Nitartha Digital Library
Tibetan
གླེགས་བམ་བཅུ་དགུ་པ།


   
   
   
   
   
   
   
   
   
ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་རིག་འཛིན་བྱིན་འབེབས།
   
   
   
   
   
   
   
   
   
   
   
   


 
previousཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་རིག་འཛིན་བྱིན་འབེབས།next

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་རིག་འཛིན་བྱིན་འབེབས།


MR19_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས༔ རིག་འཛིན་བྱིན་འབེབས་བཞུགས་སོ༔


MR19_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་སངས་རྒྱས་བཀའ་ཡི་ཕྲིན་ལས་ཉིད༔ སྒྲུབ་པ་མཐར་ཕྱིན་དངོས་གྲུབ་ཀུན་གྱི་གཏེར༔ རིག་འཛིན་རྩལ་འཆང་རྣམས་ལ་ཕྱག་འཚལ་ལོ༔ སྒྲུབ་ཆེན་དཀྱིལ་འཁོར་རྒྱན་ལ་སོགས༔ སྔོན་འགྲོའི་རིམ་པ་ཡོངས་རྫོགས་ནས༔ རྣལ་འབྱོར་རྣམས་ནི་ཆས་སུ་ཞུགས༔ སྤོས་དུད་བཏང་ཞིང་ཤ་ཆེན་བསྲེག༔ དེ་ལ་བསྐོར་ཞིང་རོལ་མོ་བསྒྲག༔ དཀྱིལ་འཁོར་སྨན་གྱི་ཕོ་བྲང་ནས༔ བྱིན་ཆེན་དབབ་པ་འདི་སྐད་དོ༔ ཧཱུྃ༔ དཔལ་ལྡན་ནུབ་ཕྱོགས་ཨུ་རྒྱན་ཡུལ༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ ཧེ་རུ་ཀ་ཡི་གནས་བཅུ་མཆོག༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ ཡོན་ཏན་སྣ་ཚོགས་དངོས་གྲུབ་བརྙེས༔ པདྨ་སཾ་བྷས་བྱིན་ཕོབ་ཅིག༔


MR19_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་ཡངས་པ་ཅན་གྱི་གནས༔ རཱ་ག་ར་ཏིའི་གནས་མཆོག་ཏུ༔ ཐམས་ཅད་མཁྱེན་པའི་དངོས་གྲུབ་བརྙེས༔ བློ་ལྡན་མཆོག་སྲེད་བྱིན་ཕོབ་ཅིག༔ ཤར་ཕྱོགས་མཁའ་འགྲོ་འདུ་བའི་གནས༔ དགའ་བ་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་བརྙེས༔ པདྨ་རྒྱལ་པོས་བྱིན་ཕོབ་ཅིག༔ མཆོད་རྟེན་བདེ་བྱེད་བརྩེགས་པའི་དྲུང་༔ སོ་ས་གླིང་གི་དུར་ཁྲོད་དུ༔ འགྲོ་བ་འདུལ་བའི་དངོས་གྲུབ་བརྙེས༔ ཉི་མ་འོད་ཟེར་བྱིན་ཕོབ་ཅིག༔ ཡུལ་ནི་རྒྱ་གར་ཤར་གྱི་ཕྱོགས༔ ཟ་ཧོར་རྒྱལ་པོའི་ཡུལ་དབུས་སུ༔ བདུད་འདུལ་དྲག་པོའི་དངོས་གྲུབ་བརྙེས༔ ཤཱཀྱ་སེང་གེས་བྱིན་ཕོབ་ཅིག༔ དབུས་འགྱུར་མ་ག་དྷ་ཡི་ཡུལ༔ རྡོ་རྗེ་གདན་གྱི་གནས་


MR19_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ༔ མུ་སྟེགས་འདུལ་བའི་དངོས་གྲུབ་བརྙེས༔ སེང་གེ་སྒྲ་སྒྲོགས་བྱིན་ཕོབ་ཅིག༔ ཡུལ་ནི་གངས་ཅན་བོད་ཀྱི་ཡུལ༔ སྟག་ཚང་སེང་གེ་བསམ་འགྲུབ་ཏུ༔ དྲེགས་པ་ཚར་གཅོད་དངོས་གྲུབ་བརྙེས༔ རྡོ་རྗེ་གྲོ་ལོད་བྱིན་ཕོབ་ཅིག༔ ཡུལ་ནི་རྒྱ་ནག་ཤར་ཕྱོགས་ཡུལ༔ རི་བོ་རྩེ་ལྔའི་གནས་མཆོག་ཏུ༔ ཡོན་ཏན་བདུད་རྩིའི་དངོས་གྲུབ་བརྙེས༔ བི་མ་མི་ཏྲས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ཡང་རྫོང་ཤེལ་གྱི་བྲག་ཕུག་ཏུ༔ འཇམ་དཔལ་སྐུ་ཡི་དངོས་གྲུབ་བརྙེས༔ སངས་རྒྱས་ཡེ་ཤེས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ མཆིམས་ཕུ་བྲེ་གུའི་དགེའུ་ནས༔ པདྨ་གསུང་གི་དངོས་གྲུབ་བརྙེས༔ རྒྱལ་བ་མཆོག་དབྱངས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ མཁར་ཆུ་གསང་བའི་དབང་ཕུག་ཏུ༔ ཡང་དག་ཐུགས་ཀྱི་དངོས་གྲུབ་བརྙེས༔ ནམ་མཁའི་སྙིང་པོས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ༔ བདུད་རྩི་སྨན་གྱི་དངོས་གྲུབ་བརྙེས༔ གཉགས་ཆེན་ཛྙཱ་ནས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ནཻ་རིང་སེང་གེའི་རྫོང་གསུམ་ནས༔ ཕྲིན་ལས་ཕུར་པའི་དངོས་གྲུབ་བརྙེས༔ མཁར་ཆེན་མཚོ་རྒྱལ་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར༴ ཤམ་པོ་གངས་ཀྱི་ར་བ་ནས༔ རྦོད་གཏོང་མ་མོའི་དངོས་གྲུབ་བརྙེས༔


MR19_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་ཡེ་ཤེས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་༴ གནམ་མཚོ་སྔགས་ཀྱི་སྒྲུབ་གནས་ནས༔ དྲེགས་པ་ཀུན་འདུལ་དངོས་གྲུབ་བརྙེས༔ རླངས་ཆེན་དཔལ་སེང་བྱིན་ཕོབ་ཅིག༔ བྱིན་ཆེན༴ གཡའ་མ་ལུང་གི་དབེན་གནས་ནས༔ དྲག་སྔགས་མཐུ་ཡི་དངོས་གྲུབ་བརྙེས༔ བཻ་རོ་ཙ་ནས་བྱིན་ཕོབ་ཅིག༔ བྱིན་ཆེན༴ བསམ་ཡས་དབུ་རྩེ་རིམ་གསུམ་ནས༔ བདེ་གཤེགས་འདུས་པའི་དངོས་གྲུབ་བརྙེས༔ ཆོས་རྒྱལ་ཆེན་པོས་བྱིན་ཕོབ་ཅིག༔ བྱིན་ཆེན༴ ལྷུན་གྲུབ་དབྱིངས་ཀྱི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས༔ ཞི་ཁྲོའི་ལྷ་ཚོགས་བྱིན་ཕོབ་ཅིག༔ བྱིན་ཆེན༴ ཉི་ཤུ་རྩ་བཞིའི་གནས་མཆོག་ནས༔ བར་ཆད་སེལ་ཞིང་ཕྲིན་ལས་སྒྲུབ༔ མ་མོ་མཁའ་འགྲོས་བྱིན་ཕོབ་ཅིག༔ བྱིན་ཆེན༴ དཔལ་ཆེན་ཧེ་རུ་ཀ་ཡི་གནས་བཅུ་ནས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ ཀེའུ་སེང་དབང་ཕྱུག་བྱིན་ཕོབ་ཅིག༔ བྱིན་ཆེན༴ བཀའ་འདུས་གསང་བའི་དཀྱིལ་འཁོར་ནས༔ དགྲ་བགེགས་འཇོམས་ཤིང་བར་ཆད་སེལ༔ ཆོས་སྐྱོང་སྲུང་མས་བྱིན་ཕོབ་ཅིག༔ བྱིན་ཆེན༴ བླ་མེད་གསང་བའི་དཀྱིལ་འཁོར་འདིར༔ སྔགས་འཆང་རྣལ་འབྱོར་བདག་ཅག་གིས༔ བླ་མེད་མཆོག་གི་རྫས་ལ་བརྟེན༔ བསྙེན་སྒྲུབ་གཞུང་བཞིན་བསྒྲུབ་ལགས་ན༔ སྒྲུབ་པའི་རིག་འཛིན་ཆེན་པོ་རྣམས༔ སྔོན་


MR19_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐུགས་དམ་ཇི་བཞིན་དུ༔ དུར་ཁྲོད་གནས་བརྒྱད་ལ་སོགས་ནས༔ མ་ཚོགས་མཁའ་འགྲོ་འབུམ་དང་བཅས༔ རྒྱན་དང་ཅོད་པན་སི་ལི་ལི༔ ཤུགས་གླུ་རོལ་མོ་དི་རི་རི༔ ནམ་མཁའ་ཁྱབ་པའི་གར་མཛོད་ཅིག༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ དབང་ཆེན་རྣམས་ཀྱིས་དབང་བསྐུར་ལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ཅིག༔ རྟགས་དང་མཚན་མ་བསྟན་པ་དང་༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཧྲཱིང་ཧྲཱིང་༔ ཛ་ཛཿ ཕེཾ་ཕེཾ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ ཞེས་རོལ་མོ་རྣམས་ཀྱི་སྐབས་སུ་བྱིན་དབབ་ཅིང་དཀྱིལ་འཁོར་བསྐོར༔ མདའ་དར་དང་མེ་ལོང་ལ་སོགས་པ་ཡང་གཡབ་བོ༔ སློབ་དཔོན་གྱི་གསུང་བཞིན་བདག་འདྲ་མཁར་ཆེན་བཟས་ཡི་གེར་བཀོད་པའོ༔ ས་མ་ཡ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ ཨཱྀི༔ སྤྲུལ་སྐུ་རཏྣ་གླིང་པས་དམྱལ་སྨད་དགེའི་བྲག་ནས་གདན་དྲངས་པའོ༔ མངྒ་ལཾ།། །།


previousཐུགས་སྒྲུབ་ཡང་སྙིང་འདུས་པ་ལས་རིག་འཛིན་བྱིན་འབེབས།next