དྲང་སྲོང་ཨ་མོ་ལི་ཀའི་མངོན་ཤེས་གསལ་བའི་མེ་ལོང་སྒྲུབ་ཚུལ།


MR19_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་ཨ་མོ་ལི་ཀའི་མངོན་ཤེས་གསལ་བའི་མེ་ལོང་སྒྲུབ་ཚུལ་བཞུགས་སོ། །ཨོཾ་སྭ་སྟི། འདིར་དྲང་སྲོང་ཨ་མོ་ལི་ཀའི་མངོན་ཤེས་གསལ་བའི་མེ་ལོང་སྒྲུབ་པར་བྱེད་པ་ལ་ལོ་རྒྱུས་དང་། གདམས་ངག་དངོས་གཉིས། དང་པོ་སྔོན་རྒྱལ་བ་ཤཱཀྱ་ཐུབ་པའི་སྤྱན་སྔར་ཡར་ངོའི་ཚེས་བཅུའི་ཉིན་མོར་བུ་མོ་ཤིན་ཏུ་མཛེས་མ་གཅིག་འོང་ནས་འདུག་པ་ལ། ཤཱཀྱ་ཐུབ་པའི་བུ་མོ་གང་ནས་འོང་བ་ཡིན། རིགས་ཅི་མིང་ཅི་ཡིན་གསུང་བས། བུ་མོའི་ཞལ་ནས་བདག་རིགས་དྲང་སྲོང་ཡིན། གནས་ལ་ངེས་པ་མ་མཆིས། མིང་ལ་དྲང་སྲོང་ཨ་མོ་ལི་ཀ་ཞེས་བྱ། བདག་སྔོན་སངས་རྒྱས་འོད་སྲུང་གི་སྤྱན་སྔར་མ་འོངས་པའི་དུས་སུ་ཁྱོད་ཀྱི་བསྟན་པའི་རྗེས་འཇུག་རྣམས་ལ་མངོན་ཤེས་འཆད་པའམ་སྟོན་པར་ཁས་བླངས་པ་ཡིན། སྙིགས་མའི་དུས་སུ་ཟག་མེད་ཀྱི་མངོན་ཤེས་ལྡན་པ་ཉིན་སྐར་དང་འདྲ་ལ། ཟག་བཅས་ཀྱི་མངོན་ཤེས་ཅུང་ཟད་ཡོད་ཀྱང་འགྲོ་དོན་བྱེད་མི་ནུས་པས། དེའི་དུས་སུ་ཚུལ་ཁྲིམས་དང་བྱང་སེམས་དང་ལྡན་པ་རྣམས་ལ་ཟག་མེད་ཀྱི་མངོན་ཤེས་སྟོན་པར་མ་བྱས་ན་བདག་གི་མགོ་བོ་འགས་པར་གྱུར་ཅིག་ཞེས་ཁས་བླངས་ཏེ་སྲོག་སྙིང་ཕུལ་ནས་མི་སྣང་བར་གྱུར་ཏོ། །གཉིས་པ་གདམས་ངག་དངོས་སྦྱོར་དངོས་གསུམ་ལས། དང་པོ་སྦྱོར་བ་རྫས་བསགས་པ་ནི། བ་ལེ་ཀ །ཤུ་དག །སྤོས་དཀར། སྤང་སྤོས། སྤང་སྐམ། གཡེར་མ། མུ་ཟི། སྒོག་སྐྱ་བརྒྱད་ཞིབ་པར་བརྡུང་ལ་ཆ་གཅིག་བྷནྡྷའི་ནང་དུ་བླུག །ཆ་གཅིག་ཟ་འོག་དམར་པོའི་ཁུག་མར་བཅུག །ཕ་ཝཾ་ལོང་བུ་ལ་ཏྲི་བཞི་མཚལ་གྱི་བྲིས་ལ་རྟེན་གྱི་ཁ་བཅད་དེ་བཞག །སྤྲོ་ན་


MR19_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ནས་བཤད་པ་ལྟར་གྱི་བླ་རྡོ་སྲོག་འཁོར་དང་། སེང་ལྡེང་གི་ཕུར་བུ་སོར་བཞི་པ་ལྔ་འདུ་བྱ། བར་སྐབས་བདུག་རྫས་སྤང་སྐམ་གཡེར་མ། སྒོག་སྐྱ་གསུམ་སྦྱར་བ་བཞག་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གཞི་བདག་ལ་འབུལ་རྒྱུའི་གཏོར་མ་དང་། དྲང་སྲོང་ལ་ཕུལ་རྒྱུའི་དཀར་གཏོར་སོགས་མཆོད་པ་གཙང་ལ་མཛེས་པར་བཤམས། ཞག་གསུམ་གཙང་སྦྲ་ལ་གནས་པས་བསྒྲུབ་པར་བྱའོ། །གཉིས་པ་དངོས་གཞི་ལ་ཚད་མེད་སྔོན་དུ་འགྲོ་བས། རང་ཐུབ་པའི་དབང་པོར་གསལ་ལ་མུ་ནི་བརྒྱ་རྩ་བརྒྱད་བཟླས། དེ་ནས་མདུན་རྟེན་བསང་སྦྱངས། མི་དམིགས་པའི་ངང་ལས་མེ་ལོང་ལ་གཟུགས་བརྙན་ཤར་བའི་ཚུལ་དུ་རང་གི་མདུན་དུ་པདྨ་དང་རིན་པོ་ཆེའི་ཁྲིའི་སྟེང་དུ་དྲང་སྲོང་ཆེན་པོ་ཨ་མོ་ལི་ཀ་སྐུ་མདོག་དམར་པོ། ཞལ་གཅིག །ཕྱག་གཉིས་པ། མཛེས་སྡུག་ལྟ་བའི་མེ་ལོང་ངོམ་པའི་གཞོན་ནུ་ལང་ཚོ་དར་ལ་བབ་པ་ཅུང་ཟད་ཁྲོ་ལ་འཛུམ་པའི་ཉམས་ཅན། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་ཐུགས་ཀར་འཛིན་པ་དེའི་འོག་ཏུ་འདོད་འབྱུང་གཏེར་གྱི་བུམ་པ་བདུད་རྩིས་བཀང་བ་ཁ་རྒྱན་དཔག་བསམ་གྱི་ཤིང་གི་མཛེས་པ་ཕྱག་གཡོན་པས་བཟུང་བ། སྐུ་སྟོད་ལྷ་རྫས་ཀྱིས་བཀླུབས་ཤིང་སྐུ་སྨད་སྟག་ལྤགས་ཀྱི་ཤམས་ཐབ་གསོལ་བ། དབུ་སྐྲ་རལ་པའི་ཐོར་ཅོག་ཅན། རིན་པོ་ཆེའི་དབུ་རྒྱན་སྙན་ཆ་མགུལ་


MR19_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཕྱག་གདུབ་ཞབས་གདུབ་སྐ་རགས་དོ་ཤལ་སོགས་ཡིད་འཕྲོག་པའི་རྒྱན་གྱིས་སྒེག་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པའི་འཁོར་དུ་དྲང་སྲོང་མངོན་ཤེས་ཅན་རྣམས་ཀྱིས་བསྐོར་བ། སྒྲུབ་པ་པོ་ལ་སྙིང་ཉེ་ཞིང་གསུང་ལྷང་ལྷང་དུ་སྒྲོག་པ་ཡིད་ལ་འདོད་པའི་དངོས་གྲུབ་ཐོག་མེད་དུ་བསྩལ་བར་བསམ་ལ། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་རི་རབ་གླིང་བཞི་གང་ན་ཡོད་ཀྱང་དྲང་སྲོང་ཨ་མོ་ལི་ཀ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་ཏེ་གཉིས་སུ་མེད་པར་གྱུར། ཞེས་དམིགས་པ་དྲག་ཏུ་གཏད་ནས། བདུག་རྫས་མེར་བསྲེག་ལ་མདའ་དར་གཡབ་ཅིང་སྙིང་པོ་ལ་ཛཿཧཱུཾ་བཾ་ཧོཿ བཏགས་པ་བརྒྱ་རྩ་བཟླས། དེ་ནས། རང་གི་ཞལ་ནས་སྔགས་ཀྱི་འོད་ཟེར་བྱུང་དྲང་སྲོང་གི་ཞལ་དུ་ཞུགས་པས་དགྱེས་པ་བསྐྱེད་ནས་སྔོན་གྱི་དམ་ཚིག་དྲན་ནས་སྣང་སྲིད་སྒྲིབ་མེད་དུ་གསལ་བའི་དངོས་གྲུབ་སྩལ་བར་བསམ་ལ། སྙིང་པོ་འདི་ཅི་རིགས་བཟླའོ། །ཨོཾ་ཨ་ཏྲི་སི་ན་ཨ་མོ་ལི་ཀ་བྷི་མ་ཧོ༔ ཨོཾ་ཏིང་ཨུ་བ། ཨོཾ་རཏྣ་ཏྲི་བྷེ་ཧེ་ར། ཨེ་ཨ་ཨོས༔ ཞེས་བཟླས་པས་རྨི་ལམ་དངོས་སུ་སྣང་སྲིད་ཀྱི་ལེགས་ཉེས་གསལ་ཞིང་། བསོད་ནམས་མེ་ལྟར་འབར་ཞིང་། ཐམས་ཅད་


MR19_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་འགྱུར་རོ། །དེ་ལ་བསྒྲུབ་པའི་དུས་སུ་ཤ་ཆང་སྒོག་པ་བུད་མེད་རྣམས་སྤང་བར་བྱ། དེ་ལྟར་བསྒྲུབ་པའི་སྔགས་དེ་དམ་ཚིག་དང་བྱང་སེམས་ལྡན་པས་སྟོང་ཕྲག་གསུམ། དད་བརྩོན་སྣོད་ལྡན་རྣམས་ཀྱིས་ཁྲི་ཕྲག་གསུམ་བཟླས་པས་རྟགས་འབྱུང་ངོ་། །དེ་ལ་རྟགས་ནི་རྨི་ལམ་དུ་བུད་མེད་མཛེས་མ་རང་གི་མ་སྲིང་སོགས་ཀྱིས་ཟས་ནོར་སྟེར་ཞིང་གཏམ་མང་དུ་སྨྲ་བ་སོགས་རྨི། དེ་རྗེས་རང་གི་རྣ་བར་འུར་སྒྲ་སོགས་ཐོས། དེ་རྗེས་རང་གི་ཡིད་ལ་གང་འདོད་གསལ་ཞིང་། ཨ་མོ་ལི་ཀ་ཉིད་ཀྱང་རང་གི་རྣ་བར་གཏམ་སྨྲ་བར་འོང་། དེ་དུས་ལས་ལ་སྦྱར་བ་དང་རང་ལུས་གཙང་སྦྲ་བྱ་བ་གལ་ཆེ། སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་མཐོང་།ལྷ་འདྲེ་མི་གསུམ་རང་ལ་བཤད་དུ་འོང་། དེ་རྣམས་ལ་འཇིགས་སྐྲག་དང་རེ་དོགས་སྤངས་ཏེ་སྒྱུ་མར་སྦྱངས། ཉ་སྟོང་ཚེས་བརྒྱད་ལ་སོགས་པར་བདུག་རྫས་དང་གཏོར་མ་ཕུལ། དེ་ལ་གཏོར་མ་ཨ་ཀ་རོའི་བྱིན་གྱིས་བརླབས་ནས་དྲང་སྲོང་གི་ལྗགས་རྡོ་རྗེ་སྦུ་གུ་འོད་ཟེར་གྱི་སྦུ་གུས་གསོལ་བས་དགྱེས་པར་བསམ་ལ། ཨ་མོ་ལི་ཀ་ས་པ་རི་ཝ་ར་ཨི་དམ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི།ཞེས་ལན་གསུམ་གྱིས་ཕུལ་ལ། ཕྲིན་ལས་བཅོལ་བ་ནི། ཀྱཻ་དྲང་སྲོང་ཨ་མོ་ལི་ཀ་ཁྱོད། རྒྱལ་བ་ཤཱཀྱ་སེང་གེའི་བརྒྱུད་པར་བཅས་པའི་སྤྱན་སྔར་ཁས་བླངས་


MR19_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཀའ་དང་དམ་ལས་མ་འདའ་བར། རྣལ་འབྱོར་སྒྲུབ་པ་པོ་བདག་ལ་ཁམས་གསུམ་དུས་གསུམ་སྒྲིབ་མེད་ས་ལེར་གསལ་བའི་མངོན་ཤེས་སྩོལ་ཅིག་བསོད་ནམས་དཔལ་འབྱོར་ཡར་ངོའི་ཟླ་བ་ལྟར་སྤེལ་ཅིག །གང་འདོད་པའི་དོན་ཐམས་ཅད་ཐོགས་མེད་དབང་དུ་སྡུས་ཤིག །མདོར་ན་ཅི་བཅོལ་བའི་ཕྲིན་ལས་ཐམས་ཅད་ད་ལྟ་ཉིད་དུ་སྒྲུབས་ཤིག །ཅེས་བྱའོ། ༈ །གལ་ཏེ་སྒྲུབ་པའི་སྐབས་འདིར་ཚད་ལྡན་དུ་བསྒྲུབས་ཀྱང་ལས་འགྱང་ན་གནད་འབེབས་སྲོག་ནས་འཐེན་པ་ལྟ་བུ་ལ། དང་པོ་སྲོག་འཁོར་ནི་ཤོག་བུ་དཀར་པོ་གྲུ་བཞི་པའི་དབུས་སུ་འཁོར་ལོ་མུ་ཁྱུད་རིམ་པ་གསུམ་དུ་བསྐོར་ལ་ལྟེ་བ་ལ། བདག་འཆང་བ་པོ་ལ་མངོན་ཤེས་སྩོལ་ཅིག་དང་། གཞན་ཡང་འདོད་གསོལ་བྲི། དེའི་ཕྱི་རོལ་མུ་ཁྱུད་འདབ་བརྒྱད་དུ་བགོས་ལ། དབུ་ཡི་ཐད་ནས་བརྩམས་ཡིག་ངོ་ནང་བསྟན་གྱི། ཨོཾ་ཨ་ཏྲི་སི་ན། ༡ ཨ་མོ་ལི་ཀ ༢བྷི་མ་ཧོ། ༣ ཨོཾ་ཏིང་། ༤ ཨུབ། ༥ ཨོཾ་རཏྣ་ཏྲི། ༦ བྷེ་ཧེར། ༧ ཨེ་ཨ་ཨོས། ༨ཞེས་སྙིང་པོ་


MR19_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་བརྒྱད་དུ་བྲི། དེའི་ཕྱི་རོལ་མུ་ཁྱུད་ལ་ཡིག་ངོ་ནང་བསྟན་གྱི་རྟེན་སྙིང་དང་འདོད་གསོལ་བྲི། དེའི་ཕྱི་རོལ་དྲང་སྲོང་གི་སྐུ་གཟུགས་ཕྱག་མཚན་རྒྱན་ཆ་རྣམས་མངོན་རྟོགས་ནས་འབྱུང་བ་ལྟར་བྲི། ལེགས་པར་ལྟེ་བ་ནས་ཚོན་སྐུད་སྣ་ལྔས་འཆིང་རྒྱག་དར་གྱིས་དྲིལ། སྲོག་སྔགས་དང་ཡེ་དྷར་གྱི་རབ་གནས་བྱ། སྟག་པའམ་སེང་ལྡེང་གི་ཕུར་བུ་སོར་བཞི་པ་དང་ལྷན་དུ་འཆང་བའམ། ལས་ཅིས་ཀྱང་འགྱངས་ན་ཕུར་བའི་དབལ་ཟུར་རྣམས་ལ། ཨོཾ་ཁྲོཾ་ཁྲོཾ་ཁུག་ཛ་ཁུག་ཛ་ཕུར་ཛ་མ་སྭཱ་ཧཱཿ ཞེས་བྲིས་པར་དར་སྐུད་སྣ་ལྔས་དཀྲིས་ལ་ཕུར་བུ་སྲོག་འཁོར་ལ་གཟེར་ནས་བཞག་པའམ། ལག་པས་འདྲིས་ཤིང་། རྫས་ཀྱི་དུད་པ་ཆེན་པོ་གཏོང་དམིགས་པ་གཟིར་བས་སྔོན་གྱི་དམ་ཚིག་དབང་གིས་རང་དབང་མེད་པར་འོང་ཞིང་ཅི་བཅོལ་བའི་ལས་རྣམས་མངོན་སུམ་དུ་གསལ་བར་སྟོན་ཅིང་སྨྲ་བར་བྱེད་དོ། ༈ །འདི་སྒྲུབ་པ་པོ་ལ་སྙིང་ཉེ་ཞིང་ལས་ཤིན་ཏུ་མྱུར་བའི་གནད་འབེབས་ཅུང་ཟད་ལས་མང་དུ་བྱེད་མི་རུང་བས་གཟབ་པར་གྱིས། གལ་ཏེ་བསྒྲུབ་པའི་དུས་སུ་སྙིང་མི་དགའ་ཞིང་རྨི་ལམ་སོགས་འཚུབས་ན་འགབ་འདྲེ་ཐེའུ་རང་གི་བར་དུ་གཅོད་པ་ཡིན་པས་དེ་མནན་པ་གལ་ཆེ། དེ་ལ་དུག་ཤོག་ལ་ཐེའུ་རང་རྐང་གཅིག་གི་གཟུགས་བྲིས་ལ་སྙིང་གར་ཏྲིལ་ཛ་བཞིས་གཟིར་དེ་མཐར། ཨ་ར་ཡ་ཛཿཛཿ


MR19_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

ནན་ནནཿ བར་གཅོད་དམ་སྲིད་ཐེའུ་རང་ལྔ་པོ་མཱ་ར་ཡ་ནནཿ ཅེས་བྲིས་རྭ་རུའི་ནང་དུ་བཞུགས་རང་ཡི་དམ་དྲག་པོར་གསལ་ལ་འགུགས་བཞུགས་དང་དྲག་སྔགས་ཀྱིས་གཟིར་ལ་ཡུངས་ཐུན་དང་ཕུར་བུས་བཏབ་ནས། འབུམ་པའི་འོག་ཏུ་མནན་ནོ། །བར་གཅོད་ཀྱི་རྣམ་པ་ནམ་བྱུང་ན་དྲག་སྔགས་བག་རེ་བཟླ། གསུམ་པ་རྗེས་ནི། དེ་ལྟར་སྒྲུབ་པ་བྱས་པའི་རང་གི་དད་བརྩོན་རྟོགས་པ་དང་མཐུན་པའི་གྲུབ་འབྲས་ཅི་རིགས་བྱུང་བ་ན། སྲོག་འཁོར་བླ་རྡོ་རྫས་ཀྱི་ཁུག་མ་རྣམས་རྣ་ལྟག་གཡས་ཀྱི་གོང་པའམ་མཆན་གཡོན་དུ་བཅིངས། ཉ་སྟོང་ཚེས་བརྒྱད་སོགས་ལ་གཏོར་མ་མཆོད་པ་འབུལ། བསང་བྱང་རྒྱུན་དུ་མ་བུ་སྤུན་གྲོགས་ཀྱི་རྣམ་པ་ལས་ཀྱང་ལྷག་པའི་ཚུལ་དུ་སྲང་སྟོད་ལ་གདུང་སེམས་བསྐྱེད། ཅི་ཟ་ཅི་འཐུང་གི་ཕུད་མཆོད།བླང་དོར་ཐམས་ཅད་ཁོ་ལ་དྲི། གལ་ཆེ་དུས་མིས་མ་མཐོང་བར་བདུག་རྫས་བསྲེགས་པའི་དུད་པ་སྣ་དང་རྣ་བར་བཟོད། ཡིད་ཀྱི་གང་འདོད་པ་དྲང་སྲོང་ལ་དྲི། སྨྲ་བའི་དབང་པོ་ཤབ་ཏ་ནྲྀ་ནན་ཛཿ ཞེས་ལན་བདུན་བཟླས་སོ། །དེ་ལ་གནད་དམ་པ་གསུམ་ནི། བར་ཆད་མེད་པ་སྒྲུབ་པ་མཐར་ཕྱིན་པའི་གནད། རྟག་ཏུ་རང་གཅིག་བུ་མ་གཏོགས་སུས་ཀྱང་པྲ་འདི་འདྲ་ཤེས་སྙམ་མཐོང་ཐོས་དང་། སྒྲུབ་རྫས་ཀྱང་མ་རེག་མ་མཐོང་བར་བྱ་བ་དང་མྱུར་དུ་འགྲུབ་པའི་གནད་རྫས་གཙང་ཞིང་ཚང་བ་དང་། སྙིང་པོ་དག་པར་བཟླ་ཞིང་གཉིད་ཁར་དེ་ནུབ་དྲང་སྲོང་བྱོན་པ་མཐོང་ནས་བླང་དོར་ཅི་འདྲ་བ་དྲི་སྙམ་དུ་བྲོད་པ་འཕེལ་བཞིན་དུ་གཉིད་ལ་འགྲོ་བ་དང་། རྒྱུན་དུ་འགྲོག་པའི་གནད་སྙིང་པོ་ཉིན་རེ་བཞིན་བཟླ་ཞིང་། མཆོད་པ་ལ་དུས་སུ་བརྩོན་པ་དང་དམ་ལ་གནས་པའོ། །གལ་ཏེ་དྲིས་སམ་མ་དྲིས་


MR19_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བཤད་དུ་འོང་བ་ལ། ལར་ངེས་ཆ་མེད་པར་བྱུང་ན་རང་གི་དྲང་སྲོང་མི་དགྱེས་པ་མེད་པར་དམ་ཚིག་ཤིན་ཏུ་གཙང་བར་བྱ་བ་དང་། ལན་གསུམ་དྲི་བ་གལ་ཆེ། རྗེས་མ་དེ་ནི་ཤིན་ཏུ་ངེས་པར་བཤད་དོ། །དྲང་སྲོང་ཨ་མོ་ལི་ཀ་ཞེས་བྱ་བ་འདི། གྲོང་ཁྱེར་ཐམས་ཅད་ཀྱི་དྲི་བསྣོམ་ཞིང་རྒྱུ་བ། ཡི་དྭགས་ལ་ཆད་པའི་ཚུལ་ཅན། བུད་མེད་ཀྱི་ཡིད་ཅན་དྲང་སྲོང་གི་ཆ་བྱད་ཅན། མི་ཤེས་མི་མཐོང་བ་གང་ཡང་མེད་པའི་མངོན་ཤེས་དང་རྫུ་ཕྲུལ་ཐོགས་པ་མེད་པ་ཁོས་སྲོག་སྙིང་བཅོམ་ལྡན་འདས་ལ་ཕུལ་ཞིང་སྡོམ་པ་བླངས་ནས་མངོན་ཤེས་བཤད་པར་ཁས་བླངས་བས་ན། སྲོག་སྔགས་འདི་དྲང་བའི་སྐད་ཅིག་གིས་མི་བཟོད་པར་སླེབས་འོང་། རྫས་ཀྱི་དུད་པ་འདིའི་དྲི་ཚོར་བ་ཙམ་གྱིས་སྟན་མི་ཚུགས་པ་ཤ་ལ་བྱ་རྒོད་ལྟར་འོང་། སྔ་རྟགས་ཕྱི་རྟགས་དུས་གསུམ་གྱི་སྣང་ཆ་མ་ལུས་པའི་མཐོང་བ་སྟོན་པ་གཏམ་སྨྲ་བར་བྱེད། སྒྲུབ་པ་པོ་ལ་སྙིང་ཉེ་ཞིང་ལས་མྱུར་ཕྱྭ་གཡང་བཀྲ་ཤིས། ལོངས་སྤྱོད་འཁོར་ལོས་བསྒྱུར་བ་དང་མཉམ་པར་བྱེད། ལས་མཐའ་རིང་ཞིང་ཆོས་ལ་དཀར་བའི་མངོན་ཤེས་འཕྲུལ་གྱི་མེ་ལོང་སྒྲུབ་པ་འདི་འདྲ་བ། རྒྱ་གར་ནག་བལ་བོད་ཨུ་རྒྱན་ལ་སོགས་པ་འཛམ་བུའི་གླིང་ན་དཀོན་པ་ཀུན་ལ་མེད་པའི་གདམས་ངག་ཡིད་བཞིན་ནོར་བུ་འདི་སུ་ལ་མི་སྤེལ་བར་རང་གི་སེམས་ལ་སྲོག་ལྟར་གཅེས་པར་འཆོངས་ཤིག་ཅེས་ཨུ་རྒྱན་པདྨ་འབྱུང་གནས་ཀྱི་གདམས་པ་ཡིན་ནོ། །འདི་ལ་བཀའ་གཏེར་གྱི་ཡིག་ཆ་དུ་མ་ཡོད་པར་གྲགས་ཀྱང་འདིར་ནི་ཁུང་ཐུབ་ཀྱི་གཞུང་གསུམ་གྱི་སྙིང་པོ་གཅིག་ཏུ་དྲིལ་ཏེ་བདག་མི་ཕམ་འཇམ་དབྱངས་རྒྱ་མཚོས་


MR19_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་གེར་བྲིས་པས་དགེ་བས་སེམས་ཅན་ལ་ཕན་ཐོག་ཉི་ཟླ་ལྟར་འབྱུང་བར་གྱུར་ཅིག །མཚན་ལྡན་གྱི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་བར་མ་ཆད་པ་ལས་བྱུང་བའི་མན་ངག་འདི་ནི་རིག་པ་འཛིན་པ་ཤྲཱིའི་ཞབས་ཀྱི་པདྨོ་གཙུག་ཏུ་བཀོད་ནས་བདག་མི་ཕམ་འཇམ་དབྱངས་རྒྱ་མཚོས་ཞུས་པ་ལགས་ཕྱིན་ཆད་ཡིག་ཆ་འདིའི་སྟེང་ནས་ལུང་ཐོབ་པས་ཆོག །འདི་གཞུང་མན་ངག་བསྡེབས་ཤིང་ཡིད་ཆེས་པའི་གནད་ཁྱད་པར་ཅན་ཡོད་པ་ཡིན་ནོ། །མན་ངག་དགེའོ། །