིན་ཆུ་མེ་རླུང་གི་ལུས་ལ་ཆ་ཤས་དང་། ནགས་ཀྱི་བདག་པོའི་ལུས་ལ་ཆ་ཤས་དང་། འབྲུའི་ལུས་ལ་ཆ་ཤས་སུ་གནས་པའི་དབྱེ་བ་དྲུག་པོ་འདི་ནི་ལུས་དྲུག་པོ་དེ་ལ་སྲོག་རྣམས་ཀྱི་ཆ་ཤས་ཡོད་པ་སྟེ། འདི་བའི་ལུགས་ལ་འབྱུང་བ་བཞི་ལ་ཐུག་རེག་ཡོད་པ་སོགས་ཀྱི་སྒོ་ནས་ལུས་ཡོད་པས་སྲོག་ཡོད་པ་དང་། ཤིང་རྣམས་ལ་ཆུ་ཤིང་འབྲུག་སྒྲ་བསྒྲག་ན་སྐྱེ་བས་རྣ་དབང་ཡོད་པ་སོགས་དབང་པོ་སོ་སོ་བ་ཡོད་པའི་ཤིང་ཡོད་པ་དང་། བཅད་ན་སྐམ་པ་སོགས་ཀྱི་སྒོ་ནས་ནགས་ཀྱི་བདག་པོའམ་ཤིང་ལ་སྲོག་ཡོད་པ་དང་། འབྲུ་རྣམས་བཏབ་ན་སྐྱེ་ཞིང་བསྲེག་ན་རྒྱུན་ཆད་པས་སྲོག་ཡོད་པར་འདོད་ལ། ལུས་ཅན་རྣམས་


MR17_Page_0875
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་དབང་པོ་ཐམས་ཅད་དང་ལྡན་པའི་སྲོག་ཡོངས་སུ་རྫོགས་པ་མ་ཡིན་པས་ཆ་ཤས་ཞེས་བཤད་དོ། །སྲོག་གི་ཆ་ཤས་ཡོད་པ་དེ་ལས་གཞན་ནི་སྲོག་ཡོད་པའི་ལུས་ལྔ་ཞེས་པ་སྟེ། མི་དང་དུད་འགྲོ་ལ་སོགས་པ་ཁམ་ཀྱི་ཁ་ཟས་ཅན་གྱི་ལུས་དང་། གཟུགས་ཁམས་པའི་ལྷ་རྣམས་ཀྱི་འོད་ཀྱི་ལུས་དང་། གཟུགས་མེད་པ་ཡིད་ཀྱི་རང་བཞིན་གྱི་ལུས་དང་། དམྱལ་བ་སོགས་རྫུས་སྐྱེས་ཀྱི་ལུས་དང་། མཐའི་ལུས་ནི་ཐར་བའི་དུས་ཀྱི་ལུས་ཏེ། འདི་རྣམས་ནི་སྲོག་ཡོད་པའོ་གང་ཟག་ཏུ་གདགས་པའི་གཞི་ཡང་འདི་ལྔའོ། །དེ་ལས་གཞན་པའི་སྒྲ་དྲི་རོ་འོད་ནམ་མཁའ་འཇའ་སོགས་སྲོག་ཡོད་པ་མ་ཡིན་པའོ། །འདིར་ཁ་ཅིག་རང་བཞིན་གྱི་ལུས་ཞེས་པ་གོང་གི་ས་སོགས་དྲུག་གི་ལུས་ལ་འཆད་ཀྱང་གོང་དང་ཟློས་པ་དང་། གཟུགས་གཟུགས་མེད་ཀྱི་ལུས་ལ་སྦྱར་བ་མི་ལེགས་པར་འཛིན་ཀྱང་བཤད་ཚུལ་འདི་ཤིན་ཏུ་ལེགས་པར་སྣང་ངོ་། །ཟག་པ་ཞེས་བྱ་བ་ཉོན་མོངས་པ་དང་ལས་ངན་པ་འཁོར་བར་འཁྱམས་པར་བྱེད་པའོ། །ཟག་པ་དེ་སྡོམ་པར་བྱེད་པ་ལ་སྡོམ་པ་ཞེས་བརྗོད་ཅིང་སྡོམ་པ་དེ་ལ་བྱེ་བྲག་ཏུ་བརྟུལ་ཞུགས་ལྔ་དང་སྡོམ་པ་ལྔ་ལས། དང་པོ་ནི་སྲོག་གཅོད་སྤངས་ནས་གཞན་ལ་མི་འཚེ་བ་སྟེ། འདིས་རང་གིས་མ་ཚོར་བར་རྐང་འོག་ནས་ཤི་བ་ལའང་ཉེས་པས་རེག་པར་དོགས་ནས་རྐང་པར་དྲིལ་ཆུང་འདོགས་པ་སོགས་དང་། མེ་བུས་པས་སྲོག་ཆགས་དེར་ལྕེབ་ནས་འཆིར་དོགས་པས་དེ་སྤངས་པ་སོགས་སྲོག་ལ་འཚེ་བ་ཤིན་ཏུ་འཛེམ་པ་དང་པོ་དང་། གཉིས་པ་རྫུན་སྤངས་པས་གཞན་ལ་གནོད་ཀྱང་བདེན་པར་སྨྲ་བ་དང་། གསུམ་པ་མ་བྱིན་ལེན་སྤངས་པས་སྐོམ་ཀྱང་ཆུ་གཞན་གྱིས་མ་བྱིན་ན་མི་འཐུངས་པ་ལྟ་བུ་དང་། བཞི་པ་མི་ཚངས་སྤྱོད་ཕྱོགས་མཐུན་བཅས་སྤངས་ནས་ཚངས་པར་སྤྱོད་པ་དང་། ལྔ་པ་རང་གིས་ཡོངས་སུ་བཟུང་བ་ཐམས་ཅད་གཏོང་བ་སྟེ་གོས་ཙམ་ཡང་མི་འཛིན་པའོ། །སྡོམ་པ་ལྔ་ནི་ལུས་གཅེར་བུར་བྱེད་པ་སོགས་ལུས་ཀྱི་


MR17_Page_0876
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་སྤྱོད་སྤོངས་པ་སྤྱོད་ལམ་གྱི་སྡོམ་པ་དང་། ངག་མི་སྨྲ་བའམ་ངག་གི་ཉེས་སྤྱོད་སྤོང་བ་སྐད་ཀྱི་སྡོམ་པ་དང་། སློང་མོས་འཚོ་བ་ཙམ་གྱིས་ཆོག་ཤེས་བྱེད་ཀྱི་རྙེད་པ་སྣ་ཚོགས་འཚོལ་བ་སྤོང་བ་ཡོངས་སུ་འཚོ་བའི་སྡོམ་པ་དང་། སྔར་གྱི་ཁས་བླངས་པ་མི་འདོར་བའམ་བསོད་སྙོམས་བསླང་བ་ཆུད་ཟོས་སུ་མི་འདོར་བའི་སྡོམ་པའམ། ཡང་ཙ་མི་དང་འགྱུར་མངས་སུ་ལེན་པ་སྡོམ་པ་ཞེས་འབྱུང་བ་ལྟར་ན་བསོད་སྙོམས་ཀྱང་འཚོ་བ་ཙམ་ལས་ལྷག་མ་ལེན་པ་སྡོམ་པའོ། །ཉེ་བར་རབ་ཏུ་གནས་པའི་སྡོམ་པ་ནི། གཅེར་བུ་པའི་རྟགས་སྦྲང་གཡབ་དང་རིལ་བ་སོགས་འཛིན་པ་ལའང་བཤད་པ་སྣང་ལ། ཙ་མིས་ཉེ་བར་བཞག་པ་བསྡོམ་པ་ཞེས་པ་ལྟར་ན་གསོག་འཇོག་བསྡམ་པ་ལ་ཡང་བཤད། འགྱུར་མངས་སུ། འདོམས་སྟོང་པར་འཇོག་པའི་སྡོམ་པ་ཞེས་བྱུང་བ་ལྟར་ན་འདོམས་དཀྲིས་ཙམ་ཡང་མི་འཛིན་པའོ་ཞེས་སྔ་མ་རྣམས་གསུངས་ཀྱང་། གཅེར་བུ་པ་རང་གི་གཞུང་ལས་ཇི་སྐད་བཤད་པའི་དཀའ་ཐུབ་དང་བརྟུལ་ཞུགས་ལ་དྲན་ཤེས་དང་ལྡན་པས་རྟག་ཏུ་ཉེ་བར་གནས་པ་ལ་བཤད་ན་ལེགས་པ་འདྲ་སྙམ་དུ་སེམས་སོ། །སྤངས་པ་ནི། ཚེ་འདིར་མི་དགེ་བ་གསར་དུ་བྱེད་པ་སྤངས་ཤིང་སྔོན་གྱི་ལས་རྣམས་ཀྱང་དཀའ་ཐུབ་དང་སྡོམ་པའི་མཐུས་ཟད་པས་འཁོར་བར་འཆིང་བྱེད་ཀྱི་ལས་རྣམས་ཡོངས་སུ་སྤང་པའོ། །བཅིངས་པ་ནི་ལས་མ་ཟད་ཀྱི་བར་དུ་འཁོར་བར་འཁྱམས་པའོ། །འགྲོ་བ་ལྔ་སྟེ། དམྱལ་བ་དང་དུད་འགྲོ་དང་མི་དང་ལྷ་དང་ཐར་བར་འགྲོ་བའོ། །ཡི་དྭགས་ནི་དམྱལ་བའི་ཕྱོགས་སུ་བསྡུས་པའོ། །དང་གི་སྒྲ་ནི་སྡུད་པའོ། །འོང་བ་ནི་ཚེ་སྔ་མ་ནས་འདིར་འོང་བའོ། །ཡེ་ཤེས་ནི་ལྔ་སྟེ། སྐྱེས་ཐོབ་ཀྱི་བློ་གྲོས་ཀྱི་ཡེ་ཤེས་དང་། གཞུང་ལུགས་ཐོས་པ་ལས་བྱུང་བའི་ཡེ་ཤེས་དང་། མཚམས་ཀྱི་ཡེ་ཤེས་ཀྱི་ཐུན་མཚམས་ཏེ་ཐུན་བཞི་རྣམས་སུ་བསྒོམ་པའི་ཡེ་ཤེས་སམ། ཁ་ཅིག་གིས་འཆི་བའི་འཚམས་སུའང་བཤད། འགྱུར་མངས་སུ་མཐར་ཞེས་པ་ལྟར་ན་ཐར་བའི་ཡེ་ཤེས་དང་།


MR17_Page_0877
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་ཚོལ་བའི་ཡེ་ཤེས་ནི་ཡིད་ཀྱི་རྟོག་དཔྱོད་ཀྱིས་ཤེས་བྱ་ཡོངས་སུ་ཚོལ་བའི་སྒོ་ནས་དོན་རྟོགས་པ་དང་། མོའི་ཡེ་ཤེས་ཞེས་པ། ལག་རྩིས་དང་སྐར་རྩིས་དང་རྒྱུ་མཚན་དང་ལ་ཉེ་བརྟག་པ་མོ་སོགས་ཀྱིས་ལྐོག་གྱུར་ཤེས་པའོ། །སྤྱོད་པ་དག་གི་དབྱེ་བ་རྣམས། ཞེས་པ་སྤྱོད་པའི་དབྱེ་བ་བཅུ་གསུམ་སྟེ། གོང་བཤད་བརྟུལ་ཞུགས་ཀྱི་དབྱེ་བ་ལྔ་དང་། སྡོམ་པའི་དབྱེ་བ་ལྔ་དང་། ལུས་ཀྱི་གསང་བ་དང་། ངག་གི་གསང་བ་དང་། སེམས་ཀྱི་གསང་བ་གསུམ་མོ། །ཕྱི་མ་འདི་གསུམ་ནི། སྒོམ་གསུམ་གྱི་རང་བཞིན་བཅིང་ཐར་དུ་འགྱུར་ཚུལ་སོགས་ཀྱི་དོན་རིག་པའམ། ལུས་ཀྱི་དཀའ་ཐུབ་དང་། ངག་གི་སྔགས་བཟླ་བ། སེམས་ཀྱི་ཐར་ལམ་བསྒོམ་པ་གསུམ་ལ་བཤད་པའང་སྣང་ངོ་། །དེ་ལ་གཅེར་བུ་པས་སྲོག་ནི་ལུས་ཀྱི་ཚད་དེ་སྲོག་ཅན་དེ་ལ་སྲོག་གིས་ཁྱབ་ཅིང་དེ་ལས་གཞན་དུ་མ་ཁྱབ་པས་ལུས་དང་ཚད་མཉམ་པར་འདོད་དོ། །དཔག་ཏུ་མེད་པའི་སྲིད་པ་ལ་གནས་པའི་སེམས་ཅན་དག་གིས། རང་རང་གི་རྒྱུད་ཀྱི་རྟག་པའི་སྲོག་གིས་མཐར་ཐར་པ་ཐོབ་པར་འདོད་པའོ། །ཐར་པ་ཐོབ་པའི་ཚེ་ན་གྲུབ་པའི་མཐའ་གང་དུ་ཐར་བའི་ཚད་ནི་འཇིག་རྟེན་གསུམ་ལས་བརྒལ་བའི་སྟེང་དུ་འཇིག་རྟེན་འདུས་པ་ཞེས་བྱ་བ། དབྱིབས་གདུགས་དཀར་པོ་བཀན་པ་སྟེ་ཁ་གྱེན་དུ་བསླངས་པ་དང་འདྲ་བ་ཆེ་ཆུང་གི་ཚད་ནི་དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་ལྔ་ཡོད་བ་ཁ་དོག་དཀར་པོ་ཞིག་ཏུ་གྱུར་ནས་གནས་པ་ནི་ཐར་བའོ་ཞེས་ངེས་པར་བརྗོད་པ་སྟེ་སྲོག་དང་ལྡན་པ་ཐར་པའི་ལུས་ཡིན་པས་དངོས་པོ་ཡིན་ཡང་འཁོར་བའི་དངོས་པོ་མེད་པ་ཡིན་ཏེ་འཁོར་བ་ལས་གྲོལ་པས་སོ་ཞེས་འདོད་དེ། ཁ་བ་རྒྱ་སྤོས་མེ་ཏོག་མདོག །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་དཀར་བཟུང་བའི་དབྱིབས་འདྲ་བ། །ཐར་བ་ཡིན་པར་རྒྱལ་བས་བཤད། །ཅེས་གཅེར་བུ་པའི་སྟོན་པ་བྲམ་ཟེ་རྒྱལ་བས་དེ་ལྟར་བཤད་དོ་ཞེས་སོ། །བཤད་མ་ཐག་པའི་ལུགས་དེ་རྣམས་ནི་གཅེར་བུ་པའམ་ཟད་བྱེད་པ་རྣམས་


MR17_Page_0878
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྟོན་པ་བྲམ་ཟེ་རྒྱལ་བ་སྟོན་པར་འཛིན་པ་རྣམས་ཀྱི་བསྟན་པའོ། །དེ་ལྟར་ཕྱི་རོལ་པའི་འདོད་པའི་གཙོ་བོ་རྣམས་བསྟན་ནས། ད་ནི་མུ་སྟེགས་པ་རྣམས་ཀྱི་འདོད་པ་ལ་རིགས་པས་རྣམ་པར་དཔྱད་ནས་སུན་དབྱུང་བ་བསྟན་པ། རིག་བྱེད་འདི་ནི་རང་བྱུང་མིན་ཏེ། སྲིད་པ་གསུམ་གྱི་གནས་སུ་མགྲིན་རྐན་སོགས་ཀྱི་སྐྱེ་གནས་ལས་བྱུང་བའི་རིག་བྱེད་ཀྱི་སྒྲ་ནི་རང་གི་བརྗོད་བྱའི་དོན་རྗོད་པར་བྱེད་པའི་ཕྱིར་རོ། །དེས་ན་འཇིག་རྟེན་དུ་རྟ་གཙང་ལ་སོགས་པའི་མཆོད་སྦྱིན་འདི་ལྟ་བུ་བྱས་ན་མཐོ་རིས་ཀྱི་འབྲས་བུ་འདི་ལྟ་བུར་འགྱུར་རོ་ཞེས་པ་ལྟ་བུ་སོགས་རིག་བྱེད་ལས་གང་བསྟན་པ་དེ་ཐམས་ཅད་ཡུལ་དེ་དང་དེའི་སྐད་ཀྱི་སྒྲ་གདངས་མགྲིན་པ་སོགས་ལས་སྐྱེས་པའི་སྒྲས་དོན་དེ་དང་དེ་སྟོན་པ་འདི་མ་ཡིན་པའི་རང་བྱུང་གི་རིག་བྱེད་ནམ་མཁའ་ལྟ་བུའི་སྒྲ་ནི་སུས་ཀྱང་མ་དམིགས་ལ། དེས་སུ་ལའང་དོན་སྟོན་པར་མ་མཐོང་བས། རྟག་པ་རང་བྱུང་གི་རིག་བྱེད་ཁས་ལེན་པའི་ལུགས་ལ། རིག་བྱེད་པ་དག་གི་ལུང་ལས། རིག་བྱེད་ལས་ནི་གང་མི་འབྱུང་། །རིག་བྱེད་ལས་ནི་གང་མ་སྨྲས། །ཐམས་ཅད་མེད་པར་ཤེས་བྱ་སྟེ། །རིག་བྱེད་འདྲ་བའི་ཐོས་པ་མེད། །ཅེས་བཤད་པ་དེ་རྣམ་པ་ཀུན་ཏུ་དོན་མེད་པར་འགྱུར་ཏེ། འཇིག་རྟེན་ན་དོན་ལུང་སྟོན་པའི་ངག་གི་སྒྲ་མི་རྟག་པ་རྒྱུ་རྐྱེན་ལས་སྐྱེས་པ་འདི་མ་ཡིན་པའི་དོན་ལུང་སྟོན་བྱེད་ཀྱི་སྒྲ་གཞན་ནི་མོ་གཤམ་གྱི་བུ་ལྟར་སུས་ཀྱང་མི་དམིགས་པས་སོ། །དེ་ལ་རིག་བྱེད་པ་རྣམས་ན་རེ། མགྲིན་རྐན་སོགས་ལས་གསར་དུ་སྐྱེས་པའི་སྒྲ་འདི་རིག་བྱེད་ཀྱི་སྒྲ་རྟག་པ་དེ་མ་ཡིན་ལ། རིག་བྱེད་ཀྱི་སྒྲ་རྟག་པར་ནམ་མཁའི་ངང་ན་གནས་པ་ཡིན་ཡང་། སྐྱེས་བུས་བརྗོད་པའི་སྒྲ་འདིས་རིག་བྱེད་ཀྱི་སྒྲ་རྟག་པ་དེ་གསལ་བར་བྱེད་པ་ཇི་ལྟར་མུན་ཁང་གི་བུམ་པ་ལ་མར་མེ་བཞིན་ཡིན་ཏེ། རྣ་བའི་བུ་གའི་སྟོང་པ་དེའི་ཆར་རིག་བྱེད་ཀྱི་སྒྲ་དང་ཁས་བརྗོད་པའི་སྒྲ་འདྲེས་པའི་ཚུལ་གྱིས་དོན་ཐམས་ཅད་བརྗོད་པར་བྱེད་དོ་ཞེ་ན། རིག་བྱེད་ཀྱི་སྒྲ་རྟག་པ་དང་འདྲེས་ནས་བརྗོད་པ་


MR17_Page_0879
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན། རིག་སྒྲ་རྟག་པ་ཐམས་ཅད་དུ་ཁྱབ་པ་དེ་དང་འདྲེས་པའི་ཕྱིར་བུམ་པ་ཞེས་བརྗོད་པ་ན་རྣ་བའི་ནང་དུ་རིག་བྱེད་ཀྱི་སྒྲ་ཐམས་ཅད་མཉམ་དུ་ཐོས་པའི་ཅ་ཅོ་ལྟ་བུ་འབྱུང་བར་རིགས་ན། དེ་ལྟར་མ་ཡིན་པ་དེའི་ཕྱིར་ངག་གི་བརྗོད་པའི་སྒྲ་ལས་གཞན་པའི་རིག་བྱེད་ཀྱི་སྒྲ་རྟག་པ་ཐམས་ཅད་དུ་ཁྱབ་པར་ཡོད་པ་ཁས་ལེན་པ་དོན་མེད་དོ། །གཞན་ཡང་རིག་བྱེད་ཀྱི་སྒྲ་རྟག་པ་དེ་བརྗོད་བྱའི་དོན་དང་ཐ་དད་ཡིན་ནམ་གཅིག་ཡིན། དང་པོ་ལྟར་ན་ཨ་ཤྭ་མེ་དྷ་ཞེས་བརྗོད་པའི་སྒྲ་དེས་དོན་ཅི་ཡིན་སྒྲ་དེའི་ངོ་བོས་རྟོགས་མི་ནུས་ལ། འདིའི་དོན་འདི་ཞེས་སྐྱེས་བུས་བརྡ་དོན་འབྲེལ་བར་དེ་ཤེས་ནས་དོན་ལ་འཇུག་དགོས་པས་སྐྱེས་བུས་མ་བྱས་པའི་རིག་བྱེད་རྟག་པ་རང་བྱུང་གིས་འཇིག་རྟེན་ན་དོན་སྟོན་པ་ནམ་ཡང་མི་སྲིད་དོ། །དེའི་ཕྱིར་རིག་བྱེད་རྟག་པ་དང་རང་གི་ངོ་བོས་དོན་དང་ལྷན་ཅིག་པའང་མ་ཡིན་ནོ། །འདི་ལ་རིག་པ་གཞན་ཅི་དགོས་ཏེ། མུ་སྟེགས་པ་རང་ལ་གྲགས་པའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན་ཡང་། རིག་བྱེད་ཐོག་མ་མེད་པའི་དུས་ནས་ཡོད་ཀྱང་། ཀླ་ཀློ་མཐའ་ཁོབ་པ་དག་གིས་རིག་བྱེད་མི་ཤེས་ཤིང་རིག་བྱེད་ཀྱི་དོན་སྟོན་པ་སྒྲིབ་པ་ན། ཚངས་པའི་གདོང་བཞི་དག་གིས་སྔོན་གྱི་དུས་སུ་ནི་རིག་བྱེད་བཞིའི་སྒྲ་དག་གིས་ཀྱང་དབང་པོ་ཕྱུགས་སུ་གྱུར་པ་ལ་སོགས་པའི་དོན་ནི་འདི་དང་འདི་ཞེས་རབ་ཏུ་གསལ་བར་བྱས་ཞེས་གྲགས་པ་དེས་ན་སྟོན་པ་པོའི་སྐྱེས་བུ་ཡོད་པ་དང་། རིག་བྱེད་ཀྱི་སྒྲ་དང་དོན་ཐ་དད་པ་དང་། དེ་ལ་བརྡ་དོན་འབྲེལ་བ་སྐྱེས་བུས་བྱས་པ་དང་། རིག་བྱེད་ཀྱི་སྒྲ་ནི་སྐྱེས་བུའི་ཁས་བཀླག་པའི་སྒྲ་ཡིན་གྱི་རང་བྱུང་གི་སྒྲ་མིན་པར་གྲུབ་བོ། །འདི་སྐབས་འགྲེལ་པ་ལས། དབང་པོ་ཕྱུགས་སུ་གྱུར་པ་ཞེས་པ་ལ་སོགས་པའི་ཀློག་གིས་སོ། །ཞེས་པ་སྔོན་རབས་ཀྱི་གཏམ་རྒྱུད་ཞིག་རིག་བྱེད་ལ་ཡོད་པ་ཀློག་པ་དེ་ལ་བཤད་པ་ཡིན་ལ། དེའི་དོན་སྔ་མ་དག་གིས་སྔོན་དྲང་སྲོང་དཀའ་ཐུབ་པ་འགའ་ཞིག་གི་གན་དུ་དེ་དག་ལ་མཆོད་པའི་དོན་དུ་ལྷའི་དབང་པོ་འོངས་པའི་ཚེ་


MR17_Page_0880
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་དེ་དག་གིས་དབང་པོ་ལ་བཀུར་སྟི་བྱ་བའི་སེམས་ཀྱིས་དྲང་སྲོང་དེ་དག་གི་ལུས་རི་དྭགས་སུ་བསྒྱུར་ནས་ཤིང་རྟ་དྲངས་པ་ལ་དབང་པོ་བཞག་ནས་བསུས་པ་ན་ཤིང་རྟ་འགྲོ་བ་ཅུང་ཟད་ཐོགས་པ་དང་དབང་པོའི་སེམས་བཀུར་བསྟིའི་དབྱེན་སྤྱོས་པའི་དབང་གིས་རི་དྭགས་དེ་རྣམས་ལ་ལྕག་གིས་ཅུང་ཞིག་གཞུས་པས་དྲང་སྲོང་རྣམས་ཁྲོས་ཏེ་དབང་པོ་ཕྱུགས་སུ་གྱུར་ཅིག་ཅེས་དམོད་བོར་བས་དབང་པོ་བྱི་ལར་གྱུར་ཏོ་ཞེས་བཤད། ཁ་ཅིག་གིས་དབང་པོ་བཤོལ་མེད་མ་ལ་ཆགས་པས་དྲང་སྲོང་གིས་དམོད་པས་ལུས་ལ་མོ་མཚན་སྟོང་བྱུང་བ་དྲང་སྲོང་ལ་བཟོད་པར་གསོལ་བས་སླར་མིག་སྟོང་དུ་བྱས་ཞེས་པའི་གཏམས་རྒྱུད་དང་སྦྱར་མོད་དེ་ལ་ཕྱུགས་སུ་གྱུར་པའི་དོན་བསྒྲིག་ཏུ་མེད་པར་མངོན་མོད། གང་ལྟར་ཀྱང་རིག་བྱེད་ཀྱི་གཞུང་ན་སྔོན་རབས་ཀྱི་གཏམ་རྒྱུད་ཤིན་ཏུ་མང་པོ་ཡོད་པས། དུས་དེ་དང་དེའི་དོན་བཤད་པ་ལ་འབྲེལ་བ་ཅན་གྱི་སྒྲ་ཡིན་གྱི་དུས་དང་མི་བསྟུན་པར་དེའི་སྒྲ་གདོད་ནས་ཡོད་པ་མི་སྲིད་པར་བསྟན་པ་ཡིན་ནོ། །ཅི་སྟེ་རྗོད་བྱེད་སྒྲ་དང་བརྗོད་བྱའི་དོན་ནི་ཐ་དད་མིན་པར་ངོ་བོ་ཉིད་ཀྱིས་གཅིག་ཏུ་འབྲེལ་བ་ཡོད་པ་ཡིན་ན་ནི་མེ་ཞེས་པའི་སྒྲ་བརྗོད་པ་དག་གིས་བརྗོད་པ་པོའི་ཁ་ནི་ཅིས་མི་སྲེག དེས་ན་རིག་བྱེད་ཀྱི་སྒྲ་ནི་ཐ་མལ་གྱི་སྒྲ་གཞན་དང་འདྲ་སྟེ་དོན་གང་རྟོགས་བྱེད་ཀྱི་མིང་དུ་སྐྱེས་བུས་བརྡ་དོན་འབྲེལ་བར་བློས་བཀོད་པ་ལས་དོན་རྟོགས་ཀྱི། སྒྲའི་ངོ་བོ་ཉིད་ཀྱིས་དོན་སྟོན་པ་མེད་པས་སྒྲ་དོན་ཐ་དད་ཡིན་ནོ། །དེ་ཕྱིར་ངེས་པར་རིག་བྱེད་སྟོན་པ་པོ་སྐྱེས་བུ་ཡོད་པ་དང་། རིག་བྱེད་ཀྱི་སྒྲ་དེ་ནི་མཆོད་སྦྱིན་སོགས་རིག་པའི་ཡུལ་དང་། མ་འོངས་པ་འབྱུང་འགྱུར་གྱི་དོན་དང་། འདས་པ་སོགས་སྔར་སོང་བའི་དོན་དག་ལ་ཡང་འཇུག་ཅིང་སྟོན་བྱེད་དུ་གྱུར་པའི་ཕྱིར། དུས་རེས་འགའ་བ་དང་། བརྗོད་བྱ་རེས་འགའ་བ་དང་། གང་ཟག་རེས་འགའ་བའི་རྒྱུད་ཀྱི་རྒྱུ་རྐྱེན་ལས་བྱུང་བའི་སྒྲ་ཡིན་པར་གྲུབ་པས་རིག་བྱེད་ཀྱི་ངག་ནམ་མཁའ་དང་མཚུངས་པ་རྟག་ཅིང་ཐམས་ཅད་དུ་ཁྱབ་པར་གནས་པ་


MR17_Page_0881
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ཏེ། རིག་བྱེད་ཀྱི་སྒྲ་རྣམས་འཇིག་རྟེན་འདིར་ནི་མགྲིན་པ་དང་རྐན་སོགས་སྐྱེ་གནས་ཀྱི་དབྱེ་བ་དག་ལས་སྐྱེས་པའི་མིང་ཚིག་གི་སྒྲ་སྣ་ཚོགས་སྐྱེས་བུའི་ཁ་ཡིས་རབ་ཏུ་བརྗོད་པ་དག་ཏུ་བྱས་པའོ། །མུ་སྟེགས་རྣམས་ན་རེ། ཚངས་པའི་ཁ་ནི་བྲམ་ཟེ་རྣམས་ཀྱི་སྐྱེ་གནས་ཡིན་པས་བྲམ་ཟེ་རྣམས་ཁའི་ལས་རིག་བྱེད་ཀློག་པ་ལ་འཇུག་གོ། དེ་བཞིན་དེའི་དཔུང་པ་གཉིས་ནས་རྒྱལ་རིགས་སྐྱེས་ཏེ་དཔུང་གིས་འཁྲུག་པའི་ལས་བྱེད་དོ། །བརླ་ལས་རྗེ་རིགས་སྐྱེས་པས་རྗེ་རིགས་ཀྱི་ལས་ནི་མགྲོན་དང་ཚོང་སོགས་ཀྱི་དོན་དུ་རྒྱུ་བའི་ལས་བྱེད་པའོ། །དམངས་རིགས་ནི་རྐང་པ་ལས་སྐྱེས་པས་ཞིང་ལས་སོགས་རྐང་པའི་ལས་ཀྱིས་གཙོ་བོར་འཚོ་ཞིང་རྗེ་བོའི་ཞབས་དྲུང་དུ་མངག་གཞུག་སོགས་ཀྱི་ལས་བྱེད་པ་ལ་དབང་ངོ་ཞེས་གསལ་བར་གྲགས་ལ། གདོལ་པའི་སྐྱེ་གནས་མ་བཤད་པས་རིགས་བཞི་པོ་འདི་དག་གི་མཐར་སྐྱེས་སམ་མཐའ་མ་གསོད་པ་སོགས་བྱ་བ་ངན་པ་ལ་ཞུགས་པ་གདོལ་པའི་རིགས་ནི་གང་ལས་སྐྱེས་པའི་སྐྱེ་གནས་རེ་ཤིག་བྲམ་ཟེ་རྣམས་ཀྱིས་མི་ཤེས་སོ་ཞེས་པ་ལས་གཞན་ཅི་ཞིག་ཡོད། དེ་ལྟར་ན་བྲམ་ཟེ་མོ་རྣམས་དང་བྲམ་ཟེ་རྣམས་སྐྱེ་གནས་གཅིག་ལས་སྐྱེས་པའི་མིང་སྲིང་ཡིན་པས་དེ་དག་བག་མར་བླང་ཇི་ལྟར་རུང་སྟེ་རྒྱལ་རིགས་སོགས་ལའང་དེ་བཞིན་ནོ། །བྲམ་ཟེའི་ལུང་ལས་ཀླ་ཀློའི་ཆོས་ངོ་ཚ་མེད་པ་ལ་ཞུགས་ན་རིགས་ཉམས་ཏེ་དམྱལ་བར་འགྱུར་རོ་ཞེས་གྲགས་པ་མ་ཡིན་ནམ། གཞན་ཡང་སྐྱེ་དགུ་ཐམས་ཅད་སྐྱེས་བུ་གཅིག་གིས་བསྐྱེད་པ་ཡིན་ན། ཕ་གཅིག་གི་བུ་བཞིན་དུ་རིགས་གཅིག་ཏུ་འགྱུར་གྱི་ཐ་དད་དུ་མི་འགྱུར་རོ། །ཁ་སོགས་སྐྱེ་གནས་ཐ་དད་ཡིན་པས་རིགས་གཅིག་ཏུ་མི་འགྱུར་སྙམ་ན། ཨུ་དུམ་ཝཱ་རའི་ཤིང་སོགས་ཀྱི་རྩ་བ་སྐེད་པ་རྩེ་མོའི་ཆ་རྣམས་ཤིང་དེར་རིགས་གཅིག་པ་བཞིན་དུ་སྐྱེ་དགུ་རྣམས་ཀྱང་རིགས་ཐ་དད་དུ་འགྱུར་བར་མ་ངེས་སོ། །ཅི་སྟེ་རིགས་བཞི་པོ་


MR17_Page_0882
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་ཁ་དོག་དང་། ཁམས་དང་དབང་པོ་དང་བདེ་སྡུག་དང་། རིགས་པ་དང་ལུང་ལ་སོགས་པའི་ཡོན་ཏན་གྱི་དབྱེ་བ་ཐ་དད་པ་ངོ་བོས་གནས་པ་གང་ཡང་མ་མཐོང་བས་དེ་ལྟར་རིགས་ཐ་དད་དུ་དབྱེ་བ་ནི་རིགས་ལ་ཆགས་པའི་ང་རྒྱལ་ཅན་དག་གིས་སྨྲ་བ་དཔྱད་མི་བཟོད་པའོ། །ཕྱུགས་གསོད་པའི་མཆོད་སྦྱིན་འདི་དག་དང་པོར་བྲམ་ཟེ་ཤ་ཁྲག་ལ་དགའ་བ་དག་གིས་ལྷ་ཡི་འགྲོ་བ་ཐོབ་པའི་རྒྱུ་ཡིན་པར་བསྒྲགས་པའི་རྗེས་སུ་བྲམ་ཟེ་རྣམས་ཞུགས་ཤིང་དྲང་སྲོང་རྒྱས་པས་མཆོད་སྦྱིན་བྱས་ནས་རང་གི་བུ་བྲམ་ཟེ་ཁྱེའུ་ནེ་ཙོ་མཆོད་སྦྱིན་ལ་བཙུད་པ་ན། རྒྱས་པའི་བུ་ཤུ་ཀ་སྟེ་ནེ་ཙོས་སུན་ཕྱུངས་པ་འདི་ལྟ་སྟེ། མཆོད་སྡོང་བཅད་ཅིང་ཕྱུགས་བསད་དེ། །ཁྲག་འདམ་བྱས་ནས་མཐོ་རིས་སུ། །གལ་ཏེ་འགྲོ་བ་དེ་ལྟ་ན། །དམྱལ་བར་གང་གིས་འགྲོ་བར་འགྱུར། །ཞེས་པ་ཤུ་ཀའི་ཚིག་ཏུ་བྲམ་ཟེ་རྣམས་ལ་གྲགས་པ་དེ་བཞིན་དཔྱོད་ལྡན་ཡོངས་ཀྱིས་ཀྱང་དེ་ལྟར་ཤེས་སོ། །གཞན་ཡང་རེག་བྱེད་ནི་བྲམ་ཟེ་དང་རྒྱལ་རིགས་འབའ་ཤིག་གིས་ཀློགས་པར་བྱེད་ཀྱི། དམངས་སོགས་ཀྱི་ཀློགས་པར་བྱ་བ་མིན་པར་བརྗོད་པའི་རིག་བྱེད་ཀུན་ཏུ་ཁྱབ་པར་འགྲོ་བ་མ་ཡིན་པར་འགྱུར་ཏེ། རིགས་པས་བརྟག་ནའམ་ཡང་ན་ཀློག་པར་འོས་པའམ་རིགས་པས་གཉིས་སྐྱེས་བྲམ་ཟེ་རྣམས་ཀྱིས་ཁ་ཡིས་བཀླགས་པས་རིག་བྱེད་ནི་ཉི་ཙེ༷་བ་སྟེ་ཐམས་ཅད་ཀྱིས་མི་བཀླགས་པའི་ཕྱིར་རོ། །གལ་ཏེ་རིག་བྱེད་ཉི་ཙེ་བ་མ་ཡིན་ཏེ་ཀུན་ཏུ་འགྲོ་བ་ཡིན་ན་གཞན་དམངས་ལ་སོགས་པ་རྣམས་ཀྱང་ཀློག་པ་པོ་ཉིད་དུ་འགྱུར་བ་ཅིས་མ་ཡིན་ཏེ་ཁྱད་མེད་པའོ། །དེ་ལྟ་ན་ཡང་གང་ཕྱིར་དམངས་ལ་སོགས་པའི་རིགས་ནི་ཀུན་ལ་ཁྱབ་པར་འགྲོ་བ་མིན་པའི་ཕྱིར་རིག་བྱེད་འདི་དག་དེ་དག་གིས་ཀློག་དང་ཡི་གེར་འབྲི༷་བ་མིན་པར་འདོད་པ་དེ་ཕྱིར་ཤེས་རབ་དང་ལྡན་པ་ཆོས་ཀྱི་ཚུལ་ལ་མཁས་པར་གྱུར་པའི་མི་རྣམས་དག་ལ་རིག་བྱེད་དག་ནི་རྣམ་པ་ཀུན་ཏུ་བརྗོད་དོན་ལ་མི་འཁྲུལ་བའི་ཚད་མར་མི་འགྱུར་ཏེ་རང་འདོད་ཅན་གྱི་བྲམ་ཟེ་རྣམས་ཀྱིས་


MR17_Page_0883
[མ་དཔེ་གཟིགས་ན་འདིར་གནོན།]

བློས་བསླད་པ་སྣ་ཚོགས་དང་བཅས་པའི་ངག་ཡིན་པའི་ཕྱིར་རོ། །འགྲེལ་པ་ལས། འདིར་མདོར་བསྡུས་པའི་རིགས་པས་རིག་བྱེད་བྱས་པས་བསྒྲུབ་པ་སྟེ་རྒྱས་པར་ཚད་མའི་བསྟན་བཅོས་ལས་ཤེས་པར་བྱའོ་ཞེས་བྱ་བ་འཇམ་དཔལ་གྱི་ངེས་པའོ། །ཞེས་གསུངས་སོ། །དེས་རིག་བྱེད་པའི་འདོད་པ་བཀག་པ་བརྗོད་ནས། དབང་ཕྱུག་པའི་འདོད་པ་ལ་བརྟག་པ་ནི། གལ་ཏེ་འཇིག་རྟེན་ཐམས་ཅད་ཀྱི་བྱེད་པ་པོ་དབང་ཕྱུག་གཅིག་པུ་ཞིག་ཡོད་ན། དབང་ཕྱུག་དེ་ཡང་འགྲོ་བའི་ལས་དགེ་སྡིག་གི་འབྲས་བུ་ལ་ལོངས་སྤྱོད་པ་པོ་ཉིད་དུ་འགྱུར་ཞིང་། བྱེད་པོ་མ་ཡིན་པ་གཞན་ནི་ལས་འབྲས་ལ་ལོངས་སྤྱོད་པ་མ་ཡིན་པར་འགྱུར་ཏེ། ལས་བྱེད་པ་པོ་དེ་ཉིད་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་མིན་པར། བྱེད་པོ་མ་ཡིན་པ་གཞན་དེ་ལ་ལོངས་སྤྱོད་ན་རྒྱུ་འབྲས་ཤིན་ཏུ་འཆོལ་བར་འགྱུར་ཏེ། དཔེར་ན་མི་ཞིག་གིས་ཚྭ་དང་བཅས་པའི་ཁུར་བ་མང་པོ་ཟོས་པ་ན་ཟ་མཁན་དེ་སྐོམ་པར་མ་གྱུར་བར། མ་ཟོས་པ་གཞན་སྐོམ་པས་འཆི་བར་འགྱུར་བ་དང་། དུག་ཟོས་པ་མིན་པར་གཞན་ན་བ་དང་། བདུད་རྩི་འཐུང་བ་ལུས་བརྟས་པར་མ་གྱུར་པར། གཞན་གྱི་ལུས་བརྟས་པ་དེ་ལྟར་རྣམ་པ་ཀུན་དུ་མི་སྲིད་པ་བཞིན་ནོ། །དེ་ཡང་ལས་སུ་བྱ་བ་བུམ་པ་བྱས་པས་བུམ་པ་མཁན་དེ་བྱེད་པ་པོར་འགྱུར་བ་བཞིན་དུ་ལས་ལ་ལྟོས་ནས་བྱེད་པ་པོར་འཇོག་པ་ཡིན་ན། ཐམས་ཅད་བྱེད་པའི་དབང་ཕྱུག་ལ་ལས་འབྲས་མི་སྨིན་ན། སེམས་ཅན་གཞན་ལ་སྨིན་པར་ཇི་ལྟར་རིགས་ཏེ་མི་རིགས་སོ། །གལ་ཏེ་དབང་ཕྱུག་ལས་དགེ་སྡིག་ཉིད་ཀྱི་བྱེད་པ་པོ་མིན་ཏེ་སེམས་ཅན་རྣམས་ཀྱི་ཕུང་ཁམས་སོགས་བསྐྱེད་པའམ་སྦྱོར་བ་པོ་ཡིན་ལ་དེས་བྱས་པའི་སེམས་ཅན་དེ་དག་གི་ལས་དགེ་སྡིག་བྱས་པ་སོ་སོ་རང་ཉིད་ལ་སྨིན་པར་འགྱུར་རོ་ཞེ་ན། དེ་ལྟ་ན་དབང་ཕྱུག་དེ་ཡང་ཡུལ་དུས་ཀུན་ནས་དངོས་པོ་ཐམས་ཅད་ཀྱི་བྱེད་པ་པོར་མི་འགྱུར་ཏེ། དབང་ཕྱུག་དེས་མ་བྱས་པའི་དངོས་པོ་གཞན་


MR17_Page_0884
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡོད་པ་ད་ལྟ་བཤད་མ་ཐག་པའི་ལས་བཞིན་ནོ། །དེས་ན་དངོས་པོ་ཐམས་ཅད་ཀྱི་བྱེད་པ་པོར་འདོད་པ་ཉམས་སོ། །སེམས་ཅན་རང་རང་གིས་ལས་བྱས་པའི་འབྲས་བུས་མཐོ་རིས་དང་ངན་སོང་དུ་སྐྱེ་བ་ཡིན་ན་དབང་ཕྱུག་གིས་ཅི་ཞིག་བྱས་ཏེ་ཅི་ཡང་མ་བྱས་པར་འགྱུར་རོ། །དེ་བཞིན་དུ་ས་མྱུག་སོགས་ཕྱིའི་དངོས་པོ་རྣམས་ཀྱང་རང་རང་གི་རྒྱུ་རྐྱེན་ཚོགས་པ་ན་སྐྱེ་ཞིང་མ་ཚོགས་ན་མི་སྐྱེ་བ་ཡིན་པ་དེ་ལས་གཞན་དབང་ཕྱུག་རྒྱུ་ཉིད་དུ་བརྟག་པ་ནི་རིགས་པ་དང་འགལ་བའོ། །དེའི་ཕྱིར་ཕྱི་དང་ནང་གི་ཆོས་ཐམས་ཅད་རང་རང་གི་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་དབང་གིས་སྐྱེ་བ་ཡིན་པར་རིགས་པས་གྲུབ་པས་ན་དབང་ཕྱུག་གིས་ཅི་ཡང་བྱས་པ་མེད་དོ། །ཡང་དེ་དག་འདི་སྙམ་དུ། དབང་ཕྱུག་འདི་ནི་གལ་ཏེ་ལྷས་བྱིན་སོགས་ལས་བྱེད་པ་པོ་གཞན་དག་ལས་དེ་བྱེད་པ་ལ་བསྐུལ་བར་བྱེད་པ་པོ་ཡིན་ནོ་ཞེ་ན། འགྲོ་བ་འདི་ཀུན་ནི་བྱེད་པ་པོ་དབང་ཕྱུག་དག་གི་མཆོག་ཏུ་གཞན་དབང་ཅན་ཉིད་དུ་འགྱུར་ཏེ་དབང་ཕྱུག་དེས་ལས་དེ་ལ་མ་བསྐུལ་བར་དུ་ལས་བྱ་དབང་མེད་ལ། བསྐུལ་ན་ལས་བྱེད་པ་ཡིན་པས་སེམས་ཅན་ཐམས་ཅད་ཀྱིས་ལས་དགེ་སྡིག་གང་བྱས་པ་ཐམས་ཅད་དབང་ཕྱུག་གིས་བསྐུལ་ནས་རང་དབང་མེད་པར་བྱས་པའི་ཕྱིར་དེ་ཐམས་ཅད་ཀྱི་རྣམ་སྨིན་དབང་ཕྱུག་འབའ་ཤིག་ལ་འཁོར་བར་རིགས་ཏེ། གཞན་ལ་གསོད་དུ་བཅུག་པ་ལ་སོགས་པའི་ལས་འབྲས་བསྐུལ་བ་པོ་ལ་སྨིན་པ་བཞིན་ནོ། །དེར་མ་ཟད་དབང་ཕྱུག་མཉེས་ན་མཐོ་རིས་དང་། མི་མཉེས་པ་བསྒྲུབ་པས་ངན་སོང་དུ་འཕེན་པར་བཤད་པའི་དམ་བཅའ་དེ་རྩད་ནས་འཇིག་སྟེ། མཉེས་པའམ་མི་མཉེས་པའི་ལས་གང་བྱས་པ་དེ་དག་དབང་ཕྱུག་རང་ཉིད་ཀྱིས་བསྐུལ་ནས་བྱར་བཅུག་པས་ན། དབང་ཕྱུག་གི་ལུང་དང་འགལ་བའི་ལས་བྱས་པ་དེ་རྣམས་དབང་ཕྱུག་གིས་ཚར་གཅོད་པར་ག་ལ་རིགས་ཏེ། སེམས་ཅན་དེ་ལ་རང་དབང་མེད་པར་དབང་ཕྱུག་རང་གིས་བྱར་བཅུག་ནས་རང་གིས་བྱས་པའི་ཉེས་པས་


MR17_Page_0885
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དབང་མེད་ཉེས་མེད་གཞན་ཚར་གཅོད་པ་ཤིན་ཏུ་མི་རིགས་སོ། །དེས་ན་དབང་ཕྱུག་འདི་ཐམས་ཅད་བྱེད་པའི་བྱེད་པོ་རང་དབང་ཅན་ཞིག་ཡིན་ན། སེམས་ཅན་ཐམས་ཅད་བདེ་བ་འབའ་ཞིག་དང་ལྡན་པ་དང་། དབང་ཕྱུག་གི་ལུང་དང་ཅུང་ཟད་འགལ་བར་མི་བྱེད་པ་ཤ་སྟག་སྦྱོར་བར་མི་བྱེད་པར། ངན་སོང་གསུམ་གྱི་སེམས་ཅན་སྡུག་བསྔལ་ཅན་དང་། དབང་ཕྱུག་གི་ལུང་དང་འགལ་བར་བྱེད་པ་ཅི་ཞིག་གི་དོན་དུ་བསྐུལ་བར་བྱེད་པ་ཡིན་ཅེས་དབང་ཕྱུག་པ་ལ་འདྲི་སྟེ། དབང་ཕྱུག་བྱེད་པོ་ལ་བརྩེ་བ་མེད་པས་སེམས་ཅན་ལས་ངན་བྱེད་པ་རྣམས་བྱས་པའམ། བརྩེ་བ་ཡོད་ཀྱང་རང་དབང་མེད་པས་དེ་ལྟར་བྱ་དགོས་པ་བྱུང་ངམ། སེམས་ཅན་གྱི་སྡུག་བསྔལ་ལ་མ་བསམ་པར་བཟང་ངན་སྣ་ཚོགས་མཚར་འདོད་ཀྱིས་སྤྲུལ་ལམ། དགོས་པ་མེད་ཀྱང་བྱིས་པ་བླུན་པོས་སྲོག་ཆགས་ཕྲ་མོ་རྣམས་ལ་འཚེ་བ་བཞིན་དུ་བབ་བབ་ཏུ་བྱེད་པ་གང་ཡིན་སྨྲ་བར་བྱོས་ཤིག །དེས་ན་མུ་སྟེགས་དེ་དག་གིས་ཐམས་ཅད་མཁྱེན་པར་འདོད་པ་དབང་ཕྱུག་མཆོད་འོས་དམ་པ་དེ་སེམས་ཅན་རྣམས་ལ་ཁོ་རང་གིས་ལས་སྣ་ཚོགས་བྱེད་དུ་བཅུག་ནས་འགའ་ཞིག་རྗེས་སུ་འཛིན་པ་དང་། འགའ་ཞིག་ཚར་གཅོད་པ་དེ་ལྟ་བུ་འཇིག་རྟེན་ན་རྗེ་དཔོན་ཡ་རབས་རྣམས་ཀྱིས་ཀྱང་བྱ་བའི་འོས་མ་ཡིན་ན། དབང་ཕྱུག་གི་ལྟ་ཅི་སྨྲོས་སོ། །དེ་ཕྱིར་དགེ་བ་དང་མི་དགེའི་ལས་ཀྱི་འབྲས་བུ་སྟེར་བའི་བྱེད་པ་པོ་དབང་ཕྱུག་ཅེས་བྱ་བ་ནི་མེད་དེ་སྲོག་ཆགས་རྣམས་ཀྱི་རང་རང་གིས་བྱས་པའི་ལས་ནི་དོར་ནས་སོ། །ཞེས་པ་སྲོག་ཆགས་སེམས་ཅན་ཐམས་ཅད་རང་རང་གིས་བྱས་པའི་ལས་ཀྱི་འབྲས་བུ་བདེ་སྡུག་ལ་ལོངས་སྤྱོད་པ་དེ་མ་གཏོགས་པར་གཞན་བྱེད་པ་པོས་བདེ་སྡུག་ཏུ་བྱས་པ་ཅུང་ཟད་མེད་དོ་ཞེས་སོ། །བདེ་བ་དང་སྡུག་བསྔལ་མྱོང་བའི་རྐྱེན་བྱེད་པ་ལྷ་དང་སྲིན་པོ་ལ་སོགས་པ་ཡོད་མོད་ཀྱི་དེ་དག་སེམས་ཅན་སོ་སོའི་ལས་ཀྱི་དབང་གིས་


MR17_Page_0886
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་དུ་འཚམས་པར་བྱུང་བ་ཡིན་གྱི་རང་རང་གི་ལས་དོར་བའམ། སྤངས་ནས་བྱེད་པ་པོ་དེ་དག་གིས་བདེ་བ་དང་སྡུག་བསྔལ་བར་བྱེད་པ་རྣམ་པ་ཀུན་དུ་མ་ཡིན་ཏེ། ཡིན་ན་ལས་མ་བྱས་པ་དང་འཕྲད་པ་དང་། བྱས་པ་ཆུད་ཟ་བར་འགྱུར་རོ། གཞན་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་བྱེད་པ་པོ་གཅིག་པུ་ཞིག་འདོད་པ་འདི་མི་རིགས་ཏེ། འཇིག་རྟེན་ཐམས་ཅད་ཀྱི་བྱེད་པ་པོ་འདི་འཇིག་རྟེན་གྱི་དངོས་པོ་གཅིག་ཀྱང་མེད་པའི་སྔ་རོལ་དུ་ནམ་མཁའ་སྟོང་པ་ལ་རང་བྱུང་དུ་ཡོད་དགོས་ཀྱང་། དེ་ལྟ་བུ་ཡོད་པར་སྒྲུབ་བྱེད་ཀྱི་མངོན་རྗེས་ཚད་མ་གང་ཡང་མེད་པས་ཚིག་གི་དམ་བཅའ་ཙམ་དུ་འགྱུར་ཞིང་། གང་རྡུལ་ཕྲ་རབ་ཀྱི་དངོས་པོ་ཙམ་ཞིག་བྱེད་པ་པོའི་སྔ་རོལ་དུ་ཡོད་ན་དེ་ཉིད་དེས་མ་བྱས་པར་གསལ་ལོ། །དེ་ལྟར་སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་གྱི་ཁམས་གཅིག་ཀྱང་མ་བྱུང་བའི་སྔ་རོལ་དུ་བྱེད་པ་པོ་འདིས་སྣོད་དང་སེམས་ཅན་རྣམས་གསར་དུ་བྱ་དགོས་ན་བྱེད་པ་པོ་དེའི་ལུས་དང་ངག་དང་སེམས་བྱེད་པ་པོ་རང་གིས་བྱས་སམ་མ་བྱས། མ་བྱས་ན་བྱེད་པོ་དེའི་ལུས་ངག་སེམས་གསུམ་བྱེད་པ་པོ་རང་གིས་མ་བྱས་པ་དེ་བཞིན་དུ་སེམས་ཅན་གཞན་གྱི་སྒོ་གསུམ་ཡང་བྱེད་པ་པོ་དེ་དང་དུས་མཉམ་དུ་ཡོད་རུང་ཞིང་དེས་མ་བྱས་པར་འགྱུར་ལ། བྱེད་པ་པོའི་སྒོ་གསུམ་རང་བྱུང་ཡིན་ཏེ་བྱ་མི་དགོས་ན་སེམས་ཅན་གཞན་གྱི་སྒོ་གསུམ་ཡང་རང་བྱུང་ཏུ་འགྱུར་རོ། །སེམས་ཅན་གྱི་ལུས་ནི་གསར་དུ་སྐྱེ་ཞིང་སེམས་ཀྱང་རིགས་འདྲ་སྔ་མའི་རྒྱུན་ལས་བྱུང་བའི་ཕྱིར་རང་བྱུང་མ་ཡིན་ཏེ། རྒྱུ་རྐྱེན་ལས་བྱུང་བའམ་བྱེད་པོས་བྱས་པ་ཡིན་ནོ་ཞེ་ན། བྱེད་པོའི་ལུས་དང་སེམས་ཀྱང་སྔ་མའི་རྒྱུ་རྐྱེན་ལ་མ་ལྟོས་པར་རང་བྱུང་ག་ལ་སྲིད་དེ། རྒྱུ་མེད་ན་འབྲས་བུ་སྐྱེ་བ་མེད་པས་དེ་འདྲའི་བྱེད་པོ་དེ་གྲུབ་མཐའ་ཁོ་རང་གི་འདོད་པ་མ་སྐྱེས་རང་བྱུང་ཞེས་པའི་གཏན་ཚིགས་དེས་དངོས་པོ་མེད་པར་གྲུབ་པ་ཡིན་ནོ། །རང་གིས་རང་བྱས་སོ་ཞེ་ན། རང་བྱུང་ཡིན་པའང་ཉམས་ཤིང་། རང་གིས་རང་བྱ་བ་མི་སྲིད་དེ། རང་ཉིད་


MR17_Page_0887
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཟིན་ན་བྱ་མི་དགོས་ཤིང་། མ་གྲུབ་ན་བྱེད་པ་པོ་མེད་པས་རང་གིས་རང་ཇི་ལྟར་བྱ། བྱེད་པོའི་སྒོ་གསུམ་མེད་པའི་སྔ་རོལ་གྱི་བྱེད་པོ་རང་གི་སྒོ་གསུམ་བྱེད་པ་པོ་དེ་ཅི་འདྲ་ཞིག་ཡིན་ཏེ་ཡོད་པར་མི་སྲིད་དོ། །སེམས་ཅན་རྣམས་ཀྱི་ལུས་དང་སེམས་ནི་རྒྱུ་སྔ་མ་སྔ་མ་ལས་བྱུང་བའི་གནས་སྐབས་མི་རྟག་པ་རིམ་ཅན་དུ་འབྱུང་བ་འདི་བཞིན་དུ། དབང་ཕྱུག་ལ་སོགས་པའང་ལུས་ཅན་ཡིན་པ་དང་། མཉེས་མི་མཉེས་བྱེད་མི་བྱེད་སོགས་ཀྱི་གནས་སྐབས་ཐ་དད་ཡོད་པས་རྒྱུ་སྔ་མ་ལས་རིམ་འབྱུང་མི་རྟག་པ་ཡིན་གྱི་རྟག་པ་དང་རང་བྱུང་གི་བྱེད་པ་པོར་མི་འགྱུར་རོ། །འོན་ཀྱང་སྔོན་གྱི་བསོད་ནམས་སོགས་ཀྱི་དབང་གིས་སེམས་ཅན་གྱི་ཁམས་ན་ལུས་དང་ལོངས་སྤྱོད་དང་ཡེ་ཤེས་དང་དབང་དང་རྫུ་འཕྲུལ་ལ་སོགས་པའི་ཡོན་ཏན་ཆེན་པོ་དང་ལྡན་པའི་གང་ཟག་ཁྱད་པར་ཅན་གཞན་ལ་ཕན་འདོགས་པ་དུ་མ་ཡོད་མོད་ཀྱང་དེ་དག་གི་ནང་ན་སེམས་ཅན་ཐམས་ཅད་སྐྱེད་པའི་བྱེད་པ་པོར་གྱུར་པ་ནི་གཅིག་ཀྱང་མི་སྲིད་དོ། །རྫུས་ཏེ་སྐྱེ་བའི་སེམས་ཅན་རྣམས་ཀྱི་ལུས་ཅིག་ཆར་འགྲུབ་པ་ནི་རྣམ་པར་ཤེས་པ་ལས་ཀྱི་རྐྱེན་དང་ལྡན་པ་སྔར་ཡོད་དེའི་དབང་གིས་འགྲུབ་ཀྱང་། བྱེད་པོ་རྟག་པ་རང་བྱུང་དུ་འདོད་པ་ལ་ནི་དེ་ལྟ་བུ་མི་སྲིད་པས་བྱེད་པོ་རྟག་གཅིག་རང་དབང་བ་འདི་ནི་དངོས་པོ་ལ་ཡོད་མི་སྲིད་པ་མོ་གཤམ་གྱི་བུ་དང་འདྲ་ཡང་རྨོངས་པ་རྣམས་ཀྱིས་འཇིག་རྟེན་ཐམས་ཅད་ཀྱི་བྱེད་པ་པོར་ཀུན་ཏུ་བརྟགས་པ་རང་ཉིད་བསླུ་བར་བྱེད་པའི་གྲུབ་མཐའ་འཛིན་པ་ཡིན་པར་ཤེས་པར་བྱའོ། །དེ་བས་ན་འཇིག་རྟེན་གྱི་ཁམས་འདི་སེམས་ཅན་རྣམས་ཀྱི་ལས་ལས་འབྱུང་བ་མ་གཏོག་པར་དབང་ཕྱུག་སོགས་བྱེད་པ་པོས་གསར་དུ་བྱས་ཤིང་བཀོད་པ་མ་ཡིན་ཏེ། ས་ཡི་རྡུལ་དང་དེ་བཞིན་ཆུ་དང་མེ་དང་རླུང་གི་རྡུལ་ཕྲན་རྣམས་འཇིག་རྟེན་ཆགས་པའི་དུས་འདིར་ནི་གལ་ཏེ་ནམ་མཁའ་ལ་བྱེད་པོ་ཞེས་དབང་ཕྱུག་གི་


MR17_Page_0888
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོར་ཏེ། དེས་མ་བྱས་པའི་སྔ་རོལ་དུ་ཡོད་པ་མིན་ཏེ། ཡོད་ན་འཇིག་རྟེན་ཆགས་པར་བྱེད་པའི་རྒྱུ་འབྱུང་བའི་རྡུལ་རྣམས་དེས་མ་བྱས་པར་འགྱུར་རོ། །དེ་ལྟར་ས་སོགས་ཀྱི་རྡུལ་རྫས་དག་མེད་པ་ལ་ནི་བྱ་བའི་ཡུལ་ལམ་ལས་སུ་བྱ་བ་དང་རྣམ་པར་བྲལ་བའི་ཕྱིར་འཇིམ་པ་མེད་པ་ལ་རྫ་མཁན་གྱིས་བུམ་པ་བྱར་མེད་པ་དང་འདྲ་བར། འཇིག་རྟེན་ཐམས་ཅད་བྱེད་པ་པོ་དེས་རི་གླིང་ལ་སོགས་པ་དབྱིབས་དང་བཀོད་པ་མི་འདྲ་བ་སྣ་ཚོགས་མི་བྱེད་དོ། །གང་ལས་སུ་བྱ་བའི་ཡུལ་དང་བྲལ་བ་ཡི་བྱེད་པ་པོ་འདི་མི་སྲིད་དེ་བུམ་པ་མ་བྱས་པས་བུམ་པ་མཁན་དུ་མི་འགྱུར་བ་བཞིན་ནོ། །གལ་ཏེ་འབྱུང་བའི་རྡུལ་རྣམས་ཡོད་པ་ལ་འཇིམ་པ་ལས་བུམ་པ་བཟོ་བ་བཞིན་དུ་བྱ་དགོས་པ་མ་ཡིན་ཏེ། དབང་ཕྱུག་དེས་སྣོད་བཅུད་ཀྱི་འཇིག་རྟེན་འདི་ལྟ་བུ་འབྱུང་བར་གྱུར་ཅིག་སྙམ་པའི་མོས་པའི་མཐུས་ས་སོགས་ཀྱི་རྡུལ་ཕྲན་རྣམས་གསར་དུ་བྱུང་ཞིང་དེ་དག་འདབ་འབྱར་ནས་རླུང་གིས་བསྲུབ་པའི་རི་གླིང་སོགས་འཇིག་རྟེན་གྱི་བཀོད་པ་སྣ་ཚོགས་བྱུང་ངོ་ཞེ་ན། བྱ་བའི་ཡུལ་སྣོད་ཀྱི་འཇིག་རྟེན་གྱི་རྒྱུ་འབྱུང་བ་བཞི་དང་སེམས་ཅན་གྱི་འཇིག་རྟེན་འབྱུང་བའི་རྒྱུ་ལས་ཉོན་དང་ལྡན་པའི་རྣམ་ཤེས་གཉིས་ཀ་སྔོན་དུ་སོང་བའི་རྒྱུ་དང་རྣམ་པར་བྲལ་བ་ལ་གསར་དུ་བྱེད་པ་པོ་དབང་ཕྱུག་གིས་བྱས་པ་ཡིན་པ་འདི་ཡི་སྒྲུབ་བྱེད་ཚད་མ་མངོན་གྱུར་འཇལ་བྱེད་མངོན་སུམ་ཚད་མ་མེད་དེ། འབྱུང་བའི་ཁམས་དང་སེམས་ཅན་མེད་པར་དབང་ཕྱུག་གིས་གསར་དུ་བྱེད་པར་མཐོང་བའི་མངོན་སུམ་འཇིག་རྟེན་གང་དུའང་མི་སྲིད་པ་དང་ནི། གཞལ་བྱ་ལྐོག་ཏུ་གྱུར་པ་འཇལ་བྱེད་རྗེས་དཔག་ཚད་མས་ཀྱང་འགྲུབ་པ་མེད་དེ། སྣོད་བཅུད་ཀྱི་འཇིག་རྟེན་གང་ཡང་མེད་པའི་སྟོང་པ་ནམ་མཁའ་ལྟ་བུ་ལ་དབང་ཕྱུག་གཅིག་པུ་རང་བྱུང་དུ་ཡོད་པར་བསྒྲུབ་པ་དང་། དེས་འཇིག་རྟེན་ཐམས་ཅད་བྱས་པའི་འབྲེལ་བ་སྒྲུབ་བྱེད་ཀྱི་གཏན་ཚིགས་མི་སྲིད་པའི་ཕྱིར་རོ། །


MR17_Page_0889
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ན་འབྱུང་བའི་རྡུལ་གྱི་རྫས་ཕན་ཚུན་ཡང་དག་པར་སྦྱོར་བ་ཉིད་ལས་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་སྣ་ཚོགས་པ་ཐམས་ཅད་དུ་འབྱུང་བར་འགྱུར་ཏེ་ཀྱེ་མི་ཡི་བདག་པོ་བྱེད་པོ་དབང་ཕྱུག་སོགས་ཀྱིས་འདོད་པས་མ་ཡིན་ཏེ། སེམས་ཅན་རང་རང་གི་ཐུན་མོང་དང་ཐུན་མོང་མིན་པའི་ལས་ཀྱི་དབང་གིས་སྣང་བའི་གཟུགས་ཡིན་པར་རིགས་པས་གྲུབ་བོ། །དབང་ཕྱུག་པ་ལ་ཇི་སྐད་བརྗོད་པའི་རིགས་པ་འདིས་ཁྱབ་འཇུག་པ་དང་རཧྨ་ཎ་སོགས་བྱེད་པ་པོ་གཅིག་གིས་འཇིག་རྟེན་ཐམས་ཅད་བྱས་པར་འདོད་པ་ཐམས་ཅད་རྩད་ནས་ཁེགས་པ་ཡིན་པས་འདིར་ཅུང་ཟད་རྒྱས་པར་བརྗོད་པར་བྱས་སོ། །དེ་ནས་སངས་རྒྱས་པའི་རང་ལུགས་ཆོས་ཐམས་ཅད་བྱེད་པ་པོ་གཞན་གྱིས་མ་བྱས་ཤིང་རྒྱུ་མེད་དུ་བྱུང་བ་མ་ཡིན་པར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་དུ་སྐྱེ་བར་གསུངས་པ། དངོས་པོ་རྣམས་ནི་རང་སྐྱེད་བྱེད་ཀྱི་རྒྱུ་དང་རྐྱེན་ཚོགས་པའམ་འདུས་པའམ་ཡང་དག་པར་སྦྱོར་བ་འདི་ལས་ནི་འབྲས་བུ་འདི་འབྱུང་བར་འགྱུར་ཏེ། ཇི་ལྟར་ན་ཟླ་བའི་འོད་དང་ཡང་དག་པར་སྦྱོར་བ་ཡི་ཆུ་ཤེལ་ལས་ཀྱང་ཆུ་རུ་འགྱུར་ཏེ། ཀྱང་ཡིག་གིས་མེ་ཤེལ་ལས་མེ་འབྱུང་བ་ཡང་བསྟན་ཏོ། །མེ་ལོང་དྭངས་པ་དག་ལས་བྱད་ལ་སོགས་པ་དངོས་པོའི་གཟུགས་བརྙན་འབྱུང་བ་དང་། གཞན་གྱིས་སྐྱུར་བའི་རོ་ཟོས་པ་ཡིད་ལ་བསམ་པའི་རྒྱུ་ལས་གཞན་གྱི་ལྕེ༷་ལས་ཆུ་འཛག་པ་དང་། ཁྲོན་པ་དང་ཁང་སྟོང་རི་ཡི་དྲུང་དུ་རང་གི་སྒྲ་བསྒྲགས་པ་ལས་ཅིག་ཤོས་སྒྲ་བརྙན་འབྱུང་བ་དང་། དག་པའི་ས་བོན་སྐྱོན་མེད་པ་ཉིད་ས་དང་ཆུ་ལ་སོགས་པ་དང་ཡང་དག་པར་སྦྱོར་བ་ལས་ནི་མྱུ་གུར་འགྱུར་རོ། །རྡོ་ཁབ་ལེན་ལས་ཀྱང་དེ་དང་ཡང་དག་པར་སྦྱོར་བའམ་འདུས་པའི་ལྕགས་ཀྱི་ཐུར་མ་དག་ནི་གཡོ་བར་འགྱུར་ཏེ། དེ་དག་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་གྱི་བྱེད་པོའམ་སྐྱེས་བུའི་བསམ་པའམ་འདོད་པས་དངོས་པོ་འདི་དག་ལ་འདི་ལྟར་འགྱུར་


MR17_Page_0890
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱས་པ་ཅི་ཡང་མིན་ནོ། །འོ་ན་ཅི་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་དངོས་པོ་རྣམས་ཀྱི་རང་རང་གི་ནུས་པ་འདི་ནི་སྲིད་པ་གསུམ་གྱི་གནས་སུ་བྱེད་པ་པོ་གཞན་སུ་ཞིག་གིས་ཀྱང་སྤྲུལ་པ་མིན་ཏེ་དངོས་པོ་རང་རང་གི་རང་བཞིན་ནམ་ཆོས་ཉིད་དོ། །དེ་ལྟར་ཆོས་རྣམས་རྒྱུ་ལས་འབྱུང་བ་ཡིན་པར་བསྟན་པ་དེས་རྒྱུ་ཡོད་པར་གྲུབ་ལ། དེ་ལྟ་ན་དབང་ཕྱུག་ཀྱང་རྒྱུ་ཡིན་པ་ལ་འགལ་བ་ཅི་ཡོད་ཅེ་ན། དེ་མི་མཚུངས་ཏེ་རྒྱུ་དབང་ཕྱུག་གིས་འབྲས་བུ་བྱེད་པར་འདོད་པ་ནི་བྱེད་པོ་རྟག་པ་རང་དབང་བས་གཞན་བྱེད་པ་ཡིན་ལ། རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུ་ལས་འབྲས་བུ་འབྱུང་བ་ནི་བསླུ་མེད་དུ་སྣང་བ་ཡིན་ན་ཡང་། ཡང་དག་པར་དཔྱད་ན་རྟག་ཆད་དང་འགྲོ་འོང་སོགས་ཀྱི་མཐའ་དང་བྲལ་བ་ཡིན་པས་བྱེད་པོ་རྒྱུ་དང་བྱ་བ་འབྲས་བུ་ལ་རང་བཞིན་གྱིས་གྲུབ་པ་གང་ཡང་མེད་དེ། ཇི་ལྟར་རྒྱུ་དང་འབྲས་བུར་གདགས་པ་འདི་དག་དངོས་པོར་མེད་པའི་ཚུལ་ནི། འབྲས་བུ་རྒྱུའི་དུས་ན་ཡོད་པའམ་མེད་པ་གང་ཡིན་ཞེས་བརྟག་ན། རྒྱུ་ཡི་རང་དུས་ན་འབྲས་བུ་ཡོད་པ་མ་ཡིན་ཏེ། ཡོད་ན་བྱ་མི་དགོས་ཤིང་ཇི་ལྟར་བུམ་པ་རང་དུས་ན་ཡོད་པའི་ས་ལ་སོགས་པའི་རྡུལ་རྫས་རྣམས་བུམ་པའི་རྒྱུར་མི་འགྱུར་ཏེ། འབྲས་བུ་བུམ་པ་གྲུབ་ཟིན་ཉིད་ཀྱི་ཆོས་ཡིན་པ་བཞིན་ནོ། །དེ་བཞིན་སྣམ་བུའི་སྣལ་མ་སོགས་ཀྱང་ངོ་། །འབྲས་བུ་མེད་པ་ནི་རྒྱུ་དེའི་འབྲས་བུར་མི་འགྱུར་ཏེ་རུས་སྦལ་གྱི་སྤུ་བཞིན་དུ་རྒྱུས་སྐྱེད་མི་ནུས་སོ། །འབྲས་བུ་གཏན་མེད་མིན་ཡང་རྒྱུའི་རང་དུས་ན་མེད་པ་དེ་རྒྱུས་བསྐྱེད་པས་མེད་པ་བསྐྱེད་པར་རིགས་སོ་སྙམ་ན། རྒྱུའི་རང་དུས་ན་མེད་པ་དེ་རྒྱུ་འགག་ནས་མེད་པའི་རྗེས་སུ་ཡོད་པ་དེ་ནི་རྒྱུ་སྔོན་སོང་དེས་སྔར་མེད་པ་བསྐྱེད་པའི་འབྲས་བུ་ཡིན་པར་བཏགས་པ་ཙམ་ལས་ངེས་པར་རྒྱུས་མེད་པར་བསྐྱེད་པ་མིན་ཏེ། རྒྱུ་ཡོད་བཞིན་དུ་བསྐྱེད་པར་རིགས་པ་མིན་པ་དེ་བཞིན་རྒྱུ་འགག་ནས་མེད་པའི་དུས་སུ་རྒྱུས་བསྐྱེད་པར་དེ་བས་མི་


MR17_Page_0891
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སོ། །དེས་ན་རྒྱུ་གང་གི་མཐུ་ལས་འབྲས་བུ་གང་སྣང་བ་ལ་རྒྱུ་དང་འབྲས་བུར་བརྗོད་ཀྱང་བརྟགས་ན་རྒྱུས་འབྲས་བུ་སྐྱེད་པའི་བྱ་བ་བྱེད་པ་དང་། འབྲས་བུ་རྒྱུ་ལ་ལྟོས་ཏེ་སྐྱེ་བའི་མཚན་མ་མི་དམིགས་པས། རྒྱུ་དབང་ཕྱུག་སོགས་དངོས་པོར་གྲུབ་པ་དེས་བུམ་སོགས་དངོས་པོར་གྲུབ་པའི་འབྲས་བུ་བྱེད་པར་འདོད་པའི་རྒྱུ་འབྲས་འཇོག་ཚུལ་དང་གཏན་མི་འདྲ་བས་ཀུན་རྫོབ་ཏུ་རྒྱུ་ཡོད་པར་སྨྲས་ཀྱང་དབང་ཕྱུག་རྒྱུར་སྨྲ་བ་དང་མཚུངས་པའི་གོ་སྐབས་མེད་དོ། །འབྲས་བུ་ཡོད་མེད་གཉིས་ཀའི་བདག་ཉིད་དུ་གྱུར་པ་ནི་རྣམ་པ་ཀུན་ཏུ་མེད་དེ། དེ་གཉིས་ཕན་ཚུན་སྤངས་ཏེ་འགལ་བའི་ཕྱིར་གཉིས་ཀ་ཡིན་པ་རྣམ་པ་ཀུན་ཏུ་མི་སྲིད་དོ། །དེའི་ཕྱིར་རྒྱུ་ལས་འབྲས་བུ་ཡོད་པ་དང་། མེད་པ་དང་། འབྲས་བུ་ཡོད་མེད་གཉིས་ཀ་ཡིན་པ་སྟེ་མུ་གསུམ་པོ་གང་ཡང་སྐྱེད་པར་མི་རིགས་པས་རྒྱུ་འབྲས་གཉིས་ཀ་ངོ་བོས་གྲུབ་པ་མེད་དོ། །གཉིས་མ་ཡིན་གྱི་མུ་ནི་འདིའི་ཤུགས་ཀྱིས་ཁེགས་པའོ། །དེ་ལྟར་རྒྱུ་འབྲས་ལ་བདེན་དངོས་མེད་པར་བརྗོད་པ་ལ། དངོས་སྨྲ་བ་དག་གིས་བརྒལ་བ། རྒྱུ་ལས་འབྲས་བུ་སྐྱེ་ཚུལ་ལ་དཔྱད་ནས་བཀག་པ་འདིས་རྒྱུ་དང་འབྲས་བུ་ཉིས་ཆར་བཀག་པས་ཐམས་ཅད་མེད་པར་སྨྲ་བའི་ཆད་སྟོང་གི་ལུགས་བཟུང་བར་མི་འགྱུར་རམ་ཞེ་ན། མ་ཡིན་ཏེ། རྟེན་ཅིང་འབྲེལ་འབྱུང་གི་སྣང་ཚུལ་ལ་ལྟོས་ནས་གང་ལས་གང་སྣང་བ་དེ་ལ་རྒྱུ་དང་འབྲས་བུར་བཏགས་པས་ན། རྒྱུ་ལ་ལྟོས་ནས་འབྲས་བུ་དང་། འབྲས་བུ་ལ་ལྟོས་ནས་རྒྱུར་འཇོག་པས་བཏག་པ་ཙམ་གྱི་གཞན་ལ་ལྟོས་པའི་ཕྱིར་ལྟོས་གྲུབ་ཀྱི་རྒྱུ་འབྲས་གཉིས་ཀ་ཀུན་རྫོབ་ཏུ་ཡོད་རུང་བས་རྒྱུ་འབྲས་གཉིས་ཀ་མེད་པར་སྨྲ་བར་མི་འགྱུར་རོ། །དེས་ན་རྒྱུ་འབྲས་ལ་བདེན་པར་གྲུབ་པའམ་ངོ་བོའམ་རང་བཞིན་གྱིས་གྲུབ་པ་ཅུང་ཟད་མེད་ཀྱང་ལྟོས་ནས་བཏགས་པའི་རྒྱུ་འབྲས་ཀྱི་སྣང་བ་བསླུ་མེད་ནི་ནམ་ཡང་མེད་པར་མི་འགྱུར་


MR17_Page_0892
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བཏགས་པ་ཙམ་ལས་ངོ་བོས་གྲུབ་པ་མེད་པ་ལ་རྒྱུ་འབྲས་ཀྱི་རྣམ་གཞག་ཐམས་ཅད་རུང་ཞིང་། བཏགས་ཙམ་མ་ཡིན་པར་རྒྱུ་འབྲས་སུ་རང་གི་ངོ་བོས་གྲུབ་པ་ལ་རྒྱུ་འབྲས་ཀྱི་རྣམ་གཞག་ཀུན་མི་རུང་བར་འགྱུར་རོ། །དེ་ལྟར་གཞན་ལ་ལྟོས་པའི་ཕྱིར་གཉིས་ཀའང་རྒྱུ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པ་ལ་སོགས་པའི་ཐལ་བར་འགྱུར་བ་འདི་ལ། གཞན་རྒྱུ་འབྲས་ལྟོས་བཏགས་ཙམ་མིན་པར་ངོ་བོས་གྲུབ་པར་ཁས་ལེན་པའི་ཕྱོགས་ཀྱིས་ཕན་ཚུན་ལྟོས་བཏགས་མི་འཐད་པའི་རྩོད་པ་བཀོད་པའི་ཚུལ་དུ་བཤད་པ་དང་། དེ་ཐམས་ཅད་རྒྱུ་འབྲས་ལྟོས་བཏགས་ཙམ་དུ་མི་འདོད་པ་ལ་གནོད་པའི་ཐལ་བ་འཕེན་པའི་དོན་དུ་བཤད་པ་གཉིས་འདུག་པའི་དང་པོ་ལྟར་ན། རྒྱུ་འབྲས་གཉིས་ཀའང་ཕན་ཚུན་རྣམ་པར་བཞག་འཇོག་གི་རྒྱུར་ཁས་ལེན་ན། གཉིས་ཀ་རྒྱུ་ཡིན་པའི་ཕྱིར་འབྲས་བུ་མེད་ལ། འབྲས་བུ་མེད་ན་རྒྱུ་ཡང་མེད་དོ། །རྒྱུ་ནི་འབྲས་བུ་ལ་མ་ལྟོས་པར་དུ་རང་གི་ངོ་བོས་རྒྱུར་མི་འགྲུབ་པའི་ཕྱིར་མཐའ་གཅིག་ཏུ་རྒྱུ་ཡིན་པས་ངེས་པ་མེད་པ་ཉིད་དུ་ཐལ་བ་དང་། ངེས་པ་མེད་པ་དེའི་ཕྱིར་རྒྱུ་མ་ཡིན་པར་འགྱུར་ཞིང་། དེའི་ཕྱིར་དབང་ཕྱུག་ཙམ་དུ་མ་ཟད་དེ་ལ་སོགས་པའི་རྒྱུ་ཐམས་ཅད་ངེས་པ་མེད་པ་དང་རྒྱུ་མ་ཡིན་པར་གྲུབ་པ་དེས་ན། རྒྱུ་འབྲས་ལྟོས་གྲུབ་ཙམ་གྱིས་མ་ཡིན་ཏེ། རྒྱུ་གང་ཡིན་རང་གི་ངོ་བོས་རྒྱུ་ཡིན་ལ། འབྲས་བུའང་རང་གི་ངོ་བོས་འབྲས་བུ་ཉིད་དུ་གྲུབ་བོ་ཞེ་ན། དེ་ལ་ལན་བསྟན་པ་ནི། འདིར་ཁྱོད་ཀྱི་སོགས་ཀྱི་ལན་བསྟན་པ་ཡིན་པར་འཆད་དོ། །འཆད་ཚུལ་ཕྱི་མ་ལྟར་ན། ས་མྱུག་གཉིས་ཀ་ཕན་ཚུན་རྒྱུ་དང་འབྲས་བུར་འདོགས་པའི་རྒྱུ་ཡིན་པའི་ཕྱིར་གཞན་ལ་ལྟོས་ནས་བཏགས་པ་མིན་པའི་འབྲས་བུ་མེད་དེ། དེ་མེད་ན་ལྟོས་ནས་བཏགས་པ་མིན་པའི་རྒྱུ་མེད་དོ། །དེ་ལྟར་རྒྱུ་ནི་འབྲས་བུ་ལ་བརྟེན་ནས་འདོགས་དགོས་པའི་ཕྱིར་རང་བཞིན་གྱི་རྒྱུར་ངེས་པ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །རང་བཞིན་གྱི་རྒྱུར་ངེས་པ་


MR17_Page_0893
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཡིན་པའི་ཕྱིར་དབང་ཕྱུག་ལ་སོགས་པ་རང་དབང་དུ་འཇིག་རྟེན་ཐམས་ཅད་བསྐྱེད་པའི་བདེན་པའི་རྒྱུ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །འདིས་དབང་ཕྱུག་ལ་སོགས་པའི་རྒྱུ་ཐམས་ཅད་རང་བཞིན་གྱིས་རྒྱུར་ངེས་པ་མེད་པ་ཉིད་དང་། རང་དབང་བའི་རྒྱུ་མ་ཡིན་པ་ཉིད་དུ་གྲུབ་བོ་ཞེས་རིགས་པས་འཕྲུལ་ཏེ་འཆད་དོ། །མདོར་ན་རྒྱུ་འབྲས་ལྟོས་བཏགས་ཙམ་གྱིས་རྒྱུ་འབྲས་ཀྱི་གོ་མི་ཆོད་པས། རྒྱུ་ཉིད་རྒྱུ་ཡི་ངོ་བོས་དང་། འབྲས་བུ་འབྲས་བུའི་ངོ་བོས་སམ་རང་གི་རང་བཞིན་གྱིས་གྲུབ་བོ་ཞེ་ན། རྒྱུ་འབྲས་ངོ་བོས་གྲུབ་པ་འདི་རིགས་པས་གྲུབ་པ་ཞིག་ན་དེ་ལྟར་ཁས་ལེན་མོད། འདིར་རིགས་པས་ནམ་ཡང་མི་འགྲུབ་པས་དངོས་སྨྲ་བ་ཁྱོད་ཀྱི་ཞེ་འདོད་ཙམ་གྱིས་དེ་འགྲུབ་པར་བསམ་ཞིང་། བདག་གི་རིགས་པས་གྲུབ་པ་དེ་ལས་འགྲུབ་པ་མ་ཡིན་པར་སྨྲ་བ་ནི་ཤིན་ཏུ་མི་རིགས་པའམ་མི་བཟད་པ་སྟེ། འདོད་པ་ཙམ་གྱིས་ཁྱོད་ཀྱི་རྒྱུ་འབྲས་ངོ་བོས་ཡོད་པ་འགྲུབ་པར་འགྱུར་ན། བདག་གིས་འདོད་པས་ངོ་བོས་མེད་པའང་འགྲུབ་སྟེ། དེ་ལྟ་ན་ཐམས་ཅད་དུ་སོ་སོའི་འདོད་པ་ཙམ་གྱིས་གྲུབ་པར་འགྱུར་ཏེ་རིགས་པ་མི་དགོས་པའམ་རྣམ་པར་སྤངས་པས་འགྲུབ་དགོས་ན་དེ་ནི་ཤིན་ཏུ་མི་རིགས་སོ། །ཕ་རོལ་པོས་སྨྲས་པ། ཡིད་ཆེས་ལུང་ལས་དམ་ཚིག་འདི། །དམ་ཚིག་མ་གྲུབ་དམ་ཚིག་ཅེས། །བརྗོད་པ་དག་ནི་མི་འཐོབ་སྟེ། །བསྟན་བཅོས་རིགས་པ་རྣམས་ཀྱིས་གསུངས། །ཞེས་པ་འདིའི་དོན། ཡིད་ཆེས་པའི་ལུང་ལས་བཤད་པའི་དམ་བཅའ་ཡི་ཚིགས་ལ། དེ་མ་གྲུབ་ཅེས་བརྗོད་པ་མེད་དེ། ལུང་ལས་བཤད་པའི་ཕྱིར་ཞེས་པའི་དོན་ཡིན་ལ། དམ་ཚིག་གི་སྐད་དོད་ས་མ་ཡ་ཞེས་པ། འཆི་མེད་མཛོད་ལས། ས་མ་ཡ་མཉམ་ཇི་བཞིན་སྤྱོད། །ཁྲིམས་བྱ་གཞན་ཡང་རྒྱས་པར་བསྟན། །གྲུབ་པའི་མཐའ་དང་ཕུན་སུམ་ཚོགས། །བརྡ་དང་དུས་དང་སྐར་རྣམས་ལའོ། །ཞེས་པ་ལྟར་དོན་དུ་མ་ལ་འཇུག་


MR17_Page_0894
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནང་ནས་འདིར་གྲུབ་མཐའ་ལ་འཇུག་སྟེ། ཡིད་ཆེས་ལུང་ལས་གྲུབ་མཐའ་འདིར། །ཇི་བཞིན་མ་གྲུབ་གྲུབ་མཐའ་ཞེས། །བརྗོད་པ་དག་ནི་མི་འཐོབ་སྟེ། །ཞེས་པ་ཡིན་པ་འདྲའོ་ཞེས་ཆོས་རྗེ་བུའི་གསུང་བགྲོས་ལས་འབྱུང་ངོ་། །དེས་ན་ལུང་ཙམ་གྱི་རྗེས་སུ་འབྲངས་པའི་མུ་སྟེགས་པ་དག་གིས། ཕ་རོལ་མངོན་སུམ་མཐོང་བ་ཡི། །དྲང་སྲོང་དེ་དག་ཚིག་ལ་ནི། །རྗེས་སུ་དཔག་པས་གནོད་མི་ནུས། །ཞེས་བཤད་པ་ལྟར་ཁོ་རང་གི་ཁས་ལེན་པའི་ལུང་ལས་དབང་ཕྱུག་རྒྱུར་བཤད་པ་སོགས་ཀྱིས་དོན་དེ་བསྒྲུབ་པའི་སླད་དུ་དེ་ལྟར་སྨྲས་པ་ཡིན་ཡང་། རིགས་པ་ཡང་དག་གིས་གནོད་ན་ལུང་དོན་དེ་ལྟར་མིན་པར་འཛིན་དགོས་ཀྱི་རང་གིས་འདོད་པའི་ལུང་ལས་གང་བཤད་ཚད་ལུང་ཙམ་གྱིས་འགྲུབ་པར་འདོད་པ་ནི་བླུན་པོའི་དམ་བཅའ་ཙམ་མོ། །དེ་ནི་ཕ་རོལ་པོས་ལུང་གིས་བསྒྲུབ་པའོ། །ཡང་འགའ་ཞིག་གི་ཚེ་ཕ་རོལ་པོ་དག་གིས་རིགས་པ་བརྗོད་པ། འདིར་ཉེ་བར་ལེན་པའི་རྒྱུ་ས་བོན་ལ་སོགས་པ་གཅིག་ལས་རང་རང་གི་འབྲས་བུ་ཐམས་ཅད་འབྱུང་བ་མེད་དེ། ཆུ་ལ་སོགས་པ་ལྷན་ཅིག་བྱེད་རྐྱེན་ནུས་པའི་རྒྱུ་ནུས་པ་ཅན་གཞན་ཡང་ཚོགས་དགོས་པ་བཞིན་དུ། དངོས་པོ་རྣམས་ལ་ཡང་སྐྱེད་པར་བྱེད་པའི་ནུས་པ་ལྡན་པ་དབང་ཕྱུག་ཉིད་དངོས་པོའི་རྒྱུ་ཡིན་པར་རྗེས་སུ་དཔག་པས་འགྲུབ་བོ་ཞེ་ན་ཁྱོད་ཀྱི་གཏན་ཚིགས་འདི་ནི་ཁྱོད་རང་གི་དམ་བཅའ་བའི་ཕྱོགས་སྒྲུབ་པ་ལ་ནུས་པ་མེད་པའི་ཟོལ་སྦྱོར་གྱི་རྟགས་ལྟར་སྣང་བ་ཡིན་པས་དོན་མེད་དེ། ཉེ་བར་ལེན་པའི་རྒྱུ་གཅིག་ལས་ཐམས་ཅད་འབྱུང་བ་མེད་པའི་ཕྱིར་ཞེས་པའི་གཏན་ཚིགས་འདིས་ཁྱོད་ཀྱི་ཕྱོགས་སམ་དམ་བཅའ་དབང་ཕྱུག་རྒྱུ་ཡིན་པར་སྒྲུབ་པར་བྱེད་པའི་མཚན་ཉིད་ཐོབ་སྟེ་སྒྲུབ་བྱེད་དུ་འགྱུར་བ་ཞིག་ན། བདག་གི་དབང་ཕྱུག་རྒྱུ་མིན་པར་དམ་བཅའ་བའི་ཕྱོགས་ཀྱང་འགྲུབ་པར་འགྱུར་ཏེ། དབང་ཕྱུག་རྒྱུ་མིན་ཏེ། ཉེ་བར་ལེན་པའི་རྒྱུ་གཅིག་ལས་ཐམས་ཅད་མི་འབྱུང་བའི་ཕྱིར་ཞེས་བཀོད་པས་དེ་འགྲུབ་པར་


MR17_Page_0895
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ཅི་སྟེ་དེས་ཁྱོད་ཀྱི་དམ་བཅའི་ཕྱོགས་གཞན་དབང་ཕྱུག་རྒྱུར་མི་འདོད་པ་སུན་འབྱིན་ནུས་ན། བདག་གི་མི་མཐུན་པའི་ཕྱོགས་དབང་ཕྱུག་རྒྱུར་སྨྲ་བ་དག་ཀྱང་དེས་སུན་འབྱིན་ཏེ་སྔ་མ་བཞིན་ནོ། །དེས་ན་མེ་ནི་ལག་ཏུ་འཛིན་པ་པོ་རང་གཞན་གཉིས་ཀ་བསྲེག་པར་བྱེད་གྱི་གཅིག་ལ་མ་ཡིན་པ་ལྟར། འདི་འདྲའི་རྟགས་བཀོད་པས་ཅི་ཡང་མི་རུང་ངོ་། །ཞེས་སོ། །འདི་ལ་དབང་ཕྱུག་ངོ་བོ་ཉིད་ཀྱིས་ཐམས་ཅད་བྱེད་པ་པོར་སྒྲུབ་པའི་གཏན་ཚིགས་སུ་བཀོད་པ་དོན་མེད་ཅེས། ངོ་བོ་ཉིད་ཀྱི་ཁྱད་པར་སྦྱར་ནས། ངོ་བོ་ཉིད་ཀྱིས་དམ་བཅའ་སྒྲུབ་པ་དང་། ལྡོག་ཕྱོགས་འགོག་པ་ཡིན་ན། གཅིག་སྒྲུབ་པ་བཞིན་དུ་ཐམས་ཅད་གྲུབ་པ་དང་། དམ་བཅའ་གཅིག་གི་ཟློག་ཕྱོགས་སུན་འབྱིན་པ་བཞིན་དུ་དམ་བཅའ་ཐམས་ཅད་ཀྱི་བཟློག་ཕྱོགས་སུན་འབྱིན་དགོས་པས།ཁྱོད་ཀྱི་དམ་བཅའ་དབང་ཕྱུག་ངོ་བོས་བྱེད་པ་པོར་གྲུབ་ན། བདག་གི་དབང་ཕྱུག་ངོ་བོས་བྱེད་པ་པོ་མ་ཡིན་པར་ཡང་གྲུབ་ཅིང་། དེ་བཞིན་ཁྱོད་ཀྱི་དམ་བཅའི་བཟློག་ཕྱོགས་སུན་འབྱིན་ནུས་ན། བདག་གི་དམ་བཅའི་བཟློག་ཕྱོགས་ཀྱང་སུན་འབྱིན་པར་བྱེད་པས་མེ་འདི་གང་ལའང་མ་ལྟོས་པར་སྲེག་པར་བྱེད་ན་བུད་ཤིང་དང་བུད་ཤིང་མིན་པ་གཉིས་ཀ་སྲེག་པར་བྱེད་དགོས་ཀྱི་བུད་ཤིང་གཅིག་བུ་སྲེག་པ་མ་ཡིན་ནོ་ཞེས་འཆད་པ་དག་ཀྱང་སྣང་ངོ་། །དེའི་ཕྱིར་གཏན་ཚིགས་ལྟར་སྣང་བ་དང་ཡང་དག་གི་ཁྱད་པར་དཔེ་བརྗོད་པའི་སྒོ་ནས་གསུངས་པ། འདིར་དཔེར་ན་སྒྲ་རྟག་པར་སྨྲ་བ་རྣམས་ཀྱི་དམ་བཅའ་སོགས་གསུངས་ཏེ། སྒྲ་རྟག་པ་ཡིན་པར་དམ་བཅའ་གཏན་ཚིགས་ལུས་ཅན་མ་ཡིན་པའི་ཕྱིར་ཞེས་དང་། དཔེ་ནམ་མཁའ་བཞིན་ཞེས་དང་། ཉེར་སྦྱོར་ནི་གང་གི་ཕྱིར་ནམ་མཁའ་ལུས་ཅན་མ་ཡིན་པ་ཉིད་ཀྱིས་རྟག་པ་དེ་བཞིན་དུ་སྒྲ་ཡང་ཡིན་ནོ་ཞེས་དང་། མཇུག་སྡུད་དེའི་ཕྱིར་སྒྲ་ཡང་རྟག་པར་གྲུབ་བོ་ཞེས་སྒྲུབ་ངག་ཡན་ལག་ལྔ་ལྡན་དུ་བཀོད་པ་འདི་ལྟ་བུ་ནི་གཏན་ཚིགས་ལྟར་སྣང་ཡིན་ལ། དེ་ལ་སྒྲ་མི་རྟག་པར་འདོད་པས་སྨྲས་པ། འདི་ནི་དམ་


MR17_Page_0896
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་གང་དག་མ་ཡིན་ཏེ། མི་འགྲུབ་པའི་ཕྱིར་རོ། །གང་གིས་ན། སྒྲ་མི་རྟག་སྟེ། བྱས་པའི་ཕྱིར་བུམ་པ་བཞིན། ཇི་ལྟར་བུམ་པ་དབྱིག་གུ་དང་། འཁོར་ལོ་དང་། སྐུད་པ་དང་། སྐྱེས་བུས་རྩོལ་བས་བྱས་པ་དེ་བཞིན་དུ་སྒྲ་ཡང་མགྲིན་རྐན་ལ་སོགས་པའི་རྩོལ་བའི་བསྐྱེད་པའམ་བྱས་པ་ཡིན་ལ། དེའི་ཕྱིར་སྒྲ་མི་རྟག་པར་གྲུབ་བོ་ཞེས་གཞན་དག་སྨྲ་བར་འགྱུར་ཏེ། འདི་ནི་གཏན་ཚིགས་ཡང་དག་གོ། དེས་ན་ཟོལ་ལམ་སྒྱུ་ཐབས་ཀྱི་ངག་སྦྱོར་བའི་གཏན་ཚིགས་ལས་ནི་བསྒྲུབ་བྱ་འགྲུབ་པ་མ་ཡིན་ལ། གང་གིས་ཚུལ་གསུམ་ཚང་པའི་རྟགས་ཇི་ལྟ་བ་བཞིན་དུ་བརྗོད་པ་དེ་ནི་བསྒྲུབ་བྱ་འགྲུབ་ངེས་ཀྱི་ཚད་མར་འགྱུར་བ་དེའི་ཕྱིར། ངོ་བོ་ཉིད་ཀྱིས་གྲུབ་པའི་རྒྱུ་མེད་པ་དང་། དབང་ཕྱུག་དངོས་པོ་ཐམས་ཅད་ཀྱི་རྒྱུ་མ་ཡིན་པར་སྒྲུབ་པ་ནི་གཏན་ཚིགས་ཡང་དག་དང་ལྡན་ལ་ཅིག་ཤོས་ནི་དམ་བཅའ་བ་ཙམ་ལས་སྒྲུབ་བྱེད་ཡང་དག་མེད་པ་ཡིན་ནོ། །གཞན་ཡང་རྒྱུ་འབྲས་སོགས་ལྟོས་བཏགས་ཙམ་དུ་མི་འདོད་པར་ངོ་བོ་ཉིད་ཀྱིས་གྲུབ་པར་ཁས་ལེན་པའི་ལུགས་ལ། བསྒྲུབ་བྱ་རྣམས་ཀྱི་སྒོ་ནས་རྟག་པ་སོགས་སུ་དམ་བཅའ་བ་དང་། དེའི་སྒྲུབ་བྱེད་གཏན་ཚིགས་གཉིས་གཅིག་གམ་ཐ་དད་དུས་མཚུངས་མི་མཚུངས་སོགས་ཀྱི་དཔྱད་ན་འགལ་བའམ་དཔྱད་མི་བཟོད་པ་ནི་སྒྲུབ་བྱེད་དུ་མི་འགྱུར་བའི་སྐྱོན་བརྗོད་ངོ་བོས་གྲུབ་པར་སྨྲ་བའི་ཕྱོགས་ལ་འཇུག་གི་ལྟོས་བཏགས་པ་དང་ལྡོག་པའི་དབྱེ་བས་འཆད་པ་ལ་ནི་སྐྱོན་དེ་དག་རྣམ་པ་ཀུན་དུ་མི་འཇུག་གོ། དེའི་ཚུལ་གསུངས་པ། འདིར་གང་གི་དུས་ན་དམ་བཅའ་ཡི་བརྗོད་པ་ཡོད་པ་དེའི་དུས་ན་གཏན་ཚིགས་བརྗོད་པ་མེད་ཅིང་། གཏན་ཚིགས་བརྗོད་པའི་དུས་ན་དམ་བཅའི་ཚིག་མེད་ལ། དམ་བཅའ་མེད་པའི་གཏན་ཚིགས་དེ་གང་གི་སྒྲུབ་བྱེད་ཡིན་ཏེ། དེ་གཉིས་ཅིག་ཆར་དུ་ཡོད་པའི་ཆོས་ཅན་མ་ཡིན་ནོ། །དེ་དཔེར་ན་དམ་བཅའི་སྐད་དོ། །པྲ་ཏི་ཛྙཱ་ཞེས་བརྗོད་ཚེ་པྲ་བརྗོད་པ་དེའི་ཚེ་ཕྱི་མ་གཉིས་མེད་པ་དང་། དེར་མ་ཟད་པ་དང་ར་དང་སྲོག་གི་ཨ་ཡིག་ཀྱང་རིམ་བཞིན་འབྱུང་བ་


MR17_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཅིག་ཆར་མེད་དོ། །དེ་བཞིན་དུ་བརྗོད་པའི་ཡི་གེ་རིམ་པར་སྐྱེ་འགག་བྱེད་པ་ཡིན་ལ། མ་སྐྱེས་པའམ་ཤི་བའི་བུས་བྱ་བ་བྱེད་མི་ནུས་པ་བཞིན་གང་མེད་པ་ཞེས་དམ་བཅའ་གང་གི་དུས་སུ་གཏན་ཚིགས་གང་མ་སྐྱེས་པའམ་གཏན་ཚིགས་བརྗོད་པ་གང་གི་དུས་སུ་དམ་བཅའ་བརྗོད་པ་འགག་པ་དེ་ལྟ་བུའི་གཏན་ཚིགས་དེས་བསྒྲུབ་བྱ་བསྒྲུབ་པའི་བྱ་བ་བཏགས་པ་ཙམ་མིན་པར་ངོ་བོ་ཉིད་ཀྱིས་ཇི་ལྟར་བྱེད་དེ་བྱེད་པ་མེད་དོ། །ཚུལ་འདིའི་སྒོ་ནས་དཔྱད་ན་འཇིག་རྟེན་ཐ་སྙད་ཀྱི་རྒྱུ་དང་འབྲས་བུ། མཚན་ཉིད་དང་མཚོན་བྱ། བསྒྲུབ་བྱ་དང་སྒྲུབ་བྱེད། གཏན་ཚིགས་དང་དམ་བཅའ་ལ་སོགས་པ་ཐམས་ཅད་ལྟོས་བཏགས་ཀྱི་སྒོ་ནས་ཐ་སྙད་འགྲུབ་ཀྱི་ལྟོས་བཏགས་མ་ཡིན་པར་རང་གི་ངོ་བོས་གྲུབ་པ་ཡོད་དགོས་ན་དུས་མཉམ་དུ་ཡོད་ཅིང་། གཅིག་གིས་གཅིག་བསྐྱེད་པ་དང་། སྒྲུབ་པར་བྱེད་པ་སོགས་ཡིན་དགོས་ཀྱང་དེ་མི་སྲིད་དོ། །དེའི་ཕྱིར་བཏགས་པ་ཙམ་མ་ཡིན་པའི་ངོ་བོ་ཉིད་ཀྱིས་གྲུབ་པའི་རྒྱུ་ལ་བརྟེན་ནས་འབྲས་བུར་མི་འགྱུར་ཏེ། འབྲས་བུ་ཡོད་དུས་རྒྱུ་འགག་ནས་མེད་པའི་ཕྱིར་རོ། །འོ་ན་རྒྱུ་མེད་པ་ལས་སྐྱེ་བར་ཁས་ལེན་ནམ་ཞེ་ན་མ་ཡིན་ཏེ། རྒྱུ་མེད་པ་ལས་ཞེས་པ་ཐ་སྙད་དུ་རྒྱུ་གཏན་མེད་ཀྱི་དོན་མ་ཡིན་ཏེ། རྒྱུ་དང་འབྲས་བུ་བྱེད་པ་ཞེས་པ་དོན་གཞན་མ་ཡིན་ལ། འབྲས་བུའི་དུས་ན་རྒྱུའི་བྱེད་པ་འགགས་ཟིན་ཏེ་འབྲས་བུ་བྱེད་མི་དགོས་པས་སོ། །དེ་ལྟར་ངོ་བོས་གྲུབ་པའི་རྒྱུ་ལས་འབྲས་བུར་མི་འགྱུར་ཏེ། ཐ་སྙད་དུ་རྒྱུ་མེད་པ་ལས་ཀྱང་འབྲས་བུར་མི་འགྱུར་རོ། །དེའི་ཕྱིར་དོན་དམ་པར་དཔྱད་ན་འབྲས་བུ་ནི་རང་ལས་སྐྱེ་བ་མ་ཡིན། དེ་བཞིན་དུ་གཞན་ལས་མ་ཡིན། རང་གཞན་གཉིས་ཀ་ལས་མ་ཡིན། རྒྱུ་མེད་པ་ཅན་ཡང་མ་ཡིན་ནོ་ཞེས་རིགས་པས་གྲུབ་སྟེ། མཐའ་བཞིའི་སྐྱེ་བ་རིགས་པས་དཔྱད་བཟོད་དུ་མེད་པ་བརྟེན་འབྱུང་གི་རིགས་པ་འདིས་བྱེད་པ་པོ་ངོ་བོས་གྲུབ་པ་དང་། རྒྱུའི་བྱེད་པ་རྟག་པ་སུན་དབྱུང་བ་ཡིན་ནོ། །ཞེས་སོ། །སྐབས་


MR17_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བླ་མ་སྔ་མ་རྣམས་ཀྱི་ཚིག་འབྲུ་གཉེར་ཚུལ་མི་འདྲ་བ་དུ་མ་ཞིག་སྣང་ཡང་འདི་དོན་དམ་དཔྱོད་པའི་དབང་དུ་བྱས་པར་གཞུང་གི་བབ་ཀྱིས་དངོས་སུ་གསལ་ཞིང་། ཐ་སྙད་ཙམ་དུ་བྱས་ན་གཏན་ཚིགས་དང་བསྒྲུབ་བྱ་འཕྲད་མ་འཕྲད་བརྟག་པ་འདི་ལྟག་ཆོད་ཉེར་བཞི་བཤད་པའི་ནང་ཚན་གཅིག་ཡིན་ལ། འདི་འདྲའི་ལྟག་ཆོད་དེ་དམ་བཅའ་དང་གཏན་ཚིགས། རྒྱུ་དང་འབྲས་བུ་སོགས་ངོ་བོས་གྲུབ་པར་ཁས་ལེན་པའི་ལུགས་ལ་སུན་འབྱིན་དུ་འགྱུར་ཞིང་། ལྟོས་ནས་བཏགས་པར་ཁས་ལེན་པའི་ལུགས་ལ་སུན་འབྱིན་དུ་མི་འགྱུར་བའི་ཚུལ་བསྟན་པ་འདིས་རྟེན་ཅིང་འབྲེལ་འབྱུང་གི་སྣང་བ་ལ་མཐའ་བཞིའི་སྐྱེ་བ་མེད་ཀྱང་སྣང་བ་འགོག་མེད་དུ་ཡོད་པར་འདོད་པའི་ལུགས་འདི་ལ་ཐ་སྙད་ཐམས་ཅད་སྐྱོན་མེད་དུ་རུང་ཞིང་གང་གིས་ཀྱང་སུན་འབྱིན་མི་ནུས་ལ་ངོ་བོས་གྲུབ་པར་ཁས་ལེན་པའི་ལུགས་ལ་ཐ་སྙད་ཐམས་ཅད་མི་རུང་ཞིང་སུན་དབྱུང་ནུས་པར་བསྟན་པའི་དོན་ཟབ་མོ་ཡིན་པར་ཤེས་པར་བྱའོ། །ད་ནི་བདག་སུན་དབྱུང་བ་གསུངས་པ། གལ་ཏེ་བདག་གཅིག་པུ་ནི་ཡུལ་དུས་ཐམས་ཅད་ལ་ཁྱབ་ཅིང་ཀུན་ཏུ་འགྲོ་བ་ཡིན་ན། སུ་ཡང་གཉེན་དང་བྲལ་བའི་སྡུག་བསྔལ་ཇི་ལྟར་ཉམས་སུ་མྱོང་བར་འགྱུར་ཏེ། ཡུལ་དུས་གང་དུ་ཡང་བདག་དེ་ཡོད་པས་དེ་དང་བྲལ་ནས་གཞན་དུ་འགྲོ་བའི་ཡུལ་དུས་མི་སྲིད་པའི་ཕྱིར་རོ། །སྐྱོན་གཞན་ཡང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་བདག་གཅིག་པུ་ཆ་མེད་པའི་ཚུལ་གྱིས་གཞན་ཐམས་ཅད་ལའང་ཁྱབ་པས་སེམས་ཅན་གཅིག་གི་སྡུག་བསྔལ་མྱོང་བ་སོགས་ཐམས་ཅད་ཀྱིས་མྱོང་བར་ཡང་འགྱུར་རོ། །གལ་ཏེ་སེམས་ཅན་སོ་སོའི་རྒྱུད་ཀྱི་བདག་སོ་སོ་ཡིན་པས་གཅིག་གི་སྡུག་བསྔལ་ཀུན་གྱིས་མྱོང་མི་དགོས་སོ་ཟེར་ན་དུ་མ་དེ་རྣམས་རང་རང་སོ་སོའི་ངོ་བོར་གྱུར་བས་ཐམས་ཅད་དུ་ཁྱབ་པར་འགྲོ་བའི་བདག་མེད་པར་འགྱུར་རོ། །གལ་ཏེ་བདག་འདི་ནི་རྟག་པ་ཡིན་པར་གྱུར་ན། རྟག་པ་ནི་རང་གི་ངང་ཚུལ་གཅིག་ལས་གནས་


MR17_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་གཞན་དུ་འགྱུར་བ་མ་ཡིན་པས་འདོད་པའི་མདའ་ཡིས་བསྣུན་པའི་གནས་སྐབས་ཉིད་དུ་ཅིས་རབ་ཏུ་འགྱུར་ཏེ་འགྱུར་མི་སྲིད་ན་ཡང་། སེམས་ཅན་རྣམས་ནི་འདོད་ཆགས་ཀྱི་གནས་སྐབས་བཅུར་སྒྲུབ་ལེར་འཆད་འགྱུར་ལྟར་འདོད་པས་མདས་མ་བཏབ་པ་རྟག་ཏུ་འགྱུར་བ་མེད་པར་གྱུར་པ་སུ་ཞིག་ཡིན། །དེ་བཞིན་བདེ་སྡུག་སོགས་ཀྱི་གནས་སྐབས་མི་འདྲ་བ་ཡང་འབྱུང་མི་སྲིད་པ་དོན་གྱིས་ཤེས་སོ། །དེས་ན་གནས་སྐབས་རྣམ་པར་འགྱུར་བའི་ཆོས་ཅན་དུ་གྱུར་པས་བདག་དེ་མི་རྟག་ཅེས་ཁྱེད་ཅག་གིས་རྟོགས་པར་གྱིས་ཤིག །གལ་ཏེ་བདག་ངོ་བོས་ཡོད་ཅིང་དེ་ཡུལ་རིག་པར་བྱེད་པ་སོགས་ཀྱི་བྱ་བ་དང་བཅས་པར་གྱུར་ན། ཤིན་ཏུ་གཉིད་ལོག་པའི་དུས་སུ་བདག་འདི་ནི་དབང་ཤེས་ཀྱིས་ཡུལ་འཛིན་པ་སོགས་ཀྱི་བྱ་བ་གང་ཡང་མི་བྱེད་པར་རྨོངས་པ་ཉིད་དུ་ཇི་ལྟར་འགྲོ་སྟེ། ངོ་བོས་གྲུབ་ཅིང་རྟག་པའི་བདག་དེ་ལ་སད་པའི་དུས་སུ་བྱ་བ་དང་བཅས་པ་དེ་བཞིན་དུས་རྟག་ཏུ་བྱ་བ་དང་བཅས་པར་ཅིས་མ་ཡིན་ཞེས་སོ། །དེ་ལྟར་རིགས་པས་དཔྱད་ན་ངེས་པར་བདག་འདི་ཡུལ་དུས་ཀུན་ཏུ་འགྲོ་བ་དང་ཐམས་ཅད་ལ་དབང་བསྒྱུར་ཞིང་ཁྱབ་པའི་བདག་ཉིད་གཙོ་བོ་དང་རྟག་པ་དང་ནི། སྔོན་གྱི་འདུ་བྱེད་པའི་ཤུགས་སམ་བྱ་བ་དག་དང་བཅས་པ་མིན་པར་རྟོགས་པར་བྱའོ། །དེ་ཡང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐོག་མ་མེད་པའི་དུས་ནས་ཞུགས་པའི་ངར་འཛིན་ལྷན་སྐྱེས་ཀྱིས་རང་རྒྱུད་ཀྱི་ཕུང་པོ་ལ་དམིགས་ནས་ངའོ་སྙམ་དུ་འཛིན་པ་དེ་ཡི་སྟེང་དུ་མུ་སྟེགས་པས་བདག་དེ་ངོ་བོས་གྲུབ་པར་བྱས་ནས་རྟག་པ་དང་ཁྱབ་པ་ལ་སོགས་པར་སྒྲོ་བཏགས་པའི་བདག་འཛིན་ཀུན་བཏགས་ཀྱིས་འཁོར་བའི་ས་བོན་དམ་པོར་གཅེས་སྤྲས་སུ་བྱས་པ་ལྟ་བུ་ཡིན་ཅིང་། དེ་དག་གིས་སྨྲས་པ། ཕུང་པོ་སྐད་ཅིག་སྨྲ་བ་ཡི། །ཤཱཀྱ་བ་རྣམས་བདག་མེད་ན། །མཐོ་རིས་ཐར་བ་ལ་དགོས་པའི། །འབད་པ་དོན་མེད་ཉིད་དུ་འགྱུར། །ཞེས་དང་། གལ་ཏེ་འགག་ན་འགགས་


MR17_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ལས། །ཇི་ལྟར་འབྲས་བུ་འབྱིན་པར་འགྱུར། །ཞེས་ཟེར་རོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ལས་གསུངས་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཟབ་མོ་རྟག་པ་དང་ཆད་པའི་མཐའ་ལས་འདས་པ་ངོ་བོ་ཉིད་ཀྱིས་གྲུབ་པ་རྡུལ་ཙམ་མེད་ཀྱང་ཐ་སྙད་ཀྱི་རྣམ་གཞག་ཐམས་ཅད་གནོད་མེད་བསླུ་མེད་དུ་ཡོད་པའི་བདེན་གཉིས་འགལ་མེད་ཀྱི་དོན་གསུངས་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ནི། འགོག་པ་སྟེ་ངོ་བོ་མེད་པའམ་དོན་དམ་པར་མ་གྲུབ་པ་ཡིན་ལ། དོམ་དམ་པར་མ་གྲུབ་བཞིན་དུ་ཐ་སྙད་དུ་རྒྱུ་རྐྱེན་ཚོགས་པའི་དབང་གིས་སྐྱེ་བ་དང་། ཐ་སྙད་དུ་སྐྱེ་བ་གང་ཡིན་པ་ལས་འགོག་པའམ་རང་བཞིན་མ་གྲུབ་པ་ཡིན་ནོ། །དེས་ན་འདི་དག་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མ་ཡིན་ཀྱང་། ཕན་ཚུན་མེད་ན་མི་འབྱུང་བའི་སྒོ་ནས་རྣམ་པར་གཞག་འཇོག་གི་རྒྱུ་འབྲས་ཀྱི་ཚུལ་དུ་གསུངས་པ་སྟེ། གང་སྟོང་པ་ཉིད་ཅེས་བྱ་བ་ནི་ཇི་ལྟར་སྣང་བའི་དངོས་པོ་འདི་རྣམས་རང་རང་གི་ཆོས་ཉིད་ཀྱིས་རང་བཞིན་མེད་པར་གནས་པ་ཡིན་གྱི་འདི་ལས་ལོགས་སུ་དགག་བྱ་གཞན་ཅི་ཞིག་བཀག་པའི་སྟོང་ཉིད་ནི་འདིའི་རང་བཞིན་མ་ཡིན་ཏེ། བུ་རམ་རང་བཞིན་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་ལྟར། །དེ་ལྟར་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་གསུངས། །ཞེས་དང་། སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་བར་མི་བྱེད་ཀྱི། ཆོས་ཐམས་ཅད་སྟོང་པའོ། །ཞེས་པ་ལྟར་རང་བཞིན་གྱིས་འགོག་པའམ་མ་སྐྱེས་པའོ། །དེ་ལྟར་ན་རང་བཞིན་གྱིས་སྟོང་པ་ཡིན་པ་དེའི་གནད་ཀྱིས་སྣང་བར་ཤར་བའམ་སྣང་རུང་བ་ཡིན་གྱི། མི་སྟོང་བའམ་རང་གི་ངོ་བོས་བདེན་པར་གྲུབ་པ་ཞིག་ཡིན་ན་བརྟེན་ནས་འབྱུང་དགོས་པ་མ་ཡིན་པས་རང་གི་ངོ་བོས་ཡུལ་དུས་ཐམས་ཅད་དུ་སྣང་དགོས་ན་ཡང་དེ་ལྟ་བུའི་སྣང་བ་ཞིག་ཡུལ་དུས་གང་དུའང་མི་སྲིད་པས་སྟོང་ཉིད་ཡིན་པའི་གནད་ཀྱིས་རྟེན་འབྱུང་གི་སྣང་བར་ཤར་བ་དང་། བརྟེན་ནས་བྱུང་པའི་སྣང་བ་ཡིན་པའི་གནད་ཀྱིས་སྟོང་པ་ཡིན་པ་འགལ་མེད་དོན་གཅིག་ཏུ་སོང་བ་ནི་དབུ་མའི་


MR17_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྟེ། སྣང་བ་དང་སྟོང་པ། རྟག་པ་དང་ཆད་པ་ལ་སོགས་པའི་མཐའ་འམ་ཕྱོགས་གང་རུང་རེར་ལྷུང་བ་མིན་པས་སྟོང་ཉིད་བཞི་སྦྱོར་གྱི་དགོངས་པ་ལྟར་ཤེས་པར་བྱའོ། །འདི་ལ་དབུ་མར་སྨྲ་བའི་མཁས་པ་དག་གིས་སྟོང་ཉིད་རྒྱུ་འབྲས་སུ་འཆར་བའི་ཐ་སྙད་བཏགས་པར་མཛད་དོ། །དེ་ལྟར་གོ་བར་བྱས་ནས་འགྲེལ་བར། འགོག་པའི་ཆོས་རྣམས་ལ་བདག་མེད་དེ། ཞེས་སོགས་དང་། སྐྱེ་བའི་ཆོས་རྣམས་ལ་འབྱུང་བ་ཡོད་དེ་ཞེས་སོགས་གསུངས་པ་བདེན་པ་གཉིས་ཀྱི་དབང་དུ་བྱས་ནས་འཆད་པ་ཡིན་པར་ཤེས་པར་བྱའོ། །སྐབས་འདིར་རྟེན་འབྲེལ་གྱི་དངོས་པོའི་ཆོས་རྣམས་ནི་སྔ་མ་འགོག་པ་ལས་ཕྱི་མ་སྐྱེ་བ་དང་། ཕྱི་མ་སྐྱེ་བ་ལས་སྔ་མ་འགོག་པ་ཞེས་བཤད་ནས། ཐ་སྙད་དུ་རྒྱུ་འབྲས་སྐྱེ་འགག་གི་སྟེང་ནས་ལས་བྱེད་པ་པོ་སྔ་ཕྱིར་འཕོ་བ་མེད་ཀྱང་ལས་བྱེད་པ་པོ་ལ་སྨིན་པ་སོགས་ཀྱི་རྣམ་གཞག་འཐད་ཚུལ་གྱི་སྟེང་ནས་འཆད་པའང་ཡོད་དོ། །འདིར་ཁམས་གསུམ་སྲིད་པར་འཁོར་བའི་ཚེ་ན། གང་ཟག་གི་བདག་དང་། བདག་གི་བའི་ཆོས་མིག་ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་མེད་ཀྱང་། ཁ་ཐོན་དང་མར་མེ་ལ་སོགས་པའི་ཚུལ་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕུང་པོའི་རྒྱུན་སྐྱེ་ཞིང་འབྱུང་བ་ཡོད་ཅིང་། དེའི་ཕྱིར་ལས་བྱེད་པ་པོའི་བདག་ངོ་བོས་གྲུབ་པ་མེད་ཀྱང་ཕུང་པོ་ལ་བདག་ཏུ་བཏགས་པའི་བདག་དེས་ལས་བྱས་པ། སྐྱེ་བ་ཕྱི་མའི་ཕུང་པོའི་རྒྱུན་དེར་སྨིན་པ་ན། བདག་གིས་བྱས་པ་བདག་ལ་སྨིན་པའི་ཐ་སྙད་དང་དོན་གཉིས་ཀ་གནོད་མེད་དུ་གྲུབ་པ་དང་། དོན་དམ་པར་སྐྱེ་བ་དང་འབྱུང་བ་དམིགས་སུ་མེད་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་དབང་གིས་སྐྱེ་བ་དང་འབྱུང་པ་ཡོད་པ་འགལ་བ་མེད་པ་ཙམ་དུ་མ་ཟད་དོན་གཅིག་ཏུ་འགྱུར་བ་དེའི་ཚུལ་གྱིས་སྐབས་འོག་མ་རྣམས་སུའང་ཤེས་པར་བྱས་ཏེ། དགེ་བ་དང་མི་དགེའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཆུད་མི་ཟ་བར་ཡོད་དེ། བྱེད་པ་པོ་ངོ་བོས་གྲུབ་པ་ཡིས་རྣམ་པར་དམན་པའམ་དབེན་པ་ཡིན་པ་འགལ་


MR17_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཡིན་ཏེ། ཐ་སྙད་དུ་སྐྱེས་བུས་ཞིང་ལ་ས་བོན་བཏབ་ན་ལོ་ཏོག་སྨིན་པ་ཡོད་ལ། ཞིང་ལ་ས་བོན་དེ་འདེབས་པའི་བྱེད་པོ་སྐྱེས་བུ་དེ་ཡིན་པར་གྲགས་ཀྱང་། ས་བོན་འདེབ་པའི་བྱ་བ་བྱེད་པ་སྐྱེས་བུའི་ཕུང་པོའི་རྒྱུན་གྱི་གནས་སྐབས་དེ་ལས་གཞན་པའི་སྐྱེས་བུའམ་གང་ཟག་གམ་བདག་གང་ཡང་མེད་ཅིང་། ཕུང་པོའི་གནས་སྐབས་དེ་ནི་ཆོས་དུ་མ་ཚོགས་པ་དང་། སྐད་ཅིག་གིས་མི་རྟག་པ་ཡིན་པས་བྱེད་པ་པོ་གཅིག་བུར་གྱུར་པ་ཅུང་ཟད་མེད་ཀྱང་དུ་མའི་ཆོས་རྣམས་ཀྱི་རྒྱུན་ལ་བྱེད་པ་པོར་བཏགས་པ་ནི་ཐ་སྙད་དུ་ཡོད་དོ། །ས་བོན་འདེབས་པ་པོ་དེས་ལོ་ཏོག་སྨིན་ནས་ལོངས་སྤྱོད་པའི་ཚེ་སྔ་མ་ས་བོན་འདེབས་པའི་དུས་ཀྱི་ཕུང་པོའི་རྒྱུན་འགགས་པའི་ཕྱིར་ལས་བྱེད་པ་པོ་ཉིད་འབྲས་བུ་ལ་ལོངས་སྤྱོད་པ་མིན་ཡང་ཕུང་པོའི་རྒྱུན་ལ་མ་བརྟག་པར་ངའོ་སྙམ་དུ་བཟུང་ནས་བདག་གིས་ས་བོན་བཏབ་པའི་འབྲུ་རྣམས་སྨིན་ནས་རང་གིས་ལོངས་སྤྱད་དོ་སྙམ་དུ་སེམས་ལ། གཞན་དག་གིས་ཀྱང་མི་འདིས་རང་གིས་རྨོས་པའི་འབྲུ་ལ་ལོངས་སྤྱོད་པར་བྱེད་དོ་སྙམ་དུ་འཛིན་པ་དེ་བཞིན་དགེ་སྡིག་གི་ལས་བྱེད་པ་དང་རྣམ་སྨིན་མྱོང་བའང་བྱེད་པ་པོས་དབེན་ཀྱང་ལས་རང་གིར་བྱ་བ་ལས་མ་འདས་པ་ཡང་ཕུང་པོའི་རྒྱུན་ལ་བརྟེན་ནས་དེ་ལྟར་བྱེད་པོ་དང་སྤྱོད་པོར་འགྱུར་བ་ཤེས་པར་བྱའོ། །སྐབས་འདིར་བདག་སྔ་མ་ལས་བདག་ཕྱི་མ་སྐྱེ་བ་དང་། བདག་ཕྱི་མའི་དུས་སུ་བདག་སྔ་མ་འགག་ཅེས་མི་བྱ་སྟེ་སྐྱེ་འགག་ཡོད་ན་བདག་དངོས་པོར་གྱུར་བས་བདག་མེད་མི་འཐད་དོ། །དེ་བཞིན་དུ་དངོས་པོའི་ཆོས་རྣམས་སྐྱེ་འགག་གི་རང་བཞིན་ཅན་ཡིན་པས་སྔ་མ་ཕྱི་མར་ངོ་བོ་ཉིད་ཀྱིས་གོ་འཕོས་པའམ་འགྲོ་བ་པོ་མེད་ནའང་། འགྲོ་བ་མ་ལུས་པ་ཐར་པའི་སླད་དུ་ལམ་ལ་འཇུག་ཅིང་འགོག་པར་འགྲོ་བ་ཡོད་ཅིང་། ཞེས་གསུངས་པ་འདི་སྐབས། འགྲེལ་བར་གཞན་རྣམས་ལ་སྟེ། གཞན་ནི་དེའི་རང་བཞིན་ཞེས་པ་ལ་སོགས་པར་གསུངས་པའི་ཕྱིར་རོ་ཞེས་དང་། ཇོ་འགྱུར་ལས། གཞན་རྣམས་ལ་སྟེ་གཟུགས་དེ་ཡང་གཞན་ཞེས་པ་ལ་


MR17_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པར་ཞེས་གསུངས་པའི་ཕྱིར་རོ། །ཞེས་པ་འདིའི་དོན་འཆད་ཚུལ་སྣ་ཚོགས་བྱས་པ་སྣང་ཡང་དོན་འདི་ཡིན་ཏེ། འགྲོ་བ་པོ་མེད་ན་སུ་ཞིག་ཐར་ལམ་དུ་འགྲོ་བ་ཡིན་ཞེ་ན། །འགྲོ་བ་པོའི་བདག་མེད་ཀྱང་། གཞན་གཟུགས་སོགས་ཕུང་པོ་ལྔའི་རྒྱུན་རྣམས་ལ་སྟེ་གཞན་གཟུགས་སོགས་ནི་གང་ཟག་དེའི་རང་བཞིན་དང་གདགས་གཞི་སོགས་སུ་གསུངས་པའི་ཕྱིར་རོ། །ཞེས་སོ། །འདི་ལ་སྔ་འགྲེལ་རྣམས་སུ་ཅི་ཟེར་མ་བྱུང་བ་ལྟ་བུ་ལས་མ་མཐོང་ངོ་། །འདིར་སྐྱེ་བའི་ཆོས་ཅན་ཀུན་རྫོབ་ཏུ་འཁོར་བར་འཆིང་བ་ཡོད་དེ། འགོག་པའམ་དོན་དམ་པར་བཅིངས་པ་མེད་དོ། །དོན་དམ་པར་བཅིངས་པ་ཡོད་ན་ནམ་ཡང་གྲོལ་བར་མི་ནུས་པས། ཆོས་ཐམས་ཅད་ནི་མ་བཅིངས་མ་གྲོལ་བའོ་ཞེས་གསུངས་པ་ལྟར་ཡིན་ཀྱང་དེ་ལྟར་མ་རྟོགས་པའི་འཁོར་བ་པ་རྣམས་རང་གི་ཀུན་ཏུ་རྟོག་པའི་དབང་གིས་ལས་ཉོན་གྱིས་འཆིང་བ་ཡོད་དོ། །འདི་ལ་སྲིད་པ་འདིར་ཡང་སྐྱེ་བའི་ཆོས་རྣམས་ལ་བདག་ལས་དང་ཉོན་མོངས་པའི་འཆིང་བ་ཡོད་དོ། །འགོག་པའི་ཆོས་ཏེ་བདག་སྐྱེ་བ་སྔ་མར་འགག་ཟིན་པ་རྣམས་ལད་དུང་ལས་དང་ཉོན་མོངས་པས་འཆིང་བ་མེད་དོ་ཞེས་མཁས་གྲུབ་འགྲེལ་ཆེན་དུ་བཤད། འདིར་ཀུན་རྫོབ་གཉིས་ཆོས་སུ་འབྱེད་པའི་དོན་རྒྱུ་རྐྱེན་ལས་སྐྱེས་པའི་སྐྱེ་འགག་ཅན་གཟུགས་སོགས་དངོས་པོ་སྣ་ཚོགས་མི་རྟག་པ་དང་། ནམ་མཁའ་སོགས་དངོས་མེད་རྟག་པ་དག་ཀྱང་ཡོད་དེ། དེ་གཉིས་ནི་མཚན་ཉིད་རྣམ་པར་མི་མཐུན་པ་ཕན་ཚུན་གཅིག་གིས་གཅིག་སྤངས་པའོ། །དེ་བཞིན་དུ་སྣང་བའི་དངོས་པོ་རྣམས་དང་། དེའི་རང་བཞིན་མ་གྲུབ་པའི་སྟོང་པ་དངོས་མེད་དག་ཀྱང་ཐ་དད་དུ་ཡོད་པ་ནི་ཀུན་རྫོབ་ཏུ་ཡིན་ཏེ། དེ་ཁོ་ན་ཉིད་ལ་དེ་ལྟར་མ་ཡིན་ནོ། །དེ་ཁོ་ན་ཉིད་དུ་ཇི་ལྟར་ཡིན་ཅེ་ན། སྐད་ཅིག་རྣམ་བྲལ་རང་བཞིན་མེད་པ་དག་གི་སྲིད་པ་ཡོད། ཅེས་གསུངས་པ་འདིའི་དོན་འགྲེལ་བར། འདིར་དངོས་པོ་དང་དངོས་པོ་མེད་པ་གཅིག་ཏུ་འདྲེས་པར་གྱུར་པ་རང་བཞིན་


MR17_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་རྫས་ཀྱི་རྣམ་པར་རྟག་པ་དང་བྲལ་བ་པྲ་ཕབ་པ་དང་མཚུངས་པ། སྐད་ཅིག་རྣམ་བྲལ་ཏེ་སྐྱེ་བ་དང་འཇིག་པ་དང་བྲལ་བའི་དངོས་པོ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་ཡོད་དོ་ཞེས་གསུངས་པ་འདི་ནི་དངོས་དངོས་མེད་དུ་སྣང་བ་དེ་དག་ཀྱང་དོན་དམ་པར་རང་གི་མཚན་ཉིད་ཀྱིས་ཐ་དད་དུ་གྲུབ་པ་མེད་དེ། ཆོས་ཐམས་ཅད་དེ་ཁོ་ན་ཉིད་ཀྱི་དབྱིངས་སུ་ཚུལ་གཅིག་པར་རོ་མཉམ་དུ་འགྱུར་བ་ཡིན་པས་ཆོས་ཀྱི་དབྱིངས་ལ་གཉིས་ཆོས་ཀྱི་དབྱེ་བ་གང་ཡང་མེད་དོ། །དེའི་ཕྱིར་གཉིས་སུ་མེད་པའི་ཆོས་ཉིད་དེ་ལ་མཉམ་པར་གཞག་པས་གཉིས་སྣང་ལྡོག་ཅིང་མཐར་གཉིས་སྣང་གི་བག་ཆགས་ཕྲ་མོའང་ཟད་པར་འགྱུར་བ་ཡིན་པར་ཁས་ལེན་པ་ནི་དབུ་མ་པ་ཀུན་མཐུན་ནོ། །དེ་ལྟར་ན་གཉིས་སྣང་འཁྲུལ་པ་ལྡོག་བྱེད་ཀྱི་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་དེ་དངོས་དངོས་མེད་ལས་འདས་པ་ཞིག་གམ། མ་འདས་པར་དངོས་དངོས་མེད་གཉིས་ལྡན་ནམ་གང་རུང་ཞིག་ཡིན་ཞེས་བསམ་ན་གཉིས་ལྡན་དང་དངོས་པོ་ཡིན་པར་ཁས་ལེན་པ་མེད་ཀྱང་དངོས་དངོས་མེད་ལས་འདས་པའི་སྤྲོས་བྲལ་དུ་ཁས་ལེན་མ་ནུས་ན། བདེན་གྲུབ་བཅད་ཙམ་གྱི་མེད་དགག་སྟོང་རྐྱང་གི་ཆ་ལ་ཆོས་དབྱིངས་སུ་འཇོག་པ་ལས་འོས་མེད་དོ། །དེ་འདྲའི་ཆོས་དབྱིངས་དང་ཆོས་ཅན་ཟུང་འཇུག་ཏུ་སྦྱར་ནས་བསྒྲུབ་པའི་རྣམ་གཞག་བྱེད་པའི་ཚེ་ཡུལ་དང་ཡུལ་ཅན་ཟུང་འཇུག་དང་སྣང་བ་དང་སྟོང་པ་ཟུང་འཇུག་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་པར་འདྲེས་པ་ཞེས་བརྗོད་ཀྱང་། ནམ་ཡང་དོན་ལ་འདྲེས་པ་མི་སྲིད་པས་བློས་བསྲེས་ཀྱང་མི་འདྲེ་སྟེ་བུམ་པ་དང་ནམ་མཁའ་བསྲེ་བ་བཞིན་ནོ། །དེ་ལྟར་དངོས་པོ་དང་དངོས་མེད་སོ་སོའི་བྱེ་བྲག་མ་འདྲེས་པར་ཡོད་པ་ལ་བློ་དོན་མཐུན་གྱིས་ཀྱང་མ་འདྲེས་པར་འཛིན་དགོས་ཏེ། དེ་ལྟར་ན་ཀུན་རྫོབ་གཉིས་སྣང་དང་བཅས་པའི་སྤྱོད་ཡུལ་ཅན་གྱི་བློ་འདི་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པའི་བློར་འགྱུར་ཞིང་། དོན་དམ་གཉིས་མེད་རྟོགས་པའི་བློ་ནི་དངོས་པོའི་དེ་ཁོ་ན་རྟོགས་པའི་བློར་མི་འགྱུར་ཏེ། གཉིས་སུ་ཡོད་པ་ལ་


MR17_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པར་སྣང་བའི་ལོག་ཤེས་སུ་འདོད་དགོས་ན། འདི་ལྟ་བུ་སངས་རྒྱས་པའི་རིང་ལུགས་སྨྲ་བ་དག་གིས་རྨི་ལམ་དུ་ཡང་བསམ་དུ་རུང་པའི་གནས་མ་ཡིན་ནོ། །ཚུལ་དེས་ན་ཀུན་རྫོབ་ཏུ་དངོས་དངོས་མེད་མཚན་ཉིད་མི་མཐུན་པ་སོ་སོར་སྣང་བ་བསྙོན་དུ་མེད་ཀྱང་། སྣང་བ་ལྟར་སོ་སོ་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པའི་གནད་ཀྱིས་བདེན་གཉིས་དབྱེར་མེད་རྣམ་གྲངས་མིན་པའི་དོན་དམ་གྱི་དབང་དུ་བྱས་ན། དངོས་དངོས་མེད་ཐ་དད་དུ་མེད་པར་རོ་གཅིག་ཏུ་གྱུར་པ་རྣལ་འབྱོར་པའི་སོ་སོ་རང་གིས་རིག་པར་བྱ་བའི་གནས་ལུགས་མཐར་ཐུག་དེ་ལ་དེ་ཁོ་ན་ཉིད་དམ་ཆོས་ཀྱི་དབྱིངས་སུ་འདོད་དགོས་ཀྱི། སྟོང་པ་ཙམ་གྱི་ལྡོག་ཆ་དང་དེའི་ཆོས་ཅན་དུ་གྱུར་པའི་སྣང་བ་དེ་གཉིས་སྲད་བུ་དཀར་ནག་བསྒྲིལ་བ་ལྟར་མ་འདྲེས་པར་ལྷན་ཅིག་ཟུང་དུ་ཡོད་པ་ཙམ་ནི་ཆོས་ཀྱི་དབྱིངས་མ་ཡིན་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་དང་གཉིས་ཆོས་ལས་མ་འདས་སོ། །འདི་ལྟར་རྣམ་གྲངས་པའི་དོན་དམ་གྱི་སྐབས་སུའང་ཆོས་ཅན་སྣང་བ་དང་དེའི་རང་བཞིན་མ་གྲུབ་པ་གཉིས་ལྡོག་པའི་སྒོ་ནས་སོ་སོར་མ་འདྲེས་པར་གཉིས་སུ་འབྱེད་ཀྱང་། ངོ་བོའི་སྒོ་ནས་ཐ་དད་དུ་མེད་དེ་མེའི་ཚ་བ་དང་ཆུའི་གཤེར་བ་ལྟར་ཇི་ལྟར་སྣང་བ་དེའི་རང་བཞིན་སྟོང་པ་ཉིད་དུ་གནས་པར་མ་གོ་ན། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། བདེན་གཉིས་ཐ་དད་དུ་འཛིན་པའི་སྐྱོན་བཞི་གསུངས་པ་བཞིན་ནོ། །དེ་ལྟར་གནས་ལུགས་བདེན་པ་དབྱེར་མེད་མཉམ་པ་ཉིད་རྟོགས་པའི་དུས་ན་དེ་གཉིས་གསར་དུ་ཆུ་འོ་བཞིན་དུ་འདྲེས་པ་མ་ཡིན་ཏེ། ཆོས་ཐམས་ཅད་གདོད་ནས་གཉིས་སུ་མེད་པའི་ཆོས་ཉིད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གནས་ཀྱང་གཉིས་སྣང་འཁྲུལ་བས་བསླད་པ་གློ་བུར་བའི་དྲི་མའི་དབང་གིས་གཉིས་སུ་མེད་པར་རྟོག་མ་ནུས་པ་ལ། གྲོལ་ལམ་ཤེས་རབ་དང་། ཐབས་ལམ་ཁྱད་པར་ཅན་གྱི་སྟོབས་ལས་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་མངོན་དུ་གྱུར་བ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་དབང་


MR17_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་ཀྱི་སྤྱོད་ཡུལ་དུ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་རྟོགས་པ་ལས་མ་གཡོས་བཞིན་དུ་ཆོས་ཅན་ཐམས་ཅད་མ་འདྲེས་པར་གཟིགས་པ་དང་། རྣམ་པ་དང་བཅས་པའི་སྣང་བ་སྣ་ཚོགས་པར་གསལ་ཀྱང་གཉིས་ཀྱི་མཚན་མ་མེད་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་རོ་གཅིག་པར་རྟོགས་པ་ནི་སྣང་སྟོང་འགལ་མེད་དོན་གཅིག་དུ་འཆར་བ་ཟབ་མོ་དབུ་མའི་དོན་ཇི་ལྟ་བ་བཞིན་དུ་གཟིགས་པའི་སྟོབས་ཀྱིས་ཡིན་པས་ན། སྐབས་འདིར་ཡང་འགྲེལ་པ་ལས་འདིར་དངོས་པོ་དང་དངོས་པོ་མེད་པ་གཅིག་ཏུ་འདྲེས་པར་གྱུར་པ་ཞེས་བདེན་གཉིས་དབྱེར་མེད་དུ་བསྟན་པ་དང་དེ་ལྟ་བུའི་བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་དེ་ལ་བདེན་འཛིན་དང་གཉིས་ཆོས་ཀྱི་མཚན་མར་འཛིན་པའི་སྤྱོད་ཡུལ་དུ་གྱུར་བའི་རང་བཞིན་གང་ཡང་མེད་ཅིང་རྫས་སུ་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བ་པྲ་ཕབ་པ་དང་མཚུངས་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཆོས་ཀྱི་དབྱིངས་དེ་ནི་ཆོས་ཉིད་ཡིན་པས་སྐད་ཅིག་མའི་ཆ་དང་རྣམ་པར་བྲལ་བ་རང་གི་ངོ་བོས་སྐྱེ་བ་དང་འཇིག་པ་མེད་པ་ཡིན་ཏེ། རྩ་ཤེས་ལས། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགག་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་གསུངས་པ་བཞིན་ནོ། །སྤྱིར་ཆོས་ཉིད་ཅེས་བྱ་བ་སྐྱེ་འཇིག་མེད་པར་རང་བཞིན་དུ་གནས་པ་ཞིག་ཡིན་དགོས་ཀྱི་སྐྱེ་འཇིག་ཅན་ནི་དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དུ་མི་རུང་བ་སུས་ཀྱང་རྟོགས་སླ་མོད་ཆོས་ཉིད་དེ་ལ་བདེན་གཉིས་ཀྱི་ཡ་གྱལ་སྟོང་པ་ཙམ་དུ་འདོད་པ་དང་། བདེན་གཉིས་དབྱེར་མེད་ལ་འདོད་པ་གཉིས་ལས་སྔ་མ་ནི་ཕྱི་མ་འདིར་འཇུག་པའི་སྒོ་ཙམ་ཡིན་གྱི་ཆོས་ཉིད་མཐར་ཐུག་མ་ཡིན་ནོ། །གལ་ཏེ་སྔ་མའི་དབང་དུ་བྱས་ན་སྐད་ཅིག་མའི་སྐྱེ་འགག་མེད་པར་གོ་བདེ་ཡི། ཕྱི་མའི་དབང་དུ་བྱས་ན་སྣང་བ་སྟོང་པ། རིག་པ་དང་དབྱིངས། བདེ་བ་དང་སྟོང་པ་ཟུང་འཇུག་ཡིན་པས། རིག་པ་དང་བདེ་བ་དང་སྣང་བའི་ཆ་ལ་སྐད་ཅིག་མའི་སྐྱེ་འགག་མེད་


MR17_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་འཐད་དེ། རིག་པ་ཡེ་ཤེས་དང་། བདེ་བ་དང་། སྟོང་གཟུགས་ཀྱི་སྣང་བ་ལྟ་བུ་རྣམས་ལམ་གྱི་གནས་སྐབས་རྣམས་སུ་གོང་ནས་གོང་དུ་འཕེལ་བ་ཡོད་པར་བསྙོན་མི་ནུས་པས་བརྟག་པ་ཡིན་ན་གནས་སྐབས་ཐ་དད་དུ་ཡོད་པར་མི་སྲིད་དོ་སྙམ་པས་ན། གནས་སྣང་རྣམ་པ་ཀུན་དུ་མཐུན་པ་སངས་རྒྱས་ཀྱི་ས་ལ་ཐུག་གི་བར་དུ་ལམ་པའི་བློ་ལ་དེ་ལྟར་རིམ་ཅན་དང་སྐྱེ་འགག་གི་ཚུལ་དུ་སྣང་བ་ཡོད་པ་ནི་འགོག་ཏུ་མེད་ཀྱང་། དེས་བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་དེའི་ཆ་གཅིག་མི་རྟག་ལ། ཆ་གཅིག་རྟག་པར་གྱུར་པ་མ་ཡིན་ཏེ། རྟག་མི་རྟག་གི་ཆ་གཉིས་ཡོད་ན་དེ་གཉིས་དབྱེར་མེད་ག་ལ་ཡིན། ཐབས་ཀྱི་ཆ་སྟོང་གཟུགས་ཀྱི་སྣང་བ་རྣམས་དང་། བདེ་བ་དང་རིག་པ་དེ་དག་གདོད་ནས་མ་སྐྱེས་པའི་སྟོང་པ་ཤེས་རབ་ཀྱི་ཆ་དང་ཐ་དད་དུ་མེད་པ་དང་རོ་གཅིག་ཏུ་གྱུར་ཏེ་སྐྱེ་འགག་ཏུ་བྱ་རྒྱུའི་རང་བཞིན་རྡུལ་ཙམ་མེད་པ་དེ་ལ་རང་གི་ངོ་བོས་སྐྱེ་འགག་ཅན་དུ་མི་འགྱུར་ཏེ་འགྱུར་ན་དེ་དང་དབྱེར་མེད་པའི་སྟོང་པའང་སྐྱེ་འགག་ཅན་དུ་འགྱུར་རོ། །དབྱེར་མེད་པ་མིན་ནོ་ཞེ་ན་ཁྱོད་ཀྱི་ལུགས་རོ་གཅིག་ཏུ་འདྲེས་པ་ཞེས་སྨྲས་པ་དང་། ཟུང་འཇུག་ཞེས་པ་དེ་ཅི་འདྲ་ཞིག་སྨྲོས་ཤིག་དང་ནམ་ཡང་འདྲེས་པ་དང་ཟུང་འཇུག་མེད་པ་སྔར་བརྗོད་པ་བཞིན་མངོན་དུ་གསལ་བར་འགྱུར་རོ། །ཟུང་འཇུག་དང་དབྱེར་མེད་མེད་ན། དེ་འདྲའི་སྟོང་ཉིད་དེ་ཇི་ལྟར་གོམས་ཀྱང་དངོས་འཛིན་སྤང་པ་དང་གཉིས་སྣང་ནུབ་པ་དང་། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དེ་ཁོ་ན་ཉིད་དུ་རྟོགས་པ་ལ་ཅི་ཡང་ཕན་པར་མི་འགྱུར་རོ། །འོ་ན་རང་བཞིན་མེད་པའི་སྟོང་པ་དང་ངོ་བོ་ཉིད་ཀྱིས་དབྱེར་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱང་སྐྱེ་འགག་མེད་པར་འགྱུར་རོ་ཞེ་ན། ཀུན་རྫོབ་དུ་སྐྱེ་འགག་ལྟར་སྣང་བ་ཡོད་པ་ནི་སྨོས་མ་དགོས་ལ། གནས་ལུགས་དོན་དམ་བདེན་པ་དབྱེར་མེད་ཀྱི་དབང་དུ་ན་ཆོས་ཐམས་ཅད་རང་བཞིན་གྱིས་སྐྱེ་འགག་མེད་པར་མཉམ་པའི་ཆོས་ཉིད་ལ་གནས་པ་ལས་མི་གཡོ་བར་དེ་བཞིན་གཤེགས་པ་སྲས་དང་བཅས་པས་


MR17_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེའི་སྒྲས་བསྒྲགས་པ་ཡིན་ན་སྟོང་ཉིད་སྨྲ་བ་ཁྱོད་ཀྱིས་ད་གསར་དུ་འཕྲིག་ཚུད་པའི་སྒོ་ནས་བདག་ལ་དྲི་བ་མི་མཛེས་སོ། །འདི་ལྟར་ལེགས་པར་སོམས་དང་ཁྱོད་ཀྱིས་རང་བཞིན་མ་གྲུབ་པའི་སྟོང་ཉིད་ལ་སྐྱེ་འཇིག་མེད་པར་འདོད་པ་དེ་ཡང་། གོ་བ་དང་མྱོང་བ་དང་མངོན་སུམ་རྟོགས་པ་དང་ས་ནས་སར་འཕར་བའི་གནས་སྐབས་སུ་རིམ་ཅན་དུ་རྟོགས་པ་ལས་ཅིག་ཅར་རྟོགས་པ་མ་ཡིན་ན་ཡང་དེས་བདེན་སྟོང་སྐྱེ་འཇིག་ཅན་དུ་མི་འགྱུར་བར་འདོད་པ་ལ། སྟོང་གཟུགས་གསར་དུ་མཐོང་བ་གོང་ནས་གོང་དུ་འཕེལ་བ་དང་། འཕོ་བ་བཅུ་གཉིས་ཀྱི་རླུང་འགག་པ་ལས་བདེ་བ་ཆེན་པོ་ཁྱད་པར་དུ་འཕེལ་བ་དེ་དེའི་རང་དུས་ན་དེ་དང་ཟུང་དུ་ཞུགས་པའི་སྟོང་ཉིད་ཀྱང་། སྔ་མ་ལས་ཕྱི་མ་ཁྱད་པར་ཅན་དུ་གྱུར་པ་ཡིན་ན། ཡུལ་ཅན་ནམ་ཐབས་ཀྱི་ཆ་བདེ་བ་སོགས་མི་རྟག་པ་སྐྱེ་འཇིག་བྱེད་པ་ཡིན་པར་འདོད་པ་དེ་བཞིན་དུ་སྟོང་པའང་སྐྱེ་འཇིག་མི་བྱེད་པར་འགྱུར་བ་མི་སྲིད་དེ། སྔ་མ་ལས་མ་འགྱུར་ན་གོང་ནས་གོང་དུ་ཕྱི་མ་རྣམས་ཁྱད་པར་འཕགས་པར་མི་འགྱུར་ཞིང་། གཞན་ཡང་བུམ་པ་སྐད་ཅིག་དང་པོའི་དུས་སུ་བུམ་པ་སྐད་ཅིག་ཐ་མའི་བདེན་སྟོང་མེད་ལ། བུམ་པ་སྐད་ཅིག་ཐ་མའི་དུས་སུ་དང་པོའི་བདེན་སྟོང་དེར་འོང་བ་མིན་ཡང་བདེན་སྟོང་སྐྱེ་འཇིག་ཏུ་མི་འགྱུར་བ་དང་། དེ་བཞིན་དངོས་པོ་རྣམས་སྐད་ཅིག་རེ་རེ་བའི་བདེན་སྟོང་སྐད་ཅིག་གཞན་གྱི་བདེན་སྟོང་མ་ཡིན་ལ། དངོས་པོ་སོ་སོའི་བདེན་སྟོང་ཀྱང་གཞན་ལ་རྗེས་སུ་འགྲོ་བ་མེད་པས་སྟོང་ཉིད་ལ་ཆ་ཤས་མེད་པ་དང་། དངོས་པོ་ཀུན་གྱི་ཆོས་ཉིད་ཡིན་པ་དང་། སྐྱེ་འཇིག་མེད་པའི་རྟག་པར་ཁས་བླངས་ཀྱང་ཆ་ཤས་སྣ་ཚོགས་པ་ཆོས་ཅན་ཇི་སྙེད་པའི་གྲངས་བཞིན་དུ་ཡོད་པ་དང་། དངོས་པོ་ཀུན་གྱི་ཆོས་ཉིད་དེ་བཞིན་ཉིད་གཅིག་མ་ཡིན་པར་དུ་མ་ཡིན་པ་དང་། གསར་དུ་འབྱུང་ཞིང་དེ་ནས་མི་འབྱུང་བར་ཅིས་མི་འགྱུར། །དེས་ན་གཉིས་ཆོས་སུ་འབྱེད་པའི་རྣམ་པར་རྟོག་པའི་གྲུབ་མཐའ་ལ་བློ་རྩེ་ཆིག་དྲིལ་དུ་གཏོད་པ་དེས། ཟབ་དོན་འདི་ལྟ་བུའི་


MR17_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

གནད་རྟོགས་པར་དཀའ་བས་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྟོན་པའི་སྒོ་ནས་བདེན་གཉིས་དབྱེར་མེད་མཉམ་པའི་ཆོས་ཉིད་སྐད་ཅིག་མའི་འགྱུར་བ་གདོད་ནས་མི་མངའ་བ་ལ་ངེས་པ་སྐྱེས་ན། སྣང་ཚུལ་ཇི་ལྟར་ཤར་ཡང་གནས་ཚུལ་ལ་འཕོ་འགྱུར་མེད་པ་གོ་ནུས་ཏེ། ནམ་མཁའ་ལ་མཐོ་དམན་དང་། སྣོད་ཀྱི་དབང་གིས་གྲུ་བཞི་དང་ཟླུམ་པོ་སོགས་དང་། སྤྲིན་དང་བཅས་པ་དང་སྤྲིན་མེད་པའི་གནས་སྐབས་སྣ་ཚོགས་སུ་སྣང་ཡང་ནམ་མཁའ་ཆ་བཅས་དང་མི་རྟག་པར་མི་འགྱུར་བའི་དཔེས་མདོ་རྒྱུད་ཀུན་ནས་གསུངས་སོ། །དེ་ལྟ་བུའི་བདེན་གཉིས་དབྱེར་མེད་མཉམ་པ་ཉིད་ཀྱི་གནས་ལུགས་དེ་ལ་དངོས་དངོས་མེད་སོགས་གཉིས་ཆོས་ཀྱི་མཚན་མ་ཅུང་ཟད་མེད་པས་དེ་རྟོགས་ན་དམིགས་པ་ཅན་གྱི་ལྟ་བ་ཀུན་ལས་གྲོལ་བ་དང་སྲིད་ཞིའི་མཐའ་ལས་རྣམ་པར་གྲོལ་བ་ཡིན་ལ། ཆོས་ཉིད་དེ་ལྟ་བུ་ལས་མ་གཡོས་བཞིན་དུ་སངས་རྒྱས་ཀྱི་ཕྲིན་ལས་ཡིད་བཞིན་ནོར་བུ་ལྟར་རྣམ་པར་རྟོག་པ་མི་མངའ་བར་སེམས་ཅན་ཐམས་ཅད་ལ་འབད་མེད་དུ་འཇུག་པ་དང་། གནས་ལུགས་དེ་འདུས་བྱས་འདུས་མ་བྱས་ཀྱི་མཐའ་ལས་འདས་པའི་འདུས་མ་བྱས་ཆེན་པོ་དང་། རྟག་མི་རྟག་གཉིས་ཀའི་མཐའ་ལས་འདས་པའི་རྟག་པ་ཆེན་པོ་སོགས་སུ་བསྟན་པ་ནི་དེ་དེ་བཞིན་དུ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་ལེགས་པར་གྲུབ་པ་ཡིན་ནོ། །དེ་ལྟ་བུའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུར་གྱུར་བའི་ཟུག་རྔུ་ཐམས་ཅད་དང་བྲལ་བའི་བདེ་བ་ཆེན་པོ་ནམ་མཁའ་མཉམ་པ་འདི་ནི་སྒྲིབ་བྲལ་གྱི་སྲིད་པ་གདོད་ནས་ཞི་ཞིང་སྐྱེ་བ་དང་བྲལ་བ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་བྱ་བ་སྟེ། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཐམས་ཅད་དངོས་སམ་བརྒྱུད་ནས་མཐར་ཐུག་གི་དོན་ནམས་འབྲས་བུ་འདི་ལ་འཇུག་པའི་དོན་དུ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་སངས་རྒྱས་ཀྱི་དགོངས་པའི་


MR17_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐུག་བསྟན་པ་འདི་དག་བདག་གི་བདེན་པའི་ཚིག་སྟེ། གནས་ལུགས་དེ་ཁོ་ན་ཉིད་མ་ནོར་བར་བསྟན་པ་ཡིན་པས་སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐར་འཛིན་པའི་རྣམ་པར་རྟོག་པའི་གདོན་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཚིག་འདི་ནི། གཞན་འཇིག་རྟེན་འདི་ན་ལྷ་དང་གདེངས་ཅན་རྣམས་ཀྱི་མཐར་འཛིན་གྱི་རྣམ་པར་རྟོག་པའི་གདོན་གྱིས་བཟུང་བ་དང་བཅས་པའི་ཚིག་གིས་འཇོམས་པར་ནམ་ཡང་མི་འགྱུར་ཏེ། དཔེར་ན་གདོན་གྱིས་བཟུང་བའི་གྱད་ཀྱིས་གདོན་ལས་གྲོལ་བའི་གྱད་གཞོམ་པར་མི་ནུས་པ་བཞིན་དུ་རྣམ་པར་རྟོག་པའི་གདོན་གྱི་ས་བཟུང་བས་རྣམ་པར་རྟོག་པའི་གདོན་ལས་གྲོལ་བ་གཞོམ་པར་མི་ནུས་སོ། །འདིར་མདོར་བསྡུས་པ་སྟེ་རྒྱས་པར་བཀའ་དང་དབུ་མའི་གཞུང་དང་སྔགས་ཀྱི་རྒྱུད་སྡེའི་ལུང་རྒྱ་ཆེན་པོ་རྣམས་ལས་ཤེས་པར་བྱའོ། །ཞེས་གསུངས་སོ། །ད་ནི་སངས་རྒྱས་པའི་མུ་སྟེགས་པ་སྟེ་དངོས་པོར་སྨྲ་བ་གང་དག་རང་གི་ལྟ་བ་བདེན་འཛིན་གྱི་ཕྱོགས་འཛིན་ཅིང་འཕགས་པའི་ཡེ་ཤེས་ཟབ་མོའི་སྤྱོད་ཡུལ་མི་ཤེས་པའི་བྱིས་པ་དེ་དག་ཟབ་མོའི་དོན་ལ་གཞན་གྱི་ཕྱོགས་སུ་བཟུང་ནས་མི་འཇུག་པ་དེ་དག་གི་འདོད་པ་བཀག་པ་ལ། བྱེ་སྨྲ་མདོ་སྡེ་རྣམ་རིག་པ་དགག་པ་གསུམ་ལས། དང་པོ་བྱེ་བྲག་སྨྲ་བའི་ནང་ཚན་གནས་མའི་བུའི་སྡེ་པ་སོགས། གང་ཞིག་རྟག་མི་རྟག་གང་དུའང་བརྗོད་དུ་མེད་པའི་དེ་ཉིད་ཀྱི་གང་ཟག་གམ་བདག་ཅེས་བྱ་བ་ལུས་ལ་གནས་པའམ་ཡོད་པར་སྨྲ་བ་དེ་ནི་ཁོ་རང་གི་གྲུབ་མཐའི་རང་བཞིན་བརྟག་མི་བཟོད་པ་དག་གིས་ཉམས་པ་སྟེ་ཡང་དག་པ་མ་ཡིན་ནོ། །ཇི་ལྟར་བརྟག་མི་བཟོད་ན། གང་ཟག་གི་ཁོངས་སུ་གཏོགས་པ་འཁོར་བར་སྐྱེ་བའི་ལུས་ལ་གནས་པ་དེ་ཡུལ་ཤེས་པ་ཞིག་གམ། མི་ཤེས་པ་ཞིག་ཡིན། དང་པོ་ལྟར་ན། མི་རྟག་པར་འགྱུར་ཏེ། དེའི་བུམ་ཤེས་འགག་ནས་སྣམ་བུར་ཤེས་པ་སོགས་རིམ་པར་སྐྱེ་དགོས་པས་སོ། །ཡུལ་མི་ཤེས་པ་ཞིག་ན་ཚོར་བ་བདེ་སྡུག་ཤེས་པར་མི་འགྱུར་རོ། །བཅོམ་


MR17_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱིས་ཁུར་ཁུར་བའི་གང་ཟག་ཡོད་དེ། དེ་རྟག་པ་དང་མི་རྟག་པར་བདག་མི་སྨྲའོ་ཞེས་གསུངས་པའི་དོན་ཡེ་ཤེས་ལེའུར་འཆད་པར་འགྱུར་རོ། །འདིར་དོན་སྨྲ་སྡེ་གཉིས་པོས་འཇིག་རྟེན་ན་སྣང་བའི་ཀུན་རྫོབ་འབའ་ཞིག་དག་གིས་གྲུབ་མཐའ་དོན་ཉིད་སྨྲ་སྟེ། སྐད་ཅིག་གིས་མི་རྟག་པའི་ཤེས་པ་དང་། རྡུལ་དུ་གྲུབ་པའི་བེམ་པོའི་དངོས་པོ་དེ་ལས་འདས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྐུ་ནི་རྣམ་པ་ཀུན་དུ་མེད་པར་སྨྲ་བ་པོ་ཡང་། མཐར་ཐུག་གི་དོན་དམ་མ་རིག་པའམ་མ་ཤེས་ནས་གཉིས་སུ་མེད་པའི་ཡེ་ཤེས་རྟག་པ་ཆེན་པོ་མོ་གཤམ་གྱི་བུ་བཞིན་དུ་མེད་པ་དག་ཏུ་འདོད་པའོ། །དེ་ཡང་སྔོ་སོགས་ཀྱི་ཕྱི་དོན་ཤེས་པས་འཛིན་ཅིང་བེམ་ཤེས་དེ་གཉིས་རྫས་སུ་ཡོད་པར་འདོད་པའོ། །འདི་ལ་ནང་གི་དབྱེ་བ་བྱེ་མདོ་གཉིས་སུ་ཡོད་ལ། དེ་དག་གི་འདོད་པའི་གྲུབ་མཐའི་གནད་སྟོན་པའི་ཚིགས་བཅད་འདི། འཕགས་པ་ལྷའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་དང་། རིགས་ལྡན་རྒྱལ་པོ་འཇམ་དཔལ་གྲགས་པས་མཛད་པའི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་གཉིས་ཀར་ཚིག་ཁྱད་མེད་པར་བྱུང་བ་དང་། ཛེ་ཏ་རིའི་བདེ་གཤེགས་གཞུང་གི་རབ་བྱེད་ཀྱང་དེ་དང་འདྲ་བ་ཡིན་ཞིང་ཚིག་དེ་དག་འདིར་ཡང་བཀོད་པ་ནི། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །དབང་སྐྱེས་བློ་ནི་རྣམ་མེད་ཀྱིས། །ཕྲ་རབ་བསགས་པ་དངོས་སུ་རིག །ཁ་ཆེའི་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཞེས་པ་བྱེ་སྨྲའི་གྲུབ་མཐའ་སྨྲ་བའི་ནང་ན་གཙོ་བོར་གྱུར་པ་ཁ་ཆེའི་བྱེ་བྲག་ཏུ་སྨྲ་བའི་འདོད་པ་སྟེ། འདུས་མ་བྱས་དུས་གསུམ་རྟག་པའི་རྫས་དང་། འདུས་བྱས་ཐམས་ཅད་སྐད་ཅིག་མའི་མི་རྟག་པ་དང་། དངོས་པོ་རྣམས་གང་ཟག་གི་བདག་གིས་སྟོང་ཞིང་དབང་ཕྱུག་སོགས་


MR17_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་པོ་མེད་ལ། དབང་པོ་ལས་སྐྱེས་པའི་བློས་ཡུལ་གཟུགས་སོགས་ཀྱི་རྡུལ་ཕྲ་རབ་བསགས་པའི་དོན་རྣམ་པ་མེད་པར་རྗེན་ཅེར་ཐུག་ཕྲད་དུ་དངོས་སུ་རིག་པ་ཡིན་ཅེས་འདོད་དོ། །དེ་ལྟར་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བ་ལ་བྱེ་བྲག་སྨྲ་བ་ཞེས་བརྗོད་དོ། །ཆུ་གཏེར་ཞེས་པ་བྱེ་སྨྲའི་གཞུང་ཆེ་བ་ཆུ་གཏེར་ལྟ་བུའི་ཁ་ཆེ་བྱེ་སྨྲའི་གཞུང་དུ་འདོད་ཅེས་སམ། ཡེ་སྙིང་གི་ཚིག་དྲངས་པ་གཞན་ན། བློ་ལྡན་ཅེས་བྱ་ཁ་ཆེ་ཡི། །བྱེ་བྲག་སྨྲ་བའི་གཞུང་དུ་བཤད། །ཅེས་པ་ལས་ཆུ་གཏེར་ཅེས་པ་མེད་དོ། །གཉིས་པ་མདོ་སྡེ་བའི་འདོད་པ་ནི། །ཤེས་པ་རྣམ་བཅས་སྐྱེད་བྱེད་ནི། །དབང་པོའི་སྤྱོད་ཡུལ་སྣང་བ་མིན། །ནམ་མཁའ་མོ་གཤམ་བུ་དང་མཚུངས། །འགོག་པ་དག་ནི་ནམ་མཁའ་བཞིན། །འདུ་བྱེད་བེམས་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་དག་ཀྱང་མེད། །ཐོགས་པ་མེད་པའི་གཟུགས་ཡོད་མིན། །ཞེས་པ་མདོ་སྡེ་པ་ཡིས་རིག །ཅེས་གསུངས་ཏེ། དབང་པོའི་ཤེས་པ་ཡུལ་གྱི་རྣམ་པ་ཅན་དུ་སྐྱེ་བའི་རྣམ་བཅས་ཡིན་གྱི་རྣམ་མེད་དུ་དབང་ཤེས་སྐྱེད་བྱེད་གཟུང་དོན་ནི། དབང་པོའི་སྤྱོད་ཡུལ་དུ་སྣང་བ་ཉིད་ཐུག་ཕྲད་དུ་སྣང་ནས་ཤེས་པ་སྐྱེ་བ་མིན་ཏེ། སྔ་མའི་ཡུལ་དབང་ཚོགས་པའི་མཐུས་ཤེས་པ་ཕྱི་མ་ཡུལ་གྱི་རྣམ་པར་སྐྱེ་བ་ཡིན་པ་དང་། ནམ་མཁའ་ནི་ཐོག་རེག་བཅད་ཙམ་ལ་བཏགས་པ་ལས་རྫས་སུ་མེད་པས་དཔེར་ན་མོ་གཤམ་གྱི་བུ་དང་མཚུངས་ཤིང་། བརྟགས་བརྟགས་མིན་གྱི་འགོག་པ་གཉིས་པོ་དག་ཀྱང་ནམ་མཁའ་བཞིན་དུ་དགག་བྱ་མེད་པ་ཙམ་ལས་ངོ་བོ་གཞན་གྱི་རྫས་ཅུང་ཟད་ཀྱང་མེད་པའོ། །ལྡན་པ་མ་ཡིན་པའི་འདུ་བྱེད་ཐོབ་པ་སོགས་ནི། བེམས་ཤེས་ཀྱི་གནས་སྐབས་ལ་བཏགས་ཙམ་མ་ཡིན་པར་བེམས་པོའི་རྫས་སུ་གྲུབ་པ་ཅུང་ཟད་ཡོད་པ་མ་ཡིན་པ་དང་། དངོས་པོ་གཅིག་འདས་མ་འོངས་ད་ལྟའི་དུས་གསུམ་ཀའི་གནས་སྐབས་སུ་རྗེས་སུ་འགྲོ་བ་དག་ཀྱང་མེད་ལ་


MR17_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

སོར་སྡོམ་ལྟ་བུ་སོགས་རྣམ་རིག་མིན་པའི་གཟུགས་སམ་ཐོགས་པ་མེད་པའི་གཟུགས་ནི་གཟུགས་མཚན་ཉིད་པར་ཡོད་པ་མ་ཡིན་ཞེས་པ་མདོ་སྡེའི་རྗེས་སུ་འབྲངས་ནས་གྲུབ་མཐའ་འཇོག་པ་མདོ་སྡེ་པ་ཡིས་རིག་པའམ་ཤེས་པ་ཡིན་ནོ། །མདོ་སྡེ་པའི་འདོད་པ་འདི་ལས་བཟློག་པ་ཕལ་ཆེ་བ་བྱེ་བྲག་སྨྲ་བའི་འདོད་པ་ཡིན་པར་ཤུགས་ལ་གོ་བར་བྱེད་དོ། །དེ་ལྟར་དོན་སྨྲ་སྡེ་གཉིས་ཀས་འདོད་ཚུལ་གྱི་གནད་གཙོ་བོ་བཤད་ནས་སྐབས་འདིར་ཐེག་དམན་པ་དེ་དག་མཐར་ཐུག་གི་དོན་དམ་པ་མ་རིག་ནས་སྐུར་འདེབས་ཀྱི་དབང་གིས་ཉམས་པའི་ཚུལ་ནི། ཉན་ཐོས་སྡེ་པ་དག་གི་ལུགས་ལ་ལོངས་སྤྱོད་རྫོགས་པའི་སྐུ་གཏན་མི་འདོད་ཅིང་། མཛད་པ་བཅུ་གཉིས་ཀྱི་བདུད་འདུལ་བའི་མཛད་པའི་གནས་སྐབས་མན་ཆད་སོ་སྐྱེ་མཚན་ཉིད་པ་ཡིན་པས་མཆོག་གི་སྤྲུལ་སྐུའི་ལུས་ནི་སོ་སྐྱེའི་ལུས་ཀྱི་རིགས་འདྲའི་རྒྱུན་དུ་འདོད་ཅིང་། དེའི་ཕྱིར་སངས་རྒྱས་ཀྱི་གཟུགས་སྐུ་བེམས་པོ་ཁོ་ན་ཡིན་པར་སྨྲ་ལ། སངས་རྒྱས་དེས་མྱ་ངན་འདས་པའི་མཛད་པ་མ་བསྟན་བར་ལ་ལྷག་བཅས་མྱང་འདས་དང་། མྱ་ངན་ལས་འདས་པ་ན་མར་མེ་ཤི་བ་ལྟར་བེམས་རིགས་རྒྱུན་ཆད་པའི་ལྷག་མེད་མྱང་འདས་མངོན་དུ་མཛད་པར་ཁས་ལེན་པ་དེ་དག་གིས། དོན་དམ་པ་དེ་ཁོ་ན་ཉིད་དང་གཉིས་སུ་མེད་ཅིང་དབྱེར་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་གྱུར་པའི་གཟུགས་ཀྱི་སྐུ་ཡོད་པར་མི་ཤེས་པས། དེ་འདྲའི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་རང་བཞིན་གྱི་གཟུགས་སྐུ་མོ་གཤམ་གྱི་བུ་བཞིན་མེད་པར་འདོད་པ་འདིའི་དབང་གིས་མཐར་ཐུག་གི་འབྲས་བུ་དང་ལམ་ལས་ཉམས་པ་ཡིན་པས་འདི་ཆེད་དུ་འགོག་པ་དང་། བསྟན་པ་འདི་ལ་ཞུགས་པ་དག་གི་སྲིད་པའི་རྩ་བ་གཅོད་བྱེད་ཀྱི་གཉེན་པོ་བདག་མེད་མི་འདོད་པ་ཕྱི་རོལ་པ་རྣམས་ནི་ཐར་ལམ་ལས་ཉམས་པ་ཡིན་པས་དེ་གཉིས་གཙོ་བོར་བཀག་ཅིང་། གཞན་གྲུབ་མཐའ་སོ་སོའི་འདོད་པ་ཅི་རིགས་སྐབས་ཀྱིས་ཁེགས་པར་འགྱུར་རོ། །དེ་ལ་ཡེ་ཤེས་ཀྱི་སྐུ་མི་འདོད་


MR17_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགག་པ་འགྲེལ་པ་ལས་གསུངས་པ། ཐོགས་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་གཟུགས་སྐུ་མེད་ཅིང་། དུས་གསུམ་རིག་པར་བྱེད་པ་པོའི་ཡེ་ཤེས་ནམ་མཁའ་དང་མཉམ་པ་མི་འདོད་པར། སངས་རྒྱས་མཆོག་གི་སྤྲུལ་སྐུ་གང་ཟག་གཅིག་གི་བེམ་རིག་གཉིས་ཀ་མྱ་ངན་ལས་འདས་ནས་མར་མེ་མནལ་བ་ལྟར་རྒྱུན་ཆད་པ་ཡིན་ན། ཡེ་ཤེས་ཐོགས་པ་མེད་པའི་གཟུགས་སམ་སྐུ་མེད་པར། རང་རྒྱུད་ཀྱི་ལུས་བེམ་པོ་དང་དེ་ལ་བརྟེན་པའི་གང་ཟག་གི་ཤེས་པ་ཉི་ཙེ་བ་ཙམ་དང་ལྡན་པ་དེ། ཐམས་ཅད་མཁྱེན་པར་མི་འགྱུར་ཏེ། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་ཉིད་སྒྲིབ་པའི་དྲི་མ་ཕྲ་མོས་ཀྱང་སྒྲིབ་པ་མེད་པར་མངོན་དུ་གྱུར་པའི་ཡེ་ཤེས་གང་ཞིག །ཆོས་ཀྱི་དབྱིངས་དང་ཐ་དད་དུ་མེད་པར་གྱུར་པའི་ཚུལ་གྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་ཅིང་རྣམ་པར་རྟོག་པ་དང་བྲལ་བ་ནམ་ཡང་རྒྱུན་ཆད་པ་མི་སྲིད་པའི་ཡེ་ཤེས་ཀྱི་སྐུ་ནམ་མཁའ་དང་མཉམ་པ་མ་རིག་བག་ཆགས་ཀྱི་ས་དང་། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་དང་། ཟག་མེད་ཀྱི་ལས་དང་། ཡིད་ཀྱི་རང་བཞིན་གྱི་ལུས་དང་བྲལ་བ་དེ་ལྟ་བུ་མེད་ན། སྔོན་གྱི་དགེ་བས་འཕངས་པའི་ལུས་ཉི་ཙེ་བ་ལ་བརྟེན་པའི་ཤེས་པ་ཇི་ལྟར་བཟང་ཡང་ཤེས་བྱ་མཐའ་མེད་པ་ཅིག་ཆར་རྟོགས་པར་མི་ནུས་ཏེ། ཚངས་པ་དང་དབང་ཕྱུག་ལ་སོགས་པའི་ཤེས་པ་བཞིན་ནོ། །དེར་མ་ཟད་ཡིད་ཀྱི་རང་བཞིན་གྱི་ལུས་སོགས་དང་ལྡན་པ་ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཀྱང་སངས་རྒྱས་བཞིན་དུ་ཤེས་བྱ་ཐམས་ཅད་མཁྱེན་པར་མི་སྤྱོད་ན་དབང་ཕྱུག་སོགས་ཀྱིས་ལྟ་ཅི་སྨྲོས་སོ། །ཡིད་ཀྱི་རང་བཞིན་གྱི་ལུས་ལས་འདས་ནས་ཡེ་ཤེས་ཀྱི་སྐུ་ཐོབ་ན་ཐམས་ཅད་མཁྱེན་པར་འགྱུར་རོ། །དེས་ན་བེམས་ཤེས་རྡུལ་དང་སྐད་ཅིག་མའི་རང་བཞིན་ལས་མ་འདས་པའི་གང་ཟག་གི་རྒྱུད་ཡུལ་དུས་རེས་འགའ་ན་གནས་པ་ཚད་དང་བཅས་པ་མཐའ་ཐུག་པ་དང་བཅས་པ། རྒྱུན་དུས་ཀྱི་དབང་གིས་འགག་


MR17_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ། ཆ་རྡུལ་ཕྲ་རབ་ཏུ་ཟད་པར་འགྱུར་བ། རྐྱེན་གྱི་ཁ་ན་ལས་པ། གཞིག་ཏུ་རུང་བ། དུ་མ་ཚོགས་པས་གསོ་བ་དང་གསོག་ཏུ་གྱུར་པ་སོགས་ཀུན་རྫོབ་ཀྱི་ཆོས་ལས་མ་འདས་པའི་ལུས་དང་སེམས་ལ་རྡོ་རྗེ་ལྟ་བུའི་སྐུ་དང་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བ་ནི་གནས་མེད་དོ། །དེའི་ཕྱིར་ཡེ་ཤེས་ཀྱི་སྐུའི་ཚུལ་ཁོང་དུ་མ་ཆུད་པར་ཡེ་ཤེས་ཀྱི་སྐུ་ལ་སྐུར་པ་འདེབས་པ་དེ་དག་གི་ལུགས་ལ་ཐམས་ཅད་མཁྱེན་པར་བརྗོད་ཀྱང་ཐམས་ཅད་མཁྱེན་པར་མི་སྲིད་དོ། །དེ་ལྟ་ན་སངས་རྒྱས་སུ་ཡང་མི་འཐད་དེ། སྐུ་བཞི་དང་མི་ལྡན་པ་ཉི་ཚེ་བ་བེམ་པོའི་སྐུ་ཙམ་དང་ཤེས་པ་ཉི་ཙེ་བ་དང་ལྡན་པ་ཙམ་ཞིག་སངས་རྒྱས་མ་ཡིན་ནོ། །དེ་ལྟར་ཡུལ་དུས་ཐམས་ཅད་དུ་གདུལ་བྱའི་དོན་བྱེད་པ་ལ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་སྐུ་དང་བྲལ་བའི་སངས་རྒྱས་ཞེས་པ་གང་ཟག་ཉི་ཚེ་བ་དེ་ནི་འཇིག་རྟེན་ཐམས་ཅད་དུ་སྐུའི་སྣང་བ་སྟོན་པ་སོགས་རྣམ་པ་ཐམས་ཅད་པའི་རྫུ་འཕྲུལ་སྟོན་པ་དང་། ཐམས་ཅད་ཀྱི་སྐད་དུ་ཆོས་གསུངས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཁམས་དབང་བསམ་པའི་ཁྱད་པར་ཀྱི་སེམས་མཁྱེན་པ་དང་། ལྷའི་མིག་ལ་སོགས་པའི་ཡོན་ཏན་ཚད་དཔག་ཏུ་མེད་པ་ཐམས་ཅད་ཀྱི་འབྲས་བུ་དེ་ལ་མེད་པར་འགྱུར་ཞིང་། ཞིང་གཅིག་གི་སངས་རྒྱས་གང་ཟག་གཅིག་གི་བེམས་རིག་རྒྱུན་ཆད་ནས་ཅི་ཡང་མེད་པར་འདོད་པའི་ཕྱིར་རོ། །དེས་ན་དགྲ་བཅོམ་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་མངོན་དུ་བྱ་བའི་ཁྱད་པར་གོང་ནས་གོང་དུ་འཕགས་ཀྱང་སངས་རྒྱས་བཞིན་དུ་ཕྱོགས་དུས་ཐམས་ཅད་དུ་རྟག་ཅིང་ཁྱབ་པར་སྟོན་པ་ལ་དབང་འབྱོར་བ་མ་ཡིན་པས། ཐེག་ཆེན་པའི་ལམ་གྱི་འབྲས་བུ་ཡེ་ཤེས་ཀྱི་སྐུ་འདི་ལ་སྐུ་ཐུགས་ཟུང་འཇུག་སོགས་ཟུང་འཇུག་ཉེར་གསུམ་གསུངས་པ་ལྟ་བུའི་དོན་ཀུན་ཚང་ལ། དེའི་ཕྱིར་ཡེ་ཤེས་ཀྱི་སྐུ་རྡུལ་དང་སྐད་ཅིག་མའི་ཆོས་ལས་འདས་པའི་དོན་


MR17_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་དུ་མ་ཆུད་པར་བེམས་པོ་དང་ཤེས་པ་རང་མཚན་པར་འཛིན་པ་ནི་མདོ་སྡེ་པ་སོགས་དོན་དམ་ཡེ་ཤེས་ཀྱི་སྐུ་མ་རྟོགས་ནས་ཉམས་པའི་སྐྱོན་དེ་ལས་མ་འདས་པ་ཡིན་ནོ། །ད་ནི་རྣལ་འབྱོར་སྤྱོད་པ་རྣམས་ཀྱི་འཛིན་པའི་སྐྱོན་གསུངས་པ། སྲིད་གསུམ་མཐའ་དག་རྣམ་པར་ཤེས་པ་ཉིད་དུ་སྨྲ་བ་པོ་རྣམ་རིག་པ་ཡང་རྣམ་པར་ཤེས་པ་ཙམ་དོན་དམ་དུ་འདོད་པར་བྱེད་དེ། དེས་ན་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་རྣམ་པར་ཤེས་པ་ལས་མ་འདས་པར་སྨྲ་བས་རྣམ་པར་ཤེས་པ་ལས་འདས་པའི་ཡེ་ཤེས་ཀྱི་སྐུ་ཇི་བཞིན་ཁོང་དུ་ཆུད་མ་ནུས་པའོ། །རྣམ་རིག་པ་དེའི་འདོད་པའི་གྲུབ་མཐའ་ནི། །ཡན་ལག་ཅན་ཞེས་བྱ་བ་མེད། །ཕྲ་རབ་རྡུལ་རྣམས་ཡོད་པ་མིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དམིགས་པ་མེད་པར་རབ་ཏུ་སྣང་། །གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་ཡོད། །ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང་། །རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། །ཞེས་གསུངས་ཏེ། ཕྱི་རོལ་གྱི་དོན་རྣམས་ལ་རགས་པ་ཡན་ལག་ཅན་ཞེས་བྱ་བ་གྲུབ་པ་མེད་དེ། ཁ་ཁྱེར་དང་ལྟོ་བ་ལ་སོགས་ལ་བརྟེན་ནས་བུམ་པ་སོགས་སུ་བཏགས་པ་ལས་ཡན་ལག་ཅན་གྱི་རྫས་གང་ཡང་མེད་དོ། །དེའི་རྩོམ་བྱེད་རྡུལ་ཕྲ་རབ་རྣམས་ཀྱང་ཡོད་པ་མིན་ཏེ། དྲུག་གིས་ཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་པའི་རིགས་པས་སོ། །དེས་ན་ཕྱི་དོན་བེམས་པོ་རྣམས་དཔྱད་ན་མ་གྲུབ་ཀྱང་། རི་གླིང་གཟུགས་སྒྲ་སོགས་བེམས་པོར་འགོག་མེད་དུ་སྣང་བ་སྐུར་བ་གདབ་ཏུ་མེད་པ་འདི་ནི་ཕྱི་དོན་ཡོད་པའི་དབང་གིས་སྣང་བ་མ་ཡིན་ཏེ། རྨི་ལམ་ན་རྟ་གླང་སོགས་ཀྱི་གཟུགས་གསལ་བར་ཉམས་སུ་མྱོང་བ་བཞིན་དུ་སད་པའི་གནས་སྐབས་ཀྱི་ཕྱི་རོལ་དོན་དུ་སྣང་བ་འདི་རྣམས་ཀྱང་དམིགས་པ་ཕྱི་དོན་མེད་པར་ནང་


MR17_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སེམས་ལ་བག་ཆགས་གོམས་པའི་དབང་གིས་སྲ་བརྟན་ཐོགས་རེག་གི་རྣམ་པར་སྣང་བ་སྟེ། མི་སྡུག་པ་གོམས་པས་ཀེང་རུས་ཀྱི་སྣང་བ་དངོས་སུ་འབྱུང་བ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་གཟུང་བ་དང་འཛིན་པ་རྫས་གཞན་དུ་གྱུར་པ་ལས་རྣམ་པར་གྲོལ་བའི་རྣམ་པར་ཤེས་པ་ནི་དོན་དམ་པར་ཡོད་དེ། དེ་མེད་ན་འཁོར་འདས་གཉིས་ཀའི་སྣང་བ་འབྱུང་བར་མི་སྲིད་དོ་ཞེས་རྣལ་འབྱོར་སྤྱོད་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་རྣམས་སྒྲོགས་པར་བྱེད་དོ། །དེ་ཡང་རྣམ་ཤེས་བདེན་པར་གྲུབ་པ་དེ་ལ་གཅིག་བདེན་དང་དུ་མར་བདེན་པ་གང་དུའང་གྲུབ་པ་མེད་པར་གཅིག་དུ་བྲལ་གྱི་རིགས་པས་ཤེས་ཏེ། དུ་མ་སྣ་ཚོགས་སུ་སྣང་བའི་རྣམ་པར་ཤེས་པ་རྣམས་རྣམ་ཤེས་གཅིག་གི་རང་བཞིན་དུ་བདེན་པར་མ་གྲུབ་སྟེ། དུ་མ་དང་མི་རྟག་པའི་ཆོས་སོ་སོ་བ་ཡིན་པའི་ཕྱིར་རོ། །དུ་མར་སྣང་བ་དང་བྲལ་བའི་གཟུང་འཛིན་མེད་པའི་ཤེས་པ་གཅིག་བདེན་དུ་མི་གྲུབ་སྟེ། རྣམ་པར་ཤེས་པ་རང་གི་རང་བཞིན་གཅིག་ཉིད་དུ་བདེན་པར་གྲུབ་པ་ཡིན་ན་དུ་མར་སྣང་བ་ནམ་ཡང་མེད་དགོས་ནའང་། དེ་ལྟ་བུ་མ་ཡིན་པར་དུ་མར་སྣང་བ་འདི་ཉིད་ཀྱིས་ཤེས་སོ། །དེས་ན་རྣམ་ཤེས་བདེན་གྲུབ་ཏུ་སྨྲ་བ་པོའི་ལུགས་ཉམས་སོ། །དེ་ལྟར་དེ་ཡི་གཞུང་ལུགས་ལས་ཁམས་གསུམ་པོ་ནི་རྣམ་པར་ཤེས་པ་ཙམ་མོ་ཞེས་འདོད་ལ། ཁམས་གསུམ་གྱི་སྣང་བ་སྣ་ཚོགས་པ་ནི་ཤེས་པ་ལ་སྣང་བ་ཡིན་ན་ཤེས་པ་གཅིག་པུར་ཇི་ལྟར་བདེན། འོན་ཏེ་དུ་མར་སྣང་བ་ནི་བག་ཆགས་ཀྱི་བསླད་པ་ཡིན་གྱི་རང་གི་ངོ་བོ་ལ་དུ་མར་སྣང་བ་མེད་དེ་གཟུང་འཛིན་དང་བྲལ་བའི་རང་རིག་རང་གསལ་ཡིན་ནོ་ཞེ་ན། གཟུགས་སོགས་མེད་ན་དེའི་ཡུལ་ཅན་ཤེས་པ་ལ་དེ་ཇི་ལྟར་གཟུང་བའི་རྣམ་པར་སྣང་ཞེས་བརྗོད་པ་ལ། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པའི་བག་ཆགས་ཀྱི་དབང་གིས་སོ་ཞེ་ན། ཅི་མ་རིག་པ་འདི་ཁམས་གསུམ་པའི་མཚན་ཉིད་དུ་གཏོགས་པ་ཅན་མིན་ན་ནི། འཁོར་བ་ལས་འདས་པར་འགྱུར་


MR17_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མ་རིག་པ་དེ་འཁོར་བའི་བག་ཆགས་དང་བྲལ་བའི་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་འགྱུར་ན་དེ་ནི་མི་རིགས་ལ། མ་རིག་པ་འདི་སྲིད་པ་གསུམ་གྱི་འཁོར་བའི་མཚན་ཉིད་ཅན་ཡིན་ཞིང་དེ་ཉིད་རྣམ་པར་ཤེས་པ་ཙམ་ཡིན་གྱི་གཞན་དུ་མེད་ན་རྣམ་ཤེས་ནི་མ་རིག་པ་འཁོར་བའི་རང་བཞིན་ཅན་དུ་བདེན་གྲུབ་ཡིན་པས་མ་རིག་པ་དེ་དང་བྲལ་བ་མི་སྲིད་དོ། །ཅི་སྟེ་ཁམས་གསུམ་པོ་རྣམ་ཤེས་ཙམ་མ་ཡིན་པར་མ་རིག་པའི་དབང་ལས་བྱུང་བའི་ཁམས་གསུམ་གཞན་ཡོད་ན་ཁམས་གསུམ་རྣམ་ཤེས་ཙམ་དུ་འདོད་པ་ཉམས་སོ། །གཞན་ཡང་རྣམ་ཤེས་སྐད་ཅིག་མ་བདེན་གྲུབ་དགག་པ་གསུངས་པ། འདིར་ཆོས་རྣམས་སྐད་ཅིག་མ་གཅིག་ལ་སྐྱེ་བ་དང་འཇིག་པར་འགྱུར་བ་དེ། གནས་པ་མེད་པར་སྐྱེ་བ་དང་འཇིག་པ་དུས་མཉམ་པར་སྐད་ཅིག་གཅིག་ལ་འབྱུང་བ་ཡིན་ན། རང་གྲུབ་ནས་གནས་པའི་དུས་ཀྱི་སྐད་ཅིག་གཏན་མེད་པར་སྐྱེ་ཞིང་འཇིག་པ་ཡིན་པས་རི་བོང་གི་རྭ་ལ་ཡང་སྐྱེ་འཇིག་ཡོད་པར་འགྱུར་རོ། །ཅི་སྟེ་སྐྱེས་པ་ལས་གནས་ཤིང་གནས་པ་ལས་འཇིག་སྟེ། ཞིག་པ་ལས་སྐྱེ་བ་དེ་ལྟ་བུར་རིམ་པར་འབྱུང་ན། གནས་འཇིག་སྐྱེ་བ་རྣམས་མཚན་ཉིད་ཐ་དད་པར་འགྱུར་ཞིང་གཅིག་གི་དུས་ན་གཞན་གཉིས་མེད་པར་དངོས་པོ་རྣམས་སྐད་ཅིག་གཅིག་ལ་སྐྱེ་འགག་བྱེད་པར་མི་འགྱུར་རོ། །གལ་ཏེ་སྐྱེ་འཇིག་གནས་པ་དུས་གཅིག་ལ་ཡིན་ན། མི་གཅིག་ལ་སྐྱེ་འཆི་རྒས་པ་དུས་མཉམ་པར་ཁས་བླངས་པ་ལྟ་བུ་ལས་ཅི་ཞིག་ཡོད། སྐད་ཅིག་གཅིག་ལ་སྐྱེ་འཇིག་བྱེད་པ་དེ་ཆོས་སྔ་མ་འགགས་པ་ལས་ཕྱི་མ་སྐྱེ་ན། མར་མེ་འགགས་ཟིན་ལས་མར་མེ་གཞན་སྤར་བ་ལྟར་འགྱུར་ན་དེ་མི་རིགས་སོ། །མ་འགགས་པ་ལས་སྐྱེ་ན་མར་མེ་ལས་མར་མེ་གཞན་སྦར་བའི་ཕྲེང་བ་ལྟར་རྣམ་ཤེས་དུ་མ་ལྷན་ཅིག་ཕྲེང་བར་ཡོད་པར་འགྱུར་རོ། །འགགས་མ་འགགས་གཉིས་ཀ་ལས་མ་ཡིན་ཏེ། དེ་དག་ཕན་ཚུན་འགལ་བས་དེ་གཉིས་འདྲེས་


MR17_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱུ་སྔ་མ་མི་སྲིད་དོ། །དེས་ན་སྐད་ཅིག་སྔ་མ་ལས་ཕྱི་མ་སྐྱེ་ཞེས་པ་འདི་ཡང་རིགས་པས་བརྟགས་ན་དཔྱད་པའི་ཁུར་མི་བཟོད་པ་ཡིན་པས་མ་བརྟག་ཉམས་དགའ་བ་ཙམ་ལས་སྐད་ཅིག་མར་དཔྱད་བཟོད་དུ་གྲུབ་པ་མེད་དོ། །དེ་ཕྱིར་དབུ་མ་པས་སྨྲས་པ། །རྣམ་པར་ཤེས་པ་དོན་དམ་ཡོད། །དེ་ཡང་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བས་ནམ་མཁའི་པདྨ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་གསུངས་ཏེ། རྣམ་ཤེས་དོན་དམ་པར་ཡོད་པར་འདོད་པ་དེ་ཡང་དོན་དམ་པའི་རང་བཞིན་ལ་མཁས་པའི་དབུ་མ་པ་རྣམས་མི་འདོད་དེ། གཅིག་དང་དུ་མའི་རང་བཞིན་བདེན་པ་དང་བྲལ་བས་ནམ་མཁའི་པདྨོ་བཞིན་དུ་བདེན་གྲུབ་ཀྱི་རྣམ་ཤེས་མེད་པའོ། །དེ་ལྟར་འདུས་བྱས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་གནས་ཀྱི་མི་སྟོང་པ་ཅུང་ཟད་ཀྱང་མེད་ལ། སྟོང་བཞིན་དུ་སྣང་བ་དང་སྣང་བཞིན་དུ་སྟོང་པ་ཡིན་པས་སྣང་སྟོང་ཐ་དད་དུ་གྲུབ་པ་མེད་པས་ན། རྣམ་པར་རྟོག་པས་སྒྲོ་བཏགས་པ་ཡོད་པ་དང་། མེད་པ་དང་གཉིས་ཡིན་དང་གཉིས་མིན་གྱི་མཐའ་བཞི་གང་ཡང་རུང་བའི་མུ་ལ་གནས་པ་མེད་པས་ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྟག་ཆད་དང་ཡོད་མེད་ལ་སོགས་པའི་སྤྲོས་པ་དང་བྲལ་བར་གནས་པ་ནི་ལུང་དང་རིགས་པས་གཏན་ལ་དབབ་ནས་ཤེས་པར་བྱ་བ་གཞི་དབུ་མ་བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་ཡིན་ལ། དེ་ཡི་དོན་ལ་བློ་གནས་ཤིང་གོམས་པར་བྱེད་པ་ལམ་དབུ་མ་དང་། ཆོས་ཉིད་ཇི་ལྟ་བ་བཞིན་མངོན་དུ་གྱུར་ཏེ་སྒྲིབ་པ་མཐའ་དག་དང་བྲལ་བ་འབྲས་བུའི་དབུ་མའོ། །དེ་ལྟར་ཕྱོགས་སུ་ལྷུང་བ་མཐར་འཛིན་གྱི་སྤྲོས་པ་ལས་རྣམ་པར་གྲོལ་ནས་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ་གང་ཞིག་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་རྣམ་པར་རྟོག་པ་དང་བྲལ་བ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ངོ་བོ་གཉིས་སུ་མེད་པའམ་དབྱེར་མེད་པར་སྨྲ་བ་པོ་ཡོད་


MR17_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སོགས་གཉིས་སུ་འབྱེད་ཅིང་སྤྲོས་པའི་ཕྱོགས་འཛིན་པ་ཉམས་པའམ་རྣམ་པར་བྲལ་བ་ཡི་གྲུབ་མཐའ་དེ་ནི་སྐྱོན་གང་ཡང་མེད་པས་རྣམ་པ་ཀུན་ཏུ་མ་ཉམས་པར་འགྱུར་རོ། །དེ་ལྟ་བུའི་གནས་ལུགས་བདེན་པ་དབྱེར་མེད་དེ་ནི་དུས་གསུམ་གྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་ཅིག་ཆར་མངོན་སུམ་དུ་ཤེས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་གོང་དུ་བཤད་པ་དེ་ལྟ་བུ་འཐོབ་པའི་སླད་དུ་བསྒོམ་པར་བྱ་སྟེ། དེའི་རྒྱུ་མཚན་དུས་གསུམ་གྱིས་བསྡུས་པའི་ཤེས་བྱ་ཐམས་ཅད་ལ་འཇུག་པའམ་དེའི་ཆོས་ཉིད་འདི་ཡིན་པའི་ཕྱིར་རོ། །དེ་ལྟར་བྱེ་སྨྲ་ནས་དབུ་མའི་བར་གྱི་སངས་རྒྱས་པའི་གྲུབ་པའི་མཐའ་ངེས་པར་གསུངས་པ་སྟེ། རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་ལས་ཀྱང་། བྱེ་བྲག་སྨྲ་དང་མདོ་སྡེ་པ། །རྣལ་འབྱོར་སྤྱོད་པ་ཐུབ་པས་གསུངས། །ཅུང་ཟད་བདེན་དང་མི་བདེན་ཀྱང་། །བདེན་པ་དབུ་མ་པ་ཡི་ལུགས། །ཞེས་གསུངས་པ་བཞིན་ནོ། །ད་ནི་རྟག་སྨྲ་བ་གང་དག་དགེ་སྡིག་གི་ལས་རྟག་པར་འདོད་པ་དང་། ལས་ཁོ་ནའི་དབང་གིས་འཆིང་བར་འདོད་པ་སོགས་ཐ་སྙད་དུ་མི་འཐད་པའི་ཆ་འགའ་ཞིག་དགག་པ་གསུངས་པ། སྐྱེ་བོ་འདི་དག་གིས་སྔོན་གྱི་ལས་བྱས་པ་རྣམས་མ་ཉམས་པར་ཚེ་འདིར་ཉམས་སུ་མྱོང་བར་འགྱུར་ལ་ཚེ་འདི་ལ་བྱས་པ་རྣམས་མ་ཉམས་པར་ནི་སྐྱེ་བ་གཞན་ལ་མྱོང་བའོ། །ཞེས་ལས་རྒྱུར་སྨྲ་བའི་རྟག་སྨྲ་བ་ཁ་ཅིག་འདོད་པ་གལ་ཏེ་དེ་ལྟར་ཡིན་ན་ལས་ནི་རྟག་པར་གྱུར་པས་འཇིག་པར་མི་འགྱུར་ཞིང་མི་རྣམས་སྐྱེ་བ་དང་སྐྱེ་བ་གཞན་དག་གིས་ལས་ལ་ལོངས་སྤྱོད་པ་དེའི་གཞན་དབང་ཁོ་ནར་གྱུར་བས། དཔག་ཏུ་མེད་པའི་སྲིད་པ་དག་གིས་ཀྱང་འཁོར་བ་ལས་ནི་ངེས་པར་འབྱུང་བར་འགྱུར་བ་དང་ཐར་བར་འཇུག་པ་མེད་པ་ཉིད་དུ་འགྱུར་ཏེ་ལས་རྟག་པ་གཞོམ་དུ་མེད་ལ་ལས་དེ་ལ་མི་སྤྱོད་པའི་རང་དབང་ཡང་མེད་པས་ན་ནམ་ཡང་ཐར་བའི་དུས་མེད་པར་འགྱུར་རོ། །ཚུལ་འདི་དག་ཀླ་ཀློ་སྟག་གཟིག་པ་རྣམས་ཀྱང་ངེས་པར་འདོད་པར་འགྱུར་ཏེ། འོན་ཀྱང་དེའི་འདོད་པའི་ཁྱད་པར་ནི་མི་ཤི་བ་དེ་མཐོ་རིས་སམ་དམྱལ་བར་མིའི་ལུས་འདི་ལྟ་བུའི་


MR17_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱིས་བདེ་བའམ་སྡུག་བསྔལ་སྤྱོད་པར་འགྱུར་གྱི་ལུས་འདི་ལས་གཞན་པའི་ལྷ་དང་དུད་འགྲོ་དམྱལ་བ་པའི་ལུས་ཀྱི་རིགས་ཀྱིས་རབ་ཏུ་དམན་པ་སྟེ་མ་ཡིན་ནོ་ཞེས་འདོད་པ་ནི་རཧྨ་ཎའི་ངེས་པའོ། །ལས་འབྲས་ལ་ལོངས་སྤྱོད་ཚུལ་སྔོན་བསགས་པའི་ལས་ཀྱི་མཐུས་ཕུང་པོའི་རྒྱུན་ལ་བདེ་སྡུག་མྱོང་བ་སྐྱེད་པའི་རྟེན་ཅིང་འབྲེལ་བའི་རྒྱུ་བྱེད་ཀྱི་ལས་དེ་ཉིད་འདིར་འོང་ནས་ཟས་བཞིན་དུ་ལོངས་སྤྱོད་པ་མ་ཡིན་ཀྱང་རྟག་སྨྲ་བས་བཤད་མ་ཐག་པ་ལྟར་འདོད་པ་དང་། སྟག་གཟིགས་པས་ལས་ལ་ལོངས་སྤྱོད་པར་བྱེད་པའི་རྟེན་དེ་ཡང་ད་ལྟའི་རྟེན་མི་སོགས་ཀྱི་རིགས་དེ་ལས་གཞན་པའི་རིགས་ཀྱིས་མ་ཡིན་པར་འདོད་པའོ། །དེ་ནས་རྒྱང་ཕན་པའི་འདོད་པ་དགག་པ་གསུངས་པ། གལ་ཏེ་ས་སོགས་འབྱུང་བ་ཡི་ཚོགས་པ་གཅིག་ཏུ་གྱུར་པས་ཕབ་དང་ཆན་སྦྱར་བའམ་ཨ་རུ་ར་དང་བུ་རམ་དང་དྷཱ་ཏ་ཀཱི་ཞེས་པ་མ་ད་ཧེ་ཏུ་སྟེ་ཆང་རྩིའམ་ཕབ་དག་སྦྱར་བ་ལས་ཆང་གི་ནུས་པ་མྱོས་པར་བྱེད་པ་གསར་དུ་སྐྱེ་བ་བཞིན་དུ་རྣམ་ཤེས་སྔ་མའི་རྒྱུན་ཡོད་མི་དགོས་པར་དབང་པོ་དང་བཅས་པའི་སེམས་སུ་རབ་ཏུ་འགྱུར་ན། ཤིང་རྣམས་དག་ལའང་དེ་ལྟར་དབང་པོ་དང་བཅས་པའི་སེམས་ཅན་དུ་ཅི་ཡི་ཕྱིར་མི་འགྱུར་ཏེ་ཤིང་དེ་ལ་རྒྱུ་ས་དང་ཆུ་དང་བསྲེག་ཟ་མེ་དང་རླུང་དང་ནམ་མཁའ་ལྔ་སྦྱོར་ཏེ་ཚང་བའི་ཕྱིར་རོ། །ཤིང་སོགས་དབང་པོ་དང་བཅས་པའི་སེམས་ལྡན་དུ་མི་སྣང་བ་འདི་དག་རྣམས་ལ་སྐྱེ་བོའི་བདག་ཉིད་དུ་སྐྱེད་པའི་ནུས་པ་མེད་ཟེར་ན་འབྱུང་བ་རྣམས་ཡང་དག་པར་སྦྱོར་བའི་ནུས་པ་ལས་དབང་པོ་དང་བཅས་པའི་སེམས་སུ་འགྱུར་རོ་ཞེས་པ་མཆོག་ཏུ་རྫུན་ཏེ་འབྱུང་བ་རྣམས་ཚོགས་ཀྱང་མི་སྐྱེ་བས་སོ། །དེ་ལྟར་རྒྱང་ཕན་པའམ་ཚུ་རོལ་མཛེས་པ་པའི་ཚིག་ས་སོགས་འབྱུང་བ་ལས་སེམས་ཅན་གསར་དུ་སྐྱེ་བས་ཚེ་སྔ་ཕྱི་མེད་པར་བརྗོད་པ་འདི་དག་ནི་མི་རྣམས་དག་ལ་བདེ་བའི་འབྲས་བུ་སྟེར་བ་མིན་ཏེ་ཡང་དག་པའི་ལམ་ཉམས་པས་སོ། །ཟད་བྱེད་པའམ་གཅེར་བུ་བས་སྲོག་རྟག་པ་ནི་ལུས་ཀྱི་ཚད་དག་ཡིན་པར་འདོད་པ་དེ་ལྟར་ན། གལ་ཏེ་


MR17_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་དང་རྐང་པ་ཅན་པས་སྲོག་རྟག་པ་དེ་ཡི་ཆ་ཉམས་པར་འགྱུར་རམ་ཅི་སྟེ་བཅད་པའི་ལུས་ཀྱི་ཆ་དེ་ཉམས་པའི་ཕྱིར་རོ། །སྲོག་རྟག་པ་དག་ནི་ལུས་ཕྲ་མོ་དང་སྦོམ་པོ་བཟུང་བར་གྱུར་པ་ཉིད་ཀྱི་མཐུ་ལས་རེས་ཕྲ་མོར་འགྱུར་ཞིང་རེས་སྦོམ་པོར་ཡང་ནི་རབ་ཏུ་འགྱུར་རམ་ཅི་སྟེ་སྲོག་ལུས་དང་ཚད་མཉམ་པར་འདོད་པའི་ཕྱིར་རོ། །གཅེར་བུ་པ་དག་ན་རེ། ཇི་ལྟར་གསེར་དང་རྣ་རྒྱན་བཞིན་དུ་སྲོག་གི་རྫས་རྟག་ཀྱང་ཡོན་ཏན་གྱི་རྣམ་འགྱུར་མི་རྟག་པས་སྐྱོན་དེ་མེད་ཅེས་དང་། ཡང་དེ་དག་གི་གྲུབ་མཐའ་ལས། ལ་ལར་སྲོག་ནི་སྟོབས་ལྡན་ཞིང་། ལ་ལར་ལས་ནི་སྟོབས་ལྡན་འགྱུར། །དེ་ལྟར་སྲོག་དང་ལས་དག་ལ། །ཁོན་ནི་སྔོན་དུ་བཅིངས་པའོ། །ཞེས་ཐར་པའི་ཡུལ་ལ་སྲོག་སྟོབས་དང་ལྡན་ཏེ་ཡེ་ཤེས་འབའ་ཞིག་གི་སྟོབས་ཀྱིས་སོ། །འགྲོ་བ་བཞིར་འཁོར་བའི་ཡུལ་ལ་ལས་སྟོབས་དང་ལྡན་ཏེ་མི་ཤེས་པའི་སྟོབས་ཀྱིས་སོ། །དེ་ལྟར་སྲོག་དང་ལས་དག་པ་ཤ་མཁོན་ནི་ཐོག་མེད་ནས་བཅིངས་པའམ་ཞུགས་པའོ་ཞེས་ཟེར། དེ་ལ་རྫས་དང་རྣམ་འགྱུར་རམ་རྣམ་གྲངས་དེ་གཉིས་གཅིག་གམ་ཐ་དད་གང་ཡིན། གཅིག་ན་རྟག་མི་རྟག་གི་དབྱེ་བ་ཐ་དད་དུ་མི་རུང་ཞིང་། ཐ་དད་ན་རྫས་མེད་པའི་རྣམ་འགྱུར་ཡོད་པར་འགྱུར་ཏེ། སྐུད་པ་མེད་པའི་སྣམ་བུ་ཡོད་པར་འདོད་པ་བཞིན་ནོ། །རིགས་པ་དེས་གྲངས་ཅན་སྤྱི་གསལ་རྟག་དང་མི་རྟག་པར་འདོད་པའང་ཁེགས་སོ། །གཞན་ཡང་ནགས་ཀྱི་བདག་པོ་ཤིང་རྣམས་ལ་སྲོག་ཡོད་པ་དེ་སོ་སོ་ལ་སྲོག་རེ་ཡོད་པའམ་ཐུན་མོང་པའི་སྲོག་གཅིག་ཡོད་པ་ཡིན་ཅེས་དྲིས་པ་ན། སོ་སོ་ཡིན་ཏེ་རྐང་པས་ཆུ་འཐུང་ནས་ཡལ་ག་སོགས་རྒྱས་པར་བྱེད་ཀྱི་ཤིང་སྐམ་པོ་ལ་དེ་ལྟར་མེད་པས་སོ་ཞེ་ན། དེ་ལྟ་ན་བུར་ཤིང་དབྱུག་པ་དུམ་བུར་བྱས་པས་སྲོག་དུ་མར་འགྱུར་རམ། ཡང་ན་ལས་ཀྱི་དབང་གིས་སྲོག་བསྐུམ་ནས་དུམ་བུ་གཅིག་ལས་གཞན་ལ་མེད་པ་གང་ཡིན་དུ་མར་གྱུར་ན་སྲོག་གཅིག་རྟག་པ་ཡིན་པ་འགལ་ལ། གཅིག་ཡིན་ན་བུར་ཤིང་དུམ་བུ་དེ་ཐམས་ཅད་ས་ལ་བཙུགས་ན་མྱུ་གུ་སོགས་སྐྱེ་བས་ན་ཤིང་རྣམས་ལ་སྲོག་ཡོད་པས་སྐྱེ་བ་མ་ཡིན་གྱི་


MR17_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོའི་རང་བཞིན་ཡིན་ནོ། །གཞན་ཡང་ཟད་བྱེད་པ་དེའི་གྲུབ་པའི་མཐའ་ལས་སྲིད་པ་གསུམ་ནི་གཅིག་ཡིན་ཏེ། འཇིག་རྟེན་གསུམ་གཞན་མེད་པས་གཉིས་སུ་མེད་ལ་སྲིད་པ་གསུམ་པོ་འདི་ནི་ཐོག་མ་དང་ཐ་མ་མེད་པར་སྐྱེ་འཇིག་དང་བྲལ་བ་རྡོ་རྗེའི་རང་བཞིན་ཏེ་ནམ་ཡང་འཇིག་པར་མི་འགྱུར་རོ། །གལ་ཏེ་སྲིད་པ་འདི་འཇིག་པར་གྱུར་ན་དེའི་ཚེ་གཞན་སྲིད་པ་གསུམ་མེད་པའི་ཕྱིར་སྲོག་ཆགས་རྣམས་གང་དུ་གནས་པར་འགྱུར། རྒྱུ་མཚན་དེས་སྲིད་པ་གསུམ་པོ་འདི་ནི་རྟག་ལ་སྲོག་ཀྱང་རྟག་པའོ། །འཁོར་བའི་ལས་ལས་གྲོལ་བ་ཡི་སྲོག་ནི་གང་ཞིག་འཇིག་རྟེན་གསུམ་གྱི་སྟེང་ན་གནས་པ་གཏན་དུ་བདེ་བ་དག་གི་གནས་སུ་གང་ཟག་དང་བྲལ་བར་འགྲོའོ་ཞེས་པ་ཡང་རྟག་པ་ལ་ཇི་ལྟར་འཐད་ཅིང་། སྲིད་པ་གསུམ་པོ་དང་ཐར་བ་རྡུལ་ཕྲན་གྱི་རང་བཞིན་གཟུགས་ཅན་ཆ་དང་བཅས་པ་རྒྱུ་ལས་བྱུང་བ་ལ་རྟག་པ་ཇི་ལྟར་ཡོད། དེ་བཞིན་འཇིག་རྟེན་གསུམ་པོ་གང་འདི་རྡུལ་ཕྲ་རབ་དག་གིས་གང་ཞིག་བཀོད་པ་ཡིན་པར་འདོད་པ་དེ་ནི་དུས་ཀྱི་དབང་གིས་རིམ་པར་འགྱུར་བ་དང་མི་རྟག་ལ་མཐར་བསྐལ་བ་སྡུད་པའི་དུས་ཀྱིས་རྒྱུན་འཇིག་པ་ཡིན་གྱི་དུས་རྟག་ཏུ་རྟག་པ་མིན་ནོ། །རྒྱས་པར་དབུ་ཚད་སོགས་ཀྱི་གཞུང་ལས་བྱུང་བ་བཞིན་གྲུབ་མཐའ་ངན་པ་སུན་དབྱུང་བར་བྱ་ཞིང་ཀུན་རྫོབ་དང་དོན་དམ་པར་སངས་རྒྱས་ཀྱི་གསུངས་དང་མཚུངས་པ་དེ་ནི་སུན་དབྱུང་བར་མི་བྱའོ་ཞེས་གསུངས་སོ། །བཅོ་བརྒྱད་པ་སེམས་ཅན་སྣ་ཚོགས་ཀྱི་འདོད་པ་དང་རྗེས་སུ་མཐུན་པར་ཆོས་རབ་ཏུ་གཞག་པའི་ངོ་བོ་ཉིད་ཀྱི་གནས་པ་ནི་ཞེས་པ་ལ་སོགས་ཡེ་ཤེས་སླད་དུ་སོགས་ཚིགས་བཅད་བརྒྱ་དོན་གཅིག་པ་ནས་བརྒྱ་དོན་གསུམ་པའི་བར་གྱིས་བསྟན་ལ། བརྒྱ་དོན་བཞི་པ་ནི་བསྡུས་རྒྱུད་ཞུ་བ་པོས་སྟོན་པ་པོ་ལ་ཕྱག་འཚལ་བའི་ཚིག་ཡིན་ནོ། །གོང་དུ་གྲུབ་མཐའ་སྐྱོན་ཅན་སུན་དབྱུང་བ་བརྗོད་པ་རྟག་པ་མིན་ཞེས་པ་ལ་སོགས་པ་དེ་ལྟ་བུའི་ཚུལ་དུ་མས་ཕྱིན་ཅི་ལོག་གི་གྲུབ་མཐའི་འདོད་པ་བཀག་པ་ནི་སྡང་ཞུགས་ཀྱིས་མ་ཡིན་ཏེ་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའི་ཡེ་ཤེས་ཐོབ་


MR17_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སླད་དུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས་ལས་ཀྱི་ས་ལ་ཡང་དག་པའི་བསྟན་པ་རབ་ཏུ་གསལ་བར་མཛད་པ་ཡིན་པའི་དོན་ཤེས་པར་བྱས་ནས། ཡེ་ཤེས་གསལ་བར་བྱེད་པའི་དགོས་པ་ཁྱད་པར་ཅན་མེད་ན་ཆགས་སྡང་གི་དབང་གིས་གཞན་གྱི་གྲུབ་མཐའི་རིགས་སུན་དབྱུང་བར་མི་བྱ་ལ། ཁྱད་པར་དུ་སངས་རྒྱས་ཀྱིས་ཀྱང་གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པར་ཆོས་བསྟན་པའི་ཐེག་པའི་རིམ་པ་དེ་དག་ལས། ཐེག་པ་གོང་མ་དང་མ་མཐུན་པ་ཙམ་གྱི་འོག་མ་ལ་དམན་པ་དང་སྡང་བའི་འདུ་ཤེས་ཀྱིས་སུན་དབྱུང་བར་མི་བྱ་སྟེ་དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ལ་ལས་རྒྱུད་འཇམ་ཞིང་འདུལ་སླ་བ་དང་། ལ་ལ་སྲ་བ་ས་ཐ་རྒོད་ལྟ་བུར་གྱུར་པ་ལ་ཆོས་ཟབ་མོ་ཇི་ལྟ་བ་བཞིན་བསྟན་པས་སྐབས་དེར་མི་འདུལ་བ་ཡང་ཡོད་པ་དང་། དེ་ལས་གཞན་པའི་བག་ཆགས་དམན་པ་ལ་མོས་པ་དང་ཆེན་པོ་ལ་མོས་པ་དང་། སྟོང་པ་དང་མི་སྟོང་། རྟག་པ་དང་མི་རྟག་པ། ཞི་བ་དང་དྲག་པོ་སོགས་ལ་དགའ་བའི་བག་ཆགས་མི་འདྲ་བ་སྣ་ཚོགས་ཚད་མེད་པའི་སྟོབས་ཀྱིས་སྐྱེས་བུ་རྣམས་ཀྱི་སེམས་ཀྱི་རྗེས་སུ་འབྲང་བ་སྟེ་སེམས་ལ་བག་ཆགས་དེ་ལྟ་བུ་གནས་པའོ། །དེའི་ཕྱིར་སེམས་ཅན་རྣམས་ཀྱི་སེམས་ནི་ངེས་པར་དཔེར་ན་སྔོ་སོགས་དངོས་པོའི་ཚོན་གྱིས་ཉེ་བར་བཞག་པ་དག་ལས་དངས་པའི་ཤེལ་བཞིན་དུ་ཁ་དོག་དེའི་ཚོན་གྱི་མདོག་དང་ལྡན་པ་ཉིད་དུ་འགྱུར་བ་གང་ཡིན་པ་དེ་ཕྱིར་རང་དང་གཞན་གྱི་རིགས་སུ་གྱུར་པའི་ཆོས་ནི་འགའ་ཡང་རྣལ་འབྱོར་པ་ཡིས་དགོས་པ་ཁྱད་པར་ཅན་མེད་པར་སྡང་ཞུགས་ཀྱིས་སུན་མི་དབྱུང་ངོ་། །དེ་ལྟ་ན་མུ་སྟེགས་བྱེད་ཀྱི་ལུགས་ལའང་གནས་སྐབས་སུ་ཕན་པ་དང་། རིགས་པས་འཐད་པ་དང་ལེགས་པའི་ཆ་ཅུང་ཟད་ཡོད་པ་སུན་མི་དབྱུང་བར་མ་ཟད་ཀྱི་ཤིན་ཏུ་མི་རིགས་པ་རྒྱང་ཕན་པའི་གཞུང་དང་སེམས་ཅན་ལ་གནོད་པའི་ལས་དྲག་པོ་སྟོན་པའི་མུ་སྟེགས་ཡཀྴ་ནག་པོའི་ཆོས་ལུགས་ལྟ་བུ་ལའང་། གདུལ་བྱ་ལམ་ངན་ལས་བཟློག་བྱེད་ཀྱི་ཆེད་ལྟ་བུའི་དགོས་པ་མེད་ན་རང་བཞིན་སུན་དབྱུང་ཅི་ནུས་མི་བྱ་བར་རྒྱུད་གཞན་ལས་ཀྱང་གསུངས་པས། དེ་འདྲའི་ལམ་ལ་མོས་པའི་


MR17_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་གི་སེམས་ལ་དེ་འདྲ་བའི་ཆོས་ལུགས་འབྱུང་བ་ཡང་སེམས་ཅན་རྣམས་ཀྱི་སེམས་ཀྱི་བག་ཆགས་མཐའ་ཡས་པའི་དབང་གིས་བྱུང་བར་ཤེས་ནས་རྣལ་འབྱོར་ཐོབ་པ་རྣམས་ཀྱིས་རྒན་པོའི་མདུན་དུ་བྱིས་པའི་རྩེད་མོ་བཞིན་དུ་བལྟས་ཏེ་སྡང་ཤུགས་དྲག་པོས་སུན་མ་དབྱུང་ན་རང་གི་དངོས་གྲུབ་ལ་གེགས་མི་འབྱུང་ངོ་། །འདིར་ནང་བའི་གྲུབ་མཐའ་གོང་མས་འོག་མ་སུན་མི་དབྱུང་བར་བཤད་དགོས་ཀྱི་མུ་སྟེགས་ལ་མིན་ཞེས་འཆད་པ་ཡོད་ཀྱང་སྤྱིར་སྦྱར་བ་དོན་ཡོད་དེ། མུ་སྟེགས་པའི་གཞུང་ངན་པ་ཡང་དག་པ་མ་ཡིན་པ་སྟོན་པ་ལ་ཡང་རྣལ་འབྱོར་གྱི་སྤྱོད་ཡུལ་ཐོབ་པ་རྣམས་སྡང་བར་མི་བྱེད་དེ། མུ་སྟེགས་འདུལ་བའི་ཕྱིར་མུ་སྟེགས་ཀྱི་ཆ་ལུགས་བཟུང་ནས་མུ་སྟེགས་ཀྱི་ཆོས་བསྟན་ནས་རིམ་གྱིས་ཐར་པ་ལ་བཀྲི་བའི་བྱང་སེམས་རྣམས་ཀྱི་རྣམ་ཐར་བཞིན་ནོ། །མུ་སྟེགས་ལའང་སྡང་ཞུགས་ཀྱིས་སྨད་བར་མི་བྱེད་ན་ནང་པའི་ཆོས་ལ་ལྟ་ཅི་སྨྲོས་ཀྱང་། རྣལ་འབྱོར་གྱི་སྤྱོད་ཡུལ་མ་ཐོབ་པ་དག་ནི་རང་གི་ཕྱོགས་དང་མི་མཐུན་པའི་ནང་པ་གཞན་ལའང་སྦྲུལ་ནག་པོ་གཙེས་པ་བཞིན་དུ་རང་བཞིན་གྱིས་སྡང་ཞུགས་དྲག་པོས་སུན་དབྱུང་ཅི་ནུས་བྱེད་པ་ལ་སུན་མི་དབྱུང་ཞེས་གསུངས་པས་ཕན་པར་དཀའ་སྟེ་སེམས་ཀྱི་བག་ཆགས་ཀྱིས་སྟོབས་ཀྱིས་སོ། །དེ་ལྟར་གཞན་གྱི་ཆོས་ལ་སྡང་ཞུགས་ཀྱིས་སུན་མ་བྱུང་ནའང་རྣལ་འབྱོར་རང་ཉིད་ཆོས་གང་བྱུང་ལ་འཇུག་པ་མ་ཡིན་ཏེ། ཆོས་དང་ཆོས་མིན་ཤེས་ནས་ཆོས་ལ་འཇུག་ཅིང་ཆོས་མིན་སྤངས་པར་བྱ་བ་ཡིན་ནོ། །དེ་ལ་ཆོས་དང་ཆོས་མིན་གང་ཞེ་ན། མདོར་བསྡུས་པའི་སྒོ་ནས་གསུངས་པ། ཆོས་ནི་སེམས་ཅན་ལ་ཕན་པ་དུག་གསུམ་མེད་པའི་ཀུན་ནས་བསླང་བའི་དགེ་བའི་དངོས་པོ་གང་ཀུན་རྫོབ་ཀྱིས་བསྡུས་པ་བསོད་ནམས་ཀྱི་ཚོགས་སུ་གྱུར་པ་ཐམས་ཅད་དང་གཟུང་བ་དང་འཛིན་པའི་སྤྱོད་ཡུལ་དང་རྣམ་པར་བྲལ་བ་ཟབ་མོ་ཡེ་ཤེས་ཀྱི་ཚོགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྒོམ་པ་ལ་སོགས་པ་ལྟ་བུ་དག་སྟེ། ཆོས་མིན་དག་ཀྱང་དགེ་བ་ལས་ལྡོག་སྟེ་མི་དགེ་བའམ། ལམ་ཡང་དག་ལས་བཟློག་སྟེ་ལམ་ངན་པ་སྟོན་པའི་སྒོ་ནས་སེམས་ཅན་ལ་གནོད་པ་ཉིད་དུ་གྱུར་པའོ། །དེའི་ཕྱིར་ལེགས་པར་སྦྱར་བའི་སྐད་དང་སྡེབ་སྦྱོར་སོགས་ཀྱིས་མཛེས་པར་སྤུད་པར་བྱས་ཀྱང་གཞན་ལ་འཚེ་


MR17_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་སུ་སྨྲ་བའི་རིག་བྱེད་ཚད་མ་ཅན་དུ་བྱས་ཏེ། དེ་ལ་ཞུགས་པ་ན་ནི་འདི་དང་ཕྱི་མར་བདེ་བའི་འབྲས་བུ་མི་སྟེར་ཞིང་དུས་ཀུན་དུ་ནི་སྡུག་བསྔལ་སྟེར་ལ། སེམས་ཅན་བདེ་བ་མཆོག་དང་འཕྲད་པར་འདོད་པའི་དམ་པའི་བྱམས་པ་དང་ལྡན་པའི་གང་ཟག་གི་རིག་བྱེད་ཀྱི་གཞུང་དང་རྟོག་གེ་སོགས་འཇིག་རྟེན་ཐ་སྙད་ཀྱི་བསྟན་བཅོས་ལ་མ་བྱང་བའི་ཚུལ་དུ་སྒྲ་དང་སྡེབ་སྦྱོར་མཛེས་པའི་སྒོ་ནས་མ་བསྟན་པར་ཡུལ་ཕལ་བའི་སྐད་ལེགས་སྦྱར་དང་སྡེབ་སྦྱོར་སྙན་དངགས་སོགས་ཀྱི་མཚན་ཉིད་མ་ཚང་བ་ལྟ་བུའི་རྨོངས་པའི་ཚིགས་འདྲ་བ་ལས་ཀྱང་ཟབ་མོའི་དོན་གྱི་ཡེ་ཤེས་རྒྱུད་ལ་འཇོག་པ་སོགས་མཆོག་གི་བདེ་བ་བྱེད་ཅིང་སེམས་ཅན་རྣམས་ཀྱི་བདེ་བ་ལ་རྗེས་སུ་ཆགས་ཤིང་ཕན་པར་བྱེད་པར་འགྱུར་རོ། །དེ་ཕྱིར་རྟོན་པ་བཞི་དང་ལྡན་པས་ཆོས་ཡང་དག་པ་འཛིན་པར་བྱ་ཞིང་སེམས་ཅན་ལ་གང་ཕན་གྱི་དོན་ནི་གཅིག་པུ་དག་དང་ཀྱེ་མི་ཡི་བདག་པོ་ཟླ་བ་བཟང་པོ་རང་གི་ཡིད་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པ་བསྒོམ་པར་གྱིས་ཤིག་ཅེས་གདམས་པའོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ན་རྣམ་པ་སྣ་ཚོགས་པའི་གྲུབ་མཐའ་སོ་སོ་སྟོན་པ་ཡོད་ཀྱང་ལམ་མ་ནོར་བར་སྟོན་པ་དང་། སེམས་ཅན་མཐའ་དག་རྒུད་པ་ལས་སྐྱོབས་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་ནི་སངས་རྒྱས་རྣམས་ཁོ་ན་ཡིན་པས་སྟོན་པ་མཚུངས་པ་མེད་པར་བསྟན་པ་ནི། ལྷ་དང་མིའི་བླ་མ་ང་ནི་མཐོ་རིས་ཀྱི་འཇིག་རྟེན་དག་ཏུ་ལྷ་ཡི་དབང་པོལྷའི་ལྷ་དང་། ས་སྟེང་དུ་ནི་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་དང་། ས་འོག་དག་ཏུ་མུན་པ་སེལ་བའི་ཀླུ་ཡི་རྒྱལ་པོ་ཆེན་པོ་གདེངས་ཅན་རིགས་ཀྱིས་ཡང་དག་པར་བཏུད་པ་དང་། མཐའ་ཡས་པའི་སེམས་ཅན་གྱི་ཁམས་ཀུན་ཏུ་སྣ་ཚོགས་པའི་འདུལ་བྱེད་ཀྱི་རྣམ་པར་རོལ་པས་འགྲོ་བ་དང་། ཡིད་ཅན་ཐམས་ཅད་ཀྱི་ནང་ན་བླ་ན་མེད་པའི་མཆོག་ཏུ་གྱུར་པ་ནི་ང་ཉིད་ཡིན་པ་སྟེ། ཤེས་བྱ་ཐམས་ཅད་ཡང་དག་པར་མཁྱེན་པའི་ཡེ་ཤེས་དང་། ཡང་དག་པར་སངས་རྒྱས་པ་དང་། སྒོ་གསུམ་གྱི་ཉེས་སྤྱོད་བག་ཆགས་དང་བཅས་པ་སྤངས་བའི་ཐུབ་པའི་དབང་པོ་དང་། གཏན་དུ་འགྱུར་བ་མེད་པ་བླ་མེད་ཀྱི་བདེ་བ་མཆོག་དང་ལྡན་པ་དང་དངོས་པོ་ཀུན་གྱི་ཁྱབ་བདག་སྤྱི་དཔལ་ཆེན་པོ་དང་། རྣལ་འབྱོར་པ་རྣམས་ཀྱི་ནང་ན་མི་ཕྱེད་པ་རྡོ་རྗེའི་རྣལ་འབྱོ༷ར་མཐར་ཕྱིན་པ་དང་། རིག་བྱེད་ཐམས་ཅད་ཀྱི་སྙིང་པོ་སྐུ་གསུང་ཐུགས་སྒྲིབ་བྲལ་གྱི་ཨོཾ་གྱི་ཡི་གེ་མཆོག་ཏུ་གཙང་མ་དག་སྟེ་ཀྱེ་རྒྱལ་པོ་ཟླ་བ་བཟང་པོ་ཁྱོད་


MR17_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་ཀྱི་དངོས་པོ་ཀུན་གྱིས་བདག་ལ་སྐྱབས་སུ་སོང་ཤིག་དང་། བདག་ནི་མཐར་ཐུག་གི་སྐྱབས་གནས་ཡེ་ཤེས་ཀྱི་སྐུ་འཕོ་བ་མེད་པ་ཡིན་ནོ་ཞེས་གསུངས་སོ། །དེ་ནས་བྲམ་ཟེ་ཉི་མའི་ཤིང་རྟས་རྒྱུད་བསྡུ་བ་པོ་ཆོས་རྒྱལ་འཇམ་དཔལ་གྲགས་པ་ལ་ཡིད་ཆེས་ཀྱི་དད་པས་སྐྱབས་སུ་དོང་བའི་ཚིག་བརྗོད་པ། ཁྱོད་ནི་མ་དང་སོགས་ཚིགས་བཅད་གཅིག་གིས་བསྟན་ཏེ། ཆོས་ཀྱི་རྒྱལ་པོ་འཇམ་དཔལ་གྲགས་པ་ཁྱོད་ནི་བདག་ཅག་སྲིད་པར་འཁྱམས་ཤིང་ལམ་སྟོར་བ་རྣམས་ལ་སྙིང་བརྩེ་བ་མ་དང་འདྲ་བར་གྱུར་པ་དང་། དེ་བཞིན་དུ་ཁྱོད་ནི་རྒྱལ་བའི་རིགས་ཀྱི་ས་བོན་འདེབས་པའི་ཕ་སྟེ་ཁྱོད་ནི་མཐའ་དག་འགྲོ་བའི་བླ་མ་ཡང་དག་པའི་ལམ་སྟོན་པར་བྱེད་པ་ཁྱོད་ནི་གཉེན་དང་གྲོགས་བཟང་ཡང་། ཁྱོདནི་མགོན་པོ་ཁྱོད་ནི་བྱེད་པོ་ཕན་པར་མཛད་པ་དང་། སྡིག་པ་འཕྲོག་པར་བྱེད་པ་ཁྱོད་ནི་མཐར་ཐུག་གི་གོ་འཕང་ཕུན་སུམ་ཚོགས་པ་སྟེར་བར་བྱེད་པ་ཡང་ཡིན་ལ། ཁྱོད་ནི་འབའ་ཞིག་སེམས་ཅན་ཀུན་གྱི་གནས་དང་། ཁྱོད་ནི་སྟོབས་སོགས་ཡོན་ཏན་མཆོག་གི་གནས་ཏེ། སྤང་བྱའི་སྐྱོན་རྣམས་བཅོམ་པ་ཁྱོད་ཉིད་དོ། །ཁྱོད་ནི་སེམས་ཅན་དམན་པ་རྣམས་ཀྱི་མགོན་དང་། དགོས་འདོད་མ་ལུས་བསྩོལ་བའི་ཡིད་བཞིན་ནོར་བུ་རྒྱལ་བའི་དབང་པོ་འཇམ་དཔལ་ཁྱོད་ལ་ཉི་མའི་ཤིང་རྟ་བདག་སྙིང་ནས་སྐྱབས་སུ་མཆིའོ་ཞེས་གུས་ཤིང་ཡི་རངས་པར་བྱས་པའོ། །གནས་པ་ཕྱི་མ་འདི་གཉིས་འགྲེལ་པས་རང་གཞན་གྱི་ལྟ་བ་རིགས་པས་རྣམ་པར་དཔྱད་པའི་མདོར་བསྡུས་བདུན་པས་བཤད་དེ། ནང་ལེ་ལ་མདོར་བསྡུས་ཆེན་པོ་བདུན་ཡོད་དོ། །རྡོ་རྗེ་ལུས་ཀྱི་རྩ་རླུང་ཐིག་ལེའི་ཁམས། །འཕོ་བའི་དུས་འདིས་སྣ་ཚོགས་སྣང་བ་བསྐྱེད། །ཟབ་མོ་ནང་གི་དུས་ཀྱི་འཁོར་ལོའི་དོན། །རྟོགས་ན་བདེ་མྱུར་གྲོལ་བའི་གནད་ལ་མཁས། །ཞེས་པ་བར་སྐབས་ཀྱི་ཚིགས་བཅད་དོ། །དཔལ་ལྡན་དང་པོའི་སངས་རྒྱས་ལས་ཕྱུངས་པ་དཔལ་དུས་ཀྱི་འཁོར་ལོ་ཆེན་པོ་ལས་ནང་ངེས་པ་ཞེས་བྱ་བ་སྟེ་ལེའུ་གཉིས་པའི་རྣམ་པར་བཤད་པའོ། །དགེའོ།། །


previousདུས་འཁོར་ནང་གི་ལེའུའི་འགྲེལ་པ།no next