Nitartha Digital Library
Tibetan
གླེགས་བམ་བཅུ་དགུ་པ།


   
   
   
   
   
   
   
   
   
   
   
   
བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ནས་གསུངས་པའི་ཚེ་འགུགས།
   
   
   
   
   
   
   
   
   


 
previousབདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ནས་གསུངས་པའི་ཚེ་འགུགས།next

བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ནས་གསུངས་པའི་ཚེ་འགུགས།


MR19_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ནས་གསུངས་པའི་ཚེ་འགུགས་ནི། ཧཱུྃ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྒྲིབ་པའི་དྲི་མ་མ་ལུས་སེལ། །མཁའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ། །ཧཱུྃ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །གསུང་མཆོག་རྣམ་པར་དག་པའི་གསུང་། །མཁའ་དང་མཉམ་པའི་གསུང་མངའ་བ། །མཉམ་ཉིད་གསུང་ལ་ཕྱག་འཚལ་ལོ། །ཧཱུྃ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །ཐུགས་མཆོག་རྣམ་པར་མི་རྟོག་ཐུགས། །མཁའ་དང་མཉམ་པའི་ཐུགས་མངའ་བ། །མཉམ་ཉིད་ཐུགས་ལ་ཕྱག་འཚལ་ལོ། །ཧཱུྃ། ནམ་མཁའ་དབྱིངས་ཕྱུག་ཡེ་ནས་རྣམ་པར་དག །རྡོ་རྗེ་དབྱིངས་ཕྱུག་ཡེ་ནས་སྐྱེ་ཤི་མེད། །རིན་ཆེན་དབྱིངས་ཕྱུག་དགོས་འདོད་རེ་བ་སྐོང་། །པདྨ་དབྱིངས་ཕྱུག་འཛིན་མེད་ཆགས་དང་བྲལ། །ལས་ཀྱི་དབྱིངས་ཕྱུག་མངོན་སྤྱོད་ཕྲིན་ལས་མཛད། །དབྱིངས་ཕྱུག་ཆེན་མོ་ལྔ་རྣམས་ཀྱིས། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །ཧཱུྃ། ཤར་གྱི་ཕྱོགས་ནས་ཚེ་འགུགས་མ། །གསང་བའི་ལྷ་མོ་རྒྱས་འདེབས་མ། །རིགས་ཀྱི་ལྷ་མོ་སངས་རྒྱས་སྤྱན། །ཕྱག་རྒྱའི་ལྷ་མོ་ལཱ་སེ་མ། །མཆོད་པའི་ལྷ་མོ་དྷཱུ་པེ་མ། །འགུགས་པའི་ལྷ་མོ་ལྕགས་ཀྱུ་མ། །ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །ཤར་ཕྱོགས་དྲི་ཟའི་ལག་ནས་ཚེ་དྲོངས་ལ༑ ༑ཤར་ལྷོ་མེ་ལྷའི་ལག་ནས་དཔལ་སྐྱོབ་ཅིག །


MR19_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཨཾ་ཀུ་ཤ་ཛཿ ལྷོ་ཡི་ཕྱོགས་ནས་ཚེ་འགུགས་མ། །གསང་བའི་ལྷ་མོ་ཟ་བྱེད་མ། །རིགས་ཀྱི་ལྷ་མོ་མཱ་མ་ཀཱི། །ཕྱག་རྒྱའི་ལྷ་མོ་མཱ་ལེ་མ། །མཆོད་པའི་ལྷ་མོ་པུཥྤེ་མ། །འཆིང་བའི་ལྷ་མོ་ཞགས་པ་མ། །ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །ལྷོ་ཕྱོགས་གཤིན་རྗེའི་ལག་ནས་ཚེ་དྲོངས་ལ། །ལྷོ་ནུབ་སྲིན་པོའི་ལག་ནས་དཔལ་སྐྱོབ་ཅིག །རཏྣ་པཱ་ཤ་ཧཱུྃ། ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ། །གསང་བའི་ལྷ་མོ་ཚེ་འཕེལ་མ། །རིགས་ཀྱི་ལྷ་མོ་གོས་དཀར་མོ། །ཕྱག་རྒྱའི་ལྷ་མོ་གཱིརྟི་མ། །མཆོད་པའི་ལྷ་མོ་ཨཱ་ལོ་ཀེ། སྡོམ་པའི་ལྷ་མོ་ལྕགས་སྒྲོག་མ། །ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །ནུབ་ཕྱོགས་ཀླུ་དབང་ལག་ནས་ཚེ་དྲོངས་ལ། །ནུབ་བྱང་ང་ལྷའི་ལག་ནས་དཔལ་སྐྱོབ་ཅིག །པདྨ་སྥོ་ཊ་བཾ། བྱང་གི་ཕྱོགས་ནས་ཚེ་འགུགས་མ། །གསང་བའི་ལྷ་མོ་རྨོངས་བྱེད་མ། །རིགས་ཀྱི་ལྷ་མོ་དམ་ཚིག་སྒྲོལ། །ཕྱག་རྒྱའི་ལྷ་མོ་ནཱི་རྟི་མ། །མཆོད་པའི་ལྷ་མོ་གནྡེ་མ། །འབེབས་པའི་ལྷ་མོ་དྲིལ་བུ་མ། །ཚེ་བདག་ཆེན་མོ་ཁྱེད་རྣམས་ཀྱིས། །བྱང་ཕྱོགས་གནོད་སྦྱིན་ལག་ནས་ཚེ་དྲོངས་ལ། །བྱང་ཤར་དབང་ལྡན་ལག་ནས་དཔལ་སྐྱོབ་ཅིག །ཀརྨ་གྷནྜེ་ཧོ༔ ཞེས་སོ། །


previousབདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ནས་གསུངས་པའི་ཚེ་འགུགས།next