ཚེ་སྒྲུབ་གསང་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་མྱུར་འཇུག


MR19_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྒྲུབ་གསང་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་བཞུགས་སོ། །ཨེ་མ་ཧོ། ཀུན་ཁྱབ་ཡེ་ཤེས་སྐུ་མངའ་ཚེ་དཔག་མེད། །ངེས་པ་ལྔ་ལྡན་ཚེ་བདག་རིགས་མཆོག་ལྔ། །རང་བྱུང་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །འཆི་མེད་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་། །ཐུགས་སྲས་ཐུ་བོ་རྗེ་འབངས་གྲོགས་ལྔ་དང་། །སྨོན་ལམ་མཐུ་ལྡན་ལང་གྲོ་ལོ་ཙཱ་བར། །གསོལ་བ་འདེབས་སོ་ཚེའི་དངོས་གྲུབ་སྩོལ། །ཟབ་གཏེར་སྒོ་འབྱེད་རིག་འཛིན་རཏྣ་གླིང་། །ཐུགས་ཀྱི་སྲས་མཆོག་ཚེ་དབང་གྲགས་པ་སོགས། །འདིར་སོ་སོའི་བརྒྱུད་རིམ་འཛུད། རྒྱུད་ལྡན་རིག་འཛིན་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་ན། །རབ་འབྱམས་སྲས་བཅས་རྒྱལ་བའི་ངོ་བོ་ཉིད། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །བསྐྱེད་རྫོགས་ལམ་གྱི་རྣལ་འབྱོར་མཐའ་རུ་ཕྱིན། །ཨེ་ཝཾ་ཟུང་འཇུག་གཉུག་མ་རྡོ་རྗེའི་སྲོག །ཚེ་ཡི་རིག་འཛིན་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་འཇམ་དཔལ་རྡོ་རྗེས་སོ།། །།